Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  collapse section
   
བཅོ་བརྒྱད་པ། དེ་ཁོ་ན་ཉིད་ངེས་ཚིག་གི་རྟོག་པའི་རྣམ་པར་བཤད་པ།
  expand section
  expand section
  expand section
  expand section
   
  expand section
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
   
   
   


 
previousབཅོ་བརྒྱད་པ། དེ་ཁོ་ན་ཉིད་ངེས་ཚིག་གི་རྟོག་པའི་རྣམ་པར་བཤད་པ།next

བཅོ་བརྒྱད་པ། དེ་ཁོ་ན་ཉིད་ངེས་ཚིག་གི་རྟོག་པའི་རྣམ་པར་བཤད་པ།


DTG027_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། སརྦ་ཀལྤ་ས་མུཙྪ་ཡ་ནཱ་མ་སརྦ་བུདྡྷ་ས་མ་ཡོ་ག་ཌཱ་ཀི་ནི་ཛཱ་ལ་སམྦྷ་ར་ཨུཏྟ་ར་ཏནྲྲ་ཊཱི་ཀཱ། བོད་སྐད་དུ། རྟོག་པ་ཐམས་ཅད་འདུས་པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཕྱི་མའི་ཕྱི་མ་རྣམས་པར་བཤད་པ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལྟར་རྣམ་པར་བཤད་པ་ཆེན་པོས་རྟོག་པ་བཅུའི་བདག་ཉིད། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་དེ་ཁོ་ནའི་རྟོག་པ་ཐམས་ཅད་བསྡུས་པ་ཞེས་བྱ་བའི་རྒྱུད་ཕྱི་མའི་ཡང་ཕྱི་མ་ཡིས། །རྩ་བའི་རྒྱུད་ལ་སོགས་པ་ལ་བརྗོད་པའི་རྟོག་པའི་དོན་དང༌། །རྒྱུད་ཕྱི་མའི་དང་པོའི་ས་ཆོག་དང༌། །གདོད་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་དང༌། ཡིག་འབྲུ་དང༌། སྔགས་དབྱུང་བ་དང༌། ཤིན་ཏུ་དགའ་བ་དང༌། ཤིན་ཏུ་བཟང་བ་ཉིད་དང༌། རྡོ་རྗེ་སྙིང་པོའི་གཙོ་བོ་ཉིད་དང༌། སེམས་དང་སེམས་དཔའ་དང༌། ཏིང་ངེ་འཛིན་དང༌། །རྡོ་རྗེ་དང༌། རྡོ་རྗེ་འཛིན་པ་དང༌། རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དང༌། བྱང་ཆུབ་སྤྱོད་པ་དང༌། བདུད་དང་བདུད་ལས་རྒྱལ་པ་དང༌། བྱང་ཆུབ་དང༌། སངས་རྒྱས་ཉིད་དང༌། རྡོ་རྗེ་གཏུམ་པོ་མཐར་བྱེད་དང༌། ཕྱག་ན་རྡོ་རྗེ་དང༌། །དང་པོའི་རིགས་བསྐྱེད་པ་དང༌། འདོད་པའི་ཐར་པ་དང་རྣམ་པ་གསུམ་ཐམས་ཅད་ཉིད་དང༌། དང་པོའི་སྙིང་པོ་འབྱུང་བ་དང༌། ཉེ་བའི་


DTG027_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྙིང་པོ་དེ་ཉིད་དང༌། བདེ་བ་ཆེན་པོ་དང༌། རྡོ་རྗེ་དང༌། དོན་ཡོད་པའི་དམ་ཚིག་དང༌། དཀྱིལ་འཁོར་གྱི་དོན་ཤེས་པ་དང༌། དཀྱིལ་འཁོར་དུ་བཅུག་པའི་རྣམ་པར་སྨིན་པ་དང༌། དཀྱིལ་འཁོར་གྱི་ཐིག་གདབ་པ་དང༌། རྟོག་པའི་དངོས་གྲུབ་དང༌། གསང་བ་ཆེན་པོ་ལྔ་དང༌། དེ་བཞིན་ཉིད་ཆེན་པོ་དང༌། དཀྱིལ་འཁོར་གྱི་གཙོ་བོ་དང༌། རིགས་དང༌། དབང་ཐམས་ཅད་བསྐུར་བ་དང༌། ཕྱག་རྒྱ་ཆེན་པོའི་ཚིག་ཀྱི་དེ་ཉིད་དང༌། ཐམས་ཅད་འགུགས་པ་དང༌། མཆོད་པ་ཆེན་པོ་དང༌། བྱིན་གྱིས་བརླབ་པ་ལ་སོགས་པ་དང་སྒྲུབ་པའོ། །དེ་རྣམས་ཀྱི་ཚིག་དང་དོན་གྱི་འཁྲུལ་པ་བསལ་བར་བྱ་བའི་ཕྱིར་བསམ་གཏན་དང༌། བསམ་གཏན་གྱི་བདག་ཉིད་ཀྱི་དོན་དུ་རིག་པའི་ལས་ཐམས་ཅད་བསལ་བར་བྱ་བའི་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་རྣམས་གསུངས་པ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ། ཞེས་པ་ལ་སོགས་པ་སྟེ། དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སེམས་དང་སེམས་ལས་བྱུང་བ་དང༌། དེ་དང་རྒྱུ་མཐུན་པ་རྣམས་སྤྲུལ་པ་དང་འདྲ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི། སངས་རྒྱས་ཐམས་ཅད་ཅེས་པའོ། །དེ་དག་ལ་ཕྱག་འཚལ་ཏེ། ཞེས་པ་ནི་སྟེ། ཞེས་པའི་སྒྲ་ནི་ངེས་པའི་དོན་ཏེ། སངས་རྒྱས་དེ་དག་ཁོ་ན་ལ་ཕྱག་འཚལ་བ་ཡིན་གྱི། གཞན་ནི་མ་ཡིན་ཞེས་པའི་ཐ་ཚིག་གི །མ་ལུས་ལུས་པ་མེད་ཅེས་པ་ལ་སོགས་པ་ནི། དེ་ལ་མ་ལུས་ཞེས་པ་ནི་ཆོད་ཀྱི་དབྱིངས་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ལའོ། །ལུས་པ་མེད་ཅེས་པ་ནི་ཐམས་ཅད་མ་ལུས་པའོ། །གྲུབ་པ་ཞེས་པ་ནི། ཐབས་དང་ཤེས་རབ་ཀྱི་དངོས་པོ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྒྲུབ་པར་བྱེད་པའི་སྟོབས་ཀྱིས་མངོན་དུ་གྱུར་པའོ། །རྣམ་རྟོག་མེད་བའི་སེམས་ལ་ནི། །ཞེས་པ་ནི། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་པ་མི་རྟོག་པའི་སེམས་རྩེ་གཅིག་པའོ། །ཡང་དེ་ཁོ་ན་གསུངས་པ་དེ་ཁོ་ན་ཉིད་ངེས་པར་ཞེས་པ་སྟེ། རྟོག་པའི་དོན་ཤེས་པ་ལ་སོགས་པ་པ་ངོ་བོ་ནི་དེ་ཁོ་ན་ཉིད་ཅེས་པའོ། །དེའི་ངེས་པ་ལ་བཟུང་བའི་ངོ་བོ་ཉིད་གནས་པ་ནི་ངེས་པར་


DTG027_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་ཞེས་པའོ། །དོན་ནི་འདི་ལྟར་གསུང་པར་འགྱུར་ཏེ། རང་བཞིན་དག་པའི་ཆོས་ཐམས་ཅད་དཔྱད་པ་ལ་གནས་པའི་སེམས་འདི་ནི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ་ཞེས་པའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཐམས་དང་ཤེས་རབ་ཀྱི་རང་བཞིན་བསྐྱེད་པའི་ཆོས་ཀྱི་ཡི་གེས་ནི། ཡང་ནས་ཡང་དུག་གཏན་ལ་ཕབ་སྟེ་བསྐྱེད་ནས་སྒྲུབ་པ་པོས་མངོན་དུ་བྱེད་པ་ནི་རྟོག་པའི་དོན་ཤེས་པ་རྣམས་ཀྱི་གཞིར་གྱུར་པའོ། །དེ་བས་དེ་འདྲ་བ་ལ་ནི། དེ་ཁོ་ན་ཉིད་ངེས་པར་གནས་ཞེས་སོ། །དེས་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསལ་བར་བྱེད་པའི་རྒྱུ་འདི་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའི་རིགས་སུ་གསུངས་པའི་ཆོས་ཀྱི་ཕྱག་རྒྱ་ཡིས་ནི་རྟོག་པ་ཐམས་ཅད་འདུས་པ་འཇུག་པ་ལ་བཤད་པར་བྱེད་དོ། །ད་ནི་ཆོས་ཀྱི་ཕྱག་རྒྱས་གང་གྲུབ་པར་བྱེད་པ་དེ་སྟོན་པ་ནི། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །ཞེས་པ་ལ་སོགས་པ་སྟེ། དེ་དག་ཀྱང་བཤད་ཟིན་ཏོ། །དེ་ལྟར་གཟུང་བའི་ཚིག་གིས་ཆོས་ཀྱི་ཕྱག་རྒྱ་ལ་དེ་ཁོ་ན་ཉིད་གནས་པར་གསུངས་ནས། དེ་གནས་པའི་མན་ངག་གི་ཚིག་གིས་རེ་ཞིག་གསུངས་པ། འདོད་ཆགས་ཆེན་པོ་བདེ་ཆེ་ལ། །ཞེས་པ་ནས་བརྩམས་ནས། ཐམས་ཅད་མི་གསུང་འོས་མ་ལགས། །ཞེས་ཇི་སྙེད་པའི་བར་དུའོ། །


previousབཅོ་བརྒྱད་པ། དེ་ཁོ་ན་ཉིད་ངེས་ཚིག་གི་རྟོག་པའི་རྣམ་པར་བཤད་པ།next