Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  collapse section
   
  collapse section
   
   
   
  expand section
  expand section
  expand section
  expand section
   
  expand section
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
   
   
   


 
previousཉེ་བའི་སྙིང་པོའི་དེ་ཁོ་ན་ཉིད་ཀྱི་ཤེས་པ་བསྟན་པ།next

ཉེ་བའི་སྙིང་པོའི་དེ་ཁོ་ན་ཉིད་ཀྱི་ཤེས་པ་བསྟན་པ།


DTG027_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་སྙིང་པོ་ཞེས་གསུངས་ནས། ད་ནི་སྙིང་པོ་དེ་ཐོབ་པར་བྱེད་པ་ཉེ་བའི་སྙིང་པོའི་ཞེས་གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཉེ་བའི་སྙིང་པོ་དེ་ཉིད་ཅེས་པ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་སྟེ། དེ་དཀྱིལ་འཁོར་དག་གིས་དམན་པ་ན་ཞེས་པ་ལ་སོགས་པ་ནས་གྲུབ་པ་མིན་ཞེས་པ་དང་འབྲེལ་ཏོ། །དཀྱིལ་འཁོར་ལ་འཇུག་ན་དཀྱིལ་འཁོར་བསྒོམ་པ་དང༌། གསོལ་པ་གདབ་པ་མེད་པ་ནི་དཀྱིལ་འཁོར་དག་གིས་དམ་ཞེས་པའོ། །ན་ཞེས་པའི་སྒྲས་ནི་ཅིའི་ཕྱིར་གྱི་དོན་ཏོ། །དཀོན་མཆོག་གསུམ་དང་བྱང་ཆུབ་སེམས་ཀྱི་རང་བཞིན་དག་གི་དོན་ནི་དམ་ཚིག་དག་ནི་ཞེས་པའོ། །དེ་དག་མེད་པ་ནི་སྤངས་པ་དང་ཞེས་པའོ། །ཡང་ཅི་འདྲ་བའི་གྲུབ་པ་ཡིན་ཞེ་ན་གསུངས་པ། དེ་ཉིད་གསང་བ་མི་ཤེས་ན། །ཞེས་པ་སྟེ། དེ་ཁོ་ན་ཉིད་ཀྱི་གསང་བ་ནི་དེ་ཉིད་གསང་བ་ཞེས་པ་སྟེ། དཀྱིལ་འཁོར་ལ་


DTG027_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇུག་པ་དང༌། དཀྱིལ་འཁོར་བསྒྲུབ་པ་དང༌། སྔགས་ཡི་གེ་ཧཱུཾ་གི་དབྱངས་ལེན་པའོ། །དེ་དག་ཡོངས་སུ་མི་ཤེས་པའི་རྣལ་འབྱོར་པས་ནི་མི་ཤེས་ན་ཞེས་པའོ། །རྡོ་རྗེ་སེམས་དཔའ་འགྲུབ་པ་མིན། །ཞེས་པ་ནི་གོ་སླའོ། །མིན་ཞེས་པ་ནི་འགོག་པའོ། །དེས་ནི་འདི་གསུང་པར་འགྱུར་ཏེ། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་དང་ལྡན་པ་དང༌། དེ་ཉིད་གསང་བ་ཡོངས་སུ་ཤེས་པས་དཔལ་རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར་ལ། ཡོངས་སུ་མི་ཤེས་ན་ནི་མི་འགྲུབ་པ་ཅིའི་ཕྱིར། དེའི་ཕྱིར་ན་ཉེ་བའི་སྙིང་པོ་ཞེས་པ་རྟག་པར་རྣལ་འབྱོར་པ་རྣམས་ཀྱིས་མངོན་དུ་བྱའོ་ཞེས་པའི་ཐ་ཚིག་གོ །ཡང་རྒྱུ་ཅིའི་ཕྱིར་ན་ཉེ་བའི་སྙིང་པོ་ཤེས་པས་མངོན་དུ་དངོས་གྲུབ་དུ་འགྱུར་ལ། གཞན་གྱིས་ནི་མི་འགྲུབ་པ་ཡིན་ཞེ་ན་གསུངས་པ། འདོད་པ་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། འདོད་ཆགས་དང་མི་འབྲལ་འགྲུབ་ཅེས། །ཞེས་པ་དང་འབྲེལ་ཏོ། །དེ་ལ་འདོད་པ་ཞེས་པ་ནི་འདོད་པ་སྟེ། རྣལ་འབྱོར་པ་དག་གིས་མངོན་པར་འདོད་དོ་ཞེས་པའོ། །དེ་གང་ཡིན་ཞེ་ན་གསུངས་པ། བཅོམ་ལྡན་འདས་སེམས་དཔའ་སྟེ། ངེས་པར་འབྱེད་པའི་ཤེས་རབ་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའོ། །དེ་ཁོ་ན་ནི་འདོད་ཆགས་ཡང་ཞེས་པ་ནི་གོང་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་སྟེ། ཆོས་བདག་མེད་པའི་འདོད་ཆགས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། ཆོས་བདག་མེད་པའི་འདོད་ཆགས་ཏེ། །དེ་ལས་རྒྱལ་བ་དཔའ་བོ་ཡིན། །ཞེས་པའོ། །གཞན་ཡང་གསུངས་པ། འདོད་ཆགས་དག་ནི་དམ་ཚིག་གསུངས། །ཆོས་ཀྱི་འདོད་པའི་དོན་དག་ཕྱིར། །དེ་ཤེས་གྲུབ་པ་སྦྱོར་བ་ནི། །རྗེས་སུ་འདོད་ཆགས་ཤེས་དྲན་ནོ། །ཞེས་པའོ། །རྡོ་རྗེ་ཕྱག་ན་རྡོ་རྗེའོ། །ཞེས་པ་ནི་བཤད་ཟིན་ཏོ། །འདོད་ཆགས་དེ་དང་མི་འབྲལ་འགྱུར། །ཞེས་པ་ནི་ཇི་ལྟར་གསུངས་པའི་རྡོ་རྗེ་སེམས་དཔའ་དང༌། བསྒོམ་པའི་འདོད་ཆགས་དེ་དང་ངོ་བོ་བྲལ་བའི་སེམས་ནི་འདོད་ཆགས་བྲལ་ཞེས་པའོ། །


previousཉེ་བའི་སྙིང་པོའི་དེ་ཁོ་ན་ཉིད་ཀྱི་ཤེས་པ་བསྟན་པ།next