ལེའུ་དྲུག་པ། རྡོ་རྗེ་ཧཱུཾ་མཛད་ཀྱི་བསྒྲུབ་པ་བསྟན་པའི་རྣམ་པར་བཤད་པ།
༄། །ད་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་བསྒྲུབ་པར་བྱ་བ་ལེའུ་དྲུག་པ་གསུངས་པ། །རྡོ་རྗེ་བདུད་རྩི་རྒྱུད་ཆེན་ལས། །ཞེས་པ་ལ་སོགས་པའོ། །དེ་ལ་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཞེས་པ་ནི། ཧཱུཾ་མཛད་ཀྱི་མཚན་ཉིད་དེ་ཡི་གེ་ཧཱུཾ་བརྗོད་པ་ཙམ་གྱིས་དྲག་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་རྣམས་འདུལ་བའི་ཕྱིར་རོ། །དེའི་དཀྱིལ་འཁོར་གྱི་བསྒྲུབ་པ་མདོར་བསྡུས་ནས་བཤད་པར་བྱའོ། །དེའི་དཀྱིལ་འཁོར་ཞེས་བྱ་བ་ཞེས་པ་ནི། དབུས་ཀྱི་གཙོ་བོ་ཧཱུཾ་མཛད་ཀྱིས་བྱས་པའི་ཕྱིར་རོ། །དེ་ལྟར་ཡང་གསང་བ་འདུས་པའི་སྒྲུབ་ཐབས་ཟླ་བ་ལས་གསུངས་པ། གང་ཞིག་གང་དུ་བཞུགས་འགྱུར་བ། །དེ་ཡི་དཀྱིལ་འཁོར་དེ་ན་བྱ། །ཞེས་སོ། །ཅི་འདྲ་བ་ཡིན་ཞེ་ན། གསུངས་པ། །ཁམས་གསུམ་རྣམ་པར་རྒྱལ་བ་ཡིན། །ཞེས་པ་སྟེ། དཀྱིལ་འཁོར་གྱི་ལྷ་དང། རིགས་དང་སྐུ་མདོག་དང་ཕྱག་མཚན་དང་རང་བཞིན་གཅིག་པའི་ཕྱིར་རོ། །གྲྭ་བཞི་པ་ལ་ཐིག་བཏབ་སྟེ། །ཞེས་པ་ནི། དཀྱིལ་འཁོར་གྱི་གྲྭ་བཞི་དང་སྒོ་བཞི་དང་སྣམ་བུ་དང༌། རྡུལ་ཚོན་ལྔའི་ས་དང༌། པ་ཏྲ་དང༌། ཧ་ར་དང༌། མུ་ཏིག་ཕྲེང་བ་དང༌། མུ་ཏིག་ཧ་ར་ལ་སོགས་པ་གྲྭ་བཞི་པའོ། །དཀྱིལ་འཁོར་གྱི་ཚད་གསུངས་པ། ཁྲུ་གང་ངམ་ཁྲུ་དོའམ་ཞེས་པའོ། །ནང་གི་དཀྱིལ་འཁོར་གྱི་དབྱིབས་གསུངས་པ། ཟླ་བའི་དཀྱིལ་འཁོར་དང་འདྲ་བ། །ཞེས་པ་སྟེ། གྲུ་བཞི་པའི་ནང་དུ་དཀྱིལ་འཁོར་ཟླུམ་པོ་རྡོ་རྗེ་ཕྲེང་བས་བསྐོར་བར་བྲིའོ། འོད་ཟེར་འབར་བ་འཁྲུག་པ་ལ། །ཞེས་པ་ནི། དཀྱིལ་འཁོར་ལས་སེམས་ཅན་གྱི་དོན་དུ་འོད་ཟེར་ཕར་འཕྲོ་བ་དང་ཕྱིར་འདུ་བའི་འཁྲུག་པའོ། །དཔལ་ལྡན་རྡོ་རྗེ་ཧཱུཾ་མཛད་གཞག །ཅེས་པ་ནི། དཀྱིལ་འཁོར་གྱི་དབུས་སུ་ཡབ་ཡུམ་གཞག་པའོ། །ཞལ་གསུམ་ནི་སྟོད་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་པར་ཐར་པ་གསུམ་གྱི་
༄། །རང་བཞིན་གྱི་ཕྱིར་རོ། །དེ་བཞིན་ཕྱག་དྲུག་སྟེ་ཞེས་པ་ནི། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་གྱི་ཕྱིར་རོ། །རྒྱན་རྣམས་ཀྱིས་ནི་ཡོངས་རྫོགས་པར། །ཞེས་པ་ནི། དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །ཕྱག་རྒྱ་ཡིས་ནི་ཕྱག་བརྒྱན་པ། །ཞེས་པ་ནི། ཕྱག་དང་པོ་གཉིས་རང་གི་ཕྱག་རྒྱ་དང་ལྡན་པའོ། །ཕྱག་རྒྱ་ནི་འདི་ལྟ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། རྒྱབ་དང་རྒྱབ་ནི་སྦྱར་བར་བྱ། །མཐེའུ་ཆུང་སྦྲེལ་ནས་མཛུབ་གཉིས་ནི། །བསྒྲེང་ནས་སྙིང་གར་གཞག་པའོ། །རིག་མ་བཞི་དང་མཉམ་ལྡན་པ། །ཞེས་པ་ནི། སེམས་མའི་རྡོ་རྗེ་མ་དང༌། རིན་པོ་ཆེའི་རྡོ་རྗེ་མ་དང༌། ཆོས་ཀྱི་རྡོ་རྗེ་མ་དང༌། ལས་ཀྱི་རྡོ་རྗེ་མ་བཞི་ཡིན་པའོ། །སྐུ་མདོག་དང་ཕྱག་མཚན་ནི་འདི་ལྟ་སྟེ། སེམས་མ་རྡོ་རྗེ་མ་ཞལ་གསུམ་ཕྱག་དྲུག་པ། དབུས་ཀྱི་ཞལ་དང་སྐུ་མདོག་ནི་སྔོ། གཡས་དཀར་གཡོན་དམར། ཕྱག་དང་པོ་གཉིས་ཀྱིས་ནི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅའ་བའོ། །རྡོ་རྗེ་བཅིང་བ་ལས་གུང་མོ་གཉིས་ཡར་འགྲེང་ནས་ཁ་སྤྲད་དེ་མདུན་ན་གཞག་པའོ། །སྐུ་རིན་ཆེན་རྡོ་རྗེ་མའི་ཞལ་གསུམ་ཕྱག་དྲུག་པ། དབུས་ཀྱི་ཞལ་དང་སྐུ་མདོག་ནི་སེར། གཡས་གནག་གཡོན་དཀར་བ། ཕྱག་དང་པོ་གཉིས་ཀྱིས་རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ཏེ། གོང་གི་ཕྱག་རྒྱ་དེ་ཁོ་ན་ལས་ཚིགས་གསུམ་བཀུག་ནས་རིན་ཆེན་གྱི་ཚུལ་དུ་བྱས་པའོ། །ཆོས་ཀྱི་རྡོ་རྗེ་མ་ཞལ་གསུམ་ཕྱག་དྲུག་ལ། དབུས་ཀྱི་ཞལ་དང་སྐུ་མདོག་དམར་བ། གཡས་གནག་གཡོན་དཀར་བ། ཕྱག་དང་པོ་གཉིས་ཀྱིས་ནི་ཆོས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ཏེ། གོང་གི་ཕྱག་རྒྱ་དེ་ཁོ་ན་ལས་གུང་མོ་པདྨའི་ཚུལ་དུ་བྱས་པའོ། །ལས་ཀྱི་རྡོ་རྗེ་མའི་ཞལ་གསུམ་ཕྱག་དྲུག་ལ། དབུས་ཀྱི་ཞལ་དང་སྐུ་མདོག་ནི་ལྗང་གུ། གཡག་གནག་གཡོན་དཀར། ཕྱག་དང་པོ་གཉིས་ཀྱིས་ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ། ཕྱག་དང་པོའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཀྱི་རྩེ་མོ་བཀུག་ནས་གུང་མོ་རྒྱབ་ཏུ་སྦྱར་བའོ། །ཀུན་གྱི་ཕྱག་མཚན་ལྷག་མ་ནི་གཙོ་མོ་དང་མཐུན་པའོ། །ཨུ་མའི་ནུ་མའི་བར་དུ་བཞུགས། །ཞེས་པ་ནི། ཨུ་མའི་ནུ་མའི་སྟེང་དུ་གཡས་བརྐྱང་གིས་བཞུགས་པའོ། །ལྷ་ཆེན་པོའི་རྣ་བར་ཞབས་གཡས་པས་མནན་པ་ཡང་
༄། །དོན་གྱིས་ཤེས་པར་བྱའོ། །ཅུང་ཟད་མཆེ་བ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །འདི་ལྟ་སྟེ། དབུས་ཀྱི་ཞལ་མཆེ་བ་གཟིགས་པ་དང༌། གཡས་ཁྲོ་བ་དང་གཡོན་བཞད་པ་སྟེ། སྡང་བ་ཐམས་ཅད་འདུལ་བའི་ཕྱིར་རོ། །ཕྱག་བཞི་བར་ནི་བྲི་བ་ལ། ཞེས་པ་ནི། རང་གི་ལྷ་མོའི་ནུ་མ་གཉིས་བཟུང་བ་མ་གཏོགས་པ་གོང་མ་བཞི་ལ་བྱའོ། །ཕྱག་གཉིས་པས་ནི་ནུ་མ་བསྣམས། །ཞེས་པ་ནི། ཞལ་ལ་སོགས་པའི་རང་རང་དང་འདྲ་བའི་རིག་མ་ལ་ཕྱག་གཡོན་པས་རྒྱབ་ནས་འཁྱུད་ནས་ནུ་མ་གཡོན་པ་འཛིན་པ་གཡས་པས་མདུན་ནས་ནུ་མ་གཡས་པའི་འཛིན་པའོ། །རིག་མ་ཐམས་ཅད་ཞལ་གསུམ་སྟེ། ཞེས་པ་ནི། ལྷ་མོ་མཛེས་མ་ལ་སོགས་པ་བརྒྱད་ཞལ་གསུམ་དང༌། དོན་གྱིས་ཕྱག་དྲུག་དང༌། རང་རང་གི་ཕྱག་མཚན་དང༌། སྐུ་མདོག་ལ་སོགས་པ་ལེའུ་དང་པོ་ལས་བཤད་པ་ལྟར་ལྡན་པར་བྱའོ། །དེ་བཞིན་སྒོ་སྲུང་ལྕགས་ཀྱུ་དང༌། །ཞེས་པ་ནི། རྡོ་རྗེ་ལྕགས་ཀྱུ་མ་དང༌། རྡོ་རྗེ་ཞགས་པ་མ་དང༌། རྡོ་རྗེ་ལྕགས་སྒྲོག་མ་དང༌། རྡོ་རྗེ་དྲིལ་བུ་མ་རྣམས་སོ། །དེ་བཞིན་མེ་ཏོག་མ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །སྒེག་མོ་ཞེས་པ་ལ་སོགས་པ་ནི་མཆོད་པའི་ལྷ་མོ་བཞི་སྟེ། དེ་བཞིའི་སྐུ་མདོག་དང་ཕྱག་མཚན་ནི་འདི་ལྟ་སྟེ། སྒེག་མོ་ནི་སྐུ་མདོག་དཀར་པ་ཕྱག་དང་པོ་གཉིས་དཀུ་ལ་བརྟེན་པའོ། །ཕྲེང་བ་མའི་སྐུ་མདོག་སེར་བ་ཕྱག་དང་པོ་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བའམ་མེ་ཏོག་གི་ཕྲེང་བ་འཛིན་པའོ། །དབྱངས་མ་ནི་མདོག་དམར་བ་ཕྱག་གཉིས་ཀྱིས་པི་ཝང་རྡེབས་པའོ། །གར་མཁན་མ་ནི་ལྗང་གུ་སྟེ་ཕྱག་དང་པོ་གཉིས་ཀྱིས་གར་བྱེད་པའོ། །ཕྱག་མཚན་གཞན་དང་ཞལ་གཞན་ནི་གོང་དུ་བཤད་པ་དང་མཐུན་ཏེ། གདན་ཟླ་བའི་དཀྱིལ་འཁོར་རོ། །དེ་དག་གི་གྲྭའི་རེའུ་མིག་ལ་དགོད་པའོ། །ཕྱག་དྲུག་ཉིད་ཅེས་པ་ནི། ལྕགས་ཀྱུ་མ་ལ་སོགས་པ་ལྷ་མོ་ཐམས་ཅད་ཀྱི་ཕྱག་དྲུག་དྲུག་སྟེ། དོན་གྱིས་ཞལ་གསུམ་གསུམ་དང༌། སྐུ་མདོག་དང་ཕྱག་མཚན་ཡང་ཤེས་པར་བྱ་སྟེ། ལྕགས་ཀྱུ་མ་ལ་སོགས་པ་ལའུ་དང་པོ་ལས་ཤེས་པར་བྱའོ། །བསྐལ་པ་བཟང་པོ་ཡང་གཞན་ཏེ། ཕྱག་གཉིས་པ་དང་ཞལ་གཅིག་པ། །ཞེས་པ་ནི་བསྐལ་པ་བཟང་པོ་འདི་ལ་འཚང་རྒྱ་བའི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་བཅུ་དྲུག་ནི་
༄། །ཞལ་གཅིག་ཕྱག་གཉིས་པར་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ལ་བྲི་བར་བྱའོ། །འདི་ལྟ་སྟེ་བྱམས་པ་སྐུ་མདོག་དཀར་པོ་གུནྡྷེ་བསྣམས་པ་དང༌། འཇམ་དཔལ་སྐུ་མདོག་སེར་པོ་ཨུཏྤལ་བསྣམས་པ་དང༌། ངན་སོང་ཀུན་འཇོམས་སྐུ་མདོག་དཀར་པོ་གསུང་རབ་བསྣམས་པ་དང། མྱ་ངན་དང་མུན་པ་ཀུན་འཇོམས་བློ་གྲོས་སྐུ་མདོག་དཀར་པོ་དབྱུག་པ་འཛིན་པ་དང༌། སྤོས་ཀྱི་གླང་པོ་ཆེ་དཀར་པོ་གུནྡྷེ་འཛིན་པ་དང༌། དཔའ་བར་འགྲོ་བ་དཀར་པོ་རལ་གྲི་འཛིན་པ་དང༌། ནམ་མཁའ་མཛོད་ལྗང་གུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཛིན་པ་དང༌། ཡེ་ཤེས་ཏོག་སྐུ་མདོག་ནག་པོ་རྒྱལ་མཚན་འཛིན་པ་དང༌། འོད་དཔག་མེད་སྐུ་མདོག་ལྗང་གུ་བུམ་པ་འཛིན་པ་དང༌། ཟླ་བའི་འོད་ལྗང་གུ་ཟླ་བའི་དཀྱིལ་འཁོར་འཛིན་པ་དང༌། བཟང་སྐྱོང་ནག་པོ་བུམ་པ་འཛིན་པ་དང༌། དྲ་བའི་འོད་དཀར་པོ་ཉི་མའི་དཀྱིལ་འཁོར་འཛིན་པ་དང༌། རྡོ་རྗེ་སྙིང་པོ་སེར་པོ་རྡོ་རྗེ་འཛིན་པ་དང༌། བློ་གྲོས་མི་ཟད་པ་སེར་པོ་རིན་པོ་ཆེ་འཛིན་པ་དང༌། སྤོབས་པ་བརྩེགས་པ་དམར་པོ་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ་དང༌། ཀུན་དུ་བཟང་པོ་རྡོ་རྗེ་འཛིན་པ་སྟེ། གཡས་ཐམས་ཅད་ནི་མཆོག་སྦྱིན་གྱི་ཕྱག་རྒྱའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་དང་དྲིལ་བུ་དང་བགྲང་ཕྲེང་འཛིན་པའི་སྒྲུབ་པ་པོ་ཡང་འཕགས་པའི་མདུན་དུ་བྲི་བའོ། །གཏོར་མ་ནི་དམ་ཚིག་གི་གཏོར་མ་སྟེ། བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔའོ། །བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་དེས་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་མཆོད་ནས་དེའི་ལྷག་མ་བཟའ་བར་བྱའོ། །གཏོར་མ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ནག་པོའི་བརྒྱད་དང་བཅུ་བཞི་ལ། །ཞེས་པ་ནི་ཚེས་གྲངས་གོང་དུ་བཤད་ཟིན་ཏོ། །དབུས་སུ་གྲུ་བཞི་ཞེས་པ་ནི། དཀྱིལ་འཁོར་རྡོ་རྗེ་ཕྲེང་བའི་དབུས་སུ་རེའུ་མིག་དགུ་བྱས་པའི་དབུས་ཀྱི་གྲུ་བཞིའི་དཀྱིལ་འཁོར་བྲི་བའོ། །སྔགས་ཡིག་གཅིག་པོ་གཙོ་བོ་ནི། །ཞེས་པ་ནི་ཡི་གེ་ཧཱུཾ་བཟླའོ། །དེ་ལྟར་དཀྱིལ་འཁོར་བྱ་བ་སྒྲུབ་པ་པོ་ཕྱི་མ་རྣམས་ཀྱིས་རང་གི་སློབ་དཔོན་ལ་མཆོད་པ་ཕུལ་ནས། བསྒྲུབ་པ་རྫོགས་མ་ཐག་ཏུ་ཡོན་དབུལ་བར་བྱའོ་ཞེས་གསུངས་པ། ཕྱི་ནས་སློབ་དཔོན་ལ་མཆོད་པ་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཀྱི་ཞེས་པ་ལ་སོགས་པ་ནི།
༄། །སྒྲུབ་པ་པོ་གང་གིས་སྐུ་གསུང་ཐུགས་ཀྱི་ངོ་བོ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་སྐུ་གསུང་ཐུགས་འགྲུབ་འདོད་ན་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་འདི་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ །ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི། །རྡོ་རྗེ་བདུད་རྩི་ལས་བྱུང་ངོ༌། །ཞེས་པ་སྟེ། རྡོ་རྗེ་བདུད་རྩིའི་རྒྱུད་ལས་བྱུང་བའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་མི་བསྐྱོད་པའི་དཀྱིལ་འཁོར་ཡིན་པས། ཁམས་གསུམ་རྣམ་པར་རྒྱལ་བའི་བསྒོམས་ན་ཡང་མི་བསྐྱོད་པ་དང་ཐ་མི་དད་པས་སྐུ་གསུང་ཐུགས་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །སྒྲུབ་པའི་ཐབས་གསུངས་པ། ཟུར་གསུམ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཟུར་གསུམ་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱི་དབྱིབས་རྡོ་རྗེ་འཛིན་མའི་སའི་རང་བཞིན་ནོ། །དཀྱིལ་ཞེས་པ་ནི་སྙིང་པོ་སྟེ་བདེ་བ་ཆེན་པོའི་རང་བཞིན་ཡེ་ཤེས་སོ། །འཁོར་ཞེས་པ་ནི། དེ་སྦྱིན་པའམ་དེ་ལ་འཁོར་བས་ན་དཀྱིལ་འཁོར་ཞེས་པའོ། །གསང་བའི་པདྨ་ཞེས་པ་ནི་གསང་བའི་དབུས་སུ་པདྨ་དང་ལྡན་པའི་ཕྱིར་རོ། །ནང་དུ་སྙིང་པོ་དང་ཞེས་པ་ནི། ནང་དུ་སྙིང་པོ་སྤྱོད་ཡུལ་ཟླ་བའི་དཀྱིལ་འཁོར་དང་ལྡན་པའི་ཕྱིར་རོ། །དེའི་དབུས་ནི་པདྨ་འདབ་བརྒྱད་ཀྱི་དཀྱིལ་འཁོར་གྱི་དབུས་སུའོ། །གསང་ཆེན་ཞེས་པ་ནི་མཱ་མ་ཀཱི་སྟེ། གསང་བའི་ལྷ་མོ་མཛེས་པ་མོ་ལ་སོགས་པའི་གཙོ་མོར་གྱུར་བའི་ཕྱིར་རོ། །ཡང་ན་གསང་ཆེན་རྡོ་རྗེ་སེམས་དཔའ་སྟེ། དེའི་རིགས་ལས་བྱུང་བའི་ཕྱིར་རོ། །རིག་མ་དང་ཞེས་པ་ནི། མ་རིག་པའི་གཉེན་པོར་གྱུར་བའི་ཡེ་ཤེས་ལྷ་མོའི་གཟུགས་བཞུགས་པའི་མིང་ངོ༌། །གཙོ་བོ་ཞེས་པ་ནི་མི་བསྐྱོད་པ་སྟེ། གཡོ་བ་དང་མི་གཡོ་བ་ལ་ཁྱབ་པའི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་རོ། །ཞལ་གསུམ་ཞེས་པ་ནི། སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟེ། རྣམ་པར་ཐར་པ་གསུམ་གྱི་རང་བཞིན་གྱི་ཕྱིར་རོ། །ཕྱག་དྲུག་ལ་ཞེས་པ་ནི། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་གྱི་ཕྱིར་རོ། །དང་པོའི་ཞལ་ནི་ནག་པོ་སྟེ། །ཞེས་པ་ནི། དབུས་ཀྱི་ཞལ་དང་སྐུ་མདོག་ནག་པོ་སྟེ། ཐུགས་ཀྱི་རྡོ་རྗེ་དང་ལྡན་པའི་མཚན་མའོ། །གཡས་ཀྱི་ཞལ་ནི་དཀར་པོར་འདོད། །ཅེས་པ་ནི། གཡས་ཀྱི་ཞལ་དཀར་བ་སྟེ། སྐུའི་རྡོ་རྗེ་དང་ལྡན་པ་སྟེ་ཉིད་
༄། །ངོ། །གཡོན་དམར་པོ་ཞེས་པ་ནི། གསུང་གི་རྡོ་རྗེ་དང་ལྡན་པའི་མཚན་མ་གཡོན་གྱི་ཞལ་དམར་བའོ། །ལྷ་ཡི་རྒྱན་གྱིས་བརྒྱན་བྱེད་པ། །ཞེས་པ་ནི། དབུ་རྒྱན་དང༌། སྙན་ཆ་དང༌། དཔུང་རྒྱན་ལ་སོགས་པའི་ལྷའི་ཡུལ་གྱི་ཆ་ལུགས་ཀྱིས་བརྒྱན་པའོ། །ལྷའི་ན་བཟའ་ཞེས་པ་ནི། ལྷའི་རས་ཀྱི་ན་བཟའ་སྣ་ཚོགས་པའོ། །མེ་ཏོག་ཕྲེང་ཞེས་པ་ནི། ཡོངས་འདུ་ས་བརྟོལ་དང་མནད་ར་བའི་ཕྲེང་བའོ། །ལྷའི་དངོས་གྲུབ་བྱེད་ཅེས་པ་ནི། མིག་སྨན་ལ་སོགས་པའི་དངོས་གྲུབ་ཆེན་པོ་བརྒྱད་སྦྱིན་པའི་ཕྲིན་ལས་མཛད་དོ། །ཞི་བ་ནི། ཞི་བའི་ཚུལ་གྱི་ཞལ་དང་ལྡན་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་པ་ནི། དབུ་དང་མགྲིན་པ་དང༌། ཐུགས་ཀ་ན་སྐུ་དང་གསུང་དང་ཐུགས་དང་ལྡན་པའོ། །དོན་ནི་འདི་ལྟ་སྟེ། དེ་འདྲ་བའི་ཡབ་ཡུམ་རྣལ་འབྱོར་བ་ཡིས་ཀྱང་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ །ཕྱི་རོལ་དུ་ནི་ཞེས་པ་ནི། ཟུར་གསུམ་པའི་ནང་དུ་པདྨ་འདབ་བརྒྱད་ཀྱི་ཕྱི་རོལ་ཏེ་བར་ནའོ། །སྒོ་བཞི་པ་ཞེས་པ་ནི་ཉེ་བར་བརྟགས་པར་ཟད་དོ། །གཞན་ཡང་གྲུ་བཞི་དང༌། ཏྭ་ར་ན་བཞི་དང༌། སྒོའི་ཁྱམས་ལ་སོགས་པ་བརྟགས་ནས་ཚུལ་བཞིན་དུ་བྲི་བའོ། །ཤར་ཞེས་པ་ནི་ཤར་གྱི་སྒོའོ། །ཁྲོ་གཉེར་མ་གཞག་སྟེ་ཞེས་པ་ནི། ཤར་གྱི་སྒོ་ན་སྒོ་སྲུང་ཁྲོ་གཉེར་མ་བཀོད་པའོ། །ལྷོ་ན་འཇིགས་པར་འཇིགས་བྱེད་མ། ཞེས་པ་ནི་གོ་སླའོ། །གྲྭ་རྣམས་ལ་མེ་ཏོག་མ་ལ་སོགས་པ་དང༌། སྣམ་བུ་ལ་པི་ཝང་མ་ལ་སོགས་པ་བཀོད་པའོ། །དེ་འདྲ་བའི་དཀྱིལ་འཁོར་བྲིས་ནས་ནམ་མཁའི་གཞིར་ཡོངས་སུ་བརྟགས་པའི་སེམས་ཀྱིས་དཀྱིལ་འཁོར་དེ་ལ་བཀུག་ནས་གཉིས་སུ་མེད་པར་བྱ་སྟེ། བསྟོད་ཅིང་མཆོད་ནས་དམ་ཚིག་དབུལ་ཏེ་བཟོད་པར་གསོལ་ནས། བསྒྲུབ་པའི་དོན་ལ་གསོལ་བ་བཏབ་སྟེ། ལྷའི་ང་རྒྱལ་དང་གཉིས་སུ་མེད་པར་གྱུར་བའི་སློབ་དཔོན་གྱིས་ཞུས་ནས་གསང་བའི་དཀྱིལ་འཁོར་བསྒྲུབ་པར་བྱའོ་ཞེས་སོ། །དེ་ནི་དཀྱིལ་འཁོར་བྲི་བའི་རིམ་པའོ། །དེ་ལྟར་བྲིས་པའི་དཀྱིལ་འཁོར་གྱི་ནང་དུ་བཀོད་པའི་ལྷ་མོ་གསུངས་པ། མཁས་པས་པདྨ་འདབ་བརྒྱད་ལ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་རི་བོང་འཛིན་པ་ཞེས་པ་ནི་ཟླ་བ་སྟེ་དཀྱིལ་ན་རི་བོང་གི་པགས་པ་དང་ལྡན་པའི་ཕྱིར་རོ། །དེའི་
༄། །གཏན་ཚིགས་ནི་སྐྱེས་རབས་ཀྱི་ནད་ན་གསལ་ལོ། །ཟླ་བའི་དཀྱིལ་འཁོར་ལྟར་མཛེས་པའི་ཞལ་དང་ལྡན་པའི་རི་བོང་འཛིན་གྱི་དཀྱིལ་འཁོར་ཞེས་སོ། །རིག་མ་བརྒྱད་དང་ཞེས་པ་ནི། བཅོམ་ལྡན་འདས་ཀྱིས་མ་རིག་པ་ཀུན་གཞི་ལ་སོགས་པའི་གཉེན་པོར་གྱུར་པ་ཡང་རིག་པའི་ཡེ་ཤེས་བུད་མེད་ཀྱི་གཟུགས་སུ་གྱུར་པ་ནི་རིག་མ་བརྒྱད་ཅེས་ཏེ། ཡེ་ཤེས་ཀྱི་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཡང་ན་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་དང༌། ཚད་མེད་པ་བཞིའི་ཡེ་ཤེས་ལྷ་མོའི་གཟུགས་སུ་གྱུར་པ་ནི་རིག་མ་བརྒྱད་ཅེས་བྱའོ། །དགེ་མ་བརྒྱད་ཅེས་པ་ནི། པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་བརྒྱད་དེ། བཅོམ་ལྡན་འདས་ཀྱི་བསོད་ནམས་ཀྱི་འབྲས་བུ་སྨིན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། མཉེས་པར་བྱེད་པའི་དགེ་མའི་ཞེས་པའོ། །སྣ་ཚོགས་ཞེས་པ་ནི་སྐུ་མདོག་སྟེ་བཀྲལ་ཟིན་ཏོ། །དགེ་མ་བརྒྱད་ཀྱི་དངོས་པོ་བསྟན་པ། མཆོད་པའི་གླིང་བུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སོགས་པའི་སྒྲ་ནི་པི་ཝང་མ་དང་རྫ་རྔ་མ་དང༌། མར་མེ་མ་དང༌། དྲི་ཆབ་མའོ། །གསང་བ་ཞེས་པ་ནི། མཛེས་མ་ལ་སོགས་པའི་ལྷ་མོ་རྣམས་ལ་གསུངས་པའོ། །དེ་དག་བསྒྲུབ་པར་བྱ་ཞེས་པའོ། །འདིར་ནི་མཆོད་པ་ཇི་ལྟར་ལགས། །ཞེས་པ་དེའི་ལན་གསུངས་པ། མ་དང་བྱན་མོ་ཞེས་པ་ལ་སོགས་པ་ནི། མཱ་མ་ཀཱི་ལ་སོགས་པའི་གཟུགས་དང་ཕྱག་མཚན་གྱི་སྒོ་ནས་བསྒོམ་པ་སྟེ། དེ་ལ་ཡང་གཙོ་མོ་མཱ་མ་ཀཱི་ལ་སོགས་པའི་ལྷ་མོ་ལྔ་དང་སྦྱར་ནས་མ་ལ་སོགས་པ་ལྔ་བསྒྲུབ་པར་བྱ་སྟེ། མ་ནི་མཱ་མ་ཀཱི་དང་སྦྱོར། བྱན་མ་ནི་མཛེས་མ་མོ་དང་སྦྱར། བུ་མོ་ནི་ཞི་བའི་ཞལ་དང་སྦྱར། སྲིང་མོ་ནི་ཟླ་བ་མོ་དང་སྦྱར། གཉེན་མོ་ནི་རི་བོང་འཛིན་མ་དང་སྦྱར། གསང་བའི་དཀྱིལ་འཁོར་བསྒྲུབ་པའི་ཡོན་ཏན་བདུད་རྩི་བླང་བའི་དོན་བཤད་པ། མ་ལས་བདུད་རྩི་བླངས་ནས་སུ། །ཞེས་པ་ལ་སོགས་པ་སྟེ། དེ་ལ། རྡོ་རྗེ་བདུད་རྩི་དང་མཉམ་འགྱུར། །ཞེས་པ་ནི། རྣལ་འབྱོར་པ་མི་བསྐྱོད་པ་དང་དབྱིབས་དང༌། མཐུ་མཉམ་པར་འགྱུར་རོ། །དོན་ཡོད་གྲུབ་ཅེས་པ་ནི། བདུད་རྩི་འདི་ལ་བརྟེན་ན་བསྐལ་པ་གྲངས་མེད་པར་ཐོབ་དཀའ་བའི་བྱང་ཆུབ་ཐོབ་པའི་ཕྱིར་རོ། །གཞན་ནི་
༄། །གོ་སླའོ། །ད་ནི་གོང་དུ་གསུངས་པའི་མ་དང་སྲིང་མོ་ལ་འདོད་པ་བསྐྱེད་པར་བྱ་བའི་རྒྱུད་གསུངས་པ། བུང་བརྩེ་བའི་ཚུལ་གྱིས་ནི། །ཞེས་པ་སྟེ། བུང་བ་བཞིན་དུ་བདེ་བའི་མགོ་བརྩམ་པ་ལ་འཁྱུད་པ་དང་རྩེ་བ་སྔོན་དུ་བྱས་ནས། ཚིག་བདུད་རྩི་ལྔ་པ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །རྡོ་རྗེ་སེ་གོལ་མཉམ་སྦྱོར་གྱིས། །ཞེས་པ་ནི། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཕན་ཚུན་བསྣོལ་ཏེ། སེ་གོལ་ལན་གསུམ་གཏོགས་ནས་རྡོ་རྗེ་བསྡུ་བའི་ཏིང་ངེ་འཛིན་བསྒོམས་ཏེ། སྔགས་ལན་གསུམ་བརྗོད་ནས་ལྷའི་དཀྱིལ་འཁོར་དགུག་པར་བྱའོ། །ཡང་ན་རྗེས་སུ་སྦྱོང་བའི་རྡོ་རྗེ་དང་པདྨོའི་སྦྱོར་བས་རྡོ་རྗེ་སེ་གོལ་ཞེས་ཏེ། དེས་དཀྱིལ་འཁོར་གྱི་ལྷ་བདུད་རྩིའི་ཐིག་ལེ་དང༌། རྒྱུད་མཐུན་པར་བསྐྱེད་ནས་བདེ་བ་ཆེན་པོའི་དངོས་གྲུབ་པ་སྐྱེད་པར་བྱའོ། །ད་ནི་རྗེས་སུ་སྦྱོར་བའི་རིམ་པས་དཀྱིལ་འཁོར་གསང་བའི་མཆོད་པས་མཆོད་དེ་བདུད་རྩི་བསྒྲུབ་པ་གསུངས་པ། རྣལ་འབྱོར་བ་དང་རྣལ་འབྱོར་མའི། །ཞེས་པ་ལ་སོགས་པའོ། །བདུད་རྩི་ལོག་པར་བླངས་པའི་སྐྱོན་བསྟན་པ། ལག་པ་ཡིས་ནི་ཞེས་པ་ལ་སོགས་པའོ། །རྣལ་འབྱོར་མས་ཀྱང་སྤྱོད་པའི་ཚུལ་བསྟན་པ། རིག་མ་ཆེན་པོ་ཡང་བྱུང་ནས། །རྡོ་རྗེ་ལ་ཡང་འོ་བཏབ་པོ། །ཞེས་པའོ། །དེའི་ཡོན་ཏན་གསུངས་པ། དེ་ནི་སངས་རྒྱས་ཉིད་འགྲུབ་པ། །ཞེས་ཏེ། དེ་ལྟར་ཐབས་དང་ཤེས་རབ་ཀྱི་རོལ་པས་འགྲུབ་པའི་རྣལ་འབྱོར་པའམ་རྣལ་འབྱོར་མ་ནི་གཏི་མུག་གི་གཉིས་བསལ་ནས་ཚིག་གི་དོན་ཐམས་ཅད་རྟོགས་ནས་སངས་རྒྱས་པའོ། །སངས་རྒྱས་པ་དེ་ཅི་འདྲ་བ་ཡིན་ཞེ་ན། ཁུ་བའི་གཟུགས་ཅན་བདུད་རྩིའོ། །ཞེས་པ་སྟེ། བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་སོ་སོ་རང་རིག་པའི་རྟོགས་པའོ། །རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པ་ནི་འབྲེལ་ཟིན་ཏོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་བསྒྲུབ་པ་བསྟན་པ་ཞེས་བྱ་བའི་ལེའུ་ཞེས་པ་ནི། བཅོམ་ལྡན་འདས་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་བསྒྲུབ་པའི་ཚིག་དོན་སྡེར་ལོངས་པའོ། །རྡོ་རྗེ་བདུད་རྩི་རྒྱུད་ཀྱི་ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །།