Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  expand section
  expand section
   
   
   
   
   
   
  collapse section
   
   
   
གསུམ་པ། སྤྱོད་པ་ཡོངས་སུ་དག་པ་རྣལ་འབྱོར་པས་བར་ཆད་བསལ་བའི་ཆོ་ག་བསྟན་པ།
   
   
   
   
   
   
   
   
  expand section
   
   
   
   
   


 
previousགསུམ་པ། སྤྱོད་པ་ཡོངས་སུ་དག་པ་རྣལ་འབྱོར་པས་བར་ཆད་བསལ་བའི་ཆོ་ག་བསྟན་པ།next

གསུམ་པ། སྤྱོད་པ་ཡོངས་སུ་དག་པ་རྣལ་འབྱོར་པས་བར་ཆད་བསལ་བའི་ཆོ་ག་བསྟན་པ།


DTG027_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགའ་ཆེན་དཔལ་གྱི་རྡོ་རྗེ་ལས། །རྡོ་རྗེ་སེམས་དཔའི་སྦྱོར་གཉིས་བཅིང༌། །ཏིང་འཛིན་སྔགས་ཀྱིས་བསྐུལ་བའི་མཐུས། །ཕྱོགས་བཅུའི་སངས་རྒྱས་ཀུན་གཤེགས་འགྱུར། །ཕྱི་ནང་ཕྱོགས་ཀུན་སྣང་བ་ཡི། །གདུག་པ་ཐམས་ཅད་ཞི་བྱེད་པ། །རང་བཞིན་སྐུ་གསུང་ཐུགས་ཀྱི་བདག ། བྱིན་བརླབས་གསལ་བས་བརྟན་པར་འགྱུར། །སངས་རྒྱས་ཐམས་ཅད་ཚོགས་པ་ཡི། །གདན་འཛོམ་བཀའ་གྲོས་བགྲོ་མཛད་ཅིང༌། །བར་ཆད་བགེགས་ཀུན་གཞོམ་པའི་ཚོགས། །རང་གི་གནས་ནས་རྣམ་པར་སྤྲོ། །རྡོ་རྗེ་འཁོར་ལོ་རལ་གྲི་དང༌། །བེ་ཇོན་རྩེ་གསུམ་ལ་སོགས་ཀྱི། །ཕྱག་རྒྱ་སྔགས་ལ་རྣམ་འཕྲུལ་པས། །ཐམས་ཅད་འཇིག་ཅིང་འཐོར་བར་བྱེད། །རང་གི་གནས་གཟུང་བརྟན་པའི་ཕྱིར། །རང་ཉིད་རྡོ་རྗེ་ཧེ་རུ་ཀའི། །གནས་ཀུན་མཚན་མ་བཟང་པོས་བརྒྱན། །ཤིན་ཏུ་འཕྲོ་བའི་ཚོགས་ཀུན་གྱིས། །ཕྱོགས་བཅུ་སྤྲུལ་པའི་འཁོར་ལོ་བརྗོད། །འདོད་པའི་རྒྱལ་པོ་ཁྲོ་བོ་ཆེས། །ཕྱོགས་ཀུན་བགེགས་རྣམས་གཟིར་བྱས་ཏེ། །ཕྱག་རྒྱ་བཞིས་བཏབ་གནས་སུ་དགོང༌། །ཉི་མ་ལ་གནས་ཁྲོ་ཚོགས་བསྒོམ། །གྲངས་མེད་སྤྲུལ་པའི་ཚོགས་ལྡན་པས། །ཕྱོགས་བཅུའི་མཐའ་རྣམས་གཏམ་བྱས་ཏེ། །མེ་རི་འབར་བའི་མཚོན་ཆར་བཅས། །ཕྱོགས་རྣམས་བྱམས་པའི་ལྟ་བ་ཡིས། །སྙིང་རྗེ་ཆེན་པོའི་གནས་ཀུན་གསལ། །འདི་ལས་ལྷག་པའི་སྲུང་བའི་མཆོག །གཉིས་མེད་སྟོང་པའི་རང་བཞིན་ལས། །ཡེ་ཤེས་ལྔ་ཡི་འོད་འབར་བ། །ཟབ་མོའི་སྔགས་ཀྱིས་མཚམས་བྱས་པའོ། །ཕྱོགས་གཞན་ཁྲོ་ཚོགས་བསྲུང་བའི་ཕྱིར། །རྡོ་རྗེ་ལ་སོགས་མཚོན་ཆ་དང༌། །ཉུངས་ཀར་ཐལ་བ་དྲི་ཡི་ཆུ། །ལེགས་སྦྱངས་བྱིན་བརླབས་རིགས་ཀྱི་ལྷ། །ཁྲོ་བོའི་དཀྱིལ་འཁོར་རབ་འབར་བས། །དེ་དག་མཐར་ཕྱིར་སེལ་བར་བྱེད། །དབྱིབས་དང་ཡེ་ཤེས་གཉིས་མེད་པའི། །དོན་ཀུན་མཆོག་ཏུ་གསང་བའི་གནས། །


DTG027_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་ཉིད་ངོ་བོ་མ་བཅོས་དབྱིངས། །ཆོས་ཀྱི་རྒྱུན་གྱི་ཏིང་འཛིན་གསལ། །ཕྱོགས་རྣམས་སྤྲུལ་པའི་དཀྱིལ་འཁོར་ལ། །དངོས་བྱུང་རྡོ་རྗེ་སེམས་དཔའ་ཆེ། །མ་ཆགས་གཡོ་བའི་དཀྱིལ་འཁོར་གྱི། །གནས་ཀྱི་མཚན་མ་ཀུན་ལས་འཕགས། །དཀར་དམར་ཞལ་ཕྱག་བཞི་བཞིས་མཛེས། །གཡས་སྔོ་གཡོན་དམར་རྒྱབ་སེར་པོ། །དང་པོ་བ་དན་གསུམ་པ་ཡིས། །ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་འཛིན། །གཉིས་པས་རིན་ཆེན་མདའ་གསོར་ཞིང༌། །གཡོན་གྱི་དང་པོ་ཁ་ཊྭཱཾ་ཉིད། །རྒྱ་གྲམ་བ་དན་དྲིལ་བུའི་སྒྲ། །གཉིས་པ་རིན་ཆེན་སྣ་ལྔའི་གཞུ། །མཚན་དཔེ་ཕྱག་རྒྱ་ལྔ་ཡིས་མཛེས། །ལས་བཞིར་གཟིགས་པའི་སྤྱན་ལྡན་པ། །འོད་གསལ་རིན་ཆེན་སྣ་ལྔའི་མདངས། །རིན་ཆེན་ཕྲེང་བས་རྒྱན་རྣམས་སྤྲས། །སྐུ་སྟོད་དར་དཀར་གསེར་རིས་ལ། །སྐུ་སྨད་ཚི་གུའི་ན་བཟའ་ཉིད། །སྤྱི་བོར་ཟླ་དཀྱིལ་སྐུར་ལྡན་པ། །སྐུ་ཡི་དཀྱིལ་འཁོར་དེ་ཉིད་བསྔགས། །མགྲིན་པའི་པདྨ་གསུང་ལྡན་བར། །གསུང་གི་དཀྱིལ་འཁོར་དེ་ཉིད་བསྔགས། །ཐུགས་ཀའི་ཉི་མའི་ཐུགས་ལྡན་པར། །ཐུགས་ཀྱི་དཀྱིལ་འཁོར་དེ་ཉིད་བསྔགས། །ཡེ་ཤེས་དཀྱིལ་འཁོར་རྟེན་གསལ་བའི། །སྔགས་ཀྱི་དཀྱིལ་འཁོར་ཕྲེང་བའི་ཚུལ། །འོད་ཀྱི་དཀྱིལ་འཁོར་སངས་རྒྱས་རྣམས། །རང་གི་གནས་ཀུན་གཞུག་པར་བྱ། །བྱིན་བརླབས་ཤེས་པས་ཡེ་ཤེས་ལྷ། །རང་རིག་ཚུལ་བཞིན་སྤྱན་དྲངས་ཏེ། །མདུན་གྱི་དཀྱིལ་འཁོར་ལ་བཞག་ནས། །ཕྱག་འཚལ་མཆོད་པས་མཉེས་པར་བྱ། །དེ་རྗེས་ཕྱག་རྒྱ་རྣམ་པ་བཞིས། །རང་གི་གནས་ཀུན་བརྟེན་བྱས་ལ། །བྱིན་བརླབས་འདོད་དོན་གསོལ་གདབ་ཅིང༌། །མཆོད་བསྟོད་མཉེས་པའི་རོལ་མོས་མཆོད། །དམ་ཚིག་གསུམ་གྱི་ཕྱག་རྒྱ་ཡིས། །མདུན་ནས་སེམས་དཔའི་དཀྱིལ་འཁོར་ལ། །སྔགས་ཀྱི་ཕྲེང་བ་འཁོར་ལོའི་ཚུལ། །འཕྲོ་འདུ་གསལ་བའི་ངོ་བོར་བརྟག །སྤྱོད་ལམ་ཀུན་དུ་མ་ཉམས་བློས། །དཀྱིལ་འཁོར་གཉིས་མེད་ཚུལ་བསྒོམ་ཞིང༌། །བྱས་པའི་ཚོགས་གཉིས་རྒྱུར་ཤེས་པས། །རང་གི་བྱིན་རླབས་བརྟན་པར་བྱ། །ཇི་སྲིད་ཁ་ཟས་དུས་ཀུན་དང༌། །བྱ་བའི་ཚུལ་གཞན་དེ་བཞིན་ཉིད། །འདྲི་ཀློག་ཁ་དོན་ལ་སོགས་པའི། །དོན་ཀུན་བསྔོ་བ་རྒྱ་ཆེན་སོགས། །རང་གི་དབང་


DTG027_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའི་གནས་ལས་བྱུང༌། །དེ་དག་རོལ་པའི་ཚུལ་རྒྱུན་བཅས། །མ་ཉམས་དུས་ཀུན་སྣང་བྱེད་པས། །དེ་མཐའི་ཆགས་པ་གྲོལ་བར་འགྱུར། །དེ་ལྟར་དཀྱིལ་འཁོར་རྒྱ་ཆེན་པོའི། །ཚུལ་རྣམས་གང་དག་བཤད་པ་ཡང༌། །ལས་སུ་བྱ་བས་འཇུག་པ་སྟེ། །མི་གནས་གསལ་བར་གོམས་པ་ཉིད། །གདུལ་བྱའི་རྒྱུད་རྣམས་སྤྱང་བའི་ཕྱིར། །སྔོན་འབྱུང་སྤྲུལ་པའི་དཀྱིལ་འཁོར་བཞིན། །རིགས་ཀྱི་འཁོར་ལོ་གང་གནས་འཇུག །དེ་དག་བསྡུས་དང་རྒྱ་ཆེན་ཚོགས། །བྱིན་བརླབས་གསལ་བས་བརྟན་བྱས་པའི། །སྦྱོར་བའི་དོན་ཀུན་རྫོགས་པར་གནས། །བསྙེན་སྒྲུབ་ཡན་ལག་རྗེས་མཐུན་པའི། །ཕྱག་རྒྱའི་རིགས་ཀྱི་དཀྱིལ་འཁོར་དག །དེ་དག་མཚན་མ་མེད་པའི་གནས། །རོལ་པའི་བྱིན་རླབས་ཆེ་ལས་འབྱུང༌། །ཇི་སྲིད་དེ་ཉིད་སྣང་བ་ཡི། །ཚུལ་གྱིས་དེ་རྒྱུད་གསལ་བར་བྱེད། །དོན་འབྱུང་གསང་བའི་ཀུན་སྟོན་པས། །དཀྱིལ་འཁོར་ཀུན་གྱི་ངོ་བོ་ཉིད། །འདི་དག་ནང་གི་མཚན་ཉིད་དེ། །ཐམས་ཅད་སྤྱི་ཡི་ཆོས་ཉིད་དོན། །ནམ་ཞིག་སྟོང་པར་འདོད་པའི་དུས། །དེ་དག་དངོས་ཀུན་ལས་གྲོལ་བ། །དཀྱིལ་འཁོར་གཉིས་མེད་སྦྱོར་བྱེད་ཅིང༌། །བྱིན་རླབས་མཆོག་ཀུན་རྣམ་པར་རོལ། །ནང་གི་ཏིང་འཛིན་གསལ་བ་ལས། །ཐིག་ལེ་ཕྲ་མོ་ལ་སོགས་སྦྱོར། །དམ་ཚིག་ཀུན་གྱི་གནས་རྒྱས་པས། །བརྟན་པའི་ཚོགས་ཀུན་མཐར་ཕྱིན་འགྱུར། །རྒྱ་ཆེན་དཀྱིལ་འཁོར་རྣམ་དག་དང༌། །ལྷ་ཡི་རྣམ་དག་གསལ་བའི་མཐུས། །བྱང་ཆུབ་སེམས་སུ་སྒྱུ་མའི་དངོས། །ཆོས་རྣམས་ཀུན་གྱི་མཐའ་བྲལ་བའོ། །སྤྱོད་པ་ཡོངས་སུ་དག་པ་རྣལ་འབྱོར་པས་བར་ཆད་བསལ་བའི་ཆོ་ག་སྟེ་གསུམ་པའོ།། །།


previousགསུམ་པ། སྤྱོད་པ་ཡོངས་སུ་དག་པ་རྣལ་འབྱོར་པས་བར་ཆད་བསལ་བའི་ཆོ་ག་བསྟན་པ།next