Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་ལྔ་པ།


  expand section
   
   
   
   
  expand section
   
   
   
   
   
   
   
  expand section
   
   
  expand section
  collapse section
སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་དྲན་པ་ཞེས་བྱ་བ།  ནག་པོ་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་དྲན་པ་ཞེས་བྱ་བ། ནག་པོ་རྡོ་རྗེ།next

སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་དྲན་པ་ཞེས་བྱ་བ།
ནག་པོ་རྡོ་རྗེ།

ལེའུ་དང་པོའི་བཤད་པ།


DTG025_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་ཏཱ་ནྟྲ་སྱ་སྨྲྀ་ཏི་བྲྀ་ཏྟཱི་ཏི། བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་དྲན་པ་ཞེས་བྱ་བ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །སློབ་དཔོན་རྡོ་རྗེ་ཅན་མགོན་ལ། །དངོས་པོ་ཀུན་གྱིས་ཕྱག་བྱས་ནས། །ཆེན་པོ་སྔོན་འགྲོའི་སྒྱུ་མའི་རྒྱུད། །བདག་གིས་དྲན་ཕྱིར་བྲི་བར་བྱ། །འདིར་རྒྱུད་འཆང་བ་རྣམས་ཀྱིས་ཉན་པ་པོ་རྣམས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དང་པོར་རྒྱུད་ཀྱི་དོན་གྱི་ལུས་མདོར་བསྡུས་ཏེ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དཔལ་གྱི་སྒྲ་ནི་བླ་ན་མེད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྤེལ་བ་སྟེ། དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི་རྡོ་རྗེ་དབྱེར་མི་ཕྱེད་པའི་སེམས་ཏེ། དེ་ཉིད་མཚན་མ་དང་དམིགས་པས་སྟོང་པ་མཁའ་འགྲོ་ཞེས་བྱའོ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཞེས་བྱ་བ་ལ། མཁའ་འགྲོ་མ་ནི་རྒྱུའི་མཐར་ཕྱིན་པ་སྟེ། མིང་གི་ཁྱད་པར་གཞན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་རྣམས་ཀྱི་ཚོགས་ནི་འཁོར་ལོ་སྟེ། དེའི་བདག་ཉིད་ཀྱིས་སྒྱུར་བའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་མཁའ་འགྲོ་མ་ཞེས་བྱ་བ་ནི་དམིགས་པ་དང་བཅས་པའི་དེ་བཞིན་གཤེགས་པའི་དབུགས་དབྱུང་བར་གྱུར་པའོ། །མཁའ་འགྲོ་མ་


DTG025_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་རྣམས་ཀྱིས་འཁོར་ལོས་སྒྱུར་བ་ནི་དམིགས་སུ་མེད་པའི་རྡོ་རྗེ་འཛིན་པ་ཆེན་པོའི་དབུགས་དབྱུང་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའོ། །ཡེ་ཤེས་ལྔ་དང་ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་བྱེ་བྲག་གིས་སོ། །སྐུ་གསུམ་ཉིད་ཅེས་བྱ་བ་ནི་སྔགས་དང་དབྱིབས་དང་ཆོས་ཀྱི་བདག་ཉིད་ཀྱིས་ཏེ། མིང་གི་ཁྱད་པར་གཞན་ལོངས་སྤྱོད་དང༌། སྤྲུལ་པ་དང༌། ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན་ལ། གང་གིས་ཡེ་ཤེས་ལྔ་དང་སྐུ་གསུམ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཕྱག་འཚལ་ལོ་ཞེས་བྱ་བ་དང་སྦྱར་རོ། །འགྲོ་བ་ཞེས་བྱ་བ་ནི་རིགས་པ་ལ་སོགས་པ་རྒ་ཤིའི་མཐར་ཐུག་པའི་སྡུག་བསྔལ་གྱི་ཕུང་པོར་སོན་པའི་ངང་ཚུལ་ཅན་གྱི་སེམས་ཅན་གྱི་ཁམས་ཏེ། སྐྱོབ་པ་ཞེས་བྱ་བ་ནི་ཡོངས་སུ་སྐྱོབ་པར་བྱེད་པར་མཛད་པའོ། །ཚིགས་སུ་བཅད་པ་ཕྱེད་སྔ་མས་ནི་བཅོམ་ལྡན་འདས་ཀྱིས་བདག་གི་དོན་ཕུན་སུམ་ཚོགས་པར་བསྟན་པ་ཡིན་ལ། ཕྱེད་ཕྱི་མས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་གསུངས་ཏེ། དེ་དག་གིས་བདག་དང་གཞན་དོན་ཕུན་སུམ་ཚོགས་པའི་གནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་ཞེས་བསྟན་པ་ཡིན་ནོ། །ཇི་སྙེད་ཅེས་བྱ་བ་ལ་སོགས་པ་ལ། གང་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་ཕས་ཀྱང་བགྲང་བར་མི་ནུས་པའོ། །རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི། ཞིང་ལས་སྐྱེས་མ་དང༌། སྔགས་ལས་སྐྱེས་མ་དང༌། ལྷན་ཅིག་སྐྱེས་མའི་རང་བཞིན་ཅན་མ་རྣམས་སོ། །ཀུན་དུ་རྟོག་པའི་འཆིང་གཅོད་པ། །ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཅན་གང་རྣམས་ཀྱིས་ཀུན་དུ་རྟོག་པའི་འཆིང་བ་བཅད་པ་དེ་རྣམས་ལ་དེ་སྐད་ཅེས་བྱ་སྟེ། བདག་དང་བདག་གིར་འཛིན་པའི་ཀུན་དུ་རྟོག་པའི་འཆིང་བ་མེད་པར་འགྱུར་རོ། །འཇིག་རྟེན་བྱེད་པར་བ་འཇུག་པ། །ཞེས་བྱ་བ་ལ་འཇིག་རྟེན་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །དེ་ཡིས་ཞེས་བྱ་བ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཅན་ཏེ། དེར་འཇུག་པའི་ངང་ཚུལ་གྱི་རང་བཞིན་གང་ལ་ཡོད་པ་ད་རྣམས་ལ་དེ་སྐད་ཅེས་བྱའོ། །འདིའི་དོན་ནི་སེམས་ཅན་རྣམས་ལ་འཁོར་ཇི་སྙེད་བསྐལ་པ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་རྫོགས་


DTG025_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱ་བའི་ཕྱིར། དེ་རྣམས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་གཟུགས་ཀྱིས་ཆོས་སྟོན་པར་འཇུག་པའི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་ཞེས་པ་ཡིན་ནོ། །དེ་སྙེད་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ལ་དཔག་ཏུ་མེད་པའི་གྲངས་ཅན་རྣམས་ལ་ཆོས་དང་ཟང་ཟིང་དང་བླ་ན་མེད་པ་དང༌། དེ་ཁོ་ན་ཉིད་རྟོགས་པའི་མཆོད་པ་སྔོན་དུ་འགྲོ་བས་བསམ་གྱིས་མི་ཁྱབ་པའི་སྔགས་དང༌། ཕྱག་རྒྱ་དང་རྣམ་པར་ཐར་པའི་སྒོ་ལས་བྱུང་བའི་དཔག་ཏུ་མེད་པའི་ལུས་དང་ངག་དང་ཡིད་རྣམས་ཀྱིས་འདུད་པའི་མཚན་ཉིད་དེ། ཕྱག་འཚལ་ཞིང་བསྟོད་པའོ། །ཕྱག་བྱ་བའི་ཐབས་ཀྱིས་དབུགས་དབྱུང་བ་རྣམ་པ་གཉིས་དང༌། ཡེ་ཤེས་ལྔ་དང་སྐུ་གསུམ་ཡོངས་སུ་རྫོགས་པའི་བརྗོད་པར་བྱ་བ་དང༌། འོག་ནས་བྱུང་བའི་རྒྱུད་ཀྱི་རྒྱལ་པོ་མ་ལུས་པའི་ནུས་པ་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་བྱེད་པའི་འགྲེལ་པ་ལ་སོགས་པ་ཡང་བསྟན་པ་ཡིན་ཏེ། འཁོར་བ་ཇི་སྙེད་པའི་སེམས་ཅན་རྣམས་ཀྱི་ངན་འགྲོ་ལས་ཡོངས་སུ་བསྐྱབ་པ་སྔོན་དུ་འགྲོ་བས་མི་གནས་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་དགོད་པ་འདི་ནི་བརྗོད་པར་བྱ་བའི་དགོས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་བཀྲ་ཤིས་པའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་དོན་འདི་དག་གོ །འདི་སྐད་བདག་གིས་བྱ་བ་ཅིའི་ཕྱིར་མ་སྨོས་སྙམ་དུ་སེམས་པ་ལ། བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ཉིད་ཀྱིས་ན་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པས། རྣམ་པ་ཐམས་ཅད་དུ་ཡོངས་སུ་མྱ་ངན་ལས་འདས་པ་ནི་མ་ཡིན་ནོ། །ཅིས་ཏེ་རྒྱུན་མི་འཆད་པའི་བདེ་བ་ཆེན་པོའི་རང་བཞིན་ཆོས་ཀྱི་སྐུའི་མིང་ཅན་དེ་ནི་རྣམ་པར་རྟོག་པ་ཐམས་ཅད་འགགས་ཤིང༌། འཕགས་པ་རྣམས་ཀྱིས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་གྱུར་པ་དངོས་པོའི་རང་བཞིན་མ་ལུས་པ་དང་བྲལ་བ་སྟེ། དེ་ཡོད་ཅིང་སྐལ་བ་དང་ལྡན་པའི་འགྲོ་བ་རྣམས་ཡོད་པར་གྱུར་ཀྱང་ཆོས་སྟོན་པ་མ་ཡིན་ཏེ། འོན་ཀྱང་གཟུགས་སྐུ་རྣམ་པ་གཉིས་ཀྱིས་ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཆོས་སྟོན་ལ། དེ་དག་ཀྱང་གདུལ་བར་བྱ་བ་མེད་ན་འགལ་བར་འགྱུར་ལ། དེའི་འོག་ཏུ་དེ་ལས་ཐོས་པ་འཛིན་ཅིང་རྟོགས་པ་དང་ལྡན་ལ། ཕྱིན་ཅི་མ་


DTG025_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོག་པར་སྟོན་པ་རྣམས་ཀྱིས་སྡུད་པར་མཛད་པ་ཅིའི་ཕྱིར་ཡོད་པ་མ་ཡིན་ཏེ། འདིར་བདེན་མོད་ཀྱི་གང་གི་ཕྱིར་ཐེག་པ་ཆེན་པོའི་མཆོག་གི་རིམ་པ་ལ་ནི་འཁོར་བ་ཇི་སྙེད་པར་བདེ་བ་ཆེན་པོ་རྒྱུན་མི་འཆད་པའི་ཆོས་ཀྱི་སྐུ་ཉིད་སྔོན་གྱི་སྔགས་ལ་སོགས་པས་སྦྱངས་པའི་དབང་གིས་འབད་པ་མེད་པར་ཕྱི་རོལ་གྱི་གཟུགས་ཀྱི་སྐུ་རྣམ་པ་གཉིས་སུ་མཛད་ནས། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་སེམས་ཅན་གྱི་ཁམས་རྣམས་ལ་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་དོན་རྫོགས་པར་མཛད་ཀྱི། རྣམ་པ་ཐམས་ཅད་དུ་ཡོངས་སུ་མྱ་ངན་ལས་འདས་པ་ནི་མ་ཡིན་ནོ། །གསུངས་པ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །གཞན་གྱི་མཐར་ཐུག་གནས་པར་བྱ། །ཞེས་པ་སྟེ། དེ་བས་ན་གང་ཅི་ཡང་རུང་བས་སེམས་ཅན་རྣམས་ལ་སྟོན་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཉིད་ཀྱི་མཐུ་སྟེ། བྱ་རྣམས་དང་ནི་ཤིང་ཀུན་དང༌། །འོད་ཟེར་དང་ནི་མཁའ་ལས་ཀྱང༌། །ཆོས་ཀྱི་སྒྲ་ནི་རྒྱུན་མི་འཆད། །ལུས་ཅན་རྣམས་ཀྱིས་ཐོས་པར་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཞེས་བྱ་བ་ལ་རྡོ་རྗེ་ནི་རྣམ་པར་མི་འཇིགས་པའི་སེམས་སོ། །ནམ་མཁའ་ལྟ་བུ་ཉིད་ཀྱིས་ན་མཁའ་འགྲོ་མ་སྟེ། དེ་གང་རྣམས་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གསང་བའི་དབང་ཕྱུག་མ་ཞེས་བྱ་བ་ལ་སྐུ་དང་གསུང་དང་ཐུགས་ནི་གསང་བ་སྟེ། ཅིག་ཅར་སེམས་ཅན་རྣམས་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་སྐུ་ཡོངས་སུ་རྫོགས་པར་མཛད་པ་འདི་ནི་སྐུའི་གསང་བའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱ་ཇི་ལྟ་བ་བཞིན་དུ་གདུལ་བར་མཛད་པའི་སྒྲ་ལ་སོགས་པའི་དག་བརྗོད་པ་ནི་གསུང་གི་གསང་བའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་གཡོ་བ་རྣམས་ལུས་པ་མེད་པར་ཡོངས་སུ་ཤེས་པ་འདི་ནི་ཐུགས་ཀྱི་གསང་བ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བརྙེས་པས་ན་དེ་རྣམས་ཀྱི་དབང་ཕྱུག་གོ ། མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་མི་རྟོག་པས་ན་མཆོག་སྟེ། རང་རིག་པའི་དེ་ཁོ་ན་ཉིད་གཞན་གྱི་སྤྱོད་ཡུལ་མ་ཡིན་པས་ན་གསང་བའོ་ཞེས་བྱ་བའི་རྒྱུད་ཅེས་བྱ་བ་ནི་མཆོག་ཏུ་གསང་བ་འཆད་པར་བྱེད་པའི་སྒྲའི་ཚོགས་ཏེ། བཤད་པར་བྱ་བ་དང་བཤད་པར་བྱེད་པའི་ཕྲེང་བས་སྒྲའི་


DTG025_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚོགས་ལ་ཡང་དེ་སྐད་ཅེས་བྱ་སྟེ། རོལ་སྙེད་མ་ཕྲོགས་པའི་སྙན་དངགས་བཞིན་ནོ། །གང་ཞིག་གིས་ནི་ཞེས་བྱ་བ་ནི་གང་གིས་ཏེ་མཆོག་ཏུ་གསང་བས་སོ། །ཀུན་ཞེས་བྱ་བ་ནི་མ་ལུས་པའོ། །ཁྱབ་པ་ཞེས་བྱ་བ་ནི་རང་ཉིད་ལྷག་པར་གནས་པའོ། །རྒྱུ་དང་མི་རྒྱུ་ཞེས་བྱ་བ་ནི་སྣོད་དང་བཅུད་དུ་བཅས་པ་ལའོ། །ཚངས་པའི་སྒོ་ང་ཞེས་བྱ་བ་ནི་ཚངས་པའི་གནས་སོ། །སྐྱེད་པར་བྱེད་ཅེས་བྱ་བ་ནི་སངས་རྒྱས་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིའོ། །ཚངས་པ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀ་སྟེ། སོགས་པའི་སྒྲས་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་གཟུང་ངོ༌། །བདག་ཉིད་ཆེ་ཞེས་བྱ་བ་ནི་མཐུ་བོ་ཆེ་ལ་སོགས་པའོ། །དེ་རྣམས་ཀྱིས་ནི་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་སོ། །གསང་བ་ཆེན་པོ་ཞེས་བྱ་བ་ནི་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱིས་གཞན་གྱི་སྤྱོང་ཡུལ་མ་ཡིན་པའོ། །འདི་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའོ།། དེ་ཉིད་ནི་སྒྱུ་འཕྲུལ་ཆེན་མོ་སྟེ། གདུལ་བྱའི་སྐྱེ་བོ་མོས་པར་བྱ་བའི་ཕྱིར། སྤྲུལ་པ་ཐམས་ཅད་ཀྱིས་སྒྱུ་མའི་བདག་ཉིད་ཀྱི་ཕྱིར་རོ། །དབང་ཕྱུག་ཆེ་བ་ཞེས་བྱ་བ་ལ་ཆེན་པོ་སྟེ་རྒྱུའི་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དབང་ཕྱུག་སྟེར་བས་སོ། །སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ཀྱིས་མངོན་པར་མཐོ་བའི་ཤིན་ཏུ་ཁྱད་པར་དུ་གྱུར་པའི་སྒྱུ་མ་ཡིན་པས་སོ། །དྲག་ཆེན་མོ་ཞེས་བྱ་བ་ནི་བསྟན་པ་ཐམས་ཅད་ལ་མངོན་པར་མ་དད་པའི་སྒྱུ་མ་བརླག་པར་མཛད་པའི་ཕྱིར་རོ། །འབྱུང་བ་ཡང་དག་སྡུད་མཛད་མ། །ཞེས་བྱ་བ་ལ་འབྱུང་བ་ནི་རྒྱུ་བ་དང་མི་རྒྱུ་བ་རྣམས་ཏེ། དེ་རྣམས་ཀྱིས་སྡུད་པ་ནི་བདག་གི་རྒྱུད་དང་གཉིས་སུ་མེད་པའི་བདེ་བ་ཆེན་པོ་བླ་ན་མེད་པའི་རང་བཞིན་དུ་དེ་དག་མེད་པར་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་གིས་ཞེས་བྱ་བ་ནི་གང་གིས་ཏེ་སྒྱུ་འཕྲུལ་ཆེན་མོས་ཁྱབ་པའོ། །འདི་ཞེས་བྱ་བ་ནི་མདུན་ན་ཡོད་པ་རྣམས་སོ། །ཀུན་ཞེས་བྱ་བ་ནི་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པ་རྣམས་སོ། །རྒྱུ་དང་མི་རྒྱུ་ཞེས་བྱ་བ་ལ་སོགས་པ་ནི། རྟེན་དང་བརྟེན་པའི་རང་བཞིན་མ་ལུས་པ་རྣམས་ཏེ། དེ་དག་གིས་ནི་མ་ཁྱབ་པ་དང་གཞན་གྱིས་ཁྱབ་པ་དགག་པ་མཛད་པ་ཡིན་ནོ།།


DTG025_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཡང་བདག་གིས་ཐམས་ཅད་ལ་ནི་ཁྱབ་ཅེས་གསུངས་པས་སོ། །དེས་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྒྱུ་འཕྲུལ་ཆེན་མོ་དེ་ཉིད་ཀྱིས་ཡང་ཕྱི་ནང་གི་དངོས་པོ་རྣམས་བླ་ན་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ཉིད་ཀྱིས་བསྡུས་པ་སྟེ། རང་གི་རང་བཞིན་ལེན་པར་བྱེད་དོ། །དེ་ལྟར་རང་བཞིན་ཉིད་རང་བཞིན་མེད་པར་བཤད་དེ། འདི་དག་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ་ཞེས་གསུངས་པས་སོ། །འཇིག་རྟེན་གསུམ་པོ་ཡང་སྤྲོའོ་ཞེས་བྱ་བ་ནི་སྒྱུ་འཕྲུལ་ཆེན་མོའི་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་ཉིད་ཀྱི་བདག་ཉིད་དེ་ལས། ལས་དང་ཉོན་མོངས་པ་ལས་བྱུང་བ་སྲིད་པ་གསུམ་པོ་ལ་སྐྱེས་པས་སོ། །དེ་ཡང་གསུངས་པ་ཁམས་གསུམ་བསྐྱེད་པའི་རྒྱུ་ཉིད་དུ་ཉེར་འགྲོ་ཞེས་བྱའོ། །གསང་བ་རྣམས་ཀྱིས་ཞེས་བྱ་བ་ནི་ཁམས་གསུམ་པོ་རྣམས་འབའ་ཞིག་གིར་མ་ཟད་ཀྱི། ཟག་པ་མེད་པའི་ཞིང་ལས་སྐྱེས་མ་དང་སྔགས་ལས་སྐྱེས་མ་ལ་སོགས་པ་རྣམས་ཀྱིས་ཡང་ངོ༌། །དེ་དག་གིས་ནི་ཆོས་ཐམས་ཅད་གཞན་གྱི་རྒྱུ་ད་ལས་བྱུང་བ་དང༌། རྒྱུ་མེད་པ་ལས་བྱུང་བ་དག་ཟློག་པ་ཡིན་ནོ། །མ་ཞེས་བྱ་བ་ནི་བསྐྱེད་མའོ། །འདི་ཞེས་བྱ་བ་ནི་བསྟན་མ་ཐག་པའོ། །སྒྱུ་མའི་བདག་ཅེས་བྱ་བ་ནི་སྒྱུ་འཕྲུལ་ཆེན་མོའོ། །རྣམ་པར་གྲགས་ཞེས་བྱ་བ་ནི་ཐམས་ཅད་ཀྱི་བསྐྱེད་མ་ཞེས་ཤིན་ཏུ་གྲགས་པའོ། །འཇིག་རྟེན་གསུམ་བསྒྲུབ་ཅེས་བྱ་བ་ནི་རང་གིས་ཁྱབ་པའི་རྒྱུའི་རང་བཞིན་གྱིས་སྤྱོད་ཡུལ་མ་ཡིན་པ་དེ་ཉིད་ཀྱིས་ཁམས་གསུམ་པོ་རྣམས་མཐར་མཛད་པའི་ཕྱིར་རོ། །རེག་མ་ཞེས་བྱ་བ་ཚུལ་དེ་ལྟར་རིག་པ་ཡོད་པས་སོ། །འདོད་པ་ཐམས་ཅད་རབ་སྟེར་བས། །ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་སྟེར་བའི་ཕྱིར་རོ། །གང་ཞིག་རྣམ་པར་ཤེས་ཙམ་གྱིས། །ཞེས་བྱ་བ་ནི་སྤྲོ་བ་དང་བསྡུ་བའི་བསྒོམས་པས་རང་གི་རྒྱུད་དང་དབྱེར་མེད་པར་ཡོངས་སུ་ཤེས་པས་སོ། །སྒྲུབ་པའི་དབང་ཕྱུག་ཅེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ཀྱི་རྒྱུད་ལ་དབང་དུ་གྱུར་པ་ཐམས་ཅད་རྫོགས་པར་མཛད་པའི་ཕྱིར་རོ། །རིག་བ་ཞེས་བྱ་བ་ནི་ཡང་སྒྱུ་འཕྲུལ་ཆེན་མོ་དེ་ཉིད་དོ། །ལྷ་དང་གནོད་སྦྱིན་ཞེས་བྱ་བ་ལ་སོགས་པའི་དོན་ལྷ་ལ་སོགས་པ་ཐམས་ཅད་རང་གི་གནས་ནས་འོངས་ནས་སྒྲུབ་པ་པོ་རྣམས་ལ་


DTG025_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་ཏུ་གུས་པས་ཡང་དག་པར་མཆོད་དེ་བཀའ་ལུང་ནོད་པའི་དོན་དུ་ཉེ་བར་གནས་པ་ནི་འགྲུབ་ཅེས་བྱ་བ་ཡིན་ནོ། །དབང་དུ་འདུ་འགྱུར་ཞེས་བྱ་བ་ནི་དབང་དུ་འགྱུར་བའོ། །ཆུ་ལས་སྐྱེས་པ་ཞེས་བྱ་བ་ནི་ཆུ་སྲིན་ལ་སོགས་པའོ། །ཐང་ལས་སྐྱེས་ཞེས་བྱ་བ་ནི་སྟག་ལ་སོགས་པའོ། །རྣལ་འབྱོར་མ་རྣམས་ཞེས་བྱ་བ་ནི་ཞིང་ལས་སྐྱེས་མ་དང་སྔགས་ལས་སྐྱེས་མ་དང་ལྷན་ཅིག་སྐྱེས་མའི་རང་བཞིན་ཅན་རྣམས་སོ། །སྦྱོར་བའི་མ་ཞེས་བྱ་བ་ནི་ལུང་དང་རྟོགས་པ་བསྐྱེད་མ་ཡིན་པས་སོ། །ཁམས་གསུམ་ཞེས་བྱ་བ་ནི་རྟེན་དང་བརྟེན་པ་མ་ལུས་པ་རྣམས་སོ། །འགྲུབ་པར་འགྱུར་ཞེས་བྱ་བ་ནི་བླ་ན་མེད་པའི་དེ་བཞིན་ཉིད་ཀྱི་ཚུལ་གཅིག་གིས་སོ། །མ་ལུས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་གཟུགས་རྣམས་ཀྱིས་སོ། །ལུས་པ་མེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཀུན་གྱི་བདག་ཉིད་ཀྱིས་སོ། །ཀུན་གྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་སོ། །སྒྱུ་མས་རྣམ་རོལ་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པའི་རྣམ་པ་ཐམས་ཅད་ཀྱི་སྒྱུ་མས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྒྲ་སྐད་སྣ་ཚོགས་ཀྱིས་ཆོས་སྟོན་པས་འགྲོ་བ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་སྔགས་པ་རྣམས་གར་མཛད་པ་གང་ཡིན་པའོ། །ཕྲོགས་ནས་ཞེས་བྱ་བ་ལ་སོགས་པ་ནི་སློབ་མ་རྣམས་ལ་མཆོག་ཏུ་གསང་བའི་དབང་བསྐུར་བའི་ཕྱིར། ལྷ་ལ་སོགས་པའི་བུ་མོ་བཀུག་ཅིང་དྲངས་པའོ། །སངས་རྒྱས་ཀུན་གྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་བཙུན་མོར་བྱ་བའོ། །བུ་མོ་སྤྱོད་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བླ་མས་སློབ་དཔོན་དང༌། རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་མཆོག་ཏུ་དགའ་བའི་དབང་བསྐུར་བའི་ཕྱིར་གཞན་གྱིས་ལོངས་མ་སྤྱད་པའི་བུ་མོ་དང་གནས་དང་དུས་ཀྱི་ཁྱད་པར་དུ་བྱས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པའི་བདེ་བ་ཆེན་པོར་ཚུལ་གཅིག་པའི་མཚོན་པ་མངོན་དུ་བྱེད་ཅིང་བསྐྱེད་ལ་མཐེ་བོང་དང་མི་ཐེག་པས་ཞེས་བྱ་བ་ལ་སོགས་པས་གསང་བའི་དབང་བསྐུར་བ་རྫོགས་པར་བྱའོ། །འདིའི་བྱ་བ་གསུངས་པ། རྣལ་འབྱོར་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་ནི་ངེས་པར་ལེགས་པའོ། །དབང་ཕྱུག་ནི་མངོན་པར་མཐོ་


DTG025_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་མཚན་ཉིད་དེ་དེའི་སྐལ་པ་ཅན་དུ་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རིག་པ་ཞེས་བྱ་བ་ནི་སྤྲོས་པ་ཀུན་གྱིས་སྟོང་པའི་རང་བཞིན་ནོ། །དེ་བཞིན་ཞེས་བྱ་བ་ནི་ཕྱི་དང་ནང་གི་ཕྱིན་ཅི་ལོག་དང་བྲལ་བའི་རང་བཞིན་ཡིན་པས་སོ། །མིག་འཕྲུལ་བྱེད་ཅེས་བྱ་བ་ནི་གདུལ་བྱའི་སྐྱེ་བོ་རྣམས་མོས་པར་བྱ་བའི་ཕྱིར་མིག་འཕྲུལ་དང་འདྲ་བར་སྤྲུལ་པ་སྣ་ཚོགས་བྱེད་པར་འདོད་པའི་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྨོངས་པ་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་དང་དམ་ཚིག་དང་སེམས་ཅན་རྣམས་ལ་འཚེ་བ་རྣམས་རྨོངས་པས་ན། དགུག་པའི་ལས་མཐར་ཐུག་པ་ལས་ཡི་གེ་དང་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བའི་ཚུལ་དུ་བྱའོ། །ནམ་མཁར་འགྲོ་མ་ཞེས་བྱ་བ་ནི་རལ་གྲི་ལ་སོགས་པ་རིག་པ་འཛིན་པའི་དངོས་གྲུབ་པོ། །གཞན་གྱི་གྲོང་ཞེས་བྱ་བ་ནི་མན་ངག་ཇི་ལྟ་བ་བཞིན་གོམས་པའི་སྟོབས་ཀྱིས་རང་གི་ལུས་ལས་རྣམ་པར་ཤེས་པ་ཕྱུང་སྟེ། རྣམ་པ་དང་བྲལ་བ་གཞན་གྱི་ལུས་རབ་ཏུ་གཞུག་པའོ། །སོགས་པའི་སྒྲས་ནི་གང་དུ་འཕོ་བ་གཟུང་ངོ༌། །མི་སྣང་བ་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ཀྱི་དབང་པོ་ལས་འདས་པའོ། །ཞེ་འགྲས་པ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་སོགས་པ་ལ་སྡང་བ་རྣམས་ཕན་ཚུན་དུ་མི་མཛའ་བར་བྱའོ། །རྨུགས་པ་ཉིད་ཅེས་བྱ་བ་ནི་ལྐུགས་པའོ། །ས་འོག་འགྲོ་ཞེས་བྱ་བ་ནི་རྡོ་རྗེས་འོག་ལས་བསྟན་པའི་གནས་རྣམས་སུའོ། །རིག་འཛིན་འཁོར་ལོས་སྒྱུར་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པའི་གསེར་ལ་སོགས་པའི་འཁོར་ལོས་སྒྱུར་བའོ། །རྣལ་འབྱོར་སྒྱུ་མའི་རིག་པས་ནི། །ཞེས་བྱ་བ་ལ་རྣལ་འབྱོར་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །སྒྱུ་མ་ནི་སྐུའོ། །རིག་པ་ནི་ཆོས་ཐམས་ཅད་གཅིག་གི་བདག་ཉིད་ཀྱི་རང་རིག་པས་སོ། །ཡི་གེ་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཁེ་ལ་སོགས་པའམ་གཞན་གྱས་ཀྱང་ངོ༌།། སྔགས་ཀྱི་གཟུགས་ཞེས་བྱ་བ་ལ་ཡིད་སྐྱོབ་པར་བྱེད་པས་ན་སྔགས་ཏེ། དེའི་གཟུགས་ཀྱིས་ཇི་སྐད་བཤད་པའི་གནས་རྣམས་སུ་དགོད་པ་དང་འོག་ནས་འབྱུང་བའི་ཁ་དོག་དང་ཉམས་དང་ཞལ་གྱི་བདག་ཉིད་ཅན་གྱི་གཟུགས་སོ། །རྣལ་འབྱོར་པ་ནི་ཞེས་བྱ་བ་ནི་བསྒོམ་པ་ལ་


DTG025_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མངོན་པར་དགའ་བ་རྣམས་སོ། །རྣམ་པར་བྱེད་ཅེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་ལས་རྣམས་རྫོགས་པར་མཛད་པའོ། །ཅི་སྟེ་མུ་སྟེགས་ཅན་ལ་ཡང་འདི་ཡོད་པ་ཉིད་དོ་ཞེ་ན། རྒྱལ་བའི་སྲས་ལ་སྙིང་རྗེས་སོ། །ཞེས་བྱ་བ་ནི་བྱེ་བྲག་གོ །གཞན་དག་ན་རེ། རྣལ་འབྱོར་རིག་པའི་ཡི་གེ་ནི། །ཞེས་བྱ་བ་ལ་རྣལ་འབྱོར་པ་ནི་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའོ། །སྒྱུ་མ་ནི་སྒྱུ་འཕྲུལ་ཆེན་མོ་སྟེ་དེ་ཉིད་རིག་པའི་བདག་ཉིད་ཅན་ནོ། །ཡི་གེ་ཞེས་བྱ་བ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་མི་འགྱུར་བས་ན་ཡི་གེ་སྟེ་བདེ་བ་ཆེན་པོའོ། །སྔགས་ཀྱི་གཟུགས་ཞེས་བྱ་བ་ལ་ཤེས་པས་ན་མན་ཏེ་ཤེས་རབ་པོ། །སྐྱོབ་པས་ན་ཏྲ་སྟེ་སྙིང་རྗེའོ། །དེའི་བདག་ཉིད་ཅན་གཟུགས་སོ། །རྣལ་འབྱོར་པ་ནི་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱིས་གཞན་གྱི་དོན་ལ་སྦྱོར་བའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་བྱེད་ཅེས་བྱ་བ་ནི་རྨོངས་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་སྟེ། ལས་བཅོ་ལྔ་པོ་རྣམས་བྱེད་པའོ། །བཀླགས་པ་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་ཐོས་པ་དང་བསམས་པ་དང་བསྒོམས་པའི་ཤེས་རབ་རྣམས་སོ། །ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་སེམས་རྩེ་གཅིག་པས་སོ། །བཀླགས་པས་ཞེས་བྱ་བ་ལ་སོགས་པ་ནི་སྡིག་པ་དང་བྲལ་བ་རྣམས་ཀྱིས་བཀླགས་བ་སྟེ། ཐོས་པ་དང་བསམས་པ་དང་བསྒོམས་པ་རྣམས་ལ་གོམས་པས་འགྲུབ་པའོ། །རིག་པ་ཞེས་བྱ་བ་ནི་མཁྱེན་པའོ། །རིག་པའི་དངོས་གྲུབ་ཅེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་བའི་བདག་ཉིད་ཅན་གྱི་དངོས་གྲུབ་བསྐྱེད་བར་མཛད་པའོ། །བྱེད་པར་འགྱུར་ཞེས་བྱ་བ་ནི་གཞན་དག་ལ་ཡང་ལམ་འདི་ཉིད་བསྟན་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སྦྱོར་བར་མཛད་པས་སོ། །བསྙེན་གནས་མེད་ཅེས་བྱ་བ་ནི་བརྟུལ་ཞུགས་ཀྱི་སྤྱོད་པ་མེད་པས་སོ། །དཀའ་ཐུབ་མེད་ཅེས་བྱ་བ་ནི་ཇི་སྐད་དུ་བསྟན་པའི་ཕྱག་རྒྱ་བཀག་པ་མེད་པས་སོ། །དཀའ་སྤྱོད་མེད་ཅེས་བྱ་བ་ནི་སྐྲ་འབལ་བ་ལ་སོགས་པ་མེད་པས་སོ། །སྨྱུང་བ་མེད་ཅེས་བྱ་བ་ནི་ཚེས་བརྒྱད་ལ་སོགས་པ་རྣམས་སུ་ཟས་སྤོང་བ་མེད་པས་སོ། །སྡོམ་པ་མེད་ཅེས་བྱ་བ་ནི་ཇི་སྐད་བཤད་པའི་བསྒོམ་པ་མ་གཏོགས་པར་ལུས་དང་ངག་དང་སེམས་


DTG025_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་བྱ་བ་མེད་པའོ། །དགའ་དང་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་ལས་སྐྱེས་པའི་ཚིམ་པའོ། །བདེ་བས་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཀྱི་བདེ་བས་ཡོངས་སུ་གང་བས་སོ། །ཤེས་རབ་ཀྱིས་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་རྣམ་པར་དག་པའི་ལྷ་རྣམས་ཀྱིས་སོ། །སོགས་པའི་སྒྲས་ནི་འདི་མཆོད་པ་དང་སྨོན་ལམ་ལ་སོགས་པ་བླ་ན་མེད་པའི་སྒོམ་པས་འགྲུབ་པར་འགྱུར་རོ། །ལྟེ་བ་ཞེས་བྱ་བ་ནི་པདྨའི་ལྟེ་བ་སྟེ། དེའི་དབུས་གནས་ཞེས་བྱ་བ་ནི་རྟག་ཏུ་གསལ་ཞིང་འབར་བའི་ཚུལ་གྱིས་སོ། །དབའ་བོ་ཞེས་བྱ་བ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དགྲ་ལས་རྒྱལ་བས་སོ། གེ་སར་གསང་བའི་སྤྱོད་ཡུལ་ཞེས་བྱ་བ་ལ་སོགས་པ་གེ་སར་གྱི་མིང་གི་རྣམ་གྲངས་གཞན་སྣའི་རྩེ་མོ་ཞེས་བྱའོ། །གསང་བ་ནི་སྦས་པ་སྟེ་དེའི་སྤྱོད་ཡུལ་གྱི་ཆ་བྱད་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་གྱིས་རིག་པར་བྱ་བ་མ་ཡིན་པའོ། །གདུལ་བྱའི་སྐྱེ་བོ་རྣམས་མོས་པར་བྱ་བའི་ཕྱིར་འོག་ནས་འབྱུང་བའི་ལྷ་རྣམས་ཀྱི་རྣམ་པར་དག་པ་སྤྲོས་པ་མེད་པའི་རང་བཞིན་ཡིན་ནའང་རྣམ་པ་ལྔར་སྤྲོས་པའི་བདག་ཉིད་ཀྱིས་ཤེས་པར་བྱ་བ་གསུངས་པ། སེམས་དང་ཞེས་བྱ་བ་ལ་སོགས་པ་སྟེ། རྟོག་པ་ཐམས་ཅད་དང་བྲལ་ཞིང་རང་བཞིན་གྱིས་འོད་གསལ་བའི་ཆོས་ཀྱི་དབྱིངས་བླ་མའི་ཡང་བླ་མར་ཡེ་ཤེས་ཀྱི་ཁྱད་པར་ཅན་བསྐྱེད་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་གྱི་སེམས་སོ། །སེམས་དཔའ་ཞེས་བྱ་བ་ནི་དེ་ཙམ་གྱི་སེམས་ཅན་ཐམས་ཅད་ཀུན་དུ་གནས་པས་ན། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི་སེམས་དཔའོ། །བསམ་པའི་གཟུགས་ཞེས་བྱ་བ་ནི། བདག་དང་སེམས་ཅན་དང་བྲལ་བའི་སེམས་ཙམ་ཡིན་པས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་མཚན་ཉིད་ནི་སེམས་ཀྱི་གཟུགས་སོ། །ཡེ་ཤེས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་བདག་ཉིད་འགགས་ཀྱང་སྔོན་གྱི་འཕེན་ཤུགས་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་མ་ལུས་པར་ཕུན་སུམ་ཚོགས་པར་མཛད་པས་ན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ནི་ཡེ་ཤེས་སོ། །ཤེས་བྱའི་རང་བཞིན་ཞེས་བྱ་བ་ལ་རང་བཞིན་གྱིས་དྲི་མ་མེད་ཅིང་རྣམ་པར་དག་པའི་རང་བཞིན་གང་ཡིན་པ་དེ་


DTG025_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་དེ་སྐད་ཅེས་བྱའོ། །རྣམ་པ་ཐམས་ཅད་དུ་བསམ་དུ་མེད་པའི་རྣམ་པར་དག་པ་འཛིན་པར་བྱེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཤེས་བྱའི་རང་བཞིན་ཞེས་བྱ་བར་དགོངས་སོ། །དེ་ལྟར་གྱུར་པའི་ཡེ་ཤེས་ལྔ་པོ་སྐུ་གསུམ་གྱི་རང་བཞིན་དུ་བསྟན་པའི་ཕྱིར་དེ་ནི་བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་གསུངས་པའི་ཡེ་ཤེས་ལྔ་པོ་རྣམས་ཀྱི་ནང་ན་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང༌། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རིང་དུ་གྱུར་ཅིང་འཇུག་པར་དཀའ་ལ་ཤིན་ཏུ་རྣམ་པར་དག་པའི་མཐར་ཕྱིན་པ་གཞན་གྱིས་མྱོང་བ་མ་ཡིན་པའི་བདག་ཉིད་ཅན་ཡིན་པས་ཟབ་མོ་སྟེ་ཆོས་ཀྱི་སྐུའོ། །སངས་རྒྱས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཐུན་མོང་དུ་གྱུར་པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་བདག་ཉིད་ཅན་ཡིན་པས་ལོངས་སྤྱོད་རྫོགས་པ་སྟེ་སངས་རྒྱས་སོ། །བསྟན་པ་ཞེས་བྱ་བ་ནི་གདུལ་བྱ་རྣམས་སྡིག་པ་མི་དགེ་བ་རྣམས་ལས་རྗེས་སུ་སྐྱོབ་པ་སྔོན་དུ་འགྲོ་བས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དོན་ཕུན་སུམ་ཚོགས་པ་ལ་དགོད་པས་ན་བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་དབྱིངས་ཀྱི་བདག་ཉིད་དེ་སྤྲུལ་པའི་སྐུའི་རང་བཞིན་ནོ། །དེ་ཡང༌། སྔགས་དང་དབྱིངས་དང་ཆོས་བདག་ཉིད། །སྦྱོར་བ་རྣམ་གསུམ་གྱིས་ཤེས་ཏེ། །ཡེ་ཤེས་རྣམ་པ་གསུམ་གྱིས་ནི། །སྲིང་པའི་ཉེས་པས་གོས་མི་འགྱུར། །ཞེས་གསུངས་པས་སོ། །ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་དབྱངས་དང་གསལ་བྱེད་རྣམས་སོ། །མཉམ་པ་ཞེས་བྱ་བ་ནི་འཁོར་ལོ་བཞིའི་ངོས་རྣམས་སུ། ཧཱུཾ་གི་སྐུད་པས་མཉམ་པར་འདུད་པའོ། །རི་མོ་ཞེས་བྱ་བ་ནི་ཨོཾ་གྱི་གཟུགས་ཅན་གྱི་ཤེས་རབ་སྟེ། ལྟེ་བ་སྤྲུལ་པའི་འཁོར་ལོ་དྲུག་ཅུ་རྩ་བཞིའོ། །སྦྱར་བ་ནི་ལྡན་པར་བྱ་བའོ། །རི་མོའི་སྟེང་དུ་ཞེས་བྱ་བ་ནི་སྟེང་དུ་བལྟས་པའོ། །འབར་ན་ཞེས་བྱ་བ་ནི་འོག་ཏུ་རླུང་དང་མེའི་དཀྱིལ་འཁོར་དག་གིས་སྦར་བའོ། །འོག་ཏུ་འབར་ཞེས་བྱ་བ་ནི་མགོ་བོར་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་ནས་ཁ་འོག་ཏུ་བལྟས་ནས་འབབ་པའོ། །བྱེད་ཅེས་བྱ་བ་ནི་མི་ཤིགས་པའི་


DTG025_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་བཞིན་ནོ། །ཇི་ལྟར་འབབ་ཅེ་ན་ཁུ་བའི་ཚུལ་གྱིས་སོ། །བདུད་རྩི་ཞེས་བྱ་བ་ནི་གང་གིས་སེམས་ཅན་རྣམས་འཆིང་བར་མི་འགྱུར་བ་དེ་ནི་བདུད་རྩི་སྟེ། རྣམ་པར་ཤེས་པ་སྔོན་དུ་འགྲོ་བ་བྱང་ཆུབ་ཀྱི་སེམས་སོ། །འདིས་ནི་སྔགས་ཀྱི་སྐུ་བསྟན་པ་ཡིན་ནོ། །ཡང་ན་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི། །མཛེས་མ་དང༌། རོ་བཅུད་མའོ། །མཉམ་བྱས་ཞེས་བྱ་བ་ནི་མཚུངས་པར་རོ། །རི་མོ་ཞེས་བྱ་བ་ནི་ཀུན་བསྐྱོད་མའོ། །དེ་ལ་ཞེས་བྱ་བ་ནི་དེ་རུའོ། །སྦྱར་བར་བྱ་ཞེས་བྱ་བ་ནི་དབུས་སུ་ཡང་དག་པར་ལྡན་པར་བྱ་བའོ། །འབར་བ་ནི་གསལ་བའོ། །རི་མོའི་སྟེང་ཞེས་བྱ་བ་ནི་སྟེང་དུ་ཁ་བལྟས་པའོ། །ནི་ཞེས་བྱ་བ་ནི་དེ་ནས་སོ། །འོག་ཏུ་ཞེས་བྱ་བ་ནི་འོག་ཏུ་ཁ་བལྟས་པ་སྟེ་རྡོ་རྗེའོ། །འབབ་པ་ནི་ཡང་དག་པར་བསྐྱེད་པ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་བདེ་བ་ཆེན་པོའི་དང་ཚུལ་གྱིས་ཡང་དག་པར་བསྐྱེད་པའོ། །བྱེད་པ་ཞེས་བྱ་བ་ནི་རྒྱུ་སྟེ་གཞན་དག་ན་ནི་རྒྱུར་མི་རུང་བའི་ཕྱིར་རོ། །དེ་ཡང་གསུངས་པ། ང་ལས་འགྲོ་བ་ཐམས་ཅད་འབྱུང༌། །ས་གསུམ་པོ་ཡང་ང་ལས་སྐྱེས། །ཞེས་གསུངས་པས་སོ། །ཁུ་བའི་ཚུལ་གྱིས་ཞེས་བྱ་བ་ནི། །བདུད་རྩི་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱིས་སོ། །བདུད་རྩི་ཞེས་བྱ་བ་ནི་འཆི་བ་མེད་པའི་ཕྱིར་རོ། །ཐིགས་པའི་གཟུགས་ཞེས་བྱ་བ་ནི་ཆུང་དུ་དང་འབྲིང་པོ་དང་ཆེན་པོའི་ཡང་ཆེན་པོའི་དབྱེ་བས་སོ། །བླ་ན་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ཅན་ནོ། །གང་གང་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་གང་དང་དབང་པོའི་ཤེས་པའི་སྤྱོད་ཡུལ་དུ་གྱུར་པ་དེ་དང༌། དེའི་རང་བཞིན་གྱིས་སྤྲོས་པ་མེད་པ་ཉིད་དོ། །མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་མཆོག་ཀྱང་ཡིན་ལ་གྱུར་པ་ཡང་ཡིན་པས་མཆོག་གྱུར་དེ་ཤེས་རབ་པོ། །ཕན་པ་ནི་སྙིང་རྗེའོ། །དེ་དག་གི་རྣལ་འབྱོར་ནི་སྦྱོར་བ་སྟེ་དེས་ས། །སངས་རྒྱས་རང་བཞིན་ཞེས་བྱ་བ་ནི་རྟོག་པ་སྐྱེ་བའི་བདག་ཉིད་དོ། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པའོ། །འགྱུར་ཞེས་བྱ་བ་ནི་བསྒོམ་པར་བྱ་བའོ། །དེས་ནི་ཆོས་ཀྱི་སྐུ་བསྟན་པའོ། །དམ་ཚིག་ཆེན་པོའི་དངོས་གྲུབ་ཅེས་བྱ་བ་ལ་ཆེན་པོ་ནི་ཏིང་ངེ་འཛིན་བརྙེས་པས་སོ། །དམ་ཚིག་ནི་ཕྱིན་ཅི་ལོག་གི་རྟོག་པ་རབ་ཏུ་འཇོམས་པའི་ཐབས་ཏེ་དེའི་དངོས་གྲུབ་པོ། །རིལ་


DTG025_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་དོན་ཆེན་པོ་ལ་སྦྱོར་བས་ན་ཆེན་པོ་སྟེ། ཆེན་པོ་ཡང་ཡིན་ལ་རིལ་བུ་ཡང་ཡིན་པས་ན་རིལ་བུ་ཆེན་པོ་སྟེ། དེའི་སྒྲུབ་པ་ནི་ཚེས་བརྒྱད་ཅེས་བྱ་བ་འོག་ནས་འབྱུང་བའི་ཆོ་གའོ། །སྒྱུ་འཕྲུལ་ཆེན་པོ་རབ་སྦྱོར་བ། །ཞེས་བྱ་བ་ནི། དམ་ཚིག་དང་སྡོམ་པ་ལ་སོགས་པ་ཤེས་པའི་ལས་ཀྱི་ཕྱག་རྒྱ་སྒྱུ་འཕྲུལ་ཆེན་མོའི་རྣམ་པར་བསྐྱེད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་ལས་དེར་རབ་ཏུ་སྦྱོར་བའོ། །སྦྱོར་བ་ནི་ཤེས་རབ་དང་ཐབས་ཀྱི་སྙོམས་བར་འཇུག་པའོ།། སམ་ཞེས་བྱ་བ་ནི་བདེ་བ་སྟེ། པ་ར་ཞེས་བྱ་བ་ནི་བླ་ན་མེད་པའོ། །བྱེད་ཅེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའི་མགོ་བོ་བླ་མའི་བྲལ་སྟེང་དུ་བཞག་ལ་པདྨ་དང༌། རྡོ་རྗེ་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་དེ་བཞིན་གཤེགས་པ་ཐམས་ཅད་བསྟེན་པའི་བློས་སློབ་མ་གསང་བའི་ཉེ་བར་སྤྱོད་པ་བྱིན་གྱིས་བརླབས་ཏེ། དགའ་བ་ལ་སོགས་པ་རབ་ཏུ་དབྱེ་བ་སྔོན་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །མཆོད་པ་ལྔ་ཞེས་བྱ་བ་ནི་མེ་ཏོག་ལ་སོགས་པ་རྣམས་སོ། །འདོད་པའི་ཡོན་ཏན་ལྔ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ། །སྒྲུབ་པའི་དབང་པོ་ཞེས་བྱ་བ་ནི་སྒྲུབ་པ་པོའི་མཆོག་གི་དབང་བསྐུར་བའི་དུས་སུ་ཐམས་ཅད་ངེས་པར་བྱའོ། །དངོས་གྲུབ་ཅེས་བྱ་བ་ནི་ཆོས་ཐམས་ཅད་དབྱེར་མེད་པའི་དེ་བཞིན་གཤེགས་པར་བསྐྱེད་པའོ། །ཤིན་ཏུ་རྟག་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་རྣམ་པ་ཐམས་ཅད་སྟོང་པ་ཉིད་ཀྱི་རབ་ཏུ་གནས་པའི་ཕྱིར་རོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་གོང་དུ་བསྟན་པའི་ཡེ་ཤེས་ཀྱིས་སོ། །ལྷའི་གནས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཁམས་གསུམ་པོ་རྣམས་སུ་ཡང་ངོ༌། །འཕྲོ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རང་བཞིན་གྱིས་རྟོགས་པའོ། །དེ་ནི་བདག་གིས་ཞེས་བྱ་བ་ལ་སོགས་བ་ལ། བཤད་པར་བྱ་ཞེས་བྱ་བ་ནི་རབ་ཏུ་བསྟན་པར་བྱ་བའོ། །བདེན་པ་ཞེས་བྱ་བ་ནི་འདི་ལས་མཆོག་ཏུ་གྱུར་པའི་རྒྱུད་གཞན་མེད་པའོ། །རྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་ལ་ཆེན་མོ་ནི་འབྱུང་བ་དང༌། འབྱུང་བ་ལས་གྱུར་པའི་སྤྲོས་པ་རྣམས་ཏེ་དེ་དག་སྒྱུ་མའི་རང་བཞིན་ཅན་ཡིན་པས་སོ། །འཇིག་རྟེན་གསུམ་སྒྲུབ་ཅེས་བྱ་བ་ལ་འཇིག་རྟེན་གསུམ་གྱི་ཆོས་ཐམས་ཅད་ཡང་


DTG025_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག་པ་ཇི་ལྟ་བ་བཞིན་དུ་བསྒྲུབ་པའོ། །རྣལ་འབྱོར་ཆེན་མོ་ཞེས་བྱ་བ་ལ་ཆེན་མོ་ནི་གཞན་གྱི་དོན་བསོད་ནམས་དང༌། ཡེ་ཤེས་ཏེ་དེར་སྦྱོར་བའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བཟང་པོ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་སྟེ་གསལ་བའི་ཕྱིར་རོ། །ཡི་གེ་ཞེས་བྱ་བ་ནི་ཨ་ནས་ཧའི་མཐར་ཐུག་པ་སྟེ། འདི་དོན་དམ་པ་ནི་ཉི་མའི་དཀྱིལ་འཁོར་ལ་ཐིག་ལེ་དཀར་པོ་ལྔ་ལ་ལྷ་ཐམས་ཅད་གཞུག་པ་སྔོན་དུ་འགྲོ་བས་འབྱུང་བ་བཞི་རྣམ་པར་དག་པའི་ཕྱོགས་བཞིའི་ཐིག་ལེ་ལས་བྱུང་བའི་ལྷ་མོ་བཞིར་བསྐྱེད་དེ། །དེ་ནས་དེ་རྣམས་ཀྱི་གླུས་བསྐུལ་བའི་མཐར་དབུས་ཀྱི་ཐིག་ལེ་ལས་བྱུང་བའི་ཧཱུཾ་གིས་རྡོ་རྗེ་མཁའ་འགྲོ་བསྐྱེད་པ་ཡིན་ནོ། །འཕྲེང་བ་རྣམས་ཞེས་བྱ་བ་ལ། འདིར་མན་ངག་ནི་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཟླ་བ་དང༌། ཉི་མ་ཁ་སྦྱར་བའི་དབུས་སུ་དབྱངས་དང་གསལ་བྱེད་ཀྱིས་རྣམ་པར་བརྒྱན་པ་སྟེ། དེ་ཡང་སྦྲུལ་འཁྱིལ་བ་ལྟ་བུའི་ཐིག་ལེའི་ཕྲེང་བ་ཕྱེད་དང་བཅས་པའི་བདུན་གྱིས་བསྐོར་བར་བསམས་ལ། ཡི་གེ་གསུམ་གྱི་སྒྲ་ཡིས་རླུང་སྟེང་དུ་དབྱུང་ཞིང་གཞུག་ལ་གནས་པས་ནི་རླུང་ཕྲ་མོའི་ཐིག་ལེའི་དབུས་སུ་གནས་པར་བྱའོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ་སྒོམ་པ་གང་གིས་རྟེན་དང་བརྟེན་པའི་རང་བཞིན་གྱིས་ཁམས་གསུམ་པོ་མ་ལུས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་རྫོགས་པར་མཛད་པའོ། །འདོད་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་འདིར་རིགས་ལྔའི་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པས་ཀྱང་གོམས་པ་དང་ལྡན་པ་རྣམས་ཀྱིས་འགྲུབ་པར་འགྱུར་རོ། །རོལ་པ་ཞེས་བྱ་བ་ནི་རྩེ་བའོ། །རྣལ་འབྱོར་པ་ཆེན་མོ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་ཆེན་པོ་སྦྱོང་བ་གང་ལ་ཡོད་པའོ། །རྣལ་འབྱོར་མ་རྣམས་ཞེས་བྱ་བ་ནི་ཞིང་སྐྱེས་མ་དང་སྔགས་སྐྱེས་མ་དང་ལྷན་ཅིག་སྐྱེས་མ་སྟེ། །དེ་རྣམས་ཀུན་དང་ལྷན་ཅིག་ཏུ་ཆོས་ཐོས་པ་སྔོན་དུ་འགྲོ་བས་དེ་བཞིན་གཤེགས་པའི་བདེ་བ་བླ་ན་མེད་པ་ལ་རོལ་པ་སྟེ་རྩེ་བའོ། །རྣལ་འབྱོར་བདག་ཉིད་ཅེས་བྱ་བ་ནི། གཅིག་ཏུ་གྲུབ་པ་སྒྱུ་འཕྲུལ་ཆེན་མོ་ལ་སྦྱོར་བའོ། །རྣམ་པ་སྣ་ཚོགས་གཟུགས་སུ་ཞེས་བྱ་བ་ནི་སྤྲུལ་པ་རྣམ་པ་སྣ་ཚོགས་ཀྱི་གཟུགས་ཀྱིས་སོ། །དངོས་གྲུབ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་


DTG025_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐམས་ཅད་ལ་ཆོས་སྟོན་པ་སྔོན་དུ་འགྲོ་བའི་དེ་བཞིན་གཤེགས་པའི་དངོས་གྲུབ་བླ་ན་མེད་བ་རབ་ཏུ་སྟེར་བའོ། །བཅུད་ལེན་ཞེས་བྱ་བ་ལ་སོགས་པ་ལ་འདི་དག་ནི་ཉེ་བར་མཚོན་པ་ཙམ་སྟེ། གཞན་ཡང་དམན་པའི་དངོས་གྲུབ་ཕྲ་མོ་རྣམས་སེམས་ཅན་ཐམས་ཅད་ཇི་ལྟར་འདོད་པ་བཞིན་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་རབ་ཏུ་སོགས་པའོ། །དེ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ན་སྔགས་དང་སྨན་གྱི་རབ་ཏུ་སྦྱོར་པས་སེམས་ཅན་ཀུན་ལ་བདེ་བ་སྟེར་བའོ། །གར་ནི་ཐུགས་རྗེས་བསམས་བཞིན་མཛད། །ཅེས་བྱ་བ་ནི་བསྡུས་པའི་ཚིགས་སུ་བཅད་པའོ། །ཁུ་བ་དགུག་དང་ཞེས་བྱ་བ་ནི། ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་ཡི་གེ་ཁེ་དང་ཞེས་བྱ་བ་འོག་ནས་འབྱུང་བ་བཞིན་དུ་བྱའོ། །ཆང་ཞེས་བྱ་བ་ནི་རྟའི་རྣམ་པའི་ཞལ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །གོང་བུ་དགུག་པ་ཞེས་བྱ་བ་ལ་ཡང་སྦྱོར་བ་རྣམ་པ་གསུམ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་བཞིན་དུ་བྱའོ། །ཤ་ཆེན་པོ་ནི་ཞེས་བྱ་བ་ནི་སྐྱེ་བ་བདུན་པས་ལ་སོགས་པ་ཁ་ན་མ་ཐོབ་མེད་པའི་ཤ་ཆོ་ག་བཞིན་དུ་དགུག་པ་སྔོན་དུ་འགྲོ་བས་ཤིན་ཏུ་མཉམ་པར་བཞག་ཅིང་མཛེས་པ་རྣམས་དང་ལྷན་ཅིག་ཏུ་གཏོར་མ་སྔོན་དུ་འགྲོ་བས་རོ་འཛིན་པས་སྤྱད་པར་བྱས་ནས་སྒྱུ་འཕྲུལ་ཆེན་པོའི་སྦྱོར་བས་ཟོས་པ་ཙམ་གྱིས་མི་སྣང་བ་ལ་སོགས་པའི་དངོས་གྲུབ་ཏུ་འགྱུར་རོ། །དངོས་གྲུབ་དམན་པ་རྣམས་ཀྱི་ཚེ་དང་དངོས་གྲུབ་ལ་སོགས་པ་གསུངས་པ། ཚེ་རིང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་དེའི་ཚེ་ནི་འཕེལ་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཕྱིར་འཁོར་བ་ཇི་སྲིད་ཀྱི་བར་དུ་སྨོན་ལམ་འཛིན་པའོ། །གཟི་བརྗིད་ཆེ་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་བདག་ཉིད་གཟི་བརྗིད་ཅན་དུ་བྱེད་པའོ། །སྟོབས་ཆེ་ཞེས་བྱ་བ་གདུལ་བྱ་རྣམས་མོས་པར་བྱ་བའི་ཕྱིར་སྲེད་མེད་ཀྱི་བུའི་སྟོབས་པས་ཀྱང་ལྷག་པའི་སྟོབས་བྱེད་པའོ། །མིག་གི་མངོན་པར་ཤེས་པ་མ་གཏོགས་པར་ཕྲ་བ་དང་རགས་པ་དང་ཐག་ཉེ་བ་དང་རྒྱང་རིང་བའི་དངོས་པོ་རྣམས་ཤེས་པར་བྱ་བར་ནུས་པའི་ཕྱིར་གསུངས་


DTG025_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ། ལྷའི་མིག་དང་ཞེས་བྱ་བ་གསུངས་སོ། །རྫུ་འཕྲུལ་མ་གཏོགས་པར་སེམས་ཅན་ཐམས་ཅད་ཡང་དག་པར་འདུན་པར་མི་འགྱུར་བར་གསུངས་པ་རྫུ་འཕྲུལ་དང་ལྡན་ཞེས་བྱ་བ་སྟེ། དེ་དག་གིས་ནི་དབུས་ན་གནས་པ་མ་སྨོས་པའི་ལྷའི་རྣ་བ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། གཞན་གྱི་སེམས་ཤེས་པ་དང༌། ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་ཀྱང་གཟུང་བར་ཤེས་པར་བྱའོ། བདུད་རྩི་བཏུང་བས་གདུལ་བའི་དབང་དུ་བྱས་ཏ་གསུངས་པ། །ཟླ་བ་འཐུང་པ་ཞེས་བྱ་བ་ལ་སོགས་པ་ལ་ལྷ་ལ་སོགས་པའི་བདུད་རྩི་བཀུག་སྟེ། སེམས་ཅན་རྣམས་དང་ལྷན་ཅིག་ཏུ་ཉིན་རེ་ཞིང་བཏུང་པའོ། །པྲ་ཏི་ཧ་ཪྻ་ཞེས་བྱ་བ་ལ་པྲ་ཏི་ནི་སོ་སོའོ། །ཧ་ཪྻ་ནི་སེམས་ཅན་རྣམས་ཀྱི་ཡིད་འཕྲོག་པ་སྟེ། སྤྲུལ་བ་སྣ་ཚོགས་ཀྱི་རྫུ་འཕྲུལ་གྱིས་འདུན་པར་བྱེད་པའོ། །བལྟ་བས་མི་ངོམས་པའི་ལུས་ཞེས་བྱ་བ་ནི་ལུས་སྐྱེ་བོ་ཐམས་ཅད་ཀྱིས་མཐོང་ན་ཀུན་དུ་ཚིམ་པར་བྱེད་པའོ། །རང་གི་གཟུགས་ནི་ཡོངས་བརྫེས་ཤིང༌། །ཞེས་བྱ་བ་ནི་བསམས་པ་ཙམ་གྱིས་འདོད་པའི་གཟུགས་འཛིན་པར་འགྱུར་རོ། །བཀླགས་པས་འགྲུབ་ཅེས་བྱ་བ་ནི། སྡིག་པ་དང་བྲལ་བ་རྣམས་ཀྱིས་བཀླགས་པ་ཙམ་གྱིས་མྱུར་དུ་དངོས་གྲུབ་རྫོགས་པར་བྱེད་པའོ། །དོན་ཡོད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་འབྲས་བུ་དང་བཅས་པའོ། །རིག་མའི་དབང་ཕྱུག་ཅེས་བྱ་བ་ནི་གཟུགས་ཡོངས་སུ་བརྗེ་བ་ལ་སོགས་པའི་རིག་པ་ཐམས་ཅད་ཀྱི་གཙོ་མོ་སྟ་སྒྱུ་འཕྲུལ་ཆེན་མོ་སྟེ་ཞེས་བྱ་བའི་མིང་ཅན་ནོ། །ངའི་ཞེས་བྱ་བ་ལ་སོགས་པ་ལ་ང་ནི་ཐམས་ཅད་གཟིགས་པའི་རྡོ་རྗེ་མཁའ་འགྲོ་སྟེ། དེའི་རིག་པ་དང་མཉམ་པ་ཡང་མེད་ན་ལྷག་པ་ལྟ་ཅི་སྨོས། །རྒྱུད་རྣམས་ཀུན་དུ་ཞེས་བྱ་བ་ལ་སོགས་པ་ལ། དོན་ལྷག་པར་རྟོགས་པའི་སྒྲའི་གཞུང་གི་ཚོགས་ནི་ལུང་ངོ༌། །ཁྲོད་ལ་ནི་སངས་རྒྱས་མཁའ་འགྲོ་མའོ། །མཛེས་མ་ཞེས་བྱ་བ་ནི་སྔགས་རྒྱུད་ཐམས་ཅད་འཛིན་པའི་སྐལ་པ་ཡོད་པས་སོ། །བཤད་པ་ནི་བཤད་པའོ། །རྣལ་འབྱོར་མའི་དབང་ཕྱུག་མ་ཞེས་བྱ་བ་ལ་སོགས་པ་ཐབས་དང་ཤེས་རབ་དག་ལ་དབང་ཕྱུག་ཏུ་གྱུར་པ་ནི་རིག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་


DTG025_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིག་པ་ཆེན་པོ་སྟེ་རང་རིག་པའི་བདག་ཉིད་ཀྱིས་སོ། །དེའི་དངོས་གྲུབ་ཀྱི་མཚན་མ་ནི་རྒྱུ་སྟེ་གཞུང་གང་གིས་དེ་ངེས་པར་བསྟན་པ་དེ་ལ་དེ་སྐད་ཅེས་བྱའོ། །དང་པོ་ནི་གཉིས་པ་ལ་ལྟོས་པའོ། །སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་དྲན་པ་ཞེས་བྱ་བ་ལས་ལེའུ་དང་པོའི་བཤད་པའོ།། །།

ལེའུ་གཉིས་པའི་བཤད་པ།


DTG025_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ནི། དང་པོ་བཤད་པའི་འོག་ཏུའོ། །རྣལ་འབྱོར་མའི་དབང་ཕྱུག་ཆེན་མོ་ཞེས་བྱ་བ་ནི། བདག་དང་གཞན་གྱི་དོན་ནུས་པའི་སྦྱོར་བ་ལ་དབང་བསྒྱུར་བས་དེ་ལ་དེ་སྐད་ཅེས་བྱའོ། །གསང་བ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་སོ། །ཡི་གེ་ནི་ཨོཾ་དང་ཨཱཿདང་ཧཱུཾ་དོ། །བཟང་པོ་ཞེས་བྱ་བ་ལ་སོགས་པ་ལ། བཟང་པོ་ནི་རྣམ་པ་བཞི་སྟེ། དེ་ལ་བདག་གི་བཟང་པོ་ནི་བདེ་བ་ཆེན་པོའི་རང་བཞིན་ནོ། །གཞན་གྱི་བཟང་པོ་ནི། དེའི་རང་བཞིན་གྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལྷག་པར་གནས་པའོ། །དུས་ཀྱི་བཟང་པོ་ནི་དུས་གསུམ་དུ་རྣམ་པར་མི་འཇིགས་པའོ། །ཡེ་ཤེས་ཀྱི་བཟང་པོ་ནི་རྣམ་པར་མི་རྟོག་བཞིན་དུ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཡོངས་སུ་མཁྱེན་པའོ། །རབ་ཏུ་བཤད་པར་བྱ་ཞེས་བྱ་བ་ནི་ཁྱད་པར་དུ་བསྟན་པར་བྱ་བའོ། །སྦྱོར་པའི་འབྲས་བུ་རབ་སྟེར་བ། །ཞེས་བྱ་བ་ནི། སྦྱོར་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དེ་དངོས་གྲུབ་པོ། །དེ་ཉིད་ཀྱི་འབྲས་བུ་སྟེ་དེ་སྟེར་བའོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་གསང་བའི་ཡི་གེ་བསམ་པའོ། །རྣལ་འབྱོར་མ་ཞེས་བྱ་བ་ནི་ཞིང་སྐྱེས་མ་དང་སྔགས་སྐྱེས་མ་དང་ལྷན་ཅིག་སྐྱེས་མའི་རང་བཞིན་ནོ། །མཆོག་སྟེར་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་སྟེར་བའོ། །དང་པོའི་ཡི་གེ་སྦྱོར་བ་ཡིས། །ཞེས་བྱ་བ་ནི་སྔགས་ཐམས་ཅད་ཀྱི་དང་པོར་གྱུར་པ་ནི། ཨོཾ་སྟེ་ཡི་གེ་ཨོཾ་བརྗོད་པས་སྣ་སྒོའི་དབུགས་དབྱུང་བར་བྱའོ། །བརྒྱད་ཀྱི་མཐའ་ཞེས་བྱ་བ་ནི་སྡེ་ཚན་གྱི་ཐ་མ་ཧ་སྟེ། དེ་དང་ཨུ་བྱ་བའི་རིང་པོ་དང་ཐིག་ལེར་ཞེས་བྱ་བ་ཐིག་ལེའི་སྒྲ་དང་ལྷན་ཅིག་ཏུ་སྟེ། ཡི་གེ་ཧཱུཾ་གི་རླུང་སྙིང་གར་གནས་པར་བྱའོ། །དབུགས་རྔུབ་ཅེས་བྱ་བ་ནི་མན་ངག་གི་ཡི་གེ་ཨཱཿས་རླུང་ནང་དུ་གཞུག་པར་བྱའོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་སྒོམ་པ་ལ་མངོན་པར་དགའ་བའོ། །དངོས་དང་དངོས་མེད་རྣམ་སྤངས་པ།།


DTG025_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པ་ལ་ཀུན་བརྟགས་པའི་རང་བཞིན་ཐམས་ཅད་ནི་དངོས་པོ་དང་དངོས་མེད་པ་སྟེ་དེ་དང་བྲལ་བར་བསྒོམ་པའོ། །དེ་ཡང་གསུངས་པ། རླུང་གི་ཕྲེང་བ་གང་ཡིན་པ་དེ་དཔལ་གྱི་སློབ་དཔོན་ནོ་ཞེས་བྱ་བའོ། །དེ་ཡིས་བྱ་བ་ནི། དེ་ལྟར་གྱུར་པའི་བསྒོམ་པའོ། །མ་བཤད་ཅེས་བྱ་བ་ནི་ཡུལ་དང་དུས་དང་རྣམ་པ་ལ་སོགས་པའི་ངེས་པ་མ་གསུངས་སོ། །ཕྲེང་བ་མེད་ཅེས་བྱ་བ་ནི་ཤེལ་ལ་སོགས་པའི་བགྲང་ཕྲེང་མེད་པའོ། །སྔགས་མེད་ཅེས་བྱ་བ་ནི་ཕྱི་དང་ནང་གི་བརྗོད་པར་བྱ་བའི་སྔགས་སོ། །གཟུང་བ་ཞེས་བྱ་བ་ནི་ཕྱི་དང་ནང་གི་སེམས་ཀྱིས་གཟུང་བའོ། །སྦྱིན་སྲེག་མེད་ཅེས་བྱ་བ་ནི་ཕྱི་དང་ནང་གི་སྦྱིན་སྲེག་གོ །གཅིག་ན་གཅིག་ཏུ་བཟློག་པར་འགྱུར། །ཞེས་བྱ་བ་ནི་ལས་ཀྱི་ཚོགས་མང་པོ་གཞན་ཡང་རང་ཉིད་རང་བཞིན་གྱིས་ལྡོག་པར་འགྱུར་རོ། །སྔགས་ཞེས་བྱ་བ་ནི་མིག་ལ་སོགས་པའི་གནས་དྲུག་ཏུ་བཀོད་པའི་ཨོཾ་ལ་སོགས་པའི་སྔགས་སོ། །དབྱིབས་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཚུལ་དང༌། མདོག་དང་དབྱིབས་དང་ཕྱག་དང་ཞལ་གྱི་བདག་ཉིད་ཅན་ནོ། །ཆོས་ཞེས་བྱ་བ་ནི་ཀུན་བརྟགས་པ་ཐམས་ཅད་ལས་རྣམ་བར་གྲོལ་བའི་རང་བཞིན་ཉིད་དོ། །སྦྱོར་བ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །རྣམ་གསུམ་ཞེས་བྱ་བ་ནི་གསུམ་གྱི་བདག་ཉིད་དོ། །ཤེས་བྱ་སྟེ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་མངོན་པར་འདོད་པས་དོན་དུ་གཉེར་བའོ། །གསུངས་པ། མིག་ལ་སོགས་པ་སྔགས་ཡིན་ཏེ། དབྱིབས་ནི་ལྷ་ཡི་རྣམ་པའོ། །དམིགས་མེད་སྐུ་ནི་ཆོས་ཉིད་དེ། །འདི་ནི་རྣམ་གསུམ་སྒོམ་པའོ། །ཞེས་གསུངས་པ་དང༌། ཡང། དེ་ནས་ཐམས་ཅད་སྦྱོར་དེ་ཉིད། །རྣམ་གསུམ་རིམ་གྱིས་བསྒོམ་བྱ་སྟེ། །སྔགས་དང་དབྱིབས་དང་ཆོས་ཀྱི་བདག །ཆོས་དང་ལོངས་སྤྱོད་སྤྲུལ་པའོ། །ཞེས་གསུངས་པའོ། །སྤྲོས་པ་མེད་པའི་སྒོམ་པ་རྣམ་པ་གསུམ་གྱིས་ཅི་ཞིག་ཏུ་འགྱུར་ཞེ་ན། གསུངས་པ་སྲིད་པ་ཞེས་བྱ་བ་ལ་སོགས་པ་ལ་ལས་དང་ཉོན་མོངས་པའི་བདག་ཆགས་ལས་བྱུང་བས་ན་སྲིད་པ་སྟེ་སེམས་སོ། །དེའི་ངེས་པ་ནི་དཔག་ཏུ་མེད་པའི་ཤེས་པ་དང༌། ཤེས་བྱ་དང་ཉོན་མོངས་པ་དང་ལས་དང་སྐྱེ་བའི་སྒྲིབ་པ་རྣམས་ཀྱི་མཚན་ཉིད་དེ། མི་གོས་པ་ཞེས་བྱ་བ་ནི་ཡང་ཕྱིས་སྐྱེ་བར་མི་འགྱུར་རོ། །དེ་ཡང་


DTG025_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས་པ། ཕུང་པོ་ཡེ་ཤེས་ཀྱིས་དག་ཅིང༌། །རྣལ་འབོར་མས་ནི་ཁམས་རྣམས་སྦྱངས། །མིག་སོགས་དག་ནི་དག་པ་སྟེ། །ཡེ་ཤེས་གསུམ་གྱིས་སྐྱོན་མེད་པའོ། །ཞེས་སོ། །གཞན་དག་ན་རེ་སྔགས་ཞེས་བྱ་བ་ནི། ཨཱ་ལི་ཀཱ་ལི་ལ་སོགས་པའི་སྔགས་ཀྱིས་སྐུ་བསྟན་པ་སྟེ། མིང་གི་ཁྱད་པར་གཞན་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དབྱིབས་ཞེས་བྱ་བ་ནི། ཡིད་ཀྱིས་པདྨ་བསམ་བྱ་བ། །ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་བཞིན་དུ་ཤེས་པར་བྱ་སྟེ། མིང་གི་རྣམ་གྲངས་གཞན་ཡང་སྤྲུལ་པའི་སྐུ་ཞེས་བྱའོ། །ཆོས་ཞེས་བྱ་བ་ནི་ལྟེ་བའི་དབུས་གནས་ཞེས་བྱ་བ་ལ་སོགས་པ་སྟེ་ཆོས་ཀྱི་སྐུའོ། །དེ་ཡང༌། ཨཱ་ལི་ཀཱ་ལི་འཁོར་ལོ་བཞི། །སྔགས་ཀྱི་སྐུ་རུ་རྣམ་པར་བསྒོམ། །གཟུགས་སོགས་ཐམས་ཅད་རྣམ་དག་པ། །ཧེ་རུ་ཀ་ཡི་དབྱིབས་སུ་བྱ། །བླ་མའི་ལུང་གིས་ལེགས་སྦྱངས་པ། །ཆོས་ཀྱི་སྐུ་རུ་རྣམ་པར་བསྒོམ། །ཞེས་བྱ་བ་ནི་བསྡུས་པའོ། །སྦྱོར་ཞེས་བྱ་བ་ནི། འདིས་སྦྱོར་བས་ན་སྦྱོར་བ་སྟེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །རྣམ་གསུམ་ཞེས་བྱ་བ་ནི་བྱེ་བྲག་གསུམ་སྟེ། ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུའི་མཚན་ཉིད་དོ། །ཡེ་ཤེས་རྣམ་པ་གསུམ་གྱིས་ནི། །ཞེས་བྱ་བ་ནི་སྦྱོར་བ་ནི་སྦྱར་བ་རྣམ་པ་གསུམ་གྱི་ཡེ་ཤེས་དེ་ཉིད་ཀྱིས་སོ། །སྲིད་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་བདག་ཉིད་ཀྱི་འཁོར་ལོའོ། །ཉེས་པ་ཞེས་བྱ་བ་ནི། ལུས་དང་དག་དང་སེམས་སུན་འབྱིན་པར་བྱེད་པས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བག་ཆགས་དང་བཅས་པའོ། །གོས་མི་འགྱུར་ཞེས་བྱ་བ་ནི། དེས་རྡུལ་ཙམ་གྱིས་ཀྱང་རེག་པར་མི་འགྱུར་ཞིང་འཆིང་བར་མི་འགྱུར་བའོ། །དེ་ཡང་དང་པོ་རྣལ་འབྱོར་གྱིས། །སྤྲུལ་བའི་གཟུགས་ནི་བསྒོམ་པར་བྱ། །སྤྲུལ་པ་ལ་ནི་བརྟན་གྱུར་ན། །ལོངས་སྤྱོད་རྫོགས་པ་བརྟན་པར་བསྒོམ། །སྦྲུལ་པའི་གཟུགས་ནི་བརྟན་པ་དང༌། །ལོངས་སྤྱོད་རྫོགས་པར་སྣང་བ་ཙམ། །དེ་ནས་ཆོས་སྐུ་དམིགས་སུ་མེད། །འདི་ནི་མདོ་རུ་བསྡུས་པའོ། །ཞེས་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི། གོང་དུ་གསུངས་པའི་བསྒོམ་པའི་རྣམ་པའོ། །རྒྱུན་དུ་ཞེས་བྱ་བ་ནི་གནས་སྐབས་ཐམས་ཅད་དུའོ། །རྣལ་འབྱོར་ཞེས་བྱ་བ་ནི་ཆོས་


DTG025_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐམས་ཅད་ཀྱི་བྱ་བ་ལ་མཁས་པའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །གོམས་པ་ཞེས་བྱ་བ་ནི་ལུས་དང་སེམས་ཡང་དག་པར་གྱུར་པ་ཉིད་ད། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་རྡོ་རྗེ་ནི་བླ་ན་མེད་པའི་སེམས་སོ། །དེ་ཉིད་ནི་སེམས་ཅན་གྱི་དོན་བྱེད་པས་ན་སེམས་དཔའ་སྟེ། དེས་མཉམ་པ་ནི་དབྱེར་མེད་པའི་རང་བཞིན་ནོ། །དེ་ཡང་གསུངས་པ། ཚོགས་དང་ཆོས་ཀྱི་སྐུ་དང་ནི། །འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་ཉིད། །རིགས་དང་ཚེ་ཡི་ཚད་ཀྱིས་མིན། །ཞེས་སོ། །ཟླ་བ་དྲུག་གིས་དེ་འགྲུབ་ཅེས་བྱ་བ་ནི། ཟླ་བ་དྲུག་གིས་གོམས་པར་རྫོགས་བར་གྱུར་པ་ལ་འདིར་ཐེ་ཚོམ་མེད་དོ། །མངོན་པར་ཕྱོགས་པར་ལེགས་འདུས་པ། །ཟླ་དྲུག་ཙམ་གྱིས་ངེས་པར་ནི། །རྣལ་འབྱོར་པ་ཡིས་ཉེར་བསྟེན་པའི། །རྣལ་འབྱོར་ཆེན་པོ་འདི་གསལ་འགྱུར། །ཞེས་གསུངས་པའི་ཕྱིར་སྔར་གསུངས་པ་དང་གསུངས་པའི་ལས་ཀྱི་ཆོ་ག་བཤད་པར་བཞེད་ནས་གསུངས་པ། དབང་པོ་མདོག་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཨིནྡྲ་ནི་སྲོག་ཆགས་ལྟ་བུ་ཆུ་གཤེར་རོ། །དེའི་མདོག་ནི་དམར་པོ་སྟེ། །མདོག་དེ་དང་ཡང་དག་པར་ལྡན་པའོ། །དང་པོར་ཡི་གེ་བསྒོམ་བྱ་སྟེ། །ཞེས་བྱ་བ་ནི། དབྱངས་ཡིག་རྣམས་ཀྱི་དང་པོ་ཨ་ཐུང་དུ་རྣ་བའི་གནས་སུ་དགོད་པའོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ནི། གང་གི་དོན་དུ་སྔགས་ཀྱིས་རིག་པ་རབ་ཏུ་སྦྱར་པར་བྱས་ན་དེའི་མོད་ལ་དེ་ཉིད་དུ་འགྲུབ་པར་འགྱུར་རོ། །ཡི་གེ་གཉིས་པ་ཞེས་བྱ་བ་ནི་ཨ་རིང་པོའོ། །ཡང་དག་པར་ལྡན་ཞེས་བྱ་བ་ལ་སོགས་པ་ལ། གོང་དུ་གསུངས་པའི་མདོག་དང་ལྡན་པའི་ཡི་གེ་མགྲིན་པའི་གནས་སུ་དགོད་པ་སྔོན་དུ་འགྲོ་བ་ལྷའི་རྣལ་འབྱོར་གྱིས་ས་གསུམ་པོ་མ་ལུས་པ་དེའི་མོད་ལ་འོང་བར་འགྱུར་རོ། །ཚངས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡེ་ཤེས་ཞེས་བྱ་བ་ནི། སེམས་བརྟན་པར་གྱུར་པའི་ཡེ་ཤེས་ཀྱིས་སོ། །ཡི་གེ་ཞེས་བྱ་བ་ནི་གོང་དུ་གསུངས་པའི་ཡི་གེས་སོ། །བསྐུལ་བྱས་ཞེས་བྱ་བ་ནི། ཡི་གེ་དང་ཡེ་ཤེས་དགུག་པར་འགྱུར་ཞེས་སྔ་མ་དང་ཡང་སྦྱར་རོ། །ཆ་བྱད་ཅེས་བྱ་བ་ནི། ལྷ་མོའི་ཆ་བྱད་དོ། །ཡི་གེ་ལས་བྱུང་ཞེས་བྱ་བ་ནི། སྙིང་གའི་ས་བོན་ལས་སྒྲོས་ཏེ་ལྕགས་ཀྱུ་དང༌། ཞགས་པ་དམར་པོ་ཕྱག་


DTG025_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན་བསྣམས་ཤིང་སྐུ་མདོག་དམར་པོར་བསྒོམ་པར་བྱའོ། །སྐུ་གསུང་ཐུགས་ལ་ལེགས་གནས་པ། །ཞེས་བྱ་བ་ནི། ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབས་པ་སྟེ། བསྒོམ་བྱས་ན་ཞེས་བྱ་བ་ནི། བསྒོམ་པས་སོ། །སྦྱོར་བ་རྣམ་གསུམ་ཞེས་བྱ་བ་ནི་བསྒྲུབ་བྱ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ། མགྲིན་པ་ཞགས་པས་བཅིངས་ནས། སྙིང་ག་ལྕགས་ཀྱུས་ཕུག་སྟེ། བར་སྣང་ལས་ཀུན་དུ་འོང་བར་བསམ་མོ། །ཡི་གེ་ཀྵ་དང་ཞེས་བྱ་བ་ལ་སོགས་པ་ལ་བླ་མ་དང་དམ་ཚིག་དང་སེམས་ཅན་ལ་འཁུ་བ་རྣམས་ལ་སྦྱིན་པ་དང་བཀུར་སྟི་སྔོན་དུ་འགྲོ་བས་གསོལ་བ་བཏབ་ཀྱང་བཟློག་པར་མི་ནུས་ན། ཐབས་གཞན་དག་ནི་མ་མཆིས་པས་དེ་ས་ན་ཁྱེད་ཀྱིས་འདི་བཏང་མཛོད་ཅེས་བྱ་བས་དེ་བཞི་ནི་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་པས་དེ་མཁྱེན་ནས་ཡོངས་སུ་གཏོང་བར་འགྱུར་ཏེ། དེ་ལྟར་སྙིང་རྗེ་ཆེན་པོའི་བསམ་པས་རང་གིས་བསྟེན་པའི་རིག་མའི་མཚན་མ་བསྟེན་པ་རྙེད་པའི་སྔགས་པས་བླ་མ་ལ་སོགས་པ་ལ་དོད་པར་བྱེད་པ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་བཟློག་པར་བྱ་བ་དང༌། སེམས་ཅན་རྣམས་མཆོག་གི་ཐེག་པ་ལ་མངོན་པར་དད་པར་བྱ་བའི་ཕྱིར་འགའ་ཞིག་ཚར་གཅོད་པས་རྗེས་སུ་གཟུང་བར་བྱའོ། །ཁ་དོག་དྲུག་དང་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་དྲུག་པོ་དཔྲལ་བ་ལ་སོགས་པའི་གནས་དྲུག་ཏུ་ཆོ་ག་ཇི་ལྟ་བ་བཞིན་དུ་བསམ་ཞིང་ཁྱད་པར་དུ་བསྒོམ་པར་བྱའོ། །རྣལ་འབྱོར་མཁའ་འགྲོ་མ་ཡི་ཚོགས། །ཞེས་བྱ་བ་ནི་དམིགས་སུ་མེད་པའི་རྡོ་རྗེ་འཛིན་པའི་ལྷན་ཅིག་སྐྱེས་པའི་རང་བཞིན་ཏེ་དེའི་ཡང་དག་པར་བསགས་པ་ནི་ཚོགས་ཏེ་འདུས་པའོ། །འདིའི་དོན་ནི་འདི་ཡིན་ཏེ། དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ཐམས་ཅད་ཀྱི་སྤྱན་སྔར་བླ་ན་མེད་པའི་བདེ་བ་ཆེན་པོའི་རང་བཞིན་སྐུ་གསུམ་གྱི་བདག་ཉིད་དུ་འགྲུབ་པར་འགྱུར་རོ། །རྡོ་རྗེ་རྣལ་འབྱོར་མ་ལ་ཞེས་བྱ་བ་ནི། རྡོ་རྗེ་ནི་ཡེ་ཤེས་ལྔའོ། །དེ་སྦྱོར་བའི་ངག་ཚུལ་གང་ལ་ཡོད་པ་དེ་ལ་སྐད་ཅེས་བྱའོ། །ཞིང་སྐྱེས་མ་དང་སྔགས་སྐྱེས་མ་དང་ལྷན་ཅིག་སྐྱེས་མ་རྣམས་སོ། །གྲུབ་ཅེས་བྱ་བ་ནི་རྫོགས་པར་འགྱུར་བའོ། །མིག་


DTG025_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་ཞེས་བྱ་བ་ལ་སོགས་པ་ལ། མིག་གཉིས་ལ་སོགས་པའི་ཇི་སྐད་གསུངས་པའི་གནས་རྣམས་སུ་རྩེ་གཅིག་པའི་ཡིད་ཀྱིས་སོར་མོ་རྣམས་ཀྱིས་བཀག་ལ་མིག་དང་རྣ་བ་དང་མགོ་བོ་རྣམས་སུ་འོད་དང་སྒྲ་དང་དུ་བ་རྣམས་ཤེས་པར་བྱ་ཞིང༌། འཆི་ལྟས་ཞེས་བྱ་བ་ནི་མཚན་མ་གཞན་ཡང་མན་དག་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ལ། དེའི་འོག་ཏུ་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རིམ་པ་བཞིན་དུ་དུས་དང༌། དུས་མ་ཡིན་པ་ངེས་པར་བྱས་ལ་རང་གི་འཁོར་དང་ནོར་དང་ནད་མེད་པ་རྣམས་འཕེལ་བ་དང༌། འབྲི་བ་མེད་པར་ཤེས་པར་བྱའོ། །ཡང་ན་སེང་གེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་སྟེ། ཕྱིན་ཅི་ལོག་གི་རི་དགས་འཇིགས་པར་མཛད་པའི་ཕྱིར་རོ། །རྣམ་པར་རོལ་པ་ཞེས་བྱ་བ་ནི་ལོངས་སྤྱོད་དང་སྤྲུལ་པའི་བདག་ཉིད་དེ། ཕྱག་རྒྱ་ཞེས་བྱ་བ་ནི། བདག་དང་གཞན་གྱི་དོན་ལ་འདེབས་པས་སོ། །བཅིང་བར་བྱ་ཞེས་བྱ་བ་ནི། བདག་གི་རང་བཞིན་མི་གཡོ་བར་བྱའོ། །སྲོག་དང་རྩོལ་བ་ཞེས་བྱ་བ་ལ་སོགས་པ་ལ། སྲོག་དང་རྩོལ་བ་ནི་རླུང་ངོ༌། །བསྡམས་པ་ནི་རྩེ་གཅིག་པའི་སེམས་ཀྱིས་བཀག་པའོ། །སྐད་ཅིག་དེ་ལ་ཞེས་བྱ་བ་ནི་འགོག་པའི་སྐད་ཅིག་ལའོ། །འབར་ཞེས་བྱ་བ་ནི་རང་རིག་པའི་དེ་ཁོ་ན་ཉིད་ཀྱིས་བདག་ཉིད་གསོལ་བར་གྱུར་པའོ། །དེ་ཡང༌། འགྲོ་དང་འོང་དང་གནས་པ་ཉིད། །དལ་ཞིང་དལ་བའི་རིམ་གྱིས་ནི། །ཞི་བའི་གོ་འཕང་མངོན་ཕྱོགས་ནས། །དེ་ནས་རང་བཞིན་མེད་པར་འགྲོ། །ཞེས་གསུངས་སོ། །གཟུགས་ཀྱི་ཁམས་ཀྱི་གནས་བཅུ་བདུན་གྱི་ནང་གནས་གཙང་མ་གཙོ་བོར་བྱས་ཏེ་གསུངས་པ་འོག་མིན་ཞེས་བྱ་བ་ལ་སོགས་པ་ལ་འོག་མིན་གྱི་སྲིད་པའི་མཐར་ཐུག་པ་གང་དག་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། འདི་ལྟར་མི་ཆེ་བ་དང༌། མི་གདུང་བ་དང༌། གྱ་ནོ་མ་སྣང་བ་དང༌། ཤིན་ཏུ་མཐོང་བ་དང༌། འོག་མིན་ཏེ་ལྔ་དང༌། རྒྱུ་བ་ཞེས་བྱ་བ་ནི། འདོད་པའི་ཁམས་ཀྱི་གནས་རིས་ཉི་ཤུ་སྟེ་དྲུག་པ་སྟེ། མི་རྒྱུ་བ་ཞེས་བྱ་བ་ནི། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ་བདུན་པའོ། །ཡང་ན་འོག་མིན་ནི་གཟུགས་ཀྱི་ཁམས་ལས་གནས་གཙང་མའི་མིང་ཅན་ནོ། །འཇིག་རྟེན་བདུན་ནི་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་


DTG025_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་རྒྱུ་ལ་ཞུགས་པ་རྣམས་རྒྱུ་དང་འབྲས་བུར་ཕྱེ་བས་སོ། །ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་འགོག་པའི་འབྲས་བུ་ཙམ་སྟེ་གནས་མེད་པས་ནི་མ་གསུངས་སོ། །རྒྱུ་བ་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །མི་རྒྱུ་ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཐམས་ཅད་དོ། །ཡང་ན་འོག་མིན་གྱི་མཐར་ཐུག་པར་གྱུར་པས་དང་ཆུ་དང་མེ་དང་རླུང་དང་རྣམ་པར་ཤེས་པ་དང༌། ནམ་མཁའ་དང་ཆོས་ཀྱི་ཁམས་ཏེ་འཇིག་རྟེན་བདུན་ནོ། །རྒྱུ་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དོ། །མི་རྒྱུ་ཞེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་པར་འཇུག་པ་སྟེ། དེ་དག་གིས་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་དབྱེར་མེད་པའི་རང་བཞིན་བདེ་བ་ཆེན་པོའི་ཚུལ་གཅིག་པའི་ཆོས་སྐུ་བསྟན་པ་ཡང་ཡིན། བསྒོམ་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་དེ་ཞེས་བྱ་བ་ནི་གོང་དུ་གསུངས་མ་ཐག་པའི་སེམས་དང་སེམས་ལས་བྱུང་བའི་འདུ་བྱེད་དང་བྲལ་བའི་རྗེས་སུ་མྱོང་བ་དེ་བསྒོམས་ཀྱང་ངོ༌། །དེ་ནི་རྟོགས་པ་མ་ཡིན་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་ཀྱི་རང་བཞིན་འདུ་བྱེད་ཐམས་ཅད་དང་བྲལ་བའི་བྱང་ཆུབ་ཀྱི་བདག་ཉིད་ཁོང་དུ་ཆུད་པ་མ་ཡིན་པའོ། །གལ་ཏེ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཡང་འགྲོ་བ་ཐམས་ཅད་ཀྱི་རང་བཞིན་གྱིས་བདག་ཉིད་རང་གི་སེམས་ཙམ་དུ་རྟོགས་པར་གྱུར་ན་ནི་དེའི་འགྲོ་བའི་རོལ་པ་རྣམ་པར་འཇིག་ཅེས་བྱ་བ་ལ་འགྲོ་བའི་རོལ་པ་ནི་མ་རིག་པ་ལ་སོགས་པ་ནས་རྒ་ཤིའི་མཐར་ཐུག་པའི་མཚན་ཉིད་དེ་འཇིག་པའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་དེའི་ཕྱིར་ཞེས་བྱ་བ་ནི་རྟག་ཏུ་ད་ལྟར་བྱུང་བ་ཡིན་ཀྱང་ངོ༌། །གསང་བ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་ལ་སོགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་ཀྱང་བེམས་པོ་ལ་སོགས་པའོ། །མི་གསལ་ཞེས་བྱ་བ་ནི་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་བརྟག་པར་མི་ནུས་པའི་ཕྱིར་རོ། །ཡི་གེ་མེད་ཅེས་བྱ་བ་ནི་ཐིག་ལེ་དང་སྒྲ་དང་བྲལ་བའི་ཕྱིར་རོ། །གང་ཕྱིར་སངས་རྒྱས་རྣམས་ཀྱིས་མཁྱེན། །ཞེས་བྱ་བ་ནི། བཅོམ་ལྡན་འདས་གཅིག་པུ་ཉིད་ཀྱིས་མཁྱེན་པའོ། །ཇི་ལྟ་བུ་ཞེ་ན། རྣལ་འབྱོར་ཉིད་དང་ཡང་དག་ལྡན། །ཞེས་བྱ་སྟེ། རྣལ་


DTG025_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱོར་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ། །དེ་ཉིད་ནི་གཉིད་དེ་དེའི་ཚུལ་གྱིས་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རབ་ཏུ་བརྒྱལ་བའི་ཕྱིར་རོ། །ཡང་དག་ལྡན་ཞེས་བྱ་བ་ནི་ཡང་དག་པར་རྟོག་པ་དང་ལྡན་པ་སྟེ་དེའོ། །གཟུགས་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་མན་ངག་ལས་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བ་ལ་ཐིག་ལེ་དཀར་པོ་ཡིད་ཀྱིས་བསམས་ཏེ། ཐིག་ལེ་དེར་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ལ། དེ་ཡོངས་སུ་གྱུར་པ་ལས་རྣལ་འབྱོར་མ་བཞི་དང་བཅས་པའི་རྡོ་རྗེ་མཁའ་འགྲོའི་ཕྱག་དང་ཞལ་དང་དབྱིབས་ལ་སོགས་པ་འགྲོ་བཟང་སྙིང་པོས་མཛད་པའི་སྒྲུབ་ཐབས་ཀྱི་རིམ་པ་བཞིན་དུ་ཤེས་པར་བྱས་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ས་དང་ཆུ་རྣམ་པར་དག་པའི་ཟླ་བ་དང༌། དེའི་སྟེང་དུ་མེ་དང་རླུང་གི་རང་བཞིན་ཉི་མ་བསམས་ལ་དེ་ཉིད་ཀྱི་དབུས་སུ་དབྱངས་དང་གསལ་བྱེད་ཀྱི་རང་བཞིན་གྱི་ཐིག་ལེ་དཀར་པོ་པདྨའི་རྩ་བའི་སྣལ་མ་ལྟ་བུ་དེར་སོང་བའི་ཡིད་ཀྱིས་བསྒོམ་པར་བྱའོ། །དེ་ཡང༌། ཁ་སྦྱར་རང་བྱུང་གཟུགས་ནི་དེར་སོང་ཡིད་བསྒོམས་ནས། །གསོ་བར་དཀའ་བའི་ནད་ཀྱི་ཚོགས་ནི་འཕྲོག་བྱེད་ཅིང༌། །འོ་མའི་རྒྱུན་ནི་འབབ་པས་ཐུགས་ནི་མཉེས་མཛད་པས། །འཆི་བའི་དུས་ལ་བབ་པས་དྲག་པོ་ཀུན་ཀྱང་འཇོམས། །ཞེས་གསུངས་ཏེ། བཅོམ་ལྡན་འདས་དེ་ཉིད་ཕྱག་རྒྱ་དང་བྲལ་བར་བྱའོ་ཞེས་དགོངས་སོ། །གཞན་དག་ནི་གཟུགས་གཅིག་ཏུ་ནི་ཞེས་པ་ནི་རྣམ་པ་སོ་སོ་རེ་རེ་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་སོ། །གོང་བུ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ཀྱི་ཚུལ་གཅིག་ཏུ་བསྡུས་པ་སྟེ། དེར་སོང་ཡིད་ཀྱིས་ཞེས་བྱ་བ་ནི་མི་ཕྱེད་པར་དེར་སོང་བའི་ཡིད་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་ཤེས་བྱའི་བདག་ཉིད་བདེ་བའི་རང་བཞིན་དུ་དེ་རྣམས་ཀྱི་ལྷན་ཅིག་བདག་གཟུགས་བསྒོམ་པར་བྱ་བ་ཞེས་གསུངས་སོ། །སྒོ་དགུ་ལས་ནི་གང་བྱུང་བ། །ཞེས་བྱ་བ་ནི་མིག་ལ་སོགས་པ་ལས་ཡང་དག་པར་འབྱུང་བའོ། །རྣམ་བསྒོམ་ལ་ཞེས་བྱ་བ་ནི། ལྕེ་སྦྱང་དབུས་སུ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བའི་ཆོ་གས་སོ། །རང་བཞིན་མེད་པ་ཞེས་བྱ་བས་ནི། བཟའ་བ་དང་མི་བཟའ་བའི་རང་བཞིན་མི་དམིགས་པའོ། །རང་བློ་ལྡན་ཞེས་


DTG025_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་གུས་ཤིང་བརྟེན་པའི་བློ་སྟེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །རྣམ་པར་མི་རྟོག་ཅེས་བྱ་བ་ནི། འོག་ནས་འབྱུང་བའི་སྔགས། ཨོཾ་ཨ་གུ་ཧ་བྷཀྵ་ཨ་བྷ་ཀྵེ་ཧཾ། ཞེས་བྱ་བ་བཟླས་པས་ཏེ། རྟོག་པ་མེད་པ་སྟེ་དེས་སོ།། མཐེ་བོ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་བདག་ལ་བཅུག་ནས་ཡིད་བཞིན་ཞེས་བྱ་བ་ནི། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ཀྱི་གཟུགས་ནོར་བུ་ཞེས་བྱ་བ་རྡོ་རྗེའི་ནོར་བུ་ལེགས་གནས་ཞེས་བྱ་བ་ལ་རང་རིག་པ་མངོན་དུ་བྱས་ལ་དེའི་འོག་ཏུ་སློབ་མའི་མིག་དང་ལག་པའི་སྤྱོད་ཡུལ་མ་ཡིན་པར་ཁར་ཞེས་བྱ་བར་སློབ་མའི་པདྨའི་ནམ་མཁར་མཐེ་བོང་དང་མི་ཐེག་པས་བྱང་ཆུབ་སེམས་སྦྱིན་པར་བྱ་སྟེ། ཕྱག་རྒྱས་ཀྱང་དེ་བཞིན་དུ་བྱའོ་ཞེས་བྱ་བར་དགོངས་སོ། །དེ་བཞིན་དུ་སློབ་མས་ཀྱང༌། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྡུས་པའི་བློས་ལོངས་སྤྱོད་རྫོགས་པར་དྲངས་ཏེ་ཕུལ་ལ། ཨ་ཧོ་མ་ཧཱ་སུ་ཁ་ཞེས་བརྗོད་པར་བྱའོ། །བདུད་རྩིའི་རང་བཞིན་ལས་བྱུང་བ། །ཞེས་བྱ་བ་ལ། གང་གིས་སེམས་ཅན་རྣམས་འཆི་བར་མི་འགྱུར་བ་དེ་ནི་བདུད་རྩི་སྟེ། ཀུན་རྫོབ་དང་དེ་ལས་བཟློག་པའི་བྱང་ཆུབ་ཀྱི་སེམས་སོ། །དངོས་གྲུབ་ཅེས་བྱ་བ་ནི་གཞན་དང་གཅིག་ཏུ་ཕན་པ་ལ་མཁས་པ་བདེ་བ་ཆེན་པོའི་ཚུལ་གཅིག་པ་གཞན་ཡང་ཕྱག་རྒྱ་ཆེན་པོའི་མིང་ཅན་ནི་དངོས་གྲུབ་སྟེ། རྟག་པ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རང་བཞིན་རྟག་ཏུ་ད་ལྟར་བྱུང་བ་ཉིད་ཀྱིས་རྒྱུན་མི་འཆད་པའོ། །རྣལ་འབྱོར་མའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་ལ་འདིར་སྦྱོར་བས་ན་རྣལ་འབྱོར་ཏེ་ཏིང་ངེ་འཛིན་ཏོ། །དེས་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པས་ན་དབང་ཕྱུག་གོ །རིག་པའི་གནས་ལྔ་རྟོག་པར་བྱེད་པས་ན་རིག་པ་ཆེན་མོ་སྟེ། དེས་ཆོས་ཐམས་ཅད་ཉིད་གཅིག་གི་བདག་ཉིད་དུ་བསྲེ་བ་ནི་སྐྱོར་བ་སྟེ། དེ་དག་གཏན་ལ་དབབ་པའི་གཞུང་གང་གིས་ངེས་པར་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྒྱུ་འཕྲུལ་ཆེན་མོ་རྒྱུད་ཀྱི་འགྲེལ་པ་དྲན་པ་ཞེས་བྱ་བ་ལས་ལེའུ་གཉིས་པའི་བཤད་པའོ།། །།

ལེའུ་གསུམ་པའི་བཤད་པ།


DTG025_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྫས་ཞེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་པའི་དམ་རྫས་སོ། །ཐམས་ཅད་མཁྱེན་པའི་


DTG025_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྲས་སྟེར་བ། །ཞེས་བྱ་བ་ལ་ཐམས་ཅད་མཁྱེན་པའི་འབྲས་བུ་ནི་གཞན་ལ་ཕན་འདོགས་པའི་མཚན་ཉིད་དེ་དེ་སྟེར་བའོ། །གང་ཞིག་ཅེས་བྱ་བ་ནི་ལེགས་པར་བསྒྲུབས་པའི་དམ་ཚིག་གི་བདུད་རྩི་སྟེ། ཟོས་པ་ཙམ་གྱིས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་རྟོག་པ་རབ་ཏུ་ཞི་བའི་བསྒོམ་པ་སྔོན་དུ་འགྲོ་བས་རྗེས་སུ་མཐུན་པར་ལོངས་སྤྱོད་ན་འགྲུབ་པར་འགྱུར་ཞེས་བྱ་བ་མངོན་དུ་ཕྱོགས་པར་འགྱུར་རོ། །སུ་ཞིག་ཅེ་ན་འབྱུང་པོ་མ་རྣམས་ཏེ། འབྱུང་པོ་ནི་ཕྱིན་ཅི་མ་ལོག་པའོ། །མ་ཞེས་བྱ་བ་ནི་སྔགས་སྐྱེས་མ་དང་ཞིང་སྐྱེས་མ་དང་ལྷན་ཅིག་སྐྱེས་མ་སྟེ། མིང་གི་ཁྱད་པར་གཞན་སྤྲུལ་པའི་སྐུ་དང་ལོངས་སྤྱོད་དང་ཆོས་ཀྱི་སྐུ་ཞེས་བྱའོ། །ཆེན་པོ་ཞེས་བྱ་བ་ནི་མིའི་ཤ་དང་ངོ༌། །རིལ་བུ་མངོན་པར་སྦྱར་བ་གསུངས་པ་ཚེས་བཅུ་བཞི་ཞེས་བྱ་བ་ལ་སོགས་པ་ལ་འདིར་གོ་རིམས་འཆོལ་པ་སྟེ་ཚེས་བརྒྱད་དང་པོར་བྱས་ལ་ཚེས་བཅུ་བཞིའི་བར་དུ་ཉི་མ་བདུན་བྱའོ། །ལྷན་ཅིག་སྒོ་ཞེས་བྱ་བ་ནི་སྒོ་ལས་བྱུང་བ་དང་ལྷན་ཅིག་བསྒོས་པའོ། །ལྔ་པོ་དག་ལས་ཞེས་བྱ་བ་ནི། གོང་དུ་གསུངས་པའི་ཤ་ལྔ་ལས་སོ། །འདི་དག་གིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། གླང་པོ་ལ་སོགས་པའི་ཤ་དང་སྒོ་དགུ་ལས་འོངས་པའི་རྫས་ལྷན་ཅིག་ཏུ་བྱས་ཏེ། རང་ཤི་བའི་ཅེ་སྦྱང་གི་ཁོག་པའི་ནང་དུ་ཚེས་བརྒྱད་ལ་བཅུག་སྟེ། ཉིན་ཞག་བདུན་དུ་བཞག་ལ་དེ་ནས་བཅུ་བཞི་ལ་བཏོན་ནས་བཏགས་ཏེ། ཡུངས་ཀར་གྱི་ཚད་ཙམ་གྱི་རིལ་བུ་བྱས་ལ་སྦྱར་བ་དང་འབར་བ་ལ་སོགས་པ་མྱང་པར་བྱའོ། །རྒྱུད་འདིར་གསུངས་ཀྱིས་ཞེས་བྱ་བ་ནི་རྒྱུད་གཞན་བདེ་མཆོག་ལ་སོགས་པ་རྣམས་སུ་ཚད་མ་གསུངས་པའོ། །འབྲས་བུ་ཆེན་པོ་ཞེས་བྱ་བ་ནི་འབྲས་བུ་ཆེན་པོའི་རྒྱུར་གྱུར་པའོ། །སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཀྱིས་ཏེ། སྤངས་པ་ནི་གབ་པའོ། །བསྒོམ་པའི་རིམ་པ་གསུངས་པ། དེ་ནས་འདིར་ཞེས་བྱ་བ་ལ་སོགས་པ་ལ་འདིས་འགྲུབ་པར་བྱེད་པས་ན་སྒྲུབ་ཐབས་ཏེ། ཡིད་ཀྱིས་པདྨ་ཞེས་བྱ་བ་ལ་སོགས་པ་རིམ་པའོ། །པདྨ་དམར་པོ་ཞེས་བྱ་བ་ལ་ཁ་ཅིག་ནི་འདབ་མ་བརྒྱད་པར་བྱའོ་ཞེས་ཟེར་རོ། །གཞན་དག་ན་རེ་བསྒོམ་པ་ལ་ནི་འདབ་མ་བཞི་པར་བྱས་ལ་རི་མོའི་དཀྱིལ་འཁོར་ལ་ནི་འདབ་མ་བརྒྱད་པར་བྱ་སྟེ། དེར་ཉི་མའི་


DTG025_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་ལ་ལྷ་མོ་བཞི་དང་ཡང་དག་ལྡན་ཞེས་བྱ་བ་ལ་ཧཱུཾ་ལས་སྐྱེས་པའི་བཅོམ་ལྡན་འདས་ལྷ་མོ་བཞིས་བསྐོར་བར་བལྟས་ཏེ། དེའི་རྗེས་ལ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ནས་ལྷ་མོ་བཞིའི་དབྱངས་ཀྱིས་ཡང་དག་པར་བསྐུལ་ལ། །རོའི་སྟེང་དུ་ཉི་མ་ལ་ཧཱུཾ་ལས་སྐྱེས་པའི་བཅོམ་ལྡན་འདས་བསྒོམ་པར་བྱ་བ་འདི་ཡིན་ནོ། །སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ། །ཞེས་བྱ་བ་ལ་སངས་རྒྱས་ནི་སངས་རྒྱས་མཁའ་འགྲོ་མ་ལ་སོགས་པ་རྣལ་འབྱོར་མ་ལྔ་སྟེ། དེ་རྣམས་ཀྱི་གཟུགས་ནི་གཞན་གྱི་དོན་ལ་གཅིག་ཏུ་གཞོལ་བའི་སྐུར་བསྐྱེད་པའོ། །ཉེ་བར་ཞེས་བྱ་བ་ནི་ཉེ་འཁོར་དུ་སྟེ་པདྨའི་འདབ་མ་ལའོ། །བརྒྱན་པ་ནི་མཛེས་པར་བྱས་པའོ། །བཅོམ་ལྡན་འདས་ཀྱི་ཞལ་བཞིའི་མདོག་གི་ངེས་པར་གསུངས་པ། ཤར་ཕྱོགས་ཞེས་བྱ་བ་ལ་སོགས་པའོ། །ཞལ་བཞི་ཞེས་བྱ་བ་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་ཞེས་བྱ་བ་རྣམ་པ་བཞིར་ཆོས་ཐམས་ཅད་གསུངས་པས་ཞལ་ལོ། །ཕྱག་བཞི་ཞེས་བྱ་བ་ལ་བཞི་ནི་སྦྱིན་པ་དང་སྙན་པར་སྨྲ་བ་དང༌། དོན་མཐུན་པ་དང་དོན་སྤྱོད་པ་སྟེ། དེས་སེམས་ཅན་ཐམས་ཅད་ལོངས་སྤྱོད་ལ་སྦྱོར་བས་ན་ཕྱག་གོ །སྤྱན་གསུམ་ཞེས་བྱ་བ་ལ་གསུམ་ནི་སྐུ་གསུམ་སྟེ། དེས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བདེ་བ་ཆེན་པོའི་གནས་སུ་འདྲེན་པར་བྱེད་པས་ན་སྤྱན་ནོ། །ལྷ་མོ་རྣམས་ཀྱང་ཞལ་བཞི་པ་ཕྱག་བཞི་པ་སྤྱན་གསུམ་པ་སྔོན་པོ་ལ་སོགས་པའི་མདོག་ཅན་ཏེ། རྩ་ཞལ་མདོག་བཞིན་ལུས་ཀུན་ཏེ། །སེར་སོགས་གནས་སུ་སྔོན་པོ་ལྟ། །ལྷ་མོ་རྣམས་ཀྱི་ཕྱག་མཚན་གསུངས་པ། ཕྱག་གཡོན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དྲིལ་བུ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་དངོས་པོ་ཐམས་ཅད་སྒྲུབ་པར་བྱེད་པས་ནི་དྲིལ་བུའོ། །མདུད་རྩེ་གསུམ་ཞེས་བྱ་བ་ནི་སྐུ་གསུམ་གྱི་བདག་ཉིད་ཀྱིས་སོ། །རིན་པོ་ཆེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་བླ་ན་མེད་པའི་རིན་པོ་ཆེ་དང་ལྡན་པས་སོ། །བ་དན་ཞེས་བྱ་བས་ནི་སེམས་ཅན་རྣམས་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་སྔགས་སྐྱེས་མ་དང༌། ཞིང་སྐྱེས་མ་དང༌། ལྷན་ཅིག་སྐྱེས་མའི་རང་བཞིན་ལྟུང་བར་བྱེད་པས་སོ། །ཅེ་སྦྱང་ཞེས་བྱ་བ་ནི་འགྲོ་


DTG025_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་འདུལ་བའི་སྦྱོར་བས་སོ། །སྣ་ཚོགས་པདྨ་ཞེས་བྱ་བ་ནི། སེམས་ཅན་རྣམས་ཀྱི་དོན་སྣ་ཚོགས་མཛད་པས་སོ། །ཞགས་པ་ནི་ཉོན་མོངས་པ་བཅིངས་པས་སོ། །རལ་གྲི་ནི་ཕྱིན་ཅི་ལོག་ཐམས་ཅད་གཅོད་པའོ། །རྡེའུ་ཆུང་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་དུ་སྒྲོགས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའོ། །དེའི་ཞེས་བྱ་བ་ནི་པདྨའི་ལྟེ་བ་ལའོ། །དབུས་སུ་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞི་རྣམ་པར་དག་པའི་ལྷ་མོ་བཞིའི་དབུས་སུའོ། །བསམ་པར་བྱ་ཞེས་བྱ་བ་ནི་བསྒོམ་པར་བྱ་བའོ། །ཐོད་པ་ཞེས་བྱ་བ་ལ་ཀ་ནི་བདེ་བའོ། །པཱ་ལ་ནི་སྐྱོང་བ་སྟེ་ཐོད་པའོ། །ཁ་ཊྭཱཾ་ག་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་སྟོང་པ་ཉིད་ཀྱིས་སོ། །གཞུ་ཞེས་བྱ་བ་ནི། སྙིང་རྗེའི་ཡོན་ཏན་དང་ལྡན་པས་སེམས་རྩེ་གཅིག་པའི་བདག་ཉིད་ཀྱིས་སོ། །མདའ་ཞེས་བྱ་བ་ནི་སྤྲོ་བ་དང་བསྡུ་བའི་རྣོ་བ་སྟེ། ཤེས་རབ་ཀྱི་དེའི་རྗེས་སུ་འགྲོ་བའོ། །དང་པོ་ནི་སྔགས་དང་ཞེས་བྱ་བ་ལ་ཨོཾ་ལ་སོགས་པའི་ཡི་གེ་དྲུག་གནས་དྲུག་པོ་རྣམས་སུ་བཀོད་དེ་བསྒོམ་པར་བྱའོ། །འབར་ཞེས་བྱ་བ་ནི་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཅན་དུ་གྱུར་བའོ། །གཞན་དག་ན་རེ་རང་གི་འདོད་པའི་ལྷའི་རྣལ་འབྱོར་བའི་སྒྲུབ་ཐབས་ཐམས་ཅད་ལ་མཐུ་དང་ལྡན་པ་གསུངས་པ། དང་པོའི་སྔགས་ཞེས་བྱ་བ་ལ་སོགས་པ་རྫོགས་པར་བྱས་པའི་བདུད་རྩི། ཨོཾ་གྱིས་བྱིན་གྱིས་བརླབས་པ་སྟེ། དེ་ལྟར་བསྒོམས་ནས་སྐད་ཅིག་དེ་ལ་འབར་ཞེས་བྱ་བ་དྲི་མ་མེད་པ་ཤེལ་འདྲར་འགྱུར་བའོ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ་གསུངས་པའི་སྔགས་དང་བསམ་གཏན་གྱི་ཆོ་ག་རྣམས་སོ། ཉིན་གཅིག་གམ་བསྒྲུབས་ནས་ཞེས་བྱ་བ་ནི་ཐ་མ་ལ་པའི་རྣམ་པར་རྟོག་པ་ལས་གྲོལ་བའོ། །རྫས་ཞེས་བྱ་བ་ནི་དམ་ཚིག་གི་རྫས་རྣམས་ཏེ། དངོས་གྲུབ་པ་ནི་རྫོགས་པའོ། །དེའི་འབྲས་བུ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཚན་ཉིད་ཅན་དེ་དེར་འགྱུར་བའོ། །འདིར་རྒྱུ་གང་ཡིན་ཞེ་ན། གསུངས་པ། རྣལ་འབྱོར་མའི་སྦྱོར་བ་སྟེ། དམིགས་པ་དང་བཅས་པ་དང༌། དམིགས་པ་མེད་པའི་བྱེ་བྲག་གིས།


DTG025_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་དང་རྡོ་རྗེ་འཛིན་པ་ཉིད་ཀྱིས་ཞིང་སྐྱེས་མ་དང༌། སྔགས་སྐྱེས་མ་དང༌། ལྷན་ཅིག་སྐྱེས་མའི་རྣམ་འབྱོར་མ་རྣམས་ཀྱིས་གནས་དང་ཉེ་བའི་གནས་ལ་སོགས་པའི་མིང་ཅན་གྱི་ཡུལ་སྣ་ཚོགས་སུ་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མངོན་དུ་གསོལ་བར་མཛད་པའོ། །དངོས་གྲུབ་ཅེས་བྱ་བ་ནི། མི་སྣང་བ་ལ་སོགས་པ་རྣམས་སོ། །དངོས་གྲུབ་གྲུབ་པ་རྣམས་ཀྱིས། སྟོང་ཕྲག་གཅིག་ཏུ་སྣང་བར་བྱེད་པར་འགྱུར་བའི་ཡིད་ཆེས་པའི་རྒྱུ་གསུངས་པ། འཕྲལ་དུ་ཡང་དག་ཡིད་ཆེས་འཇུག་བྱ་བའོ། །དེ་ཡང༌། ནོར་བུ་སྔགས་ཀྱི་རབ་སྦྱོར་དང༌། །སྨན་རྣམས་ཀྱིས་ནི་རབ་རྒྱས་པར། །མཐུ་ནི་ཀུན་དུ་མཐོང་བ་སྟེ། །ཁྱད་པར་དུ་ནི་རྣལ་འབྱོར་མའི། །ཞེས་གསུངས་སོ། །དངོས་གྲུབ་ཕྲ་མོ་གྲུབ་པའི་སྔགས་པས་གསུངས་པ། སྟོང་ཕྲག་གཅིག་ཏུ་སྣང་བར་འགྱུར། །ཞེས་བྱ་བ་སྟེ། གླིང་བཞི་པ་སྟོང་ནི་སྟོང་གི་འཇིག་རྟེན་གྱི་ཁམས་ཏེ། དེར་སྣང་བ་གཅིག་གིས་ཏེ་གཞན་གྱི་དོན་བྱ་བའི་ཕྱིར་བདག་པོ་ཉིད་དུ་གྱུར་པའོ། །འཕྲོག་པ་དང་ཞེས་བྱ་བ་ལ་སྔར་ནི་དབང་བསྐུར་བའི་དོན་གྱི་ཕྱག་རྒྱ་མ་གསུངས་པ། འདིར་རིག་པའི་བརྟུལ་ཞུགས་ཀྱི་རིམ་པས་བླ་ན་མེད་པའི་བདེ་བ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱག་རྒྱ་སྟེ་བྱེད་བྲག་གོ །སངས་རྒྱས་ཀུན་ཞེས་བྱ་བ་ལ་ལྟ་ལ་སོགས་པའི་བུ་མོ་ཡང་དག་པར་བཀུག་སྟེ། ཇི་སྐད་གསུངས་པའི་རིག་པའི་བརྟུལ་ཞུགས་ཀྱི་རིམ་པས་ཆོས་ཐམས་ཅད་དབྱེར་མེད་པའི་བདེ་བ་ཆེན་པོའི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཇི་སྲིད་འདོད་ཀྱི་བར་དུ་ཉེ་བར་སྤྱད་ན། འཁོར་བ་ཇི་སྲིད་པར་སེམས་ཅན་ཐམས་ཅད་ལ། ཇི་ལྟར་འདོད་པ་བཞིན་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དོན་སྟེར་བར་འགྱུར་རོ། །དེ་ཡང་གསུངས་པ། ཐུན་གཅིག་གམ་ནི་ཉིན་གཅིག་གམ། ཟླ་ཕྱེད་ཟླ་བ་ལོ་ཡི་དུས། །བསྐལ་པའམ་བསྐལ་པ་སྟོང་དུ་ཡང༌། །ཡེ་ཤེས་སྦྱོར་བ་རྟག་ཏུ་གནས། །ཞེས་པའོ། །འདིའི་ཕན་ཡོན་གསུངས་པ། གང་གཱའི་བྱེ་སྙེད་ཅེས་བྱ་བ་ལ་སོགས་པ་སྟེ། གང་གཱའི་བྱེ་མ་དང་མཉམ་པའི་སངས་རྒྱས་ཉིད་ཀྱིས་རྡོ་རྗེའི་གནས་བཞུགས་པ་ཞེས་བྱ་བ་ལ་རྡོ་རྗེ་ནི་


DTG025_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་སོ། །དེ་ཉིད་ནི་གནས་ཏེ། དེ་ཙམ་ལ་བཞུགས་པའོ། །ལག་ཏུ་ཞེས་བྱ་བ་ལ་སོགས་ནི། །ཇི་སྲིད་རང་གི་ལག་མཐིལ་དུ་སྐྱུ་རུ་ར བཞག་པ་བཞིན་དུ་མཐོང་སྟེ། བླ་ན་མེད་པའི་ཡེ་ཤེས་ཀྱི་མིག་གིས་སངས་རྒྱས་ཐམས་ཅད་རྣག་གི་རྒྱུད་ལས་གུད་ན་མེད་བར་མཐོང་བའོ། །གང་གཱའི་བྱེ་མ་སྙེད་ཅེས་བྱ་བ་ལ་སོགས་པ་ལ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་ཞིང་ཞེས་བྱ་བ་སངས་རྒྱས་ཀྱི་ཞིང་སྟེ། རྟེན་གྱི་དཀྱིལ་འཁོར་དང༌། སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཅེས་བྱ་བ་ལ་སྐུ་དང་གསུང་དང་ཐུགས་དང༌། དངོས་པོ་ཞེས་བྱ་བ་སངས་རྒྱས་ཀྱི་ཞིང་གི་དངོས་པོ་རྣམས་ཡོངས་སུ་མཁྱེན་པར་འགྱུར་ཏེ། ཇི་ལྟར་ཞེ་ན་གསུངས་པ་ལ། སེམས་ཀྱི་ཞེས་བྱ་བ་ལ་སེམས་ཉིད་མཉམ་པ་དང་མི་མཉམ་པ་དང༌། མཐོ་བ་དང་དམའ་བ་ལ་སོགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གར་མཁན་དང་འདྲ་བར་སྣང་ངོ༌། །བདུད་རྩེའི་སྒྲུབ་ཐབས་གསུངས་པ། ཡི་གེ་གོ་བཟློག་ཅེས་བྱ་བ་ལ་སོགས་པ་ལ་ཡི་གེ་རྣམས་ཀྱི་བཟློག་བའི་སྦྱོར་བས། དེ་རུ་ཞེས་བྱ་བ་ཆང་དང་རྡོ་རྗེའི་ཆུ་དང་ཡང་དག་པར་ལྡན་པའི་རིལ་བུ་ལ་སྔགས་ཞེས་བྱ་བ་ཧཱུཾ་ལྷག་པར་དགོད་དོ། །མངོན་པར་བསྔགས་པའི་དོན་དུ་སྔགས་བཏུ་བ་གསུངས་པ། ཡི་གེ་བརྒྱད་ཀྱི་མཐའ་ཞེས་བྱ་བ་ལ་སོགས་པ་མཐའ་ནི་ལྷག་པའི་ཡི་གེ་སྟེ། འདིར་ཧཱུཾ་ངོ༌། །རྣལ་འབྱོར་མ་ཞེས་བྱ་བ་ནི་སངས་རྒྱས་མཁའ་འགྲོ་མ་ལ་སོགས་པའོ། །ཀུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་མཁའ་འགྲོའོ། །རྣལ་འབྱོར་པའི་ཞེས་བྱ་བ་ནི། ཇི་སྐད་གསུངས་པའི་བདུད་རྩི་ལ་ལོངས་སྤྱོད་པའི་རྒྱུད་ལའོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་བདག་ཉིད་འདོད་ནའོ། །དང་པོའི་ཡི་གེ་ཨོཾ། ཡི་གེ་ཨ་མ་གསུངས་པས་དོན་དུ་གསུངས་པ། ཡི་གེ་གསུམ་མཐའ་ཞེས་བྱ་བ་སྟེ། ཡི་གེ་ཨ་དབུས་སུ་བཅུག་པས་གསུམ་དུ་འགྱུར་རོ། །དེ་དག་གིས་ནི་ཇི་སྐད་བསྟན་པར་འགྱུར་ཏེ། རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་སྐྱེས་པའི་པདྨའི་སྣོད་དུ་གནས་པའི་ཡི་གེ་ཧཱུཾ་དབུས་སུ་བསྒོམས་ལ་འོག་ཏུ་རླུང་གིས་སྦར་བའི་མེས་དཀྱིལ་འཁོར་འབར་བས་དྲི་མ་ཐམས་ཅད་བསྲེགས་ཏེ། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་བྱས་ལ་སྟེང་དུ་ཡི་གེ་ཨོཾ་བསམས་ལ་


DTG025_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེའི་འོད་ཟེར་རྣམས་ཀྱིས་རྒྱལ་བའི་ཚོགས་རྣམས་བཀུག་ལ་རོ་གཅིག་ཏུ་བྱས་ནས། ཨོཾ་ཨ་གུཧྱ་ཨ་གུཧྱ་བྷ་ཀྵ་ཨ་བྷ་ཀྵེ་ཧཱུཾ། ཞེས་བྱ་བ་འདི་མངོན་པར་བཟླས་ལ་ལྕེའི་རྡོ་རྗེ་སྦུ་གུ་ནས་འོད་ཟེར་གྱིས་དྲངས་ལ་ལོངས་སྤྱོད་པར་བྱའོ། །སྦྱོར་བའི་སྡོམ་པ་གསལ་བར་གསུངས་པ་བརྒྱད་ཀྱི་མཐའ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི་ཡི་གེ་ཧཱུཾ་གིས་གསང་བའི་རྡོ་རྗེ་བསྐྱེད་པར་བྱའོ། །ཡི་གེ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་མི་འཛག་པའོ། །མཆོག་ཏུ་ཞེས་བྱ་བ་ནི་མཆོག་ཏུ་དགའ་བའི་གནས་ཀྱིས་སོ། །གནས་ཞེས་བྱ་བ་ནི་བླ་ན་མེད་པའི་བདེ་བ་ཆེན་པོ་སྐྱེ་བས་སོ།། དང་པོའི་ཡི་གེའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཨོཾ་གྱི་ནོར་བུའི་སྤྲུལ་པའོ། །ཧྲཱིཿ་ཞེས་བྱ་བ་ནི་ལྷ་མོའི་པདྨའི་ཧྲཱིཿ་ལས་སྤྲུལ་པའོ། །ཡི་གེ་རྣམས་ཀྱི་མཐའ་སྦྱར་ལ། །ཞེས་བྱ་བ་ནི་རྡོ་རྗེ་དང་པདྨའི་བུ་གར་ཕཊ་བཀོད་པའོ། །ས་བོན་ལྔས་ནི་རབ་དགང་བྱ། །ཞེས་བྱ་བ་ནི། ཨོཾ་དང་ཧཱུཾ་དང་སྭཱ་དང་ཨ་དང་ཧཱ། །ཞེས་བྱ་བའི་ས་བོན་རྣམས་ཤེས་རབ་ཀྱི་མགོ་དང་ནུ་མའི་དབུས་དང༌། ལྟེ་བ་དང་གསང་བ་དང༌། བརླ་གཉིས་རྣམས་སུ་ཡང་དག་པར་དགོད་པའོ། །ཡི་གེ་ཡིས་ནི་རྣམ་བསྒོམས་ཏེ། །ཞེས་བྱ་བ་ནི་ཡི་གེ་བྲུཾ་གྱིས། གེ་སར་སེར་པོ་སྤྲུལ་པར་བྱའོ། །པདྨ་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །རབ་ཏུ་རྒྱས་པར་ཞེས་བྱ་བ་ནི། རྡོ་རྗེ་དང་པདྨ་སྦྱོར་བས་སོ། །ཇི་སྟེ་འདོད་ན་ཞེས་བྱ་བ་ནི་གལ་ཏེ་འདོད་ན་སྟེ་ཅི་ཞིག་ཅེ་ན། རྡོ་རྗེ་ཅན་འགྲུབ་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་ཕྱིན་ཅི་མ་ལོག་པའི་རང་བཞིན་རྡོ་རྗེ་ནོར་བུའི་ནང་དུ་སོན་པའི་ཀུན་རྫོབ་དང༌། དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྫོགས་པའི་དངོས་གྲུབ་འདོད་ནའོ། །དེ་ལྟར་ཞེས་བྱ་བ་ནི་རྡོ་རྗེ་དང༌། པདྨའི་སྦྱོར་བ་ཞེས་བྱ་བ་ནི་རབ་ཏུ་སྦྱོར་བའོ། །ཀུན་ཞས་བྱ་བ་ནི་ལྷག་པར་ཤེས་པར་བྱ་བའོ། །དེ་ནས་འདིར་ཞེས་བྱ་བ་ནི། དེ་ནས་འདིར་ཏེ་བཅོམ་ལྡན་འདས་ཀྱི་སྐུ་ལས་གཟུགས་ཀྱི་སྐུ་རྣམ་པ་གཉིས་འཛིན་པར་བྱ་བའི་ཕྱིར། རྣལ་འབྱོར་པ་རྣམས་ཀྱི་གླུས་ཡང་དག་པར་བསླང་བའོ། །རྡོ་རྗེ་ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་བྱེ་བྲག་གི་དེ་བཞིན་གཤེགས་པ་ལྔའོ། །རྣལ་འབྱོར་མ་ཞེས་བྱ་བ་ནི་ཡེ་ཤེས་དེ་དག་གི་བདག་ཉིད་ཀྱིས་ཆོས་ཐམས་ཅད་ལ་སྦྱོར་བའི་དང་ཚུལ་


DTG025_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དགོངས་པ་ཞེས་བྱ་བ་ནི་རྗེས་སུ་བསམ་པ་སྟེ། དེ་རྣམས་གཟུགས་ཀྱི་སྐུ་ཡང་དག་པར་བསླང་པར་འདོད་པའོ། །དཔལ་ནི་བསོད་ནམས་ཏེ་ཐབས་སོ། །རྡོ་རྗེ་ནི་ཤེས་རབ་སྟེ་གླུ་ནི་ཐབས་དང་ཤེས་རབ་སྟོན་པ་སྔོན་དུ་འགྲོ་བས་ཐུགས་ལ་གནས་པའི་དགོངས་པ་ཡིད་དུ་འོང་བས་བསླང་བའོ། །དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་ཀྱི་བདག་ཉིད་ཅན་ནོ། །སྲིད་པ་བསྒྲུབ་ཅེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱ་རྣམས་སྐལ་བ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བསྒྲུབ་པར་འགྱུར་བའོ། །ཤིན་ཏུ་ཞེས་བྱ་བ་ནི་སྲིད་པ་དང་ཞི་བ་ཤིན་ཏུ་གནོན་པའོ། །ཀྱེ་གྲོགས་པོ་ཞེས་བྱ་བ་ནི་འདིར་གྲོགས་ལ་བོད་པའི་ཚིག་གོ །པདྨ་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་རབ་ཏུ་རྒྱས་པའོ། །རྡོ་རྗེ་སད་མཛད་པ་ཞེས་བྱ་བ་ནི། རྡོ་རྗེ་པདྨ་རྒྱས་པར་བྱས་ནས་སད་མཛད་ཅེས་བྱ་བ་འདིར་བདེ་བ་ཆེན་པོ་བླ་ན་མེད་པའི་རྒྱུ་སྟེ། ཅི་ཞིག་ཅེ་ན། ཨ་ལ་ལ་ལ་ལ་ཧོ་ཞེས་བྱ་བ་ལ་ཨ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དབྱུང་པའོ། །ལ་བཞི་ནི་དགའ་བ་ཞེས་བྱ་བར་འདིར་ཐིམ་པས་ན་ལ་སྟེ་དགའ་བ་རྣམ་བཞིའོ། །ཧོ་ཞེས་བྱ་བ་ནི་རྟག་ཏུ་གསལ་ཞིང་དགའ་བའི་རང་བཞིན་ཅན་རྡོ་རྗེ་འཛིན་པའི་དབུགས་དབྱུང་པའོ། །བདེ་བ་ཆེན་པོའི་ཞེས་བྱ་བ་ནི་བདེ་བ་ཆེན་པོ་རྫོགས་པའི་ཕྱིར་རོ། །བསྙེན་བཀུར་མཛོད་ཅེས་བྱ་བ་ནི་རྗེས་སུ་ཆགས་པས་སོ། །གར་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ལྷའི་བཀུར་སྟིའི་རང་བཞིན་རྡོ་རྗེ་དང་པདྨའི་གར་གྱིས་སོ། །ཉི་མའི་འོད་ཀྱིས་ཞེས་བྱ་བ་ལ་ཉི་མ་ནི་ཁྲག་གོ །འོད་ནི་དེའི་མཐུའོ། །པདྨའི་ཁ་ནི་ཕྱེ་བས་ཞེས་བྱ་བ་ནི། ཆོས་ཀྱི་འབྱུང་གནས་རབ་ཏུ་རྒྱས་པའོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རྒྱུའོ། །བསྙེན་བཀུར་ཞེས་བྱ་བ་ནི་བསྙེན་པ་སྟེ་མངོན་དུ་ཕྱོགས་པར་བྱས་ནས་བདེ་བ་ཆེན་པོ་རྫོགས་པར་མཛད་པའོ། །གར་ཞེས་བྱ་བ་ནི་སྔར་གསུངས་མ་ཐག་པའི་རྡོ་རྗེ་དང་པདྨ་དག་བསྐྱོད་པའི་སྒྲའི་གར་གྱིས་སོ།། འདིའི་བསྡུས་པའི་དོན་ནི་འདི་ཡིན་ཏེ་ཇི་ལྟར་ཐབས་ཀྱིས་དགའ་བ་རྣམ་པ་བཞི་པོ་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་སྔོན་དུ་འགྲོ་བའི་རྡོ་རྗེ་འཆང་ཆེན་པོའི་དབུགས་དབྱུང་བ་བཞིན་དུ་ཤེས་རབ་ཀྱི་ཡང་གོང་དུ་གསུངས་པ་བཞིན་དུ་ཚངས་པ་མེད་པར་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །


DTG025_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ། །གླུ་ཙམ་གྱིས་ཞེས་བྱ་བ་ནི། མཁའ་འགྲོ་མ་རྣམས་ཀྱི་གླུས་སོ། །རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བྱ་བ་ནི་དཔེ་མེད་པའི་བདེ་བ་ཆེན་པོའི་ཆོས་ཀྱི་སྐུའོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་གར་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་དབུགས་དབྱུང་བར་གྱུར་པ་རྣལ་འབྱོར་མ་རྣམས་ཀྱི་ཆོས་དང་ཟང་ཟིང་གི་མཆོད་པ་སྔོན་དུ་འགྲོ་བའི་གར་གྱི་མཆོད་པས་སོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ། རྡོ་རྗེ་ནི་བླ་ན་མེད་པའི་ཡེ་ཤེས་སོ། །དེ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་གཅིག་ཏུ་ནུས་པ་དང་ལྡན་པས་ན་སེམས་དཔའོ། །བསྐུལ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པར་སྦྱིན་པའི་རྣལ་འབྱོར་པ་རྣམས་ཀྱིས་གསོལ་བ་བཏབ་པའོ། །དེ་ལྟར་ཞེས་བྱ་བ་ནི་སྔར་གསུངས་མ་ཐག་པའི་གླུས་སོ། །གུས་ལྡན་པས་ཞེས་བྱ་བ་ནི། བསྒོམ་པ་གསལ་བར་བྱས་པའོ། །སྦྱོར་བའི་དངོས་གྲུབ་ཅེས་བྱ་བ་ལ་སྦྱོར་བ་ནི་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོའི་བདག་ཉིད་ཀྱིས་ཆོས་ཐམས་ཅད་ལ་སྦྱོར་བའོ། །དེའི་དངོས་གྲུབ་ནི་རྫོགས་པའོ། །དུས་བཞིར་ཞེས་བྱ་བ་ནི་དུས་བཞི་པོ་རྣམས་སུ་མྱུར་བ་མྱུར་བར་བཟླས་པ་དང་བསྒོམ་པ་བྱས་ན་འདིར་དངོས་གྲུབ་འགྱུར་བ་ལ་ཐེ་ཚོམ་མེད་དོ། །རྒྱན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་སྔར་གསུངས་པའི་ཤེས་རབ་ཡེ་ཤེས་ཀྱིས་དབང་བསྐུར་བའི་དོན་དུ་ཕྱག་རྒྱ་གསུངས་པ་ཡིན་ནོ། །ཇི་ལྟར་སྐུ་གསུམ་མཆོག་སྟེར་བ་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་དངོས་གྲུབ་རབ་ཏུ་སྟེར་བར་ནུས་པ་བཞིན་དུ་རྫོགས་པར་འགྱུར་བའོ། །དངོས་གྲུབ་ཅེས་བྱ་བ་ནི་རྫོགས་པའོ། །ངེས་པར་ཞེས་བྱ་བ་ནི། གདོན་མི་ཟ་བར་རོ། །ཐོབ་པར་འགྱུར་ཞེས་བྱ་བ་ནི་ནོར་བུའི་ལྟེ་བར་རོ། །ཡང་ན་མཚམས་བཞིར་ཞེས་བྱ་བ་ནི། དུས་ཚིགས་བཞིར་ཏེ། བླ་མ་ལ་སོགས་པ་ལས་རྗེས་སུ་གནང་བ་ཐོབ་པའི་སྔགས་རིག་པའི་བརྟུལ་ཞུགས་ཀྱི་རིམ་པས་ལྷ་ལ་སོགས་པའི་བུ་མོ་ཕྱི་དང་ནང་གི་ཡོན་ཏན་རྣམས་ཀྱིས་བརྒྱན་པར་བཀུག་ལ་མན་ངག་ཇི་ལྟ་བ་བཞིན་དུ་རང་ཉིད་གོམས་པར་བྱས་པས་ཨ་ཝ་དྡྷཱུ་ཏཱི་ཞེས་བྱ་བའི་རྩ་རྙེད་ནས་


DTG025_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོར་མོ་དང་ལྕེ་དག་གིས་ཡང་དག་པར་བསྐུལ་ལ། རྡོ་རྗེ་ཅུང་ཟད་བསྐྱོད་པས་ཡུལ་དང་དུས་ཀྱི་ཁྱད་པར་དུ་བྱས་པའི་བྱང་ཆུབ་ཀྱི་སེམས་ཕྱུང་སྟེ་ཉམས་སུ་བླངས་ནས་ཟླ་བ་བཅུའམ་དྲུག་གམ་ཟླ་བ་གསུམ་མམ་ཟླ་བ་ཕྱེད་དམ། ཉི་མ་བཞིར་སྐྱ་རེངས་འཆར་བའི་དུས་ཆོས་ཐམས་ཅད་དབྱེར་མེད་པའི་བདེ་བ་ཆེན་པོའི་རིང་བཞིན་གྱིས་དངོས་པོ་ཐམས་ཅད་མཁྱེན་པའི་ཕྱག་རྒྱ་དང༌། ལྷན་ཅིག་ཏུ་འགྲུབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དེ་ཡང་གསུངས་པ། སོར་མོ་ཅུང་ཟད་བསྐུམ་ནས་སུ། །དེ་ནས་ལྕེ་ཡི་ཐུར་མ་ཡིས། །མཆོག་ཏུ་དགའ་བ་རབ་འབབ་པའི།། རྩ་དེ་རྒྱས་པར་གྱུར་ནས་ནི། །སྔགས་པས་རིམ་གྱིས་རིམ་གྱིས་ནི། །རྡོ་རྗེ་ཅུང་ཟད་བསྐྱོད་བྱས་ལ། །ནོར་བུར་གནས་པའི་ཕཊ་ཀྱིས་ནི། །ཡིད་ལས་བྱུང་བ་བཅིང་བར་བྱ། །བྱང་ཆུབ་སེམས་ནི་མ་ཤོར་བ། །མྱུར་དུ་བདེ་བ་དམ་པ་སྐྱེ། །མ་ལུས་དེ་བདག་ཉིད་འཕྲོས་པས། །ཀུན་དུ་སྣང་བ་རྒྱུན་མི་ཆད། །ངེས་པར་ཁྱབ་པ་བདེ་ཞི་བ། །མཆོག་གི་གནས་ནི་ཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་ཤོར་གྱུར་ན། །རྙེད་པ་འཇིག་ཅིང་སེམས་བརྒྱལ་འགྱུར། །སྐུ་གསུམ་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་རྣམས་སོ། །མཆོག་སྟེར་བ་ཞེས་བྱ་བ་ནི། ཡོངས་སུ་དག་པ་དང་མ་དག་པའི་ཞིང་རྣམས་སུ་གཟུགས་ཀྱི་སྐུ་རྣམ་པ་གཉིས་ཀྱིས་གདུལ་བྱའི་སེམས་ཅན་ཇི་ལྟ་ཇི་ལྟར་དེ་ལྟ་དེ་ལྟར་མངོན་པར་འདོད་པའི་དོན་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་སྟེར་བར་འགྱུར་བའོ། །དཔག་ཚད་བརྒྱའི་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གྲུབ་པ་དང་ལྡན་པའི་ལྷན་ཅིག་སྐྱེས་པའི་མཐུས་དཔག་ཚད་བརྒྱའི་ཞེས་བྱ་བ་ཉེ་བར་མཚོན་པས་གྲངས་མེད་ཅིང་ཚད་མེད་པའི་འཇིག་རྟེན་གྱི་ཁམས་སུ་རབ་ཏུ་སྣང་བར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་རྣམས་སུ་ཀུན་དུ་སྣང་བར་འགྱུར་རོ། །སྒོ་དགུ་ལས་ནི་བྱུང་བ་ཞེས་བྱ་བ་ནི་མིག་ལ་སོགས་པ་ལས་གང་བྱུང་བའོ། །ཛས་ཞེས་བྱ་བ་ནི་དམ་ཚིག་ཏུ་བཤད་དོ། །དབང་པོ་གཉིས་ཞེས་བྱ་བ་ནི། དད་པ་དང་ཤེས་རབ་ཀྱི་དབང་པོ་དག་གིས་སོ། །རབ་འབྱོར་ལས་ཞེས་བྱ་བ་ནི་འབར་བ་ལ་སོགས་པ་སྟེ། དེས་གང་གི་ཚེ་དཔག་


DTG025_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚད་བརྒྱའི་ཁྱོན་ཙམ་དུ་ཡེ་ཤེས་ཀྱི་སྣང་བ་བྱེད་པར་ནུས་པ་དེའི་ཚེ་འགྲུབ་པར་འགྱུར་རོ། །སངས་རྒྱས་བྱང་ཆུབ་གནས་ཞེས་བྱ་བ་ལ་སངས་རྒྱས་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །དེའི་བྱང་ཆུབ་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་མཛད་པ་སྟེ། དེ་ཉིད་ནི་མཐར་ཐུག་པའི་གནས་པའོ། །ཞི་བ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་མི་འཇིག་པ་སྟེ་རྟག་པའོ། །དེ་ཉིད་ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པས་སོ། །བླ་ན་མེད་པའི་ཡེ་ཤེས་ཞེས་བྱ་བ་ནི། གང་རྣམ་པར་རྟོག་པ་གཞན་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་བླ་ན་མེད་པ་ཞེས་བྱ་བ་ནི། འདི་ལས་མཆོག་ཏུ་གྱུར་པ་གཞན་མེད་པའོ། །དེ་ཉིད་ཅེས་བྱ་བ་ནི་རྣམ་པ་བཞིར་ཤེས་པར་བྱ་སྟེ། འདི་ལྟར་བདག་གི་དེ་ཁོ་ན་ཉིད་དང་གཞན་གྱི་དེ་ཁོ་ན་ཉིད་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་དང༌། སངས་རྒྱས་ཞེས་བྱ་བ་ལ་སངས་རྒྱས་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་ཐོབ་པའི་བྱང་ཆུབ་སེམས་དཔའོ། །དེའི་བྱང་ཆུབ་ནི་རྡོ་རྗེ་འཛིན་པའི་རང་བཞིན་ཏེ་དེ་ཉིད་ནི་བླ་ན་མེད་པའི་གནས་སོ། །ཞི་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཕུན་སུམ་ཚོགས་པར་མཛད་པའི་དགེ་བའི་བཤེས་གཉེན་ནོ། །སྔར་གསུངས་པའི་དོན་མདོར་བསྡུས་ཏེ་གསུངས་པ། གཟུགས་རྣམས་དང་ནི་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ནི་ལྷམ་བུ་ཆུ་གཤེར་ལ་སོགས་པའི་མདོག་གོ །ཕྱག་རྒྱ་ནི་རྣལ་འབྱོར་རོ། །མཚན་མ་ནི་ཐོད་པ་ལ་སོགས་པའོ།། རྫས་ཞེས་བྱ་བ་ནི་བདུད་རྩི་ལྔ་ལ་སོགས་པའོ། །བསམ་གཏན་ཞེས་བྱ་བ་ནི་དགུག་པ་ལ་སོགས་པའི་ལས་རྒྱས་པའོ། །བསྒོམ་པའོ་ཞེས་བྱ་བ་ནི་མངོན་པར་རྟོགས་པའི་རིམ་པའོ། །ཆོ་ག་ཐབས་ནི་སྣ་ཚོགས་བསྟན་པའོ་ཞེས་བྱ་བ་ནི་གཞན་གྱི་གྲོང་དུ་འཇུག་བ་ལ་སོགས་པའོ། །ལྷ་མོ་ཞེས་བྱ་བ་ནི་བོད་པའོ། །ཡིད་འདོང་རྣམས་ཞེས་བྱ་བ་ནི་རལ་གྲི་ལ་སོགས་པ་ནས་ཕྱག་རྒྱ་ཆེན་པོའི་མཐར་ཐུག་པའོ། །གཞན་དག་ན་རེ་སྦས་པ་བདུན་ལ་བྱའོ་ཞེས་ཟེར་བ་སྟེ། སྐུ་གསུམ་དང་ལས་ཀྱི་ཚོགས་དང་གཟུགས་ཡོངས་སུ་བརྗེ་བ་དང༌། གཞན་གྱི་གྲོང་དུ་འཇུག་པ་དང༌། མི་སྣང་བ་དད།


DTG025_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་བསྐུར་བ་དང༌། བདུད་རྩི་སྒྲུབ་པ་རྣམས་སོ། །ཡང་གཞན་ན་རེ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་དང༌། ལས་ཚོགས་ཀྱི་དེ་ཁོ་ན་ཉིད་དང༌། གླུའི་དེ་ཁོ་ན་ཉིད་དང༌། དམ་ཚིག་གི་དེ་ཁོ་ན་ཉིད་དང༌། དམན་པའི་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད་ཅེས་ཟེར་རོ། །གང་གི་ཁྱིམ་དུ་ཞེས་བྱ་བ་ལ་སོགས་པ་ལ་གང་གིས་གནས་སུ་དོན་ཁོང་དུ་ཆུད་པར་བྱེད་པའི་སྒྲའི་ཚོགས་ལུང་གི་བདག་ཉིད་ཀྱི་པུ་སྟི་གུས་པས་འཆད་བའོ། །རྒྱུན་དུ་ཞེས་བྱ་བ་ནི་རྟག་ཏུའོ། །འཆང་བ་ཞེས་བྱ་བ་ནི་སྒྲ་སྔོན་དུ་འགྲོ་བའི་དོན་རྟོགས་པས་ཡིད་ལ་འཛིན་པའོ།། ཀློག་པ་ཞེས་བྱ་བ་ནི་པུ་སྟི་བལྟས་ཏེ་ཀློག་པ་དང་ཁ་ཏོན་བྱེད་པའོ། །བསྒོམ་པ་ཞེས་བྱ་བ་ནི་བསྒོམ་པ་སྔོན་དུ་འགྲོ་བའི་བཟླས་པ་ལ་སོགས་པས་དེར་སོང་བའི་ཡིད་ཀྱིས་རྟག་ཏུ་གནས་པའོ། །དེ་དག་གི་ཕན་ཡོན་གསུངས་པ། དེ་ལ་ནད་འབྱུང་བར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ལ་དེའི་ལུས་ལ་ནད་ཀྱི་གཟིར་བར་མི་འགྱུར་བ་དང༌། རྒས་པར་མི་འགྱུར་བ་ཞེས་བྱ་བ་ནི་དེའི་ལུས་རྙིང་པར་མི་འགྱུར་བའོ། །འཆི་བར་མི་འགྱུར་བའོ་ཞེས་བྱ་བ་ནི་ཚེ་དང་དབང་པོ་དང་རྣམ་པར་ཤེས་པ་འགག་པར་མི་འགྱུར་བའོ། །བགེགས་རྣམས་མི་འབྱུང་བ་ཞེས་བྱ་བ་ནི། ལྷའི་བུ་ལ་སོགས་པ་རྣམས་ཀྱིས་དེའི་སེམས་གཡེང་བར་མི་འགྱུར་བའོ། །རྒྱུན་དུ་ཞེས་བྱ་བ་ནི་མཉམ་པར་གཞག་པ་དང༌། མཉམ་པར་མ་བཞག་པའི་གནས་སྐབས་ཀུན་དུའོ། །དུས་ཐམས་ཅད་དུ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། བགེགས་རྣམས་ལས་ཞེས་བྱ་བ་ནི་ཕུང་པོ་དང་ཉོན་མོངས་པ་དང་ལྷའི་བུ་དང་འཆི་བདག་གི་བདུད་རྣམས་ཀྱིས་བར་ཆང་དུ་འགྱུར་བའི་ལས་རྣམས་འབྱུང་བར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྣལ་འབྱོར་མའི་དབང་ཕྱུག་གི་ཞེས་བྱ་བ་ལ་རྣལ་འབྱོར་མ་ཐམས་ཅད་བསྲུང་བ་སྟེ། ཆོ་ག་བཟང་པོ་མཛད་པའི་ཕྱིར་རོ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་ཞེས་བྱ་བ་ནི་དམིགས་པ་དང་བཅས་པ་དང༌། དམིགས་པ་མེད་པའི་བྱེ་བྲག་གིས་གནས་པའི་ཞིང་སྐྱེས་མ་དང༌། སྔགས་སྐྱེས་མ་དང༌། ལྷན་ཅིག་སྐྱེས་མ་རྣམས་སོ། །དགོངས་པ་ནི་ཐུགས་ལ་གནས་པའོ། །མཆོག་ཏུ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པས་སོ། །


DTG025_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསང་བ་ཞེས་བྱ་བ་ནི་སྦ་བར་བྱ་བ་གསང་བ་སྟེ། བདེ་བ་ཆེན་པོའི་བདག་ཉིད་ཀྱིས་སོ། །གསང་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། གསང་བ་ཆེན་པོ་ཉིད་ཉེ་བའི་སྤྱོད་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་དོ། །དེའི་སྒྲུབ་ཐབས་ནི་བསྒོམ་པའི་རིམ་པ་སྟེ། གསལ་ལ་ཉུང་བ་རྣལ་འབྱོར་མའི་ཞལ་ནས་བྱུང་བ་རྫོགས་སོ།། །།དཔལ་ལྡན་གསང་བའི་ཉེར་སྤྱོད་ཅེས་བྱ་བ། །དྲན་པ་ལས་ནི་དགེ་བ་གང་ཐོབ་པ། །དེས་ནི་འཇིག་རྟེན་འདི་དག་མ་ལུས་པ། །བདེ་བ་ཆེན་པོ་གཅིག་པུ་གནས་གྱུར་ཅིག །སྒྱུ་འཕྲུལ་ཆེན་མོ་ཞེས་བྱའི་རྒྱུད། །འགྲེལ་པ་དྲན་པ་ཞེས་བྱ་བ། །ནག་པོའི་ལྷ་ལ་གུས་པ་ཡི། །ནག་པོ་རྡོ་རྗེས་མཛད་པ་སྟེ། །གང་ཞིག་རྒྱུད་མཆོག་མ་མོས་དང༌། །ནམ་ཡང་དབང་བསྐུར་མེད་པ་ལ། །དྲན་པ་ཞེས་བྱའི་འགྲེལ་པ་འདི། །དེ་ལ་སྦྱིན་པར་མི་བྱའོ། །བླ་མ་དམ་པས་རྒྱུད་བསྟན་ལས། །གང་ཞིག་བརྗེད་ནས་མ་སྨྲས་པ། །དེ་ནི་བདག་བློའི་ཉེས་པ་སྟེ། །བླ་མ་རྡོ་རྗེ་ཅན་བཟོད་མཛོད། །སྒྱུ་འཕྲུལ་ཆེན་མོ་རྒྱུད་ཀྱི་འགྲེལ་པ་དྲན་པ་ཞེས་བྱ་བ་ལས་ལེའུ་གསུམ་པའི་བཤད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་ཝ་ར་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་བའོ།།


previousསྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་དྲན་པ་ཞེས་བྱ་བ། ནག་པོ་རྡོ་རྗེ།next