Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བཞི་པ།


   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
  collapse section
  collapse section
   
   
   
   
  collapse section
   
   
   
   
  collapse section
   
   
   
   
རིམ་པ་ཕྱེ་བ་བཞི་པ།
  collapse section
   
   
   
   


 
previousརིམ་པ་ཕྱེ་བ་བཞི་པ།next

རིམ་པ་ཕྱེ་བ་བཞི་པ།


DTG024_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་རྡོ་རྗེ་དང་དྲིལ་བུ་རྣམ་པར་དག་པས་ཤེས་རབ་ཐབས་ཀྱི་མཉམ་པར་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། །གཉིས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་མེད་སྦྱོར་བ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བའོ། །སྙིང་པོ་ནི་དམ་པ་སྟེ་ཉན་པར་འཚལ་ཞེས་བྱ་བ་དང་འབྲེལ་ཏོ། །གཉིས་མེད་མིང་གིས་བརྗོད་པ་ཡིན། །ཞེས་བྱ་བ་ལ། མིང་ནི་ཐ་སྙད་དུ་བྱ་བ་སྟེ། བརྗོད་པ་ནི་དེས་བརྗོད་པར་བྱའོ། །སྦྱོར་བ་ཇི་ལྟར་བརྩམ་བགྱི་བ། །ཞེས་བྱ་བ་ནི་ཇི་ལྟར་ཉམས་སུ་བླང་བ་བྱ་བ་སྟེ། དེ་ལྟར་ན་གཉིས་སུ་མེད་པའི་སྦྱོར་བའི་སྙིང་པོ་ལ་གཉིས་སུ་མེད་པའི་མིང་གིས་ནི་ཇི་ལྟར་བརྗོད། །ངོ་བོ་ཉིད་ནི་ཅི་འདྲ། ཉམས་སུ་ནི་ཇི་ལྟར་བླང་བར་བགྱི་ཞེས་བྱ་བའི་དོན་ཏོ། །ལན་གསུངས་པ། གཉིས་མེད་ཅེས་བྱ་བ་ལ་སོགས་པ་ལ་གཉིས་མེད་སྦྱོར་བ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་ཉིད་ཅེས་བྱ་བ་ནི་དེའི་རང་བཞིན་ཏེ། ཉོན་ཅིག་ཅེས་བྱ་བ་དང་སྦྱར་རོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །དེ་ཉིད་གསུངས་པ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །སོ་སོར་གཟུང་བའི་དེ་ཁོ་ན། །ཞེས་བྱ་བ་ལ། དེ་ཁོ་ན་ཉིད་ནི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་རྣམ་པར་དག་པ་དབྱེར་མེད་པ་སྟེ། དེ་ལྟ་བུའི་རྡོ་རྗེ་དང་དྲིལ་བུ་གཟུང་བར་བྱའོ། །གཟུང་བ་ནི་བསྒོམ་པ་སྟེ་དེ་


DTG024_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་རྣམ་པར་དག་པ་དང༌། ཀུན་རྫོབ་ཀྱི་བདེན་པར་དབྱེར་མེད་པའི་རྡོ་རྗེ་དང་དྲིལ་བུའི་དེ་ཁོ་ན་ཉིད་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཞེས་བྱ་བ་ནི་དྲིལ་བུ་རྣམ་པར་དག་པའི་ཤེས་རབ་སྟེ། དེ་ཡང་ཕྱི་དང་ནང་གི་ཤེས་རབ་གཉིས་སོ། །སོ་སོ་ཞེས་བྱ་བ་ནི་ཐབས་ཏེ། དེ་ཡང་ཕྱི་དང་ནང་གི་དབྱེ་བ་གཉིས་སོ། །ཡང་ན་ཕྱག་རྒྱ་ནི་གཉིས་སུ་མེད་པར་སྦྱོར་བ་སྟེ། དེ་ཡང་ཕྱི་རོལ་གྱི་སྐྱེས་པ་དང་བུད་མེད་ཀྱི་ལས་ཀྱི་ཕྱག་རྒྱ་མཉམ་པར་སྦྱོར་བ་དང༌། ནང་གི་ཆོས་ཉིད་དང་དངོས་པོ་མཉམ་པར་སྦྱོར་བ་དང༌། ཡེ་ཤེས་ཀྱི་སྙིང་རྗེ་དང་སྟོང་པ་ཉིད་མཉམ་པར་སྦྱོར་བའོ། །དེ་ཉིད་ནི་དེ་ཁོ་ན་སྟེ་སོ་སོར་གཟུང་བ་ནི་ཡང་དག་པར་གཟུང་བའོ། །ཡང་ན་རྡོ་རྗེ་དང་དྲིལ་བུ་ནི་ཕྱི་རོལ་གྱི་ཐབས་དང་ཤེས་རབ་པོ། །དེ་ཉིད་ནི་ཕྱག་རྒྱ་སྟེ་སོ་སོར་དགའ་བས་འདེབས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དྲིལ་བུ་ལ་རྡོ་རྗེས་སྟེང་དུ་མཚན་པ་ཡིན་ནོ། །ཡང་ན་ཕྱག་རྒྱ་ནི་དེ་གཉིས་མཉམ་པར་སྦྱོར་བ་ལས་བྱུང་བའི་བདེ་བ་སྟེ། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་དོ། །དེ་དག་ཐམས་ཅད་བསྟན་པའི་ཕྱིར། དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཅེས་བྱ་བ་ནི་རང་གི་ལུས་ཏེ། གཞན་ཤེས་རབ་ལ་ལྟོས་པའི་ཕྱིར་རོ། །དེ་ཉིད་ནི་རྡོ་རྗེ་སྟེ་ཤེས་རབ་དང་དབྱེར་མེད་པར་སྦྱོར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཐབས་ལ་ཡང་རྡོ་རྗེའི་སྒྲས་བརྗོད་པར་བྱ་སྟེ། ཤེས་རབ་དང་དབྱེར་མི་ཕྱེད་པར་མཉམ་པར་སྦྱོར་བའི་ཕྱིར་ཏེ་རྡོ་རྗེ་དང་ཆོས་མཐུན་པར་དགོངས་སོ། །ཡང་ན་ཞེས་བྱ་བ་ནི་མང་བའོ། །ཛ་ཞེས་བྱ་བ་ནི་མཛེས་པ་སྟེ། ཐབས་འདིས་ཤེས་རབ་དུ་མ་མཛེས་པར་བྱས་པས་ན་རྡོ་རྗེའོ། །གཉིས་པར་ན་བདག་ཅེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཉིད་ནི་རྣམ་པར་དཔྱད་ན། དོན་དམ་པའི་བདེན་པའི་མཐར་ཐུག་པས་རྡོ་རྗེ་སྟེ། མི་ཕྱེད་པའི་མཚན་ཉིད་ཅན་པས་རྡོ་རྗེ་ཞེས་བྱ་བ་སྟེ། དེ་ཁོ་ན་ཉིད་དོ། །དེ་བཞིན་དུ་དོན་དམ་པའི་བདེན་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ལས་གུད་ན་མེད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱིས་དབྱེར་མེད་པར་གཟུང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཆོས་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་སྟེ། མི་རྟག་པ་ལ་སོགས་པ་རང་གི་མཚན་ཉིད་འཛིན་པའི་ཕྱིར་


DTG024_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རོ། །དྲིལ་བུ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་དེ། དེས་ཐམས་ཅད་བསྒྲུབ་པའི་ཕྱིར་རོ། །ཡང་ན་ཆོས་ཀྱང་ཆོས་ཀྱང་ཡིན་ལ་དྲིལ་བུ་ཡང་ཡིན་པས་ཆོས་ཀྱི་དྲིལ་བུ་སྟེ་ཆོས་ཉིད་དོ། །དེ་ཉིད་ནི་ལྷ་མོ་སྟེ། དེ་ཁོ་ན་ཉིད་འདིས་རྣལ་འབྱོར་པ་རྣམས་ལ་ཆོས་ཐམས་ཅད་གསལ་བར་བྱེད་པའི་ཕྱིར་རོ། །ཁ་སྦྱར་སྦྱོར་བ་ཕྱག་རྒྱ་སྟེ། །ཞེས་བྱ་བ་ལ་ཁ་སྦྱར་ཞེས་བྱ་བ་ནི་རང་གི་ལུས་དང༌། ལས་ཀྱི་ཕྱག་རྒྱ་མཉམ་པར་སྦྱོར་བ་དང༌། དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པ་མཉམ་པར་སྦྱོར་བའོ། །དེ་ཉིད་ནི་ཕྱག་རྒྱ་སྟེ་ཕན་ཚུན་མི་ཕྱེད་པར་དཀྲིས་པའི་ཕྱིར་རོ། །དེ་དག་གིས་ནི་ཤིན་ཏུ་དབྱེར་མེད་པར་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར། ཐབས་ནི་དེ་རུ་ཐིམ་པའོ། །ཞེས་བྱ་བ་སྨོས་ཏེ། དེ་རུ་ཞེས་བྱ་བ་ནི་ཤེས་རབ་ལ་སྟེ་ལས་ཀྱི་ཕྱག་རྒྱའི་ཤེས་རབ་ལ་བདག་གི་ལུས་འཁྱུད་པའི་ཚུལ་དུ་ཐིམ་པ་དང༌། ལྷན་ཅིག་སྐྱེས་པའི་ཤེས་རབ་ཀྱི་སེམས་ལ་ཀུན་རྫོབ་ཀྱི་སེམས་སམ་བདག་དང་གཞན་དབྱེར་མེད་པར་ཐིམ་པ་དང༌། སྟོང་པ་ཉིད་ལ་སྙིང་རྗེ་དང་དོན་དམ་པ་ལ་ཀུན་རྫོབ་ཐིམ་པས་ན་དྲིལ་བུ་མ་གཏོགས་པར་རྡོ་རྗེ་འབའ་ཞིག་གཟུང་བར་མི་བྱ་སྟེ། དྲིལ་བུར་རྡོ་རྗེ་ཐིམ་པའི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱ་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་མེད་པ་དེ་ཡང་འདིར་སྟོང་པ་ཉིད་ཀྱིས་སྦྱངས་པའི་ལྷའི་སྐུའི་ཏིང་ངེ་འཛིན་ཏེ་གནས་དེར་དང་པོ་ཅི་ཞིག་བྱ་བ་དེ་བསྟན་པའི་ཕྱིར། དང་པོར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དང་པོར་ཞེས་བྱ་བ་ནི་ཐོག་མར་ཏེ། རྣལ་འབྱོར་གྱི་ཐོག་མར། རྡོ་རྗེ་ཐལ་མོ་དམ་བཅིངས་ནས། །ཞེས་བྱ་བ་དང་སྦྱར་རོ། །རེ་ཞིག་ཅེས་བྱ་བ་ནི་རིམ་གྱི་དོན་ཏོ། རབ་དང་དྲ་བ་ལ་སོགས་པ་དག་པ་བཤད་པར་བྱ་བ་ཡིན་པ་ལས་དེ་དག་གཞག་སྟེ། དག་པ་གསུམ་བརྗོད་པར་བྱ་བ་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྒྲུབ་པ་པོ་དག་པ་རྣམས་ཀྱི་ནང་ནས་དག་པ་གསུམ་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དག་པ་རྣམས་ཞེས་བྱ་བ་ནི་དོན་ཏོ། །བརྗོད་པ་ཞེས་བྱ་བ་ནི་དེའི་སྔགས་གདོན་པ་སྟེ་སྟོང་པ་ཉིད་བསྒོམས་ནས། ཨོཾ་སྭ་བྷཱ་ཝ་ཞེས་བྱ་བ་ལ་སོགས་པ་བརྗོད་


DTG024_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱའོ། །ས་བོན་ལས་བྱུང་བའི་རྡོ་རྗེ་བསྒོམས་ནས་ཨོཾ་བཛྲ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །ལྷའི་གཟུགས་སུ་བསྐྱེད་ནས་ཨོཾ་ཡོ་ག་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །དེ་ལྟར་རྣལ་འབྱོར་གྱི་རྒྱུད་རྣམ་པར་དག་པ་བསྟན་ནས་ར་བ་ལ་སོགས་པའི་རྣམ་པར་དག་པ་བསྟན་པའི་ཕྱིར། གཟུང་དང་འཛིན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་དང་ལྷ་ལ་སོགས་པའི་མཚན་ཉིད་ཀྱི་ཀུན་རྫོབ་དང་སྟོང་པ་ཉིད་ཀྱི་དོན་དམ་པར་དབྱེར་མེད་པ་ལས་དགོས་པའི་དབང་གིས་གཉིས་སུ་སྤྲུལ་པ་ལ། གཟུགས་ལ་སོགས་པ་ལས་རྣམ་པར་གྲོལ་བར་སྟོན་པ་ནི། སྦྱིན་པ་སྟེ་ཆོས་ཀྱི་སྦྱིན་པའོ། །ཡང་ན་དངོས་པོ་རྣམས་སུ་འཛིན་པ་སྟོང་པ་ཉིད་དུ་བཏང་བ་ནི་ཆོས་ཀྱི་སྦྱིན་པ་སྟེ། དེའི་རྣམ་པར་དག་པས་ར་བའོ། །ཐམས་ཅད་རྩྭ་བཞིན་གཏང་བར་བྱ། །ཞེས་བྱ་བ་ལ། ཐམས་ཅད་ནི་ནོར་དང་ནོར་གྱི་མཆོག་དང༌། ཡན་ལག་དང་ཡན་ལག་གི་མཆོག་སྟེ། ཟང་ཟིང་རྣམས་སོ། །རྩྭ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་མཆིལ་སྣབས་ལ་སོགས་པ་གཟུང་བར་བྱའོ། །ཇི་ལྟར་ཡིན་ཞེ་ན། རྣལ་འབྱོར་ལྡན་པའི་སེམས་ཀྱིས་ནི། །ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་ཞེས་བྱ་བ་ལས་ནི་གཏོང་པ་པོ་དང༌། ལེན་པ་པོ་དང༌། སྦྱིན་པ་རྣམ་པ་གསུམ་མི་དམིགས་ཤིང་མཉམ་པར་སྦྱོར་བ་སྟེ། དེའི་སེམས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་དང༌། གཞན་མི་འཇིགས་པའི་སྦྱིན་པ་སྟེ། ཆོས་དང་ཟང་ཟིང་དང༌། མི་འཇིགས་པའི་སྦྱིན་པ་གསུམ་རྣམ་པར་དག་པའི་སྦྱིན་པ་གསུམ་རབ་ཅེས་བྱ་བའི་དོན་ཏོ། །དྲི་མའི་རྣམ་པར་དག་པ་གསུངས་པ། སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པ་ལ། མི་འཇིགས་པའི་སྦྱིན་པ་ནི་འཇིགས་པ་རྣམས་ལས་སྐྱོབ་པ་སྟེ། དེ་ཡང་སྔར་སྨོས་པ་ལྟར་མི་དམིགས་པ་དང་སྦྱར་རོ། །འདིས་ནི་དགེ་བའི་ཆོས་ལ་འཇུག་པས་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་བསྟན་ཏེ། སྦྱིན་པའི་ཡན་ལག་ཏུ་འང་བལྟ་བར་བྱའོ། །སྡོམ་པའི་བདག་ཉིད་ཀྱི་སྡིག་པ་ལས་ལྡོག་པའི་ཚུལ་ཁྲིམས་བསྟན་པའི་ཕྱིར། འགྲོ་རྣམས་གཙོ་བོར་མི་བྱ་སོགས། །ཞེས་བྱ་


DTG024_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། སོགས་པའི་སྒྲས་ནི་མི་དགེ་བ་ལས་ལྡོག་པ་གཞན་ཡང་གཟུང་བར་བྱའོ། །གཞན་གྱི་དོན་སྤྱོད་པའི་ཚུལ་ཁྲིམས་བསྟན་པའི་ཕྱིར། སེམས་ཅན་དོན་ནི་དགག་མི་བྱ། །ཞེས་བྱ་བ་སྨོས་ཏེ་གོ་སླའོ། །དེ་དག་གིས་ཅིར་འགྱུར་ཞེ་ན། སྟེང་དུ་ཚུལ་ཁྲིམས་དྲ་བའོ། །ཞེས་བྱ་བ་སྨོས་ཏེ། ཚུལ་ཁྲིམས་གསུམ་རྣམ་པར་དག་པའི་དྲ་བས་སྟེང་ནས་གཡོག་གོ་ཞེས་བྱ་བའི་དོན་ཏོ། །ཕུར་བུའི་རྣམ་པར་དག་པ་བསྟན་པའི་ཕྱིར། གཞན་ལ་གནོད་པའི་འགོག་པ་ལ་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ལ་གནོད་པ་ནི་གཞན་ལ་གནོད་པ་བྱེད་པ་སྟེ། འགོག་པ་ནི་བཟློག་པའོ། །དེས་ནི་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་བསྟན་ནོ། །ཡང་ན་གཞན་གྱིས་གནོད་པ་ཞེས་བྱ་བར་སྦྱར་ཏེ་གཞན་གྱིས་གནོད་པ་བྱས་པ་ཅི་ཡང་མི་སྙམ་པའི་བཟོད་པ་བསྟན་ཏེ། གསུམ་པའི་དོན་གྱིས་གཉིས་པ་ཡིན་ནོ། །སོགས་པའི་སྒྲས་ནི་ཆོས་ཉིད་ཟབ་མོ་ལ་བཟོད་པ་ལ་སོགས་པ་བསྡུ་བར་བྱའོ། །དེས་ནི་བཟོད་པ་རྣམ་པ་གསུམ་བསྟན་ཏོ། །དེ་ས་ཅིར་འགྱུར་ཞེ་ན། བཟོད་པའི་ཕུར་བུ་འོག་ཏུ་བཏབ། །ཅེས་བྱ་བ་སྨོས་ཏེ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མཚན་རྣམས་བཟོད་པས་འོག་ཏུ་མནན་པ་སྟེ། བཟོད་པ་རྣམ་པར་དག་པའི་ཕུར་བུ་འོག་ཏུ་གདབ་བོ་ཞེས་བྱ་བའི་དོན་ཏོ། །གསུམ་པོ་དེ་དག་གིས་ཅི་ཞིག་བྱ་ཞེ་ན། ཕུར་བུ་ར་བ་དྲ་བ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡང་བའི་བདུད་ཅེས་བྱ་བ་ནི་འདིས་ལུས་ལ་སོགས་པ་སུན་འབྱིན་པར་བྱེད། རྣམ་པར་སྒྱུར་བར་བྱེད་པས་ན་སྡང་བ་སྟེ། ཉོན་མོངས་པ་དང་ཕུང་པོ་དང་འཆི་བདག་དང་ལྷའི་བུའི་བདུད་རྣམས་སོ། །དེ་དག་ཉིད་དགྲ་སྟེ་བདེ་བ་འཇོམས་པར་བྱེད་པའི་ཕྱིར་རོ། །བསྐྲད་པ་ནི་བཟློག་པ་སྟེ་དེའི་ཕྱིར་རོ། །ཅི་སྟེ་དྲ་བ་ལ་སོགས་པ་རང་གི་སེམས་ཀྱིས་སྤྲུལ་པ་མ་ཡིན་ནམ། དེས་ཅི་ལྟར་བཟློག་པར་འགྱུར་ཞེ་ན། བདུད་ནི་བདུད་དུ་བྱེད་མི་འགྱུར། །ཞེས་བྱ་བ་སྨོས་ཏེ། བདུད་ཅེས་བྱ་བ་ནི་སྔར་སྨོས་པ་རྣམས་སོ། །བདུད་དུ་བྱེད་མི་འགྱུར་ཞེས་བྱ་བ་ནི། དེ་དག་གིས་འཚེ་བར་མི་འགྱུར་བའོ། །འདིར་དགོངས་པ་ནི་དྲ་བ་ལ་སོགས་པ་སེམས་ཀྱིས་བྱས་པ་དེའི་ཚེ་བདུད་


DTG024_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱང་སེམས་ཀྱིས་བྱས་པ་ཡིན་པས་བདུད་ཉིད་གུད་ན་མེད་པའི་ཕྱིར་རོ། །ཇི་ལྟར་དེ་དག་གིས་འཚེ་བར་འགྱུར་ཏེ། འཚེ་བ་ནི་དེ་དག་ལ་རག་ལས་པ་ཡིན་ལ། བདུད་རྣམས་མེད་ན་དེ་དག་གིས་ཇི་ལྟར་འཚེ་བར་འགྱུར་སྙམ་པ་འདི་ཡིན་ནོ། །འོན་ཏེ་བདུད་རྣམས་དང་དེས་བྱས་པའི་སྡུལ་བསྔལ་ཉམས་སུ་མྱོང་བཞིན་དུ་ཡང་མེད་དོ་ཞེས་བྱ་བ་འདི་ནི་ཤིན་ཏུ་རྣམ་པར་མི་འོང་ངོ་སྙམ་ན། རང་གི་སེམས་ཀྱིས་བསྡམས་པའོ། །ཞེས་བྱ་བ་སྨོས་ཏེ། དེའི་ཚེ་ཉམས་སུ་མྱོང་བའི་ཕྱིར་ཐམས་ཅད་རང་གི་སེམས་ཡིན་པར་བསྒྲུབ་པར་བྱ་སྟེ། ཕྱི་རོལ་གྱི་ནི་རིགས་པས་གནོད་པའི་ཕྱིར། དོན་དུ་མི་རུང་ངོ་ཞེས་ཁོང་ནས་འབྱུང་བར་བྱའོ། །དེས་ཀྱང་ཅིར་འགྱུར་ཞེ་ན། བསྡམས་པ་ཡིན་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་བདུད་ལ་སོགས་པ་སེམས་ཀྱིས་སྤྲུལ་ཅིང་ཉམས་སུ་མྱོང་བར་ཡོད་པ་ལྟར་དྲ་བ་ལ་སོགས་པས་བཅིངས་པ་དང༌། དགྲ་རྣམས་བསྐྲད་པ་ཡང་ཉམས་སུ་མྱོང་བར་ལེགས་པར་འགྲུབ་པར་འགྱུར་བའོ། །།དེ་ཉིད་བསྟན་པའི་ཕྱིར། རང་གི་སེམས་ནི་བཏུལ་བ་ན། །བདུད་ཀྱིས་འཚེ་བར་ག་ལ་འགྱུར། །ཞེས་བྱ་བ་སྨོས་ཏེ། སེམས་བཏུལ་བ་ཞེས་བྱ་བ་ནི། རང་གི་རང་བཞིན་ཤེས་པ་སྟེ། རང་བཞིན་ཤེས་པས་ཉོན་མོངས་པ་རྣམས་ཐུལ་བར་འགྱུར་ལ། ཉོན་མོངས་པའི་ཞགས་པ་དང་བྲལ་ན། །བདུད་གཞན་ཡང་ལྡོག་པར་འགྱུར་ཏེ། དེ་དག་ནི་དེའི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །འདི་དག་གིས་ནི་རང་བཞིན་ཤེས་ན་དྲ་བ་ལ་སོགས་པ་མེད་པ་ལྟར་བདུད་ཀྱང་མེད་པ་ཡིན་ལ། ཉམས་སུ་མྱོང་བར་བདུད་རྣམས་ཡོད་པ་ལྟར་དྲ་བ་ལ་སོགས་པ་ཡོད་པས་སྲུང་བ་ཕུན་སུམ་ཚོགས་པ་ལེགས་པར་གནས་པའོ་ཞེས་སྟོན་ཏེ། དེ་ལྟར་ཡང་གསུངས་པ། ཇི་ལྟར་ཆུ་ལ་ཆུ་བླུགས་པ། །རོ་གཅིག་ཏུ་ནི་གྱུར་པ་བཞིན། །སེམས་ཉིད་སྐྱོན་ཡོན་འབྱུང་གནས་པས། །མི་མཐུན་གཉེན་པོ་གང་ལ་ཡོད། །ཅེས་བྱའོ། །ད་ནི་བསམ་གཏན་གྱི་གནས་སུ་མཎྜལ་གྲུ་བཞི་པ་དྲི་ཡིས་བྱུག་པའི་རྣམ་པར་དག་པ་བསྟན་པའི་ཕྱིར། མཉམ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཉམ་ཉིད་སེམས་ཞེས་བྱ་བ་ནི་ཁམས་གསུམ་པའི་སེམས་དང༌།


DTG024_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ལས་བྱུང་བ་རང་བཞིན་གྱིས་འོད་གསལ་ཞིང་མཉམ་པ་ཉིད་ཡིན་ཏེ། སེམས་མཉམ་པ་ཉིད་ཀྱི་རྣམ་པར་དག་པ་དེས་དྲིའི་དཀྱིལ་འཁོར་གྲུ་བཞི་པར་བྱུག་གོ་ཞེས་བྱ་བའི་དོན་ཏོ། །མེ་ཏོག་དགྲམ་པའི་རྣམ་པར་དག་པ་གསུངས་པ། ལུས་ལ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ལུས་ལ་སྟེའུས་འཇོག་པ་དང༌། ཙནྡན་གྱིས་བྱུག་པ་དག་ཡོད་པ་དེ་ནི། ལུས་ལ་སྟེའུ་འཇོག་ཙནྡན་བྱུགས་ཏེ་གཉི་ག་ལ་ཆགས་པ་དང་སྡང་བ་མེད་པར་སེམས་སྙོམས་པ་དེ་ནི་སེམས་མཉམ་པར་གནས་པའི་བཟོད་པ་སྟེ། བཟོད་པ་རྣམ་པར་དག་པ་དེས་རྣལ་འབྱོར་པས་མེ་ཏོག་དགྲམ་པའོ། །བདུག་སྤོས་ཀྱི་རྣམ་པར་དག་པ་གསུངས་པ། མཉམ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། རྣམ་པར་དག་པ་རང་བཞིན་དག་པ་ཞེས་བྱ་བ་ནི་སྭ་བྷཱ་ཝ་ཤུདྡྷཿ་སརྦ་དྷརྨཱཿ་སྭ་བྷ་ཝ་ཤུདྡྷོ྅ཧཾ་ཞེས་བྱ་བ་སྟེ། དེས་མཉམ་པ་ཉིད་དུ་རྣམ་པར་དག་པའི་བདུག་པས་བདུགས་པའོ། །མར་མེའི་རྣམ་པར་དག་པ་གསུངས་པ། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། ཤེས་རབ་མར་མེ་ཞེས་བྱ་བ་ནི། ཤེས་རབ་རྣམ་པར་དག་པའི་མར་མེ་སྟེ། དེ་སྤར་བར་བྱ་ཞེས་བྱ་བ་ལྷག་མ་ཡིན་ན། །ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་མར་མེས་ཁམས་གསུམ་གྱི་མུན་པ་བཅོམ་ནས་ཇི་ལྟར་འདོད་པ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་ལམ་གསལ་བར་སྣང་བར་བྱེད་དེ། རྣམ་པར་དག་པ་དེ་དང་སྦྱར་རོ་ཞེས་བྱ་བར་དགོངས་སོ། །དེ་དག་གིས་ནི་བསམ་གཏན་རྩོམ་པ་ན་རྣམ་པར་དག་པ་འདི་དག་གིས་སྔོན་དུ་དག་པར་བྱའོ་ཞེས་བྱ་བར་སྟོན་ཏེ། བདག་གིས་སྒྲུབ་ཐབས་ཀྱི་ནང་དུ་གསལ་བར་བཤད་ཟིན་ཏོ། །གཞུང་ཉེ་བར་བསྡུ་བ་བསྟན་པའི་ཕྱིར་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་འཇིགས་པའི་སྦྱིན་པ་ལ་སོགས་པ་དེ་དག་གིས་སེམས་ཅན་ཐམས་ཅད་བདེ་བ་ལ་དགོད་པར་བྱ་ཞིང་མཆོད་པའི་དུས་དང༌། གཏོར་མའི་དུས་སུ་རྣམ་པར་དག་པ་དེ་དག་རབ་ཏུ་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་རྩོམ་པའི་གནས་ཕུན་སུམ་ཚོགས་པ་གསུངས་པ། ཡིད་དུ་འོང་བ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་དག་གིས་ནི་


DTG024_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསམ་གཏན་རྩོམ་པ་ཐམས་ཅད་ཀྱི་ཐུན་མོང་གི་བྱ་བ་བསྟན་ཏོ། །ད་ནི་གཉིས་སུ་མེད་པའི་རྣལ་འབྱོར་གྱི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་པར་བྱ་བའི་ཕྱིར་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་གསུངས་པ། བདག་གི་ཉིད་ཅེས་བྱ་བ་ལ་སོགས་པ་ལ། བདག་ཅེས་བྱ་བ་ནི་སྒྲུབ་པ་པོའི་རང་གི་ལུས་སོ། །རྡོ་རྗེ་བསྐྱེད་ནས་སུ་ཞེས་བྱ་བ་ནི་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་སེམས་དཔར་བསྐྱེད་པར་བྱ་བ་སྟེ། སྔར་བསྟན་པའི་གནས་སུ་འདུག་ནས་རྡོ་རྗེ་ཐལ་མོ་སྙིང་གར་བཅིངས་ཏེ། དག་པ་རྣམ་གསུམ་བརྗོད་ནས་སྟོང་པ་ཉིད་བསྒོམས་ལ། རི་རབ་ཀྱི་རྩེ་མོའི་གྲོང་ཁྱེར་དུ་སེང་གེ་དང་ཟླ་བའི་སྟན་ལ་བདག་ཉིད་ཧཱུཾ་ལས་བྱུང་བའི་རྡོ་རྗེས་བསྐྱེད་པར་བྱའོ། །ཤེས་རབ་དྲིལ་བུ་ཞེས་བྱར་སྤྲུལ། །ཞེས་བྱ་བ་ལ། ཤེས་རབ་ནི་བུ་མོའོ། །དྲིལ་བུ་ཞེས་བྱར་སྤྲུལ་ཞེས་བྱ་བ་ནི། ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བསྒོམ་མོ། །བར་དུ་ཁྲུ་གང་བཞག་ནས་ནི། །ཞེས་བྱ་བ་ལ། བར་ཞེས་བྱ་བ་ནི་བདག་དང་ཤེས་རབ་ཀྱི་བར་དུ་སྟེ། བདག་གི་མདུན་དུ་ཁྲུ་གང་ཙམ་གྱིས་བར་ཆོད་པར་ཤེས་པར་བསྒོམ་པར་བྱའོ། །མཉམ་ཉིད་བལྟ་བས་གནས་པར་བྱ། །ཞེས་བྱ་བ་ནི་བདག་དང་ཤེས་རབ་གཉིས་ཕན་ཚུན་ཐད་ཀར་གནས་པ་ལ་གཅིག་ལ་གཅིག་གདོང་བལྟས་པའོ། །དེ་ཉིད་རྒྱས་པར་བཤད་པའི་ཕྱིར། །སྙིང་གར་ཧཱུཾ་ནི་བསྒོམ་བྱས་ལ། །ཞེས་བྱ་བ་སྨོས་ཏེ། སྙིང་གར་ཧཱུཾ་ནི་བསྒོམ་བྱས་ལ། །ཞེས་བྱ་བ་ནི་མཆོད་པ་དང་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་པའི་འོག་ཏུ་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་བསྒོམ་པའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། ཐམས་ཅད་རིག་པས་ཀུན་སྟོང་ཞེས་བྱ་བ་སྨོས་ཏེ། ཧཱུཾ་གི་མེ་ལྕེའི་འོད་ཀྱིས་རེག་པ་ཙམ་གྱིས་ཁམས་གསུམ་པོ་མ་ལུས་པ་རྣམས་སྟོང་པ་ཉིད་དུ་བསྒོམ་པའོ། །དེ་ཉིད་བསྟན་པའི་ཕྱིར་ཁམས་གསུམ་ཞེས་བྱ་བ་སྨོས་ཏེ་གོ་སླའོ། །སྔོན་བཞིན་ཞེས་བྱ་བ་ནི། ཕུང་པོ་ལ་སོགས་པ་སྟོང་པ་ཉིད་དུ་སྔར་བསྟན་པའི་ཚུལ་དྲན་པར་བྱེད་པའོ། །གཞལ་ཡས་ཁང་བསྟན་པར་བྱ་བའི་ཕྱིར། མཉམ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕོ་བྲང་ཞེས་བྱ་བ་ལ་སོགས་


DTG024_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ནི། གཞལ་ཡས་ཁང་ངོ༌། །ཡངས་པ་ཅི་འདོད་པར་ཞེས་པ་ནི་རྒྱ་ཁྱོན་ཇི་སྙེད་འདོད་པར་རོ། །སྔར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྒོམས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། ལྷ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་དོན་ནི་རིམ་པར་ཕྱེ་བ་སྔར་ཐལ་བ་ལས་བསྟན་པའི་ལྷ་ཉི་ཤུ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པའི་རྡོ་རྗེར་བསྒོམ་མོ་ཞེས་བྱ་བ་འདི་ཡིན་ནོ། །འོད་ཟེར་སྣ་ཚོགས་འབར་བ་ཡི། །ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེའི་ས་བོན་ཧཱུཾ་གི་ཁྱད་པར་སྟོན་པ་ཡིན་ཏེ། འདིས་ཀྱང་སེང་གེ་དང་ཟླ་བའི་སྟེང་ན་གནས་པའི་ས་བོན་ཧཱུཾ་གི་ཐིག་ལེ་ལས་འོད་ཟེར་སྣ་ཚོགས་སྤྲོས་ནས་ཁམས་གསུམ་པ་ལ་རེག་སྟེ། སླར་དེ་ཉིད་དུ་བསྡུས་ལ་རྡོ་རྗེར་བསྒོམ་པར་བྱ་བར་སྟོན་ཏོ། །རྡོ་རྗེ་སེམས་དཔའི་རང་བཞིན་དུ། །བདག་གི་ལུས་ནི་སྤྲུལ་བར་བྱ། །ཞེས་བྱ་བ་ནི་ས་བོན་ཧཱུཾ་གི་ལྟེ་བར་མཚོན་ཅིང་ལྷ་ཉི་ཤུ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་སེམས་དཔར་བསྐྱེད་པའོ། །སྐུ་མདོག་ལ་སོགས་པ་ནི་འོག་ནས་བཤད་པར་བྱའོ། །ཡན་ལག་བརྒྱད་ཀྱི་ཆོ་ག་གསུངས་པ། ཡི་གེའི་དགོད་པས་བཀོད་ནས་སུ། །མཁས་པས་ཆོ་ག་བྱས་ནས་ཧཱུཾ། །ཞེས་བྱ་བ་ལ་མཁས་པ་ནི་གནས་དང་སྔགས་ཀྱི་དབྱེ་བ་ལ་མཁས་པ་སྟེ། རྐན་དང་མིག་གཉིས་དང་མགྲིན་པ་དང་ཕྲག་པ་གཉིས་དང་ལྟེ་བ་དང་གསང་བའི་གནས་སུ་ཡི་གེ་ཧཱུཾ་དཀར་པོ་བསྒོམ་པའོ། །སངས་རྒྱས་ལྔའི་ཞེས་བྱ་བ་ལ་སོགས་པས་ནི། ས་བོན་ཧཱུཾ་གི་ཁ་དོག་བསྟན་པ་སྟེ། རྡོ་རྗེ་སེམས་དཔའི་སྐུ་ནི་མ་ཡིན་ནོ། །དེའི་ཁ་དོག་ནི་འོག་ནས་མི་མཐུན་པར་སྣང་བའི་ཕྱིར་རོ། །སངས་རྒྱས་ལྔ་ཡིས་བརྒྱན་པ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གི་མཚན་ཉིད་དོ། །ཡང་ན་རྡོ་རྗེ་སེམས་དཔའི་དབུ་ལ་རིགས་ལྔས་བརྒྱན་པའོ། །ཕྱག་རྒྱ་ཆེན་པོའི་སྙིང་གར་བཅས། །ཞེས་བྱ་བ་ནི། རྡོ་རྗེ་དང་དྲིལ་བུ་བསྣམས་པའི་ཕྱག་རྒྱ་གཉིས་སྙིང་གར་འཁྱུད་པའི་ཚུལ་དུ་བྱེད་པའོ། །གོ་འཕང་མཆོག་ནི་བསྒོམ་པར་བྱ། །ཞེས་བྱ་བ་ལ། མཆོག་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །གོ་


DTG024_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཕང་ནི་གསང་གནས་ཏེ་དེའི་རྟེན་ནོ། །དེ་ཉིད་ཀྱི་ཕྱིར། འོད་ཟེར་སྣ་ཚོགས་འབར་བ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དངོས་པོ་བསྒོམ་པ་བསྒོམས་ནས་སུ། །ཞེས་བྱ་བ་ནི། བསྒོམ་པ་ཤིན་ཏུ་གོམས་པའོ། །བཟླས་པ་བསྟན་པའི་ཕྱིར། ཧཱུཾ་གི་སྒྲ་ཡིས་དགང་བར་བྱ། །ཞེས་བྱ་བ་སྨོས་ཏེ། ཧཱུཾ་ཞེས་བྱ་བའི་སྔགས་ཨོཾ་སྭཱ་ཧཱ་ཞེས་བྱ་བ་དང་སྤེལ་ནས་ཚིག་ཏུ་བཟླས་པའོ། །ཇི་སྙེད་དུ་བཟླས་པར་བྱ་ཞེ་ན། རང་ཉིད་ཇི་ལྟར་འདོད་སེམས་ཀྱིས། །ཞེས་བྱ་བ་སྨོས་ཏེ། ཇི་ཙམ་ནུས་པར་རོ། །དེ་ཉིད་བསྟན་པའི་ཕྱིར། ཡེ་ཤེས་ས་བོན་བཟླས་པར་བྱ། །ཞེས་བྱ་བ་སྨོས་སོ། །ཁ་དོག་བསྟན་པའི་ཕྱིར། བཙོ་མའི་གསེར་ལྟར་ཤིན་ཏུ་འབར། །སེམས་ཅན་ཀུན་གྱི་དོན་ལ་ཆགས། །ཞེས་བྱ་བ་སྨོས་ཏེ། སེམས་ཅན་ཀུན་ཞེས་བྱ་བ་སྨོས་ཏེ། སེམས་ཅན་ཀུན་ཞེས་བྱ་བ་ནི། འདིར་ཤེས་རབ་པོ། །དོན་ནི་བདེ་བའོ། །ཆགས་པ་ནི་དེ་ལ་ཞེན་པའོ། །ཡང་ན་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་མི་འདོད་པ་སྤོང་བ་དང༌། འདོད་པ་སྒྲུབ་པ་ལ་ཆགས་པ་སྟེ། དེས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དུང་དང་ཟླ་བ་ལྟར་དཀར་བ་ཡིན་ཀྱང་ཆགས་པ་དང་འདྲེས་པའི་ཕྱིར། བཙོ་མ་གསེར་ལྟར་སེར་པོར་སྣང་བ་ཡིན་ནོ། །ད་ནི་ཤེས་རབ་བསྐྱེད་པར་བྱ་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་སྟོང་པའི་མཚན་ཉིད་ནི། །སྔར་གྱི་མཚན་ཉིད་བདག་ཉིད་ཅན། །ཞེས་བྱ་བ་ནི་བསྒོམས་ལ་ཞེས་བྱ་བ་དང་སྦྱར་ཏེ། བདག་དང་གཞན་གྱི་རྒྱུད་ཐམས་ཅད་སྔར་བསྟན་པའི་ཚུལ་གྱིས་སྟོང་པ་ཉིད་དུ་བསྒོམས་ནས་ལྷ་མོ་བསྐྱེད་པར་བྱའོ། །དེ་ཉིད་གསུངས་པ། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། སྔར་གྱི་མཚན་ཉིད་ཀུན་རིག་པས། །ཉི་ཤུ་རྩ་གསུམ་ལྷ་རྣམས་ཀྱིས། །དྲིལ་བུའི་བདག་ཉིད་བསྒོམ་པར་བྱ། །ཞེས་བྱ་བ་ནི། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་ཨཱཿ་ལས་བྱུང་བའི་དྲིལ་བུ་ས་བོན་ཨཱཿ་ས་མཚན་ཅིང་ལྷ་ཉི་ཤུ་རྩ་གསུམ་གྱིས་བྱིན་གྱིས་བརླབས་པར་བསྒོམས་ལ། ལྷ་མོར་བསྐྱེད་པར་བྱའོ།།


DTG024_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷ་མོའི་ཁྱད་པར་གསུངས་པ། འོད་ཟེར་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ལ། ཁ་དོག་ཅུང་ཟད་འདྲེས་པའི་སྐུ། །ཞེས་བྱ་བ་ནི། དཀར་པོ་དང༌། དམར་པོ་འདྲེས་པས་བཅོམ་ལྡན་འདས་དང་འདྲ་བར་སེར་པོར་སྣང་བའོ། །སངས་རྒྱས་ལྔ་ཡིས་མངོན་པར་བརྒྱན། །ཞེས་བྱ་བ་ནི་སངས་རྒྱས་ལྔས་དགུ་ལ་བརྒྱན་པའོ། །ཡི་གེ་བརྒྱད་ཀྱི་སྔགས་རྣམས་ནི། །ཡང་ལག་བརྒྱད་དུ་དགོད་པར་བྱ། །ཞེས་བྱ་བ་ནི་གོ་ཆ་བསྟན་པ་སྟེ་གོ་སླའོ། །ཕྱག་གཉིས་ཕྱག་རྒྱ་ཆེན་པོ་སྟེ། །གོ་འཕང་མཆོག་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐབས་སུ་བཤད་པ་ལྟར་བལྟའོ། །ཨཱ་ལི་ཀཱ་ལི་ལས་བྱུང་བའི། །དེ་ཡི་ས་བོན་བཟླས་པར་བྱ། །ཞེས་བྱ་བ་ལ། དེའི་ས་བོན་ཞེས་བྱ་བ་ནི་ཡི་གེ་ཨ་སྟེ། དེ་ཡང་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར། ཨཱ་ལི་ཀཱ་ལི་ལས་བྱུང་བའོ། །ཡང་ན་ཨཱ་ལི་ནི་ཨའོ། །ཀཱ་ལི་ནི་རའོ། །འབྱུང་བ་ནི་བཏུ་བ་སྟེ། སྔར་བསྟན་པའི་སྔགས་བཏུ་བ་དྲན་པར་བྱེད་པའོ། །བཟླས་པར་བྱ་ཞེས་བྱ་བ་ནི། སྔར་བསྟན་པ་ལྟར། ཨོཾ་ཨཱཿསྭཱ་ཧཱ་ཞེས་ཅི་ནུས་སུ་བཟླས་པའོ། །འདོད་ཆགས་སེམས་ཀྱི་སྟོབས་ཀྱིས་ནི། །བཙོ་མ་གསེར་གྱི་འོད་དང་བཅས། །ཞེས་བྱ་བ་ནི། རྒྱུ་མཚན་དང་བཅས་པའི་ཁ་དོག་བསྟན་པ་སྟེ་སྔར་བཤད་ཟིན་ཏོ། །སེམས་ཅན་བསྒྲལ་ཕྱིར་ཀུན་དུ་འཁྱུད། །ནུ་མ་འཁྱུད་ཅིང་ཞལ་གཉིས་འཇིབ། །ཅེས་བྱ་བ་ནི་ཐབས་དང་ཤེས་རབ་གཉིས་ཀའི་སེམས་ཅན་སྒྲོལ་བའི་ཕྲིན་ལས་རྣམ་པར་དག་པ་སྟོན་པའོ། །རྡོ་རྗེ་རྩེ་མོ་ཞེས་བྱ་བ་ལ་སོགས་པས་ནི། རིམ་པར་ཕྱེ་བ་སྔ་མ་ལས། ཁྲོ་བོ་སོར་མོའི་རྩེ་མོར་ནི། །བདུད་རྩིའི་ཡི་གེ་བསམ་པར་བྱ། །ཞེས་བསྟན་པ་ཉེ་བར་བཤད་པའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། ལྷ་མོའི་གཡོན་གྱི་ཆ་རུ་ནི། །བསྟན་པའི་རྩེ་མོར་གཟུང་བར་བྱ། །ཞེས་བྱ་བ་སྨོས་ཏེ། གཡོན་གྱི་ཆ་རུ་བསྟན་པ་ཞེས་བྱ་བ་ནི་ཁཱ་ག་མུ་ཁའི་རྩའོ། །རྩེ་མོ་ཞེས་བྱ་བ་ནི་ལྕགས་ཀྱུའི་ཡི་གེ་དང་བཅས་པའི་སྒོའོ། །གཟུང་བ་ནི་དྲུད་པ་སྟེ། དེ་ཉིད་ཀྱི་ཕྱིར། མཛུབ་མོ་འདི་ཡིས་བསྐྱོད་པ་ཡིས། །ཞེས་བྱ་བ་སྨོས་ཏེ། བདུད་རྩི་ཆུ་


DTG024_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ནི་ཁུ་བའོ། །ལྷག་མ་ནི་བརྡ་ཕྲད་པར་ཟད་དོ། །ད་ནི་བུ་མོ་དེའི་ཆགས་པ་བསྐྱོད་པ་བསྟན་པའི་ཕྱིར། །གཉིས་ཀྱིས་ཀུན་སྤྲོད་བཏང་ནས་སུ། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་སྙོམས་པར་འཇུག་པའི་གནས་སྐབས་ཡོངས་སུ་བོར་བའོ། །ཤར་གྱི་ཕྱོགས་སུ་བསྐྱོད་ཅེས་བྱ་བ་ནི་ཤར་གྱི་ཕྱོགས་སུ་ཀ་ར་ན་བྱ་བའོ། །ཤར་གྱི་ཕྱོགས་སུ་བལྟས་ནས་སུ། །ཞེས་བྱ་བ་ནི། ཤེས་རབ་ཀྱི་ཁ་ཤར་དུ་བསྟན་པ་སྟེ། ཤར་གྱི་ཕྱོགས་ན་གནས་པའི་སེམས་ཅན་རྣམས་གདོན་ཞིང་སྦྱང་བའི་ཕྱིར་ཤེས་རབ་ཀྱི་ཁ་ཤར་དུ་བསྟན་པ་ལ། ཤར་དུ་ཀ་ར་ན་བྱ་བའོ།། ཀ་ར་ན་གསུངས་པ། རོལ་པའི་སྟབས་ཞེས་བྱ་བ་ལ་སོགས་པ་ལ། རོལ་པའི་སྟབས་ཞེས་བྱ་བ་ནི་ལྷ་མོའི་རྐང་པ་གཡོན་པ་ཆུང་ཟད་བསྐུམ་པའོ། །རྡོ་རྗེ་རྐང་པའི་སྟབས་ཀྱིས་མནན། །ཞེས་བྱ་བ་ལ། རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་སེམས་དཔའི་རྐང་པ་གཡས་པས་ལྷ་མོའི་རྐང་པ་གཡོན་པའི་མཐིལ་གནོན་པའོ། །འདིར་ལྷ་མོ་ཞེས་བྱ་བ་ནི། ལྷ་མོའི་རྐང་པ་གཡོན་པའི་མཐིལ་དུ་བལྟ་བར་བྱའོ། །དྲིལ་བུ་གཡོན་གྱི་བརླར་བརྟེན་ལ། །ཞེས་བྱ་བ་ལ། གཡོན་པའི་བརླ་ཞེས་བྱ་བ་ནི་རྡོ་རྗེ་ཞེས་བྱ་བར་བསྙེག་སྟེ། རྡོ་རྗེ་སེམས་དཔའི་བརླ་གཡོན་པ་ལྷ་མོའི་བརླ་གཡས་པའི་སྟེང་དུ་བཏོན་པའོ། །ནུ་མ་ལག་པ་གཉིས་ཀྱིས་གཟེར། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ནུ་མ་གཉིས་རྡོ་རྗེ་སེམས་དཔའི་ལག་པ་གཉིས་ཀྱིས་གཟུང་བའོ། །སྒེག་ཅིང་བཞད་པའི་བཞིན་ཅན་ཏེ། །ཞེས་བྱ་བ་ནི་བཞད་པ་དང་བཅས་པའི་སྒེག་པའི་བྱ་བ་བྱེད་པའོ། །འོག་མ་རྣོན་པོས་བཙིར་བར་བྱ། །ཞེས་བྱ་བ་ལ། འོག་མ་ཞེས་བྱ་བ་ནི་མ་མཆུའོ། །རྣོན་པོ་ནི་སོ་སྟེ། སོས་མཆུ་བཙིར་བའོ། །དེ་དག་ནི་རྡོ་རྗེ་སེམས་དཔའི་བྱ་བའོ། །ཤེས་རབ་ཀྱིས་གསུངས་པ། དྲིལ་བུ་ལག་གཉིས་གསང་བར་སྦྱོར། །ཞེས་བྱ་བ་ལ། གསང་བ་ཞེས་བྱ་བ་ནི་མགྲིན་པ་ལ་བྱ་བར་མན་ངག་ལས་བྱུང་སྟེ། ཤེས་རབ་ཀྱི་ལག་པ་གཉིས་ཀྱིས་རྡོ་རྗེ་སེམས་དཔའི་མགྲིན་པར་འཁྱུད་པའོ། །དེ་བཞིན་ས་བོན་གཉིས་མེད་བཟླ། །ཞེས་བྱ་བ་ལ། ས་བོན་ནི་ཤེས་རབ་ཀྱི་སྙིང་པོ་ཨཱཿདང༌། ཐབས་ཀྱི་སྙིང་པོ་ཧཱུཾ་སྟེ། དེ་གཉིས་བཟླ་བའོ། །གཉིས་མེད་ཅེས་བྱ་བ་ནི་ཐབས་དང་ཤེས་


DTG024_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རབ་གཉིས་སུ་མེད་པའི་སྙིང་པོ་སྟེ། བསྒོམ་ཞེས་བྱ་བ་ལྷག་མ་ཡིན་ནོ། །བསྐྱོད་ཅེས་བྱ་བ་ནི་ཀ་ར་ནའོ། །ཅིའི་ཕྱིར་ཞེ་ན། ཤར་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ན་བསྐྱོད་ཅེས་བྱ་བས་ནི་ལུས་ཀྱི་ལས་བསྟན་ཏོ། །ས་བོན་བཟླས་ཞེས་བྱ་བས་ནི་ངག་གི་ལས་བསྟན་ཏོ། །གཉིས་མེད་བསྒོམ་ཞེས་བྱ་བས་ནི་སེམས་ཀྱི་ལས་བསྟན་ཏེ། དེ་ལྟར་ཕྲིན་ལས་གསུམ་མཉམ་པར་སྦྱོར་བས། ཤར་ཕྱོགས་ཀྱི་སེམས་ཅན་བསྒྲལ་བར་བྱའོ་ཞེས་བྱ་བར་དགོངས་སོ། །ད་ནི་ལྷོ་ཕྱོགས་ན་གནས་པའི་སེམས་ཅན་བསྒྲལ་བའི་ཕྱིར། ལྷ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷོ་རུ་ཁ་ནི་བལྟ་པར་བྱ། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཁ་ལྷོར་བསྟན་པ་སྟེ། རྣལ་འབྱོར་མའི་རྒྱུད་འདི་ལ། ཤེས་རབ་གཙོ་བོ་ཡིན་པའི་ཕྱིར་དང༌། དགའ་བའི་ཡུལ་ཡིན་པའི་ཕྱིར་ཁ་བལྟ་བ་རྣམས་ནི་ཤེས་རབ་ཀྱི་ཡིན་པར་བལྟའོ། །ལྷ་མོའི་གཡོན་པ་བསྐྱོད་ནས་སུ། །ཞེས་བྱ་བ་ནི་ལྷ་མོའི་རྐང་པ་གཡོན་པ་བརྐྱང་སྟེ། གཡས་པ་ཆུང་ཟད་བསྐུམ་པའོ། །རྡོ་རྗེ་ཡང་ནི་བསྐྱོད་ནས་སུ། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་རྐང་པ་གཡས་པ་བརྐྱང་སྟེ་གཡོན་པ་ཆུང་ཟད་བསྐུམ་པའོ། །རྐང་མཐིལ་གཉིས་ནི་དེ་བཞིན་གཟིར། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་གཡས་གཡོན་གཉིས་ཀྱིས་སོ་སོར་ཕན་ཚུན་དུ་རྐང་མཐིལ་བཙིར་བའོ། །དྲིལ་བུའི་ལག་པ་གཉིས་ཀྱིས་ནི། །རྐེད་པ་བསྡམས་ཏེ་གཟིར་བར་བྱ། །ཞེས་བྱ་བ་ནི། ཤེས་རབ་ཀྱི་ལག་པ་གཉིས་ཀྱིས། ཐབས་ཀྱི་མཁལ་ངོས་གཉིས་བསྡམས་ནས་བཙིར་བའོ། །རྡོ་རྗེ་གཡས་ཀྱི་ནུ་མ་དང༌། །དེ་བཞིན་གསང་བར་བཙིར་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ལག་པ་གཡོན་པས། གསང་བ་སྟེ་ཤེས་རབ་ཀྱི་མགྲིན་པ་ནས་གཟུང་བར་བྱས་ལ། ལག་པ་གཡས་པས་ནུ་མ་ནས་བཟུང་བའོ། །རྡོ་རྗེ་དྲིལ་བུའི་ལུས་དག་ནི། །ཡང་དང་ཡང་དུ་སྤྲད་པར་བྱ། །ཞེས་བྱ་བ་ནི། ཤེས་རབ་དང་ཐབས་གཉིས་ཕན་ཚུན་ཆགས་བ་བསྐྱེད་པར་བྱ་བའི་ཕྱིར་ཡང་དང་ཡང་དུའོ་གདབ་པའོ། །ས་བོན་གཉིས་ནི་བཟླས་པ་ཡིས། །ལྷོ་ཕྱོགས་སེམས་ཅན་སྒྲོལ་བར་འགྱུར། །ཞེས་བྱ་བ་ནི། སྔར་སྨོས་པ་ལྟར་བསྒོམ་པ་དང་བཅས་པའི་ཀ་ར་ན་དང་བཟླས་པས་ལྷོ་ཕྱོགས་ན་གནས་པའི་


DTG024_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ཅན་རྣམས་བསྒྲལ་བར་བྱ་བའོ། །ནུབ་ཕྱོགས་ཀྱི་ཀ་ར་ན་བསྟན་པའི་ཕྱིར། ནུབ་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྤོས་ཏེ། ལྷ་མོ་ནུབ་ཏུ་བལྟ་བར་བྱ། །ཞེས་བྱ་བ་ནི་གོ་སླའོ། །ནུབ་ཕྱོགས་ཞེས་བྱ་བ་ནི། ནུབ་ཀྱི་སེམས་ཅན་བསྒྲལ་བའི་ཕྱིར། །ཞེས་བྱ་བར་སྦྱར་རོ། །མཉམ་པའི་རྐང་སྟབས་ཅེས་བྱ་བ་ནི་ལྷ་མོའི་རྐང་པ་གཉིས་ཀྱི་བར་དུ་ཁྲུ་གང་ཙམ་ཡོད་པ་གཞག་པའོ། །རྡོ་རྗེ་ཡི་ནི་གཞོགས་གཅིག་གིས། །གཡས་ཀྱི་བརླ་ནི་མནན་པར་བྱ། །ཞེས་བྱ་བ་ལ། རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །གཞོགས་གཅིག་ནི་གཞོགས་གཅིག་ན་གནས་པའོ། །གཡས་ཀྱི་བརླ་ཞེས་བྱ་བ་ནི། ལྷ་མོའི་གཡས་ཀྱི་བརླ་སྟེ། དེ་ཐབས་ཀྱི་ལག་པ་གཡོན་པས་མནན་པའོ། །མགྲིན་པ་རྒྱབ་ནས་གཉིས་འཁྱུད་དེ། །ཞེས་བྱ་བ་ནི། ཐབས་ཀྱི་ལག་པ་གཡས་པ་པུས་མོ་ལ་བརྟེན་པས་ཤེས་རབ་ཀྱི་མགྲིན་པ་ནས་འཁྱུད་ཅིང་ཤེས་རབ་ཀྱི་གཉིས་ཀྱིས་ཐབས་ཀྱི་རྐེད་པ་ནས་འཁྱུད་པའོ། །དྲིལ་བུའི་ལྕེ་ནི་བསྒྲིལ་ནས་སུ། །རྡོ་རྗེའི་ལྕེ་ལ་རེག་པར་བྱ། །ཞེས་བྱ་བ་ནིའོ་བྱ་བའི་དུས་སུ་ཤེས་རབ་ཀྱི་ལྕེས་ཐབས་ཀྱི་ལྕེ་ལ་རེག་ཅིང་བསྒུལ་བའོ། །དེ་བཞིན་སྦྱར་ནས་གཉི་ག་བཟླས། །ཞེས་བྱ་བ་ལ། དེ་བཞིན་ཞེས་བྱ་བ་ནི་བསྒོམ་པ་ལ་བསྙེག་པར་བྱའོ། །སྦྱར་ཞེས་བྱ་བ་ནི་ཀ་ར་ནའོ། །གཉི་ག་བཟླ་ཞེས་བྱ་བ་ནི་སྔགས་བཟླས་པ་སྟེ་ལས་རྣམ་པ་གསུམ་མོ། །ད་ནི་བྱང་ཕྱོགས་ལ་གནས་པའི་སེམས་ཅན་རྣམས་སྒྲོལ་བའི་དོན་གྱི་ཀ་ར་ན་བསྟན་པའི་ཕྱིར། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །དབུས་ཞེས་བྱ་བ་ནི་ལྟག་འོག་གི་ཚིག་གཉིས་དང་སྦྱར་ཏེ། ཤེས་རབ་ཀྱི་ལག་པ་གཉིས་ཀྱི་དབུས་སུ་རྡོ་རྗེ་སེམས་དཔའ་མཉམ་པར་འདུག་ལ། ཤེས་རབ་ཀྱི་རྐེད་པའི་དབུས་ནས་རྡོ་རྗེ་སེམས་དཔའི་ལག་པ་གཉིས་ཀྱིས་བསྡམས་པའོ། །དྲིལ་བུའི་ལག་པ་གཉིས་ཀྱིས་ཀྱང༌། །རྣ་བའི་དྲུང་བར་གཟུགས་པར་བྱ། །ཞེས་བྱ་བ་ནི། ཤེས་རབ་ཀྱི་ལག་པ་གཉིས་ཀྱིས་ཐབས་ཀྱི་རྣ་བའི་རྩ་བ་གཉིས་སུ་སེན་མོ་བཏབ་པ་སྟེ། དེས་ནི་ཁུ་བ་


DTG024_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅུང་ཟད་གནས་པར་འགྱུར་རོ། །གཉི་གའི་མཆུ་ནི་ཀུན་སྦྱར་ནས། །དེ་ཡི་བདུད་རྩི་བཏུང་བར་བྱ། །ཞེས་བྱ་བ་ནིའོ་བྱེད་པའི་དུས་སུ། ཕན་ཚུན་གཉི་གའི་མཆུ་སྦྱར་ནས། །ཕན་ཚུན་གཞིབས་པས་སྟེང་གི་བདུད་རྩི་བཏུང་བའམ། ཡང་ནི་ཕན་ཚུན་མཆུ་སྦྱར་བས་བདུད་རྩི་སྟེ་བྱང་ཆུབ་ཀྱི་སེམས་ཕབ་ལ། དེའི་བདེ་བའི་རོ་མྱང་བའོ། །སྔ་མ་བཞིན་དུ་སྔགས་བཟླས་པ་བསྟན་པའི་ཕྱིར། རྣལ་འབྱོར་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་དྲིལ་བུས་རོལ་པར་བྱ། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བསྒོམ་པ་དང༌། ཀ་ར་ན་བསྟན་པ་ཡིན་ནོ། །དེ་ལྟར་ལས་རྣམ་པ་གསུམ་ལས་བྱུང་བའི་དགེ་བ་གང་ཡིན་པ་དེས་སེམས་ཅན་ཐམས་ཅད་བདེ་བ་ལ་དགོད་པའི་བསྔོ་བ་བསྟན་པའི་ཕྱིར། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ལམ་ནས་འགྲོ་བ་ཡི། །སངས་རྒྱས་ཉིད་དུ་འགྲུབ་གྱུར་ཅིག །ཅེས་བྱ་བ་ནི་བདེ་བ་དང་ལྡན་ཞིང་འཚེ་བ་མེད་པའི་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་ལམ་ནས་སོང་བས་སངས་རྒྱས་ཉིད་ཐོབ་པར་གྱུར་ཅིག་པ་སྟེ། ཀྱེ་སེམས་ཅན་རྣམས་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་བའི་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་ལམ་ཉམས་སུ་ལོང་ཤིག་ཅེས་བྱ་བའི་བར་དུའོ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་དུས་སུ་སྐད་ཅིག་མའི་ཚུལ་གྱི་ས་ལྷའི་རྣལ་འབྱོར་བྱ་བ་བསྟན་པའི་ཕྱིར། སྐད་ཅིག་ཚུལ་གྱིས་རྣལ་འབྱོར་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲིལ་བུ་ལྷ་རུ་སྦྱོར་བ་ཡིས། །ཞེས་བྱ་བ་ནི་བདག་ཉིད་རྡོ་རྗེ་སེམས་དཔའི་ལྷར་སྦྱོར་བ་དང༌། ཤེས་རབ་དྲིལ་བུའི་ལྷ་མོར་སྦྱོར་བ་དག་སྐད་ཅིག་མའི་ཚུལ་གྱིས་རྣལ་འབྱོར་གྱིས་བསྐྱེད་པ་དང༌། སྐད་ཅིག་མའི་ཚུལ་གྱིས་སྔགས་དང་ཕྱག་རྒྱ་དང་ལྡན་པར་ཤེས་པ་དང༌། ཐབས་ཀྱི་ཆོ་ག་ལ་མཁས་པའི་རྣལ་འབྱོར་པས་བསྒོམ་ཞིང་བསམ་པར་བྱ་བའོ། །བདག་གི་ལུས་དང་ཤེས་རབ་ཀྱི་ལུས་གཉི་ག་ལ་རྣལ་འབྱོར་མའི་རང་བཞིན་གྱི་གོ་ཆ་དགོད་པར་བསྟན་པའི་ཕྱིར། ཡི་གེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་རྣམས་ཀུན་ཞེས་བྱ་བ་ནི་རྐན་ལ་སོགས་པའི་གནས་རྣམས་སུའོ། །ལྷ་ཉིད་དེ་ཞེས་བྱ་བ་ནི་ལྷ་མོ་བརྒྱད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །རང་


DTG024_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལུས་ཞེས་བྱ་བ་ནི་རང་གི་ལུས་རྣམས་ལའོ། །ལྷ་མོ་ཞེས་བྱ་བ་ནི་ལྷ་མོའི་ལུས་ལའོ། །བསམ་པ་ཞེས་བྱ་བ་ནི་གོ་ཆ་དགོད་པའི་སྒོ་ནས་སེམས་ཀྱི་དེ་ཁོ་ན་ཉིད་བསྒོམ་པའོ། །སླར་ཡང་དེ་ཉིད་རབ་ཏུ་བྱ། །ཞེས་བྱ་བ་ནི་གོ་ཆ་དེ་ཉིད་ཡང་དང་ཡང་དུ་དྲན་པར་བྱ་བའོ། །ཡང་ན་ཆགས་པ་དང་བྲལ་བ་རྣམས་གོ་ཆ་བསྐོན་པའི་མཐར་ཡང་དང་ཡང་དུ་ཆགས་པ་བསྐྱེད་པར་བྱ་བའོ། །དེ་ཉིད་བསྟན་པའི་ཕྱིར། རང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གིས་ཞེས་བྱ་བ་ནི་ཤེས་རབ་ཀྱིས་སོ། །རྗེས་སུ་ཆགས་པ་ནི་འཁྱུད་པ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུའོ། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔས་སོ། །དེ་ནས་བདག་ཉིད་རྡོ་རྗེ་རུ། །ཀ་ར་ནར་བཅས་བསམ་པར་བྱ། །ཞེས་བྱ་བ་ནི་ཀ་ར་ན་དང་བཅས་པའི་གཉིས་སུ་མེད་པའི་བསྒོམ་པ་བསྟན་པའོ། །དེ་ཉིད་ཀྱི་ཕྱིར། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཡང་ན་འདི་དག་གིས་ནི་བཟློག་པའི་བྱ་བ་བསྟན་ཏེ། དེ་ནས་ཞེས་བྱ་བ་ནི་ཀ་ར་ནའི་གནས་སྐབས་ཀྱི་མཐར་རོ། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །རང་ཞེས་བྱ་བ་ནི་རང་གིས་ཏེ་རྡོ་རྗེ་སེམས་དཔའི་རང་གིས་འཁྱུད་པ་ལ་སོགས་པ་བྱ་བའོ། །ནམ་ཞེ་ན། རྗེས་སུ་ཆགས་པའི་སེམས་ཞེས་བྱ་བ་སྨོས་ཏེ། ཙིཏྟ་ན་ཞེས་བྱ་བ་ལ། ཙིཏྟ་ནི་སེམས་སོ། །ན་ནི་དགག་པ་སྟེ་ཆགས་པའི་སེམས་མེད་པའོ། །དེས་འདི་སྐད་གང་གི་ཚེ་ཀ་ར་ནའི་མཐར་ཤེས་རབ་རྗེས་སུ་ཆགས་པའི་སེམས་དང་བྲལ་བ་དེའི་ཚེ། རང་ཉིད་ཀྱིས་འཁྱུད་པ་བྱ་བ་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་འོག་ཏུའོ། །བདག་ཉིད་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །ཀ་ར་བཅས་བསམ་པར་བྱ། །ཞེས་བྱ་བ་ལ་ཀ་ར་ནི་གོ་སླའོ། །བསམ་པ་ནི་སེམས་པའོ། །བྱ་བ་ནི་སེམས་པ་དང་རྗེས་སུ་མཐུན་པའི་བྱ་བ་སྟེ་དེའི་ཚེ་བཟློག་སྟེ། འོག་ཏུ་གནས་ནས་བུད་མེད་དུ་བྱ་བ་ལ་འཇུག་པའོ། །དེ་ཉིད་བསྟན་པའི་ཕྱིར། རྡོ་རྗེ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་སེམས་དཔའི་ང་རྒྱལ་ཙམ་ལ་གནས་པ་ཡིན་གྱིས་བྱ་བ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཀ་ར་ན་བཞི་བསྟན་ནས། ད་ནི་ཁྭ་ག་མུ་ཁའི་རྩའི་རང་བཞིན་བསྟན་པའི་ཕྱིར། ཆུ་ལས་བྱུང་བ་


DTG024_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུ་ལས་བྱུང་བའི་མེ་ཏོག་ཅེས་བྱ་བ་ནི་པདྨ་སྟེ་ཆོས་འབྱུང་ངོ༌། །དེ་ཅི་ཞིག་བྱ་ཞེ་ན། གསང་བའི་ནང་གི་མཚན་ཉིད་ལས། །ཞེས་བྱ་བ་སྨོས་ཏེ། ཆོས་འབྱུང་བ་དེའི་མཚན་མའི་ནང་གི་གསང་བའི་མཚན་ཉིད་དེ་ཁཱ་ག་མུ་ཁའི་རྩ་ཉིད་དོ། །དེ་ཅི་འདྲ་ཞེ་ན། རྩ་བ་མྱུ་གུ་མེ་ཏོག་སྟེ། །བནྡུ་ཀ་ནི་རྒྱས་པ་འདྲ། །ཞེས་བྱ་བ་ལ། ཇི་ལྟར་མྱུ་གུ་དང་མེ་ཏོག་གི་རྩ་བ་འདྲ་བར་རྩ་ཐམས་ཅད་ཀྱི་མྱུ་གུ་དང༌། བདེ་བའི་འབྲས་བུ་དང་བཅས་པའི་མེ་ཏོག་གི་གནས་སུ་གྱུར་བས་རྩ་སྟེ་ཁཱ་ག་མུ་ཁའོ། །ཡང་ན་མིང་དང་གཟུགས་ཀྱི་མྱུ་གུ་དང༌། སྐྱེ་མཆེད་དྲུག་གི་མེ་ཏོག་ལ་སོགས་པའི་གནས་སུ་གྱུར་པས་ན་རྩ་བའོ། །ད་ནི་སྔར་བསྟན་པའི་གོ་ཆའི་གནས་བསྟན་པའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་ཐོང་ཀ་གཉིས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོང་ཀ་གཉིས་ཀྱི་ས་བོན་རྣམས། །ཞེས་བྱ་བ་ལ། ཐོང་ཀ་གཉིས་ཞེས་བྱ་བ་ནི་ཕྲག་པ་གཉིས་སོ། །ས་བོན་རྣམས་ཞེས་བྱ་བ་ནི་མང་པོའི་ཚིག་སྟེ། དགོད་པར་བྱ་བའི་ས་བོན་མང་པོ་ཉིད་ཀྱིས་ན། བརྩེགས་པའི་ཡི་གེ་དགོད་པའི་གནས་ཀྱང་མགྲིན་པ་དང༌། སྙིང་ག་དང་ལྟེ་བའི་རྩ་བའི་བར་དུ་གཟུང་བར་སྟོན་པ་ཡིན་གྱི་བརྩེགས་པའི་ཡི་གེ་ཙམ་ལ་མང་པོར་བརྗོད་པ་ནི་མ་ཡིན་ནོ། །དེ་ལ་ཕྲག་པ་གཉིས་སུ་ནི་ཧྨྲྱུཾ་ངོ༌། །མགྲིན་པར་ནི་སྨྲྱུཾ་ངོ༌། །སྙིང་གར་ནི་ཡྨྲུཾ་ངོ༌། །ལྟེ་བར་ནི་ཀྵྨཾ་ངོ༌། །ས་དང་ཞེས་བྱ་བ་ལ་སོགས་པ་ལ། ས་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་སྟེ། དེ་ཉིད་མིག་གཉིས་སུའོ། །རླུང་ཞེས་བྱ་བ་ནི་ཡི་གེ་ཡུཾ་སྟེ། དེ་ནི་རྣ་བ་དང༌། སྣ་དག་ལའོ། །འོག་ཅེས་བྱ་བ་ནི་ལྕེ་སྟེ། འོག་ན་གནས་པའི་ཕྱིར་རོ། །ཆུའི་རང་བཞིན་བཞིན་ཞེས་བྱ་བ་ནི་དེར་ཡི་གེ་སུཾ་ཡུ་དགོད་པའོ། །མྱུ་གུ་ཞེས་བྱ་བ་ནི་མྱུ་གུ་ལྟ་བུ་སྟེ། སྟེང་ན་གནས་པའི་རྐན་གྱི་ནུ་མའོ། །མོའི་ས་བོན་ནི་ཡི་གེ་ཀྵུཾ་ངོ༌། །ད་ནི་ལྷ་མོ་བསྐྱེད་པའི་ས་བོན་ཉིད་པདྨའི་ནང་དུ་དགོད་པར་བསྟན་པའི་ཕྱིར། སྡེ་ཚན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་གི་དོན་ནི་ཡི་གེ་ཨས་ལྷ་མོའི་གཟུགས་བསྐྱེད་པར་སྟོན་ཏེ། སྔར་བསྟན་པ་དྲན་པར་བྱེད་པ་ཡིན་ནོ། །དེ་ལྟར་དྲན་པར་བྱས་ནས་མཚམས་སྦྱར་བའི་འོག་ཏུ་ཅི་


DTG024_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བ་བསྟན་པའི་ཕྱིར། །ས་ཡི་ནང་དུ་ཐིམ་པར་བྱ། །ཞེས་བྱ་བ་སྨོས་ཏེ་དེ་ལས་ཞེས་བྱ་བ་ནི་ཆོས་འབྱུང་བ་སྟེ་བདེ་བ་ཆེན་པོའི་གནས་སུ་བཅུ་གཉིས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཐིམ་པ་ནི་དགོད་པའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། དུས་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དུས་ཀྱི་མེ་ཞེས་བྱ་བ་ནི་གཡས་པའོ། །ཡི་དགས་ཀྱི་མེ་ཞེས་བྱ་བ་ནི་གཡོན་པ་སྟེ། དང་པོར་ཐབས་ཀྱི་གཡས་པས་ཤེས་རབ་ལ་འཁྱུད་ནས་དེའི་འོག་ཏུ་གཡོན་པས་འཁྱུད་པར་བྱ་བའོ། །ཤེས་རབ་ཀྱིས་བཟློག་སྟེ་འཁྱུད་པ་བསྟན་པའི་ཕྱིར། ཡི་དགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ཀྱི་དང་པོར་གཡོན་པས་ཐབས་ལ་འཁྱུད་ནས་དེའི་འོག་ཏུ་གཡས་པ་འཁྱུད་པའོ། །དེ་ལྟར་ན་དེ་དག་གིས་ནི་ཐབས་ཀྱི་ནི་གཡས་པ་གཙོ་ལ། ཤེས་རབ་ཀྱི་ནི་གཡོན་པ་གཙོ་བོར་སྟོན་ཏོ། །ལག་པ་གཉིས་ཀྱིས་ཁ་སྦྱར་བ། །ཞེས་བྱ་བ་ནི་བསྲུབ་པ་སྟེ། དེ་ལྟར་ལག་པ་གཉིས་འཁྱུད་པའོ། །ཅི་འདྲ་བས་ཤེ་ན། མཐེའུ་ཆུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐེའུ་ཆུང་མཐེ་མནན་ནས་སུ། །ཞེས་བྱ་བ་ནི། ལག་པ་གཉིས་ཀྱི་མཐེ་བོ་གཉིས་ཀྱིས་མཐེའུ་ཆུང་གཉིས་ཀྱི་ཚིགས་གསུམ་པ་མནན་པའོ། །གསུམ་པ་རྡོ་རྗེ་རྩེ་མོར་བརྐྱང༌། །ཞེས་བྱ་བ་ནི་སོར་མོ་ལྷག་མ་གསུམ་བསྒྲེང་བའོ། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་རྩེ་གསུམ་གྱི་རྣམ་པ་སྟེ། རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་དེས་བསྡམས་པའོ། །དེས་གང་དུ་བསྡམ་ཞེ་ན། ཕྱག་རྒྱ་གཉིས་ཀྱི་གློར་བཙུགས་ནས། །ཞེས་བྱ་བ་སྨོས་ཏེ། ཕྱག་རྒྱ་གཉིས་ཞེས་བྱ་བ་ནི་གཡས་པ་དང་གཡོན་པའི་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་གཉིས་སོ། །གློར་བཙུགས་ནས་ཞེས་བྱ་བ་ནི་ཕན་ཚུན་དུ་ཐབས་དང་ཤེས་རབ་ཀྱི་རྐེད་པ་ངོས་གཉིས་སུ་བསྡམས་པའོ། །བདུད་རྩི་བཟའ་བ་སེམས་པ་ཡིས། །རྣོན་པོས་འོག་མ་བཙིར་བར་བྱ། །ཞེས་བྱ་བ་ལ་སེམས་པ་ཞེས་བྱ་བ་རྣལ་འབྱོར་པའོ། །འོག་མ་ཞེས་བྱ་བ་ནི་མཆུ་སྟེ། སྦྲང་རྩེ་ལྟ་བུའི་བདུད་རྩིའི་གནས་སུ་གྱུར་པའི་ཕྱིར་རོ། །བཟའ་ཞེས་བྱ་བ་ནི་བཏུང་ཞིང་མྱང་བ་སྟེ་བཤད་ཟིན་ཏོ། །བཅུ་


DTG024_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་བརྒྱད་ཀྱི་ལམ་དག་ནས། །དྲིལ་བུའི་བདུད་རྩི་བསྐུལ་བར་བྱ། །ཞེས་བྱ་བ་ནི་གནས་བཅོ་བརྒྱད་ནས་ཤེས་རབ་ཀྱི་ཁུ་བ་ཕབ་པ་སྟེ། སྔར་བསྟན་པ་དྲན་པར་བྱེད་པ་ཡིན་ནོ། །གཡོན་གྱི་ཆ་ན་བནྡུ་ཀ །ཞེས་བྱ་བ་ལ། གཡོན་གྱི་ཆ་ཞེས་བྱ་བ་ནི་ཆོས་འབྱུང་བའི་གཡོན་ཕྱོགས་སོ། །བནྡུ་ཀ་ཞེས་བྱ་བ་ནི་མེ་ཏོག་གི་བནྡུ་ཀ་ལྟ་བུ་སྟེ། ཁྭ་ག་མུ་ཁའི་རྩའོ། །ཅི་འདྲ་ཞེ་ན་ཆུ་འཛག་པའི་ཆ་བྱད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུ་འཛག་པ་ནི་ཁུ་བ་འཛག་པའོ། །ཆ་བྱད་ནི་གསལ་བར་བྱེད་པའོ། །ཆུ་འཛག་བྱ་མཆུའི་དབྱིབས་ལྟ་བུ། །ཞེས་བྱ་བ་ལ། བྱ་མཆུ་ཞེས་བྱ་བ་ནི་བྱ་རྣམས་ཀྱི་གདོང་པ་སྟེ། དེའི་དབྱིབས་ལྟ་བུའོ། །དེར་ནི་ཕྱག་རྒྱ་བསྐུལ་བར་བྱ། །ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་ལྕགས་ཀྱུའི་ས་བོན་བཀོད་པའི་རྩ་དེར་རོ། །ཕྱག་རྒྱ་ཞེས་བྱ་བ་ནི་བདུད་རྩིའི་ཡི་གེ་བཀོད་པའི་མཛུབ་མོའོ། །ཡང་ན་ཤིན་ཏུ་ཆགས་པ་སྲ་བ་ལ་གླང་པོ་ཆེའི་སྣའི་ལག་གི་ཕྱག་རྒྱས་བསྐུལ་བའོ། །རྡོ་རྗེ་གཡས་ཀྱི་ཆུ་དག་ནི། །ཞེས་བྱ་བ་ལ། ཆུ་ཞེས་བྱ་བ་ནི་ཆུ་སྐྱེས་ཏེ་པདྨའོ། །གཡས་ཞེས་བྱ་བ་ནི་གཡས་ངོས་ཏེ། གཡོན་པ་ཡང་གཟུང་བར་བྱ་བའོ། །འདིས་ནི་རྡོ་རྗེའི་གཡས་ཀྱི་ཆས་དྲུད་པར་བྱ་ལ། པདྨའི་ནི་གཡོན་གྱིས་བྲུད་པར་བྱ་བར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར། རང་བཞིན་མཉམ་པའི་ཚུལ་དུ་བྱ། །ཞེས་བྱ་བ་སྨོས་ཏེ། ཕན་ཚུན་མཚུངས་པར་དྲུད་པའོ། །ཐོང་ཀ་ལ་སོགས་གནས་ཀུན་དུ། །དེ་ནས་སོར་མོ་གདབ་པར་བྱ། །ཞེས་བྱ་བ་ལ། ཐོང་ཀ་ཞེས་བྱ་བ་ནི་ནུ་མ་གཉིས་སོ། །གནས་ཀུན་ཞེས་བྱ་བ་ནི་དེ་ལ་སོགས་པའི་གནས་བཅོ་བརྒྱད་པོ་རྣམས་སོ། །སོར་མོ་གདབ་ཅེས་བྱ་བ་ནི་མཛུབ་མོ་པྲུད་པ་སྟེ། ཡན་ལག་མཆོག་ལ་སོགས་པའི་གནས་རྣམས་སུ་སོར་མོས་བྲུད་པས་ཁུ་བ་འཛག་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ནས་རྡོ་རྗེ་རྩེ་མོ་ནི། །ཕྱག་རྒྱ་གློ་རུ་སྦྱར་ནས་སུ། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། བྱང་ཆུབ་ཀྱི་སེམས་བསྐུལ་བའི་ཕྱིར་རོ། །རྡོ་རྗེ་རྩེ་མོ་ཞེས་བྱ་བ་ལ་སོགས་པ་ནི་སྔར་འཁྱུད་པའི་སྐབས་སུ་བཤད་ཟིན་ཏོ། །ཕན་ཚུན་བྲུད་པ་གསལ་བར་བསྟན་པའི་ཕྱིར། གཉི་ག་ཀུན་དུ་སྦྱོར་བ་ཡིས། །རྡོ་རྗེ་པདྨོ་བསྐུལ་བར་བྱ། །ཞེས་བྱ་བ་སྨོས་ཏེ། ཐབས་དང་ཤེས་


DTG024_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རབ་གཉི་གའི་རྡོ་རྗེ་དང་པདྨའི་གཡས་དང་གཡོན་གྱི་ཆ་ཕན་ཚུན་དུ་སྦྱར་ནས་བསྐུལ་བ་སྟེ་བྲུད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བཟླས་པ་དྲན་པར་བྱ་བའི་ཕྱིར། ཧཱུཾ་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་ཀྱི་ས་བོན་ཧཱུཾ་བཟླས་པས། རང་གི་ལུས་ཀྱི་ལྷ་རྣམས་བདེ་བས་ཚིམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དྲིལ་བུའི་བཟླས་པ་བསྟན་པའི་ཕྱིར། དྲིལ་བུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཡེ་ཤེས་ས་བོན་རྡོ་རྗེ་རྩེ། །བདག་ཉིད་ལྷ་ནི་བསམ་པར་བྱ། །ཞེས་བྱ་བ་ལ། ཡེ་ཤེས་ཀྱིས་བོན་ནི་ཡི་གེ་ཧཱུཾ་ངོ༌། །རྡོ་རྗེ་རྩེ་ཞེས་བྱ་བ་ནི་རྡོ་རྗེའི་རྩེ་མོར་ཏེ་བསམ་མོ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །འདིས་ནི་མཉམ་པར་སྦྱོར་བའི་དུས་སུ་རྡོ་རྗེའི་རྩེ་མོར་ཧཱུཾ་བསྒོམས་ནས་བདག་གི་ལུས་ཚིམ་པར་བྱའི་ཞེས་བྱ་བར་སྟོན་ཏོ། །ཉེ་བར་མཚོན་པ་འདིས་པདྨ་ལ་ནི་ཡི་གེ་ཨ་དགོད་པར་ཤེས་པར་བྱའོ། །རྡོ་རྗེ་དྲིལ་བུ་ལུས་ཡིན་ཏེ། །ཕྱག་རྒྱ་ཁ་སྦྱོར་སྦྱར་བར་བྱ། །ཞེས་བྱ་བ་ལ། རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །ཕྱག་རྒྱ་ནི་དེ་དག་གཉིས་ཀྱི་ལུས་ཁ་སྦྱོར་བའོ། །དེ་ཁོ་ན་ཉིད་འདི་རྟོགས་པས་ཕྱི་རོལ་གྱི་རྡོ་རྗེ་དང་དྲིལ་བུ་ཡང་གཟུང་བར་བསྟན་པའི་ཕྱིར། རྡོ་རྗེ་དྲིལ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་རྣམ་པར་དག་པ་འདིས་རྣལ་འབྱོར་པས་གཟུང་ངོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དེ་ཁོ་ནས་བསྐྱོད་ལ། །ཞེས་བྱ་བ་ནི། ཧཱུཾ་གེ་དེ་ཁོ་ན་ཉིད་བཟླས་ནས་རྡོ་རྗེས་བྲུད་པར་བྱའོ། །དྲིལ་བུ་རང་དགར་དཀྲོལ་བར་བྱ། །ཞེས་བྱ་བ་ནི། །དེ་བཞིན་དུ་ཤེས་རབ་ཀྱིས་ཀྱང་ཡི་གེ་ཨ་བརྗོད་ནས་པདྨས་རྡོ་རྗེ་བྲུད་པར་བྱ་ཞིང་གཞིབ་པར་བྱ་བའོ། །རྡོ་རྗེ་དྲིལ་བུ་རབ་སྦྱོར་ཏེ། །ཕྱག་རྒྱ་དེ་ཉིད་སྦྱོར་བ་ཡིན། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་དང་དྲིལ་བུ་མཉམ་པར་སྦྱོར་བའི་དོན་དམ་པའི་ཡེ་ཤེས་ཀྱིས་བདག་ཉིད་མཉེས་པར་བྱས་པས་ལུས་ལ་གནས་པའི་ལྷ་ཐམས་ཅད་ཚིམ་པར་འགྱུར་རོ་ཞེས་བྱ་བ་སྟོན་ཏོ། །གཉི་ག་ཡི་ནི་བདག་ཉིད་སེམས། །ཞེས་བྱ་བ་ནི་གཉི་ག་སྦྱོར་བ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་ཏེ། གཉི་ག་ལས་སྐྱེས་པའི་ཁུ་བའོ། །ཆུ་དེ་བྱེན་གྱིས་བརླབ་པར་བྱ། །ཞེས་བྱ་བ་ལ། ཆུ་ནི་ཁུ་བའོ། །བྱིན་གྱིས་བརླབ་པ་ནི་བཟའ་བ་སྟེ། གཉི་


DTG024_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གས་གཉི་གའི་ཁུ་བ་བཟའ་བའོ། །སྔར་ཤེས་རབ་གཙོ་བོར་གྱུར་པའི་ཀ་ར་ན་བསྟན་ནས། ད་ནི་ཐབས་གཙོ་བོར་གྱུར་པའི་ཀ་ར་ན་བསྟན་པའི་ཕྱིར། སྒེག་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐྱོད་པའི་ཞེས་བྱ་བ་ནི་ཀ་ར་ནའོ། །སྒེག་པ་ཞེས་བྱ་བ་ནི་བདག་ཉིད་གཙོ་བོར་གྱུར་པས་འགྱིང་བ་དང་བཅས་པའོ། །བདེ་བའི་སྙན་ལ་འདུག་ནས་ནི། །ཞེས་བྱ་བ་ནི་སྒྲ་ཇི་བཞིན་ནོ། །གཞན་དག་ནི་རྡོ་རྗེ་སེམས་དཔར་བསྒོམ་མོ་ཞེས་ཟེར་རོ། །དེ་ནས་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་རོལ་པའི་རྐང་པ་སྟེ། །དྲིལ་བུ་གཡོན་གྱིས་བྲལ་ཡིས་རོལ། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་སེམས་དཔའི་རྐང་པ་གཡོན་པ་བརྐྱང་ལ། གཡས་པ་ཅུང་ཟད་བསྐུམ་པའི་རོལ་པའི་སྟབས་ལ་གནས་པ་དང༌། ཤེས་རབ་ཀྱི་གཡས་བརྐྱང་ལ། གཡོན་བསྐུམ་པའི་སྟབས་ལ་གནས་པའོ། །ལག་གཡོན་འཁྱུད་ཅིང་ནུ་མ་བཟུང༌། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ལག་པ་གཡོན་པས་ཤེས་རབ་ལ་འཁྱུད་ནས་ནུ་མ་གཡོན་པ་འཛིན་པའོ། །གཡས་ཀྱིས་རྡོ་རྗེ་གསོར་བར་བྱ། །ཞེས་བྱ་བ་ནི་ལག་པ་གཡས་ཀྱིས་ཐབས་ཀྱི་རྡོ་རྗེ་པདྨོར་གཞུག་པའོ། །ཡང་དང་ཡང་དུ་སྤྲད་པར་བྱ། །ཞེས་བྱ་བ་ནི་སྐད་ཅིག་སྐད་ཅིག་ཅིང་འོ་གདབ་པའོ། །བཞད་ཅིང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཀ་ར་ན་གཞན་གཉིས་པ་བསྟན་པའི་ཕྱིར། དྲིལ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲིལ་བུ་བསྐྱོད་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་གཉིས་ཀྱིས་རོལ་པའི་སྟབས་སྔ་མ་ལས་གོ་བཟློག་པའོ། །བརླ་ཡི་སྟན་ལ་འདུག་ནས་སུ། །ཞེས་བྱ་བ་ནི་ཐབས་ཀྱི་བརླ་གཡོན་པའི་སྟེང་དུ་ཤེས་རབ་གཞག་པའོ། །རྐང་པ་གཡས་པས་དཀྲིས་ནས་ནི། །དཀུ་ཡི་གནས་སུ་གཞག་པར་བྱ། །ཞེས་བྱ་བ་ནི་ཐབས་ཀྱི་རྐང་པ་གཡས་ཤེས་རབ་ཀྱི་རྐང་པ་ལ་དཀྲི་པའོ། །མགྲིན་པར་གཅིག་གིས་འཁྱུད་ནས་ནི། །ཞེས་བྱ་བ་ནི། ཐབས་ཀྱི་ལག་པ་གཡས་པས་ཤེས་རབ་ཀྱི་མགུལ་པ་འཁྱུད་པའོ། །གཡོན་པས་དྲིལ་བུ་གསིལ་བར་བྱ། །ཞེས་པ་ནི་ལག་པ་གཡོན་པས་ཤེས་རབ་ཀྱི་པདྨ་དབྱེ་བའོ། །ཡང་ན་བསྒུལ་ཞིང་བྲུད་


DTG024_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །ལྷག་མ་ནི་གོ་སླའོ། །ཀ་ར་ན་གཉིས་དངོས་སུ་སྨོས་པ་འདིས་ལྷག་མ་ཡང་དོན་གྱིས་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་གླུ་བླང་ཞིང༌། །སྣ་ཚོགས་ཧཱུཾ་ཞེས་བྱ་བར་འདོད། །ཅེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་ཀ་ར་ནའི་མཐར་རོ། །རྡོ་རྗེ་གླུ་ཞེས་བྱ་བ་ལ། རྡོ་རྗེ་ནི་གཉིས་སུ་མེད་པའི་གསང་བའོ། །དེ་དང་ལྡན་པའི་གླུ་ནི་རྡོ་རྗེའི་གླུ་སྟེ། འཁོར་བ་སྟོང་པ་ཞེས་བྱ་བ་ལ་སོགས་པའོ། །སྣ་ཚོགས་ཧཱུཾ་ཞེས་བྱ་བར་འདོད། །ཅེས་བྱ་བ་ནི་གླུའི་ཆིག་རེ་རེའི་མཐར་ཏེ་ན་ཧཱུཾ་ཞེས་བྱ་བ་ལ་སོགས་པ་གདོན་པར་བྱའོ། །བདུད་རྩིའི་ཆུ་ནི་བཟུང་ནས་སུ། །སླར་ཡང་གླུ་ནི་བླང་བར་བྱ། །ཞེས་བྱ་བ་ལ། སླར་ཞེས་བྱ་བ་ནི་ཡང་དེའི་འོག་ཏུའོ། །བདུད་རྩི་ཆུ་ཞེས་བྱ་བ་ཆང་ངོ༌། །གཟུང་བ་ནི་བཏུང་བས་ཏེ། སླར་ཡང་ངལ་གསོ་བའི་ཕྱིར་དང༌། ཤེས་རབ་མཉེས་པར་བྱ་བའི་ཕྱིར་གཉིས་ཀས་ཆང་བཏུང་ཞིང་གླུ་བླང་བའོ། །རྡོ་རྗེའི་གླུ་གསུངས་པ། འཁོར་བ་སྟོང་པ་ཞེས་བྱ་བ་ལ་སོགས་པ་ལ། འཁོར་བ་ཞེས་བྱ་བ་ནི་ཕུང་པོ་ལྔའོ། །སྟོང་པ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའོ། །དེ་ཉིད་ཀྱི་ཕྱིར་སྙིང་པོ་མེད་པ་སྟེ། །ཆུ་ཤིང་ལྟ་བུའོ། །ཆུ་ཤིང་ལས་འབྲས་བུ་ལྟར་སྙིང་པོ་མེད་པའི་སྙིང་པོ་བསྟན་པའི་ཕྱིར། སྙིང་པོ་དག་ནི་ཤིན་ཏུ་བསགས་པ་སྟེ། །ཞེས་བྱ་བ་སྨོས་ཏེ། སྙིང་པོ་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །ཤིན་ཏུ་བསགས་པ་ཞེས་བྱ་བ་ནི་དེས་ཆོས་ཐམས་ཅད་བསྒྲུབས་པ་སྟེ། འདི་ལྟར་ཕུང་པོ་ལྔ་པོ་རང་བཞིན་མེད་པའི་ལྷའི་བདག་ཉིད་དུ་གོམས་པས་མི་གནས་པའི་མྱ་ངན་ལས་འདས་པར་བསྒྲུབས་པའོ། །གལ་ཏེ་ཆོས་རྣམས་གཟུང་བ་ལ་སོགས་པ་དང་བྲལ་བ་ཡིན་ན་ནི། ཇི་ལྟར་མི་གནས་པའི་མྱ་ངན་ལས་འདས་པར་འགྱུར་ཞེ་ན། དངོས་ལས་རྣམ་པར་གྲོལ་བ་རབ་ཏུ་འགྲུབ། །ཅེས་བྱ་བ་སྨོས་ཏེ། དངོས་པོ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའི་མཚན་ཉིད་དེ་དེ་ལས་རྣམ་པར་གྲོལ་བ་ཉིད་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཡོད་པ་དང་མེད་པ་དང༌། རྟག་པ་དང་མི་རྟག་པ་ལ་སོགས་པས་བསྒོམ་པའི་སེམས་གཉིས་སུ་སྣང་བ་འདི་དངོས་པོ་སྟེ་དེ་ལས་གྲོལ་


DTG024_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའོ། །རབ་ཏུ་གྲུབ་པ་ཞེས་བྱ་བ་ནི་དེ་ལས་མྱ་ངན་ལས་འདས་པར་འགྲུབ་པ་སྟེ། འདྲ་བས་འདྲ་བ་བསྐྱེད་པའོ། །ཞེས་བྱ་བའི་དོན་ཏོ། །མིང་གི་རྣམ་གྲངས་བསྟན་པའི་ཕྱིར། རྣམ་པར་ཐར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་ཐར་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་རྣམ་གྲངས་སོ། །རབ་ཏུ་བསྒྲལ་བ་སྟེ་ཞེས་བྱ་བ་ནི་ངེས་སེམས་ཅན་ཐམས་ཅད་བསྒྲལ་བའམ་དེར་བསྒྲལ་བའོ། །དེ་ཉིད་བསྟན་པའི་ཕྱིར། ཕན་ཚུན་ཀུན་དུ་འཁྱུད་པའི་སྦྱོར་བྱས་པ། །དེ་ཡིས་ཀུན་དོན་ཡང་དག་བྱེད་པར་འགྱུར། །ཞེས་པ་སྨོས་ཏེ། ཕན་ཚུན་ཀུན་དུ་འཁྱུད་པའི་སྦྱོར་བ་ཞེས་བྱ་བ་ནི། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ལྷའི་རྣལ་འབྱོར་རོ། །ཀུན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱིའོ། །དོན་ཡང་དག་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་མཐར་ཐུག་པའི་དགོས་པ་རྣམས་སོ། །འཁོར་བའི་སྙིང་པོ་དག་ནི་མེད་པ་ལ། །རྣལ་འབྱོར་མ་ཡི་དབུས་སུ་སྙིང་པོར་བསྒྲུབ། །ཅེས་བྱ་བ་ནི་ཀུན་དུ་འཁྱུད་པའི་སྦྱོར་བ་འདས་མ་ཐག་པ་དེ་བྱང་བར་བྱས་ནས་འཁོར་བ་སྙིང་པོ་མེད་པ་ལས་འཁོར་བའི་དབུས་སུ་བྱིང་བའི་རྣལ་འབྱོར་མ་རྣམས་ཀྱི་སྙིང་པོ་སྟ། མྱ་ངན་ལས་འདས་པ་འགྲུབ་པར་འགྱུར་ཏེ། །རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །རྡོ་རྗེ་དྲིལ་བུ་སྒྲར་བཅས་པས། །དེ་ནས་དེ་ལྟར་གླུ་བླང་བྱ། །ཞེས་བྱ་བ་ནི་དྲིལ་བུའི་སྒྲ་དང་བཅས་པར་ཡང་དང་ཡང་དུ་གླུ་བླངས་པའོ། །དེ་ལྟར་རྣལ་འབྱོར་པ་བསྒོམ་པ་དང༌། བཟླས་པར་ལྡན་པས་དངོས་སུ་གྲུབ་ཏུ་འགྱུར་པ་བསྟན་པའི་ཕྱིར། མཉམ་གཞག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འགྲུབ་པ་དེ་ཉིད་བསྟན་པའི་ཕྱིར། ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ད་ནི་དབང་དུ་བྱ་བའི་སྦྱོར་བ་བསྟན་པའི་ཕྱིར། སྨན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐྱོད་པ་ཞེས་བྱ་བ་ནི་འདིས་རང་གི་དབང་དུ་བྱེད། འགུགས་པར་བྱེད་པས་ན་བསྐྱོད་པ་སྟེ་སྨན་ལ་སོགས་པའོ། །སྦྱོར་བ་ནི་དེའི་རབ་ཏུ་སྦྱོར་བའོ། །ལྡན་པ་ནི་ཤེས་རབ་དང་བཅས་པའོ། །ལྷག་མ་ནི་གོ་སླའོ། །སྦྱོར་བའི་གནས་སུ་གཟུང་བར་བྱ། །ཞེས་བྱ་བ་ནི། དེ་དག་ཐམས་ཅད་ཆ་མཉམ་པའོ། །ཁ་ཅིག་ནི་བྱང་ཆུབ་ཀྱི་


DTG024_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ལ་བྱའོ་ཞེས་ཟེར་རོ། །རྫས་དེ་དག་ནི་བསྒོས་ནས་སུ། །ཞེས་བྱ་བ་ནི་རྫས་དེ་དག་ལ་བྱང་ཆུབ་ཀྱི་སེམས་ཀྱིས་བསྒོ་བའོ། །ལྷག་མ་ནི་གོ་སླའོ། །དབང་པོ་ལག་པ་དང་ཞེས་བྱ་བ་ལ་སོགས་པ་ལ། དབང་པོ་ལག་པ་ཞེས་བྱ་བ་ནི་རྩའི་ཁྱད་པར་གང་དབང་པོའི་ལག་པ་དང་འདྲ་བ་དེ་ལ་དེ་སྐད་ཅེས་བྱའོ། །རྨོངས་བྱེད་མ་ཞེས་བྱ་བ་ནི་པ་ཊ་པར་ན་ཀའོ། །རེངས་བྱེད་མ་ཞེས་བྱ་བ་ནི་ས་ལ་པརྞི་ཀའོ། །བདག་གི་ལྔ་དང་ཡན་ལག་ལྔ། །ཞེས་བྱ་བ་ལ། བདག་གི་ལྔ་ཞེས་བྱ་བ་ནི་བདུད་རྩི་ལྔའོ། །ཡན་ལག་ལྔ་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་རྡོ་རྗེའི་དྲི་མ་རྣམས་སོ། །ཐམས་ཅད་ཆ་ནི་བསྙམས་ནས་སུ། །ཞེས་བྱ་བ་ནི། དབང་པོ་ལག་པ་ལ་སོགས་པ་ཆ་མཉམ་པ་སྟེ། གཞན་དག་ནི་ཇི་སྙེད་པ་གཟུང་བའོ། །བཏུང་བ་ཞེས་བྱ་བ་ནི་ཆང་ངོ༌། །སོ་རྩི་ཞས་བྱ་བ་ནི་སོ་རྩི་ཟ་བ་ན་དུང་གི་ཐལ་བ་དང་སྦྱར་བའོ། །ལྷག་མ་ནི་གོ་སླའོ། །ཁྲག་ནི་གཏོར་མའི་སྦྱོར་བ་ཡིས། །དབང་ལ་སོགས་པའི་ལས་རྣམས་འགྲུབ། །ཅེས་བྱ་བ་ལ། ཁྲག་ནི་ཟླ་མཚན་གྱི་ཁྲག་གོ །གཏོར་མའི་སྦྱོར་བ་ནི་ལྷའི་སྦྱོར་བ་ཁ་དོག་དམར་པོར་བྱ་བའོ། །སྦྱོར་བ་དེ་ཉིད་ཀྱི་བཟླས་པ་བསྟན་པའི་ཕྱིར། སྔགས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་བྱ་ཞེན། བདག་གི་ལུས་ལས་གཤེགས་གསོལ་བ། །ཞེས་བྱ་བ་སྨོས་ཏེ། བདག་གི་ལུས་ལས་གཤེགས་སུ་གསོལ་བ་ནི་ཁུ་བ་སྟེ་དེ་དང་བསྲེས་པའོ། །བདག་ཉིད་ཇི་ལྟར་དགའ་བར་བྱ། །ཞེས་བྱ་བ་ནི་གང་ལ་སྦྱོར་བར་འདོད་པ་དེ་དག་གིས་ནི་ཟླ་མཚན་དང་ཁུ་བར་བསྲེས་ལ། ལྷའི་རྣལ་འབྱོར་མདོག་དམར་པོ་ལ་གནས་ནས་དེ་ལ་སྔགས་འབུམ་ཕྲག་བཟླས་ཏེ། གང་ལ་བྱིན་པ་དེ་དབང་དུ་འགྱུར་བར་སྟོན་ཏོ། །ད་ནི་ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་ཕྱག་རྒྱའི་དབྱེ་བ་བསྟན་པའི་ཕྱིར། བརྟུལ་ཞུགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྟུལ་ཞུགས་མ་ཞེས་བྱ་བ་ནི་ཐོད་པའི་བརྟུལ་ཞུགས་ཅན་མའོ། །ཉེ་དུ་མོ་ཞེས་བྱ་བ་ནི་མདའ་མཁན་མོ་སྟེ། འཇིག་པའི་ཕྱིར་རོ། །རྒྱལ་པོ་ནི་རྒྱལ་རིགས་མའོ། །བླ་མ་ཞེས་བྱ་བ་ནི་བྲམ་ཟེ་མའོ། །གསང་བ་ཞེས་བྱ་བ་ནི་གར་


DTG024_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁན་མའོ། །ཤ་བ་ཞེས་བྱ་བ་ནི་ཤ་འཚོང་བ་སྟེ་ཤན་པའོ། །ཉ་པ་ནི་ཉ་བཤོར་བའོ། །ལྷག་མ་ཡང་གོ་བར་ཟད་དོ། །དེ་བས་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་སོ། །བསྟན་བཅོས་ཞེས་བྱ་བ་ནི་སྔགས་སོ། །གཟུང་བ་ཞེས་བྱ་བ་ནི་འདས་མ་ཐག་པའི་ཕྱག་རྒྱའི་ཚོགས་སོ། །འབང་པ་ཞེས་བྱ་བ་ནི་ནན་ཏན་དུ་བསྒྲུབ་པའོ། །ད་ནི་རྐང་སྟབས་བཅིངས་པའི་བྱེ་བྲག་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྐང་སྟབས་བཅིང་བ་ནི། བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །སེམས་ཅན་སྒྲོལ་བའི་གནས་ཡིན་ཏེ། །ཞེས་བྱ་བ་ནི་སེམས་ཅན་སྒྲོལ་བར་བྱེད་པའོ། །ཡང་ན་གནས་ནི་རྐང་སྟབས་ཏེ། སེམས་ཅན་སྒྲོལ་བར་བྱེད་པའི་རྐང་སྟབས་སོ། །དེ་ཉིད་གསུངས་པ། གཉིས་ནི་ཀུན་དུ་འདུས་ནས་བསྐྱོད། །དེ་ཉིད་ཕྱག་རྒྱ་ཞེས་བྱ་བཅིང༌། །ཞེས་བྱ་བ་ལ། གཉིས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་བོ། །ཀུན་དུ་འདུས་པ་མཉམ་པར་སྦྱོར་བའོ། །དེ་ཉིད་ནི་བསྐྱོད་པ་སྟེ། ཀུན་དུ་ཉོན་མོངས་པ་འཇིག་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ལ། ཕྱིན་ཅི་མ་ལོག་པ་གཉིས་སུ་མེད་པའི་ཡེ་ཤེས་སོ། དེ་ཉིད་ཕྱག་རྒྱ་སྟེ་ཡིད་མགུ་པའི་ཕྱིར་རོ། །བཅིང་བ་ནི་གདབ་པའོ། །ཁ་ཅིག་ནི་མཉམ་པའི་རྐང་སྟབས་ཀྱི་མཚན་ཉིད་ཡིན་ནོ་ཞེས་ཟེར་ཏེ། གཉིས་ཀུན་དུ་འདུས་ནས་ཞེས་བྱ་བ་ནི་རྐང་པ་གཉིས་ཕན་ཚུན་དུ་འདུས་པའོ། །དེ་ཉིད་ནི་བསྐྱོད་པ་སྟེ། བགེགས་སྐྱོད་པར་བྱེད་པའི་ཕྱིར་རོ། །ཕྱག་རྒྱ་ཞེས་བྱ་བ་ནི་མཉམ་པའི་སྟབས་ཀྱི་ཕྱག་རྒྱའོ་ཞེས་ཟེར་རོ། །མཉམ་པའི་སྟབས་དང་ཞེས་བྱ་བ་ལ་སོགས་པ་ལ། མཉམ་པའི་སྟབས་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་གཉིས་རྐང་པ་དག་ཕན་ཚུན་སོར་མོས་སོར་མོ་རེག་པའོ། །ཁ་ཅིག་ནི་གཡས་ཀྱི་སོར་མོའི་རྩེ་མོར་རྐང་པ་གཡོན་པའི་རྩེ་མོས་རེག་པའོ་ཞེས་ཟེར་རོ། །དབྱེ་བའི་སྟབས་ཞེས་བྱ་བ་ནི་དེ་ཉིད་ལས་ཤེས་རབ་ཀྱི་རྐང་པ་གཡོན་པ་ཅུང་ཟད་བསྐུམ་པའོ། །ཟླུམ་པོའི་སྟབས་ཞེས་བྱ་བ་ནི་མཉམ་པའི་སྟབས་ལས་པུས་མོ་ཡངས་པར་བསྐྱེད་པའོ། །གསུམ་


DTG024_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནོན་པའི་སྟབས་ནི་མཉམ་པའི་སྟབས་དེ་ཉིད་ལས་ཤེས་རབ་ཀྱི་གཡོན་པ་གྱེན་དུ་བཏེག་པའོ། །རུས་སྦལ་གྱི་སྟབས་ནི་རྐང་པ་གཡས་པས་གཡོན་པ་མནན་པའོ། །གཡས་བརྐྱང་པ་ནི་གཡས་བརྐྱང་ནས་གཡོན་པ་ཅུང་ཟད་བསྐུམ་པའོ། །གཡོན་བརྐྱང་ནི་དེ་ལས་བཟློག་པའོ། །གནས་གཅིག་པ་ནི་གཅིག་གིས་གནས་པ་སྟེ། རྐང་པ་གཅིག་བཏེག་ནས་ཀ་ར་ན་སྣ་ཚོགས་ཀྱིས་སྙོམས་པར་འཇུག་ཅིང༌། རྐང་པ་ཡ་གཅིག་གིས་འཁོར་ལོ་ལྟར་བསྐོར་བའོ། །འདུག་པ་ཞེས་བྱ་བ་ནི་རོལ་པའི་རྐང་སྟབས་ཉིད་དེ། འདིས་ཤེས་རབ་དང་ཐབས་ཀྱི་བདེ་བ་འདུག་པའི་ཕྱིར་རོ། །རྐང་པའི་འཕེན་པ་ཞེས་བྱ་བ་ནི་ཇི་ལྟར་བདེ་བར་འདུག་པའོ། །མཆོད་སྡོང་གི་ཚུལ་ཞེས་བྱ་བ་ནི་ངལ་བ་བསལ་བའི་ཕྱིར། ཐབས་དང་ཤེས་རབ་གཉིས་ཀའི་སྟེང་འོག་གི་བྱིན་པ་བསྲང་སྟེ་སྙོམས་པར་འཇུག་པའོ། །པུས་མོ་བཙིར་བཞས་བྱ་བ་ནི་ཙོག་ཙོག་པོར་འདུག་སྟེ། པུས་མོའི་སྟེང་དུ་གྲུ་མོ་བཙུགས་ནས་མགྲིན་པ་ནས་འཁྱུད་པའོ། །བསྡུ་བའི་ཚུལ་ཞེས་བྱ་བ་ནི་བརླ་གཉིས་བསྣོལ་ཏེ། ཤེས་རབ་ཀྱི་བྱིན་པ་གཉིས་ཀྱི་དབུས་སུ་ཞུགས་པའོ། །གཞན་དག་ན་རེ་ཤེས་རབ་ཀྱི་པུས་མོ་གཉིས་ཐབས་ཀྱི་མཆན་ཁུད་གཉིས་སུ་བཅུག་སྟེ། ལག་པ་གཉིས་ཀྱིས་མགྲིན་པ་ནས་འཁྱུད་པ་འདི་ནི་ཡང་དག་པར་བསྡུ་བའི་ཚུལ་ཡིན་ནོ་ཞེས་ཟེར་རོ། །མཉམ་དུ་གནས་པ་ཞེས་བྱ་བ་ནི་གཉིས་ཀའི་ཡང་རྐང་པ་གཉིས་ཁ་ཅང་མི་རིང་བར་བརྐྱང་སྟེ་འདུག་པའོ། །དུས་ཀྱི་མེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རྐང་པ་གཡས་པས་བདག་གི་སྙིང་གར་བརྩིར་བའོ། །སྙིང་པོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རྐང་པ་གཉིས་བདག་གི་རྐང་པ་གཉིས་ཀྱི་བར་དུ་བཅུག་སྟེ། རྐང་པ་གཉིས་ཀྱིས་སོ་སོར་སྙིང་གཉེད་པའོ། །དགའ་བས་གནས་པ་ཞེས་བྱ་བ་ནི། ཤེས་རབ་ཀྱི་བརླ་སྟེང་གཉིས་སུ་ཐབས་ཀྱི་བརླ་གཉིས་བསྣོལ་མར་བཀན་ཏེ་གནས་པའོ། །གཅིག་ཏུ་བསྡུ་བ་ཞེས་བྱ་བ་ནི་རྐང་པ་གཅིག་བསྐུམས་ཏེ་སྙོམས་པར་འཇུག་པའོ། །རྐང་སྟབས་བསྐྱོད་པ་བཅོ་བརྒྱད་ནི། །མཆོད་པའི་དུས་སུ་སྦྱར་བར་བྱ། །ཞེས་བྱ་བ་ནི། རྐང་སྟབས་བཅོ་བརྒྱད་པོ་དེ་དག་གིས་སྙོམས་པར་འཇུག་ཅིང་རོལ་པའོ། །


DTG024_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །རྣལ་འབྱོར་པ་ཡིས་མཆོད་པར་བྱ། །ཞེས་བྱ་བ་ནི། རྣལ་འབྱོར་པས་ཤེས་རབ་གང་ཞིག་དེ་ཐམས་ཅད་ནུས་པ་དང་ལྡན་པའི་ཡོན་ཏན་ཅན་དེ་དག་བཟུང་ནས་སྦྱར་བར་བྱའོ། །ད་ནི་ཚུལ་གྱི་བྱེ་བྲག་བསྟན་པའི་ཕྱིར། སྙིང་གར་འཚིར་བ་དང་ཞེས་བྱ་བ་སྨོས་ཏེ། ལག་པ་གཉིས་ཀྱིས་ཤེས་རབ་ཀྱི་རྒྱབ་ནས་འཁྱུད་ནས། སྙིང་གས་སྙིང་ག་བཙིར་ཞིང༌། །རོལ་པ་འདི་ནི་སྙིང་ག་བཙིར་བའོ། །ཤེས་རབ་ཀྱི་རྐང་པ་གཉིས་རང་གི་སྙིང་གར་གཞག་སྟེ་རོལ་པ་འདི་ནི་རྐང་པ་སྦྱར་བའོ། །ཡང་ན་ཤེས་རབ་ཀྱི་རྐང་པ་དང་བདག་གི་རྐང་པར་སྦྱར་ནས་རོལ་པའོ། །མེ་ཏོག་ཕྲེང་བའི་ཚུལ་སྔོན་དུ་འགྲོ་བ་།ཀུན་དུ་འཁྱུད་པ་འདི་ནི་ཕྲེང་བའི་ཚུལ་ལོ། །ནུ་མ་ལ་རིག་པ་ན་ནུ་མའི་ཚུལ་ལོ། །ཤས་རབ་ཀྱི་པདྨ་ལ་པ་ལྔགས་པ་དང༌། ཤེས་རབ་ཀྱིས་ཀྱང་རྡོ་རྗེ་གཞིབས་པ་ན་གཉིས་ཀ་སྦྱར་བ་དེ་བཟའ་བའོ། །དེ་ཡང་སྟེང་དང་འོག་ཏུ་གནས་ནས་སྦྱར་བར་བལྟ་བའོ། །ལུས་ཀྱི་གཞོགས་གཅིག་གིས་ཕན་ཚུན་འཁྱུད་པ་ནི་ཕྱེད་ཀྱིས་འཁྱུད་པའོ། །ལག་པ་འོག་མ་གཉིས་ཀྱིས་ཕན་ཚུན་གསང་བ་ལ་རེག་ཅིང་གོང་མ་གཉིས་ཀྱིས་འཁྱུད་པ་ནི་ཕྱེད་ཀྱིས་འཁྱུད་ནས་གསང་བར་རེག་པའོ།། ལུས་ཀྱིས་ལུས་ལ་རེག་པ་ནི་ལུས་མཉེ་བའོ། །ཡང་ན་ཕན་ཚུན་རྐང་ལག་མཉེ་བའོ། །མཛུབ་མོ་དང་གུང་མོ་ཀོ་སྐོ་འདེགས་པ་ནི་ཀོ་སྐོ་བསྟོད་པའོ། །ཞལ་ནི་བཞད་ཅིང་སྒེག་པ་དང༌། །ཞེས་བྱ་བ་ནི་བཞད་པ་དང་བཅས་སྒེག་པ་དང་བཅས་པའི་ཚུལ་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་སྣ་ཚོགས་ལྡན་པ་ཡིས། །དེ་ཡིས་ལས་རྣམས་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་ཚུལ་རྣམ་པ་བཅུ་པོ་དེར་མ་ཟད་ཀྱི། འོ་ན་ཅི་ཞེ་ན། སོ་དང་སེན་མོ་གདབ་པ་ལ་སོགས་པའི་མཚན་ཉིད་སྣ་ཚོགས་ཀྱིས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་དང་དྲིལ་བུ་ངེས་པར་གཟུང་བར་བྱ་བའི་མཇུག་བསྡུ་བ་བསྟན་པའི་ཕྱིར། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཡིས་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་རྣལ་འབྱོར་ལ་གུས་པས་སོ། །སོ་སོ་ཞེས་བྱ་བ་ནི་ངེས་པར་རོ། །ད་ནི་ཐབས་དང་ཤེས་རབ་ཕན་ཚུན་བྲལ་བས་རྣམ་པ་ཐམས་ཅད་དུ་དངོས་


DTG024_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྲུབ་མེད་པར་བསྟན་པའི་ཕྱིར། གསང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བའི་རྡོ་རྗེ་ནི་ཐབས་སོ། །དྲིལ་བུ་ནི་ཤེས་རབ་བོ། །དེ་བཞིན་དུ་རྡོ་རྗེ་དྲིལ་བུ་དང་བྲལ་བ་ནི་ཤེས་རབ་ཀྱིས་དབེན་པའོ། །འགྲུབ་པ་རིང་བར་འགྱུར་ཞེས་བྱ་བ་ནི་འགྲུབ་པ་དང་རིང་བ་སྟེ་བྲལ་བའོ། །དེ་ལྟར་ལྡོག་པ་བསྟན་ནས་རྗེས་སུ་འགྲོ་བ་བསྟན་པའི་ཕྱིར། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དབ། །དམིགས་ན་ཕ་རོལ་དགྲོལ་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། ཐབས་དང་ཤེས་རབ་འདུས་ན་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དཔེ་བསྟན་པའི་ཕྱིར། མཚན་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་མོ་ཟླ་བ་མེད་པ་དང༌། །ཞེས་བྱ་བ་ནི་ཟླ་བ་མེད་པའི་མཚན་མོ་སྟེ། ཅི་ཞིག་ནུས་ཞེས་བྱ་བ་དང་སྦྱར་རོ། །འདིས་ནི་ཟླ་བ་མེད་པའི་མཚན་མོ་འོད་དང་བྲལ་བའི་ཕྱིར། བདག་དང་གཞན་གྱི་དོན་ཅི་ཡང་མི་ནུས་སོ་ཞེས་བྱ་བར་སྟོན་ཏོ།། ཉིན་མོའི་ཟླ་བས་ཅི་ཞིག་ནུས། །ཞེས་བྱ་བ་ནི་དེ་བཞིན་དུ་མཚན་མོ་དང་བྲལ་བའི་ཉིན་མོའི་ཟླ་བ་ཡང་འོད་མཛེས་པ་དང་བྲལ་བའི་ཕྱིར་བདག་དང་གཞན་གྱི་དོན་ཅུང་ཟད་ཀྱང་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །དོན་ལ་ཉེ་བར་སྦྱར་བའི་ཕྱིར། །དེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མཚན་མོ་དང་མཚན་མོའི་བདག་པོ་དུས་མཚུངས་པར་འཇུག་པས། རང་དང་གཞན་གྱི་དོན་ནུས་པ་ལྟར་རྡོ་རྗེ་དང་དྲིལ་བུ་ཡང་མཉམ་པ་སྟེ། སྙོམས་པར་འཇུག་པས་དེ་ཁོ་ན་ཉིད་གསལ་བར་བྱེད་ནུས་པའོ། །དེ་ལ་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་རང་བཞིན་ཏེ། དེ་ཡང་ཕྱག་རྒྱ་ཆེན་པོ་དངོས་གྲུབ་པོ། །གསལ་བར་བྱེད་ཅེས་བྱ་བ་ནི་གསལ་བའི་ནུས་པ་དང་ལྡན་པ་སྟེ་སྒྲུབ་ཐབས་སོ། །གཞུང་ཁ་ཅིག་ལས་ནི། མཉམ་པས་ཐམས་ཅད་གསལ་བར་བྱེད། །ཅེས་འབྱུང་སྟེ། དེར་ཡང་ཐམས་ཅད་ཀྱི་སྒྲས་ནི་བསྒྲུབ་བྱ་བསྟན་པའོ། །ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་ལ། ཨཱ་ལི་ཀཱ་ལི་ནི་ཐབས་དང་ཤེས་རབ་ཀྱི་སྦྱོར་བའོ། །མདུན་དུ་བསྒོམ་པ་ནི་དང་པོར་བསྒོམ་པ་སྟེ། ཇི་ལྟར་ཞེ་ན། རྣལ་འབྱོར་ཆེན་པོ་སྒྲུབ་པ་པོས། །ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་ཆེན་པོ་ཞེས་བྱ་བ་སྔར་བསྟན་པ་ལྟར་སྟོང་པ་ཉིད་


DTG024_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔོན་དུ་འགྲོ་བའི་ས་བོན་དང་མཚན་མའི་རིམ་གྱིས་སྐུར་བསྐྱེད་པའོ། །སྒྲུབ་པ་པོ་ཞེས་བྱ་བ་ནི། རྣལ་འབྱོར་བ་སྟེ། དགོས་པ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་པ་དང་འབྲེལ་ཏོ། །ཨཱ་ལི་དང་ཀཱ་ལིའི་དོན་གསུངས་པ། ཨཱ་ལི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །སེམས་ཅན་གྱི་དོན་མ་ལུས་པ་རྣམས་ཀྱང་ལྷའི་གཟུགས་ཀྱི་ཐབས་དང་ཤེས་རབ་ཀྱིས་འགྲུབ་པར་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མྱ་ངན་ལས་འདས་པ་ཡང་ཐབས་དང་ཤེས་རབ་ཀྱིས་འགྲུབ་པའི་ཕྱིར། །ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་ཞེས་བྱ་བ་ནི་འདས་པ་སྟེ། ཐབས་དང་ཤེས་རབ་ལས་འདས་ཤིང་བྲལ་བས་སོ། །ཡང་ཕྱི་རོལ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བསྟན་པ་སྟེ། ལྷའི་ཏིང་ངེ་འཛིན་གྱི་ཐབས་དང་ཤེས་རབ་མ་གཏོགས་པར་གང་གིས་ཀྱང་འཁོར་བའི་ཕ་རོལ་ཏུ་སྒྲོལ་པར་བྱེད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། །དེ་ཉིད་ཀྱི་ཕྱིར་རྨོངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨོངས་པ་ནི་ཕྱི་རོལ་འབའ་ཞིག་གི་སེམས་དང་ལྡན་པའོ། །དེའི་དམ་ཚིག་ནི་དེ་དང་རྫས་སུ་མཐུན་པས་ན་དམ་ཚིག་སྟེ་ཕྱི་རོལ་གྱི་ལམ་མོ། །ཡང་ན་ཨ་ཞེས་བྱ་བ་ནི་དགག་པ་སྟེ། དེ་ལ་མི་བསྟན་པའོ། །ཅི་ཞིག་ཅེ་ན། དམ་ཚིག་སྟེ་ཐབས་དང་ཤེས་རབ་ཀྱི་ལྷའི་ཏིང་ངེ་འཛིན་ཏོ། །དེ་ཉིད་ཀྱི་ཕྱིར་གསང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །གང་ཞིག་ལུང་ནི་ཤེས་གྱུར་པ། །ཞེས་བྱ་བ་ལ་ཤེས་གྱུར་པ་ནི་ཤེས་པར་འདོད་པ་དང༌། ནུས་པ་སྟེ་ནང་གི་ལམ་ལ་གཞོལ་པའོ། །དེ་ཡིས་རྣལ་འབྱོར་བ་རུ་གྲགས། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་སྦྱོར་བར་ནུས་པ་དང༌། དངོས་གྲུབ་འཛིན་པ་པོ་ཞེས་བྱ་བའི་བར་དུའོ། །དེ་ཉིད་ཀྱི་ཕྱིར་ཤེལ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེལ་ལྟར་དག་པ་ཞེས་བྱ་བ་ནི་དང་བ་དང་ཡིད་ཆེས་པའི་དད་པར་ལྡན་པའོ། །དེའི་ཆོས་ཞེས་བྱ་བ་ནི་ཐར་པ་ལ་སོགས་པའི་དངོས་གྲུབ་ཀྱི་ལམ་སྟེ། ལྷའི་རྣལ་འབྱོར་རོ། །གཞན་དུ་ན་སྐྱོན་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐེ་ཚོམ་


DTG024_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ནི་བླ་མས་བསྟན་པའི་ལམ་ལ་ཡིད་གཉིས་ཟ་བའོ། །དེའི་ཚེ་ཅིར་འགྱུར་ཞེ་ན། སྐད་ཅིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །འདོད་པ་འབའ་ཞིག་དོན་དུ་གཉེར་བ་ལ་ཆོས་བསྟན་པ་དགག་པའི་ཕྱིར། འདོད་ལ་དགའ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔར་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚུལ་ལམ་རྨོངས་ཤིང་འགྲོ་བའི་དོན་ལྷུར་ལེན་པ་རྣམས་ལ། སྦྱིན་པར་བསྟན་པའི་ཕྱིར། སེམས་ཅན་དོན་བྱའི་ཕྱིར་དུ་ནི། །རབ་ཏུ་འབད་པ་དེ་ཉིད་དམིགས། །ཞེས་བྱ་བ་སྨོས་ཏེ། བསྟན་པར་བྱ་བ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ནི། ཆོས་བདག་མེད་པ་སྟེ་སྟོང་པ་ཉིད་ཀྱི་ཆའོ། །དམིགས་པ་ནི་ཁོང་དུ་ཆུད་པའོ། །རྣལ་འབྱོར་པ་རྣམས་ཀྱི་ཡུལ་ལ་སྤྱོད་པ་བསྐྱད་པ་བསྟན་པར་བྱ་བའི་ཕྱིར་གལ་ཏེ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཞེས་བྱ་བ་ནི་ཇི་སྟེ་རྣལ་འབྱོར་པ་གཞན་གྱི་དོན་དུ་གཉེར་བ་ཆགས་པ་ཅན་ཡིན་ནའོ། །འདོད་ལ་དགའ་ཞེས་བྱ་བ་ནི་འདོད་པ་ལ་ཉེ་བར་སྤྱོད་པར་འདོད་པའོ། །དེའི་ཚེ་ཐབས་ཀྱི་མཚན་ཉིད་གཅིག་ཡོད་དེ་ཞེས་བྱ་བར་སྦྱར་ཏེ། ཐབས་ཞེས་བྱ་བ་ནི་ལམ་མོ། །གཅིག་ཅེས་བྱ་བ་ནི་དམ་པ་སྟེ་ཟླ་མེད་པའོ། །ཇི་ལྟར་ཞེ་ན་རང་དགའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་དགའ་ཞེས་བྱ་བ་ནི། བུད་མེད་ཀྱི་ཡུལ་ལོ། །སྐད་ཅིག་ཅེས་བྱ་བ་ནི་གནས་སྐབས་སོ། །གང་གི་ཞེ་ན། ཡང་དག་འབྱུང་བ་སྟེ་ཡུལ་ཁྱད་པར་ཅན་རྙེད་པའི་ཚེའོ། །ཐབས་དངོས་བསྟན་པའི་ཕྱིར། རྡོ་རྗེ་དྲིལ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་དྲིལ་བུ་སྦྱོར་བ་ནི་རྡོ་རྗེ་པདྨ་སྦྱོར་བའོ། །དེ་ཡང་ཇི་ལྟར་སྒྲུབ་ཅེན་སྐད་ཅིག་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། སྐད་ཅིག་གི་ཚུལ་ཞེས་བྱ་བ་ནི་ཡུད་ཙམ་གྱིས་རྫོགས་པའོ། །དེ་ཉིད་ཀྱི་ཕྱིར། བདག་གི་རྣལ་འབྱོར་བདག་ཅེས་བརྗོད།། ཅེས་བྱ་བ་སྨོས་ཏེ། བདག་གི་རྣལ་འབྱོར་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནོ། །བདག་ཅེས་བརྗོད་པ་ནི་ང་རྒྱལ་བསྐྱེད་པའོ། །གསང་བའི་ནང་གི་དབུས་གནས་པར། །ཨཱ་ལིའི་ས་བོན་གཟུང་བར་བྱ། །ཞེས་བྱ་བ་ནི་ཁྭ་ག་མུ་ཁའི་རྩའི་སྒོར་ས་བོན་ཨ་དགོད་པ་དྲན་པར་མཛད་


DTG024_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཡིན་ནོ། །བདག་ཉིད་སྐད་ཅིག་རྣལ་འབྱོར་ནི། །ཧཱུཾ་ཞེས་བྱ་བ་འབད་དེ་བཟླས། །ཞེས་བྱ་བ་ལ། སྐད་ཅིག་ཅེས་བྱ་བ་ནི་རྡོ་རྗེ་སྟེ་མི་བརྟན་པའི་ཕྱིར་རོ། །ཧཱུཾ་ཞེས་བྱ་བ་ནི་ས་བོན་ཧཱུཾ་ངོ༌། །རྣལ་འབྱོར་ཞེས་བྱ་བ་ནི་སྦྱར་བ་སྟེ་དེར་བསྒོམ་པའོ། །འབད་དེ་བཟླས་ཞེས་བྱ་བ་ནི་གཉིས་ཀའི་བཟླས་པ་དྲན་པར་མཛད་པའོ། །དེ་ངག་གིས་ནི་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ཉེ་བར་བསྡུ་བ་བསྟན་པ་ཡིན་ནོ། །གང་ཡང་ཅུང་ཟད་ལུས་དང་ངག །ལྷ་ཡི་སྦྱོར་བར་ཐིམ་པར་བྱ། །ཞེས་བྱ་བ་ནི་རྣལ་འབྱོར་པའི་ཕྱིར་བྱ་བ་དགག་པ་ཡིན་ཏེ། ལུས་དང་ངག་ཅེས་བྱ་བ་ནི་ལུས་དང་ངག་གི་ལས་ཏེ། མདོ་གདོན་པ་དང༌། མཆོད་རྟེན་ལ་ཕྱག་བྱ་བ་ལ་སོགས་པའོ། །ཅུང་ཟད་ཅེས་བྱ་བ་ནི་མ་ལུས་པར་བསྡུ་བའོ། །ལྷའི་རྣལ་འབྱོར་ཞེས་བྱ་བ་ནི་ཡིད་ཀྱི་ལས་ལྷའི་ཏིང་ངེ་འཛིན་ཏོ། །ཐིམ་པར་བྱ་ཞེས་བྱ་བ་ནི་ལྷའི་ཏིང་ངེ་འཛིན་ཡུན་རིང་དུ་གུས་པར་བསྒོམ་པ་ལ་ཕྱིའི་བྱ་བ་དག་དགག་པའོ། །ད་ནི་དེ་ལྟར་ཆོས་བསྟན་པའི་བདག་ཉིད་ཆེ་བ་གསལ་བར་བྱ་བའི་ཕྱིར། །ཐལ་སྦྱར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་རྣལ་འབྱོར་མ་དབང་ཕྱུག །ཅེས་བྱ་བ་ནི། ཕྱག་ན་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པའི་དབང་ཕྱུག་རྣམས་དང༌། རྣལ་འབྱོར་མ་རྣམས་ཏེ། མཁའ་འགྲོ་མ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་དེ་ལྟར་བཀའ་སྩལ་བའི་ཆོས་གསན་ཅིང་ཐོས་ནས། ཐལ་མོ་སྦྱར་ཏེ་བསྟོད་དོ་ཞེས་བྱ་བར་སྦྱར་རོ། །ཅི་ལྟ་བུས་བསྟོད་ཅེ་ན། དགྱེས་ཤིང་ཐུགས་ནི་ཚིམ་པ་ཡི། །ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་ཐུགས་དགྱེས་ཤིང་ཚིམ་པར་བྱེད་པའོ། །གང་ཞེ་ན། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་བ་ཐར་པ་དི་རིང་ཐོབ། །ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་རྡོ་རྗེ་དྲིལ་བུ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཐབས་དེ་དག་གིས། དེ་རིང་སྟེ་ཚེ་འདི་ཉིད་ལ་འགྲོ་བ་རྣམས་ཀྱིས་ཐར་པ་ཐོབ་པ་ངོ་མཚར་ཆེ་བའོ། །འགྲོ་བ་རྣམས་ཞེས་བྱ་བ་ནི་རིགས་ལ་སོགས་པའི་ངེས་པ་མེད་པར་གཟུང་བའོ། །ཨེ་མའོ་ཆོས་ཀྱི་མཆོག་གི་ལམ། །ཞེས་བྱ་བ་ལ། ཆོས་ཞེས་བྱ་བ་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ། །མཆོག་ཅེས་བྱ་བ་ནི་


DTG024_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམ་པ་སྟེ་ལྷའི་སྐུའོ། །ཨེ་མ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཨེ་མ་འཁོར་པ་པོ། །ཞེས་བྱ་བ་ནི་འཁོར་བ་ལས་གྲོལ་བའོ། །ཨེ་མ་རྣལ་འབྱོར་གྲོལ་བའི་གནས། །ཞེས་བྱ་བ་ནི་ཐར་པའི་ལམ་དུ་སྦྱར་བའོ། །ཨེ་མ་ངོ་མཚར་རྣལ་འབྱོར་ལམ།། ཞེས་བྱ་བ་ནི་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འགྲོ་བའི་ཕྱིར་རོ། །ལམ་དེས་ཚེགས་མེད་པར་གྲུབ་པ་བསྟན་པའི་ཕྱིར། ཚེས་གྲངས་མེད་ཅིང་ཞེས་བྱ་བ་སྨོས་ཏེ་གོ་སླའོ། །ཡང་ལས་ཀྱི་ཆོ་ག་བསྟན་པའི་ཕྱིར་ལས་ཀྱི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་ལས་ཀྱི་ཚོགས་ཏེ། བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། སྒྲུབ་པ་པོའི་སྣ་ཚོགས་འོད། །ཅེས་བྱ་བ་སྨོས་ཏེ། སྒྲུབ་པ་པོ་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་དབང་གིས་སོ། །དེ་ཉིད་གསུངས་པ། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །བཟླས་པའི་སྔགས་གསུངས་པ། ཡི་གེ་གཉིས་འགྱུར་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་འདི་ནི་མཁའ་འགྲོ་མ་དྲག་མོའི་ཡིན་མོད་ཀྱི་འོག་ནས་འབྱུང་བའི་བསྒྲུབ་བྱ་ལ་འཚམ་པའི་ཕྱིར་རོ་ལངས་མ་ཉིད་ཀྱིས་བཟླས་པར་བྱའོ། །བསྒྲུབ་པ་གསུངས་པ། ཡི་དགས་གོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་དཔའ་བོའི་གོས་བུ་བཙས་པའི་དགབ་མ་ལ་སོགས་པ་ལ་གཟུང་ངོ༌། །ལྷག་མ་ནི་གོ་སླའོ། །སའི་དབུས་ཞེས་བྱ་བ་ནི། དུར་ཁྲོད་ཀྱི་དབུས་སུའོ། །ཐ་མ་ལ་མེ་ཞེས་བྱ་བ་ནི་ཤན་པའི་ཁྱིམ་ནས་བྱུང་བའི་མེའོ། །མེ་འབར་དབུས་སུ་ཞེས་བྱ་བ་ནི་སྦྱིན་སྲེག་བྱ་ཞེས་བྱ་བ་ལྷག་མ་ཡིན་ནོ། །ཞོ་ཅན་ལྔ་ཞེས་བྱ་བ་ནི་ཤིང་ཨ་ཤྭཏྠ་ལ་སོགས་པ་རྣམ་ལྔའོ། །སྦྲང་རྩི་ཁྲག་ལ་སྦགས་པ་དག །ཅེས་བྱ་བ་ལ། སྦྲང་རྩི་ནི་མིའི་རྐང་ལས་བྱུང་བ་སྟེ་མར་ནག་ཆེན་པོའོ། །དེ་ལྟར་ན་མར་ནག་ཆེན་པོ་དང་ཁྲག་ལ་སྦགས་པའི་ཤ་ཆེན་པོས་སྦྱིན་སྲེག་བྱ་བའོ། །རྩ་བའི་སྔགས་ཞེས་བྱ་བ་ནི་སྦྱིན་སྲེག་གི་སྔགས་སོ། །ཐམས་ཅད་སྔར་བསྟན་བཞིན་དུ་བྱ། །ཞེས་བྱ་བ་ནི། སྔར་བཤད་པའི་སྦྱིན་སྲེག་གི་ཆོ་ག་བཞིན་དུ་བྱ་བའོ། །མཚན་མ་གསུངས་པ། དང་པོ་ཞེས་བྱ་བ་ལ་


DTG024_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པ་ལ། ལྔ་པར་སྒྲུབ་པའི་གྲོགས་པོ་ནི། །སེང་གེའི་ཚུལ་དུ་བབས་ནས་སུ། །ཞེས་བྱ་བ་ནི་སྒྲུབ་པའི་གྲོགས་ལ་ལྷ་མོ་སེང་གེ་མོ་ཞུགས་ནས་རང་བཞིན་འགྱུར་ཏེ་སེང་གེའི་གཟུགས་དང་སྒར་སྣང་བར་འགྱུར་བའོ། །ཇི་ལྟར་འདོད་བ་ཞིན་གནས་རྣམས་དང༌། །སྟན་ནི་བདག་གིར་མཛད་དུ་གསོལ། །ཞེས་བྱ་བ་ནི། རང་གི་གཟུགས་ཀྱིས་ངའི་མདུན་དུ་འདུག་ཤིག་པའོ། །དེ་ནས་ལྷ་མོའི་དངོས་བསྟན་ནས། །ཞེས་བྱ་བ་ནི་སློབ་མའི་ལུས་ལས་བྱུང་ནས་ལྷ་མོའི་རང་གི་གཟུགས་སུ་སྟོན་པའོ། །ཅི་ཞིག་བསྒྲུབ་ཅེས་བྱ་བ་ནི། །དགོས་པ་གང་ཞིག་བསྒྲུབ་པར་བྱ། །ཞེས་བྱ་བའི་བར་དུའོ། །དཔའ་བོས་ཞས་བྱ་བ་ནི་རང་གི་སྔགས་དང་ཕྱག་རྒྱས་བསྒྱིངས་པ་སྟེ། འཇིགས་པར་མི་བྱ་བའོ། །ཡི་དགས་བ་གྲོད་པ་ཞེས་བྱ་བ་ནི་གཡོན་སྐོར་དུ་འགྲོའོ། །ལྷག་མ་ནི་གོ་སླ་བས་མ་ཕྱེའོ། །སྟག་མོ་ཅེ་སྦྱང་འུག་པ་མོ།། ལས་དེ་ཉིད་ཀྱིས་བསྒྲུབ་པར་བྱ། །ཞེས་བྱ་བ་ནི། སེང་གེ་མའི་སྒྲུབ་ཐབས་ཀྱིས་དེ་དག་བསྒྲུབ་པར་བྱ་བ་སྟེ། འོན་ཀྱང་སྟག་མོའི་སྔགས་ནི་ཨོཾ་ཧྨྲཾ་སྭཱ་ཧཱ་ཞེས་བྱ་བ་ཡིན་ནོ། །ཅེ་སྦྱང་མོའི་ནི་ཨོཾ་ཡྨྲཾ་སྭཱ་ཧཱ་ཞེས་བྱ་བའོ། །འུག་པ་མོའི་ནི་ཨོཾ་ཀྵྨྲཾ་སྭཱ་ཧཱ་ཞེས་བྱ་བའོ། །ད་ནི་དངོས་གྲུབ་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་གྱིས་འགྲུབ་པ་དྲན་པར་བྱ་བའི་ཚུལ་གྱིས་གཞུང་གི་མཇུག་བསྡུ་བ་བསྟན་པའི་ཕྱིར། རྡོ་རྗེ་ཡུ་དྲིལ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །སྦྱོར་བའི་ཞེས་བྱ་བ་ལ་སོགས་པ་ལ། རབ་རབ་ཏུ་བྱེད་བ་ཞེས་བྱ་བ་ནི་གཞུང་འདིས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་པ་དང༌། རབ་ལ་སོགས་པ་རྣམ་པར་དག་པ་དང༌། ཐབས་དང་ཤེས་རབ་ལྷའི་གཟུགས་ཀྱིས་ཁྭ་ག་མུ་ཁ་བསྐུལ་བ་དང༌། བཅིང་བའི་ཆོ་ག་དང་སྨན་གྱི་སྦྱོར་བས་དབང་དུ་བསྡུ་བ་དང༌། བསྒོམ་པའི་རྗེས་སུ་བསྟོད་བ་དང་སེང་གེ་མོ་ལ་སོགས་པའི་སྒྲུབ་ཐབས་ཀྱི་ལས་ཀྱི་ཚོགས་གསལ་བར་མཛད་པས་ན་རབ་ཏུ་བྱེད་པའོ། །སྨན་དང་སྔགས་ལ་སོགས་པའི་སྦྱོར་བའི་གནས་སུ་གྱུར་པས་ན་སྦྱོར་བའི་གདན་ཏེ། རྫོགས་པ་ནི་མཐར་གཏུགས་པའོ། །དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་


DTG024_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱུ་མཚན་ཞེས་བྱ་བ་ལས། སྦྱོར་བའི་གདན་གྱི་རབ་ཏུ་བྱེད་པ་རྫོགས་སོ།། །།


previousརིམ་པ་ཕྱེ་བ་བཞི་པ།next