Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  collapse section
   
  collapse section
   
   
   
  expand section
  expand section
  expand section
  expand section
   
  expand section
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
   
   
   


 
previousཐམས་ཅད་ཉིད་བསྟན་པ།next

ཐམས་ཅད་ཉིད་བསྟན་པ།


DTG027_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟར་བཅོམ་ལྡན་འདས་དེ་ཐམས་ཅད་ཉིད་ཡིན་ཞེ་ན། གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཐམས་ཅད་ཉིད་ཅེ་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ། སེམས་ཅན་བསོད་ནམས་ཆེར་འཕགས་པ། །ཞེས་པ་ནི་དགེ་བ་བཅུའི་ལས་ཀྱི་ལམ་བསགས་པ་ནི་སེམས་ཅན་རྣམས་ཀྱི་བསོད་ནམས་ཞེས་པའོ། །ཆེར་འཕགས་ཞེས་པ་ནི་རིན་པོ་ཆེ་སྣ་བཞི་ལ་སོགས་པའི་གཟུགས་སུ་རི་རབ་ལ་སོགས་པའི་བསྐྱེད་པའོ། །བསྐྱེད་པ་དེ་ཡང་གཟུགས་ཀྱི་ཤས་ཀྱི་དངོས་ཀྱིས་སེམས་ཅན་གྱི་སེམས་ལས་དབྱེར་མེད་པའོ། །དེ་བས་ན་དེའི་རང་བཞིན་བཞིན་ཉིད་ཀྱང་བདག་ཡིན་ནོ། །དེ་བས་ན་གསུངས་པ། མི་གཡོ་བ་ཁོ་ན་བདག་ཅེས་པ་ནི། སེམས་མེད་པའི་དངོས་པོ་རྣམས་ནི་མི་གཡོ་ཐམས་ཅད་ཅེས་པ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་མི་གཡོ་ཐམས་ཅད་ཡིན་ནོ། །གཡོ་བ་སྟེ་ཞེས་པ་ནི་སེམས་ཀྱི་དབང་གིས་ལྷག་པར་སྟོབས་ཀྱི་ཡུལ་དུ་འགྲོ་བ་ནི་གཡོ་བ་ཞེས་ཏེ། སེམས་དང་ལྡན་པའི་


DTG027_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངོ་བོའོ། །དེའི་ཕྱིར་གསུངས་པ། སེམས་འདུ་བྱེད་ཕྱིར་ཞེས་པའོ། །དེ་ལ་ཡང་མཉམ་པ་ཉིད་དུ་སྦྱོར་བ་ཡིན་ཞེས་པའོ། །འདུ་བྱེད་ཅེས་པ་ནི་གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དངོས་གཞི་ནི་ཀུན་ཞེས་པའོ། །དེ་ཀུན་སེམས་ཀྱི་སྤྲུལ་པ་ཡིས་བྱེད་པས་ན་ཀུན་བྱེད་ཅེས་པའོ། །སྔོན་དུ་འཕགས་པའི་སྟོབས་ཀྱིས་སེམས་ཅན་གྱི་དོན་དུ་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་དེ་ཉིད་འགྱུར་རོ་ཞེས་པའོ། །ཐམས་ཅད་ཁོ་ན་ཡིན་ཞེས་གསུངས་པའོ། །མཁའ་འགྲོ་མའི་སྒྱུ་མའི་རྣམ་གྲངས་གཞན་གསུངས་པ། མཁའ་འགྲོ་མ་དག་ལྷ་མོར་གསུངས། །ཞེས་པ་སྟེ་ནམ་མཁའ་ཐམས་ཅད་ལ་རྒྱུ་བ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང་རིག་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ནི་ལྷ་མོ་ཞེས་པ་སྟེ། ཅིའི་ཕྱིར་སེམས་ནི། བཅོམ་ལྡན་འདས་འདོད་ཆེན་པོའི་ལྷ་མོར་གསུངས་པའི་ཕྱིར་བརྡའི་སྒྲའི་དོན་གསུངས་པ། བརྡ་ནི་མཚན་མར་གསུངས་པའོ། །ཞེས་པ་སྟེ། གཙུག་ལག་གཞན་ལ་མི་དྲག་པའི་འདུ་ཤེས་ཀྱི་དོན་ཏོ། །སྐལ་བཟངས་ཀྱི་བརྡའི་རྣམ་གྲངས་གཞན་གསུངས་པ། ཐམས་ཅད་མཛད་པ་སྐལ་བཟངས་ཞེས་པ་སྟེ། ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ཐམས་ཅད་མཛད་ཅེས་བྱའོ། །རྣམ་པར་རྟོག་པ་སྐལ་བཟངས་མཚན། །ཞེས་པ་ནི་སྡུག་བསྔལ་ཐམས་ཅད་ལས་བདག་ཐར་བར་བྱ་བའི་དོན་དུ་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་དོན་ཏོ། །


previousཐམས་ཅད་ཉིད་བསྟན་པ།next