Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  expand section
  expand section
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
   
   
   


 
previousའདོད་པའི་ཐར་པ་བསྟན་པ།next

འདོད་པའི་ཐར་པ་བསྟན་པ།


DTG027_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་འདོད་པའི་སྒྲའི་དོན་དང༌། ཐར་པའི་སྒྲའི་དོན་གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས་འདོད་པའི་ཐར་པ་ཡིན་ཞེས་ན་ཞེས་པ་ལ་སོགས་པ་མངོན་དུ་བྱས་ནས་ལན་བཏབ་པ། དངོས་གྲུབ་ཐམས་ཅད་རྗེས་ཆགས་ཕྱིར། །ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཅེས་པ་སྟེ། དེ་དག་གི་རྗེས་སུ་ཆགས་པའི་ཕྱིར་ཞེས་པ་ནི་མགོ་བརྩམས་པའི་རྣལ་འབྱོར་པས་ཡང་ནས་ཡང་དུ་མངོན་དུ་བྱེད་པའོ། །དེའི་ཕྱིར་ན་དངོས་གྲུབ་ཀྱི་རྗེས་སུ་ཆགས་པས་བཅོམ་ལྡན་འདས་འདོད་ཆགས་ཞེས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྐྱེད་པ་ལ་མངོན་དུ་བྱས་ནས་འདོད་པའི་ཕྱིར་ཏེ་གསུངས་པས། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །ཞེས་པ་སྟེ་མི་དམིགས་པའི་སྙིང་རྗེ་ཆེན་པོའི་མཚན་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོ་ཅིའི་ཕྱིར་ཀུན་དུ་རྟོག་པ་དེའི་ཕྱིར་འདོད་ཆགས་ཆེན་པོ་ཞེས་བྱའོ། །ཀུན་འགྲུབ་ཟད་མེད་བདེ་བ་ནི། །བདེ་བ་ཆེན་པོ་ཞེས་འདོད་དོ། །ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའི་དངོས་གྲུབ་རྣམས་ནི་ཀུན་འགྲུབ་ཅེས་པའོ། །དེ་ཡིས་བསྟན་པ་ནི་ཟད་མེད་ཅེས་པའོ། །གང་བདེ་པ་ཉེ་བར་སྐྱེ་བ་ནི་གཟུང་འཛིན་རྣམ་པར་རྟོག་པ་མེད་པའི་འབྲེལ་པ་ནི་དེ་ནི་ཐར་པ་ཞེས་གསུངས་སོ། །གསང་ཆེན་ཞེས་པ་ལ་སོགས་པ་ནི་སྒྲའི་དོན་གསུངས་པ། གསང་བ་ཁྲག་འཐུང་ཞེས་སོགས་པ་སྟེ། དཔལ་ཁྲག་འཐུང་ནི་གསང་བ་ཆེན་པོའི་སྒྲར་གསུངས་སོ། །ཅིའི་ཕྱིར་ཡིན་ཞེ་ན་གསུངས་པ། ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཕྱིར། །ཞེས་པ་སྟེ། ཆེན་པོ་ཡང་དེ་ཕྱག་རྒྱ་ཡང་དེ་ཉིད་པས་ཕྱག་རྒྱ་ཆེན་པོ་ཞེས་ཏེ། མི་བསྐྱོད་པའི་སེམས་ཀྱི་རང་བཞིན་བྱང་ཆུབ་ཀྱི་མཚན་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེས་འགྲུབ་པའི་ཕྱིར་ཞེས་པ་སྟེ། སྙིང་རྗེ་ཆེན་


DTG027_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའི་ཁྲོ་བོས་བཟང་པོ་ལ་སོགས་པའི་ཁྲོ་བོར་གཞོམ་པས་སོ། །མཆོག་ནི་པདྨ་འཛིན་རྒྱལ་པོ། །ཞེས་པའོ། །ཅིའི་ཕྱིར་ཡིན་ཞེ་ན་གསུངས་པ། དམ་ཚིག་དམ་པ་ཤེས་ལྡན་ཕྱིར། །ཞེས་པ་སྟེ། དམ་ཚིག་ཅེས་པ་ནི་མི་འདའ་བའོ། །དམ་པ་ཡང་དེ་ཤེས་པ་ཡང་དེ་ཉིད་པས་དམ་པ་ཤེས་པའོ། །ཆོས་ཐམས་ཅད་རང་བཞིན་དག་གོ་ཞེས་གཏན་ལ་ཕབ་པའོ། །དེ་དང་གང་དག་ལྡན་པ་དེ་དག་ནི་དམ་པ་ཤེས་ལྡན་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་སོ། །འདི་ལྟར་གསུང་བར་འགྱུར་ཏེ། ཅིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་པདྨ་འཛིན་འདར་མེད་པ་དེའི་ཕྱིར་དམ་ཚིག་དམ་པ་ཞེས་བྱའོ། །དགྱེས་པ་དམ་པ་ཉི་མ་སྟེ། །ཞེས་པ་ནི་དགྱེས་པ་དམ་པ་ཤེས་རབ་སྟེ། འཇིག་རྟེན་ལས་འདས་པའི་ཉི་མ་ཞེས་སོ། །དེ་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏོ། །སྦྱིན་པ་ལ་སོགས་མཆོག་གྲུབ་ཕྱིར། །ཞེས་པ་ནི་རྫས་ལ་སོགས་པའི་གཏོར་མ་ནི་སྦྱིན་བ་ཞེས་ཏེ། ཟང་ཟིང་གི་སྦྱིན་པ་དང༌། སྐྱབས་ཀྱི་སྦྱིན་པ་དང༌། བྱམས་པའི་སྦྱིན་པ་དང༌། དབང་བསྐུར་བའི་སྦྱིན་པ་ཞེས་པའོ། །སོགས་པ་ཞེས་པའི་སྒྲ་ནི་བྱང་ཆུབ་སེམས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། འདུ་བའི་ཡེ་ཤེས་ཐམས་ཅད་གསུང་བའོ། །སྦྱིན་པ་ལ་སོགས་པའི་ཆོས་དེ་དག་འདུལ་བའི་སེམས་ཅན་གྱི་རྒྱུད་ལ། བསྐྱེད་པར་བྱ་བའི་མཆོག་འགྲུབ་ཕྱིར། །ཞེས་པའོ། །བསྒྲུབ་པ་དེའི་ཕྱིར་ན་ཡིད་བཞིན་ནོར་བུ་འདྲ་བ་སྟེ། དགའ་བ་རྡོ་རྗེ་ཉི་མ་ཡིན་ནོ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པ་ནི་བྱང་ཆུབ་སེམས་ལ་སོགས་པའི་སྒྲུབ་པ་དང་ལྡན་པ་ནི་ཐམས་ཅད་བདག་ཉིད་ཅེས་པའོ། །བདག་ཉིད་དེ་ལ་རྟག་པར་དུས་ཐམས་ཅད་གནས་པ་ནི་དཔལ་རྟ་མཆོག་གོ །ཅིའི་ཕྱིར་ཡིན་ཞེ་ན་གསུངས་པ། རྡོ་རྗེ་རྟ་མཆོག་ལས་ཉིད་ཕྱིར། །ཞེས་པ་སྟེ། བརྩོན་འགྲུས་ཀྱི་ཁ་ལོ་བསྒྱུར་བའི་ལས་རང་གི་རང་བཞིན་ཉིད་ཀྱི་ཕྱིར་དཔལ་རྟ་མཆོག་ཅེས་སོ། །སངས་རྒྱས་ཀུན་དངོས་སེམས་དཔའ་སྟེ། ཞེས་པ་ནི་མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་པར་གྲུབ་པ་རྣམས་ནི་སངས་རྒྱས་ཀུན་ཞེས་སོ། །དེའི་རང་བཞིན་ནི་དངོས་སེམས་


DTG027_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་སྟེ་ཞེས་པ་ནི་དཔལ་རྣམ་པར་སྣང་མཛད་དེ། སངས་རྒྱས་ཐམས་ཅད་རོ་གཅིག་ཏུ་འདུས་པ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་བཤད་པ། རྫོགས་སངས་རྒྱས་ཕྱིར་རྣམ་སྣང་མཛད། །ཅེས་སོ། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་པོ། །ཡེ་ཤེས་རྡོ་རྗེ་འཛིན་མཆོག་ཕྱིར། །ཞེས་བྱ་བ་ལ། དེ་ལ་རྡོ་རྗེ་སེམས་དཔའ་ཞེས་པ་ནི་སེམས་དཔའ་བྱིན་གྱི་རླབས་ཀྱི་སྦྱོར་བ་ལས་བསྐྱེད་པ། རྡོ་རྗེ་དྲིལ་བུ་འཛིན་པ། དཔལ་བདེ་མཆོག་མ་ལ་སོགས་པའི་ཚོགས་ཀྱི་དབུས་ན་བཞུགས་པའོ། །རྒྱལ་པོ་ཞེས་པ་ནི་དཔལ་བདེ་མཆོག་མ་ལ་སོག་སྤའི་ལྷ་མོའི་དབུས་ན་བཞུགས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ། རྡོ་རྗེ་སེམས་དཔའི་གཟུགས་དེ་ལ་ཀུན་ཏུ་འགྲོ་བ་རྒྱལ་ཞིང་སྣང་བ་ནི་རྒྱལ་ཆེན་པོའོ། །ཡེ་ཤེས་རྡོ་རྗེ་འཛིན་མཆོག་ཕྱིར། །ཞེས་པ་ནི་གསང་བ་ཆེན་པོ་ལྔའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྟོན་པར་བྱེད་པ་དེས་ཐོབ་པ་དེ་ལས་བྱུང་བའི་རྩེ་ལྔ་པའི་དང་པོའི་རྡོ་རྗེ་ནི་ཡེ་ཤེས་རྡོ་རྗེ་ཞེས་པའོ། །རྡོ་རྗེ་དེ་ཤིན་ཏུ་སྦྱོར་བའི་ཕྱག་གིས་འཛིན་པས་ན། ཡེ་ཤེས་རྡོ་རྗེ་འཛིན་མཆོག་ཅེས་སོ། །དེ་ཡང་དཔལ་རྡོ་རྗེ་སེམས་དཔའ་ཁོ་ནའོ། །དེས་ནི་འདི་གསུང་པར་འགྱུར་ཏེ། དཔལ་ཁྲག་འཐུང་དང༌། གར་གྱི་དབང་ཕྱུག་དང༌། ཉི་མ་དང༌། རྟ་མཆོག་དང༌། དཔལ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་བདག་ཉིད་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། ཡེ་ཤེས་ཐམས་ཅད་འདུས་པའི་ངོ་བོར་བཤད་པའོ། །


previousའདོད་པའི་ཐར་པ་བསྟན་པ།next