Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་ལྔ་པ།


  expand section
   
   
རྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞི་པའི་སྒྲུབ་ཐབས།  ཨཱརྱ་དེ་བ།
   
   
  expand section
   
   
   
   
   
   
   
  expand section
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞི་པའི་སྒྲུབ་ཐབས། ཨཱརྱ་དེ་བ།next

རྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞི་པའི་སྒྲུབ་ཐབས།
ཨཱརྱ་དེ་བ།


DTG025_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་ཙཏུར་པཱི་ཋ་ཡོ་ག་ཏནྟྲ་སཱ་དྷ་ནོ་པི་ཀ །བོད་སྐད་དུ། རྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞི་པའི་སྒྲུབ་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡི་གེ་བཞི་དང་ཕྱག་རྒྱ་ནི། །བཞི་ལ་སོགས་པས་རྣམ་བརྒྱན་དང༌། །སློབ་མ་མན་ངག་འགྱེད་པའི་བླ། །ཀླུ་སྒྲུབ་ལ་ཡང་ཕྱག་འཚལ་ཏེ། །ཆོ་ག་རྫོགས་ཤིང་རྣམ་གསལ་བ། །སྔགས་དང་ཕྱག་རྒྱ་སོགས་པས་བརྒྱན། །སེམས་ཅན་ཀུན་ལ་ཕན་བསྐྱེད་བ། །རྣལ་འབྱོར་གྲུབ་པ་བཤད་པར་བྱ། །སྡེ་བ་སྦྱོར་དང་ནི་ཚིག་ཕྲད་མེད། །སྒྲ་ཡི་མཚན་ཉིད་རྣམ་སྤངས་ལ། །རྣལ་འབྱོར་ཚིག་གིས་རྣལ་འབྱོར་པའི། །རྣལ་འབྱོར་བསྟན་བཅོས་ཡིན་པར་བཤད། །འདི་ལ་དང་པོར་དཔལ་གདན་བཞི་པ་ཞེས་བྱ་བའི།


DTG025_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣལ་འབྱོར་མའི་རྒྱུད་ཆེན་པོའི་ལྷ་རྣམས་མཉེས་པར་བྱེད་འདོད་པས། ཞི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་རྣལ་འབྱོར་པས་ཡིད་དང་རྗེས་སུ་མཐུན་བའི་གནས་གང་ཡང་རུང་པས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་དཔལ་རྣལ་འབྱོར་གྱི་ནམ་མཁར་བདག་ཉིད་གྱུར་ཅིག་སྙམ་པའི་བསམ་པས་ནང་ཚངས་ཅན་གྱི་སྟན་འཇམ་པོ་ལ་སོགས་པ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་སྟེ། དྲིའི་དཀྱིལ་འཁོར་ཁྲུ་གང་བ། གྲུ་བཞི་པར་མཉམ་ཞིང་རྣམ་པར་དག་པར་བྱས་ལ་མེ་ཏོག་ཡིད་དུ་འོང་བའི་སིལ་མས་གཏོར་བར་བྱའོ། །དེ་སྐད་དུ་ཡང༌། དྲི་ལ་སོགས་པ་གཡས་སུ་གཞག །བསང་གཏོར་གཡོན་དུ་གཞག་བྱ་ཞིང༌། །མདུན་དུ་མཆོད་ཡོན་ལ་སོགས་དང༌། །ཡུངས་ཀར་མེ་ཏོག་ཙནྡན་གཞག །ཅེས་གསུངས་པའི་ཕྱིར་རོ། །དེ་ནས་ཏིང་ངེ་འཛིན་དང་པོ་ལ་དམིགས་ནས་ལྐོག་མལ་སོགས་པ་སྦྱང་བར་བྱ་སྟེ། ལག་པ་གཡས་པར་ཉི་མའི་དཀྱིལ་འཁོར་དམིགས་ལ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པ་ལ། །ཨོཾ་ཧཱུཾ་སུཾ་ཀྵུཾ་ཡུཾ་ཡོངས་སུ་གྱུར་པ་ལས། ལྷ་མོ་རྣམས་རྩེ་མོ་རྣམས་ལ་བསྒོམ་པར་བྱའོ། །ལག་པ་གཡོན་པར་ཟླ་བར་རྣམ་པར་བཀོད་ལ། ཧྲཱིཿ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་པར་ཨོཾ་ཧྨྲྱུཾ་སྨྲྱུཾ་ཡྨྲྱུཾ་ཡོངས་སུ་གྱུར་པ་ལས། །བྱུང་བའི་ལྷ་མོ་རྣམས་བསམ་པར་བྱའོ། །དཀར་པོ་དང་དུད་ཀ་དང་དུང་དང་པདྨ་ལ་སོགས་པ་ནི་ལག་པ་གཡས་པའི་སོར་མོ་ལ་དགོད་དོ། །གི་ཝང་དང་དྲི་མ་གསུམ་དང་འཇིགས་པ་དང་སའི་གདུགས་ནི་གཡོན་པ་ལ་དགོད་དོ། །ཡེ་ཤེས་དང་རྣམ་པར་ཤེས་པ་གཉིས་ནི་མཐེ་བོང་གཉིས་ལ་སྟེ། ལག་པ་ལ་སོགས་པའི་ལས་ཅན་མ་རྣམས་སོ། །ལྐོག་མར་ཟླ་བ་ལེགས་པར་བསམས་པ་ལ་གནས་པའི་པདྨའི་འདབ་མ་གཅིག་གིས། རྡོ་རྗེ་བཟང་པོ་ནས་འབྲུ་ཙམ་དབུས་སུ་ཡི་གེ་ཨོཾ་དང་ལྡན་པར་ལྕེ་ལ་བསམས་ཏེ་སྦྱང་ངོ༌། །སྙིང་གའི་ཉི་མའི་དཀྱིལ་འཁོར་གྱི་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱི་སྤྲིན་གྱི་ཚོགས་ཀྱིས་སེམས་ཅན་རྣམས་འབད་པས་ཡང་དག་པར་སྦྱངས་ནས་འོད་ཟེར་གྱི་ཕྲེང་བ་རྣམས་སྐད་ཅིག་ཙམ་གྱིས་ཡོངས་སུ་གྱུར་པ་ལས། རིན་པོ་ཆེས་བརྒྱན་པའི་གནས་སུ་པདྨ་དང་ཟླ་བའི་གདན་


DTG025_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་བཞུགས་པ་དུང་དང་ཀུནད་ལྟར་དཀར་ཞིང་འོད་བཟང་བ། ཕྱག་གཉིས་པ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། སངས་རྒྱས་ལྔས་དབང་བསྐུར་པའི་ཅོད་པན་མངའ་བ། ཕྱག་གཡས་པ་རྡོ་རྗེ་ཐུགས་ཀར་གདེངས་ཤིང་འཇོག་པ། གཡོན་པ་དཀུར་བསྟེན་པས་དྲིལ་བུ་བསྣམས་པ། སྐུ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། །ན་བཟའ་ཤིན་ཏུ་མཛེས་པས་བརྒྱན་པ། འོད་ཟེར་གྱི་ཕྲེང་བ་དཔག་ཏུ་མེད་པ་འཕྲོ་བར་བསམས་ལ། བཛྲ་སཏྭ་ཧཾ་ཞེས་བརྗོད་དེ། གཡས་པས་རྡོ་རྗེ་གསོར་ནས་འོད་ཟེར་ལྔའི་ཚོགས་ཀྱིས་ས་འོག་རིམ་པ་བདུན་དང༌། བགེགས་རྣམས་ཚིག་པར་གྱུར་པར་བསམ་མོ། །དེ་སྐད་དུ། བཞི་དང་རྣམ་བཞི་ཉིད་དང་ནི། །གཞི་ཉིད་གཞི་མེད་རོ་ཡིས་བཞི། །གཞི་བཟངས་དང་ནི་ངེས་པའི་བཞི། །ས་འོག་བདུན་དུ་བསྒྲགས་པ་ཡིན། །ཞེས་པས་བཤད་པས་སོ། །དེ་ལྟར་ཡོངས་སུ་སྦྱངས་ནས་གཟུང་པ་དང་འཛིན་པ་ལས་རྣམ་པར་གྲོལ་ཞིང༌། སྦྱིན་པ་རྣམ་པར་དག་པའི་རྡོ་རྗེའི་ར་བ་རིམ་པ་གསུམ་བྱའོ། །སྟེང་དུ་ཚུལ་ཁྲིམས་རྣམ་བར་དག་པའི་རྡོ་རྗེའི་དྲ་བ་རྣམས་གསུམ་བྱའོ། །འོག་ཏུ་བཟོད་པ་རྣམ་པར་དག་པའི་ཕུར་བུའི་ར་བ་ལ་གནོད་པར་བྱེད་པ་འགོག་པར་བྱེད་པ་གཞོམ་པའི་ཕྱིར་ཕུར་བུས་གདབ་པོ། །དེ་ལྟར་སྲུང་བའི་འཁོར་ལོ་བསམས་ནས། ལྕགས་ཀྱུས་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་ལྷན་ཅིག་སྦྱོར་བས་བཀུག་ལ། དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །གཡོན་པ་སྙིང་གར་བཞག་ནས་གཡས་པ་དཀུར་བསྟོད་དེ། འཇོག་པའི་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ། །དེ་ནས་གདན་དབུལ་བར་བྱའོ། །རིན་པོ་ཆེའི་སེང་གེའི་གདན་གྱི་སྟེང་དུ་པདྨ་དང༌། ཟླ་བའི་སྟེང་དུ་བཞུགས་ནས། གདུགས་དཀར་པོས་བརྒྱན་པར་བྱས་ལ། མཆོད་ཡོན་དང་ཞལ་བསིལ་དང༌། མཆོད་པ་རྣམ་ལྔས་ཡང་དག་པར་མཆོད་དེ། རྡོ་རྗེ་དྲིལ་བུ་བླངས་ལ་ཨོཾ་ཀཱ་ཡ་ཏུ་ཥྱ་ཧོ། བཱ་ཀ་ཏུ་ཥྱ་ཧོ། །ཙིཏྟ་ཏུ་ཥྱ་ཧོ། །ཞེས་དྲིལ་བུ་དཀྲོལ་ཞིང་བསྟོད་པའི་མཆོད་པས་བསྟོད་པར་བྱའོ། །དེ་ནས་ཐ་མ་ལ་པའི་སྦྱོར་པས་དམིགས་ལ། ལྷ་དེ་ཉིད་ཀྱི་སྤྱན་སྔར་བདག་ཉིད་དབུལ་བར་བྱའོ། །ཨོཾ་པཉྩ་རཱ་ཀི་ནཱི་པུ་ཛོ་པསྠཱ་


DTG025_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནཱ་ཡ་ཨཱཏྨ་ནཱཾ་ནིཪྻཱ་ཏ་ཡཱ་མི། ཨོཾ་ཨཱ་ཙྲྱ་པཱུ་ཛོ་པ་སྠ་ནཱ་ཡ་ཨཱཏྨ་ནཱཾ་ནིཪྻཱ་ཏ་ཡཱ་མི། ཨོཾ་སཏྭཱ་རྠ་ཨུཏྟ་ར་ཡཱ་ཡ་ཨཱཏྨ་ནཱཾ་ནིཪྻཱ་ཏ་ཡཱ་མི། ཁྲོ་དང་ང་རྒྱལ་ལས་ལྡོག་ཅིང༌། །བརྫུན་དང་ཞེ་གཅོད་ཚིག་རྣམས་དང༌། །སྡིག་པའི་གྲོགས་དང་འཚེ་བའི་གཞི། །མ་བྱིན་ལེན་པས་ལྡོག་པར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ཉིད་སྐྱབས་སུ་མཆི། །ཐེག་པ་གསུམ་ནི་ཐམས་ཅད་དང༌། །རྣལ་འབྱོར་གསང་སོགས་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ཕྱུག་མ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །བདག་ནི་རྟག་པར་སྐྱབས་སུ་མཆི། །རང་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཚིགས་སུ་བཅད་པ་ཡང་བརྗོད་པར་བྱ་སྟེ། ཕ་དང་མ་ནི་གསད་པ་དང༌། །རྒྱལ་པོ་གཙང་སྤྲར་སྤྱོད་གཉིས་དང༌། །ཕོ་བྲང་འཁོར་བཅས་བཅོམ་པ་ནི། །དག་པའི་ལུས་ཞེས་བྱ་བར་བཤད། །དེ་ནས་སྙིང་གི་པདྨ་དཀར་པོ་ལ་ཀྵུཾ་བསམས་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་སེམས་ཅན་ཐམས་ཅད་དང༌། བདག་ཉིད་ཀྱང་མི་སྣང་བར་བྱ་སྟེ། སྒྲ་ལ་འགགས་བར་བསམས་ལ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་དོ། །ཡུཾ་ཀྵུཾ་སུཾ་ཧཱུཾ་ལས་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་བསམས་ལ། ཀྵུཾ་ལས་འོ་མ་ཅན་གྱི་རྒྱ་མཚོ། །སུཾ་ལས་རི་རབ་བསམས་པའི་སྟེང་དུ་རྡོ་རྗེའི་བྷྲཱུཾ་གྱི་འོད་ཟེར་གྱི་ཚོགས་ཀྱིས་བགེགས་ཐམས་ཅད་བསྲེགས་ནས། འོད་ཟེར་དེ་རྣམས་ཡོངས་སུ་གྱུར་པ་ལས། རིན་པོ་ཆེན་སྣ་ཚོགས་བཀོད་པའི་ཁང་པ་བརྩེགས་པ་བསམ་པར་བྱ་སྟེ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །རྡོ་རྗེའི་ཀ་བས་བརྒྱན་པར་ཡང༌། །སྣ་ཚོགས་མཚན་མར་རྣམ་པར་དགོད། །དྲིལ་བུ་དྲ་བའི་ཕྲེང་བ་དང༌། །དྲ་བ་དྲ་ཕྱེད་བསྐོར་བ་ལ། །ཟུར་བཞི་དག་ཏུ་རྡོ་རྗེ་དང༌། །རིན་ཆེན་ཟླ་བ་བྱེད་པས་བརྒྱན། །སྒོ་རྣམས་སུ་ནི་བུམ་པ་ལ། །གནས་པའི་རྒྱལ་མཚན་བསྒྲེང་བར་བྱ། །ཤར་གྱི་སྒོར་ནི་པདྨ་ལ། །སེང་གེ་མཚན་མ་བསྒྲེང་བྱ་སྟེ། །བྱང་སྒོར་པདྨ་རྨ་བྱ་ཡི། །མཚན་མ་དག་ནི་བསྒྲེང་བར་བྱ། །པདྨ་དང་པས་མཚན་པ་ཡི། །རྒྱལ་མཚན་ནུབ་ཏུ་གཞག་པར་བྱ། །པདྨ་ཆུ་སྲིན་གྱིས་མཚན་པ། །དེ་བཞིན་ལྷོ་ཡི་ཕྱོགས་སུ་གཞག །དང་པོའི་དཀྱིལ་འཁོར་ཕྱོགས་


DTG025_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་མདོག །གཉིས་པ་ཁྲག་ལྟར་དམར་བའོ། །གསུམ་པ་མཁའ་ལྟར་སྔོ་བསངས་ཏེ། །སྣམ་བུ་གསེར་གྱི་མདོག་ཅན་ནོ། །རྣལ་འབྱོར་དབང་ཕྱུག་ཆེ་རྣམས་ཀྱང༌། །རྟག་ཏུ་ཚུལ་ནི་འདི་བཞིན་བརྟག །དབུས་སུ་སེང་གེ་ཡི་ནི་གདན། །ཤར་དུ་གླང་པོ་ཆེ་ཡི་གདན། །བྱད་ཕྱོགས་སུ་ནི་རྨ་བྱའི་གདན། །ནུབ་ཏུ་ནམ་མཁའ་ལྡིང་གི་གདན། །ལྷོ་རུ་ཅི་བགྱི་ཞེས་བྱའི་གདན། །དབང་ལྡན་ཕྱོགས་སུ་སེང་གེའི་གདན། །མེ་ཕྱོགས་རྡོ་རྗེ་གདོང་གི་གདན། །བདེན་བྲལ་ཕྱོགས་སུ་མ་ཧེའི་གདན། །རླུང་གི་ཕྱོགས་སུ་ཅེ་སྦྱང་གདན། །སྒོ་བཞི་དག་ཏུ་ངོ་ཡི་གདན། །གཉིས་པའི་འཁོར་ལོ་ཟླུམ་པོ་ལ། །པདྨ་དང་ནི་ཟླ་བའི་གདན། །རིམ་པ་གསུམ་པ་ཉིད་ལ་ནི། །འཇིག་རྟེན་པ་ཡི་རབ་གྲགས་ལྡན། །དེ་ལྟར་གདན་ཡོངས་སུ་བརྟགས་ནས་དེ་བསྲུང་བར་བྱ་བའི་ཕྱིར། །རྡོ་རྗེ་རབ་ལ་སོགས་པ་དང༌། དྲ་བ་དང་ཕུར་བུ་ལ་སོགས་པ་བྱ་ལ། །གཙོ་བོའི་གདན་པདྨ་དཀར་པོ་ལ་ཨཱ་ལི་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཀཱ་ལི་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་ཏེ། གཉིས་པ་དེའི་སྟེང་དུ་ཡི་གེ་ཧཱུཾ་ལ་ཕྱོགས་ཀྱི་འདབ་མ་ལ་གནས་པའི་ལྷ་མོ་བཞིས་བསྐུལ་བར་བསམ་པར་བྱ་སྟེ། ཛ་ཛ་ཛ་ཛ་བཛྲ་སཏྭ་ཨ་བཏྲ་ན་ར་སིདྡྷི། མ་ཧཱ་མ་ཧཱ་ཧ་ཧ་ཧ་ཧ་ཧཱུཾ་ཀ་ར་ནཱ་ཐ། ས་མ་ཡོ་ཧཾ་ན་མ་ཏ་མི་ཏེ། བ་བ་བ་བ་བ་བཛྲ་སྤོ་ཊ་གུ་ཧྱོ་ངྒ་ཏེ་དེ་ཧ་དྷརྨཱ། ཨ་ཨ་ཨ་ཨ་ཨཱ་ཧོ་ཏོ་ཥ་ཊ། བཛྲ་ཨ་ལི་མེ་ཀ་ཤུ་ལོ་ཡ་ན་ཧཱུཾ། བཞི་པོ་དེས་དེ་ལྟར་བསྐུལ་ནས། ཡི་གེ་ཧཱུཾ་དེར་ཐིམ་པར་གྱུར་པར་བསམས་ལ། དེའི་འོད་ཟེར་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧོ། །ཞེས་བརྗོད་ལ་ལྟེ་བའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱི་ཆོགས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་སྦྱོངས་ནས། བྱ་བ་སྒྲུབ་པ་ལ་རོ་གཅིག་པར་གྱུར་པ་དང༌། སེང་གེའི་གདན་གྱི་སྟེང་དུ་རང་གི་གནས་སུ་སྦྱང་ཞིང༌། ཉི་མའི་དཀྱིལ་འཁོར་ཡང་བསམས་ལ། གདུགས་དཀར་པོས་བརྒྱན་ཏེ། དེ་ནས། ཞལ་གསུམ་པ་དང་ཕྱག་དྲུག་པ། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྐྲ་ནི་གྲོལ་ཞིང་རྣམ་པར་འཕྲོ། །ཐོད་པའི་ཕྲེང་བས་རྣམ་པར་བཅིངས།


DTG025_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེས་བརྒྱན་པའི་རྩེ་བྲན་ཡང༌། །སངས་རྒྱས་ལྔས་ནི་རྣམ་པར་བརྒྱན། །སྐུ་མདོག་སྔོ་ཞིང་ཤས་ཆེར་གྲགས། །སྤྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །ཁྲོ་བོ་སྒེག་པ་རྣམ་པར་བཤད། །ཞལ་གསུམ་སྤྱན་ནི་རྣམ་པ་གསུམ། །གད་རྒྱངས་ཧ་ཧས་ཞལ་གདངས་པ།། ན་བཟའ་དམར་པོས་ཉེ་བར་མཛེས། །ཁ་ཊྭཱཾ་ག་ནི་གྱེན་དུ་བསྒྲེང༌། །གཉིས་པ་ལ་ནི་དགྲ་སྟ་ཉིད། །གསུམ་པ་རྟག་ཏུ་རྡོ་རྗེ་ཅན། །གཡོན་གྱི་དྲིལ་བུ་ངེས་དཀྲོལ་ཞིང༌། །གཉིས་པས་རྣལ་འབྱོར་བ་ཡི་སྣོད། །དེ་བཞིན་གསུམ་པས་རལ་གྲི་རྣམས། །འོད་ཟེར་དཔག་མེད་ལྡན་པར་ནི། །མཁས་པས་དབུས་སུ་བསྒོམ་པར་བྱ། །སྐུ་མདོག་དཀར་ཞིང་རབ་མཛེས་པའི། །ཕྱག་གཉིས་མགྲིན་པར་འཁྱུད་ནས་སུ། །མ་མཆུ་ཚེམས་ཀྱིས་འདས་པར་མཛད། །ཞབས་ཀྱི་ཚིགས་ཀྱིས་བཀྲེས་ནས་སུ། །རྡོ་རྗེ་པདྨར་ཐིམ་པར་མཛད། །ཡན་ལག་རྒྱན་ཀུན་གྱིས་བརྒྱན་ཅིང༌། །ཤིན་ཏུ་མཛེས་པའི་གོས་གསོལ་ནས། །ཤེས་རབ་དང་ནི་འདུས་ནས་བཞུགས། །དེ་ནས་བ་དན་གསུམ་པའི་ཕྱག་རྒྱས་ཡི་གེ་བརྒྱད་དགོད་པར་བྱ་སྟེ། ཀྵུཾ་ནི་སྤྱི་བོར་རྣམ་པར་བསམ། །ཡི་གེ་ཧཱུཾ་ནི་མིག་གཉིས་སུ། །ཡུཾ་ནི་རྣ་བ་སྣ་གཉིས་སུ། །སུཾ་ནི་ལྕེ་ལ་ཡང་དག་འབར། །ལྐོག་མར་སྨྲྱུཾ་བསམ་པར་བྱ། །ནང་འཚོང་དེ་བཞིན་ཧྨྲྱུཾ་བསམ། །སྙིང་གི་ཕྱོགས་སུ་ཡྨྲྱུཾ་ངོ༌། །ལྟེ་བར་ཀྵྨྲྱུཾ་དགོད་པར་བྱ། དེ་ལྟར་བསམས་ནས་ལྕགས་ཀྱུ་དཀར་པོས་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཀུག་ལ། དམ་ཚིག་གི་ཕྱག་རྒྱ་བསྟན་ཅིང་མཆོད་ཡོན་དང༌། ཞལ་བསིལ་དང་གདན་བསྟབས་ལ་ཡང་དག་པར་མཆོད་དོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ་ཧཱུཾ་བཾ་ཧོཿ། །ཞེས་བྱ་བས་ཡུ་རྣལ་འབྱོར་ཡུ་གྱིས་ནི་ནམ་མཁའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་བཅུག་ལ། བཅིངས་ཏེ་དབང་དུ་བྱས་ནས་མཉེས་པར་བྱའོ། །ཨོཾ་ཧཱུཾ་ཨཱ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས། ཉི་མའི་ལག་བས་སངས་རྒྱས་ལྔའི་དབང་བསྐུར་བ་བརྟག་པར་བྱའོ། །སྔགས་འདིས་རྒྱན་གྱི་ཕྱག་རྒྱ་དབུལ་བར་བྱའོ། །བཤད་མ་ཐག་པའི་རིམ་པས་གསང་སྔགས་ཀྱིས་བསྐྱེད་པའི་ལྷའི་སྐུ་ལ་མངོན་པར་ཞེན་པ་གསལ་བར་བྱ་བའི་ཕྱིར་སྔགས་འདིས་བརྗོད་པར་བྱ་སྟེ། ཨོཾ་ཡོག་ཤུདྡྷཿསརྦ་དྷ་རྨཱ་ཡོ་ག་ཤུདྡྷོ྅ཧཾ།


DTG025_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཐབས་དང་ཤེས་རབ་ཤིན་ཏུ་ཐིམ་ཞིང༌། སྒྱུ་མ་ལྟ་བུར་ལྷག་པར་མོས་པས། བདག་དང་གཞན་གྱི་དོན་རྫོགས་པར་བྱེད་པའི་དཀྱིལ་འཁོར་དབྱུང་བར་བྱ་སྟེ། སུཾ་བཟླས་པ་ལས་ཡང་དག་བྱུང༌། །དུང་དང་ཀུནད་ཟླ་འོད་བཅས། །ཕྱག་གཉིས་སྐྲ་ནི་རྣམ་པར་གྲོལ། །སངས་རྒྱས་ཕྲེང་བས་རྣམ་པར་བརྒྱན། །ཡན་ལག་རྒྱན་རྣམས་རྣམ་པར་བརྒྱན། །རིགས་གསུམ་ཁྲོ་བོ་ཧཱུཾ་མཛད་པ། །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །འོད་ཟེར་དཔག་ཏུ་མེད་པ་འབར། །ཤམ་ཐབས་གླང་པོའི་པགས་པ་སྟེ། །ན་རིའི་པགས་པ་གོས་སུ་མནབས། །དེ་ཡི་དཀྱིལ་འཁོར་འོད་འཁོར་ལོ། །གླང་ཆེན་རོལ་པའི་སྟབས་ཀྱིས་བཞུགས། །རྡོ་རྗེ་ལྕགས་ཀྱུས་བཀུག་ནས་ནི། །རྡོ་རྗེ་མཁའ་འགྲོ་མ་ཤར་དུ། །ཨོཾ་ཨཱཿསྭཱ་ཧཱ། ས་ཡི་དབུགས་ཕྱིན་ལས་བྱུང་བ། །ཨཱ་སྐྱེས་མི་བཟད་མཁའ་འགྲོ་མ། །སྐུ་མདོག་སེར་མོ་ཤིན་ཏུ་མཛེས། །རྣམ་པར་གཙིགས་པ་ཧ་ཧར་བཞད། །དབུ་སྐྲ་གྱེན་དུ་རྣམ་པར་འབར། །སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། །རྨ་བྱའི་གདན་ནི་རྣམ་མནན་ནས། །སྐྱིལ་ཀྲུང་དག་ནི་ཕྱེད་པས་བཞུགས། །རྒྱན་རྣམས་ཀུན་གྱིས་སྐུ་ལ་བརྒྱན། །ཕྱག་གཉིས་རྣམ་པར་མཛེས་པས་ན། །ཁ་ཊྭཱཾ་རྣལ་འབྱོར་སྣོད་དག་བསྣམས། །མེ་ཡི་དཀྱིལ་འཁོར་ལ་བཞུགས་པས། །ཤམ་ཐབས་གླང་པོའི་པགས་བ་སྟེ། །ན་རའི་པགས་པ་གོས་སུ་མན་བས། །ལྷ་མོ་དེ་ལྟར་བསྒོམ་བྱ་བ། །རྟག་ཏུ་བྱང་གི་ཕྱོགས་སུ་བཞུགས། །ཨོཾ་ཨཨ་སྭཱ་ཧཱ། ཨཨཨ་སྐྱེས་མེ་ཡི་དབུགས་ལས་བྱུང༌། །རོ་ལངས་མ་ནི་ནུབ་ཏུ་དགོད། །མཁའ་ལྡིང་གདན་ལ་བཞུགས་ནས་ནི། །ཙོག་བུའི་འདུག་སྟངས་དག་གིས་བཞུགས། །ཁ་དོག་དམར་ཞིང་ཤིན་ཏུ་མཛེས། །ཕྱག་གཉིས་འཇིགས་པའི་ཧཱུཾ་མཛད་པས། །སྐྲ་ནི་འབར་ཞིང་རྣམ་པར་གྱེས། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །ཁ་ཊྭཱཾ་རྣལ་འབྱོར་སྣོད་བསྣམས་ཤིང༌། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཤམ་ཐབས་གླང་པོའི་པགས་པ་སྟེ། །ན་རའི་པགས་པ་གོས་སུ་མན་བས། །མི་གཡོ་འཚེ་བ་མེད་པ་ཡི། བསམ་བས་ཀུན་ནས་བསྒོམ་པར་བྱ། །ཨོཾ་ཨཨཿཨཾ་སྭཱ་ཧཱ། ཨཨཨ་སྐྱེས་རླུང་གིས་དབུགས་འབྱིན་འབྱུང༌། །གཏུམ་མོ་ལྷ་ཡི་དབང་ཕྱུག་མ། །མདོག་སྣོད་མི་བཟང་ཆེན་མོ་སྟེ།།


DTG025_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཧ་ཧའི་གད་རྒྱངས་འཇིགས་པ་སྒྲོགས། །ཅི་བགྱིའི་གདན་ལ་གནས་ནས་ནི། །པུས་མོའི་སྐྱིལ་ཀྲུང་དག་གིས་བཞུགས། །དབུ་སྐྲ་དམར་པོ་རྣམ་པར་འཐོར། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །ཕྱག་གཉིས་རྣལ་འབྱོར་སྣོད་དང་ནི། །ཁ་ཊྭཱཾ་ག་ནི་རབ་ཏུ་བསྣམས། །སྐུ་ལ་རྒྱན་རྣམས་ཀུན་གྱིས་བརྒྱན། །ཤམ་ཐབས་གླང་པོའི་པགས་པ་སྟེ། །ན་རའི་པགས་པ་གོས་སུ་མནབས། །ལྷོ་རུ་རྟག་ཏུ་བསྒོམ་པར་བྱ། །ཨོཾ་AAA་ཨཾ་སྭཱ་ཧཱ། རྀ་ཡི་ས་བོན་ལས་བྱུང་བ། །ལྷ་མོའི་མིང་ནི་སེང་གེ་ཅན། །སེང་གེའི་གདན་ལ་རྣམ་པར་བཞུགས། །རོལ་པའི་སྟང་སྟབས་དག་དང་ལྡན། །དཀར་དང་སེར་ལ་སོགས་མདོག་ཅན། །འབར་བའི་འོད་དང་འདྲ་བའི་འོད། །ཕྱག་གཉིས་ན་བཟའ་དམར་པོ་བསྣམས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ལག་པ་གྱེན་གདེངས་ས་རལ་གྲི་དང༌། །གཡོན་པ་སྡིགས་མཛུབ་ཞགས་པའོ། །བདུད་རྣམས་ཐམས་ཅད་སྐྲག་བྱེད་པ། །དབང་ལྡན་ཕྱོགས་སུ་རྣམ་པར་དགོད། །ཨོཾ་རྀ་སྭཱ་ཧཱ། རཱྀ་ཡི་ས་བོན་ལས་བྱུང་བ། །རྡོ་རྗེ་ཆུ་ཅན་ཟླ་བས་བརྒྱན། །དཀར་དང་གནག་ལ་སོགས་མདོག་ལྡན། །དཀྱིལ་འཁོར་ཚམ་ངམ་གནས་པས་བཞུགས། །ཕྱག་གཉིས་ཁྲོ་བོའི་བཤད་པར་ལྡན། །ན་བཟའ་དམར་པོས་རྣམ་པར་བརྒྱན། །ལྕགས་ཀྱུ་ཞགས་པ་སྡིགས་མཛུབ་ལྡན། །སྟག་མོ་མེ་ཡི་ཕྱོགས་སུ་བཀོད། །ཨོཾ་རཱྀ་སྭཱ་ཧཱ། ལྀ་ཡི་ས་བོན་ལས་བྱུང་བ། །ཝ་མོ་ནག་མོ་རྣམ་པར་མཛེས། །མ་ཧེའི་གདན་ལ་རྣམ་གནས་ཤིང༌། །སྐྱིལ་ཀྲུང་ཕྱེད་པར་ཡང་དག་ལྡན། །ཕྱག་གཉིས་དགྲ་སྟ་ཞགས་པ་བསྣམས། །མེ་ཡི་དཀྱིལ་འཁོར་དག་གིས་བརྒྱན། །མཆེ་བའི་གཟུགས་ནི་གཙིགས་པ་དང༌། །ཧ་ཧ་བཞད་ཅིང་ཤིན་ཏུ་འཇིགས། །ན་བཟའ་དག་ནི་དམར་བོར་མནབས། །བདེན་བྲལ་ཕྱོགས་ཀྱི་ལྷ་མོ་ཡིན། །ཨོཾ་ལྀ་སྭཱ་ཧཱ། །ལཱྀ་ཡི་ས་བོན་ལས་བྱུང་བའི། །ལྷ་མོ་འུག་པ་མི་ནི་དབྱུང༌། །སྐུ་མདོག་དམར་དང་སེར་བར་སྣང༌། །ཅེ་སྦྱང་གི་ནི་གདན་ལ་བཞུགས། །ཙོག་བུའི་འདུག་སྟངས་ཡང་དག་ལྡན། །ཕྱག་གཉིས་དབྱིག་པ་སྣོད་བསྣམས་ཤིང༌། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ན་བཟའ་དག་ནི་དམར་པོ་གསོལ། །འབར་བའི་མེ་དང་མཉམ་པའི་འོད། །ལྷ་མོ་དེ་ལྟར་བསྒོམ་བྱ་བ། །


DTG025_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤན་པ་རླུང་གི་ཕྱོགས་སུ་གནས། །ཨོཾ་ལཱྀ་སྭཱ་ཧཱ། ནང་གི་དཀྱིལ་འཁོར་སྒོ་རྣམས་སུ། །སྒོ་སྲུང་རྣམ་པ་བཞི་དག་ནི། །ལྷ་འགུགས་ལ་སོགས་རྣམ་པར་འགྲེལ། །བསྒོམ་བ་དེ་ཉིད་བདག་གིས་བསྒོམ། །རང་སྔགས་ལས་བྱུང་མཁའ་འགྲོ་མ། །རྒྱལ་བའི་དབང་མོ་ཞེས་བྱ་བ། །མདོག་དཀར་ཕྱག་ནི་གཉིས་དང་ལྡན། །རྒྱན་རྣམས་ཀུན་གྱིས་སྐུ་ལ་བརྒྱན། །གཏུམ་མོའི་སྒྲ་ནི་རྣམ་པར་འཐོར། །དེ་ཡི་ཞལ་དུ་ཕྱག་འཛུད་ཅིང༌། །ཧ་ཧ་ཞེས་བཞད་རབ་འཇིགས་མ། །ཡི་དགས་ཀྱི་ནི་གདན་ལ་བཞུགས། །འགུགས་པ་ལ་ནི་རབ་བརྩོན་པའི། །ལྷ་མོ་ཤར་གྱི་སྒོ་རུ་དགོང༌། །ཨོཾ་ཨིཾ་སྭཱ་ཧཱ། རང་སྔགས་ལས་བྱུང་ལྷ་མོ་ནི། །གླང་པོའི་དབང་མོ་ཞེས་བྱ་བ། །དྲག་མོ་ཆེན་མོ་སྐུ་མདོག་སེར། །ཡི་དགས་གདན་ལ་རྣམ་པར་བཞུགས། །ཕྱག་གཉིས་ཐལ་མོ་སྦྱར་བ་དང༌། །དབུ་སྐྲ་གྱེན་དུ་མེ་ལྟར་འབར། །མི་བཟད་གཟུགས་ཀྱིས་བཞད་བྱ་ཞིང༌། །ཤིན་ཏུ་མཛེས་པའི་འོད་ཀྱིས་བརྒྱ་ན། །འོད་ཟེར་འབར་བས་འཁྲུགས་ཤིང་གསལ། །བྱང་གི་ཕྱོགས་སུ་རྣམ་པར་དགོད། །ཨོཾ་ཨཱཾ་སྭཱ་ཧཱ། རང་སྔགས་ལས་བྱུང་འཇིབ་མ་ནི། །རྒྱལ་བའི་དབང་མོ་ཞེས་བྱ་བ། །མདོག་དམར་འཇིགས་པའི་སྒྲ་སྒྲོགས་པ། །ཡི་དགས་ཀྱི་ནི་གདན་ལ་བཞུགས། །རབ་མཛེས་གོས་ནི་རྣམ་པར་མནབས། །ཕྱག་མཐིལ་གཉིས་ན་སྲད་བུ་དམར། །ཐལ་མོ་སྦྱར་བས་ཁྲག་གསོལ་བས། །མེ་འབར་བ་ཡི་འོད་མངའ་བ། །དྲག་པོ་འཆིང་བར་བྱེད་པ་ཡི། །འཇི་བ་མ་ནུབ་ཏུ་བསྒོམ་པར་བྱ། །ཨོཾ་ཧྲིཾ་ཧཾ་སྭཱ་ཧཱ། རང་སྔགས་ལས་བྱུང་ལྷ་མོ་ནི། །ཀཾ་བུ་ཛི་ནི་ཞེས་བྱ་བ། །མདོག་གནག་རོ་ཡི་གདན་ལ་བཞུགས། །ཕྱག་གཉིས་སྐྲ་ནི་རྣམ་པར་འཐོར། །རབ་མཛེས་ན་བཟའ་དམར་པོ་མནབས། །སངས་རྒྱས་ཀུན་གྱིས་རྣམ་པར་བརྒྱན། །ཕྱག་ན་ཐོ་བ་སྡིགས་མཛུབ་ལྡན། །འགྲོ་བའི་སེམས་ནི་རྨོངས་པར་བྱེད། །དྲག་ཅིང་མེ་འབར་འདྲ་པའི་འོད། །ལྷོ་ཕྱོགས་སུ་ནི་བསྒོམ་པར་བྱ། །རིམ་པ་དག་ནི་གཉིས་པ་ལ། །རྣལ་འབྱོར་མ་རྣམས་མཁས་པས་དགོད། །སྤོས་བྱེད་འདུ་བྱེད་གཏུམ་མོ་ནི། །ཤར་གྱི་ཕྱོགས་ཀྱི་ལྷ་མོ་ཡིན། །བདུད་རྩིས་གང་པའི་ཐོད་པ་ལ། །སྒེག་པའི་ཕྱག་ནི་རྣམ་པར་མཛེས། །དྲག་པོ་ཁྲག་འཐུང་ཤ་ཟ་མ། །བྱང་གི་ཕྱོགས་


DTG025_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ལྷ་མོ་ཡིན། །ལྕགས་ཀྱུ་ལ་སོགས་ལྔ་རྣམས་ཀྱིས། །བཀང་བའི་ཐོད་པ་ཕྱག་ན་བསྣམས། །གཏུམ་འབར་འཇིགས་སུ་རུང་བ་ནི། །ནུབ་ཀྱི་ཕྱོགས་ཀྱི་ལྷ་མོ་ཡིན། །ལག་པ་གཉིས་ཀྱིས་པདྨའི་སྣོད། །ཐོགས་པ་རུ་ནི་རྣམ་པར་དགོད། །ཐོད་ཅན་རྡོ་རྗེ་ཅན་ཀུན་ནི། །ལྷོ་ཡི་ཕྱོགས་ཀྱི་ལྷ་མོ་ཡིན། །ཐོད་པ་བཟའ་བཏུང་གིས་ཁེངས་དང༌། །རྡོ་རྗེ་དག་ནི་ཕྱག་ན་བསྣམས། །སྒེག་མོ་དྲི་ནི་དབང་ལྡན་དུ། །པི་ཝང་མེ་ཏོག་མེ་ཡི་ཕྱོགས། །གླུ་མ་བདུག་སྤོས་བདེན་བྲལ་དུ། །།གར་མ་མར་མེ་རླུང་གི་ཕྱོགས། །འདུག་པའི་ལྷ་མོ་ཉི་ཤུ་ཡང༌། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །འདི་དག་རྒྱན་སོགས་ཕྱོགས་དང་མཚུངས། །པདྨ་ཟླ་བའི་སྟེང་ན་གནས། །གསུམ་པ་གཞན་གྱི་གདན་ལ་ནི། །ཤར་སྒོར་ཁྱབ་འཇུག་གསོལ་ཀའི་ཚུལ། །ཚངས་པ་ལག་ན་རྔ་ཡབ་བསྣམས། །བྱང་གི་སྒོར་ནི་རྣམ་པར་གནས། །དྲག་པོ་ལ་སོགས་བསྟོད་སྒྲར་ལྡན། །ནུབ་ཀྱི་སྒོར་ནི་གཞག་པར་བྱ། །བརྒྱ་བྱིན་རིན་ཆེན་གདུགས་ཐོགས་ལ། །ལྷོ་ཡི་ཕྱོགས་སུ་གཞག་པར་བྱ། །རྔ་དག་བརྡུང་ཞིང་རྔ་ཡབ་ཐོགས། །གར་དང་གླུ་ཡིས་བརྒྱན་པ་དང༌། །སྡེར་བཅས་ཆུང་མར་བཅས་པ་ཡི། །བརྒྱ་བྱིན་བྱང་ཤར་མཚམས་སུ་གཞག ། ལག་ན་རིན་ཆེན་མྱུ་གུ་ཐོགས། །མུ་ཏིག་དོ་ཤལ་དག་གིས་བརྒྱན། །སྡེ་དང་བཅས་ཤིང་ཆུང་མར་བཅས། །ཀུ་བེ་ར་ནི་ཤར་ལྷོ་གཞག །རྒྱལ་མཚན་གདུགས་དང་བླ་བྲེར་བཅས། །སྡེ་དང་བཅས་ཤིང་ཆུང་མར་བཅས། །འབྱུང་པོའི་ཚོགས་ཀྱི་རྒྱལ་དབང་པོ། །ལྷོ་ནུབ་ཕྱོགས་སུ་གཞག་པར་བྱ། །པི་ཝང་གླིང་བུ་དུམ་ཡིས། །གླུ་དང་གར་ལ་སོགས་པ་མཁས། །ཆུང་མར་བཅས་པའི་ཀླུ་དབང་ནི། །ནུབ་བྱང་མཚམས་སུ་གཞག་པར་བྱ། །དེ་ལྟར་དཀྱིལ་འཁོར་བའི་ལྷའི་འཁོར་ལོའི་གནས་ཇི་ལྟ་བ་བཞིན་དུ་གཞག་ལ། ཡང་ལྕགས་ཀྱུ་དཀར་པོས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ནས། དམ་ཚིག་དཀྱིལ་འཁོར་ལ་གཞག་སྟེ། སྔར་བཤད་པའི་སྔགས་དང་ཕྱག་རྒྱ་དང་བཅས་པས་དམ་ཚིག་གི་ཕྱག་རྒྱ་བསྟན་ལ། རང་གི་གཟུགས་རྣམས་ལ་ཡེ་ཤེས་སེམས་དཔའ་གཞུག་པར་བྱའོ། །དེ་རྣམས་ཀྱི་ཐུགས་ཀར་སྔགས་ཀྱི་ཕྲེང་བར་རབ་ཏུ་འབར་བ་ནི་ཆོས་ཀྱི་


DTG025_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱག་རྒྱའོ། །སྤྲོ་བ་དང་བསྡུ་བ་ནི་ལས་ཀྱི་ཕྱག་རྒྱའོ། །དེ་ལྟར་ཕྱག་རྒྱ་བཞི་དང་སྦྱར་ནས་ཐམས་ཅད་ཀྱི་ཅོད་པན་ལ་རྣལ་འབྱོར་ནམ་མཁའི་དབང་བསྐུར་བ་ཉིད་དུ་བསམ་པར་བྱའོ། །དེ་ནས་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་གསུངས་པ། དེ་རྣམས་མིང་གི་གསང་སྔགས་ནི། ཨོཾ་དང་བསྲེགས་པའི་མཐའ་མའོ། །དྲི་མ་གསུམ་གྱི་ཚིགས་གསུམ་ལ། །རོ་ཙ་ན་ནི་ལྕགས་ཀྱུར་སྦྱར། །ཨོཾ་ཨ་ཀཱཪྵཱ་ཎི་ཧཱུཾ་ཕཊ་སྭཱ་ཧཱ། འཇིག་རྟེན་པ་ལ་སོགས་པ་དགུག་པའི་སྔགས་དང་ཕྱག་རྒྱའོ། །ཁུ་ཚུར་གཉིས་སྦྱར་བརྟན་བཅིངས་ནས། །དྲི་མ་གསུམ་གྱི་བདུག་སྤོས་བཏང༌། །གཉིས་པོ་རེག་པའི་སྦྱོར་བ་ཡིས། །རྡོ་རྗེ་མདུང་ཐུང་བསྟན་པར་བྱ། །ཨོཾ་ཏིཥྛ་ཨཱ་ལ་ན་སྭཱ་ཧཱ། གདན་གྱི་སྔགས་དང་ཕྱག་རྒྱའོ། །པདྨ་ཡེ་ཤེས་དཀྲིས་པ་ཡིས། །ས་ཡི་གདུགས་དང་རྣམ་ཤེས་མནན། །གཉིས་པོ་ལྕགས་སྒྲོག་དཀྲིས་ནས་ནི། །ལྷག་མ་བ་དན་གསུམ་པར་བསྒྲེང༌། །དྲི་མ་གསུམ་ནི་བདུག་སྤོས་རེག །རྡོ་རྗེ་རྩེ་ནི་ལྔ་པ་ཡིན། །ཨོཾ་ཧཱུཾ་ཧ་སྭཱ་ཧཱ། རྣལ་འབྱོར་ནམ་མཁའི་སྔགས་དང་ཕྱག་རྒྱའོ། །ཁུ་ཚུར་གཉིས་ནི་བརྟན་བཅིངས་ལ། །གུང་མོ་གཉིས་ནི་བརྐྱང་བར་བྱ། །མཛུབ་མོ་མདུན་དུ་ཁ་སྤྲད་ལ། །ཡེ་ཤེས་ལྷ་མོ་དག་ལ་བསྟན། །ཨོཾ་ཨོཾ་ཨ་སྭཱ་ཧཱ། ཡེ་ཤེས་མཁའ་འགྲོ་མའི་སྔགས་དང་ཕྱག་རྒྱའོ། །ལག་པ་དང་ནི་ལག་པར་སྦྱར། །མཐེ་བོང་དབུས་སུ་གཞུག་པར་བྱ། །ཡང་དང་ཡང་དུ་བསྐྱོད་བྱས་ལ། །ཤར་གྱི་རྡོ་རྗེ་ཅན་ལ་བསྟན། །ཨོཾ་སུཾ་ས་སྭཱ་ཧཱ། རྡོ་རྗེ་ཅན་མའི་སྔགས་དང་ཕྱག་རྒྱའོ། །ཁུ་ཚུར་མཉམ་པར་བརྟན་བཅིང་ལ། །མཐེ་བོང་གཉིས་ནི་རྣམ་པར་བརྐྱང༌། །དྲག་མོ་ལ་ནི་ཕྱག་རྒྱ་བསྟན། །བྱང་གི་ཕྱོགས་སུ་བརྩམ་པར་བྱ། །ཨོཾ་ཀྵུཾ་ཀྵ་སྭཱ་ཧཱ། དྲག་མོའི་སྔགས་དང་ཕྱག་རྒྱའོ། །འདི་ཡི་ཕྱག་རྒྱ་བརྟན་བཅིངས་ལ། །གུང་མོ་གཉིས་ནི་རྣམ་བར་བརྐྱང༌། །ནུབ་ཀྱི་ཕྱོགས་སུ་རོ་ལངས་མ། །ཕྱག་རྒྱ་ལ་སྦྱར་བར་བྱ། །ཨོཾ་ཡུཾ་ཡ་སྭཱ་ཧཱ། རོ་ལངས་མའི་སྔགས་དང་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་བརྟན་བཅིངས་ལ། །མཐེའུ་ཆུང་གཉིས་ནི་རྣམ་བར་བརྐྱང༌། །ལྷོ་ཡི་ཕྱོགས་སུ་གཏུམ་མོ་ལ། །ཕྱག་རྒྱ་དེ་ནི་རྣམ་པར་བརྐྱང༌། །ཨོཾ་ཧཱུཾ་སྭཱ་ཧཱ། གཏུམ་མོའི་སྔགས་དང་ཕྱག་རྒྱའོ། །ཕྱག་རྒྱ་ཀུན་གྱི་དང་པོ་རུ། །པདྨའི་བསྐོར་བ་


DTG025_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔོན་དུ་བྱ། །རྡོ་རྗེ་བསྡམས་པ་གཉིས་བྱས་ལ། །རོ་ཙ་ན་དཀར་པོའི་ལྕགས་སྒྲོག་ཡིན། ཨོཾ་སྨྲཾ་སྭཱ་ཧཱ། སེང་གེ་མའི་སྔགས་དང་ཕྱག་རྒྱའོ། །དེ་ཡི་ཕྱག་རྒྱ་བརྟན་བཅིངས་ལ། །དྲི་མ་གསུམ་དང་བདུག་སྤོས་བཏང༌། །ཨོཾ་ཧྨྲྱུཾ་སྭཱ་ཧཱ། སྟག་མོའི་སྔགས་དང་ཕྱག་རྒྱའོ། །དེ་ཡི་ཕྱག་རྒྱ་བརྟན་བཅིངས་ལ། །ས་ཡི་གདུགས་དང་པད་ལྕགས་སྒྲོག །ཨོཾ་ཡྨྲྱུཾ་སྭཱ་ཧཱ། ཝ་མོའི་སྔགས་ཡུ་དང་ཕྱག་རྒྱའོ། །རྡོ་རྗེ་བཅིངས་བ་གཉིས་ལས་ནི། །ཕན་ཚུན་དུ་ནི་མངོན་པར་བསྐྱོད། །ཨོཾ་ཀྵྨཾ་སྭཱ་ཧཱ། འུག་པ་མོའི་སྔགས་ཡུ་དང་ཕྱག་རྒྱའོ། །ལག་པ་གཉིས་ཀ་ཁར་བཅུག་སྟེ། །དགོད་པ་བླ་ན་མེད་པ་བྱ། །ཨོཾ་ཧཱུཾ་ཧུ་སྭཱ་ཧཱ། མཁའ་འགྲོ་རྒྱལ་པོའི་དབང་ཡུ་མོའི་སྔགས་དང་ཕྱག་རྒྱའོ། །ཐལ་མོ་སྤྱི་བོར་སྦྱར་ནས་གཞག །ཨོཾ་ཕཊ་ཧཱུཾ་སྭཱ་ཧཱ། སྒྲོལ་མའི་སྔགས་དང་ཕྱག་རྒྱའོ། །ཡི་དགས་ཐལ་མོ་ཁར་བཅུག་སྟེ། །ཧཱུཾ་ཞེས་བྱ་བ་རབ་ཏུ་སྒྲོགས།། ཨོཾ་ཕེཾ་ཧཱུཾ་སྭཱ་ཧཱ། འཇིབ་མའི་སྔགས་དང་ཕྱག་རྒྱའོ། །ཟླ་བའི་ཁུ་ཚུར་བརྟན་བཅིངས་ལ། །རྣ་བའི་རྩ་རུ་སྦྱར་བར་བྱ། །ཨོཾ་ཧྲཱི་ཧཱུཾ་སྭཱ་ཧཱ། ཀཾ་པོ་ཛིའི་སྔགས་དང་ཕྱག་རྒྱའོ། །དཀྱིལ་འཁོར་ནང་གི་ལྷ་མོ་བཅུ་གསུམ་གྱི་སྔགས་དང་ཕྱག་རྒྱའོ། །ཟླ་བའི་ལག་པ་བརྐྱང་ནས་སུ། །རྣམ་ཤེས་དག་ནི་དགུག་བར་བྱ། །མདུན་གྱི་གཉིས་ནི་སྦྱར་བར་བྱ། །བདུད་རྩིའི་ཆུ་ནི་སྔོན་འགྲོ་བའི། །ཨོཾ་ཧ་ཧོ་ཧྲིཿསྭཱ་ཧཱ། ཤར་གྱི་ཕྱོགས་ཀྱི་རྣལ་འབྱོར་མ་གསུམ་གྱི་སྔགས་དང་ཕྱག་རྒྱའོ། །ཉི་མ་ཟླ་བ་སྦྱར་ནས་ནི། །ཉི་མའི་སྟེང་དུ་སྦྱར་བར་བྱ། །ཨོཾ་གྲིཾ་གྷྲ་སྭཱ་ཧཱ། བྱང་གི་ཕྱོགས་ཀྱི་རྣལ་འབྱོར་མ།། གསུམ་གྱི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་བརྟན་བཅིངས་ལ། །ཉི་མ་དང་ནི་ཟླ་བ་སྤྲོ། །ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ནུབ་ཀྱི་ཕྱོགས་ཀྱི་རྣལ་འབྱོར་མ་གསུམ་གྱི་སྔགས་དང་ཕྱག་རྒྱའོ། །ཟླ་བ་ཉི་མ་གཉིས་བརྐྱང་ནས། །རྒྱབ་ཀྱི་རྒྱབ་ཏུ་སྦྱར་བར་བྱ། །སོར་མོའི་རྩེ་མོ་སྤྲད་པ་ནི། །ལྷོ་ཡི་རྣལ་འབྱོར་མ་གསུམ་རྒྱ། །ཨོཾ་བེཏྟཱ་ལཱི་ཧཱུཾ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྐེད་པ་གཉིས་ཀྱི་མཚམས་སུ་གཞག །ཨོཾ་ཧཱུཾ་ཧོ་སྭཱ་ཧཱ། སྒེག་མོའི་སྔགས་དང་ཕྱག་རྒྱའོ། །ཟླ་བའི་ཁུ་ཚུར་བརྒྱང་ནས་སུ། །མཐེ་བོང་བསྒྲེང་བར་ཤེས་བྱས་ལ། །བཟུང་ནས་ཉི་མའི་ལག་པ་ནི། །དུང་ལྟར་


DTG025_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྦྱར་བ་དྲི་ཡི་རྒྱ། །ཨོཾ་སུ་པྲི་ཡ་གནྡྷེ་ཧཱུཾ་སྭཱ་ཧཱ། དྲིའི་སྔགས་དང་ཕྱག་རྒྱའོ། །པི་ཝང་འདྲ་བའི་པི་ཝང་གིས། །ཨོཾ་ཧཱུཾ་སྭཱ་ཧཱ། པི་ཝང་གི་སྔགས་དང་ཕྱག་རྒྱའོ། །ཐལ་མོ་གཉིས་ཀ་སྦྱར་ནས་ནི། །སྤྱི་བོར་བསྐོར་ནས་དབྱེ་བར་བྱ། །ཨོཾ་ཤྲཱིཾ་སྭཱ་ཧཱ། མེ་ཏོག་གི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །དཀར་པོ་བཏེག་ནས་མདུན་དུ་སྦྱར། །གླུ་ལེན་པ་ལྟར་བྱ་བ་ནི། །གླུ་ཡི་ཕྱག་རྒྱ་ཡིན་པར་བཤད། །ཨོཾ་ཧཱུཾ་ཨོཾ་སྭཱ་ཧཱ། གླུའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་བརྟན་བཅིངས་ལ། །ཟླ་བས་མཚན་ནི་གཟུང་བར་བྱ། །ཨོཾ་ཨི་སྭཱ་ཧཱ། བདུག་པའི་སྔགས་དང་ཕྱག་རྒྱའོ། །ཟླ་བའི་ལག་པ་གཡས་པ་ཡི། །ཕྲག་པ་དག་ཏུ་རྣམ་པར་གཞག །ཨོཾ་སུ་ནྲི་ཏྱེ་སྭཱ་ཧཱ། གར་གྱི་སྔགས་དང་ཕྱག་རྒྱའོ། །ཐལ་མོ་བཅིངས་ནས་སྤྱི་བོར་གཞག །ཨོཾ་ཀྵུཾ་སྭཱ་ཧཱ། མར་མེའི་སྔགས་དང་ཕྱག་རྒྱའོ། །རིམ་པ་གཉིས་པའི་ལྷ་མོ་ཉི་ཤུའི་སྔགས་དང་ཕྱག་རྒྱ་བཤད་ཟིན་ཏོ། །ཉི་མའི་ཁུ་ཚུར་བཅིངས་ནས་སུ། །གྱེན་དུ་རྣམ་པར་དགྲོལ་བར་བྱ། །ཨོཾ་ཀྵུཾ་སྭཱ་ཧཱ། ཁྱབ་འཇུག་གི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་བཅིངས་ནས་ནི། །སྙིང་ག་དག་ཏུ་རྣམ་པར་བསྐྱོད། །ཨོཾ་ས་སྭཱ་ཧཱ། ཚངས་པའི་སྔགས་དང་ཕྱག་རྒྱའོ། །བ་དན་གསུམ་པ་གྱེན་དུ་བསྒྲེང༌། །ཨོཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། དྲག་པོའི་སྔགས་དང་ཕྱག་རྒྱའོ། །ཟླ་བའི་ཁུ་ཚུར་བརྟན་བཅིངས་ལ། །དེ་ནས་ཉི་མའི་ལག་པ་བརྐྱང༌། །རོ་ཙ་ནི་ནི་གཞུག་པར་བྱ། །ཨོཾ་མཾ་མུ་ཧཱུཾ་སྭཱ་ཧཱ། བརྒྱ་བྱིན་གྱི་སྔགས་དང་ཕྱག་རྒྱའོ། །ཉི་མའི་ཁུ་ཚུར་བརྟན་བཅིངས་ལ། །དཀར་པོ་དུད་པ་བསྒྲེང་བར་བྱ། །དཔྲལ་བའི་སྟེང་གི་ཐད་སོར་བྱུག །དབང་པོ་ཡི་ནི་དམ་ཚིག་འདོད། །ཨོཾ་མུ་མུ་སྭཱ་ཧཱ། དབང་པོའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་བརྟན་བཅིངས་ལ། །རོ་ཙན་ནི་དཀར་པོ་བརྐྱང༌། །སྔོན་མ་གཉིས་ནི་ཁ་སྤྲད་ལ། །རིན་ཆེན་ལྟ་བུར་སྦྱར་བར་བྱ། །ཨོཾ་དྷ་ནཱ་གྲེ་ཧཱུཾ་སྭཱ་ཧཱ། ཀུ་བ་རའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཉིས་ནི་བརྐྱང་ནས་ནི། །ཨོཾ་གྷཱ་དྷ་ནི་ཧཱུཾ་ཕཊ་སྭཱ་ཧཱ། འབྱུང་པོའི་སྔགས་དང་ཕྱག་རྒྱའོ། །ཁུ་ཚུར་བྱས་ནས་དཀར་པོ་བསྒྲེང༌། །ཨོཾ་བྷུར་བྷུ་བ་སྭཱ་ཧཱ། ཀླུའི་བདག་པོའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཡོན་པ་རྒྱབ་བསྟན་ཅིང༌། །ལག་པ་གཡས་པ་མདུན་བསྟན་ལ། །དབང་ལྡན་གྱི་


DTG025_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་ཕྱོགས་དག་ཏུ། །ལན་གསུམ་བར་དུ་བསྐྱོད་པར་བྱ། ཨོཾ་བཛྲ་པྲཱ་ཀ་ར་ཧཱུཾ་ཕཊ། རྡོ་རྗེ་ར་བའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཉིས་ནི་བརྐྱང་ནས་སུ། །རྩེ་མོ་དག་ཏུ་རེག་པར་བྱ། །ཨོཾ་ཛུཾ་སྭཱ་ཧཱ། རྡོ་རྗེ་ར་བའི་སྔགས་དང་ཕྱག་རྒྱའོ། །ལག་གཡོན་ཁུ་ཚུར་བྱས་ནས་སུ། །མཐེ་བོང་བརྐྱང་ནས་སྨད་པར་བྱ། །ཨོཾ་བྲུཾ་སྭཱ་ཧཱ། ཕུར་བུའི་སྔགས་དང་ཕྱག་རྒྱའོ།། ཉི་མའི་ལག་པ་བརྐྱང་ནས་ནི། །རྣལ་འབྱོར་མ་རྣམས་ཀུན་ལ་བསྙེན། །ཨོཾ་པྲ་ཏཱི་ཚྪ་སུ་གནྡྷེ་ཧཱུཾ་སྭཱ་ཧཱ། དྲིའི་སྔགས་དང་ཕྱག་རྒྱའོ།།དེ་ཉིད་ལེགས་པར་བཅིངས་ནས་ནི། །རྐེད་པའི་འོག་ཏུ་སྦྱར་བར་བྱ། ཨོཾ་པུཥྤེ་སྭཱ་ཧཱ། མེ་ཏོག་གིའོ། །དེ་ཉིད་བཅིང་ལ་བདུག་སྤོས་དབུལ། །ཨོཾ་དྷཱུ་པེ་མཱ་ལི་ནི་ཧཱུཾ་སྭཱ་ཧཱ་། །བདུག་པའོའོ། །ཉི་མའི་ཁུ་ཚུར་མཐེ་མོང་བརྐྱང༌། ཨོཾ་ན་དྲི་ཏཱི་ཀཥྞ་དཱི་པེ་ཧཱུཾ་སྭཱ་ཧཱ། མར་མེའོ། །ལག་པ་གཉིས་ནི་བརྐྱང་ནས་ཀྱང་།དབུས་སུ་མཐེ་བོང་བསྐྱོད་པར་བྱ། །ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་བྷཀྵ་ཤྲཱི་ཤྲཱི་ཧཱུཾ་སྭཱ་ཧཱ། ལྷ་བཤོས་ཀྱིའོ། །དེ་ལྟར་སྔགས་དང་ཕྱག་རྒྱ་དང་བཅས་པའི་མཆོད་པ་རྣམ་པ་ཉི་ཤུ་ཧཱུཾ་དང་སྦྱར་བས་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་བཞིན་པའི་བདག་ཉིད་ཡེ་ཤེས་མཁའ་འགྲོ་མའི་གཟུགས་སུ་བསམ་པར་བྱའོ། །དེ་ནས་བདག་དང་གཞན་མཆོད་བར་བྱ་བའི་ཕྱིར། བདུད་རྩིས་བཀང་པའི་དུང་ཆོས་བླང་ལ། །རྣལ་འབྱོར་མ་ཐམས་ཅད་ཀྱི་མདུན་དུ། སྔགས་འདིས་སེ་གོལ་གསུམ་གཏོགས་པར་བྱའོ། །ཨོཾ་ཧ་ཧོ་ཧྲཱི་སྭཱ་ཧཱ། བདུད་རྩི་ལྔ་སྦྱིན་པའི་སྔགས་དང་ཕྱག་རྒྱའོ། །སྔར་བཤད་པའི་རྣམ་པར་དག་པའི་རྡོ་རྗེ་དང་དྲིལ་བུ་བླངས་ལ། །ཡི་གེ་ཧཱུཾ་གི་དབྱངས་དང་བཅས་པའི་སྔགས་འདི་འདོན་པར་བྱའོ། །ཨོཾ་ཧཱུཾ་ཧཱུཾ། ཨོཾ་པྲཛྙཱ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་ཕེཾ་གྷེ། ཨོཾ་ཕཻཾ་གྷེ་།ཨོཾ་གཧྲཾ་གཧྲཾ་གཧྲཾ་ཧཱུཾ་སྭཱ་ཧཱ། མཉེས་པ་ཆེན་པོར་བྱ་བའི་སྔགས་སོ། །དེ་ནས་རྡོ་རྗེ་དྲིལ་བུ་དཀྲོལ། །འབད་པ་ཡིས་ནི་གསང་སྔགས་འདོན། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྒྱབ་ཀྱི་རྒྱབ་ཏུ་སྦྱར་བར་བྱ། །ས་གདུགས་པདྨ་བཅིངས་པ་དང༌། །ཧཱུཾ་ལ་སོགས་པས་བསྐྱོད་པར་བྱ། །ཨོཾ་བཛྲ་གྷཎྚ་ཧོ། །ཨོཾ་བཛྲ་གྷཎྜ་ར་ནི་ཏ་པྲ་ར་ཎྀ་ཏ། སརྦ་བུདྡྷ་ཀེཥ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སྭ་བྷཱ་བེ་བཛྲ་དྷརྨཱ་ཧྲྀ་ད་ཡ་སཾ་ཏོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། རྡོ་རྗེ་དྲིལ་བུའི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྐད་པའི་མཚན་ས་


DTG025_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་གཞག་པར་བྱ། །ཁྲོ་བོའི་བགེགས་དང་བཞད་པ་དང༌། །ལུས་ནི་དགུག་གསུམ་ལྟར་གཞག་སྟེ། །སྒེག་མོའི་ཚུལ་གྱིས་སྒེག་པ་དང༌། །པི་ཝང་ཚུལ་གྱིས་པེ་ཝང་དང༌། །གླིང་བུའི་ཚུལ་གྱིས་འདུད་པ་དང༌། །སིལ་སྙན་ཚུལ་གྱིས་དཀྲོལ་བ་དང༌། །བརྡབས་པའི་ཚུལ་གྱིས་བརྡེབས་པ་དང༌། །གར་གྱི་ཚུལ་གྱིས་ཡན་ལག་བསྐྱོད། །རླུང་ཡབ་ཚུལ་གྱིས་གཡོབ་པ་དང༌། །རྒྱལ་མཚན་ཚུལ་གྱིས་བསྒྲེང་པ་དང༌། །བླ་བྲེའི་ཚུལ་གྱིས་བྲེ་བ་དང༌། །བ་དན་ཚུལ་གྱིས་འཕྱར་བ་དང༌། །གདུགས་ཀྱི་ཚུལ་གྱིས་དགབ་པ་དང༌། །ཅང་ཧེའུའི་ཚུལ་གྱིས་བརྡེགས་པ་དང། །རྔ་ཡི་ཚུལ་གྱིས་བརྡུང་བ་དང༌། །བཞད་པའི་ཚུལ་དུ་འཛུམ་པ་དང༌། །གར་གྱི་ཚུལ་གྱིས་གར་བྱེད་པ། །ཁྲོ་བོའི་ཚུལ་གྱིས་ཁྲོ་བ་དང༌། །སྒེག་པའི་ཚུལ་གྱིས་སྒེག་པ་དང༌། །འགྱིང་པའི་ཚུལ་གྱིས་བསྒྱིངས་པ་དང༌། །མདའ་འདྲེན་ནུ་མ་འཁྱུད་པ་དང༌། །རྡོ་རྗེ་གསོར་ཞིང་ཕྱག་འཚལ་བའི། །ཚུལ་གྱིས་འདུད་པར་བྱེད་པ་སྟེ། །མཆོད་པ་ཉི་ཤུ་དེ་ཉིད་ཀྱིས། །ཧཱུཾ་གི་གླུ་དང་སྦྱར་བར་བྱ། །དེ་ནས་བསྟོད་པས་མཆོད་བྱ་སྟེ། །སེམས་དཔའ་ཆེན་པོ་དང་པོའི་མཆོག །དགྱེས་ཆེན་རྣམས་ཀྱི་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་གཟིགས་པའི། །རྡོ་རྗེ་སྙེམས་པ་བདག་པོའི་བདག །ཐུགས་ཀྱི་སེམས་དཔའི་ཏིང་འཛིན་མཆོག །རྡོ་རྗེ་ཆེན་པོ་སྟོབས་པོ་ཆེ། །ཀུན་དུ་བཟང་པོ་སྤྱོད་པའི་མཆོག །སྙིང་པོར་གྱུར་ཅིང་བདུད་འཇོམས་པའི། །སངས་རྒྱས་ཀུན་གྱི་བྱང་ཆུབ་ཆེ། །སངས་རྒྱས་བྱང་ཆུབ་རྫོགས་པའི་མཆོག །ཧཱུཾ་མཛད་ཧཱུཾ་སྟེ་འཇིག་རྟེན་གྱི། །བདག་པོ་ཐུགས་ཀྱི་གཙོ་བོ་ཉིད། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །འདོད་དང་ཐར་པའི་ནོར་ཆེ་བ། །དུས་གསུམ་སྲིད་གསུམ་མཆོག་གསུམ་སྟེ། །འཇིག་རྟེན་གསུམ་མཆོག་ཁམས་གསུམ་པ། །མི་རྒྱུ་བ་ན་མཆོག་ཏུ་གསལ། །ཤིན་ཏུ་ཕྲ་དང་སྦོམ་པའི་ཚོགས། །རྒྱུ་བ་རྣམས་ཀྱི་རབ་མཆོག་བསྙམས་།སྲིད་པའི་འཁོར་ལོ་སྦྱོང་མཛད་པ། །ཐོག་མཐའ་མེད་ཅིང་གསལ་བ་མིན། །སྔོན་དུ་སྡུག་པ་རྣམ་པར་གནས། །ཐུགས་ཀྱི་ཕྱག་རྒྱ་སྦྱོར་བ་ཆེ། །དམ་ཚིག་དེ་ཉིད་བློ་གྲོས་ཆེ། །རྡོ་རྗེ་ཁྲོ་བོ་ཆེ། །འབར་ཞིང་འཇིགས་པ་འདུལ་བའོ། །གདུག་པ་མཆོག་ནི་གདུག་པ་ཆེ། །དྲག་ཅིང་


DTG025_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྲོ་ལ་འཇིགས་པར་བྱེད། །དེ་བཞིན་གཤེགས་པའི་དངོས་གྲུབ་ཆེ། །མཆོག་གི་ལས་ཅན་ལས་ཆེན་པོ། །དམ་ཚིག་ལས་ནི་བཟང་པོའི་ལམ། །བྱང་ཆུབ་སེམས་ནི་རྟོགས་མཛད་པ། །ཐམས་ཅད་དག་བྱས་པདྨ་ཆེ། །ཤེས་རབ་ཐབས་ཀྱི་ནོར་ཆེ་བ། །འདོད་ཆགས་དག་པའི་ཏིང་འཛིན་མཆོག །སྣ་ཚོགས་པ་ཡི་དབང་ཕྱུག་ཆེ། །ནམ་མཁའ་མཐའ་ཡས་རྟག་པའི་ནོར། །སེམས་ཅན་ཀུན་གྱི་གནས་ཆེན་པོ། །དཔལ་གྱི་འབྱོར་པ་འབྱོར་པའི་དཔལ། །བསམ་པ་ཐམས་ཅད་རྫོགས་མཛད་པ། །ཕྱག་འཚལ་བདུད་རྩི་ཕྱག་འཚལ་འདུད། །ཕྱག་འཚལ་བདུད་རྩི་ཕྱག་འཚལ་ལོ། །དད་པས་ཁྱོད་ལ་འཇུག་བགྱིད་པས། །དེང་བདག་རྡོ་རྗེ་སེམས་གྲུབ་མཛོད། །རྡོ་རྗེ་དྲིལ་བུའི་སྒྲ་དང་ནི། །བསྟོད་པ་འདི་ཡིས་བསྟོད་པར་བྱ། །དེ་ནས་རྡོ་རྗེ་གླུ་ལ་སོགས་པ་བླང་བར་བྱ་སྟེ། ཧཱུཾ་ཧཱུཾ་ཧཱུཾ། དེ་པའུ་པའུ་ན་ར་ས། །བ་རུ་དོ་མཱ་ད་ལིང་ག་ན་ཇོ་ཡ་བ་ཡུ། །ཧ་བད་ཛའུ་སྟེ་ཎ་ཎ་ཧཱུཾ། ཏེ་ཏེ་ཧཱུཾ། བྷ་བཱ་བྷ་བཱ། བི་མུད་ཏི་དེ་སེ་སུ་བྷུ་ཛ་ན། ཀུ་ཏི་མ་ར་ར་ཧོ། །པུ་ཛི་ནི་བོ་ཏི་ཀཛྫ་ཏི་ཧི། དེ་ན་ཎ་ཧཱུཾ་ཧཱུཾ། ཏེ་ན་ན་ཏེ་ཏེ་ཧཱུཾ། ཨ་མ་ཏི། ཨ་ན་ག་གྷ། ཨ་སད་ཏི། བི་མུད་ཏི། སུན་ན་བི་སུན་ན། ནཾ་ས་ན་ས་ར། བཱི་ད་ནི་བཱི། ཏེ་ན་ན་ཧཱུཾ་ཧཱུཾ་ཏེ་ན་ན་ཧཱུཾ། ཏེ་ཏེ་ཧཱུཾ་མ་ར་པ་པ་ན་ཙེ་བ་ཧཱུཾ་བ་ཧ་དེ་ཧཱུཾ། སུ་ན་སན་ས་རེ་ཀཛྫུ་ཏུ་ཧཱུཾ་ཧའུ་ཛ་ན་པ་ཏེ་ཏེ་ན་ན་ཧཱུཾ། དེ་ནས་ཕྱི་རོལ་གྱི་རྣལ་འབྱོར་མ་དཔག་ཏུ་མེད་པས་ཀྱང༌། །པའུ་ན་གོ་ན་དམ་ཧཱུཾ་ལི་ནི་ཤན་ནམ། དྷ་བ་ལ་སངས་ག །ཀ་མ་ནི་ཏི་ན་མ། ཨ་མི་ཏ་བི་བི་ཤུདྡྷ་སི་ཧི་དྷ་ནུ་ཀན་ཙ་ཀན་ཙ། ན་བ་ར་ཏ་དྷ་ཎུཾ་ཀ་ཎ་ཏི་མ་ཧཱུཾ། ཨ་ཏི་བ་ས་གྷོ་རེ་མ་ཎ་ཌི་ན་ཡི། སཛྫ་ཀ་བ་ལེ་སོ་ནི་བཀྵ་ཁེ། ཛཱ་ཡ་ཛཱ་ཡ། ཨུད་དྷ་རི་ཏེ་བྷ་བ་ཧཱུཾ། མ་ར་ག་ཡ་ར་ཡ། སོ་རུ་ཧི་ཧཱུཾ། ཀིན་ཏུ་བ་ར་བྷི་ས་ན་གྷོ་རུ་དན་ཌ། ས་ཛ་བ་ཀ་ལ་མ། བ་སྱ་མི་ཏེ་བ་ཎ་མི་པ་ཧཱུཾ། སོ་ཧི་ལི་ལུ་ཎི་ཚ་བི་ཛྫ་ལུ། མུ་ཏྲ་ཏྲི་པ། ད་པ་ཧཱུཾ། མཱ་ར་བི་དྷ་ར་རུ་ན་ཀོ་ཏ་ཡཾ་ན་མ་ཧཱ་མ་ཧཱ་ཧཱུཾ། རྔ་ཡི་ནི་པ་ཧཱུཾ། རྡོ་རྗེའི་གླུ་ནི་དེ་ཉིད་དང༌། །རྡོ་རྗེ་དྲིལ་བུའི་རབ་མཆོད་ཅིང༌། །པཉྩ་མ་དང་ཀོ་ཤི་ཀ །བསྲེས་པའི་མཚན་ཉིད་བཟང་པོས་བླང༌། །དེ་ནས་རིམ་པ་གསུམ་པ་འཇིག་རྟེན་པ་ལ་སོགས་པ་བསྟོད་པར་བྱེད་པ། །དཔལ་ལྡན་དེ་ཉིད་རྒྱལ་པོའི་དབང་ཕྱུག་དམ་པ་ཅོད་པན་མཛེས། །གསང་བའི་གདན་ལ་སྐུ་མཆོག་འོད་འབར་དང་ལྡན་ཞིང༌། །དཔལ་ལྡན་རྡོ་རྗེ་དྲིལ་བུ་བསྐྱོད་


DTG025_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒྲས་རྣལ་འབྱོར་མཉེས། །དཔལ་གྱི་ཡེ་ཤེས་དམ་པའི་དབང་ཕྱུག་ལོངས་སྤྱོད་རྣམས་ལ་སྤྱོད། །དེ་ལ་སོགས་པའི་བསྟོད་པ་རྣམ་པ་སྣ་ཚོགས་པས་བསྟོད་པར་བྱའོ། །རྡོ་རྗེ་ཐལ་མོ་སྦྱར་ནས་ནི། །སྙིང་གའི་ཕྱོགས་སུ་གཞག་པར་བྱ། །ཨོཾ་ཤུདྡྷ་དྷ་རྨཱ་ཧཱུཾ། ཨོཾ་ཨ་ཨོཾ་ཨ་སྭཱ་ཧཱ། དེ་ལྟར་མཉེས་པར་བྱས་ནས། ཇི་སྐད་བཤད་པའི་ལྷ་མོའི་འཁོར་ལོ་ཐུན་བཞིའི་རིམ་པ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །བསྒོམ་པས་སྐྱོན་གསང་སྔགས་བཟླས་བྱ་སྟེ། ཧ་ཅང་མྱུར་མིན་དལ་བ་མིན། །གསལ་བ་མ་ཡིན་གསང་སྔགས་ནི། །མ་ཚང་བ་ཡང་མ་ཡིན་པས། །ཀུན་རྟོག་ཐམས་ཅད་སྤངས་ཏེ་བཟླ། །དེ་ནས་ཀྱང་ནི་སྐྱོ་གྱུར་ན། །བསྟོད་དེ་རྡོ་རྗེ་བཟུང་ནས་ནི། །རྡོ་རྗེ་དྲིལ་བུས་རབ་བསྐུལ་ལ། །འཁོར་ལོ་ཅན་རྣམས་གླུ་ཡིས་བསྟོད། །གུས་པས་ལེགས་པར་མཆོད་ནས་ནི། །དགེ་བ་རྣམས་ནི་ཡོངས་སུ་བསྔོ། །མཉེས་པར་བྱས་ནས་གཤེགས་སུ་གསོལ། །སླར་ཡང་གཤེགས་པ་མཛད་པར་གསོལ། །གཤེགས་སུ་གསོལ་བའི་སྦྱོར་བ་ཡི། །རྡོ་རྗེ་ཐལ་མོ་སྙིང་གར་བསྡམ། །ཨོཾ་ན་མ་སྟེ་ཧཱུཾ། ན་མ་མི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །སྙིང་ག་རུ་ནི་ཟླ་བ་བསྡམས། །ཉི་མ་ས་ལ་བཞག་ནས་ནི། །གསང་སྔགས་འབད་ད་བརྗེད་པར་བྱ། །ཨོཾ་གཙྪ་གཙྪ་སྭ་བྷཱ་བ་ནཾ་ཧཱུཾ་སྭཱ་ཧཱ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལྷ་རྣམས་གཤེགས་སུ་གསོལ་བའོ། །ཨོཾ་གཙྪ་གཙྪ་པུ་ན་རཱ་ག་མ་ན་ཡ་ཧཱུཾ་ཕཊ་སྭཱ་ཧཱ། སེ་གོལ་ལན་གསུམ་བརྡེབ་པ་དང་བཅས་པ་ནི་འཇིག་རྟེན་པའི་ལྷ་རྣམས་གཏང་བའི་སྔགས་སོ། །དེ་ལྟར་དཀྱིལ་འཁོར་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་གཤེགས་སུ་གསོལ་ནས། དམ་ཚིག་གི་ལྷ་རྣམས་སྙིང་གའི་པདྨ་དཀར་པོ་ལ་ཐིམ་པར་གྱུར་པར་བསམས་ལ། གོ་ཆ་ཆེན་པོ་དང༌། ངང་པའི་གཤོག་པ་ལ་སོགས་པ་བྱས་ལ། ཡི་གེ་བརྒྱ་བས་བརྟན་པ་ཉིད་དུ་བྱའོ། །དེ་ལ་ཡི་གེ་བརྒྱ་པ་ནི་འདི་ཡིན་ཏེ། ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ས་མ་ཡ། མ་ནུ་པཱ་ལ་ཡ། ཛྙཱ་ན་ཌཱ་ཀི་རཱི་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ་བྷ་ག་ཝ་ཏཱི་ཛྙཱ་ན་ཌཱ་ཀི་ནཱི། མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཿ་ཞེས་པས་ཕྱག་


DTG025_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་ཆེན་པོར་དབང་བསྐུར་ལ། བ་ར་ཀ་བ་ཙེ་ན་ཨོཾ་ཊུ་ཞེས་བྱ་བ་དང༌། སྔར་བཤད་པའི་ཕྱག་རྒྱ་ཉིད་ཀྱི་གོ་ཆ་བཅིངས་ནས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བཅོམ་ལྡན་འདས་ཇི་ལྟར་བདེ་བར་མཛོད་ཅིག །ཅེས་གསོལ་བ་བཏབ་སྟེ་ལྡང་བར་བྱའོ། །རིམ་པ་འདིས་ལྷའི་ཡིད་ལ་བྱ་བ་ཉིད་ཀྱིས། ཇི་སྲིད་མཆོག་དམ་པ་མ་ཐོབ་པའི་བར་དུ་རྟག་ཏུ་གནས་པར་བྱའོ། །དེ་ནས་རྒྱུད་ལས་གསུངས་པ་ཡི། །སྤྲུལ་པའི་ཆོ་གའི་མན་ངག་གིས། །ངེས་པར་བདག་གིས་བསྒྲུབ་པར་བྱ། །ཨོཾ་ཧཱུཾ་ཧཱུཾ་གྷྲི། ཛྲཱིཾ་མིཾ་པཱིཾ་ཧཱུཾ། ཁྲུཾ་ཧོཾ་ཧོ། །དམ་ཚིག་བཅུ་པའི་ས་བོན་ནི་དེ་དག་གོ །སྦྱང་ཞིང་རྟོག་དང་དེ་བཞིན་སྦྱར། །མི་རྟོག་པ་ཡི་སེམས་ཀྱིས་ནི། །དགའ་བའི་སེམས་དང་བཟའ་བྱ་ཞིང༌། །དེ་བཞིན་གཤེགས་ཀུན་ཚིམ་པར་བྱ། །དཔལ་གདན་བཞི་པ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་སྒྲུབ་པའི་ཐབས་སློབ་དཔོན་རྗེ་བཙུན་ཨཱཪྻ་དེ་བའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousརྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞི་པའི་སྒྲུབ་ཐབས། ཨཱརྱ་དེ་བ།next