Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  collapse section
   
  collapse section
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
དགུ་པ། ཀུན་ཏུ་རྣམ་པ་སྣ་ཚོགས་སྐལ་བ་བཟང་པོ་དཔལ་དམ་ཚིག་གི་བརྟག་པའི་འགྲེལ་པ།
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
  collapse section
   
   
   
   
   
   
  collapse section
   
  collapse section
  collapse section
  collapse section
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགུ་པ། ཀུན་ཏུ་རྣམ་པ་སྣ་ཚོགས་སྐལ་བ་བཟང་པོ་དཔལ་དམ་ཚིག་གི་བརྟག་པའི་འགྲེལ་པ།next

དགུ་པ། ཀུན་ཏུ་རྣམ་པ་སྣ་ཚོགས་སྐལ་བ་བཟང་པོ་དཔལ་དམ་ཚིག་གི་བརྟག་པའི་འགྲེལ་པ།


DTG027_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣལ་འབྱོར་པ་རྣམས་ཀྱི་དཀྱིལ་འཁོར་ལ་སོགས་པ་བསྒྲུབ་པས་བདག་དང་གཞན་གྱི་དོན་རྫོགས་པར་གྱུར་བ་ཡང་རོལ་མོ་དང་བཅས་པའི་ཕྱག་རྒྱ་ཤེས་པ་དང་ལྡན་དགོས་པས། བཅོམ་ལྡན་འདས་ཀུན་དུ་སྣ་ཚོགས་ཀྱི་དམ་ཚིག་གི་བདག་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཆོས་ཀྱི་དཀྱིལ་འཁོར་ལ་སོགས་པར་བདག་ཉིད་བསྒྲུབ་པས་སོ་སོའི་ཁ་དོག་དང༌། འདུག་ཐབས་དང༌། ཕྱག་མཚན་དང༌། ཕྱག་རྒྱ་ཇི་ལྟ་བ་དང་ལྡན་པས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་གཞག་ལ་བསྒོམ་པར་བྱའོ། །ཐམས་ཅད་འབྱུང་བ་ཕྱག་རྒྱ་ཞེས་པའི་བར་དུ་བསྟན་པ་འདི་ཡིན་ཏེ། བདེ་བ་ཀུན་ལ་ནི་བདེ་བ་དང་ཡིད་བདེ་བ་བླ་ན་མེད་པའོ། །དེས་ཞེན་པ་ནི་དམར་པའོ། །དེ་བས་ན་དངོས་གྲུབ་ཐམས་ཅད་རྣམ་པར་དག་པའི་ཕྱིར་ཏེ། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའོ། །རྒྱུ་དེ་གཉིས་


DTG027_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་ན་ཟླ་བ་ཡོངས་སུ་རྫོགས་པ་ལྟ་བུ་དང༌། སྐུ་རྩ་དམར་བའོ་གདུལ་བྱ་ཐམས་ཅད་ལ་ཆགས་པ་ནི། འདོད་ཆགས་ཀུན་ཏེ། ཐུགས་རྗེ་ཆེན་པོའི་དེས་རྗེས་སུ་ཆགས་ཤིང་དགའ་བར་བྱེད་ལ། རྒྱུ་དེས་ན་དམར་པོ་སྣ་ཚོགས་འབར་བའི་འོད་དེ། ཁ་དོག་དམར་བའི་རི་མོ་དུ་མས་རྣམ་པ་སྣ་ཚོགས་སུ་འབར་བའི་འོད་གང་ལ་ཡོད་པའི་ཚིག་གིས་མཚམས་སྦྱར་ཏེ། དམར་པོ་དང༌། ལྗང་གུ་དང༌། སྔོན་པོ་དང༌། སེར་པོ་དང༌། དཀར་པོ་རྣམས་ནང་དུ་རྡུལ་ཕྲན་བཞིན་དུ་མཆོག་ཏུ་འབར་བར་གྱུར་པའི་འོད་ཀྱི་དཀྱིལ་འཁོར་དམར་པོ་ཞེས་བྱ་བའི་བར་དུའོ། །སངས་རྒྱས་རིན་ཆེན་ནི་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་སངས་རྒྱས་ལྔའི་ཅོད་པན་དང་ལྡན་པའོ། །གཞན་གྱི་ནོར་མིན་ཞེས་པ་ནི་གཞན་ལ་མེད་པའོ། །ལྷ་ཡི་ཆུ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། དེས་དག་པའོ། །མཐུ་དང་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་ཀྱིས་སོ། །ངོ་བོ་དག་ནི་རང་གི་ལྷག་པའི་བསམ་པའི་བདག་ཉིད་ཀྱི་སྨོན་ལམ་གྱི་བར་གྱིས་སོ། །རང་བཞིན་གྱིས་ནི་དེ་གྲུབ་པའོ་ཞེས་བྱ་བ་ནི་ལྷུན་གྱིས་ཡོངས་སུ་གྲུབ་པའོ། །རྒྱ་དེས་ན། ཐོད་པའི་ཕྲེང་བའི་དབུ་རྒྱན་དང༌། སངས་རྒྱས་ཀྱི་གཙུག་གི་ནོར་བུ་དང༌། ཁ་ཊྭཱཾ་ག་ཡང་སེམས་ཅན་རྣམས་གདུལ་བ་ལ་དབང་བས་ཀུན་ནས་ཉོན་མོངས་འཇིག་རྟེན་དབང་ཕྱུག་སྟེ། ཀུན་ནས་ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་དབང་དུ་བྱེད་པ་གྲུབ་བ་མོ་དཔལ་རྡོ་རྗེ་སེམས་དཔའ་དང་ཡང་དག་པར་སྦྱོར་བ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ་སྟེ། སྦྱོར་བ་དང་རྗེས་སུ་སྦྱོར་བས་གནས་པའོ། །ལྷ་མོ་ཀུན་དང་འདུས་པ་ཡི། །ཞེས་པ་ནི་ཤིན་ཏུ་སྦྱོར་བ་བསྟན་པར་གྱུར་པ་སྟེ། དེ་ཉིད་ཀྱིས་ན་ཀུན་དུ་སྣ་ཚོགས་སྐལ་བཟང་པོའོ། །མཁའ་འགྲོ་མ་ནི་ཐམས་ཅད་གྲུབ། །ཅེས་པ་ནི། རྣལ་འབྱོར་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་རབ་ཏུ་གྲུབ་པའོ། །རྒྱས་བཏབ་པ་ནི་རྒྱས་འདེབས་མའོ། །རྨོངས་པར་བྱས་པ་ནི་རྨོངས་བྱེད་མས་སོ། །བསླང་བ་ནི་ཚེ་འཕེལ་མས་སོ། །ཕྱག་རྒྱ་འདི་ཡིས་ཞེས་པ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱས་སོ། །རབ་ཏུ་དགའ་བ་ལ་རབ་ཏུ་སྦྱོར་བ་ནི་སྦྱོར་བ་དང་རྗེས་སུ་སྦྱོར་བའི་མཚན་ཉིད་ཀྱིས་


DTG027_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤིན་ཏུ་སྦྱོར་བས་མཆོག་ཏུ་དགའ་བ་ལ་རྗེས་སུ་སྦྱོར་བའོ། །དེས་བདག་ཉིད་བསྒྲུབས་པས་སྐལ་པ་བཟང་པོར་གྱུར་པ་དཔལ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་གང་ཡིན་པ་དང༌། བདེ་བའི་མཆོག་གང་ཡིན་པའི་བདེ་བའི་མཐར་ཐུག་པར་གྱུར་པ་ནི་རོལ་པ་རྫོགས་པའོ། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །ཞེས་པ་ནི་རྐང་པ་གཡས་པས་རྐང་པ་གཡོན་པ་མནན་པའི་སྦྱོར་བ་སྟེ། དེས་བདེ་བའི་ཆ་ལུགས་དེ་ཅི་ལྟ་བ་བདེ་བར་རོ། །ད་ནི་བདེ་བའི་མཆོག་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་རྣམས་བསྟན་པར་བྱ་བའི་ཕྱིར། ཟླ་བའི་ཁ་དོག་ཅེས་བྱ་བ་ལ་སོགས་པ། །གསུངས་ཏེ། ཟླ་བའི་ཁ་དོག་འཛུམ་པ་ནི་གང་གི་ཞལ་ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡོད་པ་ནི་ཟླ་བའི་ཁ་དོག་འཛུམ་པའི་ཞལ་ལོ། །དངོས་གྲུབ་ཐམས་ཅད་དག་པ་དང༌། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའོ། །ཐུགས་རྗེ་ཆེན་པོ་རྣམ་པར་དག་པས་ཀྱང་བརླའི་དབུས་ན་དམར་ལ་དཀར་བའོ། །ཕྱག་མཆོག་ལོ་མ་སྔོན་པོ་འདྲ། །ཞེས་པ་ནི་ཕྱག་དང་མཆོག་ཡིན་ལ། ལོ་མ་དང་སྔོན་པོ་ནི་ལོ་མ་སྔོན་ཕོ་སྟེ། རིམ་བཞིན་དུ་ཕྱག་དང་མཆོག་ལོ་མ་དང་སྔོན་པོ་འདྲ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཕྱག་གི་མདོག་ནི་སྔོ་ལ་རྩེ་མོ་ནི་ལོ་མའི་མདོག་ཅན་ནོ་ཞེས་བྱ་བའི་བར་དུའོ། །ཅིའི་ཕྱིར་ཞེ་ན། དེ་བཞིན་བདེ་བའི་དབང་ཕྱུག་ཅེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའ་བདེ་བའི་དབང་ཕྱུག་ལ་དབང་ཐོབ་པའོ། །དེ་ཉིད་ཀྱི་བདེ་བ་བསྐྱེད་པའི་རེག་པ་ནི་བདེ་བའི་རེག་པ་སྟེ། འདི་ལ་དབང་ཐོབ་པའོ། །དཀར་ཞིང་སེར་བའི་བརླ་དང་ཞེས་པ་ནི་འོག་ཏུ་མདོག་དཀར་བ་ཉིད་དོ། །དེ་ཉིད་ནི་ལྷ་རྫས་སྣ་ཚོགས་ཁ་དོག་སྟེ་ཁ་དོག་ལྔ་པའོ། །ཁ་དོག་དཀར་པོ་ལ་སོགས་པ་ཇི་སྐད་བསྟན་པ་རྣམས་ལྷ་མོ་བཞི་པོ་དེ་རྣམས་ཀྱི་སོ་སོ་ཡིན་པར་ཤེས་པར་བྱ་བའམ་ཞེ་ན། དེ་དག་ནི་སྤྱིར་ཡན་ལག་ཐམས་ཅད་ཀྱི་སྒོ་ནས་ཁ་དོག་ལ་སོགས་པ་བསྟན་པ་ཡིན་ནོ། །འབར་བ་སྣ་ཚོགས་འབར་བའི་འོད། །ཅེས་པ་ནི། འབར་བ་སྣ་ཚོགས་པ་རྣམས་ཀྱིས་ཀུན་དུ་འཁྲུགས་པའི་འོད་དང་ལྡན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །པདྨོ་སྣ་ཚོགས་ལ་གནས་པས། །ཞེས་པ་ནི་སྟན་གང་ཡིན་པ་དེ་ནི་སྣ་ཚོགས་


DTG027_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པདྨ་ལ་གནས་པའོ། །ཐམས་ཅད་དག་པར་རབ་ཏུ་གནས། །ཞེས་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལ་དམིགས་པའི་ཡེ་ཤེས་ཐམས་ཅད་དག་པ་སྟེ། དོན་དམ་པར་དེའི་ངོ་བོ་ཉིད་དུ་གྱུར་པས་ན་ཐམས་ཅད་དག་པ་ལ་རབ་ཏུ་གནས་པའོ། །ཡང་ན་ཐམས་ཅད་དག་པར་རབ་ཏུ་གནས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་རབ་ཏུ་གནས་པ་ནི་དེ་དང་འབྲེལ་པའོ། །སངས་རྒྱས་ཏེ་ཞེས་བྱ་བ་ནི་སངས་རྒྱས་གཅིག་གིས་དབང་བསྐུར་བའོ། །པདྨ་ཞེས་བྱ་བ་ནི་ཐོད་པ་གཅིག་གིས་དབང་བསྐུར་བའོ། །དེ་ལ་སོགས་པའི་རིན་པོ་ཆེ་མཆོག་ལ་སོགས་པའི་གང་ཡིན་པ་དེ་རྣམས་ལ་དེ་སྐད་ཅེས་བྱ་སྟེ། སངས་རྒྱས་དང་པདྨ་ལ་སོགས་པའི་རིན་པོ་ཆེ་མཆོག་རྣམ་པ་སྣ་ཚོགས་པའི་རྒྱན་དང་གོས་ཡོད་པ་གང་ཡིན་པ་དེ་ནི། སངས་རྒྱས་པདྨ་ལ་སོགས་མཆོག །རིན་ཆེན་པདྨ་རྒྱན་དང་གོས། །ཞེས་བྱའོ། །སངས་རྒྱས་ཐམས་ཅད་འདུས་པ་ཡི། །ཞེས་པ་ནི། སངས་རྒྱས་ཐམས་ཅད་འདུས་པར་གྱུར་པ་སྟེ། དེས་མི་མཇེད་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་རྒྱན་བཞིན་དུ་གྱུར་པའོ། །བྱ་བ་དང་ནི་ཞེས་པ་ནི་འདིར་ལྷོད་པར་འཛིན་པར་གྱུར་པའོ། །ཟློག་པ་ནི་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་གཞུ་བཟུང་ནས་བདེ་བ་དང་ཡིད་བདེ་བ་ལ་སོགས་པས་མཉམ་པ་དང་མི་མཐུན་པའི་ཕྱོགས་ཟློག་པའོ། །འཕྲོག་མ་ནི་ལག་པ་གཡས་པ་བརྐྱང་ཞིང་གཡོན་པ་བསྐུམ་པ་ལ་སོགས་པའོ། །བདག་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །ཞེས་པ་ནི་གཡོན་འགྱིང་བས་སོ། །ཡན་ལག་ཐམས་ཅད་འཕྲོག་པ་ནི། །ཡན་ལག་ཐམས་ཅད་ཀྱི་བྱ་བའོ། །གྲུབ་པ་ནི་རབ་ཏུ་གྲུབ་པ་སྟེ་མཁས་པའི་བར་དུའོ། །འདི་སྐད་སྟོན་པར་འགྱུར་ཏེ། བྱ་བ་ལ་སོགས་པ་ལ་མཁས་པར་སྤྱོད་པས་གཡོན་པ་འགྱིང་བས་གཞུ་བཟུང་ལ། ལག་པ་གཡས་པས་མདའ་འདྲེན་པའི་ཚུལ་གྱིས་གནས་པའོ། །མཆོག་ཏུ་དགའ་བ་ལ་རབ་ཏུ་སྦྱོར་བས་སྐལ་པ་བཟང་པོ་དཔལ་རྡོ་རྗེ་སེམས་དཔའ་ལ་བདེ་བའི་མཆོག་གི་མདའ་དང་གཞུས་བདེ་བའི་མཆོག་གི་མཐར་ཐུག་པར་བྱས་པ་ནི་རོལ་པ་ཞེས་བྱ་བའོ། །ཨི་མའོ་བདེ་བའི་ཕྱག་རྒྱ་ཆེན་པོ་བསྟན་


DTG027_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཕྱིར། རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་སྣ་ཚོགས་པའི་དམ་ཚིག་ནི་སྤྲུལ་པ་སྣ་ཚོགས་པས་མཚན་པ་གང་ཡིན་པ་རྡོ་རྗེ་སེམས་དཔའ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྣམ་པ་སྣ་ཚོགས་པའི་དམ་ཚིག་ལ་ཞེན་པས་ཆགས་པར་གྱུར་པའོ། །བདེ་བ་དེས་ན་དེ་ལ་འབབ་ཅིང་གཞན་གྱི་རྒྱུད་དེ་ལ་རབ་ཏུ་འཇུག་པའོ། །བདག་ལ་འཁྱུད་པའི་ཕྱག་རྒྱ་ནི་གཡོན་འགྱིང་བ་སྟེ། དེ་ཉིད་མཆོག་ཡིན་པས་གང་གི་དབུས་ཀྱི་ལྷ་མཆོག་ཆེན་པོ་དེ་ལ་འཁྱུད་ནས་གནས་པ་ནི། དབུས་ཀྱི་ལྷ་མཆོག་ཆེན་པོ་སྟེ། ཚིག་སྔ་མའི། ཁྱད་པར་གྱིས་ན་དེའི་སྐྱེས་བུའི་མཚམས་སྦྱར་བ་སྟེ། གཡོན་པས་ནི་འགྱིང་བག་གིས་ལྷ་ག་དང་ལིང་ག་འཛིན་ལ་གཡས་ཀྱིས་ནི་བདག་པོ་ལ་དགའ་བས་འཁྱུད་པའི་བར་དང༌། གདན་གཅིག་ན་འདུག་པའོ། །བདེ་ཆེན་དབང་ཕྱུག་ནི་བདེ་བ་ཆེན་པོ་ལ་དབང་བྱེད་པ་སྟེ། རྡོ་རྗེ་སེམས་དཔའོ། །མཆོག་ཏུ་དགའ་བ་ནི་ཤིན་ཏུ་སྦྱོར་བའི་ངོ་བོ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་དམ་ཚིག་གིས་འཁྱུད་པ་ཡིན་ལ། དེས་ན་བདེ་བའི་མཆོག་སྟེ། བདེ་བ་དེའི་མཐར་ཐུག་པ་ནི་རོལ་པ་ཞེས་བྱའོ། །སྒྲོན་མའི་ཕྱག་རྒྱ་ཆེན་པོ་བསྟན་པར་བྱ་བའི་ཕྱིར། སེ་རལ་ཁ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །སེ་རལ་ཁ་ཡི་ཚུལ་དག་ཏུ། །ཞེས་པ་ནི་ཚངས་པའི་སྐུད་པ་ཐོགས་པའི་ཚུལ་གྱིས་སོ། །རྡོ་རྗེ་རྩེ་གསུམ་པས་རྩེ་མོར་མཚན་པའི་ཁ་ཊྭཱཾ་གའི་རྡོ་རྗེ་ཁ་ཊྭཱཾ་ག་སྟེ། དེའི་ལག་པ་གཡོན་པས་ཐོད་པ་དང་བཅས་པར་འཛིན་པའོ། །པདྨའི་ཀ་པཱ་ལ་སྣ་ཚོགས་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་རྩེ་བཅུ་གཉིས་པ་དང་བཅས་པར་འཇོག་པས་ན་པང་བཅས་རྡོ་རྗེ་རྒྱ་གྲམ་མཆོག་གོ །དེ་ཉིད་ནི་བདག་ལ་འཁྱུད་པའི་ཕྱག་རྒྱ་སྟེ། གཡས་བསྙེམས་པ་དང༌། པདྨ་དང་བཅས་པའི་རྡོ་རྗེ་རྒྱ་གྲམ་དང༌། བདག་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །ཞེས་མཚམས་སྦྱོར་བ་སྟེ། ཕྱག་གཡས་འགྱིང་བ་དང་བཅས་པས་སྣ་ཚོགས་རྡོ་རྗེ་འཛིན་ཅིང་ཕྱག་གཡོན་གྱིས་སེ་རལ་ཁའི་ཚུལ་དུ་རྡོ་རྗེ་ཁ་ཊྭཱཾ་གའི་བཟུང་སྟེ་བཞུགས་པའི་བར་དུའོ། །མཆོག་ཏུ་དགའ་བ་ལ་རབ་ཏུ་སྦྱོར་བ། སྐལ་བ་བཟང་པོ་དཔལ་རྡོ་རྗེ་ནི་ཁ་ཊྭཱཾ་གའི་གཟུགས་ཅན་རྡོ་རྗེ་སེམས་དཔའ་སྟེ། དེ་དང་ལྡན་པས་ན་


DTG027_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཡང་དག་པར་བསྒྲེང་བའོ། །དེས་ན་བདེ་བའི་མཆོག་རོལ་པ་ཞེས་བྱའོ། །ཤི་ཤིའི་ཕྱག་རྒྱ་ཆེན་པོ་བསྟན་པར་བྱ་བའི་ཕྱིར། རྫོགས་སངས་རྒྱས་ཀྱི་ཞེས་པ་ལ་སོགས་པ་གསུངས་ཏེ། རྫོགས་པའི་སངས་རྒྱས་ནི་ཚེ་དཔག་ཏུ་མེད་པའོ། །གྲུབ་པ་ནི་བཞུགས་པ་སྟེ། ཁམ་ཕོར་ཞེས་པ་ནི་པཱ་ལ་གང་ལ་རྫོགས་པའི་སངས་རྒྱས་བཞུགས་པའོ། །བདག་ལ་འཁྱུད་པའི་ཕྱག་རྒྱ་ནི་གཡོན་བསྙེམས་པས་སོ། །དབུས་ཀྱི་ལྷ་མཆོག་ཆེན་པོ་ཞེས་བྱ་བ་ནི། དེ་བཞིན་དུ་གཡོན་དཀུར་བརྟེན་པས་ཁམ་ཕོར་ཀ་པཱ་ལ་སྣ་ཚོགས་རྡོ་རྗེའི་སྟེང་ན་སངས་རྒྱས་ཀྱི་སྐུ་གཟུགས་བཞུགས་པ་ཐོགས། གཡས་ཀྱི་གཙོ་བོ་བསྟོད་ནས་འཁྱུད་པའི་བར་དུའོ། །མཆོག་ཏུ་དགའ་བ་ལ་རབ་ཏུ་སྦྱོར་བ་སྐལ་བ་བཟང་པོ་རྡོ་རྗེའི་ཚེ་ནི། རྫོགས་པའི་སངས་རྒྱས་ཀྱི་ཁམས་ཕོར་གྲུབ་སྟེ། དེས་ན་བདེ་བའི་མཆོག་དེ་དང་ཡང་རོལ་པའོ། །རྩ་བ་ནི་གཙོ་བོ་སྟེ་དབུས་ཀྱི་རེའུ་ཆའོ། །ཕྱག་རྒྱའི་ཚོགས་ནི་དེ་ན་ཡོད་པའི་ཕྱག་རྒྱའི་ཚོགས་རྣམས་སོ། །སངས་རྒྱས་ཀྱི་བྱང་ཆུབ་མའི་ཕྱག་རྒྱ་ཆེན་པོ་བསྟན་པའི་ཕྱིར། གཙུག་ལག་ཇི་ལྟའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཙུག་ལག་ཅི་ལྟའི་རྗེས་མཐུན་པ། །ཞེས་བྱ་བ་ནི། འཕོང་གི་དཔྱད་ཀྱི་རྗེས་སུ་མཐུན་པར་རོ། །དཔལ་རྫོགས་པ་ནི་བདེ་བླག་ཅན་གྱི་སྦྱོར་བ་སྟེ། དེས་གར་བྱེད་པའོ། །མདའ་བཞི་ཡོངས་སུ་འཕངས་ན་ནི། །ཞེས་པ་ནི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པ་སྒོ་བཞིའི་ངོ་བོ་ཉིད་ཀྱི་མདའ་བཞི་ཡོངས་སུ་འཕེན་པ་སྟེ། ཉོན་མོངས་པའི་བདུད་ལ་སོགས་པ་བཞིའི་རང་བཞིན་ཚངས་པ་ཆེན་པོ་མགོ་བཞི་པ་ལས་རྒྱལ་བར་གྱུར་པས་ན། བདུད་བཞི་དག་ལས་རྒྱལ་བར་གྱུར་ཅིག །མདའ་བཞིས་ཚངས་བའི་གདོང་པ་བཞི་པའི་མགོ་ཕུག་ནས་གནས་པ་ཡིན་པར་ཤེས་པར་བྱའོ། །དེ་བས་ན་ཚངས་པ་ཆེན་པོའི་མགོ་འབིགས་པའི་དཔལ་རྡོ་རྗེ་སེམས་དཔའ་གང་ཡིན་པ་དེ་པ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་འཁོར་ལོ་མའི་ཕྱག་རྒྱ་ཆེན་པོ་བསྟན་པའི་ཕྱིར། རྐང་པ་བཏེག་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐང་པ་བཏེག་པ་ནི་རྐང་བའི་ཕྱི་རོལ་དུ་བཏེག་པའོ། །ཕབ་པ་ནི་གཡོན་པ་ཡང་དེ་བཞིན་དུ་བྱ་བའོ། །


DTG027_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཤིབ་པ་ནི་གཉི་ག་ནང་དུ་འདུད་པའོ། །མཆོད་པ་ནི་གཡས་པ་སྟེང་དུ་འཇོག་པ་སྟེ་དེས་སྟབས་བྱེད་པའོ། །འཁོར་ལོའི་ཕྱག་རྒྱ་བསྟོད་ན་ནི། །ཞེས་བྱ་བ་ནི་ལག་པ་གཡས་པའི་གུང་མོ་སོར་མོའི་རྩེ་མོ་ལ་ལྟེ་བར་བཞག་སྟེ། སྟེང་དུ་འཛིན་པར་བྱས་ནས་རྐང་པ་འདེགས་པ་ལ་སོགས་པ་སྦྱོར་བས་རྐང་པ་གཡས་པ་བཏེག་ལ་ཇི་ལྟ་བ་བཞིན་དུ་འཁོར་ལོ་བསྟོད་ནས་འཛིན་པ་ཡིན་པ་ཤེས་པར་བྱའོ། །ལ་ལ་དག་ནི་རྐང་པ་བཏེག་པ་ལ་སོགས་པ་དག་ནི་རིམ་བཞིན་དུ་གཡས་བརྐྱང་པ་དང༌། གཡོན་བརྐྱང་པ་དང༌། ཟླུམ་པོའི་འདུག་སྟངས་དང། ས་གའི་འདུག་སྟངས་ཏེ། རྐང་སྟབས་བཞི་པོ་ཡིན་ནོ་ཞེས་རྟོག་གོ །ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཆེན་པོ་བསྟན་པར་བྱ་བའི་ཕྱིར། བྱ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་འདིར་གར་གྱི་བསྟན་བཅོས་ནས་བཤད་པ་རྣམས་སོ། །སྣ་ཚོགས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི་རང་གི་ཕྱག་མཚན་གྱི་ཕྱག་རྒྱས་སོ། །འདི་སྐད་སྟོན་པར་འགྱུར་ཏེ། བྱ་བ་ལ་སོགས་པའི་རིམ་པས་རྡོ་རྗེས་མཚན་པའི་མདུང་རྩེ་གསུམ་པའི་ཕྱག་རྒྱ་འཛིན་པས་གར་བྱེད་པའོ། །འདོད་པའི་དབང་མོའི་ཕྱག་རྒྱ་ཆེན་པོ་བསྟན་པར་བྱ་བའི་ཕྱིར། ལྕུག་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྕུག་མ་གང་ཡང་རུང་བ་ནི། ཨ་མྲ་ལ་སོགས་པའི་ལྕུག་མ་གང་ཡང་རུང་བ་གཡས་པས་བཟུང་ལ་གཡོན་པ་འགྱིང་བ་དང་བཅས་པས་འདོད་པ་ཐམས་ཅད་ཀྱི་ལྕུག་མ་གནས་པ་ཡིན་པར་ཤེས་པར་བྱའོ། །རྟ་གདོང་གི་ཕྱག་རྒྱ་ཆེན་པོ་བསྟན་པར་བྱ་བའི་ཕྱིར། མྱང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱང་བ་རྡུབ་པ་ལྟར་བྱས་པས། །ཞེས་བྱ་བ་ནི་མྱང་བའི་ཚུལ་སྔོན་དུ་སོང་བས་ཧཱུཾ་ཞེས་བརྗོད་པས་སོ། །རྡོ་རྗེའི་གདོང་ཡང་སྣ་ལ་ཧཱུཾ། །ཞེས་བྱ་བ་ལ་སོགས་པ་རྡུབ་ཅིང་མྱོང་བའི་ཚུལ་སྔོན་དུ་འགྲོ་བས་གནས་པར་བྱེད་པའོ། །མིག་ཚུགས་ཞེན་པར་བལྟ་བ་ནི། །ཞེས་བྱ་བ་ནི། ཀུན་ནས་མྱང་བའི་ཚུལ་དུ་བལྟ་བས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ཐོགས་ནས་རྡོ་རྗེ་སྒྲོན་མ་གནས་པའོ། །ཐམས་ཅད་བདག་ཉིད་མྱང་བ་ཡིས། །ཞེས་བྱ་བ་ནི་ཐམས་ཅད་བདག་ཉིད་


DTG027_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ། དངོས་པོ་ཐམས་ཅད་ཀྱིས་མྱང་བའོ། །འདི་སྐད་སྟོན་པར་འགྱུར་ཏེ། རོ་ལངས་མ་ཁམ་ཕོར་ཀ་པཱ་ལ་དང༌། སྣ་ཚོགས་རྡོ་རྗེའི་སྟེང་དུ་སངས་རྒྱས་ཀྱི་སྐུ་བཞག་པ་འཛིན་ཏེ་གནས་པའོ། །ལྷག་མ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ནི་འདིར་སྔར་བཤད་ཟིན་པ་དང༌། གཞུང་ཉིད་དུ་གསལ་བས་རྣམ་པར་མ་བཀྲོལ་ལོ། །དེ་ནས་ཕྱག་རྒྱ་ཡེ་ཤེས་འདི། །ཞེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སོ། །གླུ་ཞེས་བྱ་བ་ནི་འོག་ནས་འཆད་པ་རྣམས་སོ། །སྲིད་པ་ཤིན་ཏུ་བསྒྲུབས་པས་ནི། །ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་སྟེ། འདིས་ནི་རོལ་བ་དང་བཅས་པས་གར་བྱས་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བདག་ཉིད་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིང་བར་བྱའོ། །གླུ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱེ་རྒྱུན་མི་འཆད་པའི་བདེ་བ་དང༌། ཡིད་བདེ་བའི་ངོ་བོ་ཉིད་དུ་གྱུར་པའི་དཔལ་རྡོ་རྗེ་སེམས་དཔའ་ཁྱོད་དང་བདག་ནི་གཉིས་སུ་མེད་པའི་ངོ་བོ་ཉིད་ལས་གྱུར་པས་བདག་གི་ཕྱིར་མངོན་དུ་གྱུར་པར་བསྒྲུབས་ལ་རྟོགས་ཤིང་ཁོང་དུ་ཆུད་པར་མཛད་དུ་གསོལ་ཞེས་པའོ། །མཁའ་འགྲོ་སྒྱུ་མ་སྣ་ཚོགས་པ་ནི་སྤྲུལ་བ་སྣ་ཚོགས་པ་སྟེ། དེས་འགྲོ་བའི་རྒྱུད་རྣམས་རྣམ་པ་སྣ་ཚོགས་འདུལ་བའི་མཆོག །གྲུབ་པ་བདག་ལ་གྲུབ་པར་མཛད་དུ་གསོལ། །ཞེས་པ་ནི་བདེ་བ་མཆོག་གི་ངོ་བོས་སོ། །མངོན་དུ་མཛོད་ཅིག་ཅེས་བྱ་བ་ནི། ཀྱེ་བདེ་བའི་ངོ་བོ་ཉིད་ཀྱིས་སོ། །དེ་བཞིན་གཤེགས་པ་ཀུན་གྱི་ངོ་བོ་ཉིད་ཀྱི་བདེ་བ་ནི་བྱང་ཆུབ་ཀུན་གྱི་བདེ་བ་ཆེན་པོའོ། །དེའི་བདག་ཉིད་ཀྱི་མཁའ་འགྲོ་སྒྱུ་མ་ནི་སྒྲོལ་མའི་སྤྲུལ་པའོ། །དེ་ཉིད་སྣ་ཚོགས་བདེ་བའི་མཆོག་སྟེ། སྒྲོལ་མའི་ངོ་བོ་ཉིད་ཀྱི་དོན་རྣམས་གྲུབ་པར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ། །ཨ་ལ་ལ་ལ་ལ་ཧོ་ཞེས་བྱ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་དེ་བཞིན་གཤེགས་པའི་གར་རྣམས་མཛད་དུ་གསོལ་ཞེས་པ་སྟེ། ཤི་ཤིའི་སྤྲུལ་པར་རབ་ཏུ་སྟོན་ཅིག་ཅེས་བྱ་བར་སྦྱར་རོ། །ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བ་ནི། རིམ་བཞིན་དུ་བདེ་མཆོག་དང་སྒྲོལ་མ་ལ་སོགས་པ་རྣམས་ཀྱི་ཉེ་བར་བསྐུལ་བ་སྟེ། ཟུང་ལ་རྣམ་པར་སྤྲུལ་ཞེས་པས་ཀྱང་བདེ་མཆོག་དང༌། ཀྱེ་མ་བདེ་བ་


DTG027_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་གི་རིམ་བཞིན་དུ་བསྐུལ་བའོ། །ཧཱུཾ་སྣང་བར་མཛད་དུ་གསོལ་ཞེས་བྱ་བ་ནི་སྒྲོལ་མའི་འོ། །སློབ་མ་གཟུང་དུ་གསོལ་ཞེས་པ་ནི་ཤི་ཤི་ཡིའོ། །དེ་བཞིན་གཤེགས་ཀུན་སྣ་ཚོགས་མཁའ་འགྲོ་སྒྱུ་མ་ཞེས་བྱ་བ་ནི་ལྷ་མོ་ལྷག་མ་རྣམས་ཀྱིས་སོ། །རྣམ་པར་སྣང་མཛད་ཀྱི་འབྱུང་བ་བསྟན་པའི་ཕྱིར། རྣལ་འབྱོར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །ཐར་པ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། སྲིད་པ་ལས་ངེས་པར་འབྱུང་བའི་མཚན་ཉིད་དོ། །དེའི་རྣམ་པར་དག་པ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་ཁོང་དུ་ཆུད་པའོ། །དེ་རྫོགས་པ་ནི་སངས་རྒྱས་ཀྱི་ཕྱག་རྒྱ་ལ་རབ་ཏུ་གནས་པའོ། །དོན་དམ་པ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ནི་རྣམ་པར་དག་པའི་ཕྱིར་རོ། །ཆགས་མེད་ནི་ཉེ་བར་དམིགས་པ་ཐམས་ཅད་ཀྱི་ཕྱིར་ཕྱོགས་པའོ། །སོགས་པའི་སྒྲ་ནི་ཞེ་སྡང་དང་བྲལ་བ་དང༌། ཁོང་ཁྲོ་བས་མ་བཅོས་པ་དང༌། དངོས་པོ་རྣམས་ལ་རྗེས་སུ་ཆགས་པ་མི་དམིགས་པ་དང༌། གཏི་མུག་དང་བྲལ་བ་སྟེ། བདག་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་བའོ། །གང་ཆགས་པ་མེད་པ་ལ་སོགས་པ་དང༌། ཆགས་པ་ཆེན་པོ་དང་ལྡན་པ་དེ་དག་ནི། ཆགས་མེད་ལ་སོགས་ཆགས་ཆེན་ཕྱིར་ཏེ། དེ་དག་གིས་ནི་ཆགས་པ་མེད་པ་ལ་སོགས་པས་ནི་དཀར་བ་ཡིན་ལ། ཆགས་པ་ཆེན་པོ་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པས་ན་སྣ་ཚོགས་གསལ་བའི་མདངས་ཅན་ནོ། །རིན་ཆེན་ཆོས་ནི་ཆོས་ཀྱི་བདག་ཉིད་ཅན་གྱི་རིན་པོ་ཆེའོ། །དེ་ལས་ལྷག་པ་ནི་གཞན་པའོ། །བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ཏེ། བྱང་ཆུབ་ལ་འཇུག་པའི་སེམས་སོ། །དེའི་དོན་ཐེག་པ་ཆེན་པོ་སྟོན་པའི་བདག་ཉིད་ཅན་གྱི་ཆོས་ཏེ། དེ་ཉིད་ནི་རྡོ་རྗེ་རིན་ཆེན་ནོ། །དེ་འདི་ལ་ཡོད་པས་ན། དེ་བས་ཐེག་ཆེན་བྱང་ཆུབ་སེམས། །རྒྱལ་བ་རྡོ་རྗེ་རིན་ཆེན་ཅན། །ཞེས་བྱའོ། །བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་ནི། གཡོན་པའི་ཁུ་ཚུར་བཅངས་པས་གཡས་པའི་མཐེ་བོང་དང༌། མཛུབ་མོ་གཉིས་ཀྱིས་སོར་མོ་ཐམས་ཅད་ལ་རེག་པའོ། །ཤེས་རབ་ཕ་རོལ་ཕྱིན་གསལ་


DTG027_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞིང། །ཞེས་པ་འདིས་ནི་དེ་ཉིད་སྟོན་ཏེ། ཕྱག་རྒྱ་འདིས་ནི་ཕུང་པོ་ལྔ་དང༌། རིགས་ལྔ་མ་ལུས་པར་བདག་མེད་པར་སྟོན་པ་ཡིན་ནོ། །གཡས་པའི་ཡན་ལག་ཅེས་བྱ་བ་ལ་སོགས་པའི་སྒྲས་ནི་སྐྱིལ་མོ་ཀྲུང་བཅས་པའི་ཚུལ་བསྟན་པ་ཡིན་ནོ། །རྡོ་རྗེ་ཁུ་ཚུར་བཅངས་ནས་ནི། །ཞེས་བྱ་བ་ནི། སངས་རྒྱས་ཀུན་བརྗོད་མའི་ཕྱག་རྒྱ་ཆེན་པོ་ཡིན་ཏེ། ལག་པ་གཡས་པའི་མཐེ་བོང་ནང་དུ་བཅུག་སྟེ། སྲིན་ལག་གི་རྩར་མཐེ་བོང་གི་ལྟོས་རྩེ་མོ་མནན་པའི་རྡོ་རྗེ་ཁུ་ཚུར་བཅངས་ལ། ལག་པ་གཡོན་པས་སྟེང་ནས་གཡོགས་ཤིང་དགབ་པའོ། །གཞན་དག་ན་རེ་སངས་རྒྱས་ཀུན་བརྗོད་མ་ལ་སོགས་པ་ནི། རྡོ་རྗེ་ཁུ་ཚུར་གོས་དྲི་མ་མེད་པས་བཀབ་སྟེ། ཕྱག་རྒྱ་བཅིངས་ལ་གཟུང་ངོ་ཞེས་ཟེར་རོ། །རྡོ་རྗེ་ཁུ་ཚུར་དེ་ཉིད་ལས་མཐེའུ་ཆུང་བརྐྱང་པ་ནི་ཧེ་རུ་ཀའི་ཕྱག་རྒྱ་སྟེ། དེ་ལ་ལག་པ་གཡས་པས་བྱས་ལ་གཡོགས་པར་བྱའོ། །དེ་བཞིན་ཞེས་བྱ་བ་ནི་ལག་པ་གཡོན་པ་དེ་ལྟར་བྱས་པ་ནི་ཤིན་ཏུ་རྒྱལ་མོ་ཡིའོ། །པདྨའི་བུད་མེད་ཁུ་ཚུར་ནི། །ཞེས་བྱ་བ་ནི་ཁུ་ཚུར་བཅངས་པ་ལ་གུང་མོ་དང༌། མཛུབ་མོ་དང༌། མཐེ་བོའི་རྩེ་མོ་སྦྱར་བར་བྱས་པ་ནི་པདྨའི་ཁུ་ཚུར་ཏེ། ལག་པ་གཡས་པས་བྱས་ལ་གཡོན་པས་དགབ་པ་ནི་ཀུན་ཏུ་བཟང་པོའི་ཕྱག་རྒྱའོ། །རིན་ཆེན་མཛེས་པའི་ཁུ་ཚུར་ཡང༌། །ཞེས་བྱ་བ་ནི། ཁུ་ཚུར་བྱས་ལ་རྩེ་མོ་སྦྱར་བར་བྱས་པ་ནི། རིན་པོ་ཆེའི་ཁུ་ཚུར་ཏེ། ལག་པ་གཡས་པས་བཅིངས་ལ་ལག་པ་གཡོན་པས་དགབ་པ་ནི་མི་ཟད་པའི་ཟ་མ་ཏོག་གི་ཕྱག་རྒྱའོ། །སངས་རྒྱས་ཁུ་ཚུར་བཅིངས་ནས་སུ། །ཞེས་བྱ་བ་ནི། མཐེ་བོའི་སྟེང་དུ་སོར་མོ་ཐམས་ཅད་ཀྱི་རྩེ་མོ་གཞག་པ་ལ་ལག་པ་གཡས་པས་བྱས་ལ། གཡོན་པས་དགབ་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་མའིའོ། །གཞན་དག་ན་རེ་འདིར་སྙིང་གར་སངས་རྒྱས་གཞག་པ་དང༌། དཔུང་པ་གཉིས་སུ་རྫོགས་པའི་སངས་རྒྱས་ཀྱི་དཔུང་རྒྱན་ཅན། མགྲིན་པར་སངས་རྒྱས་གཙོ་བོ་འཇོག་པ་མགུལ་རྒྱན་དང༌། དོ་ཤལ་དང༌། མགོ་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུ་གཟུགས་ཡོད་པ། ལག་པ་གཡས་པས་སངས་རྒྱས་འཛིན་པས་བྱིན་གྱིས་བརླབས་པས་ན། སངས་རྒྱས་ཐམས་ཅད་ཀྱི་ཡན་


DTG027_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལག་དང་ལྡན་མ་ཞེས་བྱའོ་ཞེས་མན་ངག་ལས་བཤད་དོ། །བུད་མེད་ཕྱག་རྒྱ་བཅིངས་ནས་སུ། །ཞེས་བྱ་བ་ནི་ལག་པ་གཡས་པའི་ཁུ་ཚུར་བཅིངས་ལ་ལག་པ་གཡོན་པས་དགབ་པ་ནི་ཞལ་བཟངས་མའི་ཕྱག་རྒྱའོ། །ལ་ལ་ན་རེ་ལག་པ་གཡོན་པའི་ཁུ་ཚུར་རང་གི་སྙིང་གར་བསྟོད་པའི་ཚུལ་ནི་བུད་མེད་ཀྱི་ཕྱག་རྒྱ་སྟེ། དེ་འཛིན་པ་ལ་ལག་པ་གཡོན་པས་མེ་ལོང་བཟུང་སྟེ། དགའ་བས་རང་གི་རང་བཞིན་གྱི་གཟུགས་བརྙན་བལྟ་བས་གནས་པའོ། །དེ་བས་ན་ཞལ་བཟངས་མ་ཞེས་ཟེར་རོ། །སོར་མོ་ཐམས་ཅད་ཀྱིས་མཐེ་བོ་བསྡུས་པ་ནི་རྟ་མཆོག་གི་ཁུ་ཚུར་ཏེ། དེ་ལག་པ་གཡོན་པས་བཀག་པ་ནི་སྤྲིན་ཆེན་མོའི་ཕྱག་རྒྱའོ། །ཁུ་ཚུར་བཅངས་ནས་མཛུབ་མོ་དང་མཐེ་བོང་གཉིས་མིག་གི་རྣམ་པར་བྱས་པ་ནི་གྲུབ་པའི་སྤྱན་གྱི་ཁུ་ཚུར་ཏེ། ལག་པ་གཡས་པས་བཅིངས་ལ་གཡོན་པས་བཀབ་པ་ནི་ནམ་མཁའི་སྤྱན་གྱི་ཕྱག་རྒྱའོ། །ཁུ་ཚུར་དེ་དག་ཐམས་ཅད་ཀྱང་རང་གི་མཚན་མ་ནང་དུ་འཛིན་པར་བལྟ་བར་བྱའོ། །དེ་དག་གི་སྐུ་མདོག་ནི་གོ་རིམས་བཞིན་དུ་ཤེལ་དང༌། གསེར་དང༌། པདྨ་དམར་པོ་དང༌། སྣ་ཚོགས་པ་དང༌། གུར་གུམ་དང༌། མེ་ལོང་གི་མདོག་དང༌། བཻ་ཌཱུཪྻ་དང༌། སེར་པོ་རྣམས་སོ། །གླིང་བུ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པས། འདི་དང་དཀྱིལ་འཁོར་གཞན་དག་ཏུ་ཡང་རང་གི་ལྷ་ལྷག་མ་ཇི་ལྟ་བ་བཞིན་དུ་དེར་ཡང་དེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་ཀྱང་བལྟ་བར་བྱའོ། །ཕྱག་རྒྱ་ཤེས་པ་ནི་བཤད་མ་ཐག་པའི་ཕྱག་རྒྱ་ཆེན་པོ་ཤེས་པའོ། །སངས་རྒྱས་སྤྲུལ་པའི་ཀླུ་མཆོག་ནི། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་འབྱུང་བའི་གླུའོ། །གླུ་འདི་དག་ཉིད་རིམ་བཞིན་དུ་བསྟན་པའི་ཕྱིར། སློང་བར་བྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློང་བར་བྱེད་པ་དང་སྣ་ཚོགས་འབྲང་བ་དག་ནི་སྔར་བསྟན་པས་བཤད་པ་ཡིན་ནོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཤརྫའི་དབྱངས་ཀྱིས་གླུ་གཉིས་པའི་གླུ་བླངས་པ་དང༌། དེ་བ་ཏིའི་དབྱངས་ཀྱིས་གླུ་བླངས་ལ་འདི་དང་སྦྱར་བ་ཡིན་ཏེ། འདིར་དང་པོ་འགྱིང་བ་དང་བཅས་པའི་རྗེས་སུ་གར་བྱས་པ་སྔོན་དུ་འགྲོ་བས་ཕྱག་


DTG027_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་ཆེན་པོ་དེ་དག་ཐམས་ཅད་བཅིང་བར་བྱའོ། །འཇིག་རྟེན་གྱི་ཁམས་མང་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་ཁྱབ་པའི་སྐུའི་ཚོགས་དང་ལྡན་པ་གང་ཡིན་པ་དེ་ལ་ནི་དེ་སྐད་ཅེས་བྱ་བ་སྟེ། དེ་རྣམས་ཀྱི་རྒྱལ་བའི་དོན་ཐམས་ཅད་ལ་རབ་ཏུ་འཇུག་ཅིང༌། རབ་ཏུ་ཕྲ་བའི་རྡུལ་གྱི་གྲངས་སྙེད་ཀྱི་རྒྱལ་བའི་དོན་ཐམས་ཅད་ལ་གསལ་བར་འཇུག་པས་རྒྱལ་བའི་དོན་རྣམས་རབ་ཏུ་ཕྲ་བའི་རྡུལ་གྱི་གྲངས་སྙེད་དེ། དེ་རྣམས་ཀྱི་རྣམ་པར་འཕྲུལ་པར་མཛོད་ཅིག་ཅེས་སྦྱར་ཏེ། རྡུལ་ཕྲན་གྱི་གྲངས་སྙེད་དུ་ཡོངས་སུ་སྤྲུལ་པའི་སྐུའི་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་ཅིང་སོ་སོར་ཞུགས་པ་གང་ཡིན་པ་དེས་གསལ་ཞིང་མངོན་སུམ་དུ་རྡུལ་ཕྲན་གྱི་གྲངས་སྙེད་ཀྱིས་གང་དུ་རྣམ་པར་རོལ་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བྱེད་པའི་ཚིག་མེད་པར་བསྟན་པ་ཡིན་ནོ། །སྲིད་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་ཉིད་ནི་བདེ་བ་ཆེན་པོའོ། །དེ་ལ་བོད་པ་ནི་དེ་བཞིན་གཤེགས་ཀུན་རྣམ་སྤྲུལ་སྣ་ཚོགས་ཀྱིས་ཞེས་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་སྤྲུལ་པ་རྣམས་སོ། །རྣམ་པར་འཕྲུལ་པར་མཛོད་ཅིག་ཅེས་བྱ་བ་ནི་མཛེས་པར་མཛོད་ཅིག་པའོ། །ཧོ་ཞེས་བྱ་བ་ནི་དགྱེས་པར་བྱ། དཔལ་རྣམ་པར་སྣང་མཛད་སྦྱོར་བ་པ་ཞེས་པ་ཡང་བོད་པའི་ཚིག་སྟེ། དེ་རིང་ཁྱེད་བདག་རབ་ཏུ་གྲུབ་པར་མཛོད་ཅིག་པ་ནི་ཚིག་གི་ལྷག་མའོ། །དེ་ནས་བུད་མེད་ཅེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །དཔལ་ཧེ་རུ་ཀའི་འབྱུང་བ་བསྟན་པའི་ཕྱིར། དེ་དག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །དམ་ཚིག་ལ་སྡང་བ་ཞེས་པ་ནི་མི་བདེན་ལ་གདུག་ཅིང་གཏུམ་པ་རྣམས་སོ། །ཕྱག་རྒྱ་ཆེན་མོ་ནི་འདིར་བཅོམ་ལྡན་འདས་ཏེ་སྔར་བསྟན་པའོ། །གོས་ཆེན་པོ་ནི་ཕྱུགས་ཆེན་པོའི་པགས་པའོ། །བླུགས་པ་ཆེན་པོ་ཞེས་བྱ་བ་ནི་ཐོད་པའི་ཅོད་པན་གཅིག་སྟེ། རྡོ་རྗེ་ཀུན་ནས་འབར་བས་མཚན་པ་དེའི་ཐོད་པའི་ཕྲེང་བ་ཅན་གྱི་ཅོད་པན་ནོ། །ལ་ལ་དག་ནི་ཚོགས་ཀྱི་དཀྱིལ་འཁོར་གཞན་དག་ཏུ་བླུགས་པ་ཞེས་པ་ནི། རྡོ་རྗེ་ཕྱག་རྒྱ་ཡིན་པར་ཡོངས་སུ་རྟོག་ལ་


DTG027_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གོས་ཆེན་པོ་ཡང་དུར་ཁྲོད་ཀྱི་ཐལ་བར་འཛིན་པར་བསྟན་ཏོ། །ཕྱག་མཚན་དང་ཕྱག་རྣམས་ཀྱིས་ནི་འདི་ལྟར་ཕྱག་བརྒྱད་པར་རྟོག་སྟེ། གཉིས་ཀྱིས་ནི་བ་དན་གྱི་ཚུལ་དུ་མིའི་པགས་པ་འཛིན་ལ། གཉིས་ཀྱིས་ནི་དབང་བསྐུར་བའི་ཚུལ་གྱིས་རྡོ་རྗེའི་ཕྱག་རྒྱ་འཛིན་ལ་ཡང་གཡས་ཀྱིས་ནི་རྡོ་རྗེ་རྩེ་ལྔ་པ་འབར་བ་གསོར། གཡོན་གྱིས་ནི་རྡོ་རྗེ་ཁ་ཊྭཱཾ་ག་འཛིན། ཡང་གཡས་ཀྱིས་མ་ཧཱ་རཀྟས་བཀང་བའི་ཁམ་ཕེར་འཛིན། ཡང་གཡོན་གྱིས་ནི་མ་ཧཱ་མཾ་སས་བཀང་བའི་ཀ་པཱ་ལ་འཛིན་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་ཕྱག་བཞི་པ་ལ་གཉིས་ནི་མིའི་པགས་པའི་གོས་འཛིན་ལ། གཉིས་ནི་སྔ་མ་བཞིན་ནོ་ཞེས་ཟེར་རོ། །རྡོ་རྗེ་ཁ་ཊྭཱཾ་ཞེས་བྱ་བ་ནི་རྡོ་རྗེ་གསུམ་པས་མཚན་པའི་ཁ་ཊྭཱཾ་དེ་ལ་དྲིལ་བུ་བཏགས་ལ། དེའི་སྒྲ་སིལ་སིལ་འཁྲོལ་བ་ནི་རྡོ་རྗེ་ཁ་ཊྭཱཾ་ག་རྡོ་རྗེ་དང་བཅས་པ་ལ་དྲིལ་བུ་འཁྲོལ་བར་སྒྲ་དང་ལྡན་པའོ་ཞེས་པ་གཉིས་པའོ་མཚམས་སྦྱར་བའོ། །དེ་དག་དང་ལྡན་པས་ན་རྡོ་རྗེ་ཁ་ཊྭཱཾ་ག་དང་རྡོ་རྗེར་བཅས་པའི་དྲིལ་བུ་འཁྲོལ་བའི་སྒྲར་བཅས་པ་ཞེས་བྱའོ། །ཕྱག་རྒྱ་སྣ་ཚོགས་རྣམ་འཕྲུལ་བ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་གར་བྱེད་པ་ལ་རབ་ཏུ་འཇུག་པས་སོ། །སེ་རལ་ཁའི་ཚུལ་དུ་དཔུང་པ་གཡོན་པ་ལ་ཁ་ཊྭཱཾ་ག་ཡན་ལག་ལ་བརྟེན་པའི་ཚུལ་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་དེ་ཇི་ལྟ་བུ་ཞེ་ན། སེ་རལ་ཁའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། མ་ཧཱ་རཀྟས་བཀང་བའི་ཀ་པཱ་ལ་འཛིན་པའི་ལག་པས་རྡོ་རྗེ་ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་བྱས་ཏེ། གཡས་པ་བ་དན་གསུམ་པས་འབར་བའི་ཕྲེང་བ་ཅན་གྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་བརླ་གཡོན་པ་ལ་རྐང་པ་གཡས་པ་གཞག་པས་སོ། །བདེ་བར་འབབ་པའི་གར་བྱེད་པས། །ཞེས་བྱ་བ་ནི་གནས་པ་འདིས་འདུས་པས་སོ། །སྐྱིལ་མོ་ཀྲུང་ནི་ཕྱེད་བཅས་ལ། །ཞེས་བྱ་བ་ནི་རྐང་པ་གཡོན་པ་ས་ལ་གཞག་པས་སོ། །རྐང་པ་རང་གི་བརླས་ཞེས་བྱ་བ་ནི་བརླ་གཡོན་པར་དང་སྦྱར་བས་སོ། །བསྡམས་ནས་ཞེས་བྱ་བ་ནི་ཡང་རྐང་པ་གཡས་པ་གཡོན་པའི་སྟེང་དུ་གཞག་སྟེ། བརླའི་


DTG027_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་དུ་བཅུག་ནས་བཙིར་བའོ། །དེ་ཉིད་ཀྱིས་ནི་ཞེས་བྱ་བ་ནི་སྐྱིལ་མོ་ཀྲུང་ངོ༌། །དེ་ནས་བདེ་བར་བརླ་བསྡམས་ནས། །ཞེས་བྱ་བ་ནི། དེའི་ནང་དུ་གནས་པའི་བསྒྲུབ་པར་བྱ་བའི་རྐང་པ་གཡས་པས་རྐང་པ་གཡོན་པ་བདེ་བར་བསྡམས་ནས། ཇི་ལྟར་མངོན་པར་འདོད་པ་བཞིན་དུ་ཕྱིར་བཏགས་པ་ལ་སོགས་པ་བྱེད་དོ། །སྒྱུ་མ་ཞེས་པ་ནི་དགའ་བའི་དོར་ཐབས་སོ། །དེ་དག་ཅེས་བྱ་བ་ནི་སྐྱིལ་མོ་ཀྲུང་གི་ཕྱག་རྒྱའོ། །དེ་ནས་བརླ་ཕྲག་བསྐྱོད་པ་ཡིས། །ཞེས་བྱ་བ་ནི་དེའི་ནང་དུ་བསྒོམས་པའི་བུད་མེད་ཀྱི་རྐང་པ་གཡས་པས་བརླ་གཡོན་པ་བསྐྱོད་ཅིང་བསྒུལ་བས། དཔལ་ཧེ་རུ་ཀའི་འབབ་པ་སྟེ། དེའི་སྦྱོར་བས་སངས་རྒྱས་ཀྱི་མཁའ་འགྲོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དཀྱིལ་འཁོར་འདིར་ཞི་བའི་གདོང་ཅན་ནི་དཀར་མོའོ། །རྨོངས་པའི་གདོང་ཅན་ནི་རབ་རྨོངས་མའོ། །ཤིན་ཏུ་དགའ་བའི་གདོང་ཅན་ནི་སྦོས་བྱེད་མའོ། །རྣམ་པར་འགྱུར་བའི་གདོང་ཅན་ནི་གཏུམ་མོའོ། །ཤི་བ་ལྡང་བའི་ཚུལ་གྱིས་གདོང་ཅན་ནི་སྨེ་ཤ་ཅན་ཏེ། ལས་རྣམས་ཀྱང་ཞི་བ་དང༌། དྲག་པོ་དང༌། རྨོངས་པ་དང༌། འཆི་བ་སློང་བ་དང༌། འཆི་བ་ལྡང་བ་དང༌། ལྟ་བ་རྣམས་ནི་རིམ་བཞིན་ཤེས་པར་བྱའོ། །དེ་བཞིན་དུ་མེ་ཏོག་དང༌། བདུག་པ་དང༌། ཆང་དང་ཆུ་དང༌། ལྕུག་མ་དང༌། རས་དང༌། མེ་མར་རྣམས་ཀྱང་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ལ་རེ་རེས་སྦྱིན་ན་དེས་རྒྱས་འདེབས་སོ། །རྩེ་གཅིག་མཉམ་པར་སྦྱོར་བ་ཡིས། །ཞེས་བྱ་བ་ནི་དཀར་མོའི་སྦྱོར་བ་དང་ལྡན་པའི་བསམ་གཏན་གྱིས་ཀྱང་ཕྱག་རྒྱས་འདེབས་པའོ། །གཉེར་བའི་ཚུལ་ནི་རྐུ་བྱེད་མའི་སྦྱོར་བ་དང་བཅས་པས་སྙིང་འདྲེན་པའོ། །བདེ་བ་སྦྱིན་པའི་ཚུལ་གྱིས་ནི་རབ་མྱོས་མའི་སྦྱོར་བ་དང་ལྡན་པས་རྨོངས་པར་བྱེད་པའོ། །རོ་ལངས་མའི་སྦྱོར་བ་དང་ལྡན་པས་ནི་ཤི་བ་ལ་ཆུས་མངོན་པར་འཐོར་ཞིང་སློང་བའོ། །སེ་གོ་ལ་བརྡབ་པ་དང་ལྡན་པ་ན་སྦོས་བྱེད་མའི་སྦྱོར་བ་དང་ལྡན་པས་ནི་གར་བྱེད་པའོ། །དལ་བུས་གྱེན་དུ་རབ་འབྱིན་པས་གཏུམ་མོ་སྦྱོར་བ་དང་ལྡན་པས་གསོད་པར་བྱེད་པའོ། །དབུགས་འབྱིན་པའི་ཚུལ་གྱིས་སྨེ་ཤ་མའི་རྣལ་འབྱོར་གྱིས་ཟ་བར་བྱེད་པའོ། །གཞན་ཡང་


DTG027_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཡོན་དུ་ལྟ་བས་བལྟ་ཞིང༌། དཀར་མོའི་སྦྱོར་བ་དང་ལྡན་པས་རྒྱས་འདེབས་སོ། །བསྒྲུབ་པར་བྱ་བའི་སྙིང་གར་བློ་བཅུག་ལ་ཡི་གེ་ཧོ་ཞེས་པ་དང་ལག་པས་དྲང་བའི་རྐུ་བྱེད་མའི་སྦྱོར་བས་སྙིང་འབྱིན་པའོ། །མངོན་དུ་ཟ་བའམ་བསྒྲུབ་པར་བྱ་བ་ལའོ། །བྱེད་པ་ནི་རབ་རྨོངས་མའི་སྦྱོར་བས་རྨོངས་པར་བྱེད་དོ། །མངོན་དུ་ཡིད་ཀྱིས་འཁྱུད་པའི་རོ་ལངས་མའི་སྦྱོར་བས་འཆི་བ་སློང་བར་བྱེད་དོ། །བསྒྲུབ་པར་བྱ་བ་དང་གཉིས་སུ་མེད་པར་གྱུར་ནས་གར་བྱེད་པའི་སྤོས་བྱེད་མའི་སྦྱོར་བས་གསོད་པར་བྱེད་དོ། །བསྒྲུབ་པར་བྱ་བ་དང་གཅིག་ཏུ་གྱུར་པ་བདེ་བའི་རབ་ཏུ་རྨོངས་པས་རྣམ་པར་མྱོས་པའི་གཏུམ་པའི་སྦྱོར་བས་བརྒྱལ་བར་བྱེད་དོ། །ཟ་བའི་ཚུལ་ཅན་སྨེ་ཤ་མའི་སྦྱོར་བས་ཟ་བར་བྱེད་དོ། །མདའ་བཞི་བཙུགས་པའི་ཚུལ་གྱིས་ཚངས་པ་གདོང་བཞི་པའི་མགོ་བོ་ལྟུང་བར་བྱེད་པའི་རྒྱས་འདེབས་སོ། །འཇིག་རྟེན་གསུམ་ལས་བརྒལ་བའི་ཚུལ་ཅན་རྐུ་བྱེད་མའི་སྦྱོར་བས་ལྕགས་ཀྱུས་འདྲེན་ཅིང་སྙིང་འབྱིན་ཏོ། །ས་ལ་འདྲེན་པའི་ཚུལ་ཅན་རབ་རྨོངས་མའི་སྦྱོར་བས་རྨོངས་པར་བྱེད་དོ། །བདུད་རྩིའི་བུམ་པས་དབང་བསྐུར་བའི་ཚུལ་ཅན་ནི་རོ་ལངས་མའིའོ། །རང་གི་ཕྱག་རྒྱའི་ཚུལ་བསྟན་པ་ནི་རོ་ལངས་མའི་སྦྱོར་བ་སྟེ། དེ་དང་ལྡན་པས་འཆི་བ་སློང་བར་བྱེད་དོ། །བསྒྲུབ་པར་བྱ་བ་དང་ལྷན་ཅིག་གཉིས་སུ་མེད་པར་གྱུར་པས་དུར་ཁྲོད་དུ་མཆོག་ཏུ་སྦྱོར་བ་ཐམས་ཅད་ལས་མངོན་པར་འདོད་པའི་དབང་གིས་རྫོགས་པར་གྱུར་པར་བལྟ་བར་བྱའོ། །བདུན་པ་ལས་ཀྱི་ཕྱག་རྒྱ་ཡིན། །ཞེས་བྱ་བ་ནི་དེ་དག་ཉིད་ནི་ལས་ཀྱི་དོན་གྱི་ཕྱག་རྒྱའོ། །མདོག་ནི་དཀར་བ་དང༌། དམར་བ་དང༌། ནག་པོ་དང༌། དཀར་པོ་དང༌། ལྗང་གུ་དང༌། སྔོན་པོ་དང༌། ནག་པོའོ། །ཕྱག་རྒྱའི་ལན་ཞེས་བྱ་བ་ནི་གཞན་དག་གིས་ལེགས་པར་རྒྱས་འདེབས་པ་དེའི་དོན་དུ་མི་ཚུགས་པར་བྱ་བའི་ཕྱིར་རབ་ཏུ་སྦྱོར་བ་བྱ་བ་གང་ཡིན་པ་དེ་ནི་ཕྱག་རྒྱའི་ལན་ཏེ། དཔལ་ལྡན་གཡོན་དཀུར་བརྟེན་པ་ལ། །དཔལ་ལྡན་ལག་པ་གཡས་པས་པདྨའི་ཁུ་ཚུར་བཅིངས་ལ། མིག་རབ་ཏུ་བལྟས་བའི་རྡོ་རྗེ་པདྨོའི་སློང་བ་འདི་དང༌། རྡོ་རྗེ་གླུ་དང་གར་དང་ལྡན་པའི་ཕྱག་རྒྱས་སོ། །གང་ཞིག་འཇོམས་པར་བྱེད་ཅེ་ན། དེ་ནས་ཞེས་


DTG027_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་སྟེ། ཧེ་རུ་ཀ་ལ་སོགས་པའི་ཕྱག་རྒྱ་ཞེས་པའོ། །དཔལ་ལྡན་རྡོ་རྗེའི་སྦྱོར་བ་ནི་ཧེ་རུ་ཀའོ། །དེའི་གླུ་བླང་བ་ནི། གང་གིས་གར་བྱེད་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་བཅིངས་པའོ། །གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་བའི་ཕྱག་རྒྱས་ཐོབ་ལ་ཞེས་བྱ་བས་ནི་ཞལ་དྲག་པོ་སྟོན་ཏོ། །འོ་བྱེད་འཁྱུད་པས་རྨོངས་མཛད་དེ། །ཞེས་བྱ་བ་ནི་ཞལ་གཉིས་པ་རབ་ཏུ་རྨོངས་པའོ། །བདེ་བའི་མཆོག་སྟོན་ཀུན་གསོལ་ཞེས་བྱ་བ་ནི་ཞལ་གསུམ་པ་ཟ་བྱེད་ཀྱི་རང་བཞིན་ནོ། །བདེ་མཆོག་ངོ་མཚར་བསྟན་དུ་གསོལ། །ཞེས་བྱ་བ་ནི་ཞལ་བཞི་པ་སྒེག་པའོ། །རྒྱས་བཏབ་ཅེས་བྱ་བ་ལ་སོགས་པས་ནི་ཞལ་བཞིའི་སྒོ་ནས་རིམ་པ་བཞིན་དུ་བསྐུལ་བའོ། །ཧཱུཾ་ཨ་ལ་ལ་ལ་ཧོ་སྣང་བར་མཛོད་ཅེས་པ་ནི་སྣང་བ་བསྐུལ་བའོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །དཀར་མོ་ལ་སོགས་པའི་གླུ་བསྟན་པའི་ཕྱིར་དམ་ཚིག་དག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ལ་གཞུག་ཏུ་གསོལ་ཞེས་པ་ནི་འདའ་བར་མ་མཛད་ཅིག་པའོ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །ཅེས་པ་ནི་ཉོན་མོངས་པ་ཐམས་ཅད་ལས་རྒྱལ་བ་སྟེ་ཧེ་རུ་ཀའོ། །མ་ལུས་བ་དག་བསྣམས་སུ་གསོལ། །ཞེས་པ་ནི་གང་གིས་སེམས་ཅན་ཐམས་ཅད་ལ་ལོངས་སྤྱོད་པའོ་ཞེས་བྱ་བར་སྦྱོར་རོ། །པདྨ་གར་གྱི་དབང་ཕྱུག་གི་འབྱུང་བ་བསྟན་པའི་ཕྱིར། རྣལ་འབྱོར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །འདོད་ཆགས་ཐམས་ཅད་ནི་བདག་ལ་སོགས་པར་ཞེན་པའོ། །དེའི་རྣམ་པར་དག་པ་ནི། །གང་ཟག་དང་ཆོས་ལ་བདག་མེད་པར་བསྒོམས་པས་རྣམ་པར་རྟོག་པ་དང་བྲལ་བའོ། །པདྨའི་ཕྱག་རྒྱ་དཔལ་དུ་གནས། །ཞེས་བྱ་བ་ནི། འདོད་ཆགས་རྣམ་པར་དག་པ་སྟོན་པའི་ཕྱག་རྒྱ་ཆེན་པོ་སྐུ་མདོག་དཀར་པོ་མི་འགྱུར་བ་ནི་འདོད་ཆགས་ཐམས་ཅད་སྟོང་པ་ཉིད་དོ། །དེའི་གྲུབ་པ་ནི་ཐུགས་སུ་ཆུང་པའོ། །ཤེལ་སྒོང་ཤིན་ཏུ་དག་པ་འདྲ། །ཞེས་བྱ་བ་ནི། ཤེལ་གྱི་མདོག་ཅན་ནོ། །འདོད་ཆགས་ཐམས་ཅད་ནི་གདུལ་བའི་དབང་གིས་དུ་མ་ཉིད་དུ་གནས་པའི་ཐུགས་རྗེ་ཆེན་པོའོ། །དེས་གསལ་བའི་ཕྱིར་འབར་བ་སྣ་ཚོགས་


DTG027_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁྲིགས་པའི་འོད་དེ། ཁ་དོག་རྣམ་པ་སྣ་ཚོགས་པས་འབར་ཞིང་འཁྲིགས་པའི་འོད་ཀྱི་དཀྱིལ་འཁོར་ཅན་ནོ། །སངས་རྒྱས་ཚེའི་ཞེས་བྱ་བ་ནི་ཚེ་དཔག་མེད་དོ། །དེ་ཉིད་རིན་པོ་ཆེ་སྟེ་དེས་སྤྲས་པ་ནི། །དབང་བསྐུར་ཞིང་བརྒྱན་པས་ན། སངས་རྒྱས་ཆེའི་རིན་པོ་ཆེས་སྤྲས་པའི་ཕྱིར་འདི་ནི་རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པའོ། །ཞེས་མཚམས་སྦྱར་བའོ། །སངས་རྒྱས་ཐམས་ཅད་འདུས་པ་ཡིས། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་འདུས་པ་མཛད་པས་སོ། །བདེ་བ་ཅན་བཞིན་དམ་པར་འགྱུར་རོ་ཞེས་པ་ནི། །འཇིག་རྟེན་གྱི་ཁམས་བདེ་བ་ཅན་དང་འདྲའོ། །གར་ཐབས་རྣམ་པ་སྣ་ཚོགས་ཀྱིས། །ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་གར་ཐབས་ཀྱིས་ཡོངས་སུ་བསྒྱུར་ཞིང་རབ་ཏུ་འབྱུང་བ་སྟེ། དེས་པདྨ་དང་སྣ་ཚོགས་པདྨ་ལ་སོགས་པ་པདྨས་མཚན་པ་དང༌། རྡོ་རྗེ་དང༌། དུང་དང༌། རལ་གྲི་དང༌། འཁོར་ལོ་དང༌། དབྱིག་པ་དང༌། གཏུན་ཤིང་ལ་སོགས་པ་ནི་པདྨ་དང་བཅས་པར་གནས་པ་ནི་པདྨར་བཅས་པའོ། །པདྨའི་མཆོག་པདྨར་བཅས་བ་དེས་ཕྱག་རྒྱ་རྣམས་འཁོར་ལོར་བསྐོར་ཞེས་བྱ་བར་སྤྱར་རོ། །པདྨའི་སྒྱུ་མས་རྣམ་སྦྱངས་ནས། ཞེས་བྱ་བ་ནི་པདྨའི་མཁའ་འགྲོ་མ་རྣམས་ཀྱིས་སོ། །རྐང་པ་གཡས་པ་ས་ལ་གཞག་སྟེ། པདྨའི་གདན་གྱིས་རྐང་པ་གཡོན་པ་སྐྱིལ་མོ་ཀྲུང་གི་ཚུལ་དུ་གཞག་པ་ནི་སྐྱིལ་མོ་ཀྲུང་ཕྱེད་པའོ། །བུད་མེད་ཕྱག་རྒྱ་ཞས་པ་ནི་ཁུ་ཚུར་གྱི་ཕྱག་རྒྱའོ། །བཅིང་བར་བྱ་ཞེས་པ་ནི་བཅིངས་བ་སྟེ་འཇོག་པའོ། །སྙིང་གར་ཞེས་བྱ་བ་ནི་ལྷག་མ་སྟེ། ལག་པ་གཡོན་པས་གཟུང་བར་བྱའོ། །ཆུ་སྲིན་ཚུལ་དུ་བསྒྲེང་བར་བྱ། །ཞེས་པ་ནི་མཆོད་རྟེན་གྱི་རྒྱལ་མཚན་འཛིན་པ་སྟེ་རྣམ་པར་ལྟ་བའོ། །དེ་ལྟར་གྲུབ་པ་ནི་རྣམ་དག་དཔལ་དུ་འགྱུར་རོ། །དེ་བཞིན་དུ་སྒྲོལ་མ་ལ་སོགས་པ་ནི་བྱང་ཆུབ་མཆོག་ལ་སོགས་པ་སྟེ། དེ་དག་ཀྱང་རིམ་བཞིན་བསྟན་པའི་མདོག་ནི་ལྗང་གུ་དང༌། སྔོན་པོ་དང༌། དཀར་པོ་དང༌། གསེར་མདོག་དང༌། དམར་པོའོ། །དེ་ནས་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ཕྱག་རྒྱ་ཞེས་པ་ནི་ལས་ཐམས་ཅད་ཀྱི་ཕྱག་རྒྱའོ། །རབ་ཏུ་བསྒྲུབ་ཅེས་པ་རྣམ་པར་དག་པ་བུད་མེད་ལ་སོགས་པ་ཐོབ་པ་སྟེ། གང་གིས་གར་སྔོན་དུ་སོང་


DTG027_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བས་ཕྱག་རྒྱ་ཆེན་པོ་བཅིང་པ་བྱས་ནས། །ཀྱེ་སེམས་དཔའ་པདྨོ་དག་མཆོག་ཏུ་སྒྱུ་མའི་དགའ་བ་བསྟན་དུ་གསོལ་ཞེས་བརྗོད་པར་སྦྱར་རོ། །དེ་བཞིན་གཤེགས་པ་ཀུན་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་རྡོ་རྗེ་འཛིན་པ་ཚངས་པ་ལ་སོགས་པའི་གཟུགས་འཛིན་པ་ཡིན་པར་ཤེས་པར་བྱའོ། །སེམས་ཅན་རྣམ་པ་སྣ་ཚོགས་འདུལ་བ་ནི་གཏི་མུག་རབ་ཏུ་སྤོང་བའི་མཚན་ཉིད་ཅན་ཡིན་པས་ན། སེམས་ཅན་རྣམ་པ་སྣ་ཚོགས་འདུལ་བ་དང༌། མཆོག་གི་དངོས་གྲུབ་མངའ་བའོ་ཞེས་པ་གཉིས་པའི་མཚམས་སྦྱར་བའོ། །དེ་ལ་སེམས་དཔའ་པདྨ་དགའ་མཆོག་སྒྱུ་མའི་དགའ་བ་ཞེས་པ་ནི། པདྨའི་མཁའ་འགྲོའི་དགའ་བའོ། །ཀྱེ་གར་དབང་མཐར་དགའ་བའི་གར་མཛོད་ཅིག་ཅེས་པ་ནི་ཐར་པ་ལ་དགྱེས་པས། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་རབ་ཏུ་སྤོང་བར་སྤྱོད་པའིའོ། །དེ་བཞིན་གཤེགས་པ་ཀུན་ལ་སོགས་པའི་གཟུགས་མཆོག་སྣ་ཚོགས་འཛིན་ཞེས་བྱ་བ་དེ་ཉིད་གསལ་བར་བསྟན་པའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨོ་སྒྱུ་མ་ཞེས་པ་ནི་པདྨའི་དགའ་བའི་སྒྱུ་མའི་དགའ་བའི་དཔལ་ལོ། །རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོ་རྣམས་ཀྱི་གླུ་བསྟན་པ་ཡིན་ཏེ། རྣམ་པ་སྣ་ཚོགས་པ་ནི་རྣམ་པ་ཐ་དད་པའི་ཚུལ་གྱིས་སེམས་ཅན་རྣམས་འདུལ་བར་མཛད་པའི་ཕྱིར། །བྱ་བ་སྣ་ཚོགས་པའི་གར་གྱི་རྣམ་པ་སྟེ། དེས་གར་མཛད་པའོ། །དེས་དག་པ་ནི་པདྨོ་དམ་ཚིག་དབང་ཕྱུག་སངས་རྒྱས་གར་རྣམས་མཛད་དུ་གསོལ་ཞེས་པ་སྟེ། ཀྱེ་གྲོགས་པོ་རྣམས་ཞེས་པའོ། །པདྨོ་འཛིན་པའི་གར་གྱི་མཆོག་ཇི་ལྟ་བུ་ཞེ་ན། འདོད་ཆགས་སད་པར་མཛད་པ་ཡིན་ཏེ། ཇི་ལྟར་པདྨ་རབ་དམར་ཡང༌། །ཞེས་བྱ་བ་ལ་སོགས་པ་དེ་ལ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐུགས་རྗེ་ཆེན་པོ་རབ་ཏུ་འཕེལ་བར་མཛད་པའི་སེམས་ཅན་ཐམས་ཅད་རྣམ་པར་སྦྱོང་ཞིང་གར་མཛད་པའོ། །རྡོ་རྗེ་ཉི་མའི་གླེང་གཞི་བསྟན་པར་བྱ་བའི་ཕྱིར། རྣལ་འབྱོར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། སེར་སྣ་ཅན་རྣམས་སེར་སྣ་རབ་ཏུ་སྤངས་ཏེ། འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ལ་འཇོག་པ་ནི་ནོར་མཆོག་རབ་ཏུ་སྤྱང་བ་


DTG027_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། དེའི་ཕྱིར་ཉི་མ་ལྟ་བུའི་གཟུགས་དང༌། སྤྱོད་ལམ་མ་དང་ཚུལ་དང༌། གཟི་བརྗིད་ཆེན་པོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱག་གཡས་པས་ནི་མདའ་འཛིན། །གཡོན་པས་ནི་གཞུ་འཛིན། ཡང་གཡས་པས་ནི་རལ་གྲི་བསྣམས། གཡོན་ན་ནི་རྡོ་རྗེ་ཉི་མའི་དཀྱིལ་འཁོར་བསྣམས་ལ། སྒེག་པ་དང་ལྡན་ཞིང་འཛུམ་པ་དང་བཅས་པའི་གཡོན་པ་འབྱེད་ཅིང་གྱེན་དུ་འདེགས་པའོ། །རྡོ་རྗེ་པུས་མོ་གཉིས་བཅིངས་ཏེ་ཞེས་བྱ་བ་ནི། པུས་མོ་གཡོན་པའི་སྟེང་དུ་པུས་མོ་གཡས་པའི་ལྷ་ང་གཞག་པའོ། །བདག་གི་སྟན་ལ་འདུག་ནས་ནི། །ཞེས་བྱ་བས་ནི། རྐང་པ་གཡོན་པས་སྐྱིལ་མོ་ཀྲུང་ཕྱེད་ཀྱི་ཚུལ་གྱིས་ཡང་དག་པར་མནན་པ་ནི་བདག་གི་སྟེན་ཏེ། རྐང་པ་གཡས་པ་རྐང་པ་གཡོན་པའི་འོག་ཏུ་གཞག་པར་བྱའོ། །ཇི་ལྟའི་ཚུལ་དག་སྟོན་པ་དག །ཅེས་བྱ་བ་ནི། ཇི་ལྟའི་ཅོད་པན་ཕྱེད་ལ་སོགས་པར་སྟོན་པས་སོ། །འདི་དག་གི་སྐུ་མདོག་ནི་རིམ་བཞིན་དུ་པདྨ་དམར་པོ་དང༌། ལེ་བརྒན་དང༌། བཻ་ཊཱུཪྻ་དང༌། གསེར་གྱི་མདོག་ཅན་ནོ། །ལ་ལ་ན་རེ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་མོ་རྣམས་ནི་རང་རང་གི་བདག་པོའི་སྐུ་མདོག་དང་མཐུན་པའོ་ཞེས་ཟེར་མོད་ཀྱི་དེ་ནི་མ་ཡིན་ཏེ། ཁ་དོག་མ་ཚང་བ་ཉིད་ཀྱི་ཕྱིར་དང༌། མཉམ་པར་ཐལ་བའི་ཕྱིར་དང༌། ཆོ་གའི་ནང་ནས་དེ་སྐད་མི་སྨོས་པའི་ཕྱིར་རོ། །ལས་རྣམས་ཐམས་ཅད་རབ་བསྒྲུབ་པ། །ཞེས་བྱ་བ་ནི་དྲག་པོ་ལ་སོགས་པ་ཁམས་གསུམ་ན་གནས་པ་རྣམས་བཏུལ་བའོ། །རྒྱལ་པོ་སྒྱུ་མ་མཆོག་གི་གླུ། །ཞེས་བྱ་བ་ནི་རྡོ་རྗེ་ཉི་མ་འབྱུང་བའི་གླུ་སྟེ། གང་གིས་གར་སྔོན་དུ་འགྲོ་བའི་ཕྱག་རྒྱ་ཆེན་པོ་བཅིངས་པའོ། །ཁམས་གསུམ་ནི་འཇིག་རྟེན་གསུམ་མོ། །ཀུན་གྱི་རྒྱལ་སྲིད་ནི་དེར་དབང་བསྐུར་བའི་སྤྲུལ་པ་སྟེ། དེས་ན་གདུལ་བྱ་རྣམས་ཀྱི་སེར་སྣ་སྤང་བའི་ཕྱིར། དབང་བསྐུར་བ་ལ་སོགས་པ་ནི་མཆོག་གི་ནོར་དང་ལྡན་པའོ། །འདི་ནི་དབང་བསྐུར་བའི་སྒོ་ནས་བསྐུལ་བའོ། །འཇལ་དུམ་གཡུལ་འགྱེད་རྣམ་མང་ཁྱད་པར་སངས་རྒྱས་ཀྱིས་འདུལ་བཞེས་བྱ་བ་ནི་སྡུམས་དང་འདུལ་བ་དང་ཆད་པ་ཕུལ་དུ་བྱུང་བས་སོ། །དེ་ནས་གཡུལ་འགྱེད་པས་རྒྱལ་བ་ནི། སེར་སྣ་རབ་ཏུ་སྤོང་བར་མཛད་ནས་སེམས་ཅན་ཕུན་སུམ་


DTG027_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚོགས་པ་རྣམ་པ་མང་པོ་ཐོབ་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་རྒྱལ་པོ་བདེ་མཆོག་སྒྱུར་མ་སྟེ། གཏེར་གྱི་སྒོ་ནས་བསྐུལ་བའོ། །རྣམ་པ་སྣ་ཚོགས་འཇལ་དུམ་རྣམ་པར་རྒྱལ་བ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡོད་པའི་སེར་སྣ་རྣམས་སྤོང་བའོ། །དེའི་དོན་དུ་རྒྱལ་མཚན་ཏེ་རྒྱལ་མཚན་མཆོག་གི་སྤྲུལ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདི་ནི་རྒྱལ་མཚན་མཆོག་གི་སྒོ་ནས་བསྐུལ་བའོ། །རྒྱལ་པོ་ནི་རྡོ་རྗེ་ཉི་མ་སྟེ། དེ་ཡི་ངོ་བོ་ཉིད་དུ་གྱུར་པ་བདེ་བའི་མཆོག་ནི་བདེ་བའི་དམ་པའོ། །དེ་ཐོབ་པའི་ཕྱིར་སེམས་ཅན་རྣམས་ཀྱི་མཆོད་པ་ཆེན་པོ་སྤྲུལ་པའི་སྒྱུ་མའོ། །དེ་ཉིད་ནི་ཚུལ་ལྡན་ཏེ་ཚུལ་ཞེས་པ་ནི་སྤྲུལ་པ་བཞིན་དུ་བལྟ་བར་བྱ་སྟེ། འདི་ཡང་མཆོད་པ་ཆེན་པོའི་སྒོ་ནས་བསྐུལ་བའོ། །གཞན་ཡང་སེམས་ཅན་སྤྲིན་ལ་བྱང་ཆུབ་ཅེས་བྱ་བ་ནི་དབང་བསྐུར་བའི་སྒོ་ནས་སོ། །མཆོད་སྦྱིན་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་གཏེར་གྱི་སྒོ་ནས་སོ། །བདག་གི་རེ་བ་ཀུན་སྒྲུབས་མྱུར་དུ་སྟོན། །ཞེས་བྱ་བ་ནི་རྒྱལ་མཚན་མཆོག་གི་སྒོ་ནས་སོ། །ཨ་ལ་ལ་ཞེས་བྱ་བ་ལ་སོགས་པས་ནི། །མཆོད་པ་ཆེན་པོའི་སྒོ་ནས་ལྷ་མོ་རྣམས་ཀྱི་གླུ་བསྟན་པར་བྱ་བའི་ཕྱིར། །མི་ཟད་གཏེར་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཟང་གཏེར་གྱི་དབང་བསྐུར་བའི། །ཞེས་བྱ་བ་ནི། །མི་ཟད་པ་དང༌། དབང་བསྐུར་བ་དང༌། རྣམ་པར་རྒྱལ་བ་དང༌། རྒྱལ་མཚན་དང་མཆོད་པ་སྟེ། མ་ལུས་པ་ཞེས་བྱ་བ་ནི་ཐམས་ཅད་དུ་ཁྱད་པར་འདི་དག་ཐམས་ཅད་ཀྱང་དབང་བསྐུར་བ་ལ་སོགས་པའི་སྤྲུལ་པ་རྣམས་ཀྱིས་སོ། །དེ་དག་ཐམས་ཅད་ཀྱང་བུད་མེད་རིན་པོ་ཆེ་རྣམས་ཀྱི་ཕྱིར་ཏེ། སེམས་ཅན་རྣམས་ཀྱི་དབང་བསྐུར་བ་ལ་སོགས་པའི་དོན་དུ་རྣམ་པར་དག་པའི་བུད་མེད་ཐོབ་པའི་རྒྱུ་ཉིད་དོ། །རིན་ཆེན་སྣ་ཚོགས་ཀུན་ནང་ན། །བུད་མེད་རིན་ཆེན་གཅིག་པུ་མཆོག །ཅེས་པ་སྟེ། རིན་པོ་ཆེ་བསགས་པ་ཐམས་ཅད་ཀྱི་ནང་ན་བུད་མེད་རིན་པོ་ཆེ་གཅིག་པུ་ནི་མཆོག་སྟེ། དམ་པར་གྱུར་པ་ཉིད་ཡིན་ནོ། །ཇི་ལྟ་བུ་ཞེ་ན། བུད་མེད་རིན་ཆེན་དག་པ་དམ་པ་ནི་དབང་བསྐུར་བ་ལ་སོགས་པའི་ངོ་བོ་ཉིད་དང༌། ཉེས་པ་ཐམས་ཅད་དང་བྲལ་བ་ཡིན་པས་ན་བུད་མེད་རིན་པོ་ཆེ་གང་ཡིན་པ་དེ་ནི་དབང་བསྐུར་བ་ལ་


DTG027_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པ་དང༌། ཏིང་ངེ་འཛིན་དང་བསྒོམ་པ་ལ་སོགས་པ་ཐམས་ཅད་ཀྱི་རྩ་བའོ། །དེ་བས་ན་དེ་ལས་ཐོབ་པ་ནི་རྒྱལ་སྲིད་ཐམས་ཅད་མཉམ་སྦྱོར་བ་སྟེ། རྡོ་རྗེ་ཉི་མའི་སྦྱོར་བའོ། །དཔལ་རྟ་མཆོག་གི་སྦྱོར་བ་བསྟན་པའི་ཕྱིར། །རྣལ་འབྱོར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དག་པར་མོས་པ་ཡིས། །ཞེས་བྱ་བ་ནི་ལེ་ལོ་སྤང་བ་སྔོན་དུ་བྱས་པས་སེམས་ཅན་རྣམས་བརྩོན་འགྲུབས་བསྐྱེད་པར་དགོངས་པས་སོ། །འཇིག་རྟེན་ཐམས་ཅད་ཅེས་བྱ་བ་ནི་དབང་ཕྱུག་དམ་པ་ལ་སོགས་པའོ། །རབ་ཏུ་འཇོམས་ཞེས་བྱ་བ་ནི། གནོན་པ་སྟེ་ཕྱག་གི་རྣམ་པ་གྱེན་དུ་འབྱུང་བའི་ཆ་བྱེད་བྲག་ལ་སོགས་པའོ། །ཕྱག་བཞི་པ་ཞེས་བྱ་བ་ནི་སོ་སོར་བསྟན་པ་སྟེ། གཡོན་ན་ཁུ་ཚུར་གྱིས་སྣ་ཚོགས་པདྨ་བསྣམས། གཡས་པ་བ་དན་གསུམ་པ་བསྒྲེང་བའི་ཚུལ་གྱིས་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །ཕྱག་གཉིས་ན་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་མཚན་ལས་ཅི་དགའ་བར་བསྣམས་པའོ། །གཞན་དག་ན་རེ་ཕྱག་ནི་རྣམ་པ་བཞི་བཞི་ཞེས་ཟེར་ཏེ། རྒྱུད་གཞན་དང་རྗེས་སུ་མཐུན་པ་སྟེ། གཡས་ཀྱི་བཞི་ལ་བ་དན་གསུམ་པ་བསྒྲེང་བའི་ཚུལ་ཅན་དང༌། སྣ་ཚོགས་རྡོ་རྗེ་བསྣམས་པ་དང༌། རལ་གྲི་དང་མངའ་བསྣམས་པ་སྟེ་བཞིའོ། །གཡོན་གྱི་ཁུ་ཚུར་གྱིས་སྣ་ཚོགས་པདྨ་འཛིན་པ་དང༌། མདུང་དང༌། དབྱིག་པ་དང༌། གཞུ་བསྣམས་པ་སྟེ། ཕྱག་བརྒྱད་པའོ་ཞེས་ཟེར་རོ། །ཞབས་བཞི་པ་ཞེས་བྱ་བ་གཡས་བརྐྱང་བ་དང༌། གཡས་ཀྱིས་གསུམ་གྲུབ་མ་དང་དཔལ་མོ་གནོན་པ་གཡོན་གྱིས་མིག་གསུམ་པ་དང༌། ཁྱབ་འཇུག་གནོན་པ། ཡང་གཡས་གཡོན་གཉིས་ཀྱིས་གྲོལ་མ་དང༌། དགའ་བ་དང༌། ཚངས་པ་དང༌། ལྷའི་དབང་ཕྱུག་རིམ་བཞིན་གནོན་པས་བཞུགས་ནས་སྔ་མ་བཞིན་དུ་གར་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་བཅིང་བའོ། །གླུ་བསྟན་པའི་ཕྱིར། མྱོས་བྱེད་སྟོང་པས་ལྷག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱོས་བྱེད་ནི་འདོད་པའི་ལྷ་སྟེ། དེ་སྟོང་པས་ལྷག་པའི་བདེ་བས་འདོད་པའི་གཟུགས་སྟོན་པ་སྟེ། ཡིད་འཕྲོག་པའི་སྐུར་སྤྲུལ་པ་མཛད་པས་པོ། །འདིས་ནི་ཞལ་དང་པོ་སྒེག་པར་བསྟན་ཏོ། །


DTG027_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གདུལ་བའི་དབང་གིས་ཞེས་བྱ་བ་ལ་སོགས་པས་ན། ཞལ་དྲག་པོ་བསྟན་ཏོ། །གཞན་ཡང་ཞི་བའི་སྐུར་ཡང་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་ཞི་བ་སྟེ། ཚངས་པའི་ཞལ་ལོ། །ཐམས་ཅད་དག་པས་ཞེས་བྱ་བ་ལ་སོགས་པས་ནི་བཞི་བ་རྟ་གདོང་ངོ༌། །ཧི་ཧི་ཧི་ཧི་ཞེས་བྱ་བ་ནི་ཕ་རོལ་གནོན་པས་རབ་ཏུ་འཇོམས་པའོ། །ཧུ་ལུ་ཧུ་ལུ་ཞེས་བྱ་བ་ནི་ཞུགས་ཤིགས་པའོ། །རུ་ཊ་མ་ཊ་ཞེས་བྱ་བ་ནི་དགའ་བ་དང་བྲལ་བའོ། །སྨ་ར་ར་ཏི་ནི་མངོན་པར་དྲན་པ་སྟེ། ཞི་བའི་ཉམས་དང་ལྡན་པ་མངོན་སུམ་དུ་མཛོད་ཅིག་པའི་བར་དུའོ། །ཨ་ལ་ལ་ལ་ལ་ཧོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །སུམྦྷ་ཞེས་བྱ་བ་ནི་ལྟུང་བར་མཛོད་ཅིག་པའོ། །ནི་སུམྦྷ་ནི་ཞེས་བྱ་བ་ནི་བརྒྱལ་བར་རོ། །ཧཱུཾ་ཞེས་བྱ་བ་ནི་གསོད་པས་སོ། །ཕཊ་ཕཊ་ཞེས་བྱ་བ་ནི་གདུལ་བ་སྟེ། དེ་དག་ནི་བསྐུལ་བའི་ཚིག་གོ །ལྷ་མོ་རྣམས་ཀྱི་གླུ་བསྟན་པའི་ཕྱིར། མཛའ་བོ་མི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་བྱ་བ་འམ་མི་བྱ་བ་ཡོངས་སུ་རྟོག་པའི་དགའ་བ་གང་ཡིན་པའི་མིར་སྐྱེ་བ་ནི་མཛའ་བ་དེ་ཡང་བཅོས་མ་སྟེ། དེ་ལ་མཛའ་བོ་ཡིན་ཞེས་མཛའ་བར་སུ་ཞིག་སྨྲ། ཡང་རྒོལ་བར་བརྩམ་པ་གང་དུ་བྱ་བའམ་མི་བྱ་ཞེས་ཡོངས་སུ་རྟོག་པ་སྐྱེས་པ་དེ་ཡང་རྒོལ་བ་བཅོས་མ་སྟེ། དེ་ལ་དཔའ་བ་ཡིན་ཞེས་སུ་ཞིག་ཟེར་བར་འགྱུར། སྣ་ཚོགས་པདྨ་ལ་སོགས་པ་ལྷ་མོ་གཉིས་ནི་གླུ་འདི་ཉིད་ལས་རྗེས་སུ་དཔག་པ་ཡིན་ནོ་ཞེས་ལ་ལ་ཟེར་རོ། །དཀྱིལ་འཁོར་དུ་ལྷ་རྣམས་ཀྱི་དམ་ཚིག་གིས་བཞུགས་པར་བྱ་བ་དང༌། རྣལ་འབྱོར་པ་རྣམས་ཀྱི་ཡང་བདག་ཉིད་ཀྱིས་བསྒྲུབས་པས་རང་གི་དམ་ཚིག་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་བསྟན་པའི་ཕྱིར། མཛུབ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཛུབ་མོས་མཐེ་བོང་མནན་ནས་ནི། ཞེས་བྱ་བ་ནི་ཐལ་མོ་སྦྱར་བ་བྱས་ལ། མཛུབ་མོ་གཉིས་བཀུག་སྟེ། དེའི་རྩེ་མོ་རང་གི་མཐེ་བོའི་རྩེ་མོས་མནན་པའོ། །རང་གི་མཐེ་བོས་མཛུབ་མོ་མནན། །ཞེས་བྱ་བ་ནི་མཛུབ་མོ་དེ་དག་ཉིད་དང་མཐེའོ་སྦྱར་ནས་རིམ་གྱིས་བཞུགས་པ་ནི་དཔལ་གྲུབ་སྤྱན་ནོ། །རྡོ་རྗེ་ཐལ་མོ་སྦྱར་བ་བཅིངས་ལ་རིམ་པ་དེ་ཉིད་ཀྱིས་རྡོ་རྗེ་སྤྱན་གཉིས་བྱས་ཏེ། རྡོ་རྗེ་སྤྱན་


DTG027_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་ལས་མཛུབ་མོ་གཉིས་བཀུག་སྟེ། མིག་གི་རྣམ་པ་ལྟ་བུར་སྦྱར་ནས་བཅིངས་པ་ནི་དཔལ་རྡོ་རྗེ་སྤྱན་ནོ། །གྲུབ་པ་ནི་རྫོགས་པའོ། །འདིས་ནི་ཞེས་བྱ་བ་ནི་རྡོ་རྗེ་སྤྱན་གྱིས་སངས་རྒྱས་ཐམས་ཅད་ལ་སོགས་པ་ཉིད་དུ་འགྲུབ་པར་འགྱུར་བའོ། །རྡོ་རྗེ་འཛིན་པ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་དང༌། བདེ་བའི་མཆོག་ལ་སོགས་པ་སྟེ། དེ་རྣམས་དབང་དུ་བྱེད་པའོ། །དེས་ན་དེ་དག་ཀུན་གྱི་ཕྱག་རྒྱ་འདི་དག་ཡིན་ནོ། །རྡོ་རྗེ་ཅན་གྱི་ཕྱག་རྒྱ་ནི་རྡོ་རྗེ་སེམས་དཔའ་དེ་ཉིད་ཀྱི་ཡང་ཡིན་ནོ། །རྡོ་རྗེ་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་བཀུག་སྟེ། མཐེ་བོང་གཉིས་བར་དུ་བཅུག་པ་ནི། གཙུག་ཏོར་ཐམས་ཅད་དང་རྣམ་པར་སྣང་མཛད་འཁོར་དང་བཅས་པ་ཡིའོ། །གྱེན་དུ་དབྱེ་ནི་ཞེས་བྱ་བ་རྡོ་རྗེ་ཐལ་མོ་སྦྱར་ནས་གཞག་པ་ལས་དེ་ཉིད་ཀྱི་སོར་མོ་རྣམས་གྱེན་དུ་ཕྱེན་ནས་མཛུབ་མོ་གཉིས་བཀུག་ལ་མཐེ་བོང་གཉིས་མཐེ་བ་འདྲ་བར་འཇོག་པ་སྟེ། འདི་ནི་ཧེ་རུ་ཀ་དང་དེའི་ལྷ་མོ་རྣམས་ཀྱིའོ། །རྨོངས་པར་བྱེད་པ་ཞེས་བྱ་བ་ནི་བརྒྱལ་བར་བྱེད་པའོ། །རྡོ་རྗེ་ཐལ་མོ་མཉམ་པར་སྦྱར་ནས། གུང་མོ་གཉིས་མཉམ་པར་བྱས་ལ་མཐེ་བོད་དང་མཐེའུ་ཆུང་ཁ་ཕྱེ་བ་ནི་པདྨའི་རྒྱལ་པོ་འཁོར་དང་བཅས་པ་ཡིའོ། །མཛུབ་མོ་མཉམ་པར་ཕྱིར་བཀུག་སྟེ། ཞེས་བྱ་བ་ནི་མཛུབ་མོ་གཉིས་མཉམ་པར་བྱས་ཏེ། ཕྱིར་རོལ་ནས་བཀུག་པའོ། །མཐེ་བོ་རྡོ་རྗེ་གཡོགས་པ་ནི། །ཞེས་བྱ་བ་ནི་མཐེ་བོ་གཉིས་རྡོ་རྗེ་བྱས་ལ་དེའི་རྩེ་མོ་གཉིས་རྩེ་སྦྱར་ནས་རྗེས་སུ་བཅིངས་པ་སྟེ། འདི་ནི་རྡོ་རྗེ་མ་ལྷ་མོ་དང་བཅས་པ་ཡིའོ། །མཐེའུ་ཆུང་སྲིན་ལག་མཉམ་པར་སྦྱར། །ཞེས་བྱ་བ་ནི་མཐེའུ་ཆུང་སྲིད་ལག་དང་བཅས་པ་བརྐྱང་བ་ནི་རྐང་པ་བཞི་ཡིའོ། །མཛུབ་མོ་རྩེ་མཉམ་བཀུག་པ་ནི། །ཞེས་བྱ་བ་ནི་མཛུབ་མོ་གཉིས་མཉམ་པོར་སྦྱར་ལ་མགྲིན་པ་ལྟར་ཕྱི་རོལ་བཀུག་པའོ། །རྡོ་རྗེ་དྲིལ་བུ་ལ་སོགས་པ་རང་གི་ཕྱག་མཚན་དང༌། ཕྱག་རྒྱ་འཛིན་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ་ཞེས་པའི་དམ་ཚིག་ཆེན་པོའི་ཕྱག་རྒྱ་ཤེས་པ་བསྟན་པར་བྱ་བའི་ཕྱིར། །ལུས་དང་དག་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་དང་ངག་དང༌། སེམས་ཉིད་རྡོ་རྗེ་སྟེ། དེ་རྣམས་ཀྱི་ལྷ་དང་རྗེས་སུ་འབྲེལ་པས་སོ། །ཐམས་ཅད་འབྱུང་བའི་སྦྱོར་


DTG027_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ཡིས། །ཞེས་བྱ་བ་ནི་ཐམས་ཅད་འབྱུང་བའི་ཚུལ་གྱིས་སོ། །བདག་གིས་ལྷར་ནི་ཞེས་པ་ནི་བདག་གི་ལྷག་པའི་ལྷར་བདག་ཉིད་གྱུར་པ་དེ་བཞིན་དུ་སེམས་དཔའ་ཆེན་པོ་སྤྱན་དྲངས་པ་ལ་སོགས་པ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་ལ་སོགས་པའི་རིམ་པ་རྫོགས་པར་བྱས་ནས་དེའི་ང་རྒྱལ་དང་ལྡན་པས་བསྒོམ་པ་ལ་སོགས་པ་བྱའོ། །སྦྱོར་བ་དང༌། རྗེས་སུ་སྦྱོར་བ་དང་ཤིན་ཏུ་སྦྱོར་བའོ་བདག་ཉིད་ཅན་གྱིས་རྣལ་འབྱོར་གྱི་ཕྱག་རྒྱ་ཤེས་པ་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཀུན་དུ་སྦྱོར་བ་ནི་ཐམས་ཅད་འབྱུང་བའི་སྦྱོར་བ་སྟེ། དེས་གཟུགས་དང་དབྱིབས་ཇི་ལྟ་བ་དང་ལྡན་པའི་སྐུ་དང་གསུངས་དང་ཐུགས་རྡོ་རྗེ་སེམས་ཀྱི་ཕྱག་རྒྱ་དང་ལྡན་པ་ནི་རང་གི་ལྷར་གྱུར་པའི་སྦྱོར་བ་ཅན་ནོ། །ཀུན་གྱི་བདག་ཉིད་ནི་རྡོ་རྗེ་སེམས་དཔའོ། །ཀུན་གྱིས་བདག་ལ་ནི་རང་གི་ལུས་ལའོ། །ཞུགས་པར་བྱ་བ་ནི་རྗེས་སུ་སྦྱོར་བའོ། །ཆགས་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པས་ནི་བདག་ཤིན་ཏུ་སྦྱོར་བ་ཇི་ལྟར་བ་དང་ལྡན་པའོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཇི་སྐད་གསུངས་པའི་རིམ་པས་སྦྱར་བ་དང༌། རྗེས་སུ་སྦྱོར་བ་རྫོགས་པས་ཆགས་པ་དང༌། མ་ཆགས་པ་ལ་སོགས་པ་སྟོང་པ་ཉིད་དུ་བསྒོམས་ནས། ལྷ་མོ་རྣམས་དང་ལྷན་ཅིག་ཏུ་བདག་ཉིད་བསྒོམ་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཀྱང༌། ཡོད་པ་མ་ཡིན་མེད་པ་མིན། །ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་ཉི་མའི་རྣལ་འབྱོར་པས་ནི། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །དེ་བཞིན་དུ་པདྨ་གར་གྱི་དབང་ཕྱུག་གི་རྣལ་འབྱོར་པས་ནི། ཇི་ལྟར་པདྨ་དམ་པོ་འདི། །ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་བསྒོམ་པའོ། །དེ་བཞིན་དུ་རྡོ་རྗེ་ཉི་མའི་རྣལ་འབྱོར་པས་ནི། །ཤིན་ཏུ་གདུག་ཅིང་དྲག་པོ་ལ། །ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །དེ་བཞིན་དུ་རྟ་མཆོག་གི་རྣལ་འབྱོར་པས་ནི། ཐམས་ཅད་དག་པར་མོས་པ་ཡིས། །ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །སྦྱོར་བ་ལ་སོགས་པ་དང་ལྡན་པའི་རྣལ་འབྱོར་པ་ཐམས་ཅད་བསྟན་པའི་ཕྱིར། སྦྱོར་བ་ཇི་སྙེད་


DTG027_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ལ་སོགས་པ་གསུངས་ཏེ། སྦྱོར་བ་ཇི་སྙེད་ཅེས་བྱ་བ་ནི་གར་དང་གླུའི་བསྟན་བཅོས་ལས་སོ། །ཀུན་ཤེས་བྱ་བ་ནི་གར་ལ་སོགས་པའི་བསྟན་བཅོས་ལས་བཤད་པ་རྣམས་ཀྱིས་སོ། །བྱ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་བདེ་བ་མཆོག་གི་ཕྱག་རྒྱའོ། །འོ་བྱེད་ཅེས་བྱ་བ་ལ་སོགས་པ་ནི། ཨེ་མ་བདེ་བའི་ཕྱག་རྒྱའོ། །སྦྱོར་བར་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་ནི་སྒྲོན་མའི་ཕྱག་རྒྱའོ། །སྦྱོར་བ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ནི་ཤི་ཤིའི་ཕྱག་རྒྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཉེ་བར་བསྟན་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དཀྱིལ་འཁོར་དུ་རང་གི་བདག་ཉིད་བསྒྲུབས་པས་ལྷ་རྣམས་ཀྱི་ཞལ་གྱི་ཕྱག་རྒྱ་ལ་སོགས་པས་རྒྱས་བཏབ་པ་དེ་ཉིད་བྱའོ་ཞེས་པ་ནི་ཞལ་གྱི་ཕྱག་རྒྱ་ཇི་སྙེད་པ་བསྟན་པའི་ཕྱིར། ལྷ་མོ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ཀུན་ནི་བདེ་བའི་མཆོག་ལ་སོགས་པའོ། །བདེ་བ་ཆེན་པོ་ནི་དེ་དང་འདུས་པར་གྱུར་པའོ། །དེ་ལས་བྱུང་བ་ནི་མཛེས་པའི་ཞལ་རྣམ་པར་བསྒྱུར་བ་སྟེ། དེས་རྡོ་རྗེ་སེམས་དཔའ་ཐལ་བར་འགྱུར་བ་དང༌། འཚོ་བར་བྱེད་ཅེས་བྱ་བར་སྦྱར་ཏེ། ལྷ་མོ་རྣམས་ཉིད་དང་འདུས་པའི་བདེ་བ་མྱོང་ནས་སྦྱོར་བར་མཛེས་པར་ལྟ་བས་གར་བྱེད་ཅིང་མིག་རྣམ་པར་འདེགས་པ་གང་ཡིན་པ་དང། །ཞལ་རྣམ་པར་བསྒྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །བདེ་བའི་མཆོག་ལ་སོགས་པ་དེ་རྣམས་ཀྱི་ཞལ་གྱི་ཕྱག་རྒྱ་བསྟན་པའི་ཕྱིར། བུད་མེད་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུད་མེད་མཁས་པ་ནི་སྒྱུར་རྩལ་ལ་བྱང་བའོ། །དེ་རྣམས་ཀྱི་སྒྱུར་མ་ཆེན་པོ་ནི། དེ་རྣམས་ཀྱིས་མཛེས་པའི་ཞལ་རྣམ་པར་བསྒྱུར་བའི་རྣམ་པར་སྒེག་པས་རྣམ་པར་བསྒྱུར་བའོ། །རི་མོར་བཅས་ཤིང་སྒེག་པའི་མཆོག་ནི་མཛེས་བའི་རྣམ་པར་ལྟ་བས་གར་བྱེད་ཅིང་ཞལ་གྱི་མདངས་དང་ལྡན་པ་གང་ཡིན་པ་སྟེ་སྔ་མ་བཞིན་ནོ། །སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་ཞལ་གྱི་ཕྱག་རྒྱ་བསྟན་ཏོ། སངས་རྒྱས་ཀྱི་བྱང་ཆུབ་ནི་སངས་རྒྱས་ཀུན་བརྗོད་མ་ལ་སོགས་པའོ། །དེ་དང་འདུས་པ་ནི་མཉམ་པར་སྦྱོར་བའོ། །དེ་ལས་རབ་ཏུ་དགའ་བར་བྱེད་ཅིང་དེ་རྣམས་ལས་གཟིགས་ཤིང་འཛུབ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་


DTG027_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་སྟེ། སངས་རྒྱས་བྱང་ཆུབ་ལེན་པའི་རབ་ཏུ་དགའ་ཞིང་ལྟ་བ་དང་མཛུམ་མོ་ཞེས་མཚམས་སྦྱོར་རོ། །ཤིན་ཏུ་སྲིད་པ་ཡང་དག་པ་སྒྲུབས། །ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡོངས་སུ་རྫོགས་ཏེ་དེའི་དོན་དུའོ། །གསང་བ་ལྟ་བ་ལ་གནས་ནས། །ཞེས་པ་སྟེ། ཞི་བའི་ལྟ་བས་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་ཧེ་རུ་ཀའི་ཞལ་གྱི་ཕྱག་རྒྱ་དང༌། རང་གི་དབུགས་དབྱུང་བ་ནི་དེའི་འཁོར་གྱི་ཡང་བདག་གི་འབྱུང་བ་བཞིན་དུ་ཤེས་པ་བྱའོ། །སྟེག་ལ་སོགས་པས་ཞེས་བྱ་བ་ལ་སོགས་པས་ནི་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་ཞལ་གྱི་ཕྱག་རྒྱ་སྟོན་ཏོ། །འཛུམ་པའི་ཕྱག་རྒྱ་བསྟན་པའི་ཕྱིར། །ལྷ་མོ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ཐམས་ཅད་དང་ཡང་དག་པར་འདུས་པ་མཛད་པའི་བདེ་བ་ཆེན་པོ་ནི་ལྷ་མོ་ཀུན་གྱི་བདེ་བ་ཆེན་པོའོ། །དེ་དང་མཛེས་པ་ནི་མཚུངས་པའོ། །མནན་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཡིའོ། །འདོད་ཆགས་ཐམས་ཅད་ཅེས་བྱ་བ་ནས་ཐལ་བར་འགྱུར་བ་ཡང་འཚོ་བར་བྱེད་ཅེས་བྱ་བའི་བར་གྱིས་ནི་རིམ་བཞིན་དུ། བདེ་བའི་མཆོག་ལ་སོགས་པའི་འཁོར་དང་བཅས་པ་ཡིའོ། །རྣམ་པར་སྣང་མཛད་འཁོར་དང་བཅས་བའི་རབ་ཏུ་དགའ་བར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །དཔལ་ཧེ་རུ་ཀ་འཁོར་དང་བཅས་པ་ནི་རྡོ་རྗེ་ཧ་ཞེས་བཤད་པའོ། །པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པ་ཡི་ནི་སྟེག་པ་ལ་སོགས་པའི་དབྱིངས་དང་ལྡན་པའི་རྗེས་སུ་འགྲོ་བའི་འཛུམ་པའོ། །རྡོ་རྗེ་ཉི་མ་འཁོར་དང་བཅས་པ་ཡི་ནི་ཁྲོ་བ་དང་བཅས་བའི་ཞལ་འཛུམ་པའོ། །རྟ་མཆོག་གི་ནི་རབ་ཏུ་དགའ་བའི་ཚོགས་ཀྱིས་འཛུམ་པ་སྟེ། སྔར་བཤད་པ་བཞིན་ནོ། །ལྟ་བའི་ཕྱག་རྒྱ་ཤེས་པར་བསྟན་པའི་ཕྱིར། བདེ་བ་མྱོང་བར་འགྱུར་བ་ལ་སོགས་པ་གསུངས་ཏེ། བདེ་བ་མྱོང་བ་ནི་ལྷ་མོ་རྣམས་དང་ལྷན་ཅིག་ཤིན་ཏུ་སྦྱོར་བས་སྦྱོར་བ་ནི་བདེ་བ་མྱོང་བཅས་རབ་སྦྱོར་བའོ། །དེས་ཟམ་ཟིམ་དུ་བལྟ་ཞིང་རྣམ་པར་འགྱུར་བ་དེ་རྣམས་ཀྱིས་ཏེ། འདི་ནི་རྡོ་རྗེ་སེམས་དཔའ་ཡིའོ། །བུད་མེད་མཁས་པ་ཞེས་བྱ་བ་ལ་སོགས་པས་ནི། བདེ་བ་མཆོག་ལ་སོགས་པ་ཡིའོ། །སངས་རྒྱས་གསང་བ་ཡིས་ཞེས་བྱ་བ་ལ་སོགས་པ་ནི། རྣམ་པར་སྣང་མཛད་འཁོར་དང་བཅས་


DTG027_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའིའོ། །སྨིན་མཚམས་ཁྲོ་གཉེར་འགྱུར་བཅས་དང༌། །ཞེས་བྱ་བ་ལ་སོགས་པ་ནི། དཔལ་ཧེ་རུ་ཀ་དང་དེའི་འཁོར་དང་བཅས་པའི་སྟེ། རང་གི་འབྱུང་བ་བཞིན་དུ་བལྟ་བར་བྱའོ། །ཁྲོ་ཞིང་འགྱུར་དང་བཅས་པས་འཛུམ། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཉི་མ་འཁོར་དང་བཅས་པའོ། །སྟེག་ལ་སོགས་པའི་རོ་དང་ལྡན། །ཞེས་བྱ་བ་ལ་སོགས་པ་ནི་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའིའོ། །ཆོས་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར། །ན་མོ་སྟུ་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། ལྕེ་ལ་རྡོ་རྗེ་བཟང་པོ་བསྒོམ་པ་མངོན་དུ་བྱས་ནས། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་དགོད་པ་ནི། རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་ཆོས་ཀྱི་ཕྱག་རྒྱའོ། །ཨོཾ་རུ་རུ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་ཆོས་ཀྱི་ཕྱག་རྒྱ་ཉིད་ཀུན་དུ་བསྟན་པ་ཡིན་ནོ། །བརྡར་བསྟན་པའི་ཡན་ལག་གི་སྒོ་ནས་ལྷ་མོ་བཞིའི་དབུས་སུ་བྷ་ག་ཞེས་བྱ་བ་ལ་སོགས་པས་ནི། ཧེ་རུ་ཀ་འཁོར་དང་བཅས་པའིའོ། །བདག་པོའི་སྙིང་པོ་ཟླ་བའི་ཚུལ་དུ་བསྟན་པའི་ཕྱིར། སྐད་ཀྱི་གསངས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཀྱི་གསངས་མཐོན་པོ་ལ་སོགས་པ་ནི་ཤིང་གི་རྒྱུད་རྣམས་ལ་བརྡབས་པའི་བྱེ་བྲག་སྟེ། ལུས་ཀྱང་དེའི་རྗེས་སུ་འགྲོ་བར་བྱའོ། །གཞན་དག་ན་རེ་དབྱངས་ཀྱི་མཐའི་བྱེ་བྲག་ཉིད་ཀྱི་མ་ཏྲ་ཡིན་པར་འདོད་དོ་ཞེས་ཟེར་རོ། །སྐད་ཀྱི་གསངས་མཐོན་པོ་ནི་དབྱངས་ཀྱི་བར་དུ་བཅད་པའོ། །དམའ་བ་ནི་དབྱངས་ཀྱི་བར་དུ་དབྱེ་བའོ། །གྲེ་འགྱུར་ནི་དབྱངས་ཀྱི་བར་ན་འཕོ་བའོ། །བཟླས་པ་ནི་ཆུང་ངུལ་སོགས་པའི་རིམ་པས་བཟླས་པའོ། །ཤིན་ཏུ་ཞི་བ་ནི་མི་གཏུམ་པའོ། །མཆོག་རྣམས་ནི་རོལ་མོའོ། །གསུམ་པོ་དེ་དག་གིས་སོ། །ཚིག་རྣམས་ཀུན་གྱི་ཞེས་བྱ་བ་ནི་ཤིན་ཏུ་དགའ་བའི་རྡོ་རྗེའི་ཚིག་ལ་སོགས་རྣམས་ཀྱིས་སོ། །ཅི་འདོད་པ་ཞེས་བྱ་བ་ནི་ཇི་ལྟར་དགའ་བའོ། །གླུ་ཀུན་གྱི་ཞེས་པ་ནི་ཤ་ཏ་པ་ལ་སོགས་པ་རྣམས་ཀྱིས་སོ། །ཡི་གེ་ཧཱུཾ་ནི་རྡོ་རྗེ་སེམས་དཔའི་བཟླས་པ་སྟེ། ལྷ་མོ་ཐམས་ཅད་ཀྱི་ཡང་དེ་ཉིད་དེ། བདག་པོ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་རང་གྱི་སྙིང་པོ་ནི་ཇི་ལྟར་འོག་ནས་བཤད་པའི་རྣམས་ཀྱིས་སོ། །ཀཱ་ཀ་ལི་


DTG027_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ནི་དེ་ལ་ནི་ཤ་ཏ་ལན་གཉིས་སྒྲོགས་པའོ། །ཡི་གེ་ཨོཾ་ནི་རྣམ་པར་སྣང་མཛད་ཀྱི་བཟླས་པའོ། །ཚངས་པའི་དབྱངས་ཀྱིས་ཞེས་བྱ་བ་ནི་རིག་བྱེད་སྨྲ་བའི་དབྱངས་ཀྱིས་སོ། །རྡོ་རྗེ་དྲག་པོ་གད་མོ་ཆེ། །ཞེས་བྱ་བ་ནི། དཔལ་ཧེ་རུ་ཀའི་ཧ་ཧ་ཞེས་བྱ་བའི་གད་རྒྱངས་སོ། །འབྲུག་གི་སྒྲ་ལྟར་ཟབ་པའི་ཡི་གེ་ཧཱུཾ་སྤྲོ་བའི་གླུ་གང་ལ་རུ་ལུ་རུ་ལུ་ཞེས་བྱ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འབྲུག་གི་སྒྲ་ལྟར་ཟབ་པའི་ཡི་གེ་ཧཱུཾ་གི་སྒྲ་ཟབ་མོ་དང༌། རུ་ལུ་རུ་ལུའི་སྒྲ་ཕྱུང་བ་གང་ཡིན་པའོ། །དེ་ནི་འདི་སྐད་བསྟན་པར་འགྱུར་ཏེ། ཧ་ཧ་ཧ་ཧ། རུ་ལུ་རུ་ལུ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་བཟླས་པ་ཡིན་ནོ། །པདྨ་གར་གྱི་དབང་ཕྱུག་གི་ནི་སྟེ་ཞེས་བྱ་བ་ལ་སོགས་པའོ། །ཧི་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཉི་མའི་འོ། །དེའི་འཁོར་རྣམས་ཀྱི་འོག་ནས་འཆད་དོ། །འཇོམས་པ་ཐམས་ཅད་བསྒྲུབ་པའོ། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་ཀྱི་སྙིང་པོ་རྣམས་འཇོམས་པ་སྟེ། དྲག་པོའི་སྦྱོར་བ་བསྒྲུབ་ཅིང་བཟུང་བ་ཡིན་པས་འཇོམས་པ་ཐམས་ཅད་རབ་ཏུ་བསྒྲུབས་པའོ་ཞེས་མཚམས་སྦྱར་རོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་དག་ཉིད་ཀྱི་སྙིང་པོ་རྣམས་ལས་གང་ལ་དགའ་བ་དང༌། ཀཱ་ཧ་ལ་སོགས་པ་དང་ལྡན་པའི་བར་ནི་རྟ་མཆོག་གི་བཟླས་པར་བྱས་པར་བྱས་པ་ཡིན་ནོ། །ལ་ལ་ན་རེ་རྒྱུད་ཀྱི་ནང་ནས་འབྱུང་བ་དང༌། རྗེས་སུ་མཐུན་པར་ཧི་ཧི་ཧི་ཧི་ཧི་ཞེས་བྱ་བ་ནི་རྟ་མཆོག་གི་བཟླས་པ་ཡིན་ནོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཞེས་བྱ་བ་ལ་སོགས་པ་རྟོག་པའི་ནང་ནས་གསུངས་པའི་བདག་པོའི་སྔགས་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྙིང་པོའི་ནང་ནས་ལྷ་མོ་ཐམས་ཅད་ཀྱི་ཡོད་པས་ན་དེ་རྣམས་ནི་གཞན་དག་ཏུ་མ་བཤད་དེ། འདི་དག་ཉིད་ཀྱིས་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་བའི་ཕྱིར་རོ། །གླུའི་ཕྱག་རྒྱ་ཤེས་པའི་ཞེས་བྱ་བ་ནི་བཟླས་པའི་ཕྱག་རྒྱ་ཤེས་པའོ། །རོལ་མོའི་ཕྱག་རྒྱ་ཤེས་པ་ཉེ་བར་བསྟན་པའི་ཕྱིར། །གླིང་བུ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླིང་བུ་ནི་ཁོང་སྟོང་གོ་རོལ་མོའོ། །རྒྱུད་གཅིག་པ་ནི་པི་ཝང་ངོ༌། །རྒྱུད་མངས་ནི་ཀུ་མུ་དའོ། །རྒྱུད་སྟུག་ནི་རྫ་ལྔའོ། །སིལ་སྙན་ནི་དེ་ལ་བརྡུང་བའི་རོལ་མོའི་ཕྱག་རྒྱ་དེ་རྣམས་སོ། །བརྡུངས་པ་དཔལ་ནི་གཞིར་གྱུར་གྲུབ། །ཅེས་བྱ་བ་ནི་ལྷ་མོ་བཞི་པའི་དངོས་གྲུབ་རྣམ་པ་བཞི་སྟེ།


DTG027_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམ་པ་བཞི་བཅིངས་པ་དང་རྗེས་སུ་འབྲེལ་པས་ཡི་གེ་ཧཱུཾ་ལ་སོགས་པ་ཅི་རིགས་པར་སྤྱོད་པའི་སྙིང་པོ་ལ་སོགས་པས་དེ་རྣམས་དང་ལྷན་ཅིག་ཏུ་བྱ་བ་རྣམ་པ་སྣ་ཚོགས་པ་འགྲུབ་པའོ། །དེས་ཀྱང་རྣམ་པར་སེལ་བ་དང་ཁྱུ་མཆོག་གི་རོལ་པ་གྷ་ཊ་ན་ལ་སོགས་པ་བྱ་བ་དེ་དག་ཉིད་ནི་རོལ་མོའི་ཕྱ་རྒྱ་སྟེ། དངོས་གྲུབ་ཐམས་ཅད་རབ་ཏུ་བསྒྲུབ་པའོ། །ཛཿ་ཧཱུཾ་བཾ་ཧོཿ་ཞེས་བྱ་བ་ནི་རིམ་བཞིན་བདེ་བ་ལ་མཆོག་ལ་སོགས་པ་བཞི་པོའི་སྙིང་པོའོ། །རུ་ཊ་མ་ཊ་ཞེས་བྱ་བ་ནི་སངས་རྒྱས་བྱང་ཆུབ་ཀྱིའོ། །སྨ་ར་ར་ཊ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་ཡིའོ། །རུ་ལུ་རུ་ལུ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མའི་འོ། །བླ་སྲིད་ཏྱ་ཛ་ཞེས་བྱ་བ་ནི་འདོད་པ་ཐམས་ཅད་ཀྱི་ལྕུག་མའིའོ། །ཊ་ཀྐི་ཧཱུཾ་ཛ་ཞེས་བྱ་བ་ནི་རྟ་གདོང་མའིའོ། །ཧུ་ལུ་ཧུ་ལུ་ཞེས་བྱ་བ་རྡོ་རྗེ་གཙོ་མོའི་འོ། །ཨ་ལ་ལ་ཧོ་ཞེས་བྱ་བ་ནི་སྒྲོལ་མའི་འོ། །ཤུདྡྷ་སིདྡྷ་དཪྴ་ཡམ་བཾ་ཞེས་བྱ་བ་ནི་ཐལ་བ་རབ་ཏུ་འཇིག་པ་རོལ་པ་རོ་ལངས་མའི་འོ། །ཀ་ནི་ཞེས་བྱ་བ་ནི་གླིང་བུ་མའི་འོ། །གུ་ནི་ཞེས་བྱ་བ་ནི་རྒྱུད་གཅིག་མའི་འོ། །ཧཱུཾ་ཞེས་བྱ་བ་ནི་རྒྱུད་དམངས་ཀྱིའོ། །ཧཱུཾ་ཞེས་བྱ་བ་ནི་རྒྱུད་སྟུག་གིའོ། །ཏ་ཀེང་ཞེས་བྱ་བ་ལ་སོགས་པ་ནི་རོལ་མོའི་ཚིག་ཏུ་བརྗོད་པའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་རོལ་མོ་རྣམས་ལ་ཡང་ཅི་རིགས་པར་ལྷ་མོ་རྣམས་ཀྱི་རོལ་མོ་དང༌། སྙིང་པོ་དང་རོལ་མོའི་ཚིག་ཏུ་བརྗོད་པ་དང༌། ཡི་གེ་རྣམས་རྗེས་སུ་དཔག་པར་བྱའོ། །ཐལ་མོ་བརྡབ་པ་བསྟན་པ་ཞེས་བྱ་བ་ནི། རྟག་པ་ཞེས་བྱ་བའི་ལམ་གྱི་ཐལ་མོ་བརྡབ་པ་སྟེ། རོལ་མོ་འདི་ནི་རྡོ་རྗེ་སེམས་དཔའི་འོ། །རྒྱུད་ཀྱི་རྔ་བོ་ཆེ་ཞེས་བྱ་བ་ནི། རྣམ་པར་མ་ཆད་པའི་རོལ་མོ་ཡིན་པར་ཤེས་པར་བྱའོ། །དེ་དག་ནི་བདེ་མཆོག་ལ་སོགས་པའིའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་འཁོར་དང་བཅས་པའིའོ། །ཀོ་ཀོ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་ཧེ་རུ་ཀ་འཁོར་དང་བཅས་པའིའོ། །པདྨ་པདྨ་ཞེས་བྱ་བ་ལ་སོགས་པ་ནི་པདྨའི་དབང་ཕྱུག་མ་འཁོར་དང་བཅས་པའིའོ། །ཏྲཾ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཉི་མ་འཁོར་དང་བཅས་པའིའོ། །ཊ་ཀེ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྟ་མཆོག་གིའོ། །བསྙེམས་པའི་འགྲོས་སོ་


DTG027_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ལ་སོགས་པ་བཞི་ནི་ཞལ་བཞི་ཉམས་དང་ལྡན་པའི་རྗེས་སུ་འབྲེལ་པ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་སེ་གོལ་གཏོགས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཞེས་བྱ་བ་གསུངས་པའི་གར་གི་ཕྱག་རྒྱ་ཤེས་པའི་གནས་སྐབས་བསྟན་པའི་ཕྱིར། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་པའི་སེ་གོལ་བརྡབས་པ་ནི་གཡོན་པའི་ཐལ་མོའི། །ཐལ་མོ་དལ་བུས་བརྡབས་པ་ཞེས་བྱ་བ་ལ་སོགས་པ་ནི་གཡས་དང་གཡོན་གཉིས་དུས་གཅིག་སེ་གོལ་བརྡབས་པ་ནི་འདུས་པ་སྟེ། དེ་ཉིད་ནི་བསྡུ་བ་ཞེས་བྱའོ། །དེ་ལམ་གྱི་ཚུལ་བཞིན་འབྲང་བ་ཞེས་བྱ་བ་ནི། །ཇི་ལྟར་རྟག་པ་ལ་སོགས་པའི་ལམ་བཞི་དང་རྗེས་སུ་མཐུན་པའོ། །རྡོ་རྗེ་དྲག་པོ་ནི་དཔལ་ཧེ་ཀུ་ཀའོ། །ཤཱ་ཀྱ་ཐུབ་པ་ནི་བཞིན་གཤེགས་པའོ། །ཨ་ར་ལོ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའོ། །རྟག་པ་ནི་རྣམ་པར་སྣང་མཛད་དོ། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །ཞེས་པ་ནི། མངོན་པར་བརྩོན་པ་ལ་སོགས་ཏེ། རྣམ་པར་རྒྱུ་བ་དང༌། བསྟན་པ་དང༌། དགའ་བ་ལ་སོགས་པ་ཅི་རིགས་པའི་ཚུལ་གྱིས་གནས་པའི་ཁྱད་པར་འདི་དག་གི་ཉམས་དང་ལྡན་པས་ཉེ་བར་གནས་ཤིང་བྱིན་གྱིས་རློབ་སྟེ། དེ་དང་འདྲ་བའམ། དངོས་པོ་ཐམས་ཅད་ཀྱི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ལ། རང་གི་མཆོད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བསྐུལ་བས་ན། འདིར་ཡང་དཀྱིལ་འཁོར་བསྡུས་པ་ཡིན་པར་རྗེས་སུ་དཔག་པར་བྱའོ། །དེ་ནི་འདི་སྐད་བསྟན་པར་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་སྔ་མ་བཞིན་དུ་བྲིས་ལ། དབུས་ཀྱི་རེའུ་ཆ་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བྲི། ཤར་ལ་སོགས་པའི་རེའུ་ཆ་རྣམས་སུ་རྣམ་པར་སྣང་མཛད་ལ་སོགས་པ་བཞི་པོའི་འོ། །ཤར་ལྷོ་མཚམས་ཀྱི་རེའུ་ཆ་ལ་དཔལ་རྟ་མཆོག་གིའོ། །ལྷོ་ནུབ་ལ་སོགས་པའོ་རེའུ་ཆ་རྣམས་ལ་རྡོ་རྗེ་གཙོ་བོ་ལ་སོགས་པ་རྣམས་དགོད་དོ། །ཕྱི་རོལ་གྱི་རི་མོ་ནི་ནང་གི་ཤར་ལྷོ་ལ་སོགས་པའི་མཚམས་རྣམས་སུ་ནི་གླིང་བུ་ལ་སོགས་པའོ། །དེ་བཞིན་དུ་ཕྱི་མཚམས་སུ་ནི་མེ་ཏོག་ལ་སོགས་པའོ། །ཤར་ཕྱོགས་ལ་སོགས་པའོ་སྒོ་རྣམས་སུ་ནི་ལྕགས་ཁྱུ་མ་ལ་སོགས་དགོད་དོ། །དེ་ནས་བསྡུ་བ་ལ་སོགས་པ་བྱ་སྟེ། འཇུག་པ་


DTG027_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པའི་ཆོ་ག་མངོན་པར་རྫོགས་ནས་ཉམས་དང་ལྡན་པས་ཕྱག་རྒྱ་དང༌། ལན་གྱི་ཕྱག་རྒྱ་དང་བཅས་པར་གར་གྱི་མཆོད་པ་བྱའོ། །ཕྱག་རྒྱ་དང་གར་གྱི་མཆོད་པ་བསྟན་པའི་ཕྱིར། །ཕྱག་རྒྱའི་སྦྱོར་བ་ལ་སོགས་པ་གསུངས་ཏེ། འདི་དག་གི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །རང་གི་མཆོད་པ་ཞེས་བྱ་བ་ནི་རང་གི་ཕྱག་རྒྱ་ཆེན་པོའི་མཆོད་པའོ། །ཕྱག་རྒྱ་ཕྱག་རྒྱའི་ལན་རྣམས་དང༌། །ཞེས་བྱ་བ་ལ་སོགས་པ་ནི། །རྒོལ་བ་དང་སླར་རྒོལ་བ་ལ་སོགས་པ་དང་འབྲེལ་བའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་སོ། །ཇི་ལྟར་རབ་ཏུ་སྦྱར་ཞེ་ན། ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་གྱི་སློབ་དཔོན་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་ནོ། །ཀུན་འབྱུང་ལ་སོགས་སྦྱོར་བ་ཡིས། །ཞེས་པ་ནི་སྔར་བཤད་ཟིན་ཏོ། །གར་བྱས་ཏེ་གར་རྩོམ་པར་བྱེད་པས་བདག་ཉིད་ཇི་སྲིད་དུ་ཀུན་དུ་སྣ་ཚོགས་སྐལ་བཟང་པོ་སྟེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དང་འདྲ་བར་འགྱུར་བའོ། །རྒོལ་བ་ནི་སློབ་དཔོན་གྱི་ལུས་ལས་བྱུང་བ་སྟེ། དེས་སངས་རྒྱས་ཐམས་ཅད་འབྱུང་བར་འགྱུར་བ་ནི་རྣམ་པར་སྣང་མཛད་ཕྱག་རྒྱ་ཆེན་པོར་རབ་ཏུ་བསྟན་པའོ། །སླར་རྒོལ་བ་ནི་སློབ་དཔོན་ཏེ། རྡོ་རྗེ་འཛིན་པ་ཆེན་པོའི་བསྒྱུར་ཞེས་པའམ། །དཔལ་ཧེ་རུ་ཀའི་ཕྱག་རྒྱ་ཆེན་པོར་རོ། །རང་གི་འབྱུང་བ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའོ། །དེ་བཞིན་དུ་ལྷ་མོ་ཐམས་ཅད་ཀྱི་སྦྱོར་བ་ལ་ཅི་རིགས་པར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་གླུའི། །ལ་ལར་དྲི་མེད་ཅེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་སེམས་དཔའི་སྒོ་ནས་བསྐུལ་བའོ། །ལ་ལར་རབ་ཏུ་འཇིགས་པའི་ཞེས་བྱ་བ་ལ་སོགས་པས་ནི། དཔལ་ཧེ་རུ་ཀའི་སྒོ་ནས་སོ། །ལ་ལར་མདངས་བཟངས་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་སོ། །ལ་ལར་འགྲོ་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་པདྨ་གར་གྱི་དབང་ཕྱུག་གི་སྒོ་ནས་སོ། །གསུང་མཆོག་ཏུ་ལྡན་པར་སྟོན་ཞེས་བྱ་བ་འདི་དག་ནི་རྡོ་རྗེ་ཉི་མའི་སྒོ་ནས་སོ། །རྡོ་རྗེ་སེམས་དཔའ་བསྒྲུབ་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་ནི་རྟ་མཆོག་གི་སྒོ་ནས་སོ། །ལྷ་མོ་རྣམས་ཀྱི་གླུ་བསྟན་པའི་ཕྱིར། རྣམ་པ་མང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་རྣམ་པ་མང་པོ་གདུལ་བའི་ཕྱིར། །གང་གི་ཚུལ་


DTG027_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ནི་རྣམ་པ་མང་པོ་གདུལ་བར་མཛད་པའི་ཚུལ་ཏེ། རྣམ་པར་སེལ་བ་ལ་སོགས་པའི་བྱ་བ་ལ་རབ་ཏུ་སྦྱོར་བ་དེས་གར་མཛད་པའོ། །དེ་ལ་དག་པའི་གར་ནི་པདྨའི་དམ་ཚིག་སྟེ། གར་གི་དབང་ཕྱུག་སངས་རྒྱས་ཁྱེད་རྣམས་གར་མཁན་ཡིན་པས་གར་མཛོད་ཅིག་པའོ། །རྣམ་པ་མང་པོའི་བདེ་བའི་མཆོག་གི་རབ་ཏུ་གར་མཛད་པས་དེ་ལས་ཐར་པ་རྣམས་ཉོན་མོངས་པ་མེད་པ་ཐོབ་པར་འགྱུར་བས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་སོ་སོའི་རྡོ་རྗེའི་གླུའི་མཆོད་པའི་ཕྱག་རྒྱས་ཤེས་པ་བསྟན་པའི་ཕྱིར། རབ་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་དགའ་བ་ནི་རྡོ་རྗེ་སེམས་དཔའོ། །རྗེས་སུ་ཆགས་པ་ནི་དེ་ལ་དགའ་བའོ། །དེ་ཉིད་ནི་མདའ་དང་གཞུ་ཡིན་ལ་རབ་ཏུ་ཕྲ་བའི་ཕྱིར་ཕྱག་རྒྱ་དེ་གཉིས་ཀྱི་ཕྲ་བའི་རྒྱས་བཏབ་པ་སྟེ། དེ་ནི་བདེ་བའི་མཆོག་གི་ངོ་བོས་སོ། །རབ་ཏུ་དགའ་བས་སྦྱོར་བ་ཡི། །ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བ་སྟེ། དེས་བདེ་བས་ན་དེས་མྱོས་པར་འགྱུར་བའི་ཕྱིར། རབ་ཏུ་དགའ་བར་སྦྱོར་བའི་བདེ་བས་མྱོས་པའི་ཞེས་བྱ་བ་སྟེ། ཨེ་མ་བདེ་བའི་སྒོ་ནས་དེ་ལ་བོད་པའོ། །རབ་ཏུ་བདེ་མཆོག་ཅེས་ལ་རབ་ཏུ་བདེ་བའི་མཆོག་གི་རྣམ་པ་སྣ་ཚོགས་པས་རྣམ་པར་རྒྱལ་བས་ན། དེའི་ཕྱིར་རྒྱལ་མཚན་བསྒྲེང་བའི་ཏོག་ཅན་གང་ཡིན་པ་སྟེ། སྒྲོལ་མའི་སྤྲུལ་བ་དེ་ནི་རབ་ཏུ་བདེ་བའི་མཆོག་རྣམ་པ་སྣ་ཚོགས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེང་བ་སྟེ། །དེའི་ཉེ་བར་ལོངས་སྤྱོད་པའོ། །རབ་ཏུ་དགའ་བའི་ཞེས་བྱ་བ་ལ་སོགས་པ་ནི། ཤི་ཤི་སྒོ་ནས་བསྐུལ་བ་སྟེ། རབ་ཏུ་དགའ་བའི་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །ཀྱི་ཞེས་བྱ་བ་ལ་སོགས་པ་ནི་བདེ་བའི་མཆོག་ལ་སོགས་པའི་བདེ་བས་མཆོག་གྲུབ་པར་མཛོད་ཅིག་པའོ། །ཀྱེ་མའོ་བདེ་བ་ཞེས་པ་ནི་བྷ་ག་དང་ལིང་གའི་ཕྱག་རྒྱའི་བདག་ཉིད་དོ། །ཨེ་མའོ་བདེ་བའོ་ཞེས་བྱ་བ་ནི་ལྷ་མོས་བདེ་བ་སྩོལ་ཅིག་པ་དང༌། སྒྲོལ་མས་སྣང་བར་མཛོད་ལ་བདག་ལ་བདེ་བ་སྩོལ་ཅིག་པ་ནི་ལྷག་མའོ། །ཨེ་མའོ་ཤི་ཤི་ཞུགས་ཤིག་པ་ནི་ཤིན་ཏུ་མྱུར་བའི་མཁའ་འགྲོ་མ་བདེ་བའི་མཆོག་ཏུ་ཞུགས་པའོ། །རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་འཁོར་དང་བཅས་


DTG027_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའིའོ། །དེ་བཞིན་དུ་ཧཱུཾ་རྡོ་རྗེ་ལས་ཀྱི་མདའ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་ཧེ་རུ་ཀ་འཁོར་དང་བཅས་པའིའོ། །ཞལ་བཞིས་སྒོ་ནས་བསྐུལ་བའི་གླུ་ལ་རབ་ཏུ་གྲག་ཅིང་ཞེས་བྱ་བ་ལ་སོགས་པ་ནི་ཞལ་དྲག་པོའི་སྒོ་ནས་ཏེ། པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའིའོ། །འགྲོ་བ་མཐའ་ཡས་ཞེས་བྱ་བ་ལ་སོགས་པ་ནི་རྒྱབ་ཀྱི་དཔའ་བོའི་ཞལ་གྱི་སྒོ་ནས་སོ། །ལ་ལར་རབ་ཏུ་ངེས་ཤིང་ཞེས་བྱ་བ་ལ་སོགས་པ་ནི་གཡོན་གྱི་ཞི་བའི་ཞལ་གྱི་སྒོ་ནས་སོ། །ལ་ལར་རབ་ཏུ་འབར་བའི་ཞེས་བྱ་བ་ལ་སོགས་པ་ནི་དང་པོའི་སྒེག་པའི་ཞལ་གྱི་སྒོ་ནས་སོ། ཐམས་ཅད་དབང་བསྐུར་ཞེས་བྱ་བ་ལ་སོགས་པ་ནི། བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་མོ་བཞིའི་སྒོ་ནས་བསྐུལ་བའི་གླུ་སྟེ། རྡོ་རྗེ་ཉི་མའི་འོ། །ལ་ལར་མཁས་པའི་ཞེས་བྱ་བ་ལ་སོགས་པ་ནི། རྟ་མཆོག་ཞལ་བཞིའི་སྒོ་ནས་བསྐུལ་བའོ། །མཆོད་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་བ་ཉེ་བར་བསྟན་པའི་ཕྱིར། །མེ་ཏོག་དཀར་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྗང་གུ་ཞེས་བྱ་བ་ནི་ཁ་དོག་ལྗང་བའོ། །སྔ་མ་བཞིན་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པའི་ཁ་དོག་ཅན་གྱི་མེ་ཏོག་དང་འདྲའོ། །རིམ་པ་འདི་ཉིད་ཀྱིས་མཚོན་དགྱེ་བའི་གོ་རིམས་ལ་ཡང་བལྟ་བར་བྱའོ། །ཁམས་ལས་བྱུང་བ་ནི་ཁམས་བྱུང་རྣམས་ཀྱང་མེ་ཏོག་གི་རང་བཞིན་དྲི་ཞིམ་པར་བྱས་པའོ། །སྔ་མ་བཞིན་ཞེས་བྱ་བས་ནི་བཅོས་མ་མ་ཡིན་པ་དང་འདྲའོ། །ཙནྡན་གཉིས་ནི་དཀར་པོ་དང༌། དམར་པོའི་བདག་ཉིད་དོ། །གན་ད་ནི་གན་ད་ར་སའོ། །རོ་དྷི་ནི་རྡོ་དྲེག་གོ །སྲྫ་ནི་ར་སའོ། །སེང་ལྡེང་བུ་རམ་ཞེས་བྱ་བ་ནི། །སེང་ལྡེང་དང་བསྐོལ་ཏེ་རི་ལུ་བྱས་པའོ། །ཀ་བི་ཙ་བཅས་ཞེས་བྱ་བ་ནི་རྩྣྡན་དང་ཏུ་རུ་སྐར་བཅས་པའོ། །རྡོ་རྗེ་ཅན་ལ་ཞེས་བྱ་བ་ནི་རྟ་མཆོག་ཅན་ནོ། །གཏོར་མའི་ཕྱག་རྒྱ་ཤེས་པ་བསྟན་པའི་ཕྱིར། །སྒེག་མོ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒེག་མོ་ནི་འབྲུ་ཆང་ངོ༌། །ན་ཆུང་སྦྲང་རྩིའི་ཆང་ངོ༌། །མྱོང་དང་ནི་བུ་ར་མ་ཆང་ངོ༌། །བདུད་རྩི་ནི་རྐུན་ཆང་ངོ༌། །གཅིག་ཕུ་དཔའ་བ་ནི་རྒུན་ཆུའི་བཏུང་བའོ། །འདོད་ཆགས་སྲི་ནི་ཚའོ། །གཡོན་ཅན་ནི་སྐྱུར་པོ་དུས་རིང་དུ་ལོན་པའོ། །བྲན་མོ་ནི་སྐྱུར་པོ་ཡུན་ཐུང་དུ་ལོན་པའོ། །ཕྱུགས་ཆེན་པོ་ནི་སྐྱེས་བུ་ཕྱུགས་ཆེན་ནོ། །རྡོ་རྗེ་ལས་ནི་ཧེ་རུ་


DTG027_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀའོ། །ཐང་པ་ཞེས་བྱ་བ་ནི་ཐང་གི་ཕྱོགས་ནས་བྱུང་བའོ། །ཤའི་མཆོག་ཅེས་བྱ་བ་ནི། ཤའི་མཆོག་དག་གོ །ཕྱག་རྒྱས་དབང་བསྐུར་བའི་ཕྱག་རྒྱ་ཤེས་པ་དག་ཉེ་པར་བསྟན་པའི་ཕྱིར། མཐེ་བོ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཐལ་མོ་སྦྱར་ལ་མཐེ་བོང་གཡོན་པ་གཡས་པས་སེམས་དཔའི་སྐྱིལ་མོ་ཀྲུང་གི་ཚུལ་དུ་མནན་ལ་མཛུབ་མོ་གཉིས་བཀུག་སྟེ་གུང་མོ་གཉིས་མཉམ་པར་སྦྱར་ལ་ཚིགས་གཉིས་པར་ལྕགས་ཀྱུའི་ཚུལ་དུ་གཞག་སོར་མོ་ལྷག་མ་རྡོ་རྗེ་ཐལ་མོའི་ཚུལ་དུ་གཞག་གོ །སངས་རྒྱས་རིན་ཆེན་ཕྱག་རྒྱ་འདི་ནི་སྤྱི་བོར་ནི་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། དཔྲལ་བའི་སྟེང་དུ་མི་བསྐྱོད་པ། སྐུ་མདོག་དཀར་པོས་གནོན་གྱི་ཕྱག་རྒྱ་ཅན་གྱིས་བརྒྱན་པ། གཡས་སུ་རིན་ཆེན་འབྱུང་ལྡན་བཻཌཱུ་རྒྱའི་མདོག་ཅན་མཆོག་སྦྱིན་གྱི་ཕྱག་རྒྱ་དང་ལྡན་པ། རྒྱབ་ཏུ་འོད་དཔག་མེད་གསེར་བཙོ་མའི་མདོག་ཅན་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་ལྡན་པ། གཡོན་དུ་དོན་ཡོན་གྲུབ་པ་སྐུ་མདོག་ལྗང་གུ་མའི་འཇིགས་པ་རབ་ཏུ་སྩོལ་པ་བསྐྱེད་ལ། ཨོཾ་ཨ་བྷི་ཥིཉྩ་མའཾ་ཞེས་བརྗོད་ལ་དབང་བསྐུར་ཏེ། ད་ར་དཔྱངས་ཀྱི་མཐའ་ཡང་བ་ལྟར་བྱས་པ་སྔོན་དུ་འགྲོ་བས་འགྱིང་ཞིང་མཐའ་ནས་དགྲོལ་བ་བྱས་ལ་ཐལ་མོས་བརྟན་པར་བྱའོ། །སེར་མོ་ཐམས་ཅད་ནང་དུ་བསྣོལ། །ཞེས་བྱ་བ་ནི་བཅིང་བ་ནང་དུ་བྱས་པ་ལ་སོར་མོ་ཐམས་ཅད་ནང་དུ་བསྣོལ་བའོ། །སོར་མོའི་རྩེ་མོ་ཀུན་སྤྲད་ནས། ཞེས་བྱ་བ་ནི་སོར་མོ་ཐམས་ཅད་ཀྱི་རྩེ་མོ་ཕན་ཚུན་བསྣོལ་བའི་ངོས་སྦྱར་བའོ། །མཐེ་བོང་རྡོ་རྗེ་མནན་པ་ནི། །ཞེས་བྱ་བ་ནི་རྡོ་རྗེར་བྱས་པའི་མཐེ་བོས་སྟེང་ནས་མནན་པའོ། །སྣ་དང་མིག་སྦུབས་ལྟ་བུ་སྟེ། །ཞེས་བྱ་བ་ནི་སྣ་དང་མིག་གི་སྦུབས་ཀྱི་བུ་ག་འདྲ་བའོ། །འདི་ལ་ཡང་ཧཱུཾ་ཨ་བྷིཥི་ཉྩ་མའཾ། །ཞེས་བྱ་བས་དབང་བསྐུར་ལ་ཐལ་མོའི་མཐར་ཐུག་གི་བར་དུའོ། །ཕྱག་རྒྱ་གཉིས་པོ་དེ་དག་ནི་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་འོ། །རྡོ་རྗེ་ཐལ་མོ་བཅིངས་ནས་རྡོ་རྗེ་རིན་པོ་ཆེ་བྱ་བ་ནི་དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་སྟེ། ཨ་བྷི་ཥིཉྩ་མའཾ། ཞེས་བྱ་བ་དང་སྦྱར་རོ། །དཔལ་ཧེ་རུ་ཀའི་རྡོ་རྗེ་རང་གི་སྙིང་གར་བྱ་བ་སྔོན་དུ་འགྲོ་བ་སྟེ། ཨ་བྷི་ཥིཉྩ་མའཾ་ཞེས་བྱ་བས་དབང་བསྐུར་རོ། །


DTG027_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་པ་ཡང་ཐོད་པའི་ཕྲེང་བ་ཅོད་པན་གྱི་ཕྱག་རྒྱ་རྡོ་རྗེ་སེམས་དཔའ་དང་འབྲེལ་བ་སྟེ། དཔལ་རྡོ་རྗེ་སེམས་དཔའ་པདྨའི་ནོར་བུ་ཆེའི་དབུ་རྒྱན་ཞེས་བྱ་བ་འདིའི་མིང་གི་རྣམ་པའོ། །རང་གི་སྙིང་པོ་ལ་ཨ་བྷིཥིཉྩ་མའཾ། ཞེས་བྱ་བས་དབང་བསྐུར་རོ། །མཐེ་བོང་དང་དཔའ་བོའི་སྐྱིལ་མོ་ཀྲུང༌། ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་སྦྱར་བ་བྱས་ལ་མཐེ་བོང་བཅིང་པ་བྱས་ཏེ། ལྷག་མ་རྣམས་ནི་སྔ་མ་བཞིན་གཞག་གོ །འདི་ཞེས་པ་ནི་ཨ་བྷི་ཥིཉྩ་མའཾ་ཞེས་པདྨའི་དབང་ཕྱུག་འཁོར་དང་བཅས་པས་དབང་བསྐུར་རོ། །རྡོ་རྗེ་ཐལ་མོ་མཉམ་བར་སྦྱར་ལ་མཐེ་བོང་གཉིས་མཉམ་པར་བྱས་པ་བརྐྱང་ལ་མཛུབ་མོ་བསྙམས་ཏེ་རྩེ་མོ་བཀུག་ལ་མཐེ་བོང་གི་རྩེ་མོ་དང་སྤྱར་ཏེ། རིན་པོ་ཆེར་བྱས་པ་ནི་དཔལ་རྡོ་རྗེ་ནོར་བུའི་ཕྱག་རྒྱ་བྱ་སྟེ། རྡོ་རྗེ་ཉི་མ་འཁོར་དང་བཅས་པ་སྟེ། འདི་དང་ཨ་བྷི་ཥིཉྩ་ཞེས་བྱ་བ་དང་དབང་བསྐུར་རོ། །སངས་རྒྱས་རིན་ཆེན་ཞེས་བྱ་བ་ནི་ཅོད་པ་ན་ལྔ་པ་རྡོ་རྗེ་སེམས་དཔའ་དང་འབྲེལ་བའོ། རྣམ་པར་སྣང་མཛད་ཀྱི་ཡང་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་སྟེ། །སངས་རྒྱས་རིན་པོ་ཆེར་བྱས་པའོ། །རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་རྡོ་རྗེའི་ཕྱག་རྒྱའོ། །པདྨ་དམར་པོ་ཞེས་བྱ་བ་ནི་པདྨ་གར་གྱི་དབང་ཕྱུག་རྒྱའོ། །རྡོ་རྗེ་རིན་ཆེན་ཆེན་པོ་ཞེས་བྱ་བ་ནི། རྡོ་རྗེ་ཉི་མའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་དག་ཐམས་ཅད་ལ་ཡང་རྟ་མཆོག་གི་སྙིང་པོས་དབང་བསྐུར་རོ། །ད་ནི་སྙིང་གའི་ཟླ་བ་ལ་གནས་པའི་རྡོ་རྗེ་ལ་སོགས་པ་སེམས་ཀྱི་གསང་བ་བསྐུལ་བའི་རྡོ་རྗེ་ཕྱག་རྒྱ་བསྟན་པའི་ཕྱིར། །སོར་མོ་ཕན་ཚུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བསམས་པ་ཞེས་བྱ་བའི་གཡོན་པ་མཛུབ་མོ་དང་མཐེ་བོང་གཉིས་མངལ་དུ་བྱས་ལ། དེར་གཡས་པའི་མཐེ་བོང་མཚན་བཅུག་ལ་བསྡམས་པ་འདི་ནི་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་སྐུའི་གསང་བ་བསྐུལ་བར་བྱེད་པའོ། །དགའ་བའི་རྡོ་རྗེ་ཞེས་བྱ་བ་ནི་བཤད་མ་ཐག་པའི་དགའ་ཆེན་དཔལ་གྱི་རྡོ་རྗེ་ཉིད་དོ། །གུང་མོ་བཅིངས་པའི་ནང་དུ་གཞུག །ཅེས་བྱ་བ་ནི། རྡོ་རྗེ་བཅིང་པའི་ནང་དུ་ཕན་ཚུན་བསྒྱེལ་ནས་གཞག་པའི་ནང་དུའོ། །མཐེ་བོང་མཐེ་ཆུང་མོ་ཅན། །ཞེས་བྱ་བ་ནི་མཐེའུ་ཆུང་དང་མཐེ་བོང་གཉིས་སྦྱར་བ་བྱས་པའོ། །འདི་ནི་རྡོ་རྗེ་ཕྱག་རྒྱ་སྟེ། རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་


DTG027_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ཀྱི་གསང་བ་སྐུལ་བར་བྱེད་པའོ། །དེ་ལས་ཞེས་བྱ་བ་ནི་དགའ་བ་ཆེན་པོ་བདེ་བའི་རྡོ་རྗེ་ལས་སོ། །དེ་ལས་གུང་མོ་གཉིས་ལྕགས་ཀྱུར་བྱས་ལ། སྙིང་གར་བསྟོད་པ་ནི་ཡང་བཅོམ་ལྡན་འདས་དེ་ཉིད་འཁོར་དང་བཅས་པའིའོ། །གསང་བའི་དམ་ཚིག་རྡོ་རྗེའི་འཁོར་ལོ་རྣམས་ནི་རྣམ་པར་སྣང་མཛད་འཁོར་དང་པའིའོ། །རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་བ་ནི་བཤད་མ་ཐག་པ་དེ་ཉིད་དོ། །ཡང་དག་པར་བྱས་པ་ནི་གཅིག་ལ་གཅིག་མཐིལ་སྤྲད་པ་སྟེ། ཡི་གེ་ཨ་བརྗོད་ལ་སྤྱོད་པ་འདི་ནི་གཞུག་པའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་སྔར་བཤད་མ་ཐག་པའོ། །གུང་མོ་དེ་བཞིན་བཀུག་ནས་ནི། །ཞེས་བྱ་བ་ནི། གུང་མོ་ནམ་མཁའ་རྡོ་རྗེ་མཆོག །ཅེས་བྱ་བ་ནི་གུང་མོ་དེ་བཞིན་དུ་བཀུག་པ་བྱས་ལ་རབ་ཏུ་ནམ་མཁའ་ཇི་ལྟར་འགྱུར་རོ། མཐེ་བོའི་རྩེ་མོ་དེ་བཞིན་མཉམ་པ་ནི་མཐེ་བ་གཉིས་ཕན་ཚུན་བཅེར་ནས་སྦྱར་བའོ། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག། ཅེས་བྱ་བ་ནི། པདྨ་འདྲ་བར་མཛུབ་མོ་བཀུག་པ་སྟེ། འདི་ནི་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི། །རྡོ་རྗེ་པདྨ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །མཐེའུ་ཆུང་བ་བསྙམས་པའི་རྩེ་མོ་མདེའུ་ཞེས་བྱ་བ་ནི། མཐེའུ་ཆུང་གཉིས་ལེགས་པར་སྦྱར་བའོ། །རྡོ་རྗེ་མདའ་ནི་ཡོངས་སུ་འཕངས། །ཞེས་བྱ་བ་ནི་མདའ་འཕེན་པའི་ཚུལ་དུ་བྱས་པ་སྟེ། འདི་ནི་རྡོ་རྗེ་ཉི་མ་འཁོར་དང་བཅས་པའིའོ། །རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱའོ། །གུང་མོ་བཅིངས་པའི་ཕྱི་རོལ་གཞག །ཅེས་བྱ་བ་ནི། གུང་མོ་གཉིས་ཕྱི་རོལ་དུ་ལེགས་པར་སྦྱར་བ་ནི་རྟ་མཆོག་གི་ཕྱག་རྒྱའོ། །བསྟོད་པ་དང་བཅས་པའི་མིང་གི་ཕྱག་རྒྱ་ཤེས་པ་བསྟན་པའི་ཕྱིར། ཨཱ་ལི་ཀའི་ལི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་ཡི་གེའི་ཕྲེང་ངོ༌། །མཉམ་པ་ནི་མཚུངས་པའོ། །ཁ་ཡི་ཐད་ཀར་མདུད་པར་བྱ། །ཞེས་བྱ་བ་ནི། །ཇི་ལྟར་རང་གི་ཡི་གེ་རྣམས་རྣམ་པ་སྣ་ཚོགས་པ་རྟོག་པ་བཞིན་དུ། །དེའི་ཁར་དེར་ཡི་གེ་ཧྲའིཿ་ལ་སོགས་པའི་ཡི་གེ་ཐམས་ཅད་དགོད་ཅིང་བྲི་བར་བྱའོ། །གུག་སྐྱེད་ཐམས་ཅད་ནི་ལྕུག་མའི་འདབ་ཀྱི་རྣམ་པར་བྱའོ། །ཡི་གེ་ཡང་གང་དུ་བྲིས་པར་གྱུར་པར་ཡི་གེ་ར་ནི་མྱུར་གུར་བྱའོ། །ཀླད་ཀོར་དུ་གནས་པའི་སྙིང་པོ་ནི་ཉི་ཟླའོ།


DTG027_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚེག་དྲག་གཉིས་ནི་ཟླ་བ་གཉིས་སུ་བྱས་ཏེ། ཡི་གེ་བྲི་བ་འདིས། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་མིང་ཙམ་བྲིས་པས་ཀྱང་སྡིག་བ་ཀུན་ལས་ཐར་བར་འགྱུར་ཞིང་བདེ་བ་ཐམས་ཅད་ལས་སྦྱོར་བར་འགྱུར་རོ། །ལ་ལ་ན་རེ་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི། ཨ་ལ་སོགས་པའི་ཡི་གེའི་ཕྲེང་སྟེ། རིང་པོ་དང་ཐུང་དུ་ལ་སོགས་པའི་བྱེ་བྲག་གིས་མཉམ་པོ་གཉིས་ས་སུ་བྱས་ལ། ཡི་གེ་ཨ་ཡི་གེ་པའི་ཁའི་ཐད་ཀར་རི་མོས་མདུད་པར་བྱས་ནས། འོག་གི་ཨ་ལ་སོགས་པ་རིང་པོ་དང་ཐུང་དུ་ལ་སོགས་པའི་རིམ་པས་ཕྱིས་རི་མོ་རྣམས་ཀྱིས་ཡོངས་སུ་མདུད་པར་བྱའོ། །ཡི་གེ་ཐམས་ཅད་དགོད་པར་བྱ། །ཞེས་བྱ་བ་ནི། ཀ་ལ་སོགས་པའི་ཡི་གེ་རྣམས་ཀྱང་བཀུག་ནས་འོད་ཟེར་གྱི་རྣམ་པ་ལྟ་བུ་སྤྲོས་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །གུག་སྐྱེད་དག་གིས་ལྕུག་མ་ལ་བྱ་ཞེས་བྱ་བ་ནི་གུག་སྐྱེད་ནི་ཤེས་རབ་ལྕུག་མ་ནི་སྙིང་རྗེ་སྟེ། ཟླ་བ་ཕྱེད་དང་བཅས་པ་ནི་ཀླད་ཀོར་དང་བཅས་པའི་ར་ནི། །འདིར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་བསམ་མོ་ཞེས་རྟོགས་པར་བྱེད་དོ། །གང་ཡང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཡི་གེ་རའི་མེས་ཞུ་བར་གྱུར་ནས་སྣ་ཚོགས་པདྨ་ལ་གནས་པའི་དཀྱིལ་འཁོར་རྫོགས་པར་བྱས་ལ་ཀ་ལ་སོགས་པའི་འོད་ཟེར་དང་བཅས་པ་འདིར་གཞག་པས་སྣ་ཚོགས་པ་བསྐྱེད་ཅིང་སྤྲོ་བ་དང་བསྡུས་བ་ལ་སོགས་པ་ཅི་ལྟ་བ་བཞིན་དུ་བྱའོ། །དེ་ལྟར་བཤད་པ་ལ་སོགས་པ་དེ་དག་ཀྱང་རྣམ་པར་རྟོག་པ་ཙམ་སྟེ། ནང་དུ་ཡི་གེ་བྲི་བའི་གནས་སྐབས་ནི་མ་ཡིན་ཏེ། བསྟོད་པ་དང་བཅས་པའི་མིང་གི་དབང་དུ་བྱས་པའི་དོན་དང་འབྲེལ་པ་མ་ཡིན་ནོ། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་ཞེ་བྱ་བ་ནི་རིམ་གྱིས་བཤད་པའོ། །རབ་ཏུ་ཆགས་པ་ཞེས་བྱ་བ་ནི་ཆགས་པའི་སྒྲས་མཚན་པའོ། །མཚན་བྲིས་ན་ནི་ཞེས་བྱ་བས་ནི་མཚན་གྱི་མཆོག་ཇི་ལྟ་བ་བཞིན་དུ་དེ་རྣམས་ཀྱིས་བྲིས་བ་དང༌། དེ་བཞིན་དུ་བརྗོད་པ་དང༌། བསྒྲུབ་པའི་བར་གྱི་བསོད་ནམས་ཀྱང་ངོ༌། །བྲི་བ་དང་གདོན་པར་བྱེད་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། དཀྱིལ་འཁོར་དུ་མིང་གིས་བསང་བསྐུར་བའི་ཚེ་ཡང་དཔལ་གྱི་སྒྲས་མཚན་པར་བྱའོ་ཞེས་བསྟན་པའི་ཕྱིར་ལྷག་པའི་ལྷ་ནི་ཞེས་བྱ་བ་ལ་སོགས་


DTG027_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་གསུངས་སོ། །ལྷག་པའི་ལྷ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེའི་མཚན་ཞེས་བྱ་བ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་དཔལ་གྱིས་གས་མཚན་པར་བྱས་ཏེ། རྡོ་རྗེ་མིང་གིས་དབང་བསྐུར་བར་བྱའོ་ཞེས་བའོ། །དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའི་མིང་རྣམས་དང་ཡོན་ལེན་པ་སྔོན་དུ་འགྲོ་བས་བདག་ཉིད་ཇི་ལྟ་བ་བཞིན་དུ་དབང་བསྐུར་བའི་ཕྱག་རྒྱ་བཅིངས་ལ། །ཨོཾ་འདི་ལྟར་ང་ཡིས་ལུང་བསྟན་ཏེ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ངན་འགྲོ་རྣམས་ལས་ཡོངས་བཟླས་ལ། །ཤིན་ཏུ་སྲིད་པ་སྒྲུབ་པ་པོ། །ཀྱེ་ཆེ་གེ་མོ་ཞེས་བྱ་བ་ནི་རྡོ་རྗེ་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་ཏྲཾ་བྷུར་བྷུར་བ་སྭཿ། ཞེས་བརྗོད་པར་བྱའོ། །མི་སྨྲ་བ་ལས་མོས་པ་རྣམས་ཀྱིས་བཟླས་བརྗོད་ཀྱི་དུས་སུ་བརྡའི་ཐ་སྙད་བྱ་བའི་དོན་དུ་བརྡའི་ཕྱག་རྒྱ་ཤེས་པ་ཉེ་བར་བསྟན་པའི་ཕྱིར། །སྤྱི་བོར་ཉུག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨིན་མ་གཡས་པ་བསྐུལ་བ་ནི་ནམ་མཁར་འགྲོ་བ་གྲུབ་པོ་ཞེས་སྟོན་པ་ཡིན་ནོ། །གཡོན་པས་རྣམ་པར་རྒྱལ་བའི་མཆོག་ནི་དངོས་གྲུབ་རབ་ཏུ་གྲུབ་པར་རོ། །ཡང་མིག་གཡོན་པ་བསྐུལ་བ་ནི་བུད་མེད་བཟང་མོ་ཡིན་ནོ་ཞེས་བ་དང༌། གཡས་པས་ནི་སྐྱེས་པ་བཟང་པོའིའོ་ཞེས་སྟོན་ཏོ། །རྣ་བ་གཡས་པ་ལ་རེག་པས་ནི་ཤ་ཞེས་ཟེར་བ་ཡིན་ལ། གཡོན་པས་ནི་ཆང་ཞེས་ཟེར་བ་ཡིན་ནོ། མ་མཆུ་གཡོན་པ་ནི་གནོན་པ་ནི་བདེ་བ་ལ་རེག་པ་ཞེས་པའོ། །ལྐོག་མ་ལ་རེག་པ་ནི་རྟོག་པ་ཐམས་ཅད་སྨྲ་བའི་མཆོག་སྟེ། རྟོག་པ་ཐམས་ཅད་སྨྲ་ཞིང་ཐེག་པ་ཆེན་པོ་བླ་ན་མེད་པ་ཞེས་བྱ་བ་སྟོན་པ་ཡིན་ནོ། །སྙིང་གར་གྱེན་དུ་འདྲེན་མ་ནི་རྡོ་རྗེ་ཐམས་ཅད་གྱེན་དུ་འདྲེན་པའོ། །འཁོར་བ་ཤིན་ཏུ་སྡུད་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡོངས་སུ་འཛིན་པ་ཉིད་དུ་སྨྲ་བ་ཡིན་ནོ། །ལྟེ་བ་ལ་རེག་པས་ཉིད་བུ་མའི་ལམ་ལ་ནན་ཏན་དུ་བསྒྲུབས་པས་ཆོས་ཀྱི་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་ཡིན་ནོ། །རང་གི་དབང་པོ་ཞེས་བྱ་བ་ནི་སྐྱེས་བའི་སྒྲེང་བར་བྱེད་པ་ནི་བདེ་ཞིང་བདེ་བས་སངས་རྒྱས་ཀྱི་བྱང་ཆུབ་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །གཡས་པ་ནི་བསྟོད་པ་དང་དགུག་པའོ། །གཡོན་པ་ནི་སླར་གཏོང་པའོ། དབུང་བ་གཡས་པས་ཡོངས་སུ་འཁྱུད་པ་ནི་ཐམས་ཅད་གྲུབ་པ་ཡིན་ཞེས་སྨྲ་བ་ཡིན་


DTG027_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ། གཡོན་པས་ནི་དབང་ཕྱུག་ཐམས་ཅད་གྲུབ་པ་ཡིན་ནོ་ཞེས་སྨྲ་བ་ཡིན་ནོ། །ལག་པ་གཡས་པའི་ཁུ་ཚུར་བཅངས་པ་ནི་རྒྱས་ཐོབ་ཤིག་པའི་ཚུལ་ལོ། །གཡོན་པ་བཀྲོལ་བ་ནི་ཐང་ཤིང་པའོ། །བརླ་གཡོན་པ་རབ་ཏུ་བརྡབས་པས་ནི་འདོད་པ་ཆེན་པོ་ལ་ཤིན་ཏུ་བརྩོན་པ་ཡིན་ལ་གཡས་པས་ནི་ཆོས་ལ་བརྩོན་པར་སྟོན་པ་ཡིན་ནོ། །པུས་མོའི་ལྷ་ད་གཡོན་པ་ལ་བརྡབས་པ་ནི་མདུད་པ་ཡིན་ལ། གཡས་པས་ཕྱག་འཚལ་བ་སྟོན་པ་ཡིན་ནོ། །དབྱིག་པ་གཡས་པ་རབ་ཏུ་བརྡབས་པ་ནི་རྒྱས་འདེབས་པའོ། །གཡོན་པས་ནི་གྲོལ་ཞིག་པར་སྟོན་པ་ཡིན་ནོ། །རྐང་བ་གཡོན་པས་ས་གནོན་པ་ནི་ནོན་ཅིག་པའོ། །གཡས་པ་ནི་རབ་ཏུ་ཆོམས་ཤིང་པར་སྟོན་པ་ཡིན་ནོ། །བརྡའི་ཕྱག་རྒྱ་འདི་རྣམས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བ་དང་ལྡན་པས་ཇི་ལྟར་རང་གི་བརྡས་བརྟགས་པ་རྣམ་མཁར་འགྲོ་བ་ལ་སོགས་པ་འགྲུབ་ཅིང་རྫོགས་པར་འགྱུར་ཏེ། ཕྱག་རྒྱའི་སྦྱོར་བ་དེ་རྣམས་ཀྱི་ཐ་སྙད་དུ་བྱེད་བཞིན་པ་དེ་ཡིས་ནི་མི་འགྲུབ་ཅིང་མངོན་དུ་མི་འགྱུར་བ་ཡང་མེད་དོ། །དངོས་གྲུབ་བསླངས་བ་ལ་སོགས་པའི་ཕྱག་རྒྱ་འདེབས་པ་དང༌། སངས་རྒྱས་ཀྱི་བྱང་ཆུབ་ཐམས་ཅད་ལ་སོགས་པའི་བདེ་བ་ཅི་ཡོད་པ་དང༌། རང་གི་དོན་གྱི་ལམ་དེ་དག་ལ་སོགས་པ་དེ་རབ་ཏུ་འགྲུབ་ཅིང༌། དེ་རྣམས་རྫོགས་བ་ཁོ་ནར་འགྱུར་རོ། །རྒྱུད་ཀྱི་དོན་རྣམ་པར་དབྱེ་བའི་ཕྱིར་དང༌། དཀྱིལ་འཁོར་ལ་སོགས་པ་ལ་ཡང་གསང་བའི་སྐད་དུ་སྨྲ་བའི་དོན་དུ་སྒྲའི་རྣམ་གངས་ཀྱི་བརྡའི་མིང་བསྟན་པའི་ཕྱིར། །ཨོཾ་ཨཱདྷི་བྷུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ཨཱ་དྷི་བྷུ་ཞེས་བྱ་བ་ལ་ཕྱག་འཚལ་བའི་ཕྱིར་རོ། །དེ་ལ་ལན་གྱི་སྒྲ་ནི་སླར་སྨྲ་བ་སྟེ། ལན་དུ་ཕྱག་འཚལ་བའི་ཚིག་བརྗོད་པའོ། །སེམས་དཔའ་སྔོན་དང་མཐའ་མེད་པ། །ཞེས་བྱ་བ་སོགས་པས་ནི་རྡོ་རྗེ་སེམས་དཔའི་རྣམ་གྲངས་གསུངས་པ་སྟེ། སྔོན་དང་མཐའ་མེད་པ་ཞེས་བྱ་བ་ནི། ཡོད་བཞིན་དང་པོ་སྐྱེ་བ་ཉིད་མེད་པ་སྟེ། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཉིད་དོ། །རྣམ་པར་རྟོག་པ་དང་བཅས་པ་རྣམས་དང་བྲལ་བས་ན་རྡོ་རྗེ་སེམས་དཔའོ། །ཟག་པ་མེ་དཔའི་བདཻ་བ་རྒྱུན་འཆད་པའི་བད་གཉིད་དུ་གྱུར་པས་མཆོག་ཏུ་བདེ་བས་ན། འདི་ནི་ཨེ་མའོ་བདེ་བར་བྱའོ། །སངས་རྒྱས་


DTG027_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་འདུས་པའི་ཕྱག་རྒྱ་ཡིན་པས་ན་སངས་རྒྱས་ཀྱི་ཕྱག་རྒྱའོ། །ལྷ་མ་རྣམས་ཀྱི་རྣམས་ཀྱི་རྣམ་གྲངས་བསྟན་པའི་ཕྱིར། བདེ་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་མཆོག་དང༌། ཨེ་མ་བདེ་བ་དང༌། སྒྲོལ་མ་དང༌། ཤི་ཤིའི་ཕྱག་རྒྱ་ལ་སོག་པ་ནི་ལས་ཀྱི་རྒྱུས་རྒྱས་འདེབས་མ་དང། རྨོངས་བྱེད་མ་དང༌། ཟ་བ་མོ་དང༌། ཚེ་འཕེལ་མ་ཞེས་བྱ་བ་རིམ་བཞིན་དུ་བསྟན་ཏོ། །ལྷ་མོ་གཞན་རྣམས་ནི་སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་མིང་གི་རྣམ་གྲངས་རེ་རེ་ཉིད་དོ། །གླིང་བུ་ལ་སོག་པ་ནས་རྫ་རྡའི་བར་གྱི་མིང་གི་རྣ་གྲང་གླིང་བུ་དང་རྒྱུད་གཅིག་པ་ལ་སོགས་པའི་རྣམ་གྲངས་སོ། །མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ནི་གླ་རྩི་དང་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པའོ། ལྷ་མོ་བཞིའི་ཕྱག་མཚན་གྱི་ཕྱག་རྒྱའི་བྱ་བ་བཤད་པའི་ཕྱིར། སྨིན་མ་བསྐྱོད་པ་ལ་སོགས་པ་གསུངས་ཏེ། བདེ་བ་མཆོག་གི་མདའ་གཞུ་སྟེ། བརྡེགས་པའི་ལྟ་བའི་བདག་ཉིད་པས་སྨིན་མ་བསྐྱོད་པ་ཞེས་གསུངས་སོ། །ཨེ་མ་བདེ་བ་ཡི་ནི་བྷ་ག་དང་ལིང་ག་ཞེས་བྱ་བ་མངལ་གྱི་ཕྱག་རྒྱ་དང་སྐྱེས་བུའི་མཚན་གྱིས་མཚན་པ་སྟེ། དེ་བས་ན་ཨེ་མའོ་བདེ་བའི་ཞེས་གསུངས་སོ། །སྒྲོལ་མའི་ཐོད་པ་པདྨ་ཡིན་པར་བཤད། །ཁ་ཏྭཱཾ་ག་ཡང་རྒྱལ་མཚན་ཞེས་གསུངས་སོ། །ཤི་ཤིའི་འདི་ནི་སངས་རྒྱས་ཕྱག་རྒྱ་པདྨོར་གནས། །བདེ་བ་ཀུན་གྱི་ར་ས་ཡ་ན་ཞེས་གསུངས་སོ། །སངས་རྒྱས་ཀུ་ནི་ཤི་སིའི་ཚིག་གི་སྒྲས་བཤད་དོ། །འཁོར་ལོ་ནི་དམ་ཚིག་གོ །སྐྱེ་བོ་དམ་པ་ཀུན་ཚོགས་པ། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་རྣམ་གྲངས་སོ། །ཚོགས་ཀྱི་དཀྱིལ་འཁོར་དུ་ཡང་མཛའ་བ་ཐམས་ཅད་ཏོག་སྤས་ན་མཛའ་བ་འདུས་པ་ཞེས་བྱའོ། །དེ་བས་ན་ཤེ་པར་བྱའོ། །ཚོགས་ཀྱི་དཀྱིལ་འཁོར་ལས་གཞན་དང་གཞན་དུ་ཡང་མཛའ་བའི་ཚུལ་དག་གིས་དཀྱིལ་འཁོར་ནི་འདི་ལ་ཡོད་དོ། །རྡོ་རྗེ་སེམས་དཔའ་དང་སྦྱོར་བ་གཉིས་སུ་མེད་པར་གྱུར་པ་ནི་དཀྱིལ་འཁོར་ཞེས་བྱའོ། །ལྷ་མོ་ཐམས་ཅད་དང་ཀུན་ནས་འདུས་བ་ནི་ཤིན་ཏུ་སྦྱོར་བའི་མཚན་ཉིད་དེ། ཐམས་ཅད་དུ་སྣ་ཚོགས་པའི་སྐལ་བ་བཟང་པོ་ཞེས་བྱ་བརྗོད་དོ། །རྡོ་རྗེ་སེམས་དཔའ་ལ་སྦྱོར་བ། །ཞེས་བྱ་བ་ནི། །དེའི་བདག་ཉིད་དུ་བསྒོམ་


DTG027_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའོ། དེ་ནི་སངས་རྒྱས་ཀུན་ཏུ་བདག་ཉིད་སྦྱོར་བས་ཞེས་བྱ་བ་སྟེ། སྔར་བཤད་པ་ནི་རྗེ་སུ་སྦྱོར་བའི་མཚན་ཉིད་ཡི་ཤེས་སེམས་དཔའ་ནང་དུ་བསྟིམ་པའོ། །རྣམ་པ་ཀུན་མཁྱེན་ཤས་པའི་ཕྱིར། །ཞེས་བྱ་བ་ནི། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟེ། དེ་དང་གཉིས་སུ་མེད་པའི་ང་རྒྱལ་དང་ལྡན་པ་དེ་ནི་ཀུན་གྱི་སློབ་པ་དཔོན་ཡིན་ཞེས་གསུངས་སོ། །གང་གི་ཚེ་ཡང་ལྷ་མོ་ཐམས་ཅད་དང་ཡང་དག་པར་འདུས་པའི་བདག་ཉིད་ཀྱི་སྦྱོར་བ་མངོན་དུ་བྱེད་པ་དེའི་ཚེ། ཀུན་གྱི་སློབ་དཔོན་དུ་རབ་ཏུ་གནས་པ་སྟེ། ཀུན་དུ་སྣ་ཚོགས་སྐལ་བཟང་པོར་ཡང་ཤེས་པར་བྱའོ། །ཀུན་གྱི་སློབ་དཔོན་རབ་ཏུ་གནས་པ་དེའི་སྒྲུབ་པ་ནི་རྗེ་སུ་སྒྲུབ་བའོ། །གྲུབ་པ་ནི་དཔལ་རྡོ་རྗེ་སེམས་དཔའི་དབང་བསྐུར་བས་དབང་བསྐུར་བ་ནི་རྗེས་སུ་སྒྲུབ་པ་སྟེ། རྒྱལ་མཚན་ཡིན་པར་རྣམ་པར་བཤད་དོ། །མཆོག་ནི་ཀུན་གྱི་སློབ་དཔོན་ལ་སོགས་པ་སློབ་མའི་སྒྲུབ་པའི་གྲོགས་མཆོག་གོ །མཐའ་མ་ནི་དཀྱིལ་འཁོར་དུ་འཇུག་པའི་སྐལ་བ་ཅན་ནོ། །འབྲིང་ནི་དེ་བཞིན་གཤེགས་པའི་སྦྱོར་བར་དབང་བསྐུར་བའོ། །སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེ་མཆོག་གི་དབུ་རྒྱན་ནི་སང་རྒྱས་ལྔའི་དབུ་རྒྱན་ནོ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ནི་ཐོད་པའི་ཕྲེང་པའི་དབུ་རྒྱན་ཏེ། དེ་ནི་དཔལ་གྱི་པདྨོའི་ཚུལ་དུ་བཤད་དོ། །སངས་རྒྱས་རང་བཞིན་གྲུབ་གཅིག་དང༌། །ཞེས་བྱ་བ་ནི་སངས་རྒྱས་གཅིག་གིས་མཚན་པའོ། །གྲུབ་པ་ནི་རབ་ཏུ་གྲགས་པའོ། །པདྨོའི་རང་བཞིན་གཅིག་ཅེས་བྱ་བ་ནི། ཐོད་པ་གཅིག་གིས་མཚན་པའོ། །དེ་གཉིས་ནི་རིམ་བཞིན་དུ་སངས་རྒྱས་དབང་བསྐུར་བ་དང༌། དབང་བསྐུར་བ་ཆེན་པོ་ཡིན་ཞེས་དོན་ཐམས་ཅད་གྲུབ་པས་གསུངས་སོ། །ཡོན་གྱི་དམ་པ་ནི་ནོར་གྱི་དབྱིག་ཐམས་ཅད་དང༌། སྙིང་ཡང་ཐམས་ཅད་ཡིན་ནོ་ཞེས་ཟེར་རོ། །ཙནྡན་དམར་པོ་ག་བུར་དང་སྲེས་པ་ནི་ཁྲག་ཆེན་པོ་ཡིན་པར་ཤེས་པར་བྱའོ། །གཞན་དག་ན་རེ་ནི་ཁྲག་ནག་པོ་བརྗོད་པ་ནི་རྡོ་རྗེ་འཛིན་གྱིའོ། ལ་ལ་ནི་ག་བུར་དང་ལྡན་པར་འདོད་དོ། །དེ་ཉིད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་གཞག་པ་ནི་དཔལ་ཐམས་ཅད་དང་


DTG027_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་པའི་ར་ས་ཡ་ན་ཞེས་བྱའོ། །དཔལ་ཧེ་རུ་ཀའི་གཏོར་མའི་ཆོ་ག་ལ་ཕྱུགས་ཆེན་པོ་ཞེས་གང་གསུངས་པ་དེ་ལ་ཡང་བག་དེ་ལ་བྱས་པའི་རང་བཞིན་ལ་ཙནྡན་དམར་པོས་བསྐུལ་བའི་མིའི་གཟུགས་བརྙན་ཡིན་པར་ཤེས་པར་ཤེས་པར་བྱའི་ཡན་ཏུ་དག་པ་ཉིད་ནི་མ་ཡིན་ནོ། །གང་ཡང་རྟ་མཆོག་གི་གཏོར་མའི་ཆོ་ག་ལ་ཤ་སྨོས་པ་དེ་ཡང་བག་ཟན་ལས་བྱས་པའི་ཁོར་ནར་ཤེས་པར་བྱའོ། །གང་ཡང་རྒྱལ་པོའི་ཟས་ཤ་དང་ཆང་དང་ལྡན་པོ་རྡོ་རྗེ་ཉི་མའི་གཏོར་མའི་གསུངས་པ་དེ་ཡང་བག་ཕྱེའི་ཟན་ལས་བྱས་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། ལ་ལ་ན་རེ་དེ་མེད་ན་བྱ་བ་ཡིན་ཏེ། འབྲས་བུ་བཅོས་མ་ལ་སོགས་པ་བཞིན་ནོ་ཞེས་ཟེར་རོ། །མནའ་དང་དམ་ཚིག་ཅེས་པ་ནི་རྣམ་གྲངས་སོ། །སྡོམ་པ་དང་བདེ་མཆོག་ནི་རྣམ་གྲངས་ཏེ། སངས་རྒྱས་ཐམས་ཅད་ཅེས་གང་གསུངས་པ་དེ་ཡང་དམ་ཚིག་སྟེ། བདེ་མཆོག་གི་ངོ་བོ་ཉིད་དང༌། ཨེ་མའོ་བདེ་བའི་ངོ་བོ་ཉིད་དོ། །སྒྲོལ་མ་ཞེས་བྱ་བ་ནི་རབ་ཏུ་གསལ་བར་རྣམས་བར་གཞག་གོ །ཤི་ཤི་ནི་ཡང་སྲིད་པ་སྟེ། ཕྱག་རྒྱ་དེ་དག་ཐམས་ཅད་ཀྱང་དམ་ཚིག་ཅེས་བྱ་བར་བརྗོད་དོ། །གང་གིས་ཤེ་ན་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཕྱག་རྒྱའི་སྦྱོར་བ་ཡིན་པར་བཤད། །ཅེས་པའོ། །ཕྱག་རྒྱའི་སྦྱོར་བ་ཡིན་པར་གསུངས་ལ། དེ་བཞིན་དུ་སྦྱོར་བ་ཡང་ཕྱག་རྒྱ་ཡིན་པར་བཤད་དོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་བསྒོམ་པ་ལ་སྦྱོར་བས་སྟེ། དེ་ནི་སྦྱོར་བ་ཐམས་ཅད་ཅེས་བཤད་དོ། །ཅིའི་ཕྱིར་ཞེ་ན། ད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སྣ་ཚོགས་པའི་དམ་ཚིག་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཞིང་ཤིན་ཏུ་ཕུལ་དུ་བྱུང་བའི་བདེ་བ་དང༌། ཡིད་བདེ་བའི་ངོ་བོ་ཉིད་རྡོ་རྗེ་དགའ་བ་སེམས་ཀྱི་གསང་བའི་བདག་ཉིད་ཅན་ཏེ། དེ་བས་ན་སྦྱོར་བ་ཐམས་ཅད་ཅེས་བྱའོ། །དེའི་སྦྱོར་བ་ཐམས་ཅད་ཀྱི་བདག་ཉིད་དེའི་ཉེ་བར་ལོངས་སྤྱོད་པ་ནི་གཟུགས་ལ་སོགས་པའི་ཁམས་གསུམ་མོ། །དེ་གསལ་བར་བསྟན་པའི་ཕྱིར། །དེ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ནི་རི་མོ་ཞེས་བཤད་དོ། །སྒྲ་ནི་གླུ་ཡིན་ཞེས་བྱ་བ་ནི་གླུ་བླངས་བའོ། །དྲི་དང་རབ་ཏུ་ཚིམ་པར་བྱེད་པ་ནི་


DTG027_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་གྲངས་སོ། །རོའི་མིང་ནི་ར་ས་ཡ་ན་ཞེས་བྱའོ། །རིག་པ་བདེ་བ་ནི་རེག་པ་གང་ལས་བདེ་བ་སྐྱེད་པར་བྱེད་པ་སྟེ། དེ་ནི་བདེ་བའི་རེག་པའོ། །ཆོས་ནི་ཆོས་ཀྱི་སྐྱེ་མཆེད་དེ། །སྦྱོར་བ་ཡིན་པར་བཤད་དེ། །དེ་ལྟ་བུ་ཉིད་ནི་སྦྱོར་བ་ཐམས་ཅད་ཀྱི་ཉེ་བར་ལོངས་སྤྱོད་པ་ཐམས་ཅད་ཀྱིས་བདག་གི་ལྷའི་སྦྱོར་བ་དང་ལྡན་པས་གང་ལ་ཇི་ལྟར་བདེ་བར་ལོངས་སྤྱོད་པ་དེ་ནི་རང་གི་མཆོད་པའི་དམ་ཚིག་ཡིན་པར་ཤེས་པར་བྱའོ། །རྗེས་སུ་སྦྱོར་བས་མཆོད་ན་ནི། །ཞེས་བྱ་བ་ནི། ཡེ་ཤེས་སེམས་དཔའ་ཡང་གཉིས་སུ་མེད་པར་གྱུར་བས་གཟུགས་ལ་སོགས་པ་ལ་ཉེ་བར་ལོངས་སྤྱོད་པར་བྱེད་པའོ། །སྦྱོར་བ་ཀུན་གྱི་བདེ་བ་ནི་གཟུགས་པ་ལ་སོགས་པ་ལ་ཉེ་བར་ལོངས་སྤྱོད་པ་ལས་བདེ་བ་གང་སྐྱེས་པ་དེ་ནི། བདེ་བ་ཆེན་པོ་ཡིན་ནོ་ཞེས་བཤད་དོ། །རང་གི་ལྷའི་བདག་ཉིད་དུ་བསྒོམས་པ་ནི་ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པ་སྟེ། དེ་ནི་རྣལ་འབྱོར་ཞེས་བཤེད་པ་ཡིན་ནོ། །ཏིང་ངེ་འཛིན་དང་སྦྱོར་བ་ནི་མིང་གི་རྣམ་གྲངས་སོ། །ལྷ་མོ་ཐམས་ཅད་མཉམ་པར་སྦྱོར་བ་ཤིན་ཏུ་སྦྱོར་བའི་མཚན་ཉིད་གང་ཡིན་པ་དེ་ནི་སངས་རྒྱས་ཐམས་ཅད་འདུས་པ་ཡིན་ནོ་ཞེས་བཤད་དོ། །གང་གི་ཚེ་ཐམས་ཅད་དང་མཉམ་པར་སྦྱོར་བ་ལ་སོགས་པས་གནས་པ་ནི་སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་པ་སྟེ། དེ་ལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བཞེས་བྱ་བ་འཐོབ་བོ། །བསྒྲུབ་པ་དེ་ནི་དགའ་བར་སྤྱོད་པ་ཞེས་བྱའོ། །རྗེས་སུ་སྦྱོར་བ་ནི་སྔར་བཤད་པའི་ཡོན་ཏན་བསྒྲུབ་པ་ཞེས་བྱའོ། །ལྷ་མོ་རྣམས་ཀྱིས་སྐྱེས་པ་ལྟར་བྱེད་པས་དགའ་བ་སྤྱོད་པ་ནི་སླར་རྗེས་སུ་བསྒྲུབ་པ་ཡིན་ནོ་ཞེས་བཤད་དོ། །བདེ་བའི་མཆོག་ལ་སོགས་པའི་ལྷ་མོ་རྣམས་དང་འདུས་པའི་ཤིན་ཏུ་སྦྱོར་བའི་མཚན་ཉིད་ཀྱི་བདེ་བ་གང་ཡིན་པ་དེ་ནི་འདུས་པ་ཞེས་བྱ་སྟེ། རྒྱུན་ལ་རབ་ཏུ་འཇུག་པའོ། །དེ་ནི་སྦྱོར་བ་ཀུན་ལ་མོས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་མངའ་ནི་བདེ་བ་ནི་ཡིན་ནོ་ཞེས་བཤད་དོ། །དངོས་གྲུབ་ཐམས་ཅད་ལྡང་བའི་སྒྲའི་ཚིག་ཅན་ཏེ། །ཐམས་ཅད་དུ་གྲུབ་པ་གང་ཡིན་པ་དེ་ནི་ལྡང་བ་ཀུན་དུ་འགྲོ་བ་དངོས་གྲུབ་ཆེན་པོ་སྟེ། ལྡང་བ་ཆེན་པོའོ། །དངོས་གྲུབ་ཆེན་པོ་


DTG027_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་གྱི་མཆོག །རྡོ་རྗེ་འཆང་བ་ཆེན་པོ་ཉིད་དང་དབང་ཕྱུག་ཆེན་པོ་བླ་ན་མེད་པ་ནི། བླ་ན་མེད་པའི་དབང་ཕྱུག་ཡིན་ནོ་ཞེས་བཤད་དོ། །ཁམས་གསུམ་པའི་སྒྲིབ་པ་ཐམས་ཅད་དང་བྲལ་བས་རང་གི་རྒྱུད་དང་དངོས་གྲུབ་ཆེན་པོ་ཐམས་ཅད་ཀྱི་མཆོག་དབང་ཕྱུག་ཆེན་པོར་གྱུར་པས་བླ་ན་མེད་པའི་བདེ་བ་ནི་དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་དབང་ཕྱུག་ཆེན་པོའི་བདེ་བའི་མཆོག་སྟེ། དེ་ནི་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ། སྦྱོར་བའི་དབང་ཕྱུག་ཆེན་པོ་ཞེས་བཤད་དོ། །མེ་ཏོག་ནི་ཁྲག་ཅེས་བཤད་དོ། །བདུག་པ་ནི་མདངས་ཀྱི་ཚིག་ཅན་ནོ། །མར་མེ་ནི་ཤ་ཆེན་པོ་ཞེས་བྱའོ། །དྲི་དང་སྤོས་ཐམས་ཅད་ཀྱི་རྣམ་གྲངས་ནི་བཤད་ཟིན་ཏོ། །འོ་མར་གྱུར་པ་ལས་བྱུང་བ་ནི་ཕྲུམ་སྟེ། དེ་ནི་ཟླ་བ་ཉ་མ་ཞེས་བྱའོ། །ཤའི་མིང་ནི་སྨན་ཞེས་བྱའོ། །ཆང་ནི་བཅུད་ཀྱིས་ལེན་ཞེས་བྱའོ། །ཟས་ནི་ཚེ་ཞེས་བྱའོ། །ཤ་དང་ཆང་དུ་ལྡན་པའི་བཟའ་བ་སྣ་ཚོགས་ནི་དགའ་བའི་ལོངས་སྤྱོད་སྐལ་བ་བཟང་པོའི་ཚེའི་དམ་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཨ་མྲའི་འབྲས་བུ་སྨིན་པ་ལ་སོགས་པ་ནི་བདུད་རྩིའི་འབྲས་བུའོ་ཞེས་བཤད་དོ། །སྒྲོལ་བ་ནི་བདེ་བ་མྱང་བ་དང༌། བདེ་བས་རབ་ཏུ་རྨོངས་པ་ཡིན་ནོ་ཞེས་བཤད་དོ། །སྦྱོར་བ་དང་ཏིང་ངེ་འཛིན་རྣམ་གྲངས་ཏེ། གང་ལྷ་མོ་ཐམས་ཅད་དང་ཡང་དག་པར་འདུས་པའི་ལྷ་མོའི་སྦྱོར་བའི་མཚན་ཉིད་ནི། སངས་རྒྱས་ཐམས་ཅད་འདུས་པ་ཞེས་བཤད་དོ། ཨ་མྲ་དང་སྨིན་པ་ལ་སོགས་པ་མིང་གི་རྣམ་གྲགས་སོ། །དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བའི་གླུ་དང༌། སིལ་སྙན་དང༌། གར་བྱེད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་སྤྲུལ་པ་ཞེས་བྱའོ། །རབ་ཏུ་ཞི་བའི་སིལ་སྙན་དང༌། གླུ་དང༌། གར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གླུ་སྟེ། དེ་ནི་ཤིན་ཏུ་རྣམ་པར་འཕྲུལ་པ་ཞེས་བྱའོ། །དུར་ཁྲོད་ཀྱི་གླུ་དང་སིལ་སྙན་དང་གར་བྱེད་པ་ནི་དཔལ་ཧེ་རུ་ཀའི་ཡིན་ཏེ། དེ་ནི་རབ་ཏུ་སྤྲུལ་པ་ཞེས་བྱའོ། །ཆགས་པ་དང་བཅས་པའི་གླུ་དང༌། སིལ་སྙན་དང༌། གར་ནི་པདྨ་གར་གྱི་དབང་ཕྱུག་གི་སྟེ། དེ་ཡང་དཔལ་རྣམ་པར་སྲུལ་པ་ཞེས་བཤད་དོ། །མིའི་དབང་པོའི་གླུ་དང༌། སིལ་སྙན་དང༌། གང་ནི་རྡོ་རྗེ་ཉི་མ་དང་འགྲེལ་བ་


DTG027_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། དེ་ཡང་ཤིན་ཏུ་རྣམ་པར་སྤྲུལ་པ་ཞེས་བྱའོ། །རབ་ཏུ་དགའ་བའི་གླུ་དང༌། སིལ་སྙན་དང་གར་ནི་རྟ་མཆོག་དང་འབྲེལ་བ་སྟེ། དེ་ནི་རྟ་མཆོག་རྣ་པར་སྤྲུལ་བ་ཞེས་བྱའོ། །བདེ་ཞེས་གང་གསུངས་པ་དེ་རབ་ཏུ་བསྟན་པའི་ཕྱིར། །དེ་ཞེས་བྱ་བ་ལ་མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་དུ་སྣ་ཚོགས་པའི་ཕྱག་ཕྱག་རྒྱ་འདི་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་ནམ་མཁའ་ཐམས་ཅད་དུ་འགྲོ་བས་ན། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་ཞེས་བཤད་དོ། །སྒྱུ་མའི་གར་གྱི་དབང་ཕྱུག་ནི་དཔལ་ཧེ་རུ་ཀ་དེ་ནི། །ཨ་རལླི་ཞེས་མིང་འདོགས་སོ། །སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའི་རྣམ་གྲངས་སོ། །ཊཀྐི་འདོད་པ་ཡིན་ཞེས་བཤད། །ཅེས་བྱ་བ་ལ་སོགས་པ་ནི། དཀྱིལ་འཁོར་བླ་སྦྱོར་བའི་མཚན་སྟོན་པ་ཡིན་ཏེ། དེ་ཉིད་ནི་བདེ་མཆོག་ལ་སོགས་པ་ལྷ་མོ་བཞིའི་ངོ་བོ་ཉིད་ཀྱིས་ན་ཏཀྐི་ལ་སོགས་པར་བརྗོད་པ་ཡིན་ནོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་དེའི་ཕྱག་རྒྱ་སྟེ། དམ་ཚིག་གསུམ་གྱི་རིམ་པ་ཞེས་བྱ་བར་བརྗོད་པར་བྱའོ། །བདུག་པ་ལ་སོགས་པ་རིམ་པ་བཞིན་བསྟན་པའི་ཕྱིར། ཛ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། །བདེ་མཆོག་ལ་སོགས་པའི་སྙིང་པོ་སྟེ། འདི་དག་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ཡང་ཡིན་པར་ཤེས་པར་བྱའོ། །དིཤྠ་དྷཱུཾ་ཞེས་པ་ནི་དྲོངས་ཤིག་པའོ། །ཁ་ཁ་ཁཱ་ཧི་ཨ་པི་ཙྸ་པི་ཙ་ད་ར་ད་ར། རུ་ཊ་མ་ཊ། ཧུ་ལུ་ཧུ་ལུ། ཨ་ར་ར་ཨ་ཧོ། །ཨ་ལ་ལ་ཧོ་ཞེས་བྱ་བ་འདི་དག་དང༌། གཞན་ཡང་ཧི་ཞེས་བྱ་བ་ལ་སོགས་པའི་དོན་ཡངས་སངས་རྒྱས་ཀྱི་བྱང་ཆུབ་ནས་རྫ་རྔའི་བར་གྱིས་ཏེ། མན་དག་དང་འགལ་བའི་ཕྱིར་སྙིང་པོ་འདི་དག་དོན་བཤད་པ་ནི་མེད་དོ། །འོ་ན་ཅི་ཞིག་ཅེ་ན། རོལ་མོའི་ཕྱག་རྒྱ་ཤེས་པའི་སྙིང་པོ་ཉིད་ཡིན་པས་ན་དོན་དང་ལྡན་པ་མ་ཡིན་ནོ། །གལ་ཏེ་ཡང་རྟོག་པ་གཙོར་བྱ་ན་ནི་སྒྲུབ་ཐམས་ཅད་ཀྱི་གནས་སྐབས་སུ་འགྱུར་རོ་། །མེ་ཏོག་ལ་སོགས་པ་ཡང་ཡི་གེ་ཧཱུཾ་ལ་སོགས་པའི་གླུ་དང༌། བཟླས་པས་མཆོད་པ་ཐམས་ཅད་དབུལ་བར་བཤད་པས།


DTG027_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟར་གྱི་དཀྱིལ་འཁོར་དུ་བདག་པོའི་སྙིང་པོ་དེ་ཉིད་དང༌། བདེ་མཆོག་ལ་སོགས་པ་ནི་ཕྱག་རྒྱས་འདེབས་པ་ལ་སོགས་པའི་ལས་བྱེད་པས་ན། རྒྱས་འདེབས་མ་ལ་སོགས་པའི་རྣམ་གྲངས་སུ་བརྗོད་དོ། སངས་རྒྱས་ལ་སོགས་པ་ཡི་ནི་ཀུན་དུ་བསྟན་པ་ལ་སོགས་པའི་བཤད་པ་རྣམས་འདི་སྐད་བསྟན་པ་ཡིན་ཏེ། སངས་རྒྱས་ལ་སོགས་པ་ནི་ཀུན་དུ་དུ་བསྟན་པ་ལ་སོགས་ཚིགས་ནི་རྡོ་རྗེ་སེམས་དཔའ་ཡིན་པར་བཤད་དེ། །རིམ་བཞིན་དུ་ཤིན་ཏུ་བསྟན་པ་ལ་སོགས་པའི་རྣམ་གྲངས་སོ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་མིང་བསྟན་པའི་ཕྱིར། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ལ་སོགས་པའི་དོན་དང་རིམ་བཞིན་ནོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི། སངས་རྒྱས་ཀུན་བརྗོད་ལ་སོགས་པ་བཞི་པོའི་སྙིང་པོའོ། །ཐམས་ཅད་མཁྱེན་པ་དང་བདེ་བར་མཁྱེན་པ་གཉིས་ཀྱི་རྒྱུའི་སྙིང་པོ་ནི། །ཡི་གེ་ཨོཾ་དང༌། སརྦ་བིད་ནི་རྣམ་གྲང་སོ། ཨོཾ་རུ་རུ་ཏིཤྠ་སིངྡྔྷ་ལོ་ཙ་ནི་སརྦ་ཨརྷྟ་སཱ་དྷ་ནི་སཱ་ཧཱ། ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་ལྡན་པའི་བཞི་པོའི་སྙིང་པོ་ཡིན་ནོ། །དེ་དག་ཉིད་ཀྱི་དོན་བསྟན་པའི་ཕྱིར་།འཁོར་བའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བའི་དངོས་གྲུབ་ཤེས་པ་ནི། འཁོར་བའི་དངོས་གྲུབ་མཁྱེན་པ་སྟེ། ཨོཾ་རུ་རུ་འཁོར་བར་ཞུགས་ཤིག །སིདྡྷ་ལོ་ཙ་ནི་དངོས་གྲུབ་མཁྱེན་པས་ཟག་པ་མེད་པའི་མཚན་ཉི་ཅན་གྱི་གདན་ལ་བཞུགས་ཏེ། སེམས་ཅན་གྱི་དོན་ཐམས་ཅད་འདི་མཆོག་ཏུ་མཛོད་ཅིག་ཅེས་པ་ནི། །དོན་དམ་པར་མི་གནས་པའི་མྱ་དན་ལས་འདས་པའོ། །ཉེ་བར་ཞི་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་སྟེ། དོན་དམ་པ་དང་ཉེ་བར་ཞི་བ་ནི། །དོན་དམ་པ་ཉེ་བར་ཞི་བ་སྟེ། དོན་ཐམས་ཅད་བསྒྲུབ་ལ་དོན་དམ་པས་བཞུགས་ཤིག །སྭའ་ཧཱ་ས་ཉེ་བར་ཞི་བས་བཞུགས་ཤིག་ཅེས་བྱ་བར་སྦྱར་རོ། །སངས་རྒྱས་ལ་སོགས་པའི་རྣམ་གྲངས་ཀྱིས་ནི་བདག་པོའི་ངོའི་ངོ་བོ་ཉིད་ཀྱི་བཅོམ་ལྡན་འདས་དེ་ཉིད་བསྟན་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཡང་སྐལ་བ་བཟང་པོ་ཞེས་བྱ་བའི་ཚིག་གིས་བསྟན་ཏེ། སངས་རྒྱས་ལ་སོགས་པའི་ངོ་བོ་ཉིད་


DTG027_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་པའི་ཕྱིར་རོ། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་རྣམ་གྲངས་བསྟན་པའི་ཕྱིར། ཀོ་ཏ་ཀཥཱུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིང་བཅུ་པོ་འདི་དག་ནི། སྐྱེ་མཆེད་བཅུའི་སྒོ་ནས་དེ་ཉིད་རབ་ཏུ་བསྟན་པའི་ཕྱིར། །མིང་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་མཚོན་ཆ་བ་ཏི་དང༌། །ཞེས་བྱ་བ་ནི། རྡོ་རྗེ་འབར་བ་དེ་ཉིད་ཀྱི་མིང་སྟེ། བཅོམ་ལྡན་འདས་དེ་ཉིད་ནི་གནོད་སྦྱིན་ཞེས་ཀྱང་བྱའོ། །དཔལ་ཧེ་རུ་ཀའི་རྡོ་རྗེ་ཆེན་པོ་ཐལ་བར་རབ་ཏུ་འཇིག་པ་ཞེས་བྱ་བ་ནི། རྡོ་རྗེ་འབར་བས་རབ་ཏུ་འཇིགས་པར་བྱེད་པར་བསྟན་པའི་ཕྱིར། དེ་ཉིད་ནི། སངས་རྒྱས་ཀུན་གྱི་ཁྲོ་བོ་ཆེ། །ཞེས་པ་སྟེ། དེའི་འབར་བའི་རྡོ་རྗེའི་འཇིགས་པ་ཆེན་པོ་ཞེས་བྱའོ། །ཁཊྭཾ་གའི་ནི་རྒྱལ་མཚན་ཆེན་པོ་ཞེས་བྱའོ། །ཐོད་པ་ཁམ་ཕོར་ནི་པདྨ་ཞེས་བཤད་དོ། །ཁྲག་ཆེན་པོ་ནི་སྦྲང་རྩི་ཆེན་པོ་ཞེས་བརྗོད་དོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བྱ་བ་རྣམས་ནི་རིམ་བཞིན་དུ་སྲུངས་ཤིག་དང་མྱུར་ཅིག་པའི་དོན་ཏེ། དཀར་མོ་ལ་སོགས་པ་བཞིའི་སྙིང་པོའོ། །མ་ཊ་རུ་ཊ་སྨ་ར་ར་ཊ་ཞེས་བྱ་བ་ནི་རོལ་ཅིག་དགོངས་ཤིག་ཅེས་བྱ་བ་ལ་སོགས་པའི་དོན་ཏོ། །སྤོས་མོ་ལ་སོགས་པའི་སྙིང་པོའོ། །བཅོམ་ལྡན་འདས་འདི་ནི་རྡོ་རྗེ་འཛིན་པའི་རྒྱལ་པོ་ཆེན་པོ་དབང་ཕྱུག་ཆེན་པོའི་དམ་པ་སྟེ། དེ་ནི་སྐལ་བཟང་པོ་ཞེས་བཤད་དོ། །སངས་རྒྱས་ཉི་མ་འཇིག་རྟེན་གྱི་དབང་ཕྱུག་དང༌། རྟ་མཆོག་ནི་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་པའི་ཕྱིར། རྒྱལ་པོ་སྤྱན་རས་གཟིགས་ཞེས་བྱ་བྱ་བ་ལ་སོགས་པས་ནི་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་གྱི་མིང་བསྟན་པ་ཡིན་ཏེ། རྣམ་པར་ལྟ་བ་ལ་སོགས་པ་ལྷ་མོ་བཞིའི་ངོ་བོ་ཉིད་དུ་གྱུར་པས། བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་ལ་སོགས་པའོ། །ཤུདྡྷ་ཞེས་བྱ་བ་ལ་སོགས་པ་ནི། རྣམ་པར་ལྟ་བ་ལ་སོགས་པ་དྲུག་གི་སྙིང་པོ་ཡིན་ནོ། །ནམ་མཁའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུ་གཏོགས་པའི་མིང་བསྟན་པ་ཡིན་ཏེ། དྲུག་པོའི་བདག་པོའི་ངོ་བོ་ཉིད་ཡིན་པས་ན། ནམ་མཁའི་སྙིང་པོ་ལ་སོགས་པ་ནི་མིང་གི་རྣམ་གྲངས་ཅན་ནི་བཅོམ་ལྡན་འདས་ཉིད་ཡིན་


DTG027_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་ཤེས་པར་བྱའོ། །དབང་བསྐུར་བ་ཡི་ནི་སྙམ་ཞེས་བྱ་བའི་གཏེར་གྱི་ནི་པ་པའོ། །རྒྱལ་མཚན་གྱི་རྩེ་མོ་ཡི་ནི་ཏ་ཏའོ། །མཆོད་པ་ཆེན་པོ་ནི་ཏྲ་ཊ་ཏྲ་ཊ་ཏྲ་ཊ་ཅེས་བྱ་བའི་སྙིང་པོའོ། །སངས་རྒྱས་བྱང་ཆུབ་ལ་སོགས་པའི་དཀྱིལ་འཁོར་གྱི་བར་ལ་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྙིང་པོ་དེ་ཉིད་ཡིན་ནོ། །ལ་ལ་དག་ནི་ལྷ་མོ་རྡོ་རྗེའི་གཙོ་མོའི་གང་ཡིན་པ་དེ་དག་ཉིད་དོ། །ཐམས་ཅད་ཀྱི་ཡང་བདེ་བའི་མཆོག་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ནི་རང་གི་བདག་པོའི་སྙིང་པོ་ཉིད་ཡིན་ནོ་ཞེས་ཡོངས་སུ་རྟོག་གོ །སྣ་ཚོགས་པདྨོ་ཞེས་བྱ་བ་ལ་སོགས་པ་ནི་རྟ་མཆོག་གི་དཀྱིལ་འཁོར་གྱི་མིང་པ་ཡིན་ཏེ། འཇིག་རྟེན་ཐམས་ཅད་དང་སྣ་ཚོགས་པདྨོ་ཞེས་པ་ནི་མིང་གི་རྣམ་གྲངས་སོ། །བྱང་ཆུབ་ཀྱི་སེམས་ཅན་པོ་ནི་སྣ་ཚོགས་རྡོ་རྗེ་ཞེས་བྱའོ། །ཐམས་ཅད་དག་པར་མོས་པ་ཡིས། །ཞེས་བྱ་བ་ནི་ལེ་ལོ་ཐམས་ཅད་བསལ་བར་དགོངས་པའོ། །གྲོགས་པོ་ཞེས་བྱ་བ་ནི་གྲོགས་པོ་རྣམས་ཀྱིས་སོ། །བཟླས་པའི་དོན་ལྷག་པར་མོས་པ་རྣམས་ཀྱིས་ཀྱང་ཡི་གེ་ཧཱུཾ་ལ་སོགས་པ་བཟླས་ན་འགྲུབ་པར་འགྱུར་བས། ཡེ་ཤེས་ཀྱི་ཕྱག་རྒྱ་ཤེས་པ་བསྟན་པའི་ཕྱིར། རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་བཟླས་པ་ནི་ཡི་གེ་ཧཱུཾ་སྟེ། དེ་ནི་འདི་ཡིན་ཏེ་རྗེས་སུ་ཆགས་པར་བྱའོ་ཞེས་པ་སྟེ། ཁྱེད་ཀྱི་བདག་ཉིད་དུ་མངོན་དུ་བྱས་སོ་ཞེས་པའོ། །ཡི་གེ་ཨོཾ་ནི་རྣམ་པར་སྣང་མཛད་ཀྱིས་བཟླས་པར་བྱ་བ་སྟེ། འདིའི་དོན་རྗེས་སུ་ཆུད་པར་བྱའོ་ཞེས་པ་སྟེ། ཁྱེད་ཀྱི་བདག་ཉིད་ཀྱི་བྱང་ཆུབ་མངོན་དུ་བྱའོ་ཞེས་པའོ། །དཔལ་ཧེ་རུ་ཀའི་བཟླས་པ་ནི་སྔར་བཤད་པའི་རྡོ་རྗེ་ཧ་ཧ་བཞད་པའོ། །དེའི་རྗེས་སུ་སྦྱོར་བ་བྱའོ་ཞེས་པ་སྟེ། ཁྱེད་ཀྱི་བདག་ཉིད་ཆེན་པོ་གཅིག་པུར་གྱུར་པ་བསྐྱེད་པར་བྱའོ་ཞེས་པའོ། །པདྨ་གར་གྱི་དབང་ཕྱུག་གི་བཟླས་པ་ནི་ཡི་གེ་ཨོཾ་སྟེ། དེའི་དོན་རྗེས་སུ་སྦྱོར་བར་བྱའོ་ཞེས་པ་སྟེ། ཁྱེད་ཀྱི་བདག་ཉིད་རང་བཞིན་གྱིས་དག་པའི་ཆོས་ཉིད་མངོན་སུམ་དུ་བྱས་པའོ་ཞེས་པའོ། །རྡོ་རྗེ་མའི་བཟླས་པའི་ཡི་གེ་ཧི་སྟེ། དེའི་དོན་ལ་རྗེས་སུ་ཡི་རང་བར་བྱའོ་ཞེས་པ་སྟེ། ཁྱེད་


DTG027_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་བླ་ན་མེད་པའི་དོན་གྱི་ཕུན་སུམ་ཚོགས་པ་ལས་ཏུ་དགའ་བའི་བདག་ཉིད་ཀྱིས་འཇུག་པར་བྱའོ་ཞེས་པའོ། །རྟ་མཆོག་གི་བཟླས་པ་ནི་ཡི་གེ་ཧཱུཾ་ལ་སོགས་པ་གང་ཡང་རུང་བའོ། །དེའི་རྗེས་སུ་བསྟན་པར་བྱའོ་ཞེས་པ་སྟེ། ཁྱོད་དང་གཉིས་སུ་མེད་པར་གྱུར་པས་ན་ལྷ་དང་འདྲེས་པར་གྱུར་པའོ། །དངོས་གྲུབ་པ་ལ་སོགས་པ་གྲུབ་པ་དང་མ་གྲུབ་པ་ལ་སོགས་པ་ཤེས་པར་བྱ་བའི་དོན་དུ་རྣམ་པར་ཤེས་པའི་ཕྱག་རྒྱ་ཉེ་བར་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའི་དཔལ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་ནི་དང་པོ་ཡི་གེ་ཧཱུཾ་ཞེས་རྡོ་རྗེ་སེམས་དཔའ་རྣམས་པར་བསམས་ལ། ཕྱི་རོལ་དུ་མཆོད་པ་ལ་སོགས་པའི་བྱ་བ་བྱས་ཏེ། ཁྱེའུ་འམ་བུ་མོ་ལ་ཕྱག་རྒྱ་ཆེན་པོས་སྤྱན་དྲང་བ་ལ་སོགས་པའི་རིམ་པ་བྱས་ལ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པོ། །དེའི་མིང་དུ་རྡོ་རྗེ་ཧཱུཾ་ལས་བྱུང་བ་རྣམ་པར་བསམས་ལ། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གདོད་ནས་དག་ཅིང་དྲི་མ་མེད། །ཅེས་བྱ་བའི་བདེན་པ་གང་ཡིན་པ་དེས་ན། ཕྱིན་ཅི་མ་ལོག་པར་མཐོང་བར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱི་རླབས་སྔོན་དུ་བྱ་བ་བསྟན་ཏོ། །དེ་བཞིན་དུ་རྣ་བ་ཡང་ཐམས་ཅད་ཅེས་བྱ་བ་སྟེ། བདེན་པ་གང་གིས་ཆོས་རྣམས་སྒྲ་བརྙན་ལྟ་བུ་ཡིན་པའི་བདེན་པ་དེས་ཕྱིན་ཅི་མ་ལོག་པར་ཐོས་པར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱི་རླབས་བྱས་ལ། སྒྲ་རྣམས་དང་པོར་བསྒོའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་ནི། ལས་ལ་སོགས་པ་ལའོ། །དེ་བཞིན་དུ་དཔལ་ཧེ་རུ་ཀའི་རྣལ་འབྱོར་བ་ནི། གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ཐམས་ཅད་ལའོ། །དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་པ་ནི། སྣ་ཚོགས་པདྨ་ཁ་འབྱེད་པའི་ཚུལ་གྱིས་པདྨ་དེ་ཉིད་ལའོ། །དེ་བཞིན་དུ་རྡོ་རྗེ་ཉི་མའི་རྣལ་འབྱོར་པ་ནི་མེ་ཏོག་ལ་སོགས་པ་ལའོ། །དེ་བཞིན་དུ་རྟ་མཆོག་གི་རྣལ་འབྱོར་པ་ནི་རེག་པ་དང་མ་རེག་པས་རྡོ་རྗེ་རྒྱལ་པོ་ལ་སོགས་པ་དང༌། ཤིང་ལ་སོགས་པ་ལ་སྟེ། རྡོ་རྗེ་ལ་སོགས་པ་ལ་རེག་པ་དང་མ་རེག་པ་ནི་ལག་པ་རིག་པ་དང༌།


DTG027_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་རིག་པ་ཡིན་པར་ཤེས་པར་བྱའོ། །བྱ་བ་དང་བྱ་བ་མ་ཡིན་པ་ལ་སོགས་པ་ཐམས་ཅད་དུ་ཡང་དང་པོའི་སྦྱོར་བ་ཡང་ཐུན་མོང་ཡིན་ནོ། །སྲུང་བའི་ཕྱག་རྒྱ་ཉེ་བར་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་དུར་ཁྲོད་ལ་སོགས་པའི་ཐལ་བ་ལ་ཡི་གེ་ཧཱུཾ་གིས་རྡོ་རྗེ་བྱས་ལ་དེས་ཐིག་ལེར་བྱས་པས་བདག་དང་གཞན་བསྲུང་ངོ༌། །དེ་བཞིན་དུ་རྒྱ་མཚོར་འབབ་པའི་ཆུ་ལ་སོགས་པས་གཏོར་མ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །མིའི་ཐོད་པའི་ནང་དུ་བསྐྱེད་པའི་ཡུངས་ཀར་ལ་སོགས་པ་ཡང་དེ་བཞིན་ནོ། །དེ་བཞིན་དུ་མ་མཆུ་སོས་མནན་ནས་གཡོན་དུ་འབྱིང་བས་འདུད་ལ། དྲིལ་བུ་བཟུང་ལ་གཡས་པས་རྡོ་རྗེ་བཟུང་སྟེ། འཇིག་པས་ཕྱོགས་བཅིང་བ་ལ་སོགས་པར་བྱའོ། །ལྷ་མོ་ཀུན་གྱི་བདེ་བ་ནི་མཆོག་ལ་སོགས་པ་སྟེ། དེ་རྣམས་སམ་གཞན་དག་གཉིས་སུ་མེད་པར་གྱུར་པས་བདག་ཉིད་བྱིན་གྱིས་བརླབས་པ་ལ་སོགས་པ་རྫོགས་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ནི་ལག་པ་གཡས་པའི་རྡོ་རྗེ་མཚམས་བཅིང་བར་བྱའོ། །དཔལ་ཧེ་རུ་ཀའི་རྣལ་འབྱོར་བས་ནི་དེའི་གླུ་དང༌། གར་གྱི་སྦྱོར་བས་ཐམས་ཅད་བསྲུངས་ན་རིམས་ལ་སོགས་པ་འཇིག་པར་འགྱུར་རོ། །པདྨ་གར་གྱི་དབང་ཕྱུག་གི་རྣལ་འབྱོར་པས། རང་བཞིན་གྱིས་རྣམ་པར་དག་པ་ལ་མོས་པས་སྣ་ཚོགས་པདྨ་ཁ་འབྱེད་པས་སྒྲིབ་པ་དང་བྲལ་བ་ལ་སོགས་པ་རྫོགས་པར་བྱའོ། །རྡོ་རྗེ་ཉི་མའི་རྣལ་འབྱོར་པས་ནི། རང་གི་ལུས་རྡོ་རྗེ་འབར་བར་བསྒྲུབ་པས་བསྲུང་བར་བྱའོ། །དཔལ་རྟ་མཆོག་གི་རྣལ་འབྱོར་པས་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལོ་གོ་ཆ་གྱོན་པ་ནས་ཐལ་མོ་བརྡབས་དུ་རྫོགས་པར་བྱས་པས་བདག་ཉིད་བསྲུང་ངོ༌། །གཞན་ནི་བདག་གི་ནང་དུ་བཅུག་ལ་གོ་ཆ་ལ་སོགས་པས་བསྲུང་ངོ༌། །སྦྱོར་བ་ཐམས་ཅད་ལ་ཡང་རང་གི་སྙིང་པོ་རྣམས་བརྗོད་པར་བྱའོ། །རིམས་ལ་སོགས་པ་གནོད་པ་དང་བྲལ་བར་བྱ་བའི་དོན་དུ་ཆེའི་རིག་བྱེད་ཤེས་པ་བསྟན་པའི་ཕྱིར། ཆོས་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའི་


DTG027_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣལ་འབྱོར་པས། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མིག་ཕྱེ་ལ་ཞི་བའི་ལྟ་བས་བལྟས་ལ། རིམས་ལ་སོགས་པས་བཏབ་པ་ལ་སྤྱི་བོ་ནས་རྐང་པར་ཐུག་པ་ལ་བྱ་བས་ཤིང༌། བཅོམ་ལྡན་འདས་ཟླ་བའི་མདོག་ལྟ་བུས་བསྒྲུབ་པར་བྱ་བའི་ལུས་ལ་གང་པར་བསམ་མོ། །གྲང་བའི་རིམས་ལ་ནི་སྐུ་མདོག་དམར་པོ་བསམས་ཏེ། དེས་ན་ཐམས་ཅད་སེལ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཐེའུ་ཆུང་ལྕགས་ཀྱུ་བཅིངས་པས་སྦྱོར་ཏེ། མཛུབ་མོ་གཉིས་སྦྱར་ལ་རིམས་ལ་སོགས་པ་ནང་དུ་བསམས་ལ་བཙིར་བར་བྱའོ། །དེ་ཉིད་བདེ་བླག་གི་སྦྱོར་བས་ཡོངས་སུ་བསྒྱུར་ཏེ། འཕྲལ་ལ་གཞག་ན་དེས་སྡུག་བསྔལ་བ་ལ་སོགས་པ་སེལ་བར་འགྱུར་རོ། །མཛུབ་མོ་ཕན་ཚུན་མངོན་ཕྱོགས་པ། །ཞེས་བྱ་བ་ནི་མཛུབ་མོ་ཕན་ཚུན་སྦྱར་ཏེ་བཟུང་ལ་ཟུག་རྡུ་འབྱིན་པ་ལྟར་བྱས་ན་དེ་ཕྱིན་པར་འགྱུར་རོ། །གཞན་ཡང་སྦྱོར་བ་འདི་ཉིད་ལ་སོགས་པས་བཙིར་བའི་ཚུལ་དུ་བྱས་ན་ནད་ཐམས་ཅད་སེལ་བར་འགྱུར་རོ། །གྲུབ་པའི་སྤྱན་གྱིས་བྱས་པ་ནི་ལོང་བར་མཐོང་བར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་ཁར་བཅུག་ནས། འཇུག་པའི་ཚུལ་དུ་བྱས་ན་སེལ་བར་འགྱུར་རོ། །རིམས་ལ་སོགས་པ་བསལ་བ་ཡང་རིམ་པ་དེ་ཉིད་དོ། །མང་ལ་ན་གནས་པ་ལ་ནི་ལྷའི་གཟུགས་སུ་བསམས་ལ། རྣམ་པར་བཟླས་པ་བྱས་ནས་འབྱུང་བར་འགྱུར་རོ། །རྡོ་རྗེ་ཐལ་མོ་སྦྱར་བ་ལ་མཛུབ་མོ་གཉིས་བཀུག་སྟེ། མཐེ་བོང་གཉིས་བསྙམས་ཏེ་རྩེ་མོག་གཉིས་ནང་དུ་བཅུག་ལ་སྦྱར་བ་ནི་བཟུང་བའི་མཆོག་སྟེ་སེམས་དཔའི་གཙུག་ཏོར་རོ། །གཉིས་སུ་བྱས་ནས་གཡས་པའི་སེམས་དཔའི་གཙུག་གཏོར་བྱིས་པའི་མགོར་བཞག་ན་ནད་མེད་པ་དང༌། འཚོ་བར་འགྱུར་ཞིང་མི་ཟད་པའི་བདེ་བ་ཐོབ་པར་བྱེད་དོ། །ལག་པ་གཡས་པ་ཀླུའི་གདེངས་ཀ་ལྟ་བུར་བྱས་ནས། དེ་ལས་བྱུང་བ་བསྒྲུབ་པར་བྱ་ལ་རྣམ་པར་གཞུག་པས་འབར་བས་བལྟས་ན། མངོན་པར་འདོད་པའི་དབང་གིས་ཐམས་ཅད་ཟ་བ་ལ་སོགས་པ་བྱེད་དོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས། གཡས་པའི་མཐེ་


DTG027_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བོང་དང༌། གུང་མོ་གཉིས་ཀྱིས་གཡོན་པའི་ཁུ་ཚུར་གྱི་གུང་མོ་དང་མཐེ་བོང་ལ་རེག་པས་དེ་ལས་བྱུང་བ་རྡོ་རྗེ་འབར་བ་རྣམས་ཀྱིས་བཅོམ་ལྡན་འདས་གདོན་རྣམས་འཇིགས་པར་བལྟའོ། །དཔལ་ཧེ་རུ་ཀའི་རྣལ་འབྱོར་པས་གདུག་པས་བསྒྲུབ་པར་བྱས་ལ་མངོན་དུ་ཕྱོགས་ཏེ། རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་དེ་ལས་རྡོ་རྗེ་འབར་བ་འབྱུང་བར་མོས་པའི་མཁའ་འགྲོ་མའི་ཕྱག་རྒྱས་གསལ་བར་བྱའོ། །རྟ་མཆོག་གི་རྣལ་འབྱོར་པས་རྟ་ཐམས་ཅད་བཞོན་པར་བྱའོ། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་གཡས་དང་གཡོན་དུ་ཡི་གེ་ཧཱུཾ་ལས་དེའི་སྐུ་བསམས་ལ་རྣམ་པར་བཟླས་པ་བྱས་ན་སྲོག་པ་ལ་སོགས་པ་འཕེལ་བར་འགྱུར་རོ། །དེ་བཞིན་དུས་བོན་ལ་སོགས་པ་ལ་ཡང་དེའི་སྐུར་བསྐྱེད་ལ་རྨོད་ཞིང་བསྐྱེད་པ་བྱས་ན་ཐམས་ཅད་འབྱོར་པར་འགྱུར་རོ། །དཀྱིལ་འཁོར་དང་སྒྲུབ་པ་ལ་སོགས་པ་དང་རབ་ཏུ་ཏུ་ལྡན་པ་ན། གལ་ཏེ་གཞན་གྱི་དམིག་ཚོགས་ལ་སོགས་པ་འཇིགས་པ་འབྱུང་བ་ཡང་སྲིད་པས་དེ་བཟློག་པའི་དོན་དགྲ་ཆའི་ཕྱག་རྒྱ་ཤེས་པར་བསྟན་པའི་ཕྱིར། འཁྲུལ་འཁོར་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁྲུལ་འཁོར་གྱིས་འཕངས་པ་ནི་མདའ་ལ་སོགས་པའོ། །མ་འཕངས་པ་ནི་རལ་གྲི་ལ་སོགས་པའོ། །ལག་པས་འཕངས་པ་ནི་འཁོར་ལོ་སོགས་པའོ། །འཕངས་ནས་སླར་བཟུང་བ་ནི་ཞགས་པ་ལ་སོགས་པའོ། །སྟོབས་སུ་འགྱེད་པ་ནི་ནུས་དང་ལྡན་དང་རོལ་པ་དང་ལངས་པ་དང་དཔའ་བ་དང༌། ལག་སྟོབས་ལ་སོགས་པའོ། །འཁྲུལ་འཁོར་གྱིས་འཕངས་པ་བསྟན་པའི་ཕྱིར། དབྱིབས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ཀྱང་རིམ་བཞིན་དུ་སྟོན་ཏེ། དེ་ལ་དབྱི་བས་ནི་ས་གའི་འདུག་སྟངས་དང༌། ཟླུམ་པོའི་འདུག་སྟངས་དང༌། གཡས་བརྐྱང་བ་སྟེ་རྣམ་པ་ལྔའོ། །དེ་ཡང་གང་འདི་ལྷན་ཅིག་ལགས་པར་ནི་མཐེ་བོང་རྟིང་པ་སྦྱར་བ་ནི། མཉམ་པོར་འདུག་པའི་དབྱི་བས་བཞིན་ཤེས། །དེ་ཉིད་ཤེས་པ་རྣམས་ཀྱིས་བཤད། །རྐང་པའི་སོར་མོ་ཕྱིར་བསྟན་ཏེ། །བརླ་གཉིས་མི་སྐྱོད་འགྲེང་བ་དག །ཚུར་ནི་སོར་ཚིགས་ཉི་ཤུ་དྲུག །ས་གའི་འདུག་སྟངས་ཞེས་བྱའོ། །ངང་པའི་སྒྲ་ལྟར་མཉམ་


DTG027_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་ཞིང༌། པུས་མོ་གཉིས་དག་བཀུག་ནས་ནི། །ལག་གཉིས་ནང་དུ་འཇུག་པ་ནི། །ཟླུམ་པོའི་འདུག་སྟངས་ཡིན་པར་གྲངས། །གཡོན་པ་གཞོལ་ཞིང་བཀུག་ནས་ནི། །གཡས་པའི་ཕུས་མོ་བརླར་བརྐྱང་ནས། །གཡོན་གྱི་ཐད་ཀར་བཞག་པ་དང༌། བརླ་དང་པུས་མོ་སྦྱར་བའོ། །རྒྱར་ནི་མཐོ་ལྔ་བརྐྱང་པ་ནི། །གཡས་བརྐྱང་པར་ནི་གྲགས་པ་ཡིན། །དེ་ལས་བཟློག་པར་གྱུར་པ་ནི། །གཡོན་པ་བརྐྱང་བར་ཤེས་པར་བྱ། །མི་ལྷོད་པ་དང་སྲན་ཚུགས་དང༌། །མཉེན་ཞིང་ཡན་ལག་བསྟན་པ་དང༌། །རྒྱ་ཆེན་འགྲེང་ཞིང་རྣམ་པར་དག། ཅེས་བྱ་བ་ནི་བདེ་བླག་ཅན་གྱིས་སྦྱར་བའོ། །རང་གི་སྙིང་གར་འདྲེན་ཚུལ་ཞེས་བྱ་བ་ལ་སོགས་པ་ཀུན་དུ་སྦྱོར་ཞིང་འདྲེན་མྱུར་བའོ། །ལག་པ་གཡོན་པ་ལེགས་བསྲང་ཞེས་བྱ་བ་ལ་སོགས་པས་འགྲེང་བའོ། །རྣ་དྲུང་བར་དུ་བྱ་བ་ལ་སོགས་པ་ནི་འཛིན་པའོ། །ཡི་གེ་ཨོཾ་ཞེས་བྱ་བ་ལ་སོགས་པ་འདི་དག་ནི་ཇི་སྲིད་བར་དུ་བཀང་བ་ཡིན་གྱི་བརྗོད་པར་བྱ་བ་མ་ཡིན་ཏེ། དུས་དེ་སྲིད་ཀྱི་བར་དུ་བཟང་ངོ་ཞེས་པའོ། །ཇི་ལྟར་རིམ་པར་དྲངས་ནས་ཞེས་དབྱེ་བ་ལ་སོགས་པ་ནི་དགོས་པའོ། །ཆང་པས་བཞེས་ཞེས་བྱ་བ་ལ་སོགས་པ་ནི་འཕེན་པའོ། །གྲུ་བཞི་པ་ལ་ཞེས་པ་ནི་དེའི་མདུན་དུ་དྲངས་པའོ། །དྲོ་བ་དང་ཞེས་པ་ནི་གཡོན་ཕྱོགས་སུའོ། །ཀུན་ནས་བསྐོར་བར་བྱ་བ་ནི་རྒྱབ་ཏུ་བཟློག་པའོ། །གང་ཕྱོགས་ན་ནི་མདའ་སྐོར་ནས། །ཞེས་བྱ་བ་ནི་གཡས་ལ་གནས་པའོ། །སྨད་དེ་ཞེས་བྱ་བ་ནི་འབེན་འོག་ཏུ་བཙུགས་པའོ། །བསྟོད་པ་དང་ནི་ཞེས་བྱ་བ་ནི་སྟེང་དུ་བཞག་པའོ། །རྐང་པས་མནན་པ་ནི་རྐང་པ་གཡས་ཀྱིས་གཡོན་མནན་པའོ། །མནན་པ་དེ་ཡང་རིམ་བཞིན་དུ་མེའི་ཕྱོགས་ནས་འབེན་ལ་འབིགས་པའོ། །མིག་པའི་རྐང་བའི་རྟིང་པ་སྟེ། །དེས་དེ་བཞིན་དུ་མནན་ནས་བདེན་བྲལ་དང༌། རླུང་གི་ཕྱོགས་ཀྱི་འབེན་ལ་འབིགས་པ་བཅུའི་ཕྱག་རྒྱའོ། །རབ་ཏུ་འཕངས་དང་ཞེས་བྱ་བ་ལ་སོགས་པ་བཞི་འཕངས་པ་སྟོན་ཏོ། །ཉམ་ང་ལག་དང་ཞེས་བྱ་བ་ལ་སོགས་བ་ལག་པས་འཕེན་པའོ། །ཐམས་ཅད་འདེབས་དང་ཞེས་བྱ་བ་ལ་སོགས་པ་ནི་འབེན་ཐབས་ལར་བཟུང་བ་སྟོན་ཏོ། །


DTG027_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁྲུལ་འཁོར་གྱིས་འཕངས་པ་ཡང་བྱ་བ་ལ་སོགས་པའི་ཐ་སྙད་ཀྱིས་དེ་ལ་མཁས་རྣམས་བྱེད་དོ། །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཕྱག་རྒྱ་རྣམས་ཀྱིས་གཞག་པར་བྱ་བའི་ཕྱིར་རོ། །རྣལ་འབྱོར་པ་རྣམས་ཀྱིས་ལྷའི་སྦྱོར་བ་བྱིན་གྱིས་བརླབ་པའི་ལས་ཐམས་ཅད་ཤེས་པའི་ཕྱག་རྒྱ་བསྟན་པ་ནི། སྲིན་ལག་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྲིན་ལག་གཉིས་ཀྱི་ནང་དུ་ནི། །ཞེས་བྱ་བ་ནི་སྲིན་ལག་གི་རྩ་བའི་ནང་དུའོ། །མཐེ་བོང་ལེགས་པར་གཞུག་པར་བྱ། །ཞེས་བྱ་བ་ནི་མཐེ་བོང་གི་རྩེ་མོ་དང་སྦྱར་རོ། །མཛུབ་མོ་ལེགས་པར་གཞུག་པར་བྱའོ། །ཞེས་བྱ་བ་ནི་མཛུབ་མོའི་རྩེ་མོ་བཀུག་ལ། མཐེ་བོའི་ངོས་ཀྱིས་མནན་པ་སྟེ། །འདི་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་ལས་ཀྱི་ཕྱག་རྒྱ་སྟེ། བདག་གི་མཐེ་བོང་ནང་དུ་གཞུག །ཅེས་བྱ་བ་ནི་མཐེ་བོང་ནང་ནས་ཆོས་གོས་འཛིན་པའི་ཚུལ་དུ་བཞག་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པའོ། །དཔལ་ཧེ་རུ་ཀ་འཁོར་དང་བཅས་པའི་ཁུ་ཚུར་བཅངས་པ་ལས་མཐེ་ཆུང་བརྐྱང་བའོ། །པདྨའི་ཁུ་ཚུར་ནི་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའོ། །རྡོ་རྗེ་ཁུ་ཚུར་རིན་ཆེན་མཆོག །ཅེས་བྱ་བ་ནི་སྔར་བཤད་པའི་རིན་པོ་ཆེའི་ཁུ་ཚུར་ཏེ། རྡོ་རྗེ་ཉི་མའི་འཁོར་དང་བཅས་པའོ། །རྡོ་རྗེ་ཁུ་ཚུར་བཅིངས་པ་ལ་མཐེ་བོང་ནང་དུ་བཅུག་སྟེ། སོར་མོ་ཐམས་ཅད་ཀྱིས་མནན་པ་ནི་རྟ་མཆོག་འཁོར་དང་བཅས་པའོ། །ལས་ཀྱི་ཕྱག་རྒྱ་ཐམས་ཅད་ནི་ལག་པ་གཉིས་ཀྱིས་བཅིངས་ཏེ། དེ་རྣམས་ཀྱི་རང་གི་སྙིང་པོ་ཅི་ལྟ་བ་དང་བཅས་པར་བཅིང་ངོ༌། །འདོད་ཆགས་ལ་སོགས་པའི་བགེགས་རྣམས་ནི་ཞི་བའི་དོན་དུ་དཔལ་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཤེས་པ་ཉེ་བར་བསྟན་པའི་ཕྱིར། །རྐང་པ་བརྐྱང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་རྐང་པ་བརྐྱང་དང་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་སྦྱོར་བ་བྱས་ཏེ། དེས་ཀྱང༌། གཡས་དང་གཡོན་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་རྐང་པ་གཡས་པ་དང༌། གཡོན་པ་གཉིས་ཀྱིས་རིམ་བཞིན་དུ་སྐྱེས་པ་དང་བུད་མེད་ཀྱི་གཟུགས་


DTG027_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མནན་པར་གྱུར་ན། དེ་ལྟར་བྱས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་སོགས་པ་ཐམས་ཅད་དབང་དུ་འགྱུར་རོ། །རྣལ་འབྱོར་བདག་གི་བྱ་བ་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ་དང་ལྡན་པའོ། །དེ་ལྟར་བྱ་བ་ཐམས་ཅད་བྱས་ཤིང་བགེགས་རྣམས་ཉེ་བར་ཞི་བའི་རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ལེགས་པར་སློབ་ཅིང༌། རབ་ཏུ་དམིགས་པའི་དོན་དུ་དངོས་གྲུབ་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པ་བསྟན་པའི་ཕྱིར། ཁུ་ཚུར་སྙིང་གར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་ཚོགས་ཀྱི་དཀྱིལ་འཁོར་ལ་སོགས་པ་སྙིང་གར་ཁུ་ཚུར་ཀྱི་བདག་ཉིད་ཅན་གྱི་བུད་མེད་ཀྱི་མེད་ཀྱི་ཕྱག་རྒྱ་བཅིངས་ན་དངོས་པོ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །བུད་མེད་ཀྱི་སྦྱོར་བ་མ་ལུས་པ་ཞེས་བྱ་བ་ནི་བདེ་བའི་མཆོག་ལ་སོགས་པའི་ལྷ་མོའི་ཚོགས་རྣམས་ཀྱིའོ། །གཡོན་པ་འགྱིང་བའི་ཚུལ་དུ་བྱ། །ཞེས་བྱ་བ་ནི་གཡོན་པའི་འགྱིང་བའི་ཚུལ་གྱིས་དྲིལ་བུ་འཛིན་པའོ། །ལག་གཡས་རྣག་གི་སྙིང་གར་ནི། །ཞེས་བྱ་བ་ནི་བུད་མེད་ཀྱི་ཕྱག་རྒྱས་སྙིང་གར་བསྟོད་པའི་ཚུལ་གྱིས་རྡོ་རྗེ་རྩེ་ལྔ་པ་འཛིན་པའོ། །བུད་མེད་ཐམས་ཅད་ཅེས་བྱ་བ་ནི་བདེ་བའི་མཆོག་ལ་སོགས་པའི་གཙོ་བོ་སྔོན་དུ་འགྲོ་བ་བུད་མེད་ཀྱི་ཕྱག་རྒྱ་སྟེ། འདི་ནི་རྡོ་རྗེ་འགྱིང་བ་ལ་རབ་ཏུ་སྦྱར་བར་བྱ་བ་ཡིན་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བས་ནི། གཡོན་པ་ཁུ་ཚུར་གྱིས་སྣ་ཚོགས་པདྨའི་འཛིན་པ་གཡས་པ་ལྡང་བའི་ཚུལ་གྱིས་དབང་ཕྱུག་ཐམས་ཅད་བསྒྲུབ་པར་བྱའོ། །དཔལ་ཧེ་རུ་ཀའི་རྣལ་འབྱོར་པས་གཡོན་གྱིས་དྲིལ་བུ་འཁྲོལ་ལ། གཡས་པས་རྡོ་རྗེ་རྩེ་ལྔ་པ་འབར་བ་ཡོངས་སུ་བསྐོར་ཞིང་གསོར་བས་སྒྱུ་མ་ཐམས་ཅད་འབྱུང་བར་བྱའོ། །དཔལ་པདྨ་གར་གྱི་དབང་ཕྱག་གི་རྣལ་འབྱོར་པས། ལག་པ་གཡོན་པས་སྣ་ཚོགས་པདྨ་བཟུང་སྟེ། ལག་པ་དེ་བརླ་གཡོན་པར་གཞག་ལ་ལག་པ་གཡས་པ་གཡས་པའི་བརླའི་སྟེང་དུ་གཞག་སྟེ། དེའི་མཛུབ་མེ་སེམས་དཔའི་ལ་བཞུགས་པའི་ཚུལ་དུ་ཁར་བཞག་ན་དེས་མི་དགའ་བ་ཐམས་ཅད་ལ་བར་འགྱུར་རོ། །རྡོ་རྗེ་ཉི་མའི་རྣལ་


DTG027_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱོར་པས་ནི་གཡོན་གྱིས་རང་གི་སྙིང་གར་བསྟོད་པའི་ཚུལ་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཛིན་ལ། གཡས་ཀྱིས་ནི་བུད་མེད་ལ་སོགས་པ་རིན་པོ་ཆེ་མཆོག་འཛིན་པས་མཆོག་སྦྱིན་པ་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །རྟ་མཆོག་གི་རྣལ་འབྱོར་པས་ནི། གཡོན་གྱིས་རང་གི་སྙིང་གར་བསྟོད་པའི་ཚུལ་དུ་སྣ་ཚོགས་རྡོ་རྗེ་འཛིན། གཡས་རྡོ་རྗེ་འགྱིང་བས་དབང་ཕྱུག་དམ་པ་ཐོབ་པར་འགྱུར་རོ། །ཀུན་དུ་སྣ་ཚོགས་ཀྱི་དམ་ཚིག་གི་རྟོག་པ་སྟེ། རྟོག་པ་དགུ་པའི་འགྲེལ་པའོ།། །།


previousདགུ་པ། ཀུན་ཏུ་རྣམ་པ་སྣ་ཚོགས་སྐལ་བ་བཟང་པོ་དཔལ་དམ་ཚིག་གི་བརྟག་པའི་འགྲེལ་པ།next