Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བཞི་པ།


   
   
   
   
   
   
   
  expand section
   
   
   
  expand section
  expand section
  expand section
   
   
  expand section
   
   
   
   
   
   
  expand section
   
   
   
   
  expand section
   
   
  expand section
   
   
   
   
  collapse section
  expand section
  expand section
  expand section
  collapse section
གསང་བའི་གདན་གྱི་འགྲེལ་པ།
   
   
   
   


 
previousགསང་བའི་གདན་གྱི་འགྲེལ་པ།no next

གསང་བའི་གདན་གྱི་འགྲེལ་པ།

རིམ་པ་ཕྱེ་བ་དང་པོ།


DTG024_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་གསང་བའི་གདན་བསྟན་པའི་ཕྱིར། སློབ་དཔོན་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་དཔོན་དག་ནི་གཟུང་བར་བྱ། །ཞེས་བྱ་བ་ནི་དངོས་གྲུབ་ཀྱི་ཐབས་བསླབ་པར་བྱ་བའི་ཕྱིར་གཟུང་ཞིང་ཤེས་པར་བྱ་བ་སྟེ། ཉོན་ཅིག་ཅེས་བྱ་བ་དང་འབྲེལ་ཏོ། །ཅི་འདྲ་ཞེ་ན། སྔགས་དང་ཕྱག་རྒྱ་སྦྱོར་སོགས་ལྡན། །ཞེས་བྱ་བ་སྨོས་ཏེ། སྔགས་ཞེས་བྱ་བ་ནི་ཞི་བར་བྱེད་པ་ལ་སོགས་པའི་སྔགས་སོ། །ཕྱག་རྒྱ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ཕྱག་རྒྱ་སྟེ། དེ་ལ་ལུས་ཀྱི་ཕྱག་རྒྱ་ནི་ལག་པའི་ཕྱག་རྒྱའོ། །ངག་གི་ཕྱག་རྒྱ་ནི་ངག་གི་བྱ་བས་མཚོན་པ་སྟེ་ངག་གི་བརྡའོ། །སེམས་ཀྱི་ཕྱག་རྒྱ་ནི་བསྒོམས་པས་མཚོན་པ་སྟེ། ཁ་དོག་དང་དབྱིབས་དང་ཞལ་ལ་སོགས་པ་ལྷའི་རྣམ་པ་གང་སེམས་ཀྱིས་ཡིད་ལ་བྱས་པ་སྟེ་སེམས་ཀྱི་ཕྱག་རྒྱའོ། །སྦྱོར་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཏོ། །སོགས་པའི་སྒྲས་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་གཟུང་སྟེ་དེ་དག་དང་ལྡན་པའོ། །ཇི་བཞིན་ལམ་གྱིས་འཁོར་བ་ལས། །གྲོལ་བའི་མཚན་ཉིད་རྡོ་རྗེས་ཉོན། །ཞེས་བྱ་བ་ལ་འདིས་དམིགས་ཤིང་ཤེས་པར་བྱེད་པས་ན་ལམ་སྟེ་བསྟན་བཅོས་སོ། །ཇི་བཞིན་ནི་དེའི་རིམ་པ་ཇི་བཞིན་དུའོ། །འདིས་འཁོར་བ་ལས་སྒྲོལ་བར་བྱེད་པས་ན་འཁོར་བ་ལས་སྒྲོལ་བ་སྟེ་སློབ་དཔོན་ནོ། །མཚན་ཉིད་ནི་དེའི་རང་བཞིན་ནོ། །ཕྱག་ན་རྡོ་རྗེས་སླར་གསོལ་པ། སློབ་དཔོན་ཞེས་བྱ་བ་ལ་སོགས་པ་ལ། ཡོན་ཏན་ཅི་འདྲ་བར་ཞེས་བྱ་བ་ནི་བལྟ་བར་བགྱི་ཞེས་བྱ་བ་དང་འབྲེལ་ཏོ། །བླ་མ་ཞེས་བགྱི་ཇི་ལྟར་ལགས། །ཞེས་བྱ་བ་ནི་བླ་མའི་ཐ་སྙད་དུ་བགྱི་བའི་དོན་ཇི་ལྟ་བུ་ཞེས་བྱ་བ་བཞིན་ནོ། །སློབ་དཔོན་ཇི་ལྟར་སྦྱོར་བར་བགྱི། །ཞེས་བྱ་བ་ནི་སློབ་དཔོན་དུ་འོས་པའི་མཚན་ཉིད་ཇི་ལྟ་བུ་ཞིག་ལགས་ཞེས་བྱ་བའོ། །ཇི་ལྟར་བལྟ་ཞེས་བྱ་བ་ནི་ཇི་ལྟར་དམིགས་པའོ། །ལན་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་ཤེས་པ་དང༌།


DTG024_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལམ་ཤེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་སྟེ། དེ་རྣམས་ཀྱི་མཚན་ཉིད་དུ་འདིས་ཤེས་ཤིང་མཚོན་པར་བྱེད་པས་ན། མཚན་ཉིད་དེ་སློབ་དཔོན་གྱི་མིང་གང་ཡིན་པའོ། །དེ་ཡང་དེ་བཞིན་གཤེགས་པའི་མིང་གིས་དབང་བསྐུར་བའོ། །བྱང་ཆུབ་ཅེས་བྱ་བ་ནི་ཤེས་པར་བྱ་བ་སྟེ། དེའི་རང་བཞིན་ནི་དེ་ཁོ་ན་ཉིད་དོ། །ལུས་ནི་སངས་རྒྱས་ཐམས་ཅད་དེ། །ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན། སངས་རྒྱས་ཐམས་ཅད་དེ་རྡོ་རྗེ་འཛིན་པའོ། །ལུས་ནི་རྡོ་རྗེ་སློབ་དཔོན་གྱི་ལུས་ཏེ། དེ་དེའི་རང་བཞིན་བལྟ་བའོ། །ཆ་ཤས་བྱང་ཆུབ་ཡན་ལག་གནས། །ཞེས་བྱ་བ་ནི་དེའི་ལུས་ཀྱི་ཆ་ཤས་ཇི་སྙེད་པ་རྣམས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རང་བཞིན་ནོ། །དབུ་རྒྱན་རིགས་ནི་ལྔ་ཉིད་དེ། །ཞེས་བྱ་བ་ནི། རིགས་བརྒྱ་པོ་མདོར་བསྡུས་པའི་མི་བསྐྱོད་པ་ལ་སོགས་པའི་རིགས་ལྔ་ནི་དེའི་དབུ་རྒྱན་ནོ། །བ་སྤུ་རྣམས་ནི་དགྲ་བཅོམ་མོ། །ཞེས་བྱ་བ་ནི་དེའི་ཕ་སྦུ་གྲངས་མེད་པ་རྣམས་འཕགས་པ་དགྲ་བཅོམ་པ་བྱེ་བ་འབུམ་ཕྲག་གི་གྲངས་དང་ལྡན་པ་རྣམས་ཀྱི་རང་བཞིན་ནོ། །འཇིག་རྟེན་པ་ནི་ཞབས་ཀྱི་གདན། །ཞེས་བྱ་བ་ལ། འཇིག་རྟེན་པ་ནི་འཇིག་རྟེན་པའི་ལྷ་ཚངས་པ་ལ་སོགས་པའོ། །ཞབས་ཀྱི་གདན་ནི་ཞབས་ཀྱི་འོག་སྟེ། རྐང་མཐིལ་ཞེས་བྱ་བའི་བར་དུའོ། །འོད་ཟེར་གནོད་སྦྱིན་གསང་ལ་སོགས། །ཞེས་བྱ་བ་ལ། གནོད་སྦྱིན་ནི་གྲགས་པར་ཟད་དོ། །གསང་བ་ནི་དྲི་ཟའོ། །སོགས་པའི་སྒྲས་ནི་འབྱུང་པོ་ལ་སོགས་གཟུང་ངོ༌། །དེ་ལྟར་ཡོན་ཏན་ལྡན་པའི་སྐུར། །རྣལ་འབྱོར་ཅན་ནི་རྟག་ཏུ་བལྟ། །ཞེས་བྱ་བ་ལ། རྣལ་འབྱོར་ཅན་ཞེས་བྱ་བ་ནི་སློབ་དཔོན་ནོ། །སློབ་དཔོན་ཡོན་ཏན་ཇི་ལྟ་བུ། །ཞེས་བྱ་བའི་ལན་བཤད་པའི་ཕྱིར། །ཡེ་ཤེས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཅན་ཞེས་བྱ་བ་ནི་སློབ་དཔོན་ནོ། །མཚན་ཉིད་ཅེས་བྱ་བ་ནི་འོག་ནས་འབྱུང་བའི་རང་བཞིན་ནོ། །དེ་ཉིད་གང་ཡིན་ཞེ་ན། ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་ཡོན་ཏན་ཅི་འདྲ་ཞིང༌། །ཞེས་བྱ་བ་དང༌། ཇི་ལྟར་བལྟ་བར་བགྱི་ཞེས་བྱ་བ་ནི། དེ་ལྟར་ཡོན་ཏན་


DTG024_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་པའི་སྐུ། །ཞེས་བྱ་བའི་བར་གྱིས་བཤད་ཟིན་ཏོ། །འདིར་ནི། སློབ་དཔོན་ཇི་ལྟར་སྦྱར་བགྱི་བ། །ཞེས་བྱ་བའི་ལན་བསྟན་པ་ཡིན་ཏེ། ཤིན་ཏུ་དུལ་བ་ཞེས་བྱ་བ་ནི་དབང་པོ་དུལ་བའོ། །ཞི་བའི་གཟུགས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཆ་བྱང་བོར་པའོ། །སྔགས་དང་རྒྱུད་ཀྱི་སྦྱོར་ལ་མཁས། །ཞེས་བྱ་བ་ལ། སྔགས་ནི་ཞི་བར་བྱེད་པ་ལ་སོགས་པའི་སྔགས་སོ། །རྒྱུད་ནི་ཞི་བ་ལ་སོགས་པའི་འཁོར་ལོའོ། །དེའི་སྦྱོར་བ་ནི་བཟླས་པ་དང་བྲི་བ་ལ་སོགས་པའི་མཚན་ཉིད་དེ། མཁས་པ་ནི་བྱ་བའོ། །རྣལ་འབྱོར་བཟོ་དང་བསྟན་བཅོས་རིག །ཅེས་བྱ་བ་ལ། རྣལ་འབྱོར་ནི་རླུང་ལ་སོགས་པའི་བྱེ་བྲག་གོ །བཟོ་ནི་བྲི་བ་ལ་སོགས་པའི་ལས་སོ། །བསྟན་བཅོས་ནི་གསོ་བའི་བསྟན་བཅོས་དང་བྱཱ་ཀ་ར་ཎ་ལ་སོགས་པ་སྟེ། གང་གི་རྣལ་འབྱོར་ལ་སོགས་བཤེས་པ་དེ་ལ་དེ་སྐད་ཅེས་བྱའོ།། ཐམས་ཅད་དུ་ནི་སྙན་པར་སྨྲ། །ཞེས་བྱ་བ་ནི་འཇམ་པོར་སྨྲ་བ་སྟེ། སེམས་ཅན་ཀུན་ལ་ཞེས་བྱ་བ་དང་སྦྱར་རོ། །སེམས་ཅན་ཀུན་ལ་བུ་བཞིན་བལྟ། །ཞེས་བྱ་བ་ནི་ཐམས་ཅད་གཅེས་པར་འཛིན་པ་སྟེ་བྱམས་པའོ། །སྦྱིན་པ་ལ་སོགས་རྟག་ཏུ་དགའ། །ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་ལ་སོགས་པ་དང་ལྡན་པའོ། །རྣལ་འབྱོར་བསམ་གཏན་མངོན་བརྩོན་པ། །ཞེས་བྱ་བ་ལ། རྣལ་འབྱོར་ནི་ཐབས་དང་ཤེས་རབ་ཀྱི་སྦྱོར་བའོ། །བསམ་གཏན་ནི་ལྷའི་ཏིང་ངེ་འཛིན་ཏོ། །སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཉམ་ཉིད་སེམས་ནི་བསྐྱེད་པས་ན། །ཞེས་བྱ་བ་ནི་དགྲ་དང་མཛའ་བཤེས་དང་བར་མར་ངོ་སྙོམས་པའོ། །དེ་ཉིད་བཅུ་ནི་ཡོངས་ཤེས་པ། །ཞེས་བྱ་བ་ལ། དེ་ཉིད་བཅུ་ནི་དཀྱིལ་འཁོར་དང༌། རང་གི་ཏིང་ངེ་འཛིན་དང༌། ཕྱག་རྒྱ་དང༌། ཀ་ར་ན་དང༌། འདུག་སྟངས་དང༌། བཟླས་པ་དང༌། སྦྱིན་སྲེག་དང༌། མཆོད་པ་དང༌། ལས་ཀྱི་སྦྱོར་བ་དང༌། ཉེ་བར་བསྡུ་བའོ། །དེ་ནི་སློབ་དཔོན་ཞེས་བྱར་བརྗོད། །ཅེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་ཤིན་ཏུ་དུལ་བ་ནས་དེ་ཉིད་བཅུ་ཞེས་པའི་བར་གྱིས་ཡོན་ཏན་རྣམས་ཏེ། ལེགས་པ་དོན་དུ་གཉེར་བ་རྣམས་ཀྱིས་གོམས་པར་


DTG024_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བས་ན་ཡོན་ཏན་ཏེ་དེ་དག་དང་ལྡན་པའོ། །སློབ་དཔོན་ཞེས་བྱར་བརྗོད་ཅེས་བྱ་བ་ནི། སློབ་དཔོན་དུ་བརྗོད་པའོ། །དེའི་ཕྱིར་བླ་མའི་ཐ་སྙད་ཀྱིས་ཀྱང་བརྗོད་དེ། །ཡོན་ཏན་དེ་དག་གིས་བསྐྱོད་ཅིང་འཇུག་པའོ། །དེ་སྐད་དུ་ཡང༌། བདག་ཉིད་དམ་ནི་གཞན་ཡང་རུང༌། །ཇི་སྐད་བསྟན་པ་བཞིན་བརྗོད་པས། །སློབ་དཔོན་དང་ནི་བླ་མ་རུ། །མཁས་པ་རྣམས་ཀྱིས་ཀུན་དུ་བརྗོད། །ཅེས་གསུངས་སོ། །ད་ནི་སློབ་མའི་བྱ་བ་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་མས་སྤྱད་པ་ནི་སློབ་མའི་བྱ་བའོ། །དེ་ཉིད་གསུངས་པ། རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་མ་དང་སྦྱོར་བའི་ལྷ། །སློབ་དཔོན་གསང་བ་སྨད་མི་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལ་རྣལ་འབྱོར་མ་ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའོ། །སྦྱོར་བའི་ལྷ་ནི་ཐབས་དང་ཤེས་རབ་དང་ལྡན་པའི་ལྷ་སྟེ་དེའི་རང་བཞིན་གྱི་སློབ་དཔོན་ནོ། །དམ་ཚིག་སྤྱོད་པའི་ལྷ་ཉིད་དང༌། །ཞེས་བྱ་བ་ལ། དམ་ཚིག་ནི་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔའོ། །དེ་ལ་སྤྱོད་པས་རྣམས་པར་རོལ་ཅིང་གསལ་བར་བྱེད་པས་ན་དམ་ཚིག་སྦྱོར་པའི་ལྷ་སྟེ་སློབ་དཔོན་ནོ། །གཏོར་མ་གསང་བ་ལ་སོགས་ལྡན། །ཞེས་བྱ་བ་ནི་གཏོར་མ་དང་སྦྱིན་སྲེག་ལ་སོགས་པའི་དེ་ཁོ་ན་ཉིད་དེ། དེ་དག་དང་ལྡན་པ་ནི་སློབ་དཔོན་ནོ། །གསང་བ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ་དེའི་རང་བཞིན་གྱི་སློབ་དཔོན་མི་སྨད་པའོ། །དེ་ཡང་གསུངས་པ། བྱང་ཆུབ་ཀྱི་སེམས་དང་སློབ་དཔོན་ནི་གཉིས་སུ་མེད་ཅིང་ཐ་དད་དུ་བྱར་མེད་དོ་ཞེས་པ་སྟེ། དེས་ན་སློབ་དཔོན་ཉིད་རྡོ་རྗེ་འཛིན་པའོ། །སྨད་ན་མྱུར་དུ་མནར་མེད་འགྲོ། །ཞེས་བྱ་བ་ནི། ཤི་མ་ཐག་སྟེ་བར་མཚམས་མེད་པར་རོ། །གཞུང་ཁ་ཅིག་ལས་ནི། རྣལ་འབྱོར་མ་དང་སྦྱོར་བའི་ལྷ། །ལྷ་ཡི་དམ་ཚིག་སྤྱོད་པ་དང༌། །རྣལ་འབྱོར་གསང་བའི་གཏོར་སོགས་དང༌། །སློབ་དཔོན་གསང་བ་སྨད་མི་བྱ། །ཞེས་འབྱུང་སྟེ། དེར་ནི་སློབ་དཔོན་འབའ་ཞིག་ཏུ་མ་ཟད་ཀྱི་རྣལ་འབྱོར་མ་ལ་སོགས་པ་སྨོད་པ་ཡང་མནར་མེད་བར་ལྟུང་ངོ་ཞེས་བྱ་བར་སྦྱར་རོ། །ཀུན་དུ་དམ་


DTG024_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚིག་མེད་པ་དང། །ཞེས་བྱ་བ་ནི། ཇི་ལྟར་རྙེད་པའི་དམ་ཚིག་རྣམས་ལ་སྡང་བས་རྒྱབ་ཀྱིས་ཕྱོགས་པ་སྟེ། དེར་ཡང་མྱུར་དུ་མནར་མེད་འགྲོ། །ཞེས་བྱ་བ་སྔ་མ་དང་སྦྱར་རོ། །གདན་དང་ཞེས་བྱ་བ་ལ་སོགས་པ་ལ་གདན་ནི་བཞུགས་གདན་ཏེ་སྟེགས་བུ་ལ་སོགས་པའོ། །མལ་སྟན་དང་ལྷམ་ནི་གོ་བར་ཟད་དོ། །དེ་དག་ལ་ཅི་ཞིག་ཅེ་ན། བགོམ་ཞིང་བརྫི་བར་མི་བྱ། ཞེས་བྱ་བ་དང་སྦྱར་ཏེ་གོ་སླའོ། །གདུགས་དང་ན་བཟའ་ཉེར་སྤྱོད་རྣམས། །ཞེས་བྱ་བ་ནི། བླ་མས་ཉེ་བར་སྤྱོད་པའི་གདུགས་དང༌། ན་བཟའ་ལ་སོགས་པའི་ཡོ་བྱད་རྣམས་ཏེ། དེ་དག །བདག་གིས་སྤྱད་ན་མནར་མེད་འགྲོ། །ཞེས་བྱ་བར་སྦྱར་རོ། །གྲིབ་མ་བགོམ་ཞིང་བརྫི་མི་བྱ། །ཞེས་བྱ་བ་ལ་གྲིབ་མ་ནི་སློབ་དཔོན་གྱི་གྲིབ་མ་སྟེ། གྲིབ་མ་ལ་འགྲོ་ཞིང་གྲིབ་མ་ལ་མཆོད་བའོ། །བརྫི་བ་ནི་འོག་ཏུ་གནོན་པའོ། །བཟློག་དང་གཟིར་བའི་ཚིག་བརྗོད་མིན། །ཞེས་བྱ་བ་ལ། བཟློག་པའི་ཚིག་ཅེས་བྱ་བ་ནི་སློབ་དཔོན་ལ་བཞད་གད་ཙམ་གྱིས་ཀྱང་མཚང་འབྲུ་བ་དང༌། སློབ་དཔོན་གྱིས་བཀའ་བསྒྲོ་བ་ན་མེད་པ་དང་མི་ནུས་པ་ལ་སོགས་པའི་ཚིག་གིས་སླར་བཟློག་པ་དག་གོ །གཟིར་བའི་ཚིག་ཅེས་བྱ་བ་ནི་རང་གི་བྱ་བ་རྣམས་སློབ་དཔོན་གྱིས་ཐབས་རིས་སུམ་བབ་བཞིན་དུ་ནན་གྱིས་འཚོལ་བ་སྟེ། ཚིག་དེ་དག་བརྗོད་པར་མི་བྱའོ། །དེ་ཐམས་ཅད་ཀྱང་མྱུར་དུ་མནར་མེད་འགྲོ་ཞེས་བྱ་བའི་འབྲས་བུ་སྔ་མ་དང་སྦྱར་རོ། །ཚེ་འདིའི་སྐྱོན་ཅིར་འགྱུར་ཞེ་ན། འདས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཚེ་བ་ཞེས་བྱ་བ་ནི། སྡུག་བསྔལ་འཐོབ་པའོ། །དེ་ཉིད་བསྟན་པའི་ཕྱིར། དོན་ཉམས་དཔལ་ལས་རིང་དུ་འགྱུར། །ཞེས་བྱ་བ་སྨོས་ཏེ། དཔལ་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་དོ། །དོན་ཞེས་བྱ་བ་ནི་དེ་དག་གི་འབྲས་བུའོ། །ལྷག་མ་ནི་གོ་སླའོ། །དེ་དག་ཐམས་ཅད་ཀྱང་ཅིའི་ཕྱིར་ཞེ་ན། སྔགས་དང་ཕྱག་རྒྱའི་སྦྱོར་ལ་སོགས། །དེ་ཡི་ལམ་གྱིས་འགྲུབ་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། དེའི་ལམ་གྱིས་ཞེས་བྱ་བ་ནི། བླ་མས་བསྟན་པའི་ཐབས་ཀྱིས་


DTG024_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ། །བསླབ་པ་སྦྱིན་པ་སྔོན་འགྲོ་བས། །དེ་ནས་མཎྜལ་ལ་སོགས་བྱ། །ཞེས་བྱ་བ་ནི་སྔར་བསྟན་པའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་དང་པོར་དགེ་བཅུའི་བསླབ་པ་སྦྱིན་པ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་བས་སྔར་བསྟན་པའི་མཚན་ཉིད་ཅན་གྱི་སློབ་མ་དཀྱིལ་འཁོར་དུ་གཞུག་པ་ལ་སོགས་པ་བྱས་ལ། དབང་བསྐུར་བར་བྱའོ། ཞེས་བྱ་བའི་དོན་ཏོ། །དབུ་རྒྱན་གྱི་དབང་བསྐུར་བ་གསུངས་པ། སྔར་བསྟན་ཡི་གེ་གཅིག་པོ་ཡིས། །སངས་རྒྱས་ལྔ་ནི་བསྟན་པར་བྱ། །ཞེས་བྱ་བ་ལ་སྔར་བསྟན་ཡི་གེ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ངོ༌། །གཅིག་པོ་ཞེས་བྱ་བ་ནི་ཡི་གེ་ཨའོ། །འདིར་ཨོཾ་སྭཱ་ཧཱ་ཞེས་བྱ་བ་ཡང་བལྟ་བར་བྱ་སྟེ། དེས་ན་ཨོཾ་ཧཱུཾ་ཨ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སུ་འགྱུར་རོ། །སངས་རྒྱས་ལྔ་ཞེས་བྱ་བ་ནི་སངས་རྒྱས་ལྔའི་རང་བཞིན་གྱི་ཅོད་པན་གྱི་དབང་སྟེ་དེ་སྔགས་དེས་སྦྱིན་པར་བྱ་བའོ། །དེའི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། དེའི་རྣལ་འབྱོར་ཞེས་བྱ་བ་ནི་དབུ་རྒྱན་གྱི་དབང་བསྐུར་བའི་རྣལ་འབྱོར་རོ། །འདོད་པ་བཞིན་ཞེས་བྱ་བ་ནི་གང་འདོད་པ་དང་ཇི་ལྟར་འདོད་པ་བཞིན་ནོ། །སྔགས་ཀྱི་དབང་བསྐུར་ལྡན་པ་ཡིས། །ཡི་གེ་བརྒྱད་པོ་བསྒོམ་པར་བྱ། །ཞེས་བྱ་བ་ནི་སྔགས་ཀྱི་དབང་བསྐུར་ནས་ལུས་གནས་བརྒྱད་དུ་ཡི་གེ་བརྒྱད་དགོད་པའོ། །གཉིས་མེད་གཏོར་སྦྱིན་དབང་བསྐུར་བའི། །དེ་ཡི་ཆོས་ནི་ཤེས་པར་བྱ། །ཞེས་བྱ་བ་ནི་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་རྡོ་རྗེ་དྲིལ་བུའི་དབང་བསྐུར་བ་བསྟན་པ་ཡིན་ནོ། །སྦྱོར་བའི་དབང་བསྐུར་ལྡན་པ་ལ། །ཡེ་ཤེས་རྣམ་ཤེས་བསྟན་པར་བྱ། །ཞེས་བྱ་བ་ནི་དབང་བསྐུར་བདེ་དག་དང་ལྡན་པ་ལ་ཡེ་ཤེས་ལ་སོགས་པ་བསྟན་པར་བྱ་བའོ། །དེ་ནས་མིང་གི་དབང་བསྐུར་ནས་སློབ་དཔོན་གྱི་དབང་བསྐུར་བ་སྦྱིན་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར། སློབ་དཔོན་དབང་ནི་བསྐུར་ནས་སུ། །ཐམས་ཅད་གསང་བ་ལ་སོགས་བསྟན། །ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ཅེས་བྱ་བའི་སྒྲ་སློབ་དཔོན་གྱི་དབང་བསྐུར་བ་ལ། རྡོ་རྗེ་དང་རྡོ་རྗེ་དྲིལ་བུར་ལྡན་པའི་ལག་པས་འཁྱུད་པ་བསྟན་ཏོ། །གསང་བ་ཞིས་བྱ་བ་ནི་དེའི་


DTG024_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འོག་ཏུ་གསང་བའི་དབང་བསྐུར་བའོ། །སོགས་པའི་སྒྲས་ནི་དབང་བསྐུར་བ་བཞི་པ་གཟུང་ངོ༌། །དབང་བསྐུར་བའི་རིམ་པའོ། །དེ་ཐམས་ཅད་བསྟན་པའི་ཕྱིར། དང་པོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀྱིལ་འཁོར་རྫོགས་པར་བྱས་ནས་དང་པོར་སློབ་མ་ལྷག་པར་གནས་པར་བྱ་སྟེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཞེས་བྱ་བ་ལ་སོགས་པ་ནི་སློབ་མའི་བྱ་བའོ། །དེ་ལྟར་མདུན་དུ་གནས་པ་ལ། སློབ་མའི་ཁ་སྒོ་དག་པར་བྱ་བའི་ཕྱིར། ཨོཾ་ཨ་ཛི་ཧྭ་སཾ་བརྟ་ནི་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ལན་བདུན་བཟླས་པའི་སོ་ཤིང་དང་ཆུ་བྱིན་ལ་སྡོམ་པ་སྦྱིན་པར་བྱ་བའོ། །བླ་མ་ཇི་ལྟ་བུས་སྦྱིན་པར་བྱ་ཞེ་ན། བླ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བླ་མ་སེང་གེའི་སྟན་ལ་འདུག་ཅིང་རང་གི་ལྷར་བསྒོམ་པས་སྦྱིན་པར་བྱའོ། །ཅི་ཞིག་བྱས་ལ་སྦྱིན་ཞེ་ན། ལག་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་མའི་ཐལ་མོ་སྙིང་གར་སྦྱར་བ་བྱས་ནས་སློབ་དཔོན་གྱི་ལག་པ་གཡས་པས་བཟུང་ལ་སྦྱིན་པའོ། །སྡོམ་པ་དངོས་གང་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ཆོས་དང་དགེ་འདུན་ལ། །ཞེས་བྱ་བ་ནས། བདག་གིས་ཚུལ་ཁྲིམས་འདི་བགྱིའོ། །ཞེས་བྱ་བའི་བར་དུ་སློབ་མས་བརྗོད་པར་བྱ་བའོ། །ནན་ཏུར་བརྗོད་པར་བྱ་ཞེ་ན། དེ་ལྟར་ལན་གཉིས་ལན་གསུམ་དུ། །མཉམ་ཉིད་བརྟན་པའི་སེམས་ལྡན་བརྗོད། །ཅེས་བྱ་བ་སྨོས་ཏེ། ལུས་ལ་སོགས་པ་མཉམ་ཞིང་རྣམ་པར་དག་པས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཟབ་མོ་བསྟན་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་མཆོད་པ་ཉི་ཤུས་མཆོད་ལ་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་གླུ་ཡིས་བསྟོད་པ་བྱས་ནས། དར་གྱིས་གདོང་གཡོགས་ཏེ། སྙིམ་པར་མེ་ཏོག་བཟུང་ལ་དཀྱིལ་འཁོར་གྱི་མདུན་དུ་སློབ་མ་གཞག་ལ། སླར་ཡང་སྡོམ་པ་བྱིན་ཏེ། ཨོཾ་སྭ་བྷཱ་བ་ཞེས་བྱ་བ་ལ་སོགས་པའི་དག་པ་རྣམ་པ་གསུམ་བརྗོད་དོ། །དེ་ནས་ཡང༌། ང་རྒྱལ་དང་ནི་ཁྲོ་བ་དང༌།།


DTG024_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརླང་དང་ཚིག་རྩུབ་སྤང་བར་བྱ། །ཞེས་བྱ་བ་ལ་སོགས་པས་བྱམས་པ་ལ་སོགས་པ་ལ་རབ་ཏུ་བཀོད་དེ། ཨོཾ་པཉྩ་ཌཱ་ཀི་ནཱི་ཞེས་བྱ་བ་ལ་སོགས་པའི་སྔགས་ཚིག་གསུམ་གྱིས་སློབ་མ་ཕྱག་ལན་གསུམ་བྱད་དུ་བཅུག་ལ། ས་མ་ཡ་སྟྭཾ། ས་མ་ཡ་ཧོ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ནས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་བྱ་བ་ལ་སོགས་པའི་ཚུལ་གྱིས། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ལ་བདུད་རྩི་ལྔ་སྦྱིན་ནོ། །དེ་ནས་དབབ་པ་བྱ་སྟེ། ཏིཥྛ་བཛྲས་མ་ཡ་མ་ནུ་པཱ་ལ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་མེ་ཏོག་དོར་ལ། ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བས་གདོང་གཡོགས་བཀྲོལ་ལ་དཀྱིལ་འཁོར་བསྟན་པར་བྱའོ། །དེ་ནས་སློབ་མ་ཤར་སྒོར་གནས་ཏེ་སྙིང་གར་ཐལ་མོ་སྦྱར་ལ། ཨོཾ་བཛྲ་མཎྜལ། མ་ཧཱ་མཎྜལ། ཕྲ་བི་སྟོ་ཧཾ་ཡོ་ག་མཎྜལ། མ་ཧཱ་མཎྜལ། པྲ་དཪྴ་ནོ་ཧི། གུ་ཧྱ་མཎྜལ་མ་ཧཱ་མཎྜལ་དྷ་ཀྵི་པྟོ་ཧཾ་ས་མ་ཡོ་ཧཾ་ཞེས་བརྗོད་དུ་བཅུག་ལ། དེའི་ཡན་ལག་ལ་སློབ་དཔོན་གྱིས་གོ་ཆ་བཀོད་དེ། སློབ་མ་ལྷའི་ང་རྒྱལ་བྱེད་དུ་བཅུག་ལ་ཆུ་ལ་སོགས་པའི་དབང་བསྐུར་བར་བྱའོ། །དེ་ལ། ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ཞེས་བྱ་བ་ལ་སོགས་པས་ནི་སློབ་མ་ལ་ཆོས་བཤད་པ་སྟོན་པ་ཡིན་ཏེ། ལུས་བསྡམས་པས་ནི་དམ་ཚིག་བསྲུང༌། །ཞེས་བྱ་བ་ནི་ལུས་ལ་སོགས་པའི་ལས་ཡང་དག་པར་བསྡམས་པས་བསྲུང་བའི་དམ་ཚིག་རྣམས་བསྲུང་བ་དང༌། གཞན་ཡང་དམ་ཚིག་གི་སྒྲས་བཟའ་བའི་དམ་ཚིག་ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔའི་མཚན་ཉིད་རྗེས་སུ་སྐྱོང་ཞིང་མི་འགོམ་པར་སྟོན་པ་ཡིན་ནོ། །དེ་ནས་ལུས་ལ་སོགས་པ་མཉམ་པར་ལྡན་པ་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་པའི་ཕྱིར། སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་གདོང་གཡོགས་པར་བྱ་བ་གསུངས་པ། དེ་ནས་རས་ཀྱིས་མིག་བཀབ་ནས། གཏོར་མའི་གནས་སུ་གཞུག་པར་བྱ། །ཞེས་བྱ་བ་ལ། གཏོར་མའི་གནས་ཞེས་བྱ་བ་ནི། དཀྱིལ་འཁོར་གྱིས་གཞིའོ། །ལག་པས་ལག་པ་བཟུང་ནས་སུ། །སླར་ཡང་བསླང་བ་བསྟན་པར་བྱ། །ཞེས་བྱ་བ་ལ། སླར་ཡང་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་སྒོ་དྲུང་དུ་ཁྲིད་ནས་ཡང་སྡོམ་བ་སྦྱིན་པ་སྟེ། སྔར་བསྟན་པའི་སྡོམ་པ་ལ་ལྟོས་པ་ཡིན་ནོ། །སྡོམ་པ་གསུངས་པ། སངས་རྒྱས་ཞེས་བྱ་


DTG024_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ལ་སོགས་པ་སྟེ། འདིར་ཡང་སྔར་སྨོས་པའི་སྡོམ་པ་རྣམས་ལ་བརྗོད་ལ། དེའི་འོག་ཏུ་ས་བོན་འདི་གདོན་པའོ། །སྦྱོར་བའི་གདན་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་རྗེས་ལ། བཞི་པ་བསྟན་པར་བྱ་བའི་ཕྱིར། དོན་དམ་རྟོགས་མཆོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་ཞེས་བྱ་བ་ནི་དོན་དམ་པའི་ཡེ་ཤེས་སོ། །དེ་ཉིད་རྟོགས་པར་བྱ་བས་ན་རྟོགས་པའོ། །ཕུལ་དུ་བྱུང་བས་ན་མཆོག་གོ །སེང་གེ་དང་འདྲ་བས་ན་སེང་གེ་སྟེ་བསྒྲུབ་པར་བྱ་བའོ། །སློབ་མ་རྣམས་ཤེས་ནས་ཞེས་བྱ་བ་ནི། དོན་དམ་པའི་རང་བཞིན་ཟབ་མོ་ལ་སློབ་མ་མོས་པར་ཤེས་ནས། དེ་ཉིད་རྒྱལ་པོ་དེ་ལ་བསྟན་པར་བྱ་ཞེས་བྱ་བ་སྦྱར་རོ། །གཞན་ཡང་སློབ་མ་དེ་ཅི་འདྲ་ཞེ་ན། རྣལ་འབྱོར་ལྡན་པས་སྒྲིབ་གཡོགས་སྣམ་བུ་དྲལ་བའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་ལྡན་པ་ཞེས་བྱ་བ་ནི་རྣལ་འབྱོར་ལ་དགའ་བའོ། །ཅིའི་དོན་དུ་ཞེ་ན། སྒྲིབ་གཡོགས་སྣམ་བུ་དྲལ་བའི་ཕྱིར་ཏེ། རྨོངས་པ་གཅད་པའི་ཕྱིར་རོ། །དེ་ཉིད་རྒྱལ་པོ་ཅི་ལྟ་བུ་ཞིག་བསྟན་ཞེ་ན། སྲིད་པའི་ཉེས་དམིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་པ་ནི་ཕུང་པོ་ལྔའོ། །དེ་ཉིད་ནི་སྡུག་བསྔལ་བས་ན་ཉེས་དམིགས་སོ། །བསྐྱེད་པ་ཞེས་བྱ་བ་ནི་སྡུག་བསྔལ་སྐྱེ་བའི་ས་གཞི་སྟེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སོ། །བཅོམ་ནས་སུ་ཞེས་བྱ་བ་ནི་སྤངས་པས་སོ། །དེ་བཅོམ་ནས་ཅི་ཞིག་བྱེད་ཅེ་ན། །རྣལ་འབྱོར་དོན་དམ་འགྲུབ་བྱེད་པ། །ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་དོན་དམ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། དེ་སྒྲུབ་པར་བྱེད་པའོ། །དེ་ཉིད་རྒྱལ་པོ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ཉིད་བླ་མས་ཇི་ལྟར་བསྟན་པ་ལས། གཞན་དུ་མི་འགྱུར་བར་གསལ་བས་དེ་ཉིད་རྒྱལ་པོའོ། །ཨ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བདུད་རྩི་ལྔ་དང་ལྡན་པ་ལ། །ཞེས་བྱ་བ་ལ་སོགས་པ་ནི་བདུད་རྩི་ལྔ་སྦྱིན་པའོ། །བླ་མའི་ཞབས་ཀྱི་དྲུང་དུ་ནི། །ཞེས་བྱ་བ་ལ་སོགས་པ་ནི་ཕྱག་བྱ་བའོ། །རྡོ་རྗེ་ཕྱག་རྒྱར་ལྡན་པ་ཡིས། ཞེས་བྱ་བ་ལ་སོགས་པ་ནི་ལུས་ལ་གོ་ཆ་བཀོན་པ་སྟེ། ཚིག་གི་དོན་ནི་གོ་སླའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནི་ལུང་བསྟན་


DTG024_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་སྟེ། རྫོགས་པའི་བྱང་ཆུབ་ཅེས་བྱ་བ་ནི་བྱང་ཆུབ་ཆེན་པོའོ། །ཆོས་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཐམས་ཅད་ཀྱི་དམ་པ་དང་གཙོ་བོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དབང་བསྐུར་བའི་མཐར་ཡང་བསླབ་པ་སྦྱིན་པ་བསྟན་པའི་ཕྱིར། ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་རྣམས་རང་བཞིན་དག་པ་ཉིད། །ཅེས་བྱ་བ་ནི། གཟུང་བ་ལ་སོགས་པའི་རང་བཞིན་དང་བྲལ་བས་རྣམ་པར་དག་པའི་ངོ་བོ་ཉིད་དུ་འཛིན་པའོ། །དེས་ཅིར་འགྱུར་ཞེ་ན། དངོས་པོའི་རང་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་ཡིན་པའི་ཕྱིར་རོ། །དེ་བཟློག་པའི་ཕྱིར། དངོས་པོའི་རང་བཞིན་མེད་པ་རུ། །རྫོགས་པའི་བྱང་ཆུབ་རིམ་པ་བསྟན། །ཞེས་བྱ་བ་སྨོས་ཏེ། དེ་ལ་བྱང་ཆུབ་ནི་དེ་ཁོ་ན་ཉིད་རྟོགས་པའོ། །རང་བཞིན་མེད་པ་ནི་ངོ་བོ་ཉིད་མེད་པ་སྟེ། དོན་དམ་པར་རྟོགས་པ་པོ་དང༌། རྟོགས་པར་བྱ་བ་དང༌། རྟོགས་པ་གསུམ་ནི་མི་དམིགས་པའོ། །དེ་མི་དམིགས་པས་སུ་ལ་ཅི་ཞིག་གིས་བསྟན་ཏེ། བསྟན་དུ་མེད་པར་བསྟན་པའོ། །འདིས་ནི་བདག་མེད་པའི་བློ་ལ་གནས་ནས་མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་འཇུག་པ་སྟོན་ཏོ། །དེ་ཉིད་གསུངས་པ། སྔོན་དུ་ཞེས་པ་ལ་སོགས་པ་ལ། ཆོས་ཞེས་བྱ་པ་ནི་དགེ་བ་རྣམས་སོ། །སྔོན་དུ་ཞེས་བྱ་བ་ནི་དང་པོར་འགྲོ་བ་སྟེ་རྩ་བའོ། །ཅི་ཞིག་ཅེ་ན། བཟོད་པ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ནི། སེམས་ཅན་རྣམས་ལ་གཟིར་མི་བྱ། །ཞེས་བྱ་བས་སྟོན་ཏེ། གཞན་དུ་ན་རང་གི་ཉོན་མོངས་པ་ལ་ནི་བཟོད་པར་མི་བྱའོ། །གཞན་ལ་ཚིག་རྩུབ་སྨྲ་མི་བྱ་བ་ནི། གཞན་གྱི་འཚང་འབྲུ་བས་ཞེ་འགྲས་པར་གྱུར་པའི་ཚིག་ནི་ཚིག་རྩུབ་སྟེ། དེ་སྨྲ་བས་ཐམས་ཅད་མི་དགའ་ཞིང་གདུང་བ་སྐྱེ་བར་འགྱུར་བས་ན་དེ་ལས་བཟློག་པར་བྱ་བའོ། །གཞན་དུ་ན་བདག་གི་སྐྱོན་གྱི་ཉེས་པ་རྣམས་མཚང་འབྲུ་བར་བྱ་བ་ནི་མ་གཏོགས་སོ། །ཚུལ་ཁྲིམས་གསུངས་པ། ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །གཞན་དུ་ན་སེམས་ཅན་དུ་འཛིན་པ་ལ་སོགས་པའི་བདག་ཏུ་ལྟ་བས་ནི་གསད་པར་བྱའོ། །མ་བྱིན་པར་ལེན་པ་སྤང་བ་གསུངས་པ། རབ་ཏུ་འབར་མེ་ཞེས་བྱ་བ་ལ་སོགས་པ་ལ་འདིར་ཡང་གཞན་དུ་ན། ཤེས་རབ་ཀྱི་ཆུ་སྐྱེས་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྫས་མ་བྱིན་པར་བླང་བར་མི་བྱའོ། །


DTG024_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྫུན་སྨྲ་བ་སྤང་བ་གསུངས་པ། རགས་དང་ཞེས་བྱ་བ་ལ་སོགས་པ་ལ། རགས་པ་ནི་རིན་པོ་ཆེ་ལ་སོགས་པའོ། །ཕྲ་མོ་ནི་རྡུལ་ལ་སོགས་པའོ། །ཇི་ལྟར་བསྲུང་ཞེ་ན། རྣལ་འབྱོར་སྤྱོད་པའི་རྣལ་འབྱོར་པ། དེ་ལ་བརྫུན་སྨྲ་ཡོད་མ་ཡིན། །ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །སྤྱོད་པ་ནི་ཤིན་ཏུ་མཉམ་པར་གཞག་པས་བསྒོམ་པའོ། །གང་དུས་རྟག་ཏུ་མཉམ་པར་བཞག་པས་བརྫུན་བསྲུང་པར་བྱ་སྟེ། བརྫུན་ནི་མཉམ་པར་མ་བཞག་པ་ལས་བྱུང་བའི་ཕྱིར་རོ། །འདི་ཡང་ཆོས་ཐམས་ཅད་བརྫུན་པ་ཉིད་དུ་བསྟན་པ་ནི་མ་གཏོགས་སོ། །དངོས་གྲུབ་ཐམས་ཅད་ཀྱི་རྒྱུ་མཚན་ནི། ཡང་དག་པར་སྡོམ་པ་ཐམས་ཅད་དང༌། སེམས་ཅན་བསྟན་པ་ཡིན་པར་བསྟན་པའི་ཕྱིར། སྤྱོད་པ་ལེགས་པར་བསྡམ་པ་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དབུགས་དབྱུང་བ་བསྟན་པའི་ཕྱིར། གང་ཞིག་ཀུན་ཤེས་སློབ་མ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷག་མ་ནི་གོ་སླའོ། །དམན་པར་དམིགས་པའི་སྦྱིན་པ་ཐར་པའི་བགེགས་ཀྱི་གཙོ་བོ་ཉིད་ཡིན་པས། དེ་དགག་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་པ་ཞེས་བྱ་བ་ནི་ལོངས་སྤྱོད་ལ་དམིགས་པ་སྟེ་ས་གཞི་ལྟ་བུའོ། །དེ་ཉིད་ཀྱིས་ནི་ཚོང་བྱེད་ཅེས་བྱ་བ་སྟེ། རྫས་དོན་དུ་གཉེར་བའོ། །མྱུ་གུ་འཕེལ་ཞེས་བྱ་བ་ནི་སྦྱིན་པའི་ས་བོན་གྱིས་བསྐྱེད་པའི་ལོངས་སྤྱོད་ཀྱི་ལྗོན་ཤིང་གི་མྱུ་གུའོ། །དེས་ཅིར་འགྱུར་ཞེ་ན། འགྲོ་བའི་འབྲས་བུ་ལམ་འགོག་པ། །ཞེས་བྱ་བ་སྨོས་ཏེ། འགྲོ་བ་ནི་འགྲོ་བ་རིས་དྲུག་གོ །འབྲས་བུ་ནི་དེར་ལོངས་སྤྱོད་ཐོབ་བའོ། །སྦྱིན་པས་ངན་འགྲོའང་ལོངས་སྤྱོད་ཐོབ། །ཅེས་སྨོས་པས་ན་སྦྱིན་པས་ངན་འགྲོའི་གནས་སུ་ཡང་ལོངས་སྤྱོད་འཐོབ་པའོ། །ལམ་འགོག་པ་ཞེས་བྱ་བ་ནི་འབྲས་བུ་དེས་སངས་རྒྱས་ཉིད་ཀྱི་ལམ་འགོག་པར་འགྱུར་ཏེ། ལོངས་སྤྱོད་ལ་ཆགས་པའི་ཕྱིར་དང༌། གཞི་དེས་ལྟུང་བ་འབྱུང་བའི་ཕྱིར་རོ། །གཞན་དུ་ན་མི་དམིགས་པ་དང་ལྡན་པའི་བྱང་ཆུབ་ཆེན་པོར་བསྔོ་བ་ནི་མ་གཏོགས་སོ། །དེ་ཉིད་བསྟན་པའི་ཕྱིར། མཐོ་རིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཅན་ཞེས་བྱ་བ་ནི་རྣམ་པར་ཤེས་པའོ། ཁྱས་པ་ཞེས་བྱ་བ་ནི་ལོངས་སྤྱོད་དང་ལྡན་པར་བྱ་བའོ། །དགའ་ཞིང་རྩེ་བའི་ལོངས་སྤྱོད་ཀྱིས། །ཞེས་བྱ་བ་ནི་མ་རིག་པའི་


DTG024_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་གིས་ཡང་དང་ཡང་དུ་བསྟེན་པས་སོ། །སྲིད་པར་ལྟུང་བར་འགྱུར་ཞེས་བྱ་བ་ནི་མི་ཁོམ་པར་སྐྱེ་བའོ། །བསྒོམ་པ་ལ་གུས་པའི་རྣལ་འབྱོར་པ་རྣམས་ཀྱིས་མཆོད་རྟེན་གྱི་ལས་ལ་སོགས་པ་སྤང་བར་བྱ་བའི་ཕྱིར། མཆོད་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལག་པའི་ཕྱག་རྒྱ་མི་བཅིང་ཞིང༌། །ཞེས་བྱ་བ་ནི་འདིར་ཁ་སྦྱར་སྦྱོར་བའི་ཕྱག་རྒྱ་བཅིང་ངོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་འདི་དག་རྣལ་འབྱོར་ལ་ཞེན་པ་མེད་པ་རྣམས་ཀྱིས་དགག་པར་བྱ་བ་ནི་མ་ཡིན་ནོ། །བསྟན་བཅོས་དག་ནི་རྙེད་སླ་སྟེ། །དེ་ཡི་སྦྱོར་བ་རྙེད་པར་དཀའ། །ཞེས་བྱ་བ་ལ། བསྟན་བཅོས་ཞེས་བྱ་བ་ནི་བསྟན་བཅོས་ཉན་པ་དང༌། ཀློག་པ་ལ་སོགས་པའོ། །རྙེད་སླ་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་བགྲོད་པའི་ཕྱིར་རོ། །འོན་ཀྱང་དེས་འབྲས་བུ་བསྒྲུབ་པར་ནུས་པ་མ་ཡིན་ཏེ། ཇི་སྐད་དུ། སྨན་པའི་དག་མ་མཉན་པར་སྨན་དག་གིས། །བཅོས་དགོས་ནད་པ་སོས་པར་ག་ལ་འགྱུར། །སྨན་སྤྱད་བཀླགས་པ་ཙམ་གྱིས་ནི། །ནད་པ་ལ་ནི་དེ་ཕན་ནམ། །ཞེས་གསུངས་སོ། །ཡང་ན་རྙེད་སླ་ཞེས་བྱ་བ་ནི་མཉན་པ་དང་བཀླག་པ་ཉམས་སུ་བླང་སླ་བ་སྟེ། འདི་ན་མཁས་མིན་འགའ་ཡང་མེད། །ཅེས་བྱ་བ་ལྟ་བུའོ། །དེའི་སྦྱོར་བ་ཞེས་བྱ་བ་ནི། ཤེས་རབ་གསུམ་སྔོན་དུ་འགྲོ་བས་མངོན་པར་རྟོགས་པའོ། །རྙེད་པར་དཀའ་བ་ནི་ཉམས་སུ་བླང་དཀའ་བ་ཉིད་དང༌། ཐོས་པ་དང་བཀླགས་པ་ཙམ་ལ་སོགས་པས་མངོན་སུམ་དུ་མི་འགྱུར་བའི་ཕྱིར་ཏེ། ཤིན་ཏུ་འབད་པས་ཉམས་སུ་བླངས་པ་ལས་གྱུར་བའི་ཕྱིར་རོ། །གཞན་དག་ན་རེ། བསྟན་བཅོས་ནི་ཕྱིའི་བསྟན་བཅོས་སོ། །སྦྱོར་བ་ནི་རྣལ་འབྱོར་ཆེན་པོའི་གཙུག་ལག་གོ་ཞེས་ཟེར་རོ། །སློབ་དཔོན་དག་གི་ལམ་གྱིས་ནི། །མཁས་པ་ཡིས་ནི་བལྟ་བར་བྱ། །ཞེས་བྱ་བ་ལ་སློབ་དཔོན་གྱི་ལམ་ཞེས་བྱ་བ་ནི། མཉན་པ་ལ་སོགས་པ་གང་རྙེད་སླ་བ་ཡིན་ཏེ། དེ་སྔོན་དུ་འགྲོ་བས་བདག་ཉིད་ཀྱིས་ཉམས་སུ་བླངས་པས་བལྟ་བར་བྱ་བའི་ཐོས་པ་དང༌། བཀླགས་པ་ཙམ་གྱིས་མངོན་སུམ་དུ་བྱ་བ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་སྟོན་པ་ཡིན་ནོ། །བལྟ་བར་བྱ་ཞེས་བྱ་བ་ནི་ཡུན་རིང་དུ་གུས་པར་ཉམས་སུ་བླངས་པས་སྦྱོར་བ་བལྟ་བར་བྱ་བ་སྟེ་དེ་ཉིད་ཀྱི་ཕྱིར་མཁས་པ་


DTG024_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་སྨོས་སོ། །དེ་ཡང་ཇི་སྐད་དུ། །དེ་བཞིན་གཤེགས་པ་སྟོན་མཛད་ཡིན། །ཁྱེད་རྣམས་ཀྱིས་ནི་དེ་ལྟར་བྱོས། །ཞེས་གསུངས་པའོ། །གོམས་པར་བྱ་བ་དེ་ཡང་རང་གི་སེམས་ལས་བསྒྲུབ་པ་བསྟན་པའི་ཕྱིར། བདག་གི་ལྷ་དང་ལྷ་གཞན་ལས། །བདག་གི་ལྷ་ནི་ལྷ་ཡི་མཆོག །ཅེས་བྱ་བ་སྨོས་ཏེ། བདག་གི་ལྷ་ཞེས་བྱ་བ་ནི། བདག་ཉིད་ལྷར་བྱ་བའོ། །ལྷ་གཞན་ཞེས་བྱ་བ་ནི། ལུགས་མ་དང༌། བརྡུངས་མ་ལ་སོགས་པའི་ལྷ་སྟེ། ཇི་ལྟར་ཕྱི་རོལ་གྱི་ལྷ་ཕྱི་རོལ་གྱི་རྫས་ལས་ཕྱིའི་བྱ་བས་ལྷར་བཅོས་པ་ལྟར་རང་གི་ལྷ་ཡང་སེམས་ཁོ་ན་ལས་ནང་གི་ཡིད་ལ་བྱེད་པས་བྱས་པ་ཡིན་ནོ། །དེ་གཉིས་ལས་འདིར་གང་ཞིག་བསོད་ནམས་སོག་པར་འགྱུར་ཞེ་ན། །བདག་གི་ལྷ་ནི་ལྷ་ཡི་མཆོག །ཅེས་བྱ་བ་སྨོས་ཏེ། རང་གི་སེམས་ལས་ལྷའི་སྐུར་བྱས་པའི་ཡེ་ཤེས་དང༌། རྨོངས་པ་བདག་ཏུ་འཛིན་པ་རྣམས་ཀྱི་ཕྱི་རོལ་གྱི་བེམས་པོའི་ལྷ་གཉིས་རྒྱ་མཚོ་དང་གླང་རྗེས་ལྟར་བསོད་ནམས་བསྐྲུན་དུ་ག་ལ་རུང་སྟེ། རྒྱུའི་ཁྱད་པར་གྱིས་འབྲས་བུ་ཁྱད་པར་ཅན་དུ་འགྱུར་རོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་དེ་ལྟར་ན། དེས་ཅི་ཞིག་བྱ་ཞེ་ན། བདག་གི་གཟུགས་སུ་མི་ནུས་པས། །གཟུགས་བརྙན་ལ་སོགས་བྲི་བར་བྱ། །ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་གྱི་མངོན་པར་ཞེན་པ་ཅན་རྣམས་ཀྱིས་ཕྱི་རོལ་གྱི་ལྷ་བསྟེན་པས། དེ་དག་ལ་དེ་དང་རྗེས་སུ་མཐུན་པའི་བསོད་ནམས་བྱེད་དེ། འགལ་བ་མེད་དོ་ཞེས་བྱ་བར་དགོངས་སོ། །གསང་བའི་གདན་ཞེས་བྱ་བ་ལ་སོགས་པ་ལ། རབ་ཏུ་བྱེད་པ་ཞེས་བྱ་བ་ནི་གཞུང་འདིས་སློབ་དཔོན་གྱི་མཚན་ཉིད་དང༌། སློབ་མའི་བྱ་བ་དང༌། སློབ་མ་དབང་བསྐུར་བ་ལ་སོགས་པ་རྣམས་གསལ་བར་བྱེད་པས་ན་རབ་ཏུ་བྱེད་པའོ། །དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་ལས་གསང་བའི་གདན་གྱི་རིམ་པར་ཕྱེ་བ་དང་པོའོ།། །།

རིམ་པ་ཕྱེ་བ་གཉིས་པ།


DTG024_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དངོས་གྲུབ་ཀྱི་ཐབས་ཡང་དག་པར་བསྡུས་པའི་རིམ་པར་ཕྱེ་བ་བསྟན་པའི་ཕྱིར། དེར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་བ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་མན་ངག་གོ །དེར་ནི་ཞེས་བྱ་བ་ནི་བསྟན་བཅོས་ལ་སྟེ། བསྟན་


DTG024_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅོས་ལས་རྙེད་པར་དཀའ་བའོ། །རྡོ་རྗེ་རྒྱལ་པོ་གཙོ་བོ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་བོད་པ་སྟེ། རྡོ་རྗེ་ཞེས་བྱ་བ་ནི་གནོད་སྦྱིན་གསང་བ་བའོ། །དེ་རྣམས་ཀྱི་བདག་པོར་གྱུར་པ་དང༌། དགའ་བར་བྱེད་པས་རྒྱལ་པོ་གཙོ་བོའོ། །དེ་ཁོ་ན་ཉིད་ཀྱི་མན་ངག་མི་ཤེས་ན། ཉེས་པ་ཅིར་འགྱུར་སྙམ་པ་ལ། དེ་ཉིད་མེད་པའི་སྔགས་པ་རྣམས། སྲིད་པའི་འཕེལ་བྱེད་འོག་ཏུ་ལྷུང༌། ཞེས་བྱ་བ་སྨོས་ཏེ། འོག་ཏུ་ལྟུང་ཞེས་བྱ་བ་ནི། འཁོར་བར་རྒྱུ་ཞིང་གནས་པའོ། །དེ་ཉིད་ཀྱི་ཕྱིར་སྲིད་པ་འཕེལ་བྱད་ཅེས་བྱ་བ་སྨོས་སོ། །བཅོམ་ལྡན་འདས་ཀྱི་གསུང་གིས་སྐབས་ཕྱེ་བར་རིག་ནས། ཕྱག་ན་རྡོ་རྗེས་གསོལ་པ། ལུས་ལ་ངོ་མཚར་སྐྱེས་གྱུར་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཆོས་ཞེས་བྱ་བ་ནི། ལུས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་སམ། ལུས་ཀྱི་ཆོས་ཀྱི་དེ་ཁོ་ན་ཉིད་དོ། །མདོར་བསྟན་པ་དེ་ཉིད་ཡང་གསུངས་པ། རྣལ་འབྱོར་གྱི་ནི་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་ནི་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཚད་མ་ནི་རང་བཞིན་ནོ། །སྔགས་དང་ཕྱག་རྒྱ་ཅི་ལྟ་བུ། །ཞེས་བྱ་བ་ནི། སྔགས་དང་ཕྱག་རྒྱའི་རང་བཞིན་ཅི་འདྲ་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་ཚད་ཅེས་བྱ་བ་ནི་འབྱུང་བའི་ལུས་ཀྱི་རང་བཞིན་ནོ། རྣལ་འབྱོར་བ་ཡི་གཏོར་མའི་ལས། །རབ་ཏུ་སྦྱོར་བའི་ཚད་མ་གང༌། །ཞེས་བྱ་བ་ནི། ར་ས་ཡ་ནའི་རང་བཞིན་ནོ། །གང་གིས་འགྲོ་བ་བསྒྲུབ་པ་ཡིས། །མཚན་ཉིད་ཚད་མ་ཇི་ལྟར་ལགས། །ཞེས་བྱ་བ་ལ། གང་གིས་ཞེས་བྱ་བ་ནི་རྒྱུའོ། །འགྲོ་བ་ནི་ལྷ་ལ་སོགས་པའི་འགྲོ་བ་སྟེ། འགྲོ་བ་རྣམས་ཀྱི་རྒྱུའི་མཚན་ཉིད་ནི་ཅི་ཞིག་ལགས། འགྲོ་བ་རྣམས་ཀྱི་ཚད་མ་སྟེ། ངོ་བོ་ཉིད་ནི་ཅིའི་མཐར་ཐུག་ཅེས་བྱ་བའི་དོན་ཏོ། །ལན་གསུངས་པ། མཚོན་བྱ་ཞེས་བྱ་བ་ལ་སོགས་པ་ལ། མཚོན་བྱ་ཞེས་བྱ་བ་ནི་ཤེས་པར་བྱ་བ་སྟེ། ཇི་ལྟར་གྲགས་པའི་ལུས་སོ། །སེམས་ཀྱི་ཚད་ཅེས་པ་ནི། སེམས་ཀྱི་རང་བཞིན་ཏེ། ལུས་ཀྱི་སེམས་ཀྱི་རང་བཞིན་ཏེ། །ལུས་ནི་སེམས་ཀྱི་རང་བཞིན་ཏེ། ལུས་ནི་སེམས་ཀྱི་རང་བཞིན་ཡིན། །ཞེས་བྱ་བའི་བར་དུའོ། །དམིགས་སུ་མེད་པའི་སེམས་ཀྱི་ཏིང་ངེ་འཛིན་བསྟན་པའི་ཕྱིར་མཚན་མ་དང་བཅས་པའི་བྱ་བ་བཟློག་


DTG024_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱ་བའི་ཕྱིར། བདག་གི་ཁམས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གི་ཁམས་ནི་མི་བརྟན་བས། །ཞེས་བྱ་བ་ནི། རང་ལུས་ཀྱི་ཁམས་དང༌། ཆུ་དང༌། མེ་དང་རླུང་རྣམས་མི་རྟག་ཅེས་བྱ་བའི་དོན་ཏོ། །བདག་ཏུ་འཛིན་པའི་ཏིང་ངེ་འཛིན་ཏེ། མཚན་མ་ལ་དམིགས་ཤིང་འགྱུར་བ་དམིགས་པའི་ཕྱིར་རོ། །གཏོར་མའི་ལས་དང་བཟླས་པ་དང༌། །དཀྱིལ་འཁོར་མེ་དང་ཆུ་ཡི་ལས། །ཕྱག་རྒྱ་བདུག་སོགས་མཆོད་པ་ཡི། །འབྲས་བུ་ཐོབ་པའི་རྣལ་འབྱོར་པའང༌། །སྲིད་པའི་རྒྱ་མཚོར་ལྟུང་བར་འགྱུར། །ཞེས་བྱ་བ་ནི། མཚན་མ་དང་བཅས་པའི་དགེ་བའི་འབྲས་བུའང་མི་བརྟན་པ་ཉིད་དུ་བསྟན་པ་ཡིན་ཏེ། གཏོར་མ་ལ་སོགས་པའི་མཐོ་རིས་ཀྱི་འབྲས་བུ་དུས་ཅུང་ཟད་ཅིག་ཏུ་ལོངས་སྤྱོད་ནས། ཡང་དེ་ལས་ཉམས་ཤིང་ལྟུང་བར་འགྱུར་བའི་ཕྱིར་རོ། །དེ་ལ་བཟླས་པ་ཞེས་བྱ་བ་ནི་སྔགས་བཟླས་པའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་ལྷའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ཏོ། །མེ་དང་ཞེས་བྱ་བ་ནི་མེའི་སྦྱིན་སྲེག་གོ །ཆུའི་ལས་ཞེས་བྱ་བ་ནི་ཆུའི་སྦྱིན་སྲེག་གོ །ཕྱག་རྒྱ་ཞེས་བྱ་བ་ནི་ལག་པའི་ཕྱག་རྒྱ་བཅིང་བའོ། །བདུག་སོགས་མཆོད་པ་ཞེས་བྱ་བ་ནི་མེ་ཏོག་དང་སྤོས་དང་དྲི་དང་མར་མེ་དང་ལྷ་བཤོས་ལ་སོགས་པའི་ཕྱིའི་མཆོད་པ་སྟེ། འདི་དག་ཐམས་ཅད་མི་རྟག་གོ་ཞེས་བྱ་བར་དགོངས་སོ། །འབྲས་བུ་ཐོབ་པ་མེད་ཅེས་བྱ་བ་ནི་འདི་ལ་སོགས་པར་མངོན་པར་ཞེན་པའི་རྣལ་འབྱོར་པས་འཇུག་ན་དེའི་ཚེ་སྲིད་པའི་རྒྱ་མཚོ་ལྟུང་བར་དགོངས་ཤིང་གཏོར་མའི་ལས་ལ་སོགས་པ་ལ་མངོན་པར་ཞེན་པས་འཁོར་བའི་འབྲས་བུ་ཐོབ་པར་གྱུར་ཏེ། མཐོ་རིས་ཀྱི་འབྲས་བུ་དུས་ཅུང་ཞིག་ལོངས་སྤྱོད་ནས་ཉམས་ཤིང་ལྟུང་བར་འགྱུར་བའི་ཕྱིར་རོ། །སྲིད་པའི་རྒྱ་མཚོ་ཞེས་བྱ་བ་ནི་དེ་ཉིད་ལས་བརྩམས་ནས། གང་གིས་འགྲོ་བའི་བསྒྲུབ་པའི་མཚན་ཉིད་ཚད་མ་ཇི་ལྟར་ལགས། །ཞེས་བྱ་བ་དེ་ཉིད་ཟུར་ཕྱིན་པར་གསོལ་བ་གདབ་པའི་ཕྱིར། སྲིད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་པ་སོ་སོར་འབྱུང་བ་རྣམས། །ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་སོ་སོར་སྐྱེ་བ་ལེན་པའོ། །གང་གིས་དེ་ཡི་ཚད་མ་སྟེ། །


DTG024_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ནི་སྐྱེ་བ་བླངས་པ་གང་ཡིན་པ་དེ་དག་དེའི་ཞེས་བྱ་བ་སེམས་ཀྱི་རང་བཞིན་ཡིན་ཏེ། སེམས་ཀྱིས་བླངས་པའོ། །སེམས་ནི་ཇི་ལྟར་ལྟ་བར་བགྱི། །ཞེས་བྱ་བ་ནི། སེམས་ཅི་ལྟ་བུ་ཞིག་གིས་ལུས་ཅི་འདྲ་བ་དག་ཅིག་བླངས་པ་ལགས་ཞེས་བྱ་བའི་དོན་ཏོ། །ལན་གསུངས་པ། འཁོར་བ་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་བ་ཁྱོད་ཀྱིས་དྲིས་པ་ཡི། །ཞེས་བྱ་བ་ནི། སེམས་ཀྱིས་སྲིད་པ་ལེན་པ་ཁྱོད་ཀྱིས་དྲིས་པ་ཉོན་ཅིག་པའོ། །སེམས་ཅི་ལྟ་བུས་ཤེ་ན། སེམས་ན་ཡིད་གཉིས་བཀྲུས་ནས་སུ། །ཞེས་བྱ་བ་སྨོས་ཏེ། ཐེ་ཚོམ་གྱི་དྲི་མ་དང་བྲལ་བའི་སེམས་ཀྱིས་སོ། །ཡང་ན་ཡིད་གཉིས་ནི་སེམས་ཀྱི་རྒྱུ་བ་མང་པོ་སྟེ། དེ་དང་བྲལ་ཞིང་མཉམ་པར་གཞག་པས་སོ། །རང་དགའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། རང་དགའ་ཞེས་བྱ་བ་ནི་འགྲུབ་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏེ། རང་གི་བྱ་བའི་ལས་དང་ཉོན་མོངས་པའི་དབང་གིས་འགྲུབ་པས་ན། རང་དགས་སོ། །ཅི་ཞིག་འགྲུབ་ཅེ་ན། ཡེ་ཤེས་དངོས་པོ་མེད་པ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་སེམས་ཉིད་དེ་དག་ཏུ་འགྲུབ་པར་འགྱུར་བའོ། །ཡང་ན་རང་དགའི་ཡེ་ཤེས་ནི་རང་རིག་པའི་ཡེ་ཤེས་སོ། །ཅི་འདྲ་ཞེ་ན། མཁའ་འགྲོ་རླུང་ནི་བསྐྱོད་པ་བཞིན། །ཞེས་པ་སྟེ། ནམ་མཁའ་ལ་རླུང་རྒྱུ་བ་ལྟར་སྐྱེ་བ་ལེན་པའོ། །ཡང་ན་མཁའ་འགྲོ་རླུང་ནི་བསྐྱེད་པ་ཞེས་བྱ་བ་ནི། ཕའི་ས་བོན་ཕྱུང་བའི་དུས་སུ་སྟེ། དེའི་ཚེའོ། །གཞུང་ཁ་ཅིག་ལས། མཁའ་འགྲོ་རླུང་གིས་བཅིངས་པ་ཡིས། །ཞེས་བྱ་བར་འབྱུང་སྟེ། དེའི་ཚེ་མཁའ་འགྲོ་ནི་ལས་དང་ཉོན་མོངས་པ་སྟེ། ལུས་མེད་པར་རྒྱུ་བའི་ཕྱིར་རོ། །རླུང་ནི་གོ་བར་ཟད་དོ། །བཅིངས་པ་ནི་དེ་ཉིད་ཀྱིས་ཡེ་ཤེས་ཀྱི་ལུས་བཙིངས་པ་སྟེ། དེས་སྐྱེ་བ་འགྲུབ་པའོ། །གཟུགས་མེད་ཅེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཀྱི་ལྷའོ། །གཟུགས་ཞེས་བྱ་བ་ནི་གཟུགས་ཁམས་ཏེ། དེ་ཡང་ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་པ་ཆེན་པོའོ། །དགེ་ཅུང་དང༌།


DTG024_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚད་མེད་དགེ་དང༌། དགེ་རྒྱས་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་དང་གནས་གཙང་མའི་ཕྱོགས་གཅིག་གི་ལྷ་རྣམས་སོ། །བསམ་གཏན་དམིགས་པས་འགྲུབ་པར་འགྱུར། །ཞེས་བྱ་བ་ནི། བསམ་གཏན་ལ་སོགས་པ་ལ་སྙོམས་པར་འཇུག་པའི་ལས་ཀྱིས་གྲུབ་པའོ། །འདོད་ལྷ་ཞེས་བྱ་བ་ནི། རྒྱལ་ཆེན་རིགས་བཞི་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སོ། །སོགས་པའི་སྒྲས་ནི་མིའི་འགྲོ་བ་ལ་སོགས་པ་གཟུང་སྟེ་འཛམ་བུའི་གླིང་དང༌། ཤར་གྱི་ལུས་འཕགས་དང༌། བྱང་གི་སྒྲ་མི་སྙན་དང༌། ནུབ་ཀྱི་བ་གླང་སྤྱོད་པའི་མི་རྣམས་དང༌། ཡི་དགས་དང༌། བྱོལ་སོང་དང༌། ཡང་སོས་དང༌། ཐིག་ནག་དང༌། བསྡུས་འཇོམས་དང༌། དུ་འབོད་དང༌། དུ་འབོད་ཆེན་པོ་དང༌། ཚ་བ་དང༌། རབ་ཏུ་ཚབ་དང༌། མནར་མེད་པ་རྣམས་དང༌། གྲང་བའི་དམྱལ་བ་བརྒྱད་དང་བཅས་པ་ནི་དམྱལ་བ་ཆེན་པོ་བརྒྱད་ཅེས་བྱ་བ་སྟེ། དེ་ལྟར་གནས་ཉི་ཤུ་ནི། འདོད་ཅན་རྣམས་ཞེས་བྱ་བའོ། །རྟག་ཏུ་འདོད་བཞིན་སྤྱོད་པ་སྟེ། །ཞེས་བྱ་བ་ནི། དེ་དག་ཏུ་རྣམ་པར་ཤེས་པས་ལུས་བླངས་ནས་ཇི་ལྟར་བྱས་པའི་ལས་བཞིན་དུ་འབྲས་བུ་ལ་ལོངས་སྤྱོད་པའོ། །དེ་ལྟར་ཞེས་བྱ་བ་ནི་སྲིད་པ་གསུམ་དུ་སྐྱེ་བ་བླངས་པའོ། །མི་ཞེས་བྱ་བ་ནི་མི་ལ་སོགས་པའོ། །རང་འདོད་པ་ལ་སོགས་པ་འགྲུབ་ཅེས་བྱ་བ་ནི། ལས་ཀྱི་དབང་གིས་རྣམ་པར་ཤེས་པས་གནས་ཐ་དད་པའི་ལུས་བླངས་པའོ། །དེ་ལས་སྒྲོལ་པའི་དངོས་པོ་རྣམས། །ཞེས་བྱ་བ་ནི་འཁོར་བ་དེ་ལས་སྒྲོལ་བའི་ཐབས་སོ། །རྣལ་འབྱོར་ཅན་གྱིས་རྣམ་ཤེས་དང༌། །ལྷན་ཅིག་འགྲོ་བས་འགྲོ་བ་འགྲུབ། །ཅེས་བྱ་བ་ལ། རྣམ་ཤེས་དང་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །ལྷན་ཅིག་ཅེས་བྱ་བ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཏེ། ལས་ཀྱིས་ཉེ་བར་ལེན་པའི་རྒྱུ་དང་ཉོན་མོངས་པའི་ལྷན་ཅིག་བྱེད་པའི་རྐྱེན་གྱིས་འགྲོ་བ་འགྲུབ་སྟེ། སྔ་མའི་རྣམ་པར་སྨིན་པ་ཟད་ནས་རྣམ་པར་ཤེས་པ་འགྲོ་བ་གཞན་དང་གཞན་དུ་རྣམ་པར་སྨིན་པའི་ལུས་ལེན་


DTG024_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །དེ་ཡང་རབ་ཏུ་བྱེད་པ་སུམ་ཅུ་པ་ལས། ལེན་པའི་བག་ཆགས་འཛིན་གཉིས་ཀྱི། །བག་ཆགས་བཅས་པ་སྔ་མ་ཡི། །རྣམ་པར་སྨིན་པ་ཟད་ནས་གཞན། །རྣམ་པར་སྨིན་པ་བསྐྱེད་པ་ཡིན། །ཞེས་གསུངས་ཏེ། དེར་ཡང་འཛིན་པ་གཉིས་ཞེས་བྱ་བ་ནི། གཟུང་བར་འཛིན་པ་དང༌། འཛིན་པ་པོར་འཛིན་པའོ། །རྣམ་པར་སྨིན་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །དེ་ལྟར་ཐ་མལ་པའི་འགྲོ་བ་འགྲུབ་པའི་རྒྱུ་མཚན་བཤད་ནས། རྣལ་འབྱོར་པའི་བསྟན་པའི་ཕྱིར། རྣལ་འབྱོར་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་ཅན་ནི་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བའི་ལྷའི་ཏིང་ངེ་འཛིན་དང་ལྡན་པའོ། །རྣམ་ཤེས་ཤེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ་དྲི་མ་མེད་པའོ། །ལྷན་ཅིག་འགྲོ་བས་ཞེས་བྱ་བ་ནི་འདས་མ་ཐག་པའི་ལྷའི་རྣལ་འབྱོར་དང་ལྷན་ཅིག་ཏུ་སྟེ་དེས་བསྒོམས་པས་སོ། །འགྲོ་བ་འགྲུབ་ཅེས་བྱ་བ་ནི། རང་དགའི་འགྲོ་བ་སྟེ། ཐམས་ཅད་མཁྱེན་པའི་བར་དུ་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བའོ། །སྡུད་པར་བྱེད་པས་ལམ་དེ་ཉིད་གསལ་བར་བྱ་བའི་ཕྱིར། སླར་གསོལ་པ། སེམས་ཀྱི་ངོ་བོ་ཐེ་ཚོམ་པས། །བཅོམ་ལྡན་དེ་ཡང་བཤད་དུ་གསོལ།། ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལ་བཤད་དུ་གསོལ་ཞེས་བྱ་བ་ནི། ཐེ་ཚོམ་དང་བྲལ་བར་མཛོད་ཅིག་པའོ། །དེ་ཡང་ཞེས་བྱ་བ་ནི་གཞན་ལ་ལྟོས་པའོ། །ཤེས་རབ་རྣམ་ཤེས་དངོས་རང་བཞིན། །ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཅེས་བྱ་བ་ནི་ཡེ་ཤེས་ཅི་ལྟར་ལགས་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལ་ཤེས་རབ་ཅེས་བྱ་བ་ནི་རབ་ཏུ་ཤེས་པས་ན་ཤེས་རབ་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ཅི་ཞིག་རབ་ཏུ་ཤེས་ཤེ་ན། རྣམ་ཤེས་དངོས་རང་བཞིན་ཏེ། དངོས་པོ་གཟུགས་ལ་སོགས་པ་རྣམས་ཉིད་ཤེས་པར་བྱ་བས་ན། རྣམ་ཤེས་ཏེ་དེ་རྣམས་ཀྱི་རང་བཞིན་ནོ། །ཇི་ལྟར་ཤེས་ཤེ་ན། མི་ཤེས་ཞེས་བྱ་བ་སྨོས་ཏེ། གཟུང་བ་དང་འཛིན་པའི་རང་བཞིན་དུ་མི་ཤེས་པས་ན་མི་ཤེས་པའོ། །དེ་ཉིད་ཀྱི་ཕྱིར། རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བི་ཞེས་བྱ་བ་ནི་ཡུལ་རྣམས་སོ། །དེའི་དེ་ཁོ་ན་ཉིད་ཤེས་པས་ན་རྣམ་


DTG024_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་ཏེ་ཤེས་རབ་པོ། །སོ་སོ་རང་གིས་རིག་པས་ན་ཡེ་ཤེས་ཏེ། མཚན་ཉིད་ནི་དེའི་རང་བཞིན་ནོ། །གཞུང་ཁ་ཅིག་ལས་ནི། གང་གིས་རྣམ་ཤེས་སྲིད་པའི་དངོས། །ཞེས་བྱ་བར་འབྱུང་སྟེ། རྣམ་པར་ཤེས་པ་སྲིད་པའི་དངོས་ཏེ། དུས་རྟག་ཏུ་གཉིས་སུ་འབྱུང་བ་ལས་རྣལ་འབྱོར་པས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ཇི་ལྟར་བལྟ་བར་བགྱི་ཞེས་བྱ་བར་སྦྱར་རོ། །ལན་གསུངས་པ། ཤེལ་དང་ཞེས་བྱ་བ་ལ་སོགས་པ་ལ། ཤེལ་དང་མཚུངས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པ་སྟེ། རྣམ་པ་དུ་མར་སྣང་པའི་ཕྱིར་རོ། །ཅི་རྣམ་པ་དེ་དག་ཡོངས་སུ་ཡོད་དམ་ཞེ་ན། སེམས་ལ་སྐྱོན་དང་ཡོན་ཏན་མེད། །ཅེས་བྱ་བ་སྨོས་ཏེ། གཟུང་བ་དང་འཛིན་པའི་རང་བཞིན་དང་བྲལ་ལོ། །ཡང་ན་མི་མཐུན་པ་དང་གཉེན་པོའི་རྣམ་པ་དང་དངོས་པོར་མ་གྲུབ་པའོ། །འོ་ན་ཇི་ལྟར་སྣང་ཞེ་ན། ཡུལ་རྣམས་དང་ནི་ཕྲད་པ་ཡིས། །སྲིད་པའི་སྐྱོན་གྱིས་གོས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། ཡུལ་རྣམས་དང་ཕྲད་པ་ཞེས་བྱ་བ་ནི་གཉིས་སུ་སྣང་བའོ། །སྲིད་བ་ཞེས་བྱ་བ་ནི་དངོས་པོར་འཛིན་པའི་བག་ཆགས་ཏེ། འདི་ལས་གཉིས་སུ་སྣང་པ་སྲིད་ཅིང་སྐྱེ་བའི་ཕྱིར་རོ། །སྐྱོན་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་སྟེ། འདིས་སེམས་སུན་འབྱིན་པར་བྱེད་ཅིང་རྣམ་པར་འཕྲུལ་བར་བྱེད་པའི་ཕྱིར་རོ། །གཞུང་ཁ་ཅིག་ལས་ནི། ཡུལ་ལ་འཇུག་ཅིང་ཕྲད་པ་ཡིས། །སྲིད་བའི་སྐྱོན་གྱིས་གོས་པ་ཡིན། །ཞེས་འབྱུང་སྟེ། ཡུལ་ནི་གཟུགས་ལ་སོགས་པའོ། །འཇུག་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །ཕྲད་པ་ནི་མིག་གི་དབང་པོ་ལ་སོགས་པ་སྟེ། རྣམ་པ་དེ་དག་གིས་གོས་པ་ཡིན་ཞེས་བྱ་བར་འབྲེལ་ཏོ། །གང་གི་དབང་གིས་ཤེ་ན། སྲིད་པའི་སྐྱོན་གྱིས་ཞེས་བྱ་བ་སྨོས་ཏེ། སྤྲོས་པའི་བག་ཆགས་ཀྱི་དབང་གིས་སོ། །གལ་ཏེ་དེ་ལྟར་ན་མྱ་ངན་ལས་འདས་པར་ཅི་ལྟར་འགྱུར་ཞེ་ན། གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཞེས་བྱ་བ་ནི་ཡེ་ཤེས་གང་གིས་སོ། །


DTG024_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྲིད་པའི་དངོས་ཞེས་བྱ་བ་ནི། འཁོར་བའི་རང་བཞིན་ནོ། །ཞི་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་དབྱེར་མེད་པའོ། །ཡུལ་ལ་གནས་པ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་འཇུག་པའོ། །དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར་གནས་པ་བཞིན་སྦྱོར་བ། །ཞེས་བྱ་བ་སྨོས་ཏེ། ཡུལ་གཟུགས་ལ་སོགས་པ་རྣམས་དང༌། མིག་ལ་སོགས་པའི་དབང་པོ་རྣམས་ལ་བརྟེན་ནས་རྣམ་པར་ཤེས་པའི་ཁམས་རྣམས་འཇུག་པ་སྟེ། ཡུལ་དང་ཡུལ་ཅན་ཇི་ལྟར་སྣང་བ་བཞིན་དུ་གཟུང་བ་དང་འཛིན་པར་སྦྱོར་བའི་ཁམས་བཅོ་བརྒྱད་པོ་བསྟན་ཏོ། །བུ་དང་སློབ་མ་བཞིན་དུ་གཟིར། །ཞེས་བྱ་བ་ནི་བུ་དང་སློབ་མ་གནས་མ་ཡིན་པ་ལས་བཟློག་ནས། ཤེས་བྱའི་གནས་ལ་འཛུད་ཅིང་འཛིན་པ་ལྟར་བཟུང་བའོ། །དེ་དག་གིས་ནི་ཡེ་ཤེས་གང་གིས་འཁོར་བའི་རང་བཞིན་གཟུང་བ་ལ་སོགས་པར་མངོན་པར་ཞེན་པ་བཟློག་ནས་འོད་གསལ་བའི་དེ་ཁོ་ན་ཉིད་ལ་གཟུད་བས་འཁོར་བའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པས། སེམས་དེ་ཉིད་མྱ་ངན་ལས་འདས་པའི་ངོ་བོར་སྟོན་ཏོ། །དེ་ལྟར་ཡང༌། འཁོར་བ་དག་ནི་མ་གཏོགས་པར། །མྱ་ངན་འདས་པ་གཞན་ཡོད་མིན། །ཞེས་གསུངས་པ་དང༌། གཞན་ལས་ཀྱང༌། འཁོར་བའི་མཐའ་ན་གང་ཡིན་པ། །དེ་ནི་མྱ་ངན་འདས་མཐའ་ཡིན། །ཞེས་བྱ་བ་དང༌། སློབ་དཔོན་ནཱ་གཱ་རྫུ་ནས་ཀྱང༌། འཁོར་བ་དང་ནི་མྱ་ངན་འདས། །གཉིས་སུ་ཡོད་པ་མ་ཡིན་ཏེ། །སྲིད་པ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་གསུངས་པས་སོ། །གཞུང་ཁ་ཅིག་ལས་ནི། ཡུལ་ལ་གནས་པ་བཟློག་ནས་སུ། །ཇི་བཞིན་གནས་སུ་སྦྱར་བྱས་ཏེ། །བུ་ཡི་སྒོ་རུ་གཟིར་བར་བྱ། །ཞེས་འབྱུང་སྟེ། དེའི་ཚེ་ཡུལ་ལ་གནས་པ་བཟློག་པ་ནི། གཟུང་བ་ལ་སོགས་པར་ཞེན་པ་བཟློག་པའོ། །ཇི་བཞིན་གནས་སུ་སྦྱར་བར་བྱ། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་གནས་སུའོ། །དེ་ཉིད་བསྟན་པའི་ཕྱིར། བུ་གའི་སྒོ་རུ་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ནོར་བུའི་ནང་དུ་བྱང་ཆུབ་ཀྱི་སེམས་གཟུང་བར་བྱ་བའོ། །དེ་ནས་ཅི་ཞིག་བྱ་ཞེ་ན།


DTG024_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབུས་ཞེས་བྱ་བ་ནི་འདོད་ཆགས་དང་ཆགས་བྲལ་གྱི་དབུ་མ་སྟེ། འདོད་ཆགས་ཡང་མ་ཡིན་ཆགས་བྲལ་ཀྱང་མ་ཡིན་པའི་དབུས་སུའོ། །ཡང་ན་རྟག་པ་དང་ཆད་པའི་མཐའ་དང་བྲལ་བ་སྟེ། སྐྱེ་བ་དང་འགག་པ་མེད་པའི་དབུས་སུའོ། །ཅི་ཞིག་ཤེས་པར་བྱ་ཞེ་ན། རྣམ་ཤེས་ཞེས་བྱ་བ་སྨོས་ཏེ། སེམས་ཀྱི་རང་བཞིན་ནོ། །ཇི་ལྟར་ཞེ་ན། ནམ་མཁའ་བཞིན་ནོ། །ཡང་ན་ཅི་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་ཞིང་ཁྱད་པར་དུ་འགྱུར་པའོ། །ཛྙཱ་ན་ཞེས་བྱ་བ་ནི་རང་རིག་པའོ། །དེ་ཉིད་བསྟན་པའི་ཕྱིར། ཁ་དོག་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀར་པོ་དང་སེར་པོ་ལ་སོགས་པའི་ཁ་དོག་དང་བྲལ་བའོ། །ཐམས་ཅད་འཚོད་ཅེས་བྱ་བ་ནི་ཁ་དོག་ཐམས་ཅད་དུ་སྣང་བའོ། །ཡང་ན་ཨ་ཞེས་བྱ་བ་ནི་དགག་པ་སྟེ། ཆགས་པ་ཐམས་ཅད་གློ་བུར་བ་ཡིན་པའི་ཕྱིར་རོ། །མི་ལྡན་ཞེས་བྱ་བ་ནི་གང་གིས་ཀྱང་སྦྱར་དུ་མེད་པའི་ཕྱིར་རོ། །ལུས་ཅན་ལྡན་པ་སྟེ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་དུ་སོང་བའི་ཕྱིར་རོ། །ཡང་ན་མི་ལྡན་ཞེས་བྱ་བ་ནི་ཆོས་གང་གིས་ཀྱང་སྒྲིབ་པར་མི་ནུས་པའི་ཕྱིར་རོ། །ལྡན་ཞེས་བྱ་བ་ནི་ལུས་ཅན་ཐམས་ཅད་ལ་འདིས་འགེགས་པར་བྱེད་པའི་ཕྱིར་རོ། །གཟུགས་མེད་ཅིས་བྱ་བ་ནི་གང་གིས་ཀྱང་གནོད་ཅིང་འཚེ་བ་མེད་པའི་ཕྱིར་རོ། །ཡང་ན་འགྱུར་བ་མེད་པའི་ཕྱིར་གཟུགས་མེད་དོ། །ཀུན་གྱི་གཟུགས་ཞེས་བྱ་བ་ནི་འདིས་ཐམས་ཅད་བཅིངས་པའི་ཕྱིར་རོ། །དེ་བཞིན་ཐུང་དུ་རིང་པོ་མིན། །ཞེས་བྱ་བ་ནི་གཟུགས་མེད་པའི་ཁྱད་པར་བསྟན་པ་སྟེ། དེ་དག་གིས་ནི་ཆུ་ལ་ཆུ་བླུགས་པ་ལྟར་ཤེལ་དང་མཚུངས་པའི་སེམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པ་ཤེས་རབ་ཀྱི་ཡེ་ཤེས་བསྟན་པའོ། །གལ་ཏེ་དེ་ལྟར་ན་ནི་རྫུ་འཕྲུལ་ལ་སོགས་པར་ཇི་ལྟར་འགྱུར་ཞེ་ན། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཁོ་ན་ཉིད་ཅེས་བྱ་བ་ནི་བཅོས་མ་མ་ཡིན་པའོ། །དེས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་རྫུ་འཕྲུལ་ལ་སོགས་པར་འབྱུང་བར་སྟོན་ཏོ། །རྫུ་འཕྲུལ་དེ་ཁོ་ན་ཉིད་ཡོད་དམ་ཅི་ཞེ་ན། དངོས་མེད་ཅེས་བྱ་བ་སྨོས་ཏེ། དོན་


DTG024_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམ་པར་སེམས་ཀྱི་རང་བཞིན་ཞེས་བྱ་བའི་བར་དུའོ། །ཅི་སེམས་དེ་ཁོ་ན་ཉིད་ཡོད་དམ་ཞེ་ན། མཚན་ཉིད་མེད་པ་ཞེས་བྱ་བ་སྨོས་ཏེ། མཚན་ཉིད་མེད་ན་དངོས་པོའང་མེད་དོ་སྙམ་དུ་དངོས་སོ། །མཚན་ཉིད་ཐམས་ཅད་སྟེར་བའོ། །ཞེས་བྱ་བ་ནི་མཚན་ཉིད་ཐམས་ཅད་དག་པར་བྱེད་པ་ཞེས་བྱ་བའི་བར་དུའོ། །མཚན་ཉིད་མེད་པའི་སེམས་ཀྱིས་ལྷའི་ཏིང་ངེ་འཛིན་བསྒོམ་པ་བསྟན་པའི་ཕྱིར། དངོས་པོ་མེད་པར་བསྒོམ་པ་ཡིས། །བསྒོམ་པ་དག་ནི་མཚོན་པར་བྱ། །ཞེས་བྱ་བ་སྨོས་ཏེ། བསྒོམ་པ་དག་ཅེས་བྱ་བ་ནི་ལྷའི་ཏིང་ངེ་འཛིན་ཏོ། །དངོས་པོ་མེད་པར་བསྒོམ་པ་ཞེས་བྱ་བ་ནི། །བདག་མེད་པར་ཟིན་པའོ། །མཚོན་པར་བྱ་ཞེས་བྱ་བ་ནི་གོམས་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། གཟུགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་ཅེས་བྱ་བ་ནི་ལྷའི་རྣམ་པའོ།། ཀུན་ནས་དམིགས་པ་ནི་བདག་མེད་པར་དམིགས་པའོ། །རྣལ་འབྱོར་གྱི་ལུས་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་སྐུའོ། །སྐྱོན་མེད་པ་ནི་ཉོན་མོངས་པ་མེད་པའོ། །ཡང་གསུངས་པ། གསང་ལས་ཞེས་བྱ་བ་ལ་སོགས་པ་སྟེ། གསང་བ་ཞེས་བྱ་བ་ནི་ཡེ་ཤེས་སོ། །གསང་བ་ཞེས་བྱ་བ་ནི་དབང་པོ་རྣམས་ཀྱི་རང་བཞིན་དང་བྲལ་པའོ། །གསང་ཆེན་པོ་ཞེས་བྱ་བ་ནི་ཡུལ་གྱི་རང་བཞིན་དང་བྲལ་བ་སྟེ་ཡུལ་ལས་འདས་པའོ། །རྣམ་ཤེས་གསང་བ་དག་ཅེས་བྱ་བ་ནི། རྣམ་པར་ཤེས་པའི་རང་བཞིན་ལས་འདས་པ་སྟེ་ཡེ་ཤེས་སོ། །དེ་དག་གིས་ནི་རང་རིག་པའི་ཡེ་ཤེས་ཙམ་སྟེ། དོན་དམ་བར་དབང་པོ་ལ་སོགས་པའི་སྦྱོར་བ་དང་བྲལ་བར་སྟོན་ཏོ། །བསྟན་བཅོས་ཀློག་ལ་སོགས་སྦས་ཤིང༌། །ཡུལ་གྱི་མཚན་ཉིད་ལས་ཀྱང་རིང༌། །ཞེས་བྱ་བ་ནི། བསྟན་བཅོས་ཀློག་པ་དང༌། ཉན་པ་ལ་སོགས་པའི་ཡུལ་དུ་མི་འགྱུར་ཏེ། དེ་ཉིད་ཀྱིས་ན་སྦས་པ་ཡིན་ནོ། །ཡང་ན་ཕྱིའི་བསྟན་བཅོས་ཀྱི་ནང་དུ་གབ་པའོ། །དེ་ལྟ་བུའི་ཡེ་ཤེས་གང་ལས་ཤེས་ཤིང་བླང་བར་བྱ་ཞེ་ན། མཚོན་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་ཀྱི་མཚན་ཉིད་བླ་མའི་ལམ་ནས་སྟོན་པར་འགྱུར་བའོ། །སེམས་དང་ལུས་སུ་བཅས་མཉམ་


DTG024_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞིང། །ཞེས་བྱ་བ་ནི། ལུས་དང་སེམས་གཉིས་ཀ་བདེ་བ་སྟེ། འདི་ལ་བདེ་བ་ནི་བླང་བར་བྱ་བ་ཡིན་ལ། སྡུག་བསྔལ་ནི་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ལུས་ནི་གདུང་བར་མི་བྱ་སྟེ། །སེམས་ཀྱང་གདུང་བར་མི་བྱའོ། །ཞེས་གསུངས་སོ། །དེས་ནི་སྒྲུབ་པའི་ཐབས་བསྟན་ཏོ། །ཡང་བསྒྲུབ་པར་བྱ་བའི་ཐབས་གཞན་གསུངས་པ། ཡིད་དུ་འོང་བའི་ས་ཕྱོགས་སུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་ཕྱོགས་ཡིད་དུ་འོང་བར་ལུས་དང་སེམས་བདེ་བས། བདེ་བ་དང་བདེ་བའི་སྟན་ལ་སེམས་དཔའི་སྐྱིལ་ཀྲུང་དུ་གནས་ནས་མིག་སྣ་རྩེར་ཕབ་སྟེ། ལག་པ་གཡས་ཀྱི་སྐྱིལ་མོ་ཀྲུང་གི་སྟེང་དུ་བཞག་ལ། དེའི་སྟེང་གཡོན་པ་གཞག་སྟེ། ནང་དུ་འཇུག་པའི་དབུགས་ཀྱིས་ལྟེ་བའི་བར་དུ་བཀང་ལ། རྐེད་པ་བསྲང་སྟེ་ནམ་མཚང་འཕེལ་ཀ་བསྐྱེད་ལ། སྭ་བྷཱ་ཝ་ཤུདྡྷ་ཞེས་བྱ་བ་ལ་སོགས་པས་མཉམ་པ་ཉིད་ཀྱི་སེམས་བསྐྱེད་ནས། ཡིད་ཀྱིས་དྲི་ལ་སོགས་པས་མཆོད་དེ། བདུད་རྩི་དྲང་བར་བྱའོ་ཞེས་བར་སྦྱར་རོ། །ཡིད་ཀྱི་དྲི་ཞེས་བྱ་བ་ལ་སོགས་པ་ལ་ཡིད་རང་བཞིན་གྱིས་རྣམ་པར་དག་ཅིང་མཉམ་པ་ཉིད་ཁོ་ན་དྲི་ལ་སོགས་པའི་སྒྲར་བརྗོད་དོ། །བདུད་རྩི་གཏོར་མ་ཞེས་བྱ་བ་ལ་སོགས་པ་ལ། བདུད་རྩི་ཉིད་ལུས་སྟོབས་ཅན་དུ་བྱེད་པས་ན་གཏོར་མའོ། །ཀུན་ནས་དྲངས་ཏེ་བཟའ་བར་བྱ། །ཞེས་བྱ་བ་ནི། ལུས་ཀྱི་སྟེང་འོག་གི་གནས་ཀུན་ནས་འོག་ནས་འབྱུང་བའི་ཆོ་གས་དྲངས་ནས་བཟའ་བ་སྟེ་བཏུང་བར་བྱའོ། །སྒོ་དགུ་པོ་རྣམས་སུ་སྔགས་དགོད་པ་གསུངས་པ། ཁ་དོག་སེར་པོ་ཞེས་བྱ་བ་ལ་སོགས་པའོ། །དྲིལ་བུ་ཆུ་ཡི་ཡི་གེ་སྟེ། །ཞེས་བྱ་བ་ལ། དྲིལ་བུའི་ཡི་གེ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་སྟེ། ཞབས་སྐྱེད་འདོགས་པའི་རྩེ་མོལ་དྲིལ་བུ་ཞེས་ཟེར་བའི་ཕྱིར་རོ། །ཆུ་ཞེས་བྱ་བ་ནི་མིག་སྟེ། མིག་ཏུ་དགོད་པའོ། །ལྷག་མ་ནི་གོ་སླའོ། །བདུད་རྩི་དྲང་བའི་ཆོ་ག་གསུངས་པ། སྟེང་གི་མཆེ་བ་ཞེས་བྱ་བ་ལ་སོགས་པ་ལ། འཇུག་པས་བརླབས་པ་ཞེས་བྱ་བ་ནི། དབུགས་འཇུག་པ་དང་འབྱུང་བས་བརླབས་པའོ། །མདོག་ལྟ་བུ་ཞེས་བྱ་བ་ནི་འོ་མའི་ཆུ་ཞེས་བྱ་བ་དང་སྦྱར་རོ། །


DTG024_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྕེ་ཡིས་བསྟེན་པའི་བདུད་རྩི་ཆུ། །ཞེས་བྱ་བ་ནི་མཆེ་བ་གཉིས་དང༌། ལྕེའི་མཚམས་ནས་འབབ་པའི་བདུད་རྩིའོ། །དེ་ཉིད་བསྟན་པའི་ཕྱིར། ལྕེ་ཆུང་རྩ་བ་ཞེས་བྱ་བ་སྨོས་སོ། །ཡང་ན་ལྕེ་ཡིས་བསྟན་པ་ཞེས་བྱ་བ་ནི། ལྕེ་རྐན་ལ་བཟློག་སྟེ་བཞར་བའོ། །བདུད་རྩི་དེ་གང་དུ་དབབ་ཅེ་ན། ལྕེའུ་ཆུང་རྩ་བའི་ནང་དུ་དབབ། །ཅེས་བྱ་བ་སྨོས་ཏེ། བའི་ནུ་མའི་ནང་དུ་དབང་པའོ། །གང་ནས་དབབ་ཅེ་ན། དཔྲལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་ནི་སྟེང་གི་གནས་རྣམས་སོ། །འོག་གི་གནས་ནི། ཆུ་ནི་འཇུག་སྟེ་ཞེས་བྱ་བ་ལ་སོགས་པའི་འོག་ནས་སྟོན་ཏོ། །མཆོད་རྟེན་སྒོ་རུ་ཞེས་བྱ་བ་ལ། སྒོ་ཞེས་བྱ་བ་ནི་བུ་ག་སྟེ། བའི་ནུ་མའི་ནང་དུའོ། །ཅི་ཞིག་ཅེ་ན། ཡི་གེ་ཧཱུཾ་སྟེ། སངས་རྒྱས་ལྔའི་གནས་ཡིན་པས་ན་མཆོད་རྟེན་ནོ། །ཇི་ལྟར་དྲང་ཞེ་ན། འོག་ཏུ་རླུང་གི་ས་བོན་གྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟེང་དུ་འགྲོ་བ་དང༌། འོག་ཏུ་འགྲོ་བའི་རླུང་དང་ལྷན་ཅིག་ཏུ་ས་བོན་ཧཱུཾ་གི་འོད་ཟེར་གྱིས་འཁྲུལ་འཁོར་ལྟ་བུ་ཞེས་བྱ་བ་ལ། ཏིལ་འབྲུ་ལས་མར་འཚིར་བ་ལྟར་སྟེང་འོག་གི་གནས་ཀུན་ནས་དྲང་བའོ། །དེས་གང་དུ་བཀྲུ་ཞེ་ན། བ་ལང་རྨིག་པའི་ཞེས་བྱ་བ་སྨོས་ཏེ། གློ་བའི་སྒོང་སྙིང་གའི་ནང་དུའོ། །མཐར་གང་དུ་བཞག་ཅེ་ན། སྒོ་གཅིག་ནས་ནི་སྒོ་དགུར་གཞག །ཅེས་བྱ་བ་སྨོས་ཏེ། བ་ལང་རྨིག་པའི་སྒོ་ནས་ཚངས་པའི་སྒོ་ལ་སོགས་པ་ཐམས་ཅད་དུ་ཐིམ་པར་སྦྱར་བར་བྱ་བའོ། །རྣལ་འབྱོར་བསྟན་པར་བྱ་བའི་ཕྱིར། སྙིང་དབུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོ་མའི་རྒྱུན་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ངོ༌། །དབྱངས་ཀྱི་ཡི་གེ་ཐམས་ཅད་ཀྱིས། །ཟླ་བའི་དཀྱིལ་འཁོར་ངོས་རྣམས་ཀྱི། །གནས་རྣམས་ཀུན་དུ་བསྐོར་བར་བྱ། །ཞེས་བྱ་བ་ནི། དབྱངས་ཀྱི་ཡི་གེ་བཅུ་གཉིས་ཀྱིས་བསྐོར་བ་སྟེ། འདི་དག་གི་དོན་ནི་སྙིང་གར་ཡི་གེ་སཾ་གི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཧཱུཾ། ཐ་མ་དབྱངས་ཀྱི་ཡི་གེ་བཅུ་གཉིས་ཀྱིས་བསྐོར་བར་སྟོན་ཏོ། །བ་ལང་རྨིག་པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ནི་བ་ལང་གི་རྨིག་པ་སྨིན་མའི་དབུས་ནས་རྐན་གྱི་ནང་དུའོ། །གཟུགས་དང་ཞེས་བྱ་བ་ལ་སོགས་པས་ནི་བདུད་རྩི་དྲང་


DTG024_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་དུས་སུ་རྡོ་རྗེ་སེམས་དཔའ་བསྒོམ་སྟེ། འོག་ནས་རྒྱས་པར་འཆད་དོ། །བཟླས་པ་གསུངས་པ། འོ་མ་ཞེས་བྱ་བ་ལ་སོགས་པ་ལ། འོ་མ་ཟླ་བའི་ས་བོན་ནི་ཡི་གེ་ཧཱུཾ་སྟེ། བདུད་རྩིའི་རྒྱུན་འཛག་པའི་ཕྱིར་རོ། །འདིར་བསྡུས་པས། ཨོཾ་ཧཱུཾ་ཨ་སྭཱ་ཧཱ་ཞེས་བྱ་བར་འགྱུར་ཏེ་ཨ་ཞེས་བྱ་བ་ནི་འོག་ནས་སྟོན་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་བསྐྱེད་པ་གསལ་བར་བྱ་བའི་ཕྱིར། བདུད་རྩིའི་རྩ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདུད་རྩིའི་རྩ་བ་ནི་ཡི་གེ་ཨའོ། །མྱུ་གུ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྐུ་སྟེ། ཨ་ལས་བསྐྱེད་པའི་རྡོ་རྗེ་སེམས་དཔའི་སྐུར་བསྒོམ་པའོ། །དེས་ཅིར་འགྱུར་ཞེ་ན། དེ་དང་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་ལུས་དང་ཤེས་རབ་འཕེལ་བར་འགྱུར་བའོ། །དེའི་རྣལ་འབྱོར་རྣམས་ཀྱི་གནས། །སྟོང་པའི་བྲག་ལ་སོགས་པར་བརྟན། །ཞེས་བྱ་བ་ལ་སོགས་པར་རྣལ་འབྱོར་འདི་བསྒྲུབ་པར་བྱའོ་ཞེས་དགོངས་སོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་ཕྱག་ན་རྡོ་རྗེ་གསོལ་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ལན་གསུངས་པ། གཉིས་མེད་ཅེས་བྱ་བ་ལ་སོགས་པ་སྟེ། འདི་དག་གི་དོན་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆུས་སེམས་ཀྱི་སྣམ་བུ་བཀྲུས་ལ། ཡི་གེ་ཨ་ལས་བསྐྱེད་པའི་རྡོ་རྗེ་སེམས་དཔའི་ཚོན་རྩིས་བཙོས་སོ་ཞེས་བྱ་བ་ཡིན་ནོ། །ཉེས་བྱས་ལེགས་བྱས་ཞེས་བྱ་བ་ནི། དགེ་བ་དང༌། སྡིག་པའི་དངོས་པོའོ། །གང་གིས་རང་བཞིན་ལས་རྒྱལ་པས། །ཡེ་ཤེས་ཀྱིས་ནི་སྣང་བར་བྱ། །ཞེས་བྱ་བ་ནི། ཤེས་རབ་ཀྱི་ཚོན་གྱིས་འོད་གསལ་བར་བྱ་བའོ། །ལྷག་མ་ནི་གོ་སླའོ། །རྡོ་རྗེ་སེམས་དཔའི་འོད་ཀྱི་སྣང་བ་གསུངས་པ། འོག་མིན་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་འོག་མིན་ཞེས་བྱ་བ་ནི། སྨིན་མའི་དབུས་སུའོ། །སོགས་པའི་སྒྲས་ནི་སྙིང་གར་གཟུང་བར་བྱའོ། །ས་འོག་རིམ་པ་བདུན་ཞེས་བྱ་བ་ནི། ལྟེ་བའི་དབུས་ཏེ། སྐུད་པ་བདུན་གྱིས་བསྐོར་བའི་ཕྱིར་རོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་དེ་དག་ཏུ་རིམ་གྱིས་བདུད་རྩི་དབབ་པོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་གཞན་བསྟན་པའི་ཕྱིར། སྙིང་ག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གིས་ནི་སྙིང་


DTG024_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གར་ཟླ་བ་ལ་གནས་པའི་ཧཱུཾ་གིས་ཐམས་ཅད་སྟོང་པར་བསྒོམས་ནས། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཟླ་བ་ལས་བོན་ཧཱུཾ་གིས་བསྐྱེད་པའི་ཡེ་ཤེས་མཁའ་འགྲོ་མ་སྔར་སྨོས་པ་ལྟ་བུར་བསྒོམས་ལ། སྙིང་གར་ཟླ་བ་ལ་ཡི་གེ་ཧཱུཾ་བསྒོམས་ནས་སྔར་ཇི་སྐད་བསྟན་པའི་ཡོན་ཏན་དུ་འགྱུར་རོ་ཞེས་སྟོན་ཏོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་གཞན་གསུངས་པ། ཕ་རོལ་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་གིས་ཀྱང་བདག་ཉིད་ཟླ་བ་ལ་གནས་པའི་རྡོ་རྗེ་སེམས་དཔར་བསམས་ལ། སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་རྣམ་ཤེས་ཞེས་བྱ་བ་ནི་སྙིང་གར་ཡི་གེ་ཧཱུཾ་བསྒོམས་ནས། ཕ་རོལ་ཡང་དམར་པོར་བསམས་ཏེ། རང་གི་སྙིང་གནས་འོད་སྤྲོས་ལ། དེའི་ཞེས་བྱ་བ་བསྒྲུབ་བྱའི་སྙིང་གར་བཅུག་ནས་སླར་བཀུག་སྟེ། རང་གི་སྙིང་གར་བསྒོམས་ལ་བརྒྱད་དུ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གི་སྔགས་བརྒྱད་བརྒྱ་བཟླས་ན། ངེས་པར་གཞན་གྱི་སེམས་ཤེས་པར་འགྱུར་རོ་ཞེས་སྟོན་ཏོ། །ད་ནི་གསང་བའི་སྦྱིན་སྲེག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕལ་ཆེར་གོ་སླའོ། །མདུད་པའི་ལྟ་བའི་དབུས་ཉིད་ཀྱི། །ངོས་སྐུ་སོར་ནི་བདུན་པ་སྟེ། །ཞེས་བྱ་བ་ལ་མདུད་པའི་ལྟེ་བ་ཞེས་བྱ་བ་ནི་ལྟེ་བའི་མདུད་པ་སྟེ། དེ་ཡང་ཞགས་པ་ལྟ་བུའི་རི་མོ་གཉིས་ཕན་ཚུན་དུ་མདུད་ནས། སྟེང་དང་འོག་ཏུ་འགྲོ་བ་སྟེ། ལྟེ་བའི་དབུས་སུ་བལྟ་བར་བྱའོ། །ངོས་སུ་སོར་ནི་བདུན་པ་སྟེ། །ཞེས་བྱ་བ་ནི་ལྟེ་བའི་མདུད་པའི་དབུས་སུ། ཨཾ་གི་ཐིག་ལེ་ལས་བྱུང་བའི་རི་མོས་ལན་བདུན་དུ་བསྐོར་བ་སྟེ། སོར་མོ་ཞེས་བྱ་བ་ནི་རི་མོའི་སྒྲར་བལྟའོ། །ངོས་སུ་ཞེས་བྱ་བ་ནི་ལྟེ་བའི་མདུད་པའི་ངོས་རྣམས་སུའོ། །ལྟེ་བའི་མདུད་པ་དེ་ཉིད་མེ་ཐབ་ཡིན་པས་ན། མེ་ཐབ་ཅེས་བྱེ་བ་སྨོས་སོ། །དེ་ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར། ཀླུ་དབང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟེ་བའི་དབུས་སུ་མདུད་པའི་རི་མོ་སྟེ། སྦྲུལ་གྱི་གཟུགས་འཁྱིལ་པ་ལྟ་བུར་གནས་སོ་ཞེས་བྱ་བའི་དོན་ཏོ། །ཡི་གེ་ཐམས་ཅད་འབར་བར་བྱ། །ཞེས་བྱ་བ་ནི། ཐབ་ཁུད་དེའི་དབུས་ན་གནས་པའི་ཡི་གེ་ཨཾ་ནི་མེའི་རང་བཞིན་ཏེ། དེ་


DTG024_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་འོག་ཏུ་རླུང་གི་དཀྱིལ་འཁོར་གྱིས་སྦར་བས་ཨཾ་ལས་བྱུང་བའི་རི་མོ་བདུན་མེའི་འོད་འབར་བའི་རང་བཞིན་དུ་བྱས་ཏེ། ཡི་གེ་ཐམས་ཅད་ཅེས་བྱ་བ་ནི། རི་མོ་བདུན་པོ་དེ་དག་ཨཱ་ལི་ཀཱ་ལིའི་རང་བཞིན་དུ་བལྟ་བར་བྱ་བའོ། །དེ་དབུས་པདྨ་རིག་པ་ཡི། །ཞེས་བྱ་བ་ནི་ལྟེ་བའི་མདུད་པའི་སྟེང་དུ་པདྨ་བསྒོམ་པར་བྱའོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ཡེ་ཤེས་ལུས་ནི་འབར་བར་གཟུང༌། །ཞེས་བྱ་བ་ནི། པདྨའི་ལྟེ་བ་ལ་ཉི་མའི་སྟེང་དུ། ཡེ་ཤེས་མཁའ་འགྲོ་མའི་སྐུའམ། ས་བོན་དགོད་པའོ། །མདུད་པའི་མེ་ལ་དཀར་པོ་རུ། །རྡོ་རྗེ་མཁའ་འགྲོ་ཐིམ་པར་བྱ། །ཞེས་བྱ་བ་ལ། མདུད་པའི་མེ་ནི་མདུད་པའི་མེ་ཐབ་ལས་འབར་བའི་མེའི་དབུས་ན་གནས་པའི་པདྨའི་ཤར་གྱི་འདབ་མ་ལ། རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་དཀར་མོའམ་དེའི་ས་བོན་ནོ། །གཡས་སུ་ནི་དྲག་མོ་སེར་མོའམ་དེའི་ས་བོན་ནོ། །ནུབ་ཏུ་ནི་རོ་ལངས་མ་དམར་མོའམ་དེའི་ས་བོན་ནོ། །གཡོན་དུ་ནི་གཏུམ་མོའམ་དེའི་ས་བོན་ནོ། །མེ་ནི་ལྔ་པའི་བདག་ཉིད་དེ། །ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོ་མའོ། །གཞུང་ཁ་ཅིག་ལས་ནི་ལྔ་ཞེས་འབྱུང་སྟེ། དེར་ནི་ལྔ་ཆར་གཟུང་བར་བྱའོ། །ལྷག་མ་ནི་གོ་སླའོ། །ཆུ་དང་ཞེས་བྱ་བ་ལ་སོགས་པ་ལ། ཆུ་ནི་ཤར་ཕྱོགས་སུའོ། །མེ་ནི་ལྷོ་ཕྱོགས་སུའོ། །རླུང་ནི་ནུབ་ཕྱོགས་སུའོ། །ས་ནི་བྱང་ཕྱོགས་སུའོ། །ནམ་མཁའ་དང་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་དབུས་སུའོ། །ལྷ་མོ་ལྔ་ཡི་བདག་ཉིད་ལ། །ཞེས་བྱ་བ་ལ་སོགས་པས་ནི། ལྟེ་བའི་མདུད་པར་མེའི་ལྷ་མོ་རྣམས་བསྒོམས་ནས་ཧཱུཾ་གི་བདུད་རྩིའི་ཆུ་རྒྱུན་གྱིས་སྦྱིན་སྲེག་བྱའོ་ཞེས་བྱ་བའི་དོན་ཏོ། །དབུས་སུ་བདུད་རྩི་དམིགས་པར་བྱ། །ཞེས་བྱ་བ་ནི་གནས་བཅོ་བརྒྱད་ནས་དྲངས་པའི་བདུད་རྩི་བསྒོམས་ནས། སྐད་ཅིག་རེ་རེ་ཞིང་མེའི་ནང་དུ་བདུད་རྩི་དབབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ། བ་ལང་རྨིག་པ་ཞེས་བྱ་བ་ལ་སོགས་པ་ལ། བ་ལང་རྨིག་པ་ཞེས་བྱ་བ་ནི། སྨིན་མའི་དབུས་སུའོ། །དེའི་དབུས་ནས་འཛག་པ་ཞེས་བྱ་བ་ནི་དེར་གནས་པའི་ཧཱུཾ་གི་བདུད་རྩིའི་རྒྱུན་ནོ། །མེ་ཡི་དབུས་སུ་སྲེག་པའི་གཞི། །ཞེས་བྱ་བ་ལ་སོགས་པས་ནི་མེའི་རང་བཞིན་


DTG024_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་ཡི་གེ་ཨཾ་སྟོན་པ་ཡིན་ཏེ། དེ་ཡང་གཡོ་བའི་རླུང་གིས་བསྐྱོད་པའི་འོད་ཀྱིས་ཧཱུཾ་གི་ཐིག་ལེ་ལ་རེག་པས་དེ་ལས་འཛགས་པས་བདུད་རྩིའི་སྦྱིན་སྲེག་བྱའོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་རྒྱས་ཕྱིར་བསྲེག་པར་བྱ། །ཞེས་བྱ་བ་ནི། དེ་ལྟར་བསྒོམས་པས་ར་ས་ཡ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་ལས་ཤེ་ན། ཅུང་ཟད་བཟའ་དང་བཏུང་ལ་སོགས། །ཞེས་བྱ་བ་སྨོས་ཏེ། རུང་བར་བྱས་ནས་ཞེས་བྱ་བ་ནི་དག་པར་བྱས་ནས་སོ། །འདི་ལྟར་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་རིམ་པ་དེ་ལྟར་ཟས་ལ་ལོངས་སྤྱོད་པའི་རྣལ་འབྱོར་བ་གང་ཡིན་པ་དེ་ལ་བུ་ལོན་དུ་མི་འགྱུར་བ་སྟེ། ཡོན་བདག་གི་བུ་ལོན་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསང་པའི་གདན་ཞེས་བྱ་བ་ལ་སོགས་པ། རབ་ཏུ་བྱེད་པ་ཞེས་བྱ་བ་ནི་གཞུང་འདིས་བདུད་རྩིའི་བསྒོམ་པ་ནས་བཟུང་སྟེ། གསང་བའི་སྦྱིན་སྲེག་གི་བར་དུ་སྟོན་ཅིང་གསལ་བར་བྱེད་པས་ན་རབ་ཏུ་བྱེད་པའོ། །དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་ལས། གསང་བའི་གདན་གྱི་རིམ་པར་ཕྱེ་བ་གཉིས་པའོ།། །།

རིམ་པ་ཕྱེ་བ་གསུམ་པ།


DTG024_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནི་རླུང་ལ་གོམས་པར་བྱ་བ་དང༌། འབྱུང་བའི་ཁྱད་པར་རྣམས་ཀྱི་ཚད་མ་ལ་སོགས་པ་ཤེས་པར་བྱ་བའི་ཕྱིར། སྤྲེའུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྲེའུ་དང་འདྲ་བར་མི་གནས་པ་ཞེས་བྱ་བ་ནི་རླུང་དང་སེམས་ཏེ། རྟག་ཏུ་གཡོ་བའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །མཉམ་ཉིད་ཅེས་བྱ་བ་ནི་བརྟན་པར་གནས་པའོ། །གང་གིས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གང་གིས་སོ། །ལུས་ཀྱི་སྦྱོར་བའི་མཚན་ཉིད་རྣམས། །ཞེས་བྱ་བ་ནི་ལུས་ཀྱི་རླུང་དང༌། སེམས་མཉམ་པར་གཅིག་ཏུ་སྦྱོར་བའི་མཚན་ཉིད་དོ། །ཡང་ན་རིམ་པར་ཕྱེ་བ་ལྔ་པ་ལས། ཆུ་དང་མེ་དང་རླུང་རྣམས་ཀྱི། །ལུས་ཀྱི་ཚད་མ་ཅི་ཞིག་ལགས། །ཞེས་གསོལ་བ་བཏབ་པ། དེ་ཉིད་བཅོམ་ལྡན་འདས་ལ་དྲན་པ་བསླང་བའི་ཕྱིར། ལུས་ཀྱི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །ལན་གསུངས་པ། འབྱུང་བ་ཡི་ནི་ཁྱད་པར་དང༌། །གསང་བ་རྡོ་རྗེ་ཆེན་པོས་ཉོན། །ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་བའི་ཁྱད་པར་ཞེས་བྱ་བ་ནི་རླུང་ཕྱིར་རྒྱུ་བའོ། །


DTG024_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསང་བཞེས་བྱ་བ་ནི་རླུང་ནང་དུ་འཇུག་པའོ། །སེམས་དང་གཉིས་སུ་མེད་པ་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །སེམས་ནི་མཉམ་པར་གནས་པ་སྟེ། །ཞེས་བྱ་བ་ནི་སེམས་དང་གཉིས་སུ་མེད་པས་གནས་པའོ། །ཇི་ལྟར་ཞེན། ཉེ་བར་ཞི་ནས་ཀཱ་ལིར་འཇུག ། ཅེས་བྱ་བ་སྨོས་ཏེ། ཉེ་བར་ཞི་ཞེས་བྱ་བ་ནི་རླུང་ཕྱིར་འབྱུང་བའོ། །ཀཱ་ལི་ཞེས་བྱ་བ་ནི་ཤེས་རབ་པོ། །འཇུག་པ་ནི་དེའི་རང་བཞིན་དུ་གནས་པ་སྟེ། །རླུང་ཕྱིར་འབྱུང་བ་ཤེས་རབ་ཀྱི་རང་བཞིན་ནོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་རླུང་ནང་དུ་འཇུག་པ་ནི་ཐབས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་དག་གིས་ནི་འདི་སྐད་དུ་སེམས་ཉིད་རླུང་ལ་ཞོན་ཏེ། འབྱུང་བ་དང་འཇུག་པས་ན་རླུང་ཉིད་རྣམ་པར་ཤེས་པ་སྟེ། དབྱེར་མི་ཕྱེད་པ་ཡིན་ལ། དེས་ན་རླུང་གི་གཟུགས་ཀྱིས་ཕྱིར་ཕྱུང་སྟེ། ཕྱོགས་བཅུའི་བདུད་རྩི་བཟུང་ནས་སླད་འོངས་ཏེ། ཞུགས་ནས་སྙིང་གར་སེམས་ཉིད་དུ་གནས་ཤིང༌། དེ་བཞིན་དུ་ཡང་དང་ཡང་དུ་འབྱུང་བ་དང་འཇུག་པ་བསྒོམས་ནས་སེམས་ཀྱི་སེམས་དགའ་བར་བྱ་སྟེ། ཤེས་རབ་དང་ཐབས་ཀྱི་སྦྱོར་བས་གསང་བའི་གནས་སུ་གཟུང་བར་སྟོན་ཏོ། །དེ་སྐད་དུ་ཡང༌། རྟག་ཏུ་ཤེས་རབ་ཐབས་ཀྱིས་ནི། །དགའ་དང་བདེ་བས་འགྲུབ་པར་འགྱུར། །ཞེས་གསུངས་པའོ། །དེ་བས་ན་གང་གི་ཚེ་གོམས་པའི་མཐར་ཐུག་པ་ན། སྟོབས་བཅུ་ལ་སོགས་པ་དང་ལྡན་པར་འགྱུར་རོ་ཞེས་བླ་མའི་མན་ངག་ལས་གསུངས་སོ། །ད་ནི་ཆུ་ལ་སོགས་པའི་ཚད་མ་བསྟན་པའི་ཕྱིར། ལུས་ལས་ཞེས་བྱ་བ་སྨོས་ཏེ། སྤུ་རྣམས་སྐྱེ་བ་ཞེས་བྱ་བ་ནི་སྐྲ་ལ་སོགས་པའི་སྤུ་རྣམས་སྐྱེ་བ་སྟེ། ཆུའི་ཚད་མ་ཞེས་བྱ་བ་ཆུའི་རྟགས་སོ། །ཀུན་དུ་ཞེས་བྱ་བ་ནི་ལུས་ཀུན་དུ་ཆུས་ཁྱབ་པར་བསྒྲུབ་པའི་རྟགས་ཏེ། སྐྲ་ལ་སོགས་པའི་སྦུའི་མྱུ་གུ་ནི་སྣུམ་ཞིང་གཤེར་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཚུལ་ལུས་ནི་མ་ཡིན་ཏེ། །ཞེས་བྱ་བ་ནི་ཆུ་ལ་ལུས་སུ་སྒྲུབ་པའི་ཚད་མ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ལུས་ལ་ཆུ་ཡི་ཚད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཐམས་ཅད་ལ་ཆུ་ཡིས་ཁྱབ་ནས་


DTG024_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོད་པར་སྒྲུབ་པའོ། །ལྷག་མ་ནི་གོ་སླའོ། །ཆུ་དེ་ཡང་རྡོ་རྗེ་མའི་རང་བཞིན་ཡིན་པར་བསྟན་པའི་ཕྱིར། བློ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་ཞེས་བྱ་བ་ནི་ཆུའི་རང་བཞིན་ནོ། །ཡང་ཚད་མས་གྲུབ་པས་ན་ཚད་མའོ། །ལུས་ཀྱི་ཡན་ལག་ཅེས་བྱ་བ་ལ་སོགས་པ་ལ། ཁ་ཟས་སྨིན་པ་ཞེས་བྱ་བ་ནི་ཁ་ཟས་ཞུ་བ་སྟེ། དེ་ཉིད་ཀྱི་ལུས་ལ་དྲོ་བའི་རང་བཞིན་གྱིས་མེ་ཡོད་པའི་རྟགས་སོ། །བུ་ག་ཞེས་བྱ་བ་ལ་སོགས་པ་ལ་བུ་ག་སྣའི་སྒོ་ལ་སོགས་པའོ། །རླངས་པ་འདྲོ་བ་ཞེས་བྱ་བ་ནི་དབུགས་ཀྱི་རྒྱུ་བ་སྟེ། དེ་ཉིད་ནི་ལུས་ཐམས་ཅད་ལ་རླུང་གིས་ཁྱབ་པའི་ཚད་མའོ། །ས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཀུན་གྱི་གནས་ཡིན་ཏེ་ཞེས་བྱ་བ་ནི་ཆུ་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་རྟེན་དང་གནས་སུ་གྱུར་པ་སྟེ། གཞན་དུ་ན་ཆུ་ལ་སོགས་པ་ལུས་ལ་མི་དམིགས་པར་ཐལ་བར་འགྱུར་རོ། །འདི་ལ་དགོངས་ནས་རིམ་པར་ཕྱེ་བ་ལྔ་པ་ལས། འབྱུང་བ་གསུམ་གྱི་དངོས་སུ་དྲིས་པ་ཡིན་ནོ། །གཟུགས་སོགས་དབང་པོ་ཡོན་ཏན་ལྡན། །ཞེས་བྱ་བ་ནི། ཡུལ་དང་དབང་པོ་རྣམས་སའི་ཡོན་ཏན་དེས་ལ་བརྟེན་པའོ། །ཡོན་ཏན་དེ་དག་གིས་བརྒྱན་ཅིང་སྤྲས་པས་ན། གཙོ་བོ་ཞེས་བྱ་བའི་བར་དུའོ། །ཚད་མ་ཉེ་བར་བསྡུ་བའི་ཕྱིར། གཟུགས་ལ་སོགས་པ་སྣང་བས་ན། །ཞེས་བྱ་བ་སྨོས་ཏེ། བརྟེན་པའི་རང་བཞིན་གཟུགས་ལ་སོགས་པ་དང༌། ཆུ་ལ་སོགས་པ་དང༌། དབང་པོ་རྣམས་ལུས་ལ་སྣང་ཞིང་དམིགས་པའི་ཕྱིར་རྟེན་སའི་རང་བཞིན་ཡོད་པར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར། ས་ནི་ཚད་མའི་གནས་ཡིན་ནོ། །ཞེས་སྨོས་ཏེ། གཏན་ཚིགས་རྣམས་ཀྱི་རྟེན་དུ་སྟོན་པ་ཡིན་ནོ། །ཡོན་ཏན་ལྡན་པ་དེ་ཡི་ཕྱིར། །མཛེས་མ་ཞེས་བྱར་རབ་ཏུ་གྲགས། །ཞེས་བྱ་བ་ནི་སྒྲ་བསྒྲགས་པའོ། །ཡིད་ནི་ཞེས་བྱ་བ་ལ་སོགས་པ་ལ། ཐེ་ཚོམ་གཅོད་པ་ཞེས་པ་ནི་ས་ལ་སོགས་པའི་མཚན་ཉིད་ཤེས་པར་བྱེད་པའི་ཕྱིར་རོ། །བྱེད་པོ་སྡུད་པོ་ཟ་བོའང་ཡིན། །ཞེས་བྱ་བ་ནི་ལུས་ལ་སོགས་པའི་ལས་དགེ་བ་


DTG024_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་མི་དགེ་བ་དང་འདྲེན་མ་རྣམས་ཀྱི་བྱེད་པ་པོ་ཡང་ཡིན་ཏེ། དེས་དེ་དག་བྱེད་པའི་ཕྱིར་རོ། །སྡུད་པ་པོའང་ཡིན་ཏེ་དེས་དེ་དག་ལས་བཟློག་པའི་ཕྱིར་རོ། །ཟ་བ་པོ་ཡང་ཡིན་ཏེ། དེས་དེ་དག་གི་འབྲས་བུ་སྤྱད་པའི་ཕྱིར་རོ། །འདི་ནི་ཚད་མ་དེ་དག་གིས་ལུས་ལ་ཡིད་ཡོད་པར་དཔོག་པར་བྱེད་དོ། །གཞན་དུ་ན། ལས་དགེ་བ་དང་སྡིག་པ་ལ་སོགས་པ་ལ་འཇུག་པ་ལ་སོགས་པ་ལུས་ལ་མི་སྣང་བར་ཐལ་བར་འགྱུར་རོ། །གཏན་ཚིགས་གཉིས་པ་བསྟན་པའི་ཕྱིར། དབང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ཀུན་གྱི་སེམས་རྣམས་ཞེས་བྱ་བ་ནི། རྣམ་པར་ཤེས་པ་རྣམས་སོ། །མཚན་གཞི་ཞེས་བྱ་བ་ནི་ཡུལ་རྣམས་སོ། །མཚན་ཉིད་ཤེས་པར་བྱ་ཞེས་བྱ་བ་ནི་རྣམ་པར་ཤེས་པས་ཡུལ་རྣམས་ཁོང་དུ་ཆུད་པ་སྟེ། གཏན་ཚིགས་དེའི་ཕྱིར་རོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་དང༌། དབང་པོའི་རྒྱལ་པོ་ཞེས་བྱ་བའི་སྒྲ་བསྒྲུབ་པའི་ཕྱིར། དབང་རྒྱལ་ཉེར་སྤྱོད་ལོངས་སྤྱོད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་ལོངས་སྤྱོད་ཅེ་ན། བདེ་བ་རྣམས་ཏེ། བདེ་བ་ལ་སོགས་པ་རྣམས་ལའོ། །དེ་ཅིའི་ཕྱིར་ཞེ་ན། ཡུལ་ལ་སོགས་པའི་ཉེར་སྤྱོད་ཀྱིས་ཏེ་ཡུལ་དང་དབང་པོ་ཉེ་བར་སྤྱོད་པའི་བདེ་བ་ལ་སོགས་པ་རྣམས་ཉམས་སུ་མྱོང་བའི་ཕྱིར། ལུས་ལ་ཡེ་ཤེས་བསྟེན་པར་བྱ། །ཞེས་བྱ་བ་ཡོད་པར་རྗེས་སུ་དཔག་པ་ལ་དབང་པོའི་རྒྱལ་པོ་ཞེས་ཀྱང་བྱའོ་ཞེས་བྱ་བར་དགོངས་སོ། །ད་ནི་དེ་དག་ཐམས་ཅད་རྣམ་པར་ཤེས་པ་ཉིད་དུ་འདུ་བའི་ཚད་མ་བསྟན་པའི་ཕྱིར། སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཆུ་ནི་གཞན་ཡིན་ན། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལས་ཐ་དད་པའོ། །ཅི་ཕྱིར་ཤི་ན་ཆུ་མི་འབྱུང༌། །ཞེས་བྱ་བ་ནི། གནོད་པ་ཅན་གྱི་ཚད་མ་བསྟན་པ་སྟེ། ཤིན་ཞེས་བྱ་བ་ནི་ཤི་བའི་ལུས་ལའོ། །ཆུ་མི་འབྱུང་ཞེས་བྱ་བ་ནི་མི་དམིགས་པའོ། །ཅིའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཚིག་སྟེ། དམིགས་པ་ཁོ་ནར་ཐལ་བར་འགྱུར་


DTG024_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རོ་ཞེས་བྱ་བར་དགོངས་སོ། །ཡེ་ཤེས་བྲལ་བའི་ལུས་ལ་ནི། །ཞེས་བྱ་བ་ནི་ཤི་བའི་ལུས་ལའོ། །སེམས་ཀྱི་དབུགས་ནི་རྒྱུ་བ་མེད། །ཅེས་བྱ་བ་ནི་རྣམ་པར་ཤེས་པ་གཡོ་བར་བྱེད་པའི་རླུང་གི་རྒྱུ་བ་མི་དམིགས་པའོ། །ཆུ་ཡི་ནང་དུ་འབྱིང་མི་འགྱུར། །ཞེས་བྱ་བ་ནི་ཤི་བའི་ལུས་ལ་སའི་མཚན་ཉིད་ལྕི་བ་ཉིད་མེད་པར་བསྒྲུབ་པའི་གཏན་ཚིགས་སོ། །ཉེ་བར་བསྡུ་བ་བསྟན་པའི་ཕྱིར། །ལུས་ལ་ཚད་མ་ལྔ་ཡོད་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་དང་བཅས་པའི་ལུས་ལ་ཚད་མ་ལྔ་སྣང་བའི་ཕྱིར། རྣམ་པར་ཤེས་པའི་རྩ་བར་འདུས་པའོ་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་གཅིག་ཏུ་ཤེས་བྱས་ནས། །རྣལ་འབྱོར་བ་ཡིས་འགྲོ་བ་བརྟག །ཅེས་བྱ་བ་ལ་སོགས་པའི་དོན་ཆོས་ཐམས་ཅད་རྣམ་པར་ཤེས་པའི་རང་བཞིན་དུ་ཤེས་པར་བྱས་ལ། དེའི་རང་བཞིན་ཤེས་པར་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་བསྟེན་པར་བྱའོ་ཞེས་བྱ་བ་ཡིན་ནོ། །ཡུལ་དང་དབང་པོའི་ཡེ་ཤེས་ནི། །གཟིར་དང་བཅས་པས་སྡོམ་པར་འགྱུར། །ཞེས་བྱ་བ་ནི་འཁོར་བར་འཆིང་བའི་རྣམ་པར་ཤེས་པ་འགྲོ་བ་བརྟག་པ་ཡིན་ཏེ། ཡུལ་རྣམས་ལ། དབང་པོ་དང་ཤེས་པའི་འཇུག་པ་གཟིར་བ་དང་བཅས་པས་བསྡམས་ནས་འཁོར་བར་འཆིང་ངོ་ཞེས་བྱ་བའི་དོན་ཏོ། །གཟིར་བ་ཞེས་བྱ་བ་ནི་བརྟུལ་ཞུགས་དང་དཀའ་ཐུབ་ལ་སོགས་པས་ལུས་དང་སེམས་ལ་གདུང་བའོ། །འོ་ན་བསྡམས་པ་གང་གིས་འཁོར་བ་ལས་རྒྱལ་བར་འགྱུར་ཞེ་ན། སྒོད་སྐྱེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབུས་སུ་གནས་པ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་སྟེ་སྙིང་ག་ན་གནས་པའི་ཕྱིར་རོ། །སྒོང་སྐྱེས་ཞེས་བྱ་བ་ནི་དེའི་གནས་སྒོ་ང་སྟེ། སྒོ་ང་འདྲ་བའི་སྙིང་ཁྲག་གི་གནས་སུ་བཅིང་བའོ། །བསྡམ་པའི་སྦྱོར་བ་གསུངས་པ། འབྱུང་དང་འབྱུང་མིན་སེམས་ཀྱིས་ནི། །གཡོ་བའི་དངོས་པོ་བསྐོར་བར་བྱ། །ཞེས་བྱ་བ་ལ། འབྱུང་དང་འབྱུང་མིན་ཞེས་བྱ་བ་ནི། དབུགས་འབྱུང་བ་དང་འཇུག་པའོ། །སེམས་ཞེས་བྱ་བ་ནི་སེམས་དང་བཅས་པའོ། །གཡོ་བའི་དངོས་ཞེས་བྱ་བ་ནི། རླུང་དང་རྣམ་


DTG024_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་ཤེས་པ་ནི་མི་བརྟན་པ་སྟེ། བཅིང་བར་བྱ་ཞེས་བྱ་བ་དང་སྦྱར་རོ། །ཅིས་ཤེ་ན། བསྐོར་བ་སྟེ། འབྱུང་བ་དང༌། འབྱུང་མིན་གྱི་རླུང་ལ་གོམས་པས་སོ། །བཅིང་བ་ཞེས་བྱ་བ་ལ་སོགས་པ་ལ། པདྨའི་སྟན་ཞེས་བྱ་བ་ནི་བདེ་བའི་སྟན་ཏེ། སྙིང་གའི་པདྨ་དང་ཆོས་འབྱུང་བའི་པདྨ་ལའོ། །དེའི་ཕྱིར་ཞེས་བྱ་བ་ནི་དེའི་རྒྱུ་མཚན་ཏེ། སྟོང་པ་ཉིད་ལ་སོགས་པ་སྔོན་དུ་འགྲོ་བའི་ཏིང་ངེ་འཛིན་ཏོ། །རྣམ་ཤེས་རང་བཞིན་མཚོན་པར་བྱ་བ་ནི་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་ཤེས་པར་བྱའོ། །ལྷའི་རྣལ་འབྱོར་དུ་ཇི་ལྟར་འགྱུར་ཞེ་ན། རང་བཞིན་ཞེས་བྱ་བའི་དངོས་པོ་ཞེས་བྱ་བ་སྨོས་ཏེ། ཐབས་དང་ཤེས་རབ་འབྲེལ་པས་ལྷའི་རྣལ་འབྱོར་དངོས་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་རླུང་འབྱུང་འཇུག་ལ་གོམས་པར་བྱ་བའི་ཆོ་ག་གསུངས་པ། ལྟེ་བར་ཞེས་བྱ་བ་ལ་སོགས་པ་སྟེ། ལྟེ་བར་ཆུ་ཤིང་མེ་ཏོག་ནི། །ཞེས་བྱ་བ་ནི་བསྒོམ་པར་བྱ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ནས་ནི་ལྟེ་བར་ཆུ་ཤིང་གི་མེ་ཏོག་ལྟ་བུའི་པདྨ་ལ། ཡི་གེ་ཨ་བསྒོམ་མོ་ཞེས་བྱ་བར་སྟོན་ཏོ། །སྙིང་གར་ཡང་ནི་བསྒྲེང་སྟེ་གནས། །ཞེས་བྱ་བ་ནི་དེའི་སྟེང་སྙིང་གར་ཡང་ཁ་འོག་ཏུ་བལྟས་པའི་པདྨ་འདབ་མ་བརྒྱད་པ་ལྟ་བུའོ།། རྟག་ཏུ་སྟོང་པའི་སྒོ་ཡིན་ཏེ། །ཞེས་བྱ་བ་ནི་པདྨའི་ཁ་ཅུང་ཟད་བྱེ་བའོ། །མཁས་པས་རྟག་ཏུ་བཟློག་པར་བྱ། །ཞེས་བྱ་བ་ནི་ཁ་འོག་ཏུ་བལྟས་པར་སྟོན་པའོ། །ལྷག་མ་ནི་གོ་སླའོ། །ཡེ་ཤེས་རྣམ་ཤེས་སྦྱོར་བ་སྟེ། ཞེས་བྱ་བ་ནི་སྟེང་གི་པདྨ་དེའི་གནས་སུ་ཧཱུཾ་བྲི་བའོ། །སྦྱོར་བ་ཡི་ནི་ཤར་ཕྱོགས་ཆར། །དེ་དང་མཐུན་པའི་སོར་དྲུག་པ། །ཞེས་བྱ་བ་ལ། སྦྱོར་བ་ཞེས་བྱ་བ་ནི་ལྟེ་བའི་པདྨའོ། །ཤར་ཕྱོགས་ཞེས་བྱ་བ་ནི་དེའི་སྟེང་གེ་ཆར་རོ། །སོར་དྲུག་པ་ཞེས་བྱ་བ་ནི་མེའི་འོད་ཟེར་ཞེས་བྱ་བ་ལྷག་མ་ཡིན་ཏེ། མེའི་འོད་ཟེར་སྟེང་དུ་སོར་དྲུག་ཏུ་འབར་བའོ། །དེ་དང་མཐུན་པ་ཞེས་བྱ་བ་ནི་སྙིང་གའི་པདྨ་ལ་ཕན་པའོ། །མདུད་པ་ཡི་ནི་ནུབ་ཕྱོགས་ཆར། །ཞེས་བྱ་བ་ནི། ལྟེ་བའི་མདུད་པའི་འོག་ཏུའོ། །སོར་ལྔ་པ་ནི་སྔ་མ་བཞིན་ནོ། །ཞིང་དེ་ལ་ནི་ས་བོན་དང༌། །འོད་ཟེར་ཚོགས་ཀྱིས་མྱུ་གུ་འབར། །ཞེས་བྱ་བ་ནི།


DTG024_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟར་ས་གཞི་ལ་ས་བོན་དང་མྱུ་གུ་སྐྱེ་བ་ལྟར་ལྟེ་བའི་མདུད་པའི་ས་གཞི་ལས་ཡི་གེ་ཨཾ་གི་ས་བོན་གྱི་མེའི་མྱུ་གུ་སོར་དྲུག་ལ་སོགས་པར་འབར་བའོ། །ས་བོན་དེ་ཡི་འོད་ཟེར་གྱིས། །ཆུ་ཤིང་ལྟ་བུར་བསྐོར་བར་བྱ། །ཞེས་བྱ་བ་ནི་སྟེང་གི་པདྨའི་ས་བོན་གྱི་ཡི་གེ་ཧཱུཾ་ཡང་འོད་ཟེར་དང་བཅས་པ་བསྒོམ་པའོ། །ཁ་ཅིག་ན་རེ། ལྟེ་བར་ཆུ་ཤིང་མེ་ཏོག་གནས། །ཞེས་བྱ་བ་ནི་སྙིང་གའི་པདྨ་སྟེ། དེ་ཡང་ཆུ་ཤིང་གི་མེ་ཏོག་སྔར་ཁ་ཅུང་ཟད་ཕྱེ་ཞིང༌། ཁ་འོག་ཏུ་བལྟས་ལ་ལྟེ་བའི་སྟེང་དུ་ལྟེ་བ་དང་ཉེ་བར་གནས་པ་ན། ལྟེ་བར་གནས་པ་ཞེས་བྱའོ། །གེ་སར་དང་ནི་ལྡན་པ་སྟེ། དེ་ཡང་འདབ་མ་བརྒྱད་པ་ཡིན་ལ་དེའི་དབུས་སུ་གནས་པའི་ཡི་གེ་ཨཾ་གི་འོད་ཟེར་གྱིས་སྙིང་གའི་པདྨ་ཁ་ཅུང་ཟད་ཕྱེ་བ་ཡིན་ནོ། །ལྷག་མ་ནི་སྔར་བཤད་པ་ཡིན་ནོ་ཞེས་ཟེར་རོ། །ཡི་གེ་ཨཾ་གི་འོད་ཟེར་ཕྲ་མོས་སྙིང་གའི་པདྨར་གནས་པའི་ཡི་གེ་ཧཱུཾ་ལ་བསྐུལ་བ་བསྟན་པའི་ཕྱིར། རྒྱས་པ་ལྔ་ཡི་ས་བོན་ལ། །ལྟོ་བའི་འོག་ནས་དགས་པར་བྱ། །ཞེས་བྱ་བ་སྨོས་ཏེ། རྒྱས་པ་ལྔའི་ས་བོན་ནི་ཡི་གེ་ཧཱུཾ་ངོ༌། །ལྟོ་བའི་འོག་ཅེས་བྱ་བ་ནི་ལྟེ་བ་ན་གནས་པའོ། །བཀས་པ་ཞེས་བྱ་བ་ནི་པདྨ་ཅུང་ཟད་ཁ་ཕྱེ་ཞིང་ཧཱུཾ་ལ་བསྐུལ་བའོ། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཞེས་བྱ་བ་ནི། པདྨ་གཉི་གའི་འདབ་མ་བརྒྱད་པའོ། །དེ་ལ་འོག་གི་པདྨའི་ཤར་ལ་སོགས་པའི་འདབ་མ་རྣམས་ལ་གཡོན་སྐོར་གྱིས་རིམ་བཞིན་སུཾ་ཀྵུཾ་ཡུཾ་ཧཱུཾ་ཞེས་བྱ་བ་བཞི་བྲིའོ། །དབུས་སུ་ནི་ཨཾ་ངོ༌། །དབང་ལྡན་ལ་སོགས་པའི་མཚམས་སུ་ཡྨྲཾ་ཧྨྲཾ་སྨྲཾ་ཀྵྨཾ་སྟེ་བཞི་བྲིའོ། །མུ་ཁྱུད་ཀྱི་ཆ་ལ་ནི་རྀ་རཱྀ་ལྀ་ལཱྀ་རྣམས་བྲིའོ། །སྟེང་གི་པདྨ་ལ་ཡང་དེ་ཁོ་ན་བཞིན་བྲི་བར་བྱ་སྟེ། ཁྱད་པར་དུ་དབུས་སུ་ནི་ཧཱུཾ་བྲི་བའོ། །དེ་ནས་ཨཾ་གི་འོད་ཟེར་གྱིས་ཧཱུཾ་ལས་བསྐུལ་ནས་དེའི་བདུད་རྩིའི་རྒྱུན་གྱིས་སྟེང་འོག་གི་ལུས་ཐམས་ཅད་བཀྲུ་བར་ཡུ་ཡུ་ཡུ་ཪྻུ་བསྟན་པའི་ཕྱིར། བ་ལང་རྨིག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་རྨིག་པ་ཞེས་བྱ་བ་ནི་ལུས་སོ། །སྒོ་དགུ་རུ་ནི་ཞེས་བྱ་བ་ནི་སྒོ་དགུ་པོ་ཐམས་ཅད་དགང་བའོ། །འོད་འབར་སྤུ་ཡི་ཁོང་ནས་འཕྲོ། །ཞེས་བྱ་བ་ནི། ཡེ་


DTG024_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་རྣམ་ཤེས་ས་བོན་ནི་ཧཱུཾ་ངོ༌། །དེ་ནས་བ་སྤུའི་བུ་གནས་བདུད་རྩི་ཆུ་རྒྱུན་ཕྱུང་ལ། ལུས་ཐམས་ཅད་བཀྲུ་བའོ། །བཟླས་པ་བསྟན་པའི་ཕྱིར། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་རྣམ་ཤེས་ས་བོན་ནི་ཧཱུཾ་ངོ༌། །དེ་ལ་གང་གི་ཚེ་རླུང་ཕྱིར་འགྲོ་བའི་ཚེ་ཨཾ་གི་འོད་ཟེར་གྱིས་ཧཱུཾ་ལ་བསྐུལ་ཞིང་རླུང་ནང་དུ་འཇུག་པའི་ཚེ། ཧཱུཾ་གི་ཆུ་རྒྱུན་གྱིས་ལུས་ཐམས་ཅད་བཀང་ལ། དབུགས་འབྱུང་བ་དང༌། འཇུག་པའི་དུས་དེར་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་ཨཾ་ཧཱུཾ་གཉིས་བཟླས་པར་བྱའོ། །དེ་ལྟར་དུས་རྟག་ཏུ་གནས་སྐབས་ཀུན་དུ་གོམས་པར་བྱ་བ་བསྟན་པར་བྱ་བའི་ཕྱིར། འགྲོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏཻ་ཟླས་ལ་ཉེ་བར་སྤྱོད་པ་ན་ཡང་མི་འདོར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །ད་ནི་གོང་དུ་འཕོ་བ་བསྟན་པའི་ཕྱིར། གོང་དུ་འཕོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐིག་ལེ་ཞེས་བྱ་བ་ནི་སྨིན་མའི་དབུས་སུའོ། །ཆུ་ཞེས་བྱ་བ་ནི་རྡོ་རྗེའི་སྒོའོ། །ཆུ་མིན་ཞེས་བྱ་བ་ནི་བཤད་བའི་སྒོའོ། །ལྟེ་བ་འདོད་ཅན་མཐོ་རིས་ཏེ། ཞེས་བྱ་བ་ནི་གལ་ཏེ་ལྟེ་བའི་ལམ་ནས་རྣམ་པར་ཤེས་པ་འགྲོ་ན་དེའི་ཚེ་འདོད་པའི་ཁམས་ཀྱི་ལྷར་འགྱུར་བའོ། །ཐིག་ལེའི་གཟུགས་ཀྱི་ལུས་ཅན་ཞེས་བྱ་བ་ནི་གཟུགས་ཁམས་ཀྱི་ལྷར་སྐྱེ་བའོ། །སྟེང་ནས་ཞེས་བྱ་བ་ནི། གསེར་གྱི་སྒོ་ནས་སོ། །སྟེང་གི་གནས་ཞེས་བྱ་བ་ནི་བླ་མའི་གནས་སུ་སྟེ། འདིར་ཡང་དམྱལ་བ་དང་འདྲ་བར་མྱུར་བར་སྐྱེ་བར་ཤེས་པར་བྱའོ། །སྲིད་པའི་སྐྱེ་སྒོ་ཞེས་བྱ་བ་ནི་ཁའོ། །སྒོ་རྣམས་ཀྱི་ནི་བྱེ་བྲག་ལས། །ཞེས་བྱ་བ་ལ་སོགས་པའི་དོན་ནི་སྒོའི་བྱེ་བྲག་གིས་འགྲོ་བའི་བྱེ་བྲག་གིས་གྱ་ནོམ་པ་མ་ཡིན་པར་ཕྱེ་བ་དེ་བས་ན། རྣལ་འབྱོར་པས་གོང་དུ་འཕོ་བའི་ཏིང་ངེ་འཛིན་གོམས་པར་བྱས་ལ། གང་གི་ཚེ་ནུས་ཤིང་དུས་ལ་བབ་པ་ན་ལམ་བཟང་པོ་ནས་རྣམ་པར་ཤེས་པ་བཏང་ངོ་ཞེས་བྱ་བ་ཡིན་ནོ། །རིམས་ལ་སོགས་པས་མ་ཕོག་པར། །ཞེས་བྱ་བ་ནི། རིམས་ལ་སོགས་པས་ཕོག་པ་ན། གོང་དུ་འཕོ་བའི་སྦྱོར་བ་མི་ནུས་པའི་ཕྱིར་དང༌། འཇིག་རྟེན་པས་བརྙས་པའི་ཕྱིར་དུས་ཟད་པ་ལས་ཟླ་བ་དྲུག་གི་གོང་རོལ་དུ་སྟོན་ཏོ། །


DTG024_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔོན་དུ་བུམ་པ་བརྩམས་པ་ཡིས། །ཞེས་བྱ་བ་ནི། སྔོན་དུ་དབུགས་བུམ་པ་ཅན་ལ་གོམས་པར་བྱ་བའོ། །རྒྱས་པ་ལྟ་ཞེས་བྱ་བ་ནི། ཡི་གེ་ཧཱུཾ་སེར་པོའོ། །མཆོད་རྟེན་གྱི་སྒོ་ཞེས་བྱ་བ་ནི་སྨིན་མའི་དབུས་སུའོ། །འོག་ཏི་སྒོ་ཞེས་བྱ་བ་ནི། དེའི་འོག་ཏུའོ། །ཆུའི་ས་བོན་ཞེས་བྱ་བ་ནི་ཡི་གེ་སུཾ་ངོ༌། །ཆུ་དང་ཆུ་མིན་སྒོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། མེའི་ས་བོན་ཞེས་བྱ་བ་ནི་ཀྵུཾ་ངོ༌། །སྒོ་རྣམས་ཐམས་ཅད་ཀྱི་སྒྲས་ནི་གཞན་ཡང་གསེར་གྱི་སྒོ་ནི་ཀྵུཾ་ངོ༌། །མིག་གཉིས་སུ་ནི་ཧཱུཾ་སྔོན་པོའོ། །རྣ་བ་དང་སྣ་དག་ལ་ནི་ཡུཾ་དམར་པོའོ། །ཁར་ནི་སུཾ་དཀར་པོའོ། །ལུས་ནི་རླུང་གི་མདོག་ཏུ་སྟེ། །ཞེས་བྱ་བ་ནི་མདོག་སྔོན་པོར་བྱའོ། །སེམས་ནི་རླུང་གི་དཀྱིལ་འཁོར་ལ། །ཞེས་བྱ་བ་ནི་སྙིང་གར་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་བསྒོམ་པའོ། །རྩ་བར་རླུང་གི་ས་བོན་ནི། །ཞེས་བྱ་བ་ལ་སོགས་པའི་དོན་ནི། རླུང་གི་དཀྱིལ་འཁོར་གྱི་སྟེང་འོག་གཉིས་སུ་ཡི་གེ་ཡུཾ་གཉིས་བྲི་པའོ། །རྡོ་རྗེའི་ས་བོན་ཞེས་བྱ་བ་ནི་སུཾ་ངོ༌། །དྲག་མོའི་ས་བོན་ཞེས་བྱ་བ་ནི་ཀྵུཾ་ངོ༌། །ལྕགས་ཀྱུ་ལ་སོགས་ཞེས་བྱ་བ་ནི་ས་བོན་ཧི་ཀ་སྟེ། སྦྱར་བར་བྱ་ཞེས་བྱ་བ་ལ། ས་བོན་ཧི་ནི་ས་བོན་ཡུཾ་འོག་ཏུ་བྲི་བའོ། །ཀ་ནི་ཡུཾ་གོང་མའི་འོག་ཏུའོ། །ཉི་ཤུ་རྩ་གཅིག་དབུགས་རྣམས་ཞེས་བྱ་བ་ནི་གོམས་ཀྱི་འོག་ཏུ་ལན་ཉི་ཤུ་རྩ་གཅིག་སྦྱར་བ་སྟེ། དེས་འཕོ་བར་འགྱུར་རོ། །གནས་ནས་དྲག་མོས་དྲང་བར་བྱ། །ཞེས་བྱ་བ་ལ། དྲག་མོ་ཞེས་བྱ་བ་ནི་ཡི་གེ་ཨཾ་སྟེ། གནས་ནས་དྲངས་ཞེས་བྱ་བ་ནི་དེའི་འོད་ཟེར་གྱིས་སྙིང་གའི་རླུང་དང་སེམས་གྱེན་དུ་འཕུལ་པའོ། །གནས་དང་གནས་ནས་ཞེས་བྱ་བ་ནི་སྙིང་ག་དང༌། མགྲིན་པ་ལ་སོགས་པ་སྟེང་དུ་ཕུལ་བའོ། །ཡང་ན་གནས་ན་གནས་པ་ཞེས་བྱ་བའི་སྟེ། ཡན་ལག་ཀུན་ལ་གནས་པའོ། །སྟེང་གེ་ས་བོན་སྨིན་པ་ལ། །ཞེས་བྱ་བ་ནི་སྐྲ་དཀར་བཅིང་བ་སྟེ། འོག་ནས་བཤད་པར་བྱའོ། །ཡི་གེ་ཕྱེད་དང་གཉིས་ཀྱིས་སྦྱང༌། །ཞེས་བྱ་བ་ནི། ས་བོན་ཧི་ཀ་བཟླས་པའོ། །ཁ་ཅིག་ནི་ས་བོན་ཨ་དན་ཧཱུཾ་ཡིན་ནོ་ཞེས་ཟེར་རོ། །དྲག་མོའི་ད་རོ་བརྗོད་པ་སྟེ། །ཞེས་བྱ་བ་ནི། འོག་ནས་རླུང་གིས་བསྐྱོད་པའི་ས་བོན་ཨཾ་གི་འོད་ཟེར་གྱིས་སྙིང་གའི་ཧཱུཾ་ལ་བསྣུན་པའོ། །བརྒྱད་ཀྱི་མཐའ་ཞེས་བྱ་བ་ནི་ཧའོ། །སྡེ་ཚན་


DTG024_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་པོའི་དང་པོ་ཞེས་བྱ་བ་ནི་ཀའོ། །ང་རོ་དྲག་མོ་ཞེས་བྱ་བ་ནི་ཨིའོ། །གཉིས་པ་ལྟར་ན་ང་རོ་དྲག་མོ་ནི་བཤད་ཟིན་ཏོ། །དེ་ཉིད་སྡེ་ཚན་དང་པོའི་དང་པོའོ། །བརྒྱད་ཀྱི་མཐའ་ཞེས་བྱ་བ་ནི་ཧཱུཾ་ངོ༌། །ལྷག་མ་ནི་བཤད་ཟིན་ཏོ། །དེ་ལ་དང་པོར་སྟོང་པ་ཉིད་བསྒོམ་པ་ལ་སོགས་པ་སྔོན་དུ་འགྲོ་བས་འོག་ནས་འབྱུང་བའི་ལྷའི་རྣལ་འབྱོར་བྱས་ལ་ཧཱུཾ་ལ་སོགས་པས་སྒོ་དགུ་པོ་བཅིངས་ཏེ། སྔར་སྨོས་པ་ལྟར་ཡི་གེ་རྣམས་རིམ་གྱིས་བཀོད་ལ། རླུང་སྟེང་དུ་འགྲོ་བའི་ཚེ་རླུང་གིས་བསྐྱོད་པའི་ལྟེ་བ་ལ་གནས་པའི་ས་བོན་ཨཾ་གི་འོད་ཀྱིས་སྙིང་གའི་ཧཱུཾ་ལ་བསྣུན་ཏེ། རླུང་དང་བཅས་པ་མགྲིན་པ་ནས་མགོའི་བར་དུ་ཕུལ་ལ། རླུང་འོག་ཏུ་འཇུག་པའི་ཚེ་ནི་སླར་འོངས་པར་བསམ་མོ། །ཁྱད་པར་དུ་རླུང་འོག་ཏུ་འཇུག་པའི་ཚེ། ས་བོན་ནི་ཧི་ཀའི་གནས་སྔ་མ་ལས་བཟློག་པར་བྱའོ། །བཟླས་བརྗོད་ཀྱང་ས་བོན་ཧི་ཀ་ཉིད་བཟླས་པར་བྱ་སྟེ། དེ་ལྟར་ལན་ཉི་ཤུ་རྩ་གཅིག་ཏུ་གོམས་པར་བྱས་ན་ངེས་པར་འཕོ་བར་འགྱུར་ཏེ། སྒོ་གང་ནས་འདོད་པ་ནས་རྣམ་པར་ཤེས་པ་འཕོ་བར་འགྱུར་རོ། །སྐྲ་དཀར་བཅིང་བའི་ཆོ་ག་བཤད་པའི་ཕྱིར། གོང་ནས་དེ་བཞིན་སྟོང་གཞན་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོང་ཞེས་བྱ་བ་མགོའི་ནང་གི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའོ། །སྟེང་གཞན་ཞེས་བྱ་བ་ནི་དེར་ཡི་གེ་ཧཾ་སྔོན་པོ་ཁ་ཐུར་དུ་བལྟས་བ་བྲི་བའོ། །དེ་བཞིན་ཞེས་བྱ་བ་ནི། ལྟེ་བར་བསྒོམས་པའི་ཡི་གེ་ཨཾ་གི་འོད་ཟེར་གྱིས། ཧཾ་ལ་བསྐུལ་ནས་བདུད་རྩིའི་ཆུ་རྒྱུན་དབབ་པ་སྟེ། འདིས་ངེས་པར་སྐྲ་དཀར་བཅིངས་པར་འགྱུར་རོ། །སྟེང་གི་རྩ་བ་བཟའ་བར་བྱ། །ཞེས་པས་ནི། ཕྱི་རོལ་གྱི་སྦྱོར་བ་བསྟན་པ་ཡིན་ཏེ། ལུང་སྐམ་དང༌། ཟླ་མཚན་དང༌། ཁུ་བར་བཅས་པ་ཟོས་ན་འདིས་སྐྲ་དཀར་བཅིང་བར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །ཇི་ལྟར་འདམ་ནས་སྐྱེས་པ་ཡི། །པདྨ་དྲི་མེད་ཡིད་འོང་བ། །ཞེས་བྱ་བ་ནི། པདྨ་ལ་ཆུ་དང་འདམ་དང་ཉ་ལྕིབས་ལ་སོགས་པས་མ་གོས་པ་ལྟར་ཡེ་ཤེས་ཀྱི་ལུས་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །རྣལ་འབྱོར་བསྒྲུབ་པའི་ཁྱད་པར་གྱིས། །ཞེས་བྱ་བ་ལ་སོགས་པས་ནི། ལྷའི་རྣལ་འབྱོར་བསྟན་ཏེ། དེ་དག་གི་དོན་ཡང་གོ་བར་ཟད་དོ། །འཕོ་བའི་རྣམ་པ་གཞན་


DTG024_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟན་པའི་ཕྱིར། དེ་ནས་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་ཞེས་བྱ་བ་ནི་གཞན་ཏེ། སྔར་བསྟན་པ་ལས་གཞན་པའོ། །གནས་གཉིས་ཞེས་བྱ་བ་ན། ལྟེ་བ་དང་སྙིང་གའི་གནས་གཉིས་ཏེ། བསམ་པར་བྱ་བ་ནི་འོག་ནས་འབྱུང་བ་ལྟར་བསམ་པའོ། །དེ་ཉིད་གསུངས་པ། རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་སྙིང་གའི་ཡི་གེ་ཧཱུཾ་ངོ༌། །དེ་ཡིས་བོན་དམར་པོར་དགོད། །ཅེས་བྱ་བ་ནི། ལྟེ་བའི་ས་བོན་ཨཾ་དམར་པོའོ། །འབྱུང་བ་འབྱུང་མིན་ཞེས་བྱ་བ་ནི་དབུགས་འབྱུང་བ་ལ་རྣམ་པར་ཤེས་པའི་ས་བོན་མགོའི་ནང་དུ་གཞུག་པའོ། །འཇུག་པ་འཇུག་པ་མིན་པས་བཟླས། །ཞེས་བྱ་བ་ནི་དབུགས་འཇུག་པ་ལ་སླར་བཟློག་པའོ། །བཟླས་པ་ནི་གོམས་པར་བྱ་བའོ། །ཡང་ན་འབྱུང་བ་དང་འཇུག་པ་ལ་དེ་ལས་བཟློག་པའི་ས་བོན་ཧི་ཀ་མགྲིན་པའི་མཚམས་སུ་བཟླ་བའོ། །དེ་དག་གིས་ནི་འདི་སྐད་དུ། ལྟེ་བར་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨཾ་དམར་པོ་ཉི་མའི་མདོག་ལྟ་བུ་བསམས་ལ། སྙིང་གའི་པདྨ་ལ་ཧཱུཾ་སྔོན་པོ་ཁ་ཐུར་དུ་བལྟས་པ་བསྒོམས་ལ། རླུང་འབྱུང་བའི་ཚེ། ཆུ་ཤིང་གི་མེ་ཏོག་རླུང་གིས་བསྐྱོད་པ་ལྟར། པདྨ་དང་བཅས་པའི་ཡི་གེ་ཧཱུཾ་ཁ་གྱེན་ཀར་བལྟས་ཏེ། མགོའི་ནང་དུ་ཕུལ་ལ། རླུང་འཇུག་པའི་ཚེ་སླར་དགུག་ཕར་བྱའོ། །དེ་ལྟར་ཡང་དང་ཡང་དུ་གོམས་པར་བྱས་པ་ལས་ཚེགས་མེད་པར་འཕོ་ཞེས་བསྟན་པར་འགྱུར་རོ། །ད་ནི་ནང་གི་ལས་ཀྱི་སྦྱོར་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །སྒྲུབ་པ་པོ་ཡིས་རྣམ་པར་སྤྲུལ། །ཞེས་བྱ་བ་ནི། སྒྲུབ་པ་པོའི་ཕྱིར་སྤྲུལ་པའོ། །གང་ཞེ་ན། ཕ་རོལ་སེམས་དང་རྗེས་མཐུན་པར། །ཞེས་བྱ་བ་སྨོས་ཏེ། འདི་དག་གི་དོན་ནི་རང་གི་ལྟེ་བར་ཡི་གེ་ཨཾ་དམར་པོ་མེ་དང་རླུང་ལ་གནས་པ་བསམས་ནས་བསྒྲུབ་བྱའི་སྙིང་གར་ཧཱུཾ་དམར་པོ་བསྒོམས་ལ། ཨཾ་གི་འོད་ཟེར་རང་གི་སྣ་བུག་གཡས་ནས་ཕྱུང་ལ། བསྒྲུབ་བྱའི་སྣ་སྒོ་གཡོན་པར་ཞུགས་ལ་སྙིང་གི་རྣམ་ཤེས་བཟུང་ལ། དེའི་སྣ་སྒོ་གཡས་ནས་བྱུང་ནས། བདག་གི་སྣ་སྒོ་གཡོན་ནས་ཞུགས་ཏེ། མེའི་ནང་དུ་བསྲེག་པར་བསྒོམ་མོ། །དེ་


DTG024_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྟར་ཡང་དང་ཡང་བཟླས་པས་ཕ་རོལ་གྱི་སེམས་ཤེས་པར་ཡང་འགྱུར་ལ། ཇི་སྲིད་མ་ཤིའི་བར་དུ་ལྐུགས་ཏེ་གནས་པར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །ལྷག་མ་ནི་གོ་སླའོ། །གསང་བའི་གདན་ཞེས་བྱ་བ་ལ་སོགས་པ་ལ། གཞུང་འདིས་རླུང་ལ་གོམས་པར་བྱ་བ་དང་ཆུ་ལ་སོགས་པ་ལུས་ལ་གནས་པར་རྗེས་སུ་དཔོག་པ་ལ་སོགས་པ་གསལ་བར་སྟོན་པར་བྱེད་པས་ན་རབ་ཏུ་བྱེད་པའོ། །དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་ལས། གསང་བའི་གདན་གྱི་རིམ་པར་ཕྱེ་བ་གསུམ་པའོ།། །།

རིམ་པ་ཕྱེ་བ་བཞི་པ།


DTG024_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་གསང་བ་ལས་ཀྱང་གསང་བ་བསྟན་པའི་ཕྱིར། གསང་བའི་གདན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕལ་ཆེར་གོ་སླའོ། །རྣམ་པར་ཤེས་པ་གཟུང་བའི་རྣམ་པ་གཞན་བསྟན་པའི་ཕྱིར། ཡིད་དུ་འོང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་མཁའ་འགྲོ་མའི་རྣལ་འབྱོར་བསྟན་ཏོ། །དབུས་སུ་བསྒོམ་བྱ་ཞུ་བའི་གཙོ། །ཞེས་བྱ་བ་ལ། འཇིག་པས་ན་ཞུ་བ་སྟེ་ཡི་གེ་ཧཱུཾ་ངོ༌། །མི་བསྐྱོད་པའི་ས་བོན་ཞེས་བྱ་བ་ནི་ཨཾ་ངོ༌། །རིན་ཆེན་ས་བོན་ཞེས་བྱ་བ་ནི་ཨཱཾ་ངོ༌། །འོད་དཔག་མེད་པའི་ས་བོན་ནི་ཨེཾ་ངོ༌། །དོན་ཡོད་གྲུབ་པའི་ས་བོན་ནི་ཁཾ་ངོ༌། །དེ་ཉིད་བསྟན་པའི་ཕྱིར། དབྱངས་ཡིག་ཐོག་མ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་བཞི་ཞེས་བྱ་བ་ནི་རྐྱེན་མི་མངོན་པ་སྟེ་འདིར་བཞི་པ་ཞེས་བྱ་བར་སྦྱར་ཏེ། དེས་ནི་ལྟེ་བའི་པདྨའི་དབུས་སུ་ཡི་གེ་ཨཾ་བྲི་བར་སྟོན་ཏོ། །དེའི་ཚེ་མི་བསྐྱོད་པ་ལ་སོགས་པའི་ས་བོན་ནི་ཧཱུཾ་དང་ཨཱཾ་དང་ཛྲཱྀཾ་དང་ཁཾ་རྣམས་ཡིན་ནོ། །ཕྱོགས་མཚམས་ཞེས་བྱ་བ་ལ་སོགས་པ་ནི་གཉི་གའིའོ། །ལྷག་མ་ནི་གོ་སླའོ། །སྟོང་པའི་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཐམས་ཅད་སྟོང་པ་ཡིན་ན། ཅི་ཞིག་སྙིང་པོར་འགྱུར་ཞེ་ན། ཆུ་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཆུ་ཤིང་སྙིང་པོ་མེད་པ་ལས། བདུད་རྩིའི་སྙིང་པོ་འབྱུང་བ་ལྟར། སྙིང་པོ་མེད་པའི་ས་བོན་ལ་སོགས་པ་བསྒོམས་པ་ལས། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྐུའི་འབྲས་བུ་སྨིན་པར་འགྱུར་རོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ལ། གང་གི་མཚན་ཉིད་ཤེས་བྱས་ནས། །ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་རང་བཞིན་ཐོས་པ་དང་བསམ་པས་ཁོང་དུ་ཆུད་ནས་སོ། །མྱུར་བ་ཞེས་བྱ་བ་ནི་ཚེ་འདི་ཉིད་ལའོ། །བདུད་རྩི་


DTG024_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགུག་པའི་ཏིང་ངེ་འཛིན་གྱི་རྣམ་པ་གཞན་བསྟན་པའི་ཕྱིར། རྒྱས་པ་ལྔའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདུད་རྩིའི་ས་བོན་ཞེས་བྱ་བ་ནི་སོཾ་མོ། །འདིས་ནི་ཡི་གེ་སོཾ་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་བསྒོམ་པར་བསྟན་ཏོ། །ཐིགས་པའི་དབུས་སུ་ཞེས་བྱ་བ་ནི་སྨིན་མའི་དབུས་སུ་སྟེ། དེར་ཡང་ས་བོན་ཧཱུཾ་ངོ༌། །མཐེ་བོ་ཙམ་གྱིས་ཟླུམ་པོར་བྱ། །ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ཅན་གྱི་ཡི་གེ་ཐ་སྟེ། དེའི་དབུས་སུ་གོང་དུ་ཐལ་བའི་ཧཱུཾ་བྲི་བའོ། །དེ་ཡི་དབུས་ཀྱིས་ས་བོན་ནི། །ཞེས་ཉ་བ་ནི་ལྟེ་བའི་དབུས་སུ་སྟེ། དེར་ཨཱ་ལི་ས་བོན་གྱི་གེ་ཨཾ་རི་བའོ། །སྐྲའི་རྩེ་མོ་ཞེས་བྱ་བ་ལ་སོགས་པ་ནི་ཨཾ་གི་འོད་ཟེར་གྱིས་རིམ་གྱིས་བསྐུལ་བ་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར། ཐིག་ལེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐིག་ལེ་གནས་ཀྱི་གོ་འཕང་ལྟ། །ཞེས་བྱ་བ་ནི། ལྟེ་བའི་པདྨའི་ཐིག་ལེ་བསྟན་ཏོ། །སྙིང་དང་ཚངས་པའི་སྒོ་དང་ནི། །ཐིགས་པའི་ལམ་གྱི་སྒོ་དག་ཏུ། །ཞེས་བྱ་བ་ནི། ཡི་ཤེས་རྣམ་ཤེས་གཟུང་བར་བྱ། །ཞེས་བྱ་བ་དང་འབྲེལ་བ་སྟེ། སྙིང་ག་དང༌། སྨིན་པར་དང༌། གསེར་གྱི་སྒོ་དག་ཏུ་ཡི་གེ་ཧཱུཾ་བྲི་བའོ། །གཞན་དག་ན་རེ། ཐིག་ལེའི་གནས་ནི་ལྟེ་བའོ། །གོ་འཕང་ནི་མགྲིན་པའོ། །ཚངས་པའི་སྒོ་ཉིད་ཐིག་ལེའི་ལམ་སྟེ་སྤྱི་གཙུག་གོ །ཡེ་ཤེས་རྣམ་ཤེས་གཟུང་བར་བྱ། །ཞེས་བྱ་བ་ནི་གནས་དེ་དག་ཏུ་བདུད་རྩི་མྱང་ཞིང་ལྟ་བའོ། །ཇི་ལྟར་ཞེ་ན། ཟླ་བའི་དབུས་སུ་ས་བོན་ནི། །མཐེ་བོ་ཙམ་གྱིས་ཟླུམ་པོར་བྱ། །དེ་ཡི་དབུས་ཀྱི་ས་བོན་ནི། །ཨཱ་ལི་ཀཱ་ལི་དག་ལས་བཏུ། །ཞེས་བྱ་བ་སྔ་མ་དང་སྦྱར་ཏེ་ཨཾ་ཧཱུཾ་ཨེཾ་ཧཾ་རྣམས་སུ་ཤེས་པར་བྱའོ་ཞེས་ཟེར་རོ། །འདིར་བཟླས་པ་གསུངས་པ། གཟུགས་སོགས་སྲིད་པའི་ལོངས་སྤྱོད་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ལོངས་སྤྱོད་དེ་དོན་དུ་གཉེར་བའོ། །ཡང་ན་གཟུགས་སྒྲ་ལ་སོགས་པའི་སྦྱང་བ་ལའོ། །ཀུན་ནས་ཀུན་དུ་འཇུག་པ་དང༌། །ཞེས་བྱ་བ་ནི་ཐིག་ལེ་དང་ཟླ་ཚེས་སོ། །མགོ་དང་མགོ་མིན་ཞེས་བྱ་བ་ནི་ཧ་དང་ཨུའོ། །རྩ་བར་རྟག་ཏུ་གཟེར་བར་བྱ། །ཞེས་བྱ་བ་ནི་ཧའི་རྩ་བར་ཨུ་སྦྱར་བ་སྟེ། བསྡུས་པས་ཧཱུཾ་ཞེས་བྱ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །གཞན་དག་ནི་མགོ་དང་མགོ་མིན་ཞེས་བྱ་བ་ནི་ཨ་


DTG024_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ཧ་སྟེ། ཡི་གེ་ཐམས་ཅད་ཀྱི་ཐོག་མཐའ་ཡིན་པའི་ཕྱིར་རོ། །ཀུན་ནས་ཀུན་དུ་འཇུག་པ་ནི་ཟླ་ཆོས་དང་ཚེས་དང་ཐིག་ལེའོ། །བསྡུས་པས་ཨཾ་ཧཾ་ཞེས་བྱ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། །ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨཾ་ཧཾ་ཞེས་བྱ་བ་བའི་ས་བོན་ནོ། །མཚན་མ་རྣམས་པ་ལྔ་གསུངས་པ། མར་མེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །མཆོད་རྟེན་གྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། མཆོད་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྙིང་གར་ཞེས་བྱ་བའི་དོན་ནི། སྙིང་གར་ཟླ་བ་ལ་ཡི་གེ་ཧཱུཾ་བསྒོམས་ནས་དེའི་འོད་ཟེར་གྱིས་དངོས་པོ་ཐམས་ཅད་བསྲེགས་ཏེ། ཐལ་བའི་འོད་ཟེར་ལས་ཡི་གེ་ཧཱུཾ་གིས་མཆོད་རྟེན་གྱིས་གཟུགས་སུ་བསྐྱེད་པའི་འདི་ཡིན་ནོ། །ལྷའི་རྣམ་པར་དག་པ་གསུངས་པ། གྱ་གྱུ་ཞེས་བྱ་བ་ལ་སོགས་པ་ལ། གྱུར་གྱུར་ཞེས་བྱ་བ་ནི་བང་རིམ་མོ། །ས་ཞེས་བྱ་ནི་སའི་དཀྱིལ་འཁོར་རོ། །ཕྱོགས་བརྒྱད་དག་གི་ཁམས་ཡིན་ནོ། །ཞེས་བྱ་བ་ནི་སའི་དཀྱིལ་འཁོར་ལ་གནས་པའི་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པ་ཕྱོགས་བརྒྱད་ཀྱི་ལྷ་རྣམས་ཀྱི་རང་བཞིན་དུ་ལྷག་པར་མོས་པའོ། །ཡང་ནས་ཞེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་དོ། །གཟུགས་ཅན་བཅུ་དང་བརྒྱད་པོ་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོའི་གནས་བསྟན་ནས་རྣམ་པ་བཅོ་བརྒྱད་དུ་བྱ་བའོ། །ཁ་ཅིག་ནི་ཧཱུཾ་ཉིད་མཆོད་རྟེན་གྱིས་གཟུགས་སོ་ཞེས་ཟེར་རོ། །སྦྱིན་དང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །བདུད་རྩི་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་བདུད་རྩིའོ།། ཆོས་ཀྱི་དབྱིངས་ཀྱི་རྣལ་འབྱོར་རོ། །ཞེས་བྱ་བ་ལ། ཆོས་ནི་ཕུང་པོ་ལ་སོགས་པའོ། །དབྱིངས་ནི་བརྟེན་པ་སྟེ་ལུས་སོ། །དེའི་རྣལ་འབྱོར་ནི་སྟོང་པ་ཉིད་ཀྱི་རྣལ་འབྱོར་རོ། །ཡང་ན་ཆོས་ཀྱི་དབྱིངས་ནི་སྟོང་པ་ཉིད་དོ། །རྣལ་འབྱོར་ནི་དེའི་ལུས་མཆོད་རྟེན་ནོ། །ཡང་སྦྱོར་བ་གཞན་གསུངས་པ། གསང་ཆེན་ཞེས་བྱ་བ་ལ་སོགས་པ་ལ། རྒྱས་པ་ལྔ་ཞེས་བྱ་བ་ལ་སོགས་པ་ནི་གང་དུ་འཕོ་བའི་སྐབས་སུ་བཤད་ཟིན་ཏོ། །དེ་ཡིད་དབུས་ཀྱི་སྒོ་དེར་ནི། །དུང་དང་ཟླ་བ་ལྟར་དཀར་བ། །ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ངོ༌། །ཕྱོགས་བཞིར་ཁམས་ནི་བཞི་པོ་ཡི། །ཞེས་བྱ་བ་


DTG024_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔར་སྣོས་པ་ལྟར་ཧཱུཾ་དང་སུཾ་ལ་སོགས་པའོ། །ཕྱོགས་མཚམས་ས་བོན་བརྩེགས་པ་བཞི། །ཞས་བྱ་བ་ནི། ཧྨྲཾ་ལ་སོགས་པའོ། །ཕྱི་ནས་གཟུགས་ནི་གཞོམ་པར་བྱ་བ་ནི་མཉམ་པ་ཉིད་དུ་བསྟན་པའོ། །དེ་ཉིད་རྒྱས་པར་བཤད་པའི་ཕྱིར། སྒོང་སྐྱེས་བཅས་པ་གཞོམ་པར་བྱ།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཨཱ་ལི་ཀཱ་ལི་ས་བོན་ཞེས་བྱ་བ་ནི་ཨཾ་དང་ཧཱུཾ་ངོ༌། །ཡུལ་འཁོར་ཞེས་བྱ་བ་ཡུ་ནི་ལུས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་ནི་བདུད་རྩི་བཏུང་བའི་འབྲས་བུ་སྟེ། འཁོར་བ་སྒྲོལ་བ་ཞེས་བྱ་བ་དང་སྦྱར་རོ། །གནས་ཕུན་སུམ་ཚོགས་པ་གསུངས་པ། སྒྲུབ་པོ་འདུ་འཛི་མེད་པ་དང༌། །ཞེས་བྱ་བ་ལ་སོགས་པའོ། །དེར་ཅི་ཞིག་གིས་འཚོ་བར་བྱ་ཞེན་ན་ག་མཱུ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ན་ག་ཞེས་བྱ་བ་ནི་གླང་པོ་ཆེའི་སྟོབས་ཏེ། གང་གི་མིང་བ་ལང་རྫིའི་འབྲས་བུ་ཞེས་བྱ་བར་གྲགས་པ་སྟེ་དེའི་རྩ་བ་གཟུང་ངོ༌། །བ་ལ་ཤའི་ནི་མེ་ཏོག་གཟུང་ངོ༌། །རུ་རྟ་ནི་གོ་བར་ཟད་ངོ༌། །ཆ་གསུམ་ཞེས་བྱ་བ་ནི་སོ་སོར་རེ་རེ་ཞིང་སྲང་གསུམ་གསུམ་བཟུང་བའོ། །མག་དྷ་དང་ཞེས་བྱ་བ་ནི་པི་བི་ལིང་སྟེ་སྲང་གཅིག་གཟུང་ངོ༌། །ཆ་བསྙམས་ཞེས་བྱ་བ་ནི་དེ་དག་གིས་ཕྱེ་མ་བསྲེ་བའོ། །བཞི་ཆ་ཞེས་བྱ་བ་ནི་སྲང་གི་བཞིན་ཆ་སྟེ་ཞོ་གཉིས་གཉིས་བཟའ་བའོ། །འདུལ་བ་བསྲུང་པ་ཞེས་བྱ་བ་ནི་སྨན་བསྟན་པས་ཕྱི་རོལ་གྱི་བཟའ་བ་ལ་སོགས་པ་བཟློག་པའོ། །ཡང་ན་སྨན་བསྟེན་པས་དབང་པོ་བསྡམ་ཞིང་བསྲུང་སྟེ་མཚམས་ཀྱི་བྱ་བ་དང་ལྡན་པར་བསྟན་པའོ། །སྔགས་དང་ཕྱག་རྒྱ་དང་ལྷ་ལ་སོགས་པ་ལ་ཡིད་ཅེས་པ་བསྐྱེད་པའི་ཕྱིར། །བསྒོམ་པ་དང་བཟླས་པ་ལ་སོགས་པ་ཇི་སྲིད་མངོན་དུ་གྱུར་པ་ཉམས་སུ་བླང་བ་བསྟན་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་སུ་བཅད་པ་ཕྱེད་གོང་མའི་དོན་ནི། བུ་མོ་གཞོན་ནུ་རྣམས་བྱིས་པ་གཞོན་ནུའི་གཏམ་བསྒུགས་ཤིང༌། དེའི་གཏམ་ཐོས་ནས་ཀྱང༌། དགའ་བ་ཉམས་སུ་མྱོང་བ་དང་བཅས་པའི་རྗེས་སུ་ཡི་རངས་ཏེ། རེ་དག་དང་ལྷན་ཅིག་ཏུ་ཉལ་བ་ལ་སོགས་པའི་གཏམ་བརྗོད་ཀྱི་ཉལ་པོ་དངོས་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ལམ་


DTG024_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཤད་ཅེས་བྱ་བ་ལ་སོགས་པས་ནི་དེ་དང་འདྲ་བའི་ལམ་བཤད་ན། འཆིང་བར་མི་འགྱུར་རོ་ཞེས་བྱ་སྟོན་ཏོ། །རྣལ་འབྱོར་ཞེས་བྱ་བ་ནི་ཆོ་གའོ། །དེ་ཉིད་ཀྱི་ཕྱིར། ལམ་ངན་དེ་ལྟར་བསྟན་པ་མིན། །ཞེས་བྱ་བ་སྨོས་སོ། །ཡང་ན་བུད་མེད་དང་བྱིས་པ་ལ་སོགས་པ་སྒྲུང་ལ་སོགས་པའི་གཏམ་ལ་དགའ་བ་རྣམས་ལ། རྒྱུད་འདིའི་ལམ་བསྟན་ན་ཀུན་དུ་འཆིང་བར་འགྱུར་ཏེ། ཨ་ཞེས་བྱ་བ་ནི་ཀུན་དུ་ཞེས་བྱ་བར་སྦྱར་རོ། །དེས་ནས་དེ་ལ་ལམ་ངན་པར་འགྱུར་རོ། །རིག་བྱེད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གནས་ངན་ལྷ་ཞེས་བྱ་བ་ནི་མུ་སྟེགས་ཀྱི་ལྷའོ། །ཅིའི་ཕྱིར་དེ་དེ་དག་མི་བྱ་ཞེ་ན། དབང་བསྐུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཏེ་ན་ཧཱུཾ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཏེ་ཞེས་བྱ་བ་ནི་སྐུ་དང་གསུངས་དང་ཐུགས་ཀྱི་བདག་ཉིད་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དངོས་པོ་རྣམས་སོ། །ན་ཞེས་བྱ་བ་ནི་དགག་པ་སྟེ། གཟུང་བ་ལ་སོགས་པའི་དངོས་པོ་མེད་པའོ། །འོ་ན་ཅི་ཞིག་ཅེ་ན། ཧཱུཾ་ཞེས་བྱ་བ་ལ་སྨོས་ཏེ། སེམས་ཀྱི་སྣང་བ་རྩམ་མོ་ཞེས་བྱ་བའི་བར་དུའོ། །སྐུ་ལ་སོགས་པ་སྦྱང་བའི་ཕྱིར། སྔགས་ནི་ལན་གསུམ་དུ་བརྗོད་པར་བྱའོ། །ལྷག་མ་ནི་བཤད་ཟིན་ཏོ། །རྒྱུད་ཀྱི་བསོད་ནམས་ཀྱི་བདག་ཉིད་ཆེན་པོ་བསྟན་པའི་ཕྱིར། ཡི་གེ་འམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གསང་བའི་གདན་ཞེས་བྱ་བ་ལ། གསང་བ་ནི་འདིར་བསྟན་པ་རྣམས་ཏེ། ཤིན་ཏུ་སྦ་བར་བྱ་བའི་ཕྱིར་རོ། །གནས་ནི་དེའི་གཞིའོ། ལྷག་མ་ནི་གོ་སླའོ། །གདན་བཞིའི་འགྲེལ་བ་འདི་ལ་བདག་གིས་རབ་འབད་པས། །བྱས་ལས་བྱུང་བའི་བསོད་ནམས་གང་ཡིན་དེ་ཡིས་ནི། །སྟོན་ཀའི་མཚན་མོའི་ཟླ་ཟེར་དྲི་མ་མེད་པ་ལྟར། །འགྲོ་བ་རྣམས་ཀྱིས་དོན་མཆོད་རྟོགས་ནས་གནས་པར་ཤོག །རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ། སློབ་དཔོན་ཆེན་པོ་བྷ་བ་བྷ་དྲས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ག་ཡ་དྷ་ར་དང༌། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་གཏན་ལ་ཕབ་སྟེ་བསྒྱུར་པའོ།། །།


previousགསང་བའི་གདན་གྱི་འགྲེལ་པ།no next