Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  collapse section
   
  expand section
  expand section
  expand section
  expand section
   
  expand section
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
   
   
   


 
previousརྣམ་པ་གསུམ་བསྟན་པ།next

རྣམ་པ་གསུམ་བསྟན་པ།


DTG027_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་རྣམ་པ་གསུམ་གྱི་སྒྲའི་དོན་བཤད་པ། དེ་ལྟ་ཇི་ལྟར་བཅོམ་ལྡན་འདས། །རྣམ་པ་གསུམ་ཡིན་ཞེས་པ་སོགས་པ་སྟེ། དེ་ལ། འཇིག་རྟེན་གསུམ་དག་མཐའ་ཡས་ཕྱིར། །ཞེས་པ་ནི་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའོ། །འཇིག་རྟེན་གསུམ་ཞེས་པ་ནི་སྣོད་བཅུད་ཀྱི་རང་བཞིན་ནོ། །ཅིའི་ཕྱིར་ཁམས་གསུམ་ཉིད་ཡིན་ཞེ་ན། མཐའ་ཡས་ཕྱིར་ཞེས་པ་སྟེ། འཇིག་རྟེན་གསུམ་གྱི་ཆོས་ཉིད་གང་ཡིན་པ་དེ་ནི་གདོད་མ་དང་ཐ་མ་མེད་པའི་མཐའ་མེད་པ་དང་བདག་ཀྱང་གདོད་མ་དང་ཐ་མ་མེད་པའི་མཐའ་མེད་པའི་རང་བཞིན་ཉིད་པས་ལྷན་ཅིག་དབྱེར་མེད་པ་མཉམ་པ་ཉིད་བསམ་པ་དབང་དུ་བྱས་ནས་གསུངས་ཏེ། འཇིག་རྟེན་གསུམ་བདག་མཐའ་ཡས་ཕྱིར། །ཞེས་པའོ། །དེས་ལྟར་འཇིག་རྟེན་གསུམ་གྱི་ངོ་བོས་རྣམ་པ་གསུམ་བསྟན་ནས་ད་ནི་སྲིད་པའི་ངོ་བོར་གསུངས་པ།


DTG027_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདུལ་ཕྱིར་སྲིད་གསུམ་མཆོག་གསུམ་བདག །ཅེས་པ་སྟེ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་གསུམ་ནི་སྲིད་པ་གསུམ་ཞེས་པའོ། །ཅིའི་ཕྱིར་ན་ཁྱོད་སྲིད་པ་གསུམ་ཡིན་ཞེ་ན་གསུངས་པ། འདུལ་བའི་དོན་དུ་ཞེས་པ་སྟེ། ཁམས་གསུམ་དུ་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་སེམས་ཅན་གྱི་ཁམས་འདུལ་བའི་དོན་དུ་དེའི་གཟུགས་སུ་སྤྲུལ་པའི་ཕྱིར་ཞེས་པའི་དོན་ཏོ། །རྡོ་རྗེ་འཛིན་དང་འཇིག་རྟེན་དབང་ཕྱུག་དང༌། ནམ་མཁའི་སྙིང་པོའི་གཟུགས་སུ་སྣང་བས། དཀོན་མཆོག་གསུམ་ཞེས་པའོ། །སྟོབས་བཟངས་དང༌། འདོད་པའི་ལྷ་དང༌། གནས་ཀྱི་མངའ་བདག་གི་གཟུགས་སུ་སྣང་བས་མཆོག་གསུམ་མོ། །འཇིག་རྟེན་གསུམ་ཞེས་པ་ནི་ས་འོག་གི་འཇིག་རྟེན་དང་ས་སྟེང་གི་འཇིག་རྟེན་དང༌། ས་བླའི་འཇིག་རྟེན་ནི་གསུམ་ཞེས་པའོ། །དེའི་གཟུགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ན། བཅོམ་ལྡན་འདས་ཐམས་ཅད་དུ་འཇིག་རྟེན་གསུམ་ཞེས་པའོ། །ཁམས་གསུམ་ཡིན་ཞེས་པ་ནི། སེམས་ཅན་ཐམས་ཅད་ཉིད་ལ་སོགས་པ་དང༌། རྗེས་སུ་གནས་པའི་གཡོ་བ་དང༌། མི་གཡོ་བའི་དངོས་པོའི་བདག་ཉིད་ཀྱིས་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་རང་བཞིན་གྱིས་བདག་ནི་ཁམས་གསུམ་ཞེས་ཏེ། ཐམས་ཅད་ཉིད་ལ་སོགས་པ་དང་ལྡན་པའོ། །


previousརྣམ་པ་གསུམ་བསྟན་པ།next