Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  expand section
  expand section
   
   
   
   
   
   
  collapse section
   
དང་པོ། ཐོག་མར་བསླབ་པར་བྱ་བའི་ཚུལ་གྱིས་སྨིན་པར་བྱ་བའི་ཆོ་ག་བསྟན་པ།
   
   
   
   
   
   
   
   
   
   
  expand section
   
   
   
   
   


 
previousདང་པོ། ཐོག་མར་བསླབ་པར་བྱ་བའི་ཚུལ་གྱིས་སྨིན་པར་བྱ་བའི་ཆོ་ག་བསྟན་པ།next

དང་པོ། ཐོག་མར་བསླབ་པར་བྱ་བའི་ཚུལ་གྱིས་སྨིན་པར་བྱ་བའི་ཆོ་ག་བསྟན་པ།


DTG027_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། སརྦ་མཎྜལ་ཨ་ནུཏ་བིཏ་ར་ཤ་སྲ་པཉྩ་བིདྷི་ནཱ་མ། བོད་སྐད་དུ། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཆོ་ག་ལྔ་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་ཞིག་ཐོག་མཐའ་ཀུན་གཟིགས་ཤིང༌། །ཐམས་ཅད་དོན་འབྱུང་གསང་བའི་ཚུལ། །ཕྱག་རྒྱའི་བདག་ཉིད་མ་འདྲེས་སྟོབས། །རིགས་ཀུན་འཁོར་ལོའི་གནས་རྫོགས་ཤོག །རང་བཞིན་དཔའ་བོ་ཀུན་དུ་སྣང༌། །འཇོམས་བྱེད་ཆོས་ཀུན་མ་འདྲེས་པ། །ཡོན་ཏན་ཚོགས་བདག་རོལ་པའི་སྐུ། །རིགས་ཀྱི་ལྷ་མོ་ཚོགས་རྒྱལ་ཤོག །དངོས་མེད་གསང་བའི་ཕྱག་རྒྱ་ཆེ། །དེ་དག་མ་ལུས་མཐའ་སེལ་མཛད། །ཀུན་འབྱུང་ཀུན་གྱི་བདག་ཉིད་དོན། །ཐབས་མང་ཆོ་ག་རྫོགས་པས་གསལ། །དེར་འཇུག་དེ་ཡི་གནས་ལྡན་པ། །སྒྲ་ཡི་རྒྱུན་གྱིས་དོན་ཚོགས་བསྐྱེད། །མངོན་འབྱུང་གནས་ཀུན་འགྲུབ་བྱེད་པའི། །དཀྱིལ་འཁོར་ཐབས་རྣམས་འཇུག་པར་བཤད། །དཀྱིལ་འཁོར་ཐམས་ཅད་རྗེས་བསྟན་པའི། །འཇུག་ཐབས་ཆོ་ག་ལྔ་པའི་དོན། །སྟོན་པའི་ལུང་ལས་གསལ་བཤད་པ། །གཞུང་འདི་བསྡུ་བར་འོས་པ་ཡིན། །དོན་ཀུན་འདོད་པའི་རྣལ་འབྱོར་བདག །ཐབས་ཀྱི་ཆོ་ག་མང་པོ་ཡིས། །དེར་འཇུག་ལམ་ཀུན་རྫོགས་བྱེད་པས། །དྲི་མེད་དག་པའི་རྒྱུད་གཟུང་མཛད། །ཇི་ལྟར་གསང་སྔགས་ལེགས་སྦྱར་བས། །དངོས་གྲུབ་ཚུལ་མང་ཐོབ་འགྱུར་བ། །དོན་དམ་བྱ་བ་མཐར་ཕྱིན་བས། །གཞན་དག་དོན་ཚོགས་རྣམ་པར་དག །མྱུར་བར་ཕྱག་རྒྱ་སྔགས་སོགས་འཇུག །བླ་མེད་དངོས་གྲུབ་དོན་ཀུན་རྟོགས། །བསྟན་པའི་ཚུལ་གྱིས་གདམས་པའི་རྒྱུན། །ཇི་ལྟར་བྱ་བའི་སྒོ་སྟོན་བྱེད། །


DTG027_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤིན་ཏུ་སྤྱང་དཀའི་ལས་རྣམས་དག །རང་སྔགས་རྟེན་འབྲེལ་མཐུ་ཡིས་འགྲུབ། །ཚུལ་རྣམས་མ་ཉེས་དུས་མཚུངས་འཇིགས། །གནས་དང་གནས་པའི་ཚོགས་རྣམས་རྒྱས། །རྒྱས་པར་འདི་དག་ཀུན་བསྟན་ཕྱིར། །ཐབས་མང་ཚུལ་གྱིས་ཐེག་པ་ཀུན། །ངོ་བོ་བྱང་ཆུབ་སེམས་གནས་སྐྱོང༌། །རང་བཞིན་བསྐྱེད་དུ་མེད་པའི་ཆོས། །གཞན་དག་ཐེག་ཆེན་མཆོག་ཞུགས་པས། །སྔགས་ཚུལ་འདུས་པའི་ཆོ་ག་ཤེས། །བྱིན་རླབས་བརྡ་དོན་ཡོན་ཏན་གནས། །དབང་བསྐུར་བྱང་ཆུབ་རྗེས་སུ་སློབ། །རང་སེམས་རྣམ་དག་དྲི་མ་མེད། །གསང་སྔགས་ཆོ་ག་རྫོགས་པར་འགྱུར། །དེས་ནི་དངོས་གྲུབ་ཀུན་ཐོབ་ཅིང༌། །ཕྲིན་ལས་བྱ་བ་འགག་པ་མེད། །དང་པོར་བདག་གཞན་སྲུང་འདོད་པས། །བསོད་ནམས་ཡེ་ཤེས་ཚོགས་གནས་བྱ། །དེ་དག་འགྲུབ་བྱེད་ཡན་ལག་གཞན། །དངོས་ཀུན་གསང་བ་བསྟན་པའི་སྒོ། །ཐོག་མར་སྐྱབས་སུ་འགྲོ་བ་ཡིས། །རྟེན་གཉིས་དག་པར་སྤྱང་བྱ་བ། །དེ་དག་ཐུན་མོང་ཁྱད་པར་གྱིས། །མངོན་པར་འགྱུར་བའི་དོན་ཆེན་འགྲུབ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །དུས་ཀུན་སྐྱབས་སུ་འགྲོ་བྱས་ན། །གཞན་གྱི་ཕྱོགས་རྣམས་འཇིག་བྱེད་ཅིང༌། །བག་མེད་འཁྲུག་པའི་ནད་ཀུན་ཞི། །རྒྱལ་བའི་འཁོར་དུ་གྱུར་པའི་ཕྱིར། །རང་གི་སྡོམ་པ་དམ་ཚིག་གཟུང༌། །དེ་ཡང་རྒྱ་ཆེ་བློ་དམིགས་ཏེ། །མ་ལུས་ཁམས་རྣམས་ཀུན་དུ་སྤྱད། །ཇི་སྲིད་རྟོག་པའི་རྒྱུན་གནས་པ། །དེ་སྲིད་རྟོག་པས་ཉེན་པར་འགྱུར། །འདི་དག་སློབ་དཔོན་ལ་བརྟེན་ཏེ། །དམ་པའི་རྗེས་སུ་གཞོལ་བར་བྱ། །རྐང་གཉིས་རྣམས་ཀྱི་གཙོ་བོ་མཆོག །སངས་རྒྱས་མཆོག་ལ་བདག་སྐྱབས་མཆི། །ཞི་སོགས་འདོད་ཆགས་སོགས་འཇོམས་པའི། །ཐེག་ཆེན་ཆོས་ལ་སྐྱབས་སུ་མཆི། །ཐུགས་རྗེས་དོན་མི་གཏོང་བ་ཡི། །སྤྱོད་བཅས་དགེ་འདུན་ལ་སྐྱབས་གསོལ། །དུས་འདི་དག་ནས་གཟུང་བྱས་ཏེ། །ཇི་སྲིད་སྙིང་པོ་བྱང་ཆུབ་བར། །དད་བརྩོན་གུས་པས་དེ་དག་ཀུན། །མྱ་ངན་འདས་པའི་དོན་དུ་གཟུང༌། །སྲོག་གཅོད་པ་ཡི་སེམས་ཅན་དང༌། །གཞན་གྱི་ནོར་ལ་འཕྲོག་པ་དང༌། །འདོད་པ་ལོག་པར་གཡེམ་བ་དག །སེམས་ཅན་དམྱལ་བར་མྱུར་དུ་འགྲོ། །དབྱེན་བྱེད་པ་དང་ཚིག་རྩུབ་དང༌། །བརྫུན་དུ་སྨྲ་ཞིང་མི་


DTG027_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྡོམ་དང༌། །བྱིས་པ་འཆལ་བ་སྨྲ་བ་རྣམས། །སོ་སོ་སྐྱེ་བོ་སླུ་བས་བཅིངས། །གཞན་གྱི་སྤྱོད་ལ་བརྣབ་སེམས་དང༌། །གནོད་སེམས་དག་ནི་མང་བ་དང༌། །མི་གང་ལྟ་བ་ལོག་ཞུགས་པ། །ངན་འགྲོ་དག་ཏུ་འགྲོ་བར་འགྱུར། །དེས་ན་ལུས་ཀྱི་སྡིག་གསུམ་དང༌། །དག་གི་སྡིག་པ་རྣམ་པ་བཞི། །ཡིད་ཀྱི་གསུམ་པོ་མ་ལུས་རྣམས། །སྡིག་པའི་ལས་ཀུན་ཟད་བྱེད་འབར། །དེས་ནི་ངན་འགྲོར་ལྷུང་བས་ན། །བག་མེད་ལས་ཀུན་བཤགས་པར་བགྱི། །འདི་དག་བདག་གིས་མི་བགྱིད་ཅིང༌། །གཞན་ལའང་གདམས་པར་མི་བྱེད་དེ། །དུས་ཀུན་མ་འདྲེས་རྒྱ་ཆེན་བློས། །ཉིན་མཚན་དྲན་པས་བཤགས་པར་བྱ། །ཁྱད་པར་སོ་སོར་ཐར་པའི་ཚུལ། །རྩ་བ་བཞི་དང་ཡན་ལག་ཚོགས། །རྣམ་བཞི་འཁོར་ཚོགས་བཅས་སྡོམ་གང༌། །ཅི་ནུས་བདག་གིས་བླང་བྱ་ཞིང༌། །སྟོན་པ་སློབ་དཔོན་ལ་སོགས་མདུན། །བསྒོ་བའི་བཀའ་དོན་དམ་པ་གཟུང༌། །ཅི་ནས་འགྲོ་ཀུན་བསྒྲལ་བའི་ཕྱིར། །དཀོན་མཆོག་གསུམ་ལ་སྐྱབས་འགྲོའི་དོན། །ཡུན་རིང་མང་དུ་སྤེལ་བའི་ཡིད། །ཕྱོགས་རྣམས་ཀུན་དུ་རྒྱས་པར་གཟུང༌། །སྟོང་གསུམ་འཇིག་རྟེན་མ་ལུས་ཀྱི། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱམས་པའི་སེམས་ནི་སྔོན་འགྲོ་བས། །སྡུག་བསྔལ་གསུམ་དང་བརྒྱད་སོགས་ཀྱིས། །གདུངས་པ་རྣམས་ལ་བལྟ་བྱས་ལ། །བདེ་དང་སྡུག་བསྔལ་བརྗེ་བྱས་ཏེ། །ཀུན་གྱི་བདེ་བ་ཐོབ་འགྱུར་ན། །བདག་ཉིད་སྡུག་བསྔལ་གྱུར་ཀྱང་བླའི། །འགྲོ་དོན་བསྒྲུབ་པར་བྱ་བའི་ཕྱིར། །ཐབས་མང་རྣམ་པ་སྣ་ཚོགས་ཀྱིས། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་འགྲོ་བ་རྣམས། །སྡུག་བསྔལ་རྒྱུ་དང་དེ་ཉིད་ལས། །གྲོལ་ཞིང་ཐར་བར་བྱས་ནས་ནི། །བདེ་དང་ལྡན་པར་བྱ་བ་དང༌། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །དང་པོ་བདག་ཉིད་བསྒྲལ་བྱས་ནས། །མི་ལྡོག་སེམས་ཀྱིས་དམ་བཅས་ཏེ། །སྨོན་པས་རྫུ་འཕྲུལ་དཔག་མེད་དང༌། །ཞི་གནས་ལྷག་མཐོང་མངོན་ཤེས་སོགས། །ཐོགས་པ་མེད་པར་འབྱུང་བ་ཡིས། །མྱུར་དུ་མཐུ་སྟོབས་བརྟས་གྱུར་ནས། །གཡེང་མེད་འགྲོ་དོན་བརྩོན་བྱེད་ཅིང༌། །དབུགས་དབྱུང་ཐེག་ཆེན་ལམ་ལ་དགོད། །དུས་གསུམ་བཞུགས་པའི་སངས་རྒྱས་དང༌། །དབྱེར་མེད་སློབ་དཔོན་མཉེས་བྱས་


DTG027_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ། །ཡང་དང་ཡང་དུ་ཕྱག་འཚལ་ཞིང༌། །གསོལ་བཏབ་ལམ་ལ་གནས་པར་བྱ། །ཕྱོགས་བཅུར་བཞུགས་པའི་རྒྱལ་སྲས་ཀུན། །མ་ལུས་ཕྱོགས་ནས་དགོངས་སུ་གསོལ། །བདག་གིས་མེ་ཏོག་ཕྲེང་སོགས་ཀུན། །ཁྱེད་ལ་ལེགས་པར་དབུལ་བར་བགྱི། །མཎྜལ་བཟང་བཅས་མཆོད་པའི་ཚོགས། །གནས་འདིར་རྒྱས་པར་བཀོད་བྱས་པས། །དེ་དག་འཁོར་ཚོགས་མཉེས་གྱུར་ཅིག །སྡོམ་པའི་མན་ངག་སྦྱིན་པར་བསམ། །དུས་དེ་ཉིད་ནས་ཇི་སྲིད་པར། །ཞལ་གཅིག་པར་ཡང་ལན་གསུམ་སོགས། །འགྲོ་དོན་དམིགས་པ་རྒྱ་ཆེན་གྱིས། །བྱང་ཆུབ་སེམས་མཆོག་བསྐྱེད་པར་བྱ། །བྲིས་སྐུ་ལ་སོགས་རྩེ་གཅིག་ཏུ། །ཐལ་སྦྱར་གུས་པས་འདུག་བྱས་ཏེ། །བླ་མེད་བྱང་ཆུབ་འདོད་པ་ཡིས། །སེམས་ཉིད་རྒྱ་ཆེར་ངེས་པར་བསྐྱེད། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །གཞན་དུ་དབྱེ་བ་མེད་པའི་ཐུགས། །དུས་འདིར་བདག་ལ་དགོངས་སུ་གསོལ། །བདག་མིན་འདི་ཞེས་བགྱི་བ་ཡི། །སྐྱེ་བ་འདི་དང་གཞན་དག་ཏུ། །སྦྱིན་པ་ལས་བྱུང་བསོད་ནམས་དང༌། །ཚུལ་ཁྲིམས་ལས་བྱུང་བསོད་ནམས་དང༌། །བསྒོམས་པ་ལས་བྱུང་བསོད་ནམས་ཀྱིས། །དགེ་རྩ་བདག་གིས་བགྱིས་པ་དང༌། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཞན་ཡང་རྗེས་སུ་ཡི་རང་བའི། །དགེ་བའི་རྩ་བ་དེ་དག་གིས། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས། །རྒྱལ་བ་སྲས་དང་བཅས་པ་རྣམས། །བླ་ན་མེད་པའི་བྱང་ཆུབ་ཏུ། །ཐུགས་མཆོག་རིན་ཆེན་བསྐྱེད་པ་ལྟར། །བདག་མིང་འདི་ཞེས་བགྱི་བས་ཀྱང༌། །དུས་འདི་ནས་ནི་གཟུང་བྱས་ཏེ། །བླ་མེད་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཆེན་པོར་སེམས་བསྐྱེད་དེ། །རྒྱལ་བ་རྣམས་ཀྱི་རྗེས་སུ་སློབ། །སྔོན་ཚེ་འཕགས་པ་འཇམ་དཔལ་གྱིས། །ཇི་ལྟར་བྱང་ཆུབ་སེམས་རྒྱ་ཆེན། །གྲོང་ཁྱེར་རྒྱལ་བའི་རྒྱལ་པོར་གྱུར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང༌། །འགྲོ་བ་ཐམས་ཅད་དོན་དུ་གཉེར། །དེ་དག་འཁོར་བ་ལས་བསྒྲལ་ལོ། །གནོད་སེམས་དུས་མིན་ཁྲོ་བ་དང༌། །སེར་སྣ་དང་ནི་ཕྲག་དོག་ཉིད། །དེང་ནས་བཟུང་སྟེ་བྱང་ཆུབ་དག །ཐོབ་འགྱུར་དོན་གཞན་དག་ཀྱང་སྤང༌། །དགེ་བ་བཅུ་སོགས་སྤྱད་བྱ་


DTG027_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞིང། །སྡིག་དང་འདོད་པ་སྤང་བར་བྱ། །ཚུལ་ཁྲིམས་སྡོམ་པ་ལ་དགའ་བས། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ཉིད་མྱུར་བའི་ཚུལ་གྱིས་ནི། །བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང༌། །སེམས་ཅན་གཅིག་གི་རྒྱུ་ཡིས་ནི། །ཕྱི་མའི་མུ་མཐར་གནས་པར་བགྱི། །ཚད་མེད་བསམ་གྱིས་མི་ཁྱབ་པ། །ཞིང་ཁམས་རྣམ་པར་སྤྱང་བར་བྱ། །མིང་ལས་གཟུང་བ་བྱས་པ་དག །ཕྱོགས་བཅུ་དག་ཏུ་རྣམ་མང་ཐོས། །བདག་གི་ལུས་དང་ངག་གི་ལས། །ཅི་ནུས་སུ་ནི་དག་པར་བྱ། །ཡིད་ཀྱི་ལས་ཀྱང་དག་བྱ་ཞིང༌། །མ་དག་པ་རྣམས་མི་བྱའོ། །མ་བརྒལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་གྲོལ་བྱ་ཞིང༌། །དབུགས་མ་ཕྱིན་པ་དབུགས་ཕྱུང་ནས། །སེམས་ཅན་མྱ་ངན་འདས་ལ་དགོད། །སངས་རྒྱས་ཆོས་དང་ཚོགས་རྣམས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་འཆི། །བདག་གི་སྦྱིན་སོགས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག ། བྱང་ཆུབ་སྨོན་པའི་སེམས་དང་ནི། །འཇུག་པའི་སེམས་དག་ཅི་ནུས་པས། །ཡུལ་ངན་གནོད་པ་ཅི་བྱུང་ཡང༌། །དེ་ལས་བཟློག་སྟེ་ཡང་དག་བཟུང༌། །སྙིང་སྟོབས་ཆེ་ཞིང་དཔའ་བ་ཡིས། །ལས་གཞན་རྣམ་པར་སྤང་བྱ་སྟེ། །བསམ་པ་རྩེ་གཅིག་གནས་པ་དང༌། །དད་བརྩོན་དགེ་བའི་ལས་ཀུན་གྱིས། །མི་མཐུན་ཕྱོགས་རྣམས་ཀུན་སྤངས་ཤིང༌། །ཤེས་རབ་རྣམ་གསུམ་བསྐྱེད་བྱས་ནས། །ལོག་སེལ་རི་བོ་ཐམས་ཅད་འཇོམས། །དྲན་དང་ཤེས་བཞིན་བསྐྱེད་བྱས་པས། །རྟག་ཏུ་འགྲོ་དོན་བརྩོན་པར་བྱེད། །གྲོགས་འདིས་བདག་གཞན་གྲོལ་བར་བྱེད། །བྱང་སེམས་འཕེལ་བར་བྱེད་པ་ནི། །རྣམ་པ་བཞིར་ནི་ཤེས་བྱ་སྟེ། །སྲོག་གི་ཕྱིར་ཡང་བསམས་བཞིན་དུ། །བརྫུན་ཚིག་སྨྲ་བར་མི་བྱེད་དང༌། །ལྷག་པའི་བསམ་པ་རྣམ་དག་པས། །དུས་ཀུན་དུ་ནི་གནས་བྱ་ཞིང༌། །སེམས་ཅན་རྣམ་པ་ཐམས་ཅད་ལ། །གཡོ་སྒྱུས་སླུ་བར་མི་བྱ་དང༌། །སེམས་བསྐྱེད་བྱང་ཆུབ་སེམས་དཔའ་ལ། །སྟོན་པའི་འདུ་ཤེས་བསྐྱེད་བྱ་ཞིང༌། །ཡང་དག་པར་ནི་ཡོན་ཏན་དག །ཕྱོགས་བཅུའི་ཞིང་ཁམས་རྗོད་པར་བྱེད། །སེམས་ཅན་གང་ཞིག་དགེ་བ་དང༌། །བཀོད་བྱ་དེ་དང་ཉན་ཐོས་སོགས། །ཐེག་པ་དམན་པར་མི་སྦྱོར་ཞིང༌། །ཡང་དག་བྱང་ཆུབ་སེམས་


DTG027_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་ཆེ། །བྱང་སེམས་འགྲིབ་པར་བྱེད་པ་ཡང༌། །རྣམ་པ་བཞིར་ནི་ཤེས་བྱ་སྟེ། །དམ་པའི་དཀོན་མཆོག་བླ་མ་སོགས། །མཆོད་པར་འོས་པ་བསླུས་པ་དང༌། །འགྱོད་པའི་གནས་པ་ཡིན་པ་ལ། །གཞན་དག་ཉེ་བར་སྦྱོར་བ་དང༌། །སེམས་བསྐྱེད་བྱང་ཆུབ་སེམས་དཔའ་ཆེ། །ཞེ་སྡང་ཚིག་གིས་ཚར་གཅོད་ཅིང༌། །སེམས་ཅན་རྣམ་པ་ཐམས་ཅད་ལ། །གཡོ་དང་སྒྱུ་ཡིས་སྤྱོད་བྱེད་པའོ། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་བར་འགྱུར། །གང་གཱའི་བྱེ་མ་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཁམས་མི་གང་གིས། །རིན་ཆེན་རྫས་ཀྱིས་ཀུན་བཀང་སྟེ། །སྟོན་པ་མཆོག་ལ་ཕུལ་བྱས་པས། །གང་གིས་ཐལ་མོ་ཉེར་སྦྱར་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །མཆོད་པ་མཆོག་འདི་ཁྱད་པར་འཕགས། །དེ་ལ་མཐར་ཐུག་མ་མཆིས་སོ། །འཁོར་ལོ་དཔག་ཚད་བཅུ་གཉིས་པ། །ལྕགས་ལས་བྱས་པ་མགོ་ལ་འཁོར། །བྱང་ཆུབ་སེམས་ནི་བསྐྱེད་པ་ཡིས། །བསལ་བར་གྱུར་ཞེས་རབ་ཏུ་གྲགས། །བྱང་ཆུབ་སེམས་མཆོག་མ་བསྐྱེད་བར། །དགེ་གཞན་གང་གིས་གྲོལ་མི་འགྱུར། །འོ་མས་དུག་ནི་སེལ་ལོ་ཞེས། །འཇིག་རྟེན་པ་ལ་རབ་ཏུ་གྲགས། །དེ་ཉིད་སྦྲུལ་གྱིས་འཐུངས་པ་ན། །ཤིན་ཏུ་དུག་ནི་འཕེལ་བར་བྱེད། །མར་དང་བུ་རམ་སྨན་གྱི་མཆོག །བྱིས་པས་བཟའ་ཉེས་དུག་ཏུ་འགྱུར། །འབྲུ་མར་སྡོང་བུའི་ཕུང་པོས་ཀྱང༌། །མེ་མེད་བར་དུ་གསལ་མི་འགྱུར། །ཤེལ་སྒོང་དག་པར་གྱུར་པ་ཡང༌། །ཚོན་གཞན་དག་གིས་བསྒྱུར་བ་ཡིན། །ལོང་བ་དམིགས་བུ་མེད་པ་དག །བརྒྱ་སྟོང་གྲོང་གཞན་རྒྱུ་མི་ནུས། །རླུང་དང་བྲལ་བའི་མེ་ཉིད་གྱིས། །ནགས་ཚལ་བསྲེག་པར་ག་ལ་ནུས། །གཤེར་བྲལ་རྡུལ་གྱི་ཕུང་པོའི་ཚོགས། །འདུ་བར་མི་འགྱུར་རླུང་གིས་འཐོར། །ཆུ་རྣམས་བསགས་པའི་ལྟེང་ཀ་དག །གཉེན་པོས་མོད་ལ་འཇོམས་པར་བྱེད། །སེམས་ཉིད་རབ་ཏུ་དང་བ་ཡིས། །དགེ་བའི་བཤེས་ལ་བརྟེན་བྱ་སྟེ། །བསྙེན་བཀུར་ཆོ་ག་བཟང་པོའི་ཚོགས། །བྱ་བའི་ཁྱད་པར་གནས་ཀུན་འཕགས། །མངོན་འདོད་ཐེ་ཚོམ་མེད་པའི་ཡུལ། །དོན་ཀུན་གསང་བ་སྟོན་


DTG027_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་པ། །རབ་ཏུ་སྨིན་པ་འདི་ནས་འཇུག །བླ་མའི་བྱིན་རླབས་མཐུ་ཡིས་གྲོལ། །ལན་གྲངས་མང་པོར་གསོལ་གང་བ་ཅིང༌། །ཕུན་སུམ་ཚོགས་པས་མཐུ་བསྐྱེད་ནས། །མོས་པའི་དཀྱིལ་འཁོར་གསང་བའི་སྒོར། །རང་རྒྱུད་དག་པས་སྡོམ་གནས་འདོད། །དབང་བསྐུར་ཆོ་ག་རྫོགས་པ་ཡིས། །ལས་ཀུན་རིམ་བཞིན་མངོན་གཉེར་ཞིང༌། །ཕྱག་རྒྱའི་བསམ་གཏན་མཐུ་བཅས་པས། །ལས་ཀུན་གསང་བའི་སྔགས་རྒྱུན་འཇུག །ཐུན་མོང་ཁྱད་པར་དམ་ཚིག་གིས། །ཉེས་བསྐྱེད་རྟེན་གནས་དག་པར་བྱ། །ཐམས་ཅད་སྡོམ་པས་རྗེས་གཟུང་ཞིང༌། །བདག་གཞན་བྱ་བ་མཐར་ཕྱིན་བརྩམ། །བྱང་ཆུབ་ཆེན་པོའི་གནས་སྤྱོད་པ། །དེར་འཇུག་དེ་ཉིད་ལམ་ཆེན་སྒོ། །དོན་ཀུན་ངོ་བོ་གསལ་བྱེད་པས། །སྒོ་གསུམ་བྱ་རྒྱུ་རྟག་ཏུ་བརྟག །འགྲོ་གནས་སེམས་ཅན་རྒྱ་ཆེན་ཚོགས། །ཐེག་ཆེན་གསང་བས་གཟུང་བྱ་སྟེ། །མཐར་ཐུག་གཅིག་ཙམ་དོན་གྱི་ཕྱིར། །རྒྱལ་བའི་བཀའ་དོན་གུས་པས་གཟུང༌། །རྡོ་རྗེ་བླ་མ་སངས་རྒྱས་མཆོག །དུས་གསུམ་ཐུགས་རྗེ་གཙོར་ལྡན་པས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་འཚལ་མཆོད་པའི་གནས་ཉིད་ཡིན། །མི་མཁས་ཕྲག་དོག་ཉམས་པའི་གཞི། །དེ་རྒྱུད་གཏན་དུ་ཉམས་པར་འགྱུར། །ཐོག་མར་དོན་ཀུན་སྒོ་འཇུག་པས། །བཅས་པའི་དམ་ཚིག་སྡོམ་ལ་གཟུང༌། །ཐབས་རྣམས་ཀུན་གྱིས་བསྟན་པའི་སྒོ། །མཚན་མེད་མཚན་མ་སྣ་ཚོགས་ཀུན། །མ་ནོར་དེ་བཞིན་སྟོན་བྱེད་པ། །རྡོ་རྗེ་ཐེག་པའི་སྔགས་ལམ་རྒྱུད། །ཕྱག་རྒྱ་ཀུན་ལས་མི་འདའ་ཞིང། །མཆོད་བསྟོང་ཚོགས་ཀྱི་བྱ་བ་ཤེས། །སེམས་ཅན་དོན་སྤྱོད་འཚེ་བ་སྤང༌། །དེར་འཇུག་ཐུགས་རྗེས་རྣམ་པར་གཟུང༌། །རྟག་ཏུ་རང་གི་ལྷ་ཉིད་དང༌། །རང་གི་སྔགས་དང་ཕྱག་རྒྱའི་ཚོགས། །སྟོབས་ལྡན་རྣམས་ཀྱིས་སྤྱོད་བྱེད་པ། །དེ་དག་ཀུན་གྱི་སྒོར་འཇུག་བརྩམ། །རྟག་ཏུ་དཀོན་མཆོག་མཆོད་བྱ་ཞིང༌། །རྟག་ཏུ་རང་གི་དམ་ཚིག་བསྲུང༌། །མཆོད་རྟེན་གཙུག་ལག་ཁང་བཟང་པོ། །ཡིད་དགའ་གུས་པའི་སེམས་ཀྱིས་གནས། །ལྷ་གཞན་དག་ལ་ཕྱག་བྱེད་དང༌། །ངན་པའི་སྤྱོད་ཡུལ་ཀུན་སྟོན་པའི། །ཐེག་དམན་རྒྱུན་གཞན་བསྟན་པའི་ཕྱིར། །དོན་


DTG027_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་ཆེ་བའི་གནས་ཉམས་འགྱུར། །དྲན་ཚོགས་ཤེས་བཞིན་བློ་གྲོས་མཐུས། །དད་བརྩོན་ཏིང་འཛིན་བསྐྱེད་བྱས་ཏེ། །སྡོམ་བཅས་སྡོམ་མིན་གནས་དག་ལས། །མཆོད་བརྩོན་མཐུ་ཡིས་རྣམ་པར་གྲོལ། །དཀྱིལ་འཁོར་ཀུན་དུ་མ་ཞུགས་ཤིང༌། །དམ་ཚིག་རྣམས་ནི་སྤངས་པ་དང༌། །གསང་བ་ཡང་དག་མི་ཤེས་པས། །སྒྲུབ་པ་ཅི་ཡང་གྲུབ་མི་འགྱུར། །བདག་ཉིད་ཆོས་ཉིད་དང་ལྡན་པས། །དམ་ཚིག་ལ་ལྡང་སྐལ་བ་ངན། །སྲོག་ཆགས་གསད་པར་མི་བྱ་ཞིང༌། །དཀོན་མཆོག་གསུམ་ནི་ཡོང་མི་སྤང༌། །བྱང་ཆུབ་སེམས་ཀྱང་མི་གཏང་སྟེ། །སྐལ་བཟང་སློབ་དཔོན་སྤང་མི་བྱ། །སྲིད་པ་ཤིན་ཏུ་སྒྲུབ་བྱེད་པའི། །མགོན་གྱུར་རྣམས་ལ་བདག་སྐྱབས་མཆི། །ཐོག་མར་བསླབ་པར་བྱ་བའི་ཚུལ་གྱིས་སྨིན་པར་བྱ་བའི་ཆོ་ག་སྟེ་དང་པོའོ།། །།


previousདང་པོ། ཐོག་མར་བསླབ་པར་བྱ་བའི་ཚུལ་གྱིས་སྨིན་པར་བྱ་བའི་ཆོ་ག་བསྟན་པ།next