Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  collapse section
   
  collapse section
བཅུ་དགུ་པ། ཆོས་ཀྱི་ཡི་གེ་འབྱུང་བའི་རྟོག་པའི་རྣམ་པར་བཤད་པ།
   
   
   
  expand section
  expand section
  expand section
  expand section
   
  expand section
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
   
   
   


 
previousབཅུ་དགུ་པ། ཆོས་ཀྱི་ཡི་གེ་འབྱུང་བའི་རྟོག་པའི་རྣམ་པར་བཤད་པ།next

བཅུ་དགུ་པ། ཆོས་ཀྱི་ཡི་གེ་འབྱུང་བའི་རྟོག་པའི་རྣམ་པར་བཤད་པ།

རྟོག་པའི་དོན་བཤད་པ།


DTG027_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་མན་ངག་གི་ཚིག་རྣམས་སྟོན་པས་གསུངས་པ། དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་ཞུས་པའི་དེ་མ་ཐག་པའི་ཚིག་དེ་ཁོ་ནའོ། །སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་ལ་རང་གི་བཀའ་འབྱོར་པར་བྱེད་པས་སྟོན་པ་ཞེས་པའོ། །རྡོ་རྗེ་འཛིན་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། བཀའ་སྩལ་པ་ཞེས་པ་དང་འབྲེལ་ཏོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་རྟོག་པ་ལ་ནི་རྟོག་པ་ཀུན་གྱི་ཅེས་པའོ། །དེ་དག་གི་གཙོ་བོ་ཆེན་པོ་ཞེས་པ་ནི་ནམ་མཁའི་ཁམས་ཐམས་ཅད་ལ་རྟག་ཏུ་གནས་པའི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེ་བཅོམ་ལྡན་འདས་བསྐྱེད་པའི་རྐྱེན་ཏོ། །ཐེ་ཚོམ་དག་གིས་ཞེས་པ་ལ་སོགས་པ་ནི་གོ་སླ་བའོ། །རྣམ་པར་མི་རྟོག་ཆོས་དག་ལ། །ཞེས་པ་ནི་ཇི་ལྟར་གསུངས་པའི་དཔལ་རྡོ་རྗེ་སེམས་


DTG027_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་ལ་སོགས་པའི་རང་བཞིན་གཟུང་འཛིན་རྣམ་པར་རྟོག་པ་མེད་པ་ལ་ཞེས་པའི་ཐ་ཚིག་གོ །སེམས་ཅན་དོན་དུ་ཡོངས་སུ་རྟོག །ཅེས་པ་ནི་འདུལ་བའི་སེམས་ཅན་དེ་དག་གི་དོན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མངོན་པར་འདོད་པའི་དོན་གྲུབ་པ་ནི་སེམས་ཅན་དོན་དུ་ཡོངས་སུ་རྟོག །ཅེས་པའོ། །དེའི་དོན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་འདི་སྒྲའི་དོན་དུ་ཤེས་པ་རྗེས་སུ་འགྲོ་བའི་ཤེས་རབ་ཀྱིས་ཕྱོགས་བཅུར་རྣམ་པར་གཞག་པ་ནི་ཡོངས་སུ་རྟོགས་ཞེས་པའོ། །དེ་ཕྱིར་རྟོག་པར་ཡང་དག་བཤད། །ཅེས་པ་ནི་འདུལ་བའི་སེམས་ཅན་གྱི་དོན་གྱི་རྒྱུད་ཡིན་པའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་ཁོ་ནས་རྟོགས་པར་བཤད་དོ། །རྟོག་པ་ཡོངས་སུ་དག་ཕྱིར་རོ། །ཞེས་པ་ནི་འདུལ་བའི་སེམས་ཅན་གྱི་ཁམས་གྱི་གཟུང་འཛིན་གྱི་རྣམ་པར་རྟོག་པ་སྤང་པའི་དོན་དུ་ཞེས་པའི་ཐ་ཚིག་གོ །

རྒྱུད་ཕྱི་མའི་དང་པོའི་ས་ཆོག


DTG027_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རྟོག་པའི་དོན་ཤེས་པས་དངོས་གྲུབ་གསུངས་ནས། །རྒྱུད་ཕྱི་མའི་དོན་ཤེས་པ་མེད་ན། དངོས་གྲུབ་མི་འགྱུར་ཏེ། དེ་བསལ་བའི་དོན་དུ་རྒྱུད་ཕྱི་མའི་དོན་ཤེས་པར་གསུངས་པ། འདི་ལ་ཇི་ལྟར་རྒྱུད་ཕྱི་མ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་སྟེ། རྒྱུད་ནི་རབ་ཏུ་འབྲེལ་པར་བཤད། །ཅེས་པ་ནི་རིགས་འདི་ལྷ་ཐམས་ཅད་ཀྱི་ཐུན་མོང་གི་དཀྱིལ་འཁོར་དེ་ཁོ་ན་ཉིད་ལ་སོགས་པ་འབྲེལ་པ་སྟེ། གསལ་བར་བྱེད་པའི་སྒྲ་འདུས་པ་ཉེ་བར་སྤྱད་པ་ནི་དེ་བཞིན་གཤེགས་པའི་རྒྱུད་ཅེས་གསུངས་སོ། །ཕྱི་མ་གོང་དུ་ཕྱུང་བ་ཡིན། །ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་བསྐལ་པ་བཟང་པོ་ལ་སོགས་པའི་སྔོན་དུ། ད་ལྟའི་དུས་ཀྱི་རང་བཞིན་ཉིད་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་རྟག་པར་གནས་གཅིག་ཅིང་མཆོག་ཏུ་འཇིག་རྟེན་ལས་འདས་པ་དམ་ཚིག་ཆེན་པོ་འབྱུང་བ་གང་ཡིན་པ་དེ་ནི་རྒྱུད་ཕྱི་མའི་གོང་དུ་བྱུང་བའོ། །དེ་ཁོ་ན་ཡང་གསུངས་པ། དེ་ཉིད་གསང་བ་གསང་ཆེན་དག །དེ་ཡང་རྒྱུད་ནི་ཕྱི་མར་འདོད། །ཅེས་པ་སྟེ་དེ་ཉིད་གསང་བ་གསང་ཆེན་ནི་གོང་དུ་བསྟན་པས་ཤེས་པར་བྱའོ། །དེ་ཡང་ཞེས་པ་ནི་དོན་དེ་ཁོ་ན་ཉིད་གསུངས་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ་དེ་ཉིད་དང༌། །གསང་བ་དང༌། གསང་ཆེན་དུ་གང་


DTG027_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་གང་སྟོན་པ་དེ་དང་དེ་ནི་རྒྱུད་ཕྱི་མ་ཞེས་འདིར་འདོད་པའོ། །དེ་ལྟར་ཡང་གསུངས་པ། གང་དག་འཇིག་རྟེན་གྱི་སྦྱོར་བ་དང༌། འཇིག་རྟེན་ལས་འདས་པའི་ཆོས་དེ་ཁོ་ན་ཉིད་ལ་སོགས་པ་རྣམས་དེ་དག་ནི་རྩ་བའི་རྒྱུད་ཅེས་པ་དང༌། གང་དག་འཇིག་རྟེན་ལས་འདས་པ་དམ་ཚིག་ཆེན་པོའི་དེ་ཉིད་རྣམས་དེ་དག་ནི་རྒྱུད་ཕྱི་མ་ཞེས་འདོད་དོ། །

གདོད་མ་དང་ཐ་མ་མེད་པའི་རང་བཞིན་གྱིས་བཅོམ་ལྡན་འདས་ཀྱི་གསང་བ་དང་། བདེན་པའི་རང་བཞིན་གྱིས་སྐུའི་གསང་བ་བསྟན་པ།


DTG027_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རྒྱུད་ཕྱི་མ་ཞེས་པ་བསྟན་ནས། དང་པོའི་སའི་དེ་ཉིད་ཅེས་པ་གསུངས་ཏེ། འདི་ལ་ཇི་ལྟར་དང་པོའི་ས་ཞེས་པ་ལ་སོགས་པ་སྟེ། ཕྱོགས་བཅུ་ནས་རྫས་ཐམས་ཅད་དངོས་པོའི་རང་བཞིན་དངོས་པོ་ཐམས་ཅད་གོ་འབྱེད་པ་སྦྱིན་པའི་ངོ་བོ་ནི་ནམ་མཁའ་ཀུན་དུ་ཞེས་པའོ། །དེ་རབ་ཏུ་གནས་པ་གཞན་གང་དེ་དེ་ལྟར་རོ། །དབང་པོ་རྡོ་རྗེ་དང༌། རིན་ཆེན་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེ་དག་གིས་བྱམས་པ་དེ་ནི། རྡོ་རྗེ་ཀུན་གྱི་དངོས་པོ་མཆོག །ཅེས་པའོ། །དེ་ཉིད་བདེ་བ་ཆེན་པོ་བསྐྱེད་པའི་ཕྱིར་བདེ་བ་ཆེན་པོ་ཞེས་པའོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཀུན་ཡོངས་སུ་བསྐང་བའི་ཕྱིར་དེ་ཉིད་དགྱེས་པ་ཆེ་ཞེས་པའོ། །ད་ལྟའི་དུས་ཀྱི་རང་བཞིན་ཉིད་ཀྱིས་རྟག་པར་གནས་པས་ན། དམ་པའི་ཡི་གེ་གཞལ་ཡས་ཁང༌། །ཞེས་པ་སྟེ་བརྟན་པའོ། །དེ་ལྟར་དང་པོའི་སའི་དེ་བཞིན་ཉིད་ཀྱི་ཤེས་པ་བསྟན་ནས། ད་ནི་རང་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་བརྩམས་པ་ནས་དཀྱིལ་འཁོར་བསྒོམ་པ་ལ་དེ་ཁོ་ན་ཉིད་བསམ་པའམ། སྦྱོར་བ་ལ་སོགས་པ་སྒོམ་པར་བྱེད་འདོད་པས། མི་སྐྱེ་བར་སྟོན་པའི་སྒྲ་ཡིག་དང་པོ་ལ་ཡིག་འབྲུ་ཀ་ཁ་ལ་སོགས་པ་རྣམས་དང༌། སྒྲ་ཡིག་ཨ་ལ་སོགས་པ་བཅོ་ལྔ་ནི། དེ་བཞིན་ཉིད་ཀྱི་སྦྱོར་བས་བཙུད་ནས། རང་གི་རིགས་གཙོ་བོ་དང་པོའི་རྡོ་རྗེ་ལ་སོགས་པའི་གཟུགས་བསམས་ཏེ། ཟླ་བའི་དཀྱིལ་འཁོར་གཉིས་ཀྱིས་བསྐོར་བའི་སྤྱི་བོ་ནས་མ་རེག་པར་ཟླ་གམ་གྱིས་བརྒྱན་པར་བསམས་ཏེ། དེའི་དབུས་སུ་ཟླ་བའི་ཡི་གེ་རྣམས་ཡིད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་རི་མོ་བྲིས་ནས་དེ་ཁོ་ན་བརྗོད་པས། བཟླས་པའི་དོན་དུ་དཀྱིལ་འཁོར་ལ་སོགས་པ་བསྒོམ་པར་བྱའོ་ཞེས་པ་སྟོན་པའི་དོན་འདི་ལ་ཇི་ལྟར་གདོད་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ཡིན་ཞེ་ན། ལན་བཏབ་པ་ཤེས་རབ་མདུན་དུ་བྱས་པའི་ཡི་གེ་ཀ་ལ་སོགས་


DTG027_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་གདོད་མ་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་དེ་ཉིད་ཅེས་པས་གསུངས་པའོ། །དེ་ལ་ཡི་གེ་ཀ་ལ་སོགས་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ལ་བྲི་བར་བྱའོ་ཞེས་བ་དང་འབྲེལ་ལོ། །དེ་ཇི་ལྟར་བྲི་བ་ཡིན་ཞེ་ན་གསུངས་པ་དྷ་ཡིག་མཐའ་དང་ང་ཉ་སྤངས་ནས་འཇུག་པར་བྱ་ཞེས་པ་སྟེ། ཀའི་སྡེ་ལ་ཡི་གེ་ང་དང༌། ཙའི་སྡེ་ལ་ཡི་གེ་ཉ་སྤངས་ནས་རང་གི་སྙིང་གའི་ཟླ་བ་ལ་གཡས་ཀྱི་གློ་ནས་ཡི་གེ་ཀ་ལ་སོགས་པ་ངའི་བར་གྱི་ཡི་གེ་འབྲུ་བཅུ་དྲུག་གི་ཕྲེང་བ་ཡིད་ཀྱིས་བྲི་བ་དང༌། ཡང་གཡོན་གྱི་གློ་ནས་ཡི་གེ་ད་ལ་སོགས་པའི་ཀྵའི་བར་ཡིག་འབྲུ་བཅུ་དྲུག་གི་ཕྲེང་བ་དང༌། དེ་ལྟར་ཕྲེང་བ་གཉིས་ཀྱི་བསྐོར་བ་བྲི་བར་བྱའོ། །དེ་ནས་ཕྲེང་བ་གཉིས་ཀྱི་དབུས་སུ་སེ་རལ་ཁའི་སྐུད་པ་བཞིན་དུ་སྒྲ་ཡིག་ཨ་ལ་སོགས་པ་བཅུ་དྲུག་གི་ཕྲེང་བ་ཡིད་ཀྱིས་བྲི་བར་བྱའོ། །དེའི་ཕྱིར་གསུངས་པ། དབུས་གནས་པར་ནི་ཨ་ཡིག་ཕྲེང༌། །ཟླ་བའི་དཀྱིལ་འཁོར་ལ་བཀོད་དོ། །ཞེས་པའོ། །ཐིག་ལེ་ཟླ་ཚེས་ལྡན་པར་ཞེས་པ་ནི་སྒྲ་ཡིག་བཅོ་ལྔ་པ་ལ་གང་ཐིག་ལེའི་གཟུགས་སུ་གནས་པ་ཟླ་ཚེས་ཀྱི་ཚུལ་དུ་ཡོངས་སུ་བཏབ་པའོ། །བར་ཞེས་པའི་སྒྲ་ནི་ངེས་པའི་ཚིག་ཡིན་པས་ཟླ་ཚེས་ཀྱི་ཚུལ་ཁོ་ན་ཞེས་པའོ། །ཚེས་དྲག་ཟླ་བ་གཉིས་ཡིན་ཏེ། །སྒྲ་ཡིག་བཅུ་དྲུག་ཚེས་དྲག་ཏུ་གནས་པ་དེ་ནི་ཡོངས་སུ་གང་བའི་ཟླ་བ་གཉིས་ཀྱི་གཟུགས་སུ་བསམ་པའོ། །ཨ་ཡིག་མི་འགྱུར་བསྒོམ་པར་བྱའོ། །ཞེས་པ་ནི་སྒྲ་ཡིག་བཅོ་ལྔ་པ་ལ་རང་བཞིན་གྱིས་ཟླ་བ་གཉིས་མེད་པས་ཡི་གེ་ཨ་མི་སྐྱེ་བའི་མྱུ་གུ་བསྒོམ་སྟེ། ཡི་གེ་ཨ་དེ་ཁོ་ན་མྱུ་གུའི་གཟུགས་སུ་ཕྱིར་གྱུར་པར་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །གནས་གང་དུ་རང་བཞིན་གང་ལྟར་སྒྲ་ཡིག་མྱུ་གུ་དེ་བསྒོམ་པར་བྱ་ཞེ་ན་གསུངས་པ། དབུས་སུ་རྡོ་རྗེ་དངོས་པོར་གནས། །ཞེས་པ་ནི་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སྒྲ་ཡིག་རྣམས་ཀྱི་དབུས་སུ་དང་པོ་རྡོ་རྗེ་ལ་སོགས་པའི་རང་བཞིན་གནས་པ་དེ་བསྒོམ་མོ། །དེའི་དབུས་རྟག་ཏུ་བསྒོམ་པ་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །ཞེས་པ་ནི་དང་པོའི་རྡོ་རྗེ་ལ་སོགས་པའི་བུམ་པའི་ནང་དུ་རྟག་པར་སྦྱོར་བ་ཡིས་བསྒོམས་ནས། ཡང་ནས་ཡང་དུ་མངོན་དུ་བྱས་པའི་ཡི་གེ་ཧཱུཾ་ལ་


DTG027_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པའི་རང་བཞིན་སྙིང་པོ་དང་སྔགས་དང་ཕྱག་རྒྱ་དང༌། རིག་པའི་ཡི་གེ་བདག་ཉིད་ཇི་ལྟར་གསུངས་པའི་དབུས་སུ་སངས་རྒྱས་པའི་ཡི་གེ་བྲིས་ནས་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་པས་འདོད་ཆགས་ཆེན་པོ་བདེ་བ་ཆེས་རྟག་པར་བསྒོམ་པ་ཡིན་ཏེ། འདོད་ཆགས་ཆེན་པོ་དང་བདེ་བ་ཆེན་པོ་དང་གཉིས་ཀྱིས་སྟོན་པ་དང༌། བསྐྱེད་པར་བྱ་བའི་ཕྱིར་ཡང་དེ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །ཞེས་གསུངས་པ་ནི་ཕྱག་རྒྱ་དང༌། སྔགས་དང༌། རིག་པའི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཞེས་པའོ། །དེ་བསྒོམ་པའི་མན་ངག་ཀྱང་གོང་དུ་བཤད་ཟིན་པས་མ་བཤད་དོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་རི་མོར་གྲགས་པ་ཡིན། །ཞེས་པ་ནི་ཨཱ་ལི་ཀཱ་ལི་མཉམ་པར་བྱས་པའི་འོག་ནས་ཕྱིར་གྱུར་པ་དེའི་འོག་ཏུ་རི་མོས་ཡི་གེ་ཐམས་ཅད་བཙུད་པ་ཞེས་པ་སྟེ། གང་དུ་གསུངས་པ་འདི་དེ་ཞེས་པའི་དོན་ཏོ། །གང་གི་དོན་དུ་རང་གི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ་བཟླས་པའི་ཡི་གེ་བཙུད་ནས་བསྒོམ་པར་བྱ་བ་ཡིན་ཞེ་ན། གསུངས་པ་དེ་ལས་འགྲོ་བ་ཞེས་པ་ལ་སོགས་པ་སྟེ། ཅིའི་ཕྱིར་ན་འདི་ལས་ཐམས་ཅད་ལུས་པ་མེད་པའི་ཕྱོགས་བཅུ་ན་སྐྱེ་བ་དང༌། འབྱུང་བ་དང༌། གཡོ་བའི་བདག་ཉིད་པ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་འགྲོ་བ་རྣམས་ཡིན་པ་དེའི་ཕྱིར་རྣལ་འབྱོར་པས་ཀྱང་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་དུ་དེ་དག་ཐམས་ཅད་རང་གི་རྒྱུད་སྐྱེད་པར་བྱེད་འདོད་པས། ཇི་ལྟར་གསུངས་པའི་རྡོ་རྗེའི་དབུས་སུ་དཔལ་སངས་རྒྱས་ཀྱི་རི་མོ་ཟླ་བའི་ཡི་གེ་རྣམས་ཡིད་ཀྱིས་བཀོད་དེ་བསྒོམ་པར་བྱའོ། །རྒྱུ་ཅིའི་ཕྱིར་ན་དང་པོའི་རྡོ་རྗེ་ཉེ་བར་བརྟག་པའི་བཅོམ་ལྡན་འདས་གདོད་མ་དང་ཐ་མ་མེད་པའི་གསུང་ཞེ་ན། ལན་གསུངས་པ། ནམ་མཁའ་ལས་བྱུང་མཚན་ཉིད་ཕྱིར། །ཞེས་པ་ལ་སོགས་པ་སྟེ། ཁ་ཅིག་གིས་ཇི་ལྟར་གསུངས་པ་ས་ཕྱོགས་འདི་ལ་རི་ལ་སོགས་པ་བསལ་བས་ནམ་མཁར་བྱའོ་ཞེས་པ་སྟེ། དེ་ནི་ལེགས་པར་ལྡན་པ་སྟེ། །གསལ་བ་ཁོ་ནར་གསུངས་པར་འགྱུར་ཏེ། རི་ལ་སོགས་པ་བསལ་ནས་ནམ་མཁར་བྱ་བའོ། །དེ་བཞིན་དུ་རྣལ་འབྱོར་པས་ཀྱང་ཡང་དག་པ་མ་


DTG027_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་པའི་ཀུན་བརྟགས་གསལ་མ་ཐག་ཏུ་རྡོ་རྗེ་སེམས་དཔའ་བསྐྱེད་དེ་ཞེས་བཏགས་པ་སྟེ། དེ་བཞིན་གཤེགས་པའི་སྙིང་པོའི་ངོ་བོ་ཡིས་ནམ་མཁའ་བཞིན་དུ་རྟག་པར་གནས་པའི་ཕྱིར་རོ། །དེ་བས་ན། གདོད་མ་ཐ་མ་མེད་མཆོག་ཡིན། །ཞེས་པའོ། །ཅི་འདྲ་བ་ཡིན་ཞེ་ན་གསུངས་པ། རྡོ་རྗེ་ཆེན་པོ་དངོས་ཞེས་པ་སྟེ། དེ་བཞིན་ཉིད་རྡོ་རྗེ་ཆེན་པོའི་རང་བཞིན་ཞེས་པའི་དོན་ཏོ། །དེ་ཁོ་ན་སེམས་ཅན་གྱི་དོན་ལ་ཆགས་པའི་ཕྱིར་སེམས་ནི་ཞེས་པའོ། །རྡོ་རྗེ་སེམས་དཔའ་ཞེས་འདོད་དོ། །ཞེས་པ་ནི་རྒྱུད་འདི་ཁོ་ན་ལའོ། །འདེའི་བདེ་བ་ཞེས་ཁོ་ནས་དངོས་གྲུབ་འགྱུར་རོ་ཞེས་སྟོན་པས། འདི་ལ་བཅོམ་ལྡན་འདས་གང་ཡིན་ཞེས་པའི་དྲི་ཚིག་སྔོན་དུ་བྱས་ནས། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །ཅེས་པ་ལ་སོགས་པ་གསུངས་པ། དངོས་གྲུབ་ཆེན་པོ་ཡང་དེ་སྟེ། །ཀུན་གྱི་མཆོག་ཀྱང་དེ་ཉིད་པས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །ཅེས་ཏེ། གདོད་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་མངོན་དུ་བྱས་པའི་ཕྱིར་རོ། །དེ་ཉིད་དབང་ཕྱུག་ཆེན་པོ་ཞེས་ཏེ། ཁམས་གསུམ་ན་ཆོས་ཀྱི་རྒྱལ་པོ་ཐོབ་པའོ། །དེའི་མཚན་མ་དབང་དུ་བྱེད་པའི་ལྷ་ནི་རིག་པའི་ལྷ་ཞེས་པའོ། །ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནི་དཔལ་རྡོ་རྗེ་སེམས་དཔའ་ནི་སྐྱེས་བུའམ། ལྷག་པའི་ལྷ་ཞེས་གསུངས་པའི་ཕྱིར་རོ། །རྒྱལ་པོ་རྡོ་རྗེ་ཆེན་པོ་འཛིན། །ཞེས་པ་ནི་དེ་ལ་གཟུགས་ཐམས་ཅད་ཡང་དག་པར་སྣང་བར་བྱེད་པས་རྒྱལ་པོ་ཞེས་སོ། །རྡོ་རྗེ་འཛིན་ཡང་དེ་ཆེན་པོ་ཡང་དེ་ཉིད་པས་རྡོ་རྗེ་འཛིན་ཆེན་པོ་ཞེས་ཏེ་དེ་བཞིན་ཉིད་དང་རོ་གཅིག་པའི་ཆོས་ཐམས་ཅད་བདག་མེད་པའི་ཡེ་ཤེས་ཀྱི་དངོས་པོ་ཐམས་ཅད་རྗེས་སུ་རྟོགས་པའི་རང་བཞིན་འཛིན་པས་ན། རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཛིན་ཞེས་པའོ། །དགའ་བ་དམ་པ་ཟད་མེད་ཡིན། །ཞེས་པ་ནི་བཤད་ཟིན་ཏོ། །

ཡིག་འབྲུ་བསྟན་པ།

དཔལ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་ཡིག་འབྲུ་བསྟན་པ།


DTG027_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་གདོད་མ་དང་ཐ་མ་མེད་པའི་རང་བཞིན་གྱིས་བཅོམ་ལྡན་འདས་ཀྱི་གསང་བ་དང༌། བདེན་པ་དམ་པའི་རང་བཞིན་གྱིས་སྐུའི་གསང་བ་བསྟན་ནས། ད་ནི་ཁྱད་པར་དུ་བསྒྲུབ་པའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཆོས་ཀྱི་ཡི་གེའི་སྔགས་རྣམས་གསུང་གི་གསང་བ་གསལ་བར་བྱ་བའི་དོན་དུ་


DTG027_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས་ཏེ་དེ་ལ། ཇི་ལྟར་ཡི་གེ་རྟོགས་པ་ཡིན། །ཞེས་པའི་དྲི་ཚིག་ཏུ་བྱས་ནས། །ཡི་གེ་ཨ་ལ་སོགས་པ་ཞེས་པ་ལ་སོགས་པའོ། །དེ་དག་ཀྱང་གོ་སླའོ། །ཡིག་འབྲུ་ཞེས་པ་དང༌། མི་ཟད་དགའ་བའི་ཞེས་པ་ནེ་བཤད་ཟིན་ཏོ། །རྡོ་རྗེ་ཅན་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་རྒྱུ་ཅིའི་ཕྱིར་རོ། །ཨ་ལ་སོགས་པའི་ཡིག་འབྲུའི་རང་བཞིན་དགའ་བའི་རྡོ་རྗེ་ཅན་ཞེས་པ་ཡིན་ཞེ་ན་གསུངས་པ། དེ་ཉིད་ཀུན་དོན་མཚན་ཉིད་ཕྱིར། །ཞེས་པ་སྟེ། དཀྱིལ་འཁོར་ལ་སོགས་པ་དེ་ཉིད་བཅུ་ནི་དེ་ཉིད་ཀུན་ཞེས་པའོ། །དེ་དག་གི་དོན་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེའི་མཚན་ཉིད་ཅེས་པ་ནི་གསུངས་པའོ། །དེའི་ཕྱིར་ཡི་གེ་ཨ་ལ་སོགས་པའི་གསུང་གི་བྱས་པའི་མཚན་མའི་ཕྱིར་ཡི་གེ་ཞེས་གསུངས་ཏེ། དེ་ཉེ་བར་སྟོན་པའི་ཕྱིར་དེ་ལྟར་ཕྱི་ནང་གི་རང་བཞིན་སེམས་ཅན་གྱི་དོན་བྱ་བའི་ཐམས་ཀྱི་ངོ་བོ་བཅོམ་ལྡན་འདས་ཡི་གེ་ཨ་ལ་སོགས་པའི་ངོ་བོའི་རྣམ་པར་སྒོམ་པའི་དོན་གསུངས་ནས། ད་ནི་ངེས་པར་སྟོན་པའི་དོན་གསུངས་པ། འདི་ལ་ཇི་ལྟར་སྔགས་དག་འབྱུང༌། །ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །རེའུ་མིག་སུམ་ཅུ་ཐམ་པ་ལ། །བཅུ་དགུ་དང་ནི་ལྡན་པར་བྱ། །ཞེས་པ་ནི་ནུབ་ཕྱོགས་སུ་ཁ་བལྟས་ནས་འདུག་པས་ཇི་ལར་གསུངས་པའི་གྲུབ་བཞིར་བྱས་ནས། ཕྱོགས་ལ་ཇི་ལྟར་འདོད་པའི་ཆ་མཉམ་པར་བྱས་པའི་རེའུ་མིག་བཞི་བཅུ་རྩ་དགུ་ཐིག་བཅུ་དྲུག་གིས་བྱའོ། །བརྒྱ་ཕྱེད་སྟན་ལ་ཞེས་པ་ལ་སོགས་པ་ནི་དབུས་ཀྱི་རེའུ་མི་ག་ལ་ཡི་གེ་ཀྵ་ཐིག་ལེ་དང་ང་རོས་བརྒྱན་པ་མགོ་ནུབ་དུ་བལྟས་པ་བྲི་བར་བྱའོ། །མཚམས་དང་ཕྱོགས་ཀྱི་རེའུ་མིག་ལ། ཞེས་པ་ལ་སོགས་པ་ནི། ཇི་ལྟར་གསུངས་པའི་ཡི་གེ་ཀྵ་དེ་དབང་ལྡན་གྱི་རེའུ་མིག་ལ་ཡི་གེ་ཡ་དང༌། ཤར་ན་ཡི་གེ་ཤ་དང༌། མེ་མཚམས་ན་ཡི་གེ་ར་དང༌། ལྷོ་ན་ཡི་གེ་ཥ་དང༌། བདེན་བྲལ་ན་ཡི་གེ་ཡ་དང༌། ནུབ་ན་ཡི་གེ་ས་དང༌། རླུང་མཚམས་ན་ཡི་གེ་ཝ་དང༌། བྱང་ཕྱོགས་ན་ཡི་གེ་ཧ་རྣམས་བྲི་བར་བྱའོ། །མེ་མཚམས་ལ་སོགས་རེའུ་མིག་ལ། །ཞེས་པ་ལ་སོགས་པའི་རེའུ་མིག་དགུའི་ཕྱི་རོལ་གྱི་མེ་མཚམས་ཀྱི་རེའུ་མིག་ལས་བརྩམས་ནས། སྒྲ་ཡིག་བཅུ་དྲུག་བྲི་བར་བྱའོ། །ཞེས་


DTG027_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཐ་ཚིག་གོ །འདི་ལྟ་སྟེ་གཡས་སུ་བསྐོར་བའི་རིམ་པས་དང་པོར་རེ་ཞིག་སྒྲ་ཡིག་བདུན་པ་དང༌། དེ་ནས་བཞི་པ་དང༌། དེ་ནས་ལྔ་པ་དང༌། དྲུག་པ་དང༌། བརྒྱད་པ་དང༌། བཅུ་གཅིག་པ་དང༌། བཅུ་གཉིས་པ་དང༌། བཅུ་གསུམ་པ་དང༌། དགུ་པ་དང༌། བཅུ་བཞི་པ་དང༌། བཅོ་ལྔ་པ་དང༌། བཅུ་དྲུག་པ་དང༌། བཅུ་པ་དང༌། དང་པོ་དང༌། གཉིས་པ་དང༌། གསུམ་པའི་སྒྲ་ཡིག་རྣམས་བྲི་བར་བྱའོ། །དེ་ལ་སྒྲ་ཡིག་རྣམས་ནི་འདི་ལྟ་སྟེ། རྀ་ཨི། ཨུ་ཨཱུ་རཱྀ། ཨེ་ཨཻ། ཨོ་ལྀ། ཨཽ་ཨོཾ་ཨཿ་ལཱྀ་ཨ་ཨཱ་ཨཱི་ཞེས་སོ། །དབང་ལྡན་ལ་སོགས་རེའུ་མིག །ཅེས་པ་ལ་སོགས་པ་ནི་སྒྲ་ཡིག་བཅུ་དྲུག་གི་རེའུ་མི་ག་དེའི་ཕྱི་རོལ་ན། ཉི་ཤུ་རྩ་བཞི་པའི་རེའུ་མིག་ལ་དབང་ལྡན་གྱི་རེའུ་མིག་ནས་བརྩམས་ནས་གཡས་སུ་བསྐོར་བའི་རིམ་པས་ཡི་གེ་ཀ་ནས་བརྩམས་ནས་ཡི་གེ་བྷའི་མཐར་ཐུག་པའི་ཡིག་འབྲུ་ཉི་ཤུ་རྩ་བཞི་བྲི་བར་བྱའོ། །ཡིག་འབྲུ་དེ་དག་ཐམས་ཅད་ཀྱང་ཤར་གྱི་ཕྱོགས་སུ་མགོ་བསྟན་ལ་བྲིའོ། །སྒྲ་ཡིག་ཀྱང་དེ་བཞིན་ནོ། །ཡིག་འབྲུ་དམ་པ་དབྱུང་བར་བྱ། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ་གནས་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧའོ། །ཟླ་ཕྱེད་གཙུག་ཕུད་ཞལ་ཞེས་པ་ནི་ཟླ་ཚེས་ཐིག་ལེ་དང་ལྡན་པའོ། །འོག་གི་དྲུག་ཅེས་པ་ནི་སྒྲ་ཡིག་དྲུག་དང་ལྡན་པའོ། །དཔལ་རྡོ་རྗེ་སེམས་དཔའི་ཆོས་ནི་ཡི་གེ་ཧཱུཾ་ངོ༌། །རེའུ་མིག་བཅུ་བཞི་ཞེས་པ་ལ་སོགས་པ་ནི་ཚེག་དྲག་དང་ལྡན་པའི་ཡི་གེ་ཛཿ་སྟེ་དཔལ་བདེ་མཆོག་མའི་འོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་ཆོས་ཀྱི་ཡིག་འབྲུ་ཁོ་ན་ཏེ། ཨེ་མ་བདེ་བ་མོའི་ས་བོན་ཧཱུཾ་ངོ༌། །རེའུ་མིག་སུམ་ཅུ་རྩ་གཅིག་པ་ཞེས་པ་ནི་ཡི་གེ་ཝའོ། །གནས་པ་ང་རོ་ཐིག་ལེར་ལྡན། །ཞེས་པ་ནི་ཟླ་ཚེས་དང་ཐིག་ལེར་ལྡན་པའི་བཾ་དེ་མར་མེ་མའོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ་གནས་པ་ཞེས་པ་ནི་ཡི་གེ་ཧའོ། །ཚེག་དྲག་སྦྱོར་བར་བྱ་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་དང་ལྡན་པ་སྟེ། ལྷ་མོ་ཟླ་བ་མོའི་ས་བོན་ཧའོ། །རེའུ་མིག་བཅུ་གཅིག་པ་ལ་གནས། །ཞེས་པ་ནི། སྒྲ་ཡིག་གཉིས་པའོ། །ཐིག་ལེ་ང་རོ་ཡང་དག་ལྡན། །ཞེས་པ་ནི་ཟླ་ཚེས་དང་ཐིག་ལེར་


DTG027_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་པའི་ཡི་གེ་ཨོཾ་ནི་སངས་རྒྱས་བྱང་ཆུབ་མའི་འོ། །རེའུ་མིག་བརྒྱད་པ་ལ་གནས་པ། །ཞེས་པ་ནི་ཡི་གེ་བྷ་སྟེ། དེ་ལ་ཟླ་ཚེས་དང་ཐིག་ལེས་བརྒྱན་པའི་འོག་ཏུ་ཡི་གེ་ར་དང༌། སྒྲ་ཡིག་དྲུག་པ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་ས་བོན་ཡི་གེ་བྷྲུཾ་ངོ༌། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་ཚེག་དྲག་དང་བཅས་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་ས་བོན་ཏེ་ཡི་གེ་ཧའོ། །རེའུ་མིག་གཉིས་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཁ་ལ་ཐིག་ལེ་དང་ང་རོ་ལྡན་པར་བྱ་སྟེ། འདོད་པ་ཀུན་མཛད་མའི་ས་བོན་ཁཾ་འོ། །རེའུ་མིག་སུམ་ཅུ་རྩ་བརྒྱད་ཅེས་པ་ལ་སོགས་པ་ནི་སྒྲ་ཡིག་བཅུ་གསུམ་པ་སྟེ། ཐིག་ལེ་དང་ང་རོས་བརྒྱན་པའི་གླིང་བུ་མའི་ས་བོན་ཡི་གེ་ཨོཾ་མོ། །དབུས་གནས་བཅོ་ལྔ་ཞེས་པ་ནི་ཡི་གེ་ཏ་ལ་སྒྲ་ཡིག་བཅུ་གཅིག་པའི་ཐིག་ལེ་དང་ལྡན་པར་བྱ་སྟེ། པི་ཝང་མའི་ས་བོན་ཡི་གེ་ཏཾ་ངོ༌། །རེའུ་མིག་སུམ་ཅུ་གཅིག་ཅེས་པ་ལ་སོགས་པ་ནི་ཡི་གེ་ཝ་ལ་སྒྲ་ཡིག་ཨེ་དང་ཐིག་ལེ་དང་ལྡན་པར་བྱས་ཏེ། རྔ་ཆེན་མའི་ས་བོན་ཡི་གེ་ཝཾ་ངོ༌། །རེའུ་མིག་ཉི་ཤུ་རྩ་གཅིག་ཅེས་པ་ལ་སོགས་པ་ནི་ཡི་གེ་ས་ལ་ཐིག་ལེ་དང༌། སྒྲ་ཡིག་གཉིས་པ་དང་ལྡན་པར་བྱས་ལ་རྫ་རྡ་ཆེན་པོའི་ས་བོན་ཡི་གེ་སཾ་ངོ༌། །རེའུ་མིག་བཅུ་པ་ལ་གནས་པ་ཞེས་པ་ནི་སྒྲ་ཡིག་དང་པོ་སྟེ། མེ་ཏོག་མའི་ས་བོན་ཡི་གེ་ཨོཾ་མོ། །བཅུ་གཅིག་པ་ཡང་དེ་བཞིན་ཏེ། །ཞེས་པའི་སྒྲ་ནི་སྒྲ་ཡིག་གཉིས་པ་སྟེ་སྤོས་མེ་མའི་ས་བོན་ཡི་གེ་ཨའོ། །རེའུ་མིག་ཉི་ཤུ་རྩ་གསུམ་པ་ཞེས་པ་ལ་སོགས་པ་ནི་སྒྲ་ཡིག་བཅོ་ལྔ་པ་མར་མེ་མའི་ས་བོན་ཡི་གེ་ཨོཾ་ངོ༌། །བཅུ་དྲུག་པའང་དེ་བཞིན་ཏེ། །ཞེས་པ་ནི་སྒྲ་ཡིག་བཅུ་དྲུག་པ་སྟེ། དྲི་ཆབ་མའི་ས་བོན་ཡི་གེ་ཨའོ། །རྟ་མགྲིན་འཕང་མཐོ་ལྕགས་ཀྱུ་སོགས། །ཞེས་པ་ནི་རྟ་མགྲིན་འཕང་མཐོ་བའི་ས་བོན་ཡི་གེ་ཛའོ། །ཕག་མགོ་མའི་ཧཾ་ངོ༌། །ཐལ་བར་འཇིག་པའི་རོ་ལངས་མའི་ཧའོ། །ཆོས་ཀྱི་ཡིག་འབྲུ་རྣམས་སོ། །

དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་ཡིག་འབྲུ་བསྟན་པ།


DTG027_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་ཁྱད་པར་གྱི་ཡི་གེ་འབྲུ་རྣམས་སྟོན་ནས། ད་ནི་དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་གསུངས་ན། རེའུ་མིག་གཉིས་པ་


DTG027_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན་ཁོ་ན། །ཞེས་པ་ལ་སོགས་པ་སྟེ་ཡི་གེ་ཁ་ལ་ཟླ་ཚེས་བརྒྱན་པར་བྱས་པ་དཔལ་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་ཡི་གེ་ཁཾ་ངོ༌། །རེའུ་མིག་བཅོ་བརྒྱད་ལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཤ་ལ་ཐིག་ལེ་དང་ང་རོར་ལྡན་པར་བྱས་ལ། ཕྱག་རྒྱའི་དཀྱིལ་འཁོར་ལ་སངས་རྒྱས་ཆོས་གོས་མའི་ཕྱག་རྒྱ་ཏེ་ཡི་གེ་ཤཾ་ངོ༌། །རེའུ་མིག་བཅུ་དགུ་ཞེས་པ་ལ་སོགས་པ་ནི་ཡི་གེ་ར་ལ་ཐིག་ལེ་དང་ང་རོར་ལྡན་པར་བྱས་ནས་སངས་རྒྱས་ལྷུང་བཟེད་མའི་ཕྱག་རྒྱ་སྟེ་ཡི་གེ་རཾ་ངོ༌། །རེའུ་མིག་ཉི་ཤུ་རྩ་ལྔ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཀྵལ་ཐིག་ལེ་དང་ད་རོར་ལྡན་པར་བྱས་ནས་སྲེག་ཤང་མའི་ཆོས་ཀྱི་ཕྱག་རྒྱ་སྟེ་ཡི་གེ་ཀྵཾ་ངོ༌། །དབུས་གནས་ཉི་ཤུ་པ་ཞེས་པ་ལ་སོགས་པ་ནི། ཡི་གེ་ཐ་ལ་ང་རོ་དང་ཐིག་ལེར་ལྡན་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་གྱི་ཕྱག་རྒྱ་སྟེ་ཡི་གེ་ཐཾ་ངོ༌། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི་ཡི་གེ་ཨ་ལ་ང་རོ་དང་ཐིག་ལེ་ལྡན་པར་བྱས་ལ། དཔལ་སངས་རྒྱས་དབྱངས་མའི་ལྗགས་ཀྱི་ཕྱག་རྒྱ་སྟེ་ཡི་གེ་ཧཾ་ངོ༌། །རེའུ་མིག་བདུན་པ་དེ་བཞིན་དུ། །ཞེས་པ་ལ་སོགས་པ་ནི། ཡི་གེ་ཚ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའི་ཐིག་ལེ་ང་རོས་རྒྱན་པར་བྱས་པ་ལ། དཔའ་བོ་མའི་སིལ་སྙན་ཀྱི་ཕྱག་རྒྱ་སྟེ་ཡི་ཡི་གེ་ཚཾ་ངོ༌། །དབུས་ནས་ཉི་ཤུ་རྩ་གཅིག་ཅེས་པ་ལ་སོགས་པ་ནི་ཡི་གེ་ཏ་འོག་ཏུ་ཡི་གེ་ར་དང་ལྡན་པར་བྱས་ནས་ཐིག་ལེ་དང་ང་རོས་བརྒྱན་པ་ཀུན་ཏུ་བཟང་མོའི་ཕྱག་རྒྱ་སྟེ་ཡི་གེ་ཏྲཾ་ངོ༌། །དབུས་ནས་བཅོ་བརྒྱད་ཅས་པ་ལ་སོགས་པ་ནི་ཡི་གེ་དྷ་ལ་ཐིག་ལེ་དང་ང་རོ་ལྡན་པར་བྱས་པ། ཟད་མེད་སྣོད་ཀྱི་དེའི་ཕྱག་རྒྱ་སྟེ་ཡི་གེ་དྷཾ་ངོ༌། །ལྷག་མ་ལྷ་མོ་རྣམས་ཀྱི་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཁོ་ན་ལ་གསུངས་པའི་ཆོས་ཀྱི་ཡི་གེ་གཟུང་བར་བྱའོ། །

དཔལ་ཁྲག་འཐུང་འཁོར་དང་བཅས་པའི་ཡིག་འབྲུ་བསྟན་པ།


DTG027_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་ཆོས་ཀྱི་ཡི་གེ་བསྟན་ནས། དེ་ནི་དཔལ་ཁྲག་འཐུང་འཁོར་དང་བཅས་པའི་གསུངས་པ། ཉི་ཤུ་རྩ་བཞིའི་རེའུ་མིག །ཅེས་པ་ལ་སོགས་པ་སྟེ་ཡི་གེ་ཧ་ལ་སྒྲ་ཡིག་བཞི་པ་དང་ལྡན་པར་བྱས་ནས། དཔལ་ཁྲག་འཐུང་གི་ཆོས་ཀྱི་ཕྱག་རྒྱ་ཡེ་གེ་ཧའོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི།


DTG027_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཧ་ལ་འོག་ཏུ་ར་བཏགས་ནས་སྒྲ་ཡིག་གསུམ་པ་དང་ལྡན་པ་གློ་ན་ཚེག་དྲག་ཅན་བྱས་ཏེ། དཔལ་གཽ་རཱི་མའི་ས་བོན་ཡི་གེ་ཧྲིཿའོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ་གནས་པ་དབུས་ནས་བཅུ་གཅིག་དང་ལྡན་པ་ཞེས་ཞེས་པ་ལ་སོགས་པ་ནི་ཡིག་གེ་ཧ་ལ་འོག་ཏུ་ན་བཏགས་ནས། མགོ་ལ་ཡང་སྒྲ་ཡིག་གསུམ་པ་ཚེག་དྲག་དང་བཅས་པ་ནི་ཙཽ་རཱི་མའི་ས་བོན་ཡི་གེ་ཧྲིཿའོ། །རེའུ་མིག་བཅུ་བཞི་ལ་གནས་པ། །ཞེས་པ་ལ་སོགས་པ་ནི། ཡི་གེ་ཛའི་འོག་ཏུ་ཛ་འདོགས་ཏེ། མགོ་ལ་ཡང་སྒྲ་ཡིག་གསུམ་པ་དང༌། ཚེག་ཅན་པྲ་མོ་ཧའི་ས་བོན་ཏེ་ཡི་གེ་ཛྫིཿའོ། །རེའུ་མིག་བཅུ་བཞི་པ་ལ་གནས་པ་ཞེས་པ་ལ་སོགས་ས་ནི་ཡི་གེ་ཛ་ལ་ཚེག་དྲག་དང་སྒྲ་ཡིག་གསུམ་པ་དང་ལྡན་པར་བྱས་ལ། བེ་ཏ་ལིའི་ས་བོན་ཏེ་ཡི་གེ་ཛིཿའོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་ལྔ་པ་དང་ལྡན་པ་ལ་ཐིག་ལེ་དང་ང་རོར་ལྡན་པར་བྱས་པའོ། །ཐིག་ལེ་འབྱུང་གནས་གསུམ་པ་ཅན། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཧཱུཾ་དེ་ཁོ་ན་ཡི་གེ་མ་དང་ལྡན་པར་བྱས་པའོ། །དབུས་གནས་བཅུ་པ་གང་ཡིན་ལ། །དྲག་ཏུ་ཨ་མེད་པར་འགྱུར་བ། །ཞེས་པ་ནི་ཡི་གེ་ཊ་ལ་ཨ་མེད་པར་བྱ་བའོ། །ཡི་གེ་ནི་འདི་ལྟར་གསུང་པར་འགྱུར་ཏེ་ཧཱུཾ་ཕཊ་ཅེས་སོ། །པུཀྐ་སཱི་དང༌། ཙཎྜ་ལཱི་དང༌། གྷསྨ་རཱི་དང༌། དཔལ་ཁྲག་འཐུང་དང་འདྲ་བའི་སྨ་ཤ་ནིའི་ལྷ་མོ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་འདི་ཡིན་ནོ། །རེའུ་མིག་ཉི་ཤུ་རྩ་ལྔ་ཞེས་པ་ལ་སོགས་པ་ནི་ཡི་གེ་མ་ཐིག་ལེ་དང་ལྡན་པར་བྱས་ལ་མདའ་རྣོན་འཛིན་མའི་ས་བོན་ཡི་གེ་མཾ་ངོ༌། །དབུས་ན་དྲུག་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཝ་ལ་ཐིག་ལེ་དང་ང་རོས་བརྒྱན་པར་བྱས་པ། ཁ་ཊྭཱམ་འཛིན་མའི་ས་བོན་ཡི་གེ་ཝཾ་ངོ༌། །རེའུ་མིག་དེ་བཞིན་བཅུ་བདུན་པ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཡ་ལ་ཐིག་ལེ་དང་ང་རོས་བརྒྱན་པར་བྱས་ལ། འཁོར་འཛིན་མའི་ས་བོན་ཡི་གེ་ཡཾ་ངོ། །རེའུ་མིག་བཅུ་དགུ་ཞེས་པ་ལ་སོགས་པ་ནི་ཡི་གེ་ར་ལ་ང་རོ་ཐིག་ལེར་ལྡན་པར་བྱས་ནས་སྣ་ཚོགས་བ་དན་འཛིན་མའི་ཡི་གེ་རཾ་ངོ༌། །གླིང་བུམ་ལ་སོགས་པའི་ལྷ་མོ་བཞི་ནི་དཔལ་ཁྲག་འཐུང་གི་དཀྱིལ་འཁོར་ལ་ལྷག་པར་འགོག་པ་ཡིན་པས། དེའི་ཆོས་ཀྱི་ཕྱག་རྒྱ་མ་


DTG027_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས་སོ། །མེ་ཏོག་མ་ལ་སོགས་པའི་ལྷ་མོ་བཞི་དང་དཔལ་རྟ་མགྲིན་འཕང་མཐོ་མ་ལ་སོགས་པའི་ལྷ་མོ་བཞི་ནི་དཔལ་རྡོ་རྗེ་སེམས་དཔའ་ལས་བྱུང་བའི་ཆོས་ཀྱི་ཡི་གེ་རྣམས་གཟུང་བའོ། །

དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་ཡིག་འབྲུ་བསྟན་པ།


DTG027_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་ཁྲག་འཐུང་འཁོར་དང་བཅས་པའི་ཆོས་ཀྱི་ཕྱག་རྒྱ་བསྟན་ནས། ད་ནི་དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་གསུངས་པ། རེའུ་མིག་ཉི་ཤུ་རྩ་བཞི་ལ། །ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ཧའི་འོག་ཏུ་ར་བཏགས་ནས་མགོ་ལ་ཡང་ཨེའི་སྒྲ་ཡིག་བཞི་པ་དང༌། ཚེག་དྲག་དང་ལྡན་པར་བྱས་པ་དཔལ་པདྨ་གར་གྱི་དབང་ཕྱུག་གི་ཆོས་ཀྱི་ཕྱག་རྒྱ་ཡི་གེ་ཧྲིཿའོ། །རེའུ་མིག་བཅུ་བཞི་ལ་གནས་པ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཛ་ལ་ཚེག་དྲག་དང་ལྡན་པ་སྟེ། རྣམ་པར་གཟིགས་མའི་ས་བོན་ཡི་གེ་ཛཿའོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི། ཡི་གེ་ཧ་ལ་སྒྲ་ཡིག་དྲུག་པ་དང་ལྡན་པའི་ཐིག་ལེ་ཅན་ནི་སྒྲོལ་མའི་ས་བོན་ཡི་གེ་ཧཱུཾ་ངོ༌། །རེའུ་མིག་སུམ་ཅུ་རྩ་གཅིག་ཅེས་པ་ལ་སོགས་པ་ནི་ཡི་གེ་ཝ་ལ་ཐིག་ལེ་དང་ང་རོ་དང་ལྡན་པར་བྱས་ནས། ས་འཛིན་མའི་ས་བོན་ཡི་གེ་ཝཾ་ངོ༌། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གསུམ་པ་བཏགས་ནས་ཚེག་དྲག་དང་ལྡན་པ་ཁྲོ་གཉེར་མའི་ས་བོན་ཡི་གེ་ཧོཿའོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་ཐིག་ལེ་དང་སྒྲ་ཡིག་དྲུག་པ་བཏགས་པ་རྡོ་རྗེ་གཏུམ་པོའི་དབང་ཕྱུག་མའི་ས་བོན་ཡི་གེ་ཧཱུཾ་ངོ༌། །རེའུ་མིག་ཉི་ཤུ་རྩ་བཞི་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གཅིག་པ་བཏགས་པ་སྣ་ཚོགས་པདྨའི་ས་བོན་ཡི་གེ་ཧེའོ། །རེའུ་མིག་བཅུ་གཅིག་ཅེས་པ་ལ་སོགས་པ་ནི་སྒྲ་ཡིག་གཉིས་པ་ལ་ཚེག་དྲག་དང་བཅས་པ་པདྨའི་ན་བཟའི་ས་བོན་ཡི་གེ་ཨཱཿའོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའི་ཚེག་དྲག་ཅན་འདོད་པའི་དབང་མོའི་ས་བོན་ཡི་གེ་ཧོཿའོ། །ལྷག་མ་རྣམས་ཀྱི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཁོ་ན་ལ་གསུངས་པའི་ཆོས་ཀྱི་ཡིག་འབྲུ་རྣམས་སོ། །

དཔལ་རྡོ་རྗེ་ཉི་མ་འཁོར་དང་བཅས་པའི་ཡིག་འབྲུ་བསྟན་པ།


DTG027_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་ཕྱག་རྒྱ་བསྟན་ནས། དེ་ནི་དཔལ་རྡོ་རྗེ་ཉི་མ་འཁོར་དང་བཅས་པའི་གསུངས་པ། ཉི་ཤུ་རྩ་གཅིག་ཅེས་པ་ལ་སོགས་པ་སྟེ་ཡི་གེ་ཏ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའི་ཐིག་ལེ་ཅན་ཡི་གེ་ར་བཏགས་པ་དཔལ་རྡོ་རྗེ་ཉི་མའི་ཆོས་ཀྱི་ཕྱག་རྒྱའི་ཡི་གེ་ཏྲཾ་ངོ༌། །དབུས་གནས་བཅུ་གསུམ་ཞེས་པ་ལ་སོགས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ལ་ཟླ་ཚེས་ཀྱིས་བརྒྱན་པ་དབང་བསྐུར་བ་སྟེ་ཡི་གེ་ཨོཾ་མོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །ཞེས་པ་ལ་སོགས་པ་ནི་ར་ལ་གདན་བྱས་པའི་ཡི་གེ་ཧ་ལ་སྒྲ་ཡིག་བཞི་པ་དང༌། །ཚེག་དྲག་དང་ལྡན་པར་བྱས་པ་ལྷ་མོ་གཏེར་ལྡན་མའི་ས་བོན་ཡི་གེ་ཧྲིཿའོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གསུམ་པ་ལྡན་པར་བྱས་པ་ལ་ཚེག་དྲག་ལྷ་མོ་རྒྱལ་མཚན་མཆོག་ལྡན་མའི་ས་བོན་ཡི་གེ་ཧོཿའོ། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །ཞེས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པ་ཟླ་ཚེས་ཀྱིས་བརྒྱན་པའི་ལྷ་མོ་མཆོད་པ་ཆེན་པོའི་ས་བོན་ཡི་གེ་ཧཱཾ་ངོ༌། །རེའུ་མིག་བཅུ་བཞི་ལ་གནས་པ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཛ་ལ་ཚེག་དྲག་ཅན་མདའ་གཞུ་འཛིན་མའི་ས་བོན་ཡི་གེ་ཛཿའོ། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །ཞེས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་དྲུག་པ་དང་ལྡན་པའི་ཟླ་ཚེས་ཀྱིས་བརྒྱན་པ་རྡོ་རྗེ་རལ་གྲི་མའི་ས་བོན་ཡི་གེ་ཧཱུཾ་ངོ༌། །རེའུ་མིག་སུམ་ཅུ་རྩ་གཅིག་གནས། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཝ་ལ་ཟླ་ཚེས་དང་ཐིག་ལེས་བརྒྱན་པ་རྡོ་རྗེ་ཉི་མའི་ས་བོན་ཡི་གེ་ཝཾ་ངོ༌། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པ་ཚེག་དྲག་ཅན་རྡོ་རྗེ་སྦྱིན་སྲེག་མའི་ས་བོན་ཡི་གེ་ཧོཿའོ། །གླིང་བུ་མ་ལ་སོགས་པ་རྣམས་ཀྱི་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཁོ་ན་ལ་གསུངས་པའི་ཆོས་ཀྱི་ཕྱག་རྒྱ་རྣམས་གཟུང་བར་བྱའོ། །

དཔལ་རྟ་མཆོག་འཁོར་དང་བཅས་པའི་ཡིག་འབྲུ་བསྟན་པ།


DTG027_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་འཁོར་དང་བཅས་པ་བསྟན་ནས། ད་ནི་དཔལ་རྟ་མཆོག་འཁོར་དང་བཅས་པ་གསུངས་པ། རེའུ་མིག་ཉི་ཤུ་རྩ་བཞིར་གནས། །ཞེས་པ་ལ་སོགས་པ་སྟེ། ཡི་གེ་ཧ་ལ་སྒྲ་ཡིག་ལྔ་པ་དང་ལྡན་པ་


DTG027_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟླ་ཚེས་དང་ཐིག་ལེས་བརྒྱན་པ། དཔལ་རྟ་མཆོག་གི་ཆོས་ཀྱི་ཕྱག་རྒྱ་ཡི་གེ་ཧཱུཾ་ངོ༌། །རེའུ་མིག་བཅུ་བཞི་ལ་གནས་པ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཛ་ལ་རས་གདན་བྱས་པ་སྟེ་སྒྲ་ཡིག་བཞི་པ་དང་ལྡན་པ་ཚེག་དྲག་ཅན་སྣ་ཚོགས་པདྨའི་ཕྱག་རྒྱ་སྟེ་ཡི་གེ་ཛཱ་འོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་ཚེག་དྲག་ཅན་སྣ་ཚོགས་རྡོ་རྗེ་མའི་ཆོས་ཀྱི་ཕྱག་རྒྱ་སྟེ་ཡི་གེ་ཧཿའོ། །ལྷག་མའི་ལྷ་མོ་རྣམས་ཀྱི་ནི་དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་གསུངས་པའི་ལྷ་མོ་ལ་གཟུང་བར་བྱའོ། །


previousབཅུ་དགུ་པ། ཆོས་ཀྱི་ཡི་གེ་འབྱུང་བའི་རྟོག་པའི་རྣམ་པར་བཤད་པ།next