Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  expand section
  expand section
   
   
   
   
   
   
  expand section
   
   
   
   
   
   
  collapse section
  expand section
  collapse section
   
  expand section
   
   
   
   
   
   


 
previousདཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྒོམ་པ་བསྟན་པ།next

དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྒོམ་པ་བསྟན་པ།


DTG027_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་ཉེ་བའི་སྙིང་པོའི་དེ་ཁོ་ན་ཉིད་ཀྱི་ཤེས་པ་བསྟན་ནས་ད་ནི་དེ་ཁོ་ན་ཡང་འབྲེལ་པ་ལིང་ག་འགྲེང་བ་ཞེས་སོགས་ཏེ། བསྒོམ་པར་བྱ་ཞེས་པ་དང་འབྲེལ་ཏོ། །དེ་ལ་ལིང་ག་ཞེས་པ་ནི་མཚན་མ་གསུངས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་


DTG027_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མའོ། །འགྲེང་བ་ཞེས་པ་ནི་དེ་ཡོངས་སུ་རྫོགས་པ་དང་ལྡན་པ་དེ་དེ་ལྟར་རོ། །རང་བྱུང་ཞེས་པ་ནི་ཡོངས་སུ་རྫོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གྲངས་མེད་པའི་འཇིག་རྟེན་གསུམ་ལས་སྐྱེས་པའི་ཕ་དང༌། ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པའི་ངོ་བོ་སེམས་ཅན་གྱི་དོན་གྲུབ་པ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་རང་བཞིན་འོག་མིན་གྱི་གནས་ན་བྱང་ཆུབ་སྙིང་པོ་ཆེན་པོའི་ནོར་བུ་སེང་གེའི་ཁྲིལ་བཞུགས་ནས། ཟླ་བའི་མདོག་ཁ་དོག་དཀར་བའི་རྣམ་པར་བཀོད་པའི་དབུ་རྒྱུན་གྱིས་དབང་བསྐུར་བའི་སེམས་ཅན་ལ་ཕན་པའི་རྒྱུའི་ཕྱིར་སངས་རྒྱས་པར་ཤོག་ཤིག་ཅེས་འགོག་པའི་ཏིང་ངེ་འཛིན་བསམ་གཏན་མངོན་དུ་བྱེད་པའོ། །བླ་ཡི་སྟེང་དུ་བཞུགས་བྱས་ནས། །འཕགས་པ་དེ་བཞིན་ཉིད་འདུས་པ་ལས་གསུངས་པ་བཞིན་དུ། མངོན་པར་བྱང་ཆུབ་པ་ལྔའི་བསྒོམ་པའི་རིམ་པས་རྣམ་པར་སྣང་མཛད་དུ་བདག་བསྐྱེད་པར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་ཇི་ལྟར་གསུངས་པ་བཞིན་དུ་སྦྱོར་བ་ཆེན་པོ་བྱས་ནས་ཆོ་ག་ཐམས་ཅད་བརྩམས་ཏེ། དཔལ་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་འཁོར་ལོ་ལས་འགྱུར་བའི་ངོ་བོ་རྩ་བའི་ཕྱག་རྒྱ་བཅིངས་ནས། སྣ་ཚོགས་པའི་ཉི་མའི་དཀྱིལ་འཁོར་ན་སེམས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཡིན་ཏེ། པདྨོ་བླ་ཞེས་གསུངས་པའི་ཕྱིར་ལ། ལིང་ག་མཆོད་རྟེན་བྱིན་བརླབས་ཏེ། །ཞེས་པ་ནི་ད་ལྟའི་དུས་ཀྱི་རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཨོཾ་གྱིས་དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་སྤྲུལ་ཏེ། ཡི་གེ་ཨོཾ་མམ་སྔགས་ཀྱིས་དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བརྗོད་ནས། ཐལ་བར་འཇིག་པའི་རོ་ལངས་མའི་མཐར་ཐུག་པའི་བར་དུ་འཇུག་པར་བྱའོ། །དེ་ནས་བཛྲ་ཨཱཏྨ་ཀོ྅ཧཾ། །ཞེས་བརྗོད་ནས་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རྡོ་རྗེར་བདག་བསྒོམ་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷོ་ཉཧཾ། ཞེས་བརྗོད་པས། དེ་ཀུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་དང་རང་བཞིན་དུ་བསྒོམ་པའོ། །ཨོཾ་སཏྭ་ས་མ་ཡ་ཧཾ། ཞེས་བརྗོད་ནས་ཆོས་བདག་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཅིག་པའི་ཡེ་ཤེས་ལས་བྱུང་བའི་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རྡོ་རྗེར་བདག་བྱིན་གྱིས་བརླབ་པར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་ང་རྒྱལ་བསྐྱེད་པར་བྱའོ། །


previousདཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྒོམ་པ་བསྟན་པ།next