Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  expand section
  expand section
   
   
   
   
   
   
  collapse section
   
   
   
   
   
ལྔ་པ། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྟན་པའི་ཆོ་ག
   
   
   
   
   
   
  expand section
   
   
   
   
   


 
previousལྔ་པ། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྟན་པའི་ཆོ་གnext

ལྔ་པ། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྟན་པའི་ཆོ་ག


DTG027_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དངོས་གྲུབ་བཟང་པོ་ནི། །བདག་གཞན་ཀུན་ལ་ཕན་ཕྱིར་དུ། །མ་ཉམས་ཀུན་ལ་འཇུག་པའི་སྒོ། །དོན་ཀུན་གསང་དང་སྤྱང་པར་བྱ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་ཞིང༌། །གཟུགས་དབྱིབས་ཐམས་ཅད་ལྡན་པའི་རྒྱུ། །བྱིན་བརླབས་དབང་བསྐུར་གནས་རྫོགས་པས། །སྔོན་དུ་བསྙེན་ཅིང་བསྒྲུབ་པ་དང༌། །རྟེན་གྱི་མཚན་མ་གོམས་བྱས་ཏེ། །ལས་ཀུན་བྱ་བའི་སྒོ་རྣམས་དག །ཕྱི་རོལ་པྲ་སེའི་ཆོ་ག་དང༌། །རྟེན་འབྲེལ་མཐུ་ལས་བརྟག་པར་བྱ། །འབྱུང་བ་ལྔ་ཡི་ཁམས་ཀུན་ལས། །རང་རིག་སྦྱོར་བའི་ཕྱག་རྒྱ་སྔགས། །སྤྱང་ཞིང་བྱིན་བརླབས་བསྲུང་བྱས་པས། །དོན་ཀུན་ལྷ་ཡི་ངོ་བོ་ཉིད། །ཡང་དང་ཡང་དུ་སྔགས་བརྗོད་ཅིང༌། །ཡི་གེ་གཅིག་པས་ཀུན་སྟོན་འགྱུར། །དེ་ལྟར་ཕྱི་ནང་སྣ་ཚོགས་བདག །རིགས་ཀྱི་དཀྱིལ་འཁོར་ཆེ་རྣམས་ཀྱི། །ཕྱག་རྒྱས་བརྟེན་པའི་ལས་བྱས་པས། །བདེན་བརྗོད་མཚན་མ་སྣ་ཚོགས་སྟོན། །ནང་གི་ཡེ་ཤེས་ཟག་པ་མེད། །རིགས་ཀྱི་དཀྱིལ་འཁོར་ཆེ་གནས་སྦྱོར། །དེ་ཉིད་ཐུགས་ཀྱི་གསང་བ་མཆོག །སོ་སོའི་རྟེན་ལ་བསྒྲུབ་བྱ་སྟེ། །སྔགས་བཅས་བདེན་པ་བརྗོད་ཅིང་བརྟག །དོན་ཀུན་གསང་བ་སྟོན་པར་འགྱུར། །དེ་དག་ཏིང་འཛིན་གོམས་པ་ལས། །བདེན་བརྗོད་སྔགས་ཀྱི་མཐུ་བསྐྱེད་ཅིང༌། །དུས་གསུམ་ཆོས་རྣམས་མ་ལུས་པའི། །རང་གི་ཚུལ་གྱིས་གསལ་བར་བྱེད། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །དཀྱིལ་འཁོར་ཕྱག་རྒྱའི་ཆོ་ག་རྫོགས། །སོ་སོའི་རྟེན་འབྲེལ་རྫས་རྣམས་ལ། །ཕྱག་རྒྱ་སྔགས་བཅས་དོན་རྣམས་བསྒྲུབ། །འདི་དག་རྒྱུ་རྐྱེན་ཚོགས་པའི་མཐུས། །རང་གི་ངོ་བོ་བརྟན་པར་འགྱུར། །རི་ལུ་མིག་སྨན་བཅུད་ཀྱིས་ལེན་།རལ་གྲི་གསེར་འགྱུར་ལ་སོགས་རྫས། །དེ་དག་དམིགས་པའི་ཡན་ལག་གིས། །ལས་ཀུན་རྫོགས་པའི་དངོས་གྲུབ་འགྱུར། །དཀྱིལ་འཁོར་ཆེན་པོ་ཉམས་དགའི་གནས། །ཆོ་གའི་ཚོགས་རྣམས་རྫོགས་པའི་གཞི། །དེར་ནི་རང་གི་རྫས་དག་ལས། །དོན་ཀུན་དངོས་གྲུབ་སྐྱེ་བར་འགྱུར། །སོ་སོའི་རིག་པ་ཕྱག་རྒྱར་བཅས། །ཡུན་རིང་མཐའ་ཡིས་ལས་རྫོགས་པ། །ཇི་བཞིན་འཇུག་པའི་བྱིན་རླབས་


DTG027_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས། །བདེན་པའི་ཆོས་ཀུན་གསལ་བར་སྟོན། །ཕུན་སུམ་ཚོགས་པ་བཞིར་ལྡན་པས། །སྔོན་དུ་འགྲོ་བའི་ཡན་ལག་རྫོགས། །ཕྱི་དང་ནང་གི་ཁྲུས་བྱས་ནས། །སྒྲུབ་པ་ཆེན་པོ་ལ་འཇུག་བྱ། །རིགས་ཀྱི་དཀྱིལ་འཁོར་གང་རུང་བར། །སྔོན་དུ་བསྙེན་པ་རྫོགས་བྱས་ཏེ། །བདུད་རྩི་རྣམ་པ་ལྔ་པོ་དག །ཤ་ལྔའི་གྲོགས་དང་བཅས་པར་བསགས། །བནྡྷ་མཚན་དང་ལྡན་པ་རྣམས། །ཕྱོགས་མཚམས་དབུས་ཀྱི་གནས་སུ་དགོད། །རིགས་ཀྱི་དཀྱིལ་འཁོར་ཇི་བཞིན་པའི། །ཕོ་བྲང་གདན་ཁང་པ་རྫོགས་ནས། །ཡིག་འབྲུ་ཕྱག་མཚན་སྐུ་ཕྲ་མོ། །སྤྲོ་དང་བསྡུ་བས་ཡོངས་སུ་རྫོགས། །སངས་རྒྱས་ཀུན་གྱི་དམ་ཚིག་ཉིད། །གཉིས་མེད་བསྒོམས་པས་གསལ་བར་འགྱུར། །འདི་དག་རང་རང་མཐུ་སྐྱེད་པའི། །བྱིན་རླབས་རྟེན་འབྲལ་སྟོབས་རྫོགས་ནས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟིམས། །དགུག་གཞུག་གཉིས་སུ་མེད་པར་གནས། །རང་གི་ལྷ་ཡི་སྦྱོར་ལྡན་པས། །སྲིན་ལག་དང་ནི་མཐེ་བོད་རྩེས། །ཞི་བའི་བཏུང་བ་བཞིན་མྱངས་ནས། །རྟག་བ་ཡི་ནི་དངོས་གྲུབ་ཐོབ། །ཚུལ་བཞིན་རིགས་ཀྱི་དཀྱིལ་འཁོར་ཆེ། །འཁོར་ལོ་ཆེན་པོ་གནས་རྒྱས་པར། །བདུད་རྩི་གསང་བ་བསྒྲུབ་བྱ་སྟེ། །རང་རིག་རྒྱུ་རྐྱེན་ཚོགས་པས་སོ། །བསྙེན་སྒྲུབ་ཡན་ལག་རྣམ་བཞི་ཡིས། །བྱིན་བརླབས་དཀྱིལ་འཁོར་རྫོགས་བྱས་ཏེ། །རིགས་དང་རིགས་ཀྱི་དཀྱིལ་འཁོར་ཚུལ། །གཉིས་མེད་ཐབས་དང་ཤེས་རབ་གསལ། །འོད་དང་དུ་བ་དྲི་སྒྲ་རྒྱུན། །ལྷ་མོའི་གཟུགས་དང་མང་དུ་འཕེལ། །ཡི་གེ་དགུ་དང་བཅུ་གཅིག་དང༌། །བཅུ་བདུན་ཉི་ཤུ་རྩ་གཅིག་སོགས། །བར་སྐབས་སྔགས་ཀྱིས་གསལ་བྱས་པས། །ཕྱག་རྒྱའི་གནས་ཀུན་རྫོགས་པར་འགྱུར། །ཉི་ཟླའི་དཀྱིལ་འཁོར་ལ་གནས་པའི། །དམར་པོ་ཧྲཱིཿཡིས་ཀུན་སྡུད་དེ། །རྟ་མཆོག་ཡོན་ཏན་རོལ་པའི་མཐུས། །རིགས་ཀྱི་དཀྱིལ་འཁོར་ཀུན་མཉེས་མཛད། །ཚོགས་ཆེན་ཡོངས་སུ་རྫོགས་པ་ཡི། །དཀྱིལ་འཁོར་གནས་ཀུན་སྤྲོ་བསྡུ་བ། །ཡེ་ཤེས་འཁོར་ལོ་གཞུག་བྱས་ཏེ། །བདུད་རྩི་གསང་བ་ཆེན་པོའི་རྒྱུན། །རྡོ་རྗེ་སེམས་གཙོ་ལྷ་མོར་བཅས། །བསྡུས་དང་རྒྱས་པའི་འཁོར་ལོ་རྣམས། །དེ་དག་རིགས་ཀྱིས་


DTG027_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྱབ་བྱེད་པའོ། །བདུད་རྩི་ཤེལ་སྒོང་དག་པའི་གཟུགས། །བསྙེན་སྒྲུབ་ཡན་ལག་རྣམ་པ་བཞི། །ཆོ་གའི་དོན་ཀུན་རབ་ཏུ་རྫོགས། །འདི་དག་སྐྱེད་དང་སྤྲོ་བ་དང༌། །རྒྱ་ཆེན་སྤྲོས་པས་ཀུན་གསལ་ཞིང༌། །སངས་རྒྱས་རིགས་སོགས་འགྲོ་བའི་ཚོགས། །ཀུན་གྱི་དངོས་པོར་འདི་གྱུར་ཅིག །ཐམས་ཅད་བསྒྲུབ་པའི་བདག་ཉིད་ཀྱི། །ར་ས་ཡ་ནའི་བདེ་བའོ། །འདིས་ནི་སྲུང་བ་བྱས་ན་དཔལ། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །དེ་ནས་ཚེ་གནས་བསྐྱེད་པའི་ཕྱིར། །མཁས་པས་དེ་ཉིད་དཀྱིལ་འཁོར་བཞིན། །ཆོ་ག་རྫོགས་པས་བརྩམས་བྱས་ཏེ། །ཕུན་སུམ་ཚོགས་པས་ཀུན་སྤྱད་རྫོགས། །མགོན་པོ་ཚེ་དཔག་མེད་པའི་སྐུ། །ཆོ་ག་ཤེས་པས་བསྒོམ་པར་བྱ། །བྱིན་རླབས་རང་གི་ངང་ཚུལ་བསྟན། །ལྷ་མོའི་ཚོགས་རྣམས་རྫོགས་པར་གནས། །རྟག་ཏུ་བསྙེན་སྒྲུབ་ཡན་ལག་བཞི། །སྦྱོར་བ་བཞི་རྒྱུན་ཆོ་ག་རྫོགས། །ཕྱོགས་དུས་དཀྱིལ་འཁོར་རྟེན་སྡུད་ཅིང༌། །བཟླས་བརྗོད་གསལ་བས་བརྩོན་པས་འགྲུབ། །ཐོད་པ་མཚན་དང་ལྡན་སྔགས་པ། །རང་གི་དཀྱིལ་འཁོར་གནས་སུ་གཞག །ཐབས་དང་ཤེས་རབ་འཕྲོ་འདུ་ཡིས། །ཕྱོགས་ཀུན་སངས་རྒྱས་གསལ་བར་འགྱུར། །ཉི་མའི་འོད་ཟེར་སྣ་ཚོགས་པས། །ཚེ་གནས་བྱིན་རླབས་བསྐྱེད་པར་བྱ། །ཡེ་ཤེས་འཁོར་ལོ་ཀུན་བསྡུས་ཏེ། །རང་རིག་གནས་ཀུན་རྒྱས་པར་མཛད། །འོད་འབར་གཡོ་བ་ལ་སོགས་ཀྱི། །དངོས་གྲུབ་བཟང་པོ་རྟག་རྣམས་ཀུན། །ཡི་གེ་བདུན་དང་བཅུ་གཅིག་པ། །བཅོ་ལྔས་འཕྲོ་འདུ་རྫོགས་པར་འགྱུར། །རྟག་ཏུ་རང་གི་དམ་ཚིག་ནི། གནས་ཀུན་རྒྱས་པར་བྱེད་པའི་མཆོག །རིགས་ཀུན་དཀྱིལ་འཁོར་གནས་གསལ་བས། །ཕྲིན་ལས་བཞི་ཡི་དངོས་གྲུབ་འགྲུབ། །དེ་དག་དཀྱིལ་འཁོར་རྒྱ་ཆེན་དང༌། །བསྡུས་ཚོགས་གང་ལ་མོས་པ་བཞིན། །དམིགས་པར་བྱ་བའི་བསྒྲུབ་བྱ་རྣམས། །ཕྱག་རྒྱའི་དཀྱིལ་འཁོར་སོ་སོའི་གནས། །ཕྲིན་ལས་གསང་བ་འདི་རྒྱུད་ཀྱིས། །སོ་སོའི་ཕྲིན་ལས་མཉམ་པར་སྦྱོར། །རང་གི་གསང་སྔགས་ཇི་ལྟ་བ། །རང་གི་ཏིང་འཛིན་རྩེ་གཅིག་ཉིད། །དོན་ཀུན་གསང་བ་ལ་དམིགས་ཏེ། །ཕྱག་རྒྱའི་གནས་ཀུན་རྫོགས་པར་སྤྱད། །དེས་ནི་ཞི་རྒྱས་དབང་དྲག་གི །དངོས་གྲུབ་


DTG027_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུན་མོང་ལས་འཕགས་པའི། །རྣམ་པ་མང་པོ་མཚན་ལྡན་ཞིང༌། །དེ་དག་ལས་ཀུན་རྫོགས་པར་བྱེད། །དོན་འདི་གསང་བ་ལ་བརྟེན་ནས། །རྒྱ་ཆེན་སྔགས་དོན་ཚུལ་མང་པོ། །དེ་ཉིད་རྣམ་ཀུན་གསལ་འགྱུར་ཏེ། །ཐོགས་པ་མེད་པར་འགྲུབ་པའོ། །རྟག་ཏུ་རང་གི་དམ་ཚིག་གནས། །དེས་ནི་དངོས་གྲུབ་ཀུན་སྦྱོར་ཞིང༌། །འགྲོ་བ་རྒྱ་ཆེན་ལ་དམིགས་པས། །མཆོག་གི་ཡེ་ཤེས་བསྒྲུབ་པར་བྱ། །བསྙེན་སྒྲུབ་ཀུན་གྱི་སྔོན་འགྲོ་བའི། །ཆོ་ག་རྒྱ་ཆེན་རྫོགས་གྱུར་ནས། །རིགས་ཀྱི་དཀྱིལ་འཁོར་ཚུལ་བཞིན་དུ། །རང་རིག་དངོས་གྲུབ་རྣམ་པར་སྦྱོར། །རྟེན་གྱི་དབྱེ་བ་རྣམ་བཞི་སྟེ། །དབང་པོ་ཡུལ་དུས་བསྙེན་སྒྲུབ་སོགས། །རང་གི་འཇུག་པ་ཚུལ་བཞིན་དུ། །ཆོ་ག་རྫོགས་པའི་ཡན་ལག་རྣམས། །ཕྱག་རྒྱའི་གནས་ཀུན་ལ་བརྟེན་ནས། །དོན་དམ་གསང་བ་སྤྱད་པར་བྱ། །གཅིག་བཞིན་དུ་ནི་གཅིག་སྤྱོད་པ། །ལྷན་ཅིག་སྤྱོད་པ་རྗེས་སྤྱད་སྡུག །གོ་རིམས་སོ་སོའི་ཁྱད་པར་དག །མ་འདྲེས་གསལ་བས་དོན་ཀུན་རྫོགས། །དེ་ཡི་དམ་ཚིག་དེ་འབྱུང་བ། །སྡུག་པའི་དམ་ཚིག་བདག་རྗེས་འབྲང༌། །ཤིན་ཏུ་སྦྱོར་དང་སྦྱོར་ཆེན་པོ། །ཐམས་ཅད་བདག་ཉིད་དམ་ཚིག་མཆོག །དེ་དག་ཚུལ་གྱིས་ལས་ཀུན་ལ། །རྣམ་པར་སྦྱོར་བས་རྫོགས་པར་འགྱུར། །དངོས་གྲུབ་མཆོག་གི་མཆོག་སྦྱོར་བ། །ཕྱག་རྒྱ་ལ་གནས་གསང་བས་འགྲུབ། །རྣལ་འབྱོར་ཐམས་ཅད་བདེ་བ་ཡི། །དབང་བསྐུར་བདེ་ཆེན་ལས་བྱུང་བ། །རིན་ཆེན་ཚོགས་རྣམས་ཐམས་ཅད་ཀྱི། །རབ་ཏུ་རྨོངས་ལས་དབང་བསྐུར་འགྱུར། །ལྷ་མོ་ཀུན་གྱི་ལོངས་སྤྱོད་ལ། །ཅི་བདེ་བར་ནི་བསྟེན་པར་བྱ། །བདག་ཉིད་ཆེ་བའི་ལྷར་སྦྱོར་བས། །བདག་ལ་བདག་གིས་རབ་ཏུ་མཆོད། །རྣལ་འབྱོར་ཐམས་ཅད་བདེ་བ་ཡི། །རྗེས་སུ་སྦྱོར་བས་མཆོད་བྱེད་ཅིང། །ཀུན་ལ་མྱོང་བར་བྱེད་པས་ན། །ཤིན་ཏུ་སྦྱོར་བས་རབ་འགྲུབ་འགྱུར། །སངས་རྒྱས་ཐམས་ཅད་བདག་ཉིད་ཀྱི། །ར་ས་ཡ་ནའི་བདེ་བ་དེས། །རྡོ་རྗེ་སེམས་དཔའི་ཚེ་འགྲུབ་པའི། །ལང་ཚོ་ནད་མེད་བདེ་མཆོག་འགྲུབ། །སངས་རྒྱས་ཀུན་གྱི་སྐུ་ཆེན་དང༌། །སངས་རྒྱས་ཀུན་གྱི་གསུང་སྙན་པ། །སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ། །སངས་རྒྱས་ཀུན་གྱི་


DTG027_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོད་པ་ཆེ། །སངས་རྒྱས་ཀུན་གྱི་རྒྱལ་ཆེན་པོ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག །འཇིག་རྟེན་དབང་པོ་ཀུན་གྱི་གཙོ། །རིན་ཆན་དབང་ཕྱུག་ཀུན་གྱི་བདག །དེ་དག་དང་ནི་དགའ་སྤྱད་ན། །འདོད་པ་བཞིན་དུ་འགྲོ་འོང་ལྡེང༌། །ལྷ་མོ་གུན་གྱི་གྲུབ་ཆེན་པོ། འཁོར་ལོས་སྒྱུར་བ་རབ་ཏུ་གྲུབ། །ཐེག་ཆེན་གསང་བ་གཉིས་མེད་པའི། །དོན་མཆོག་འབྲས་བུའི་ལམ་སྟོན་པ། །རྒྱལ་བ་ཀུན་གྱི་དགོངས་མཛད་དེ། །རྗེས་སུ་འཇུག་པས་སྤྱད་པའི་ལམ། །འདི་དག་དོན་ཚོགས་རྒྱ་ཆེན་ལས། །ཉེ་བར་བསྟན་པའི་ཆོ་ག་རྣམས། །བདག་དོན་སྒྲུབ་པའི་ཐབས་ཙམ་ཞིག །ལེགས་བཤད་གསལ་བར་བྱས་པ་ཡིན། །སངས་རྒྱས་རྣམས་ཀྱིས་གང་བསྟན་པ། །དེ་དག་བྱང་ཆུབ་སེམས་དཔའི་ཡུལ། །མཆོག་ཏུ་གྱུར་པའི་རྣལ་འབྱོར་པས། །དེ་གསལ་སྒོ་རྣམས་གཟུང་བར་འོས། །ཐུན་མོང་དང་མཆོག་གི་དངོས་གྲུབ་བསྟན་པའི་ཆོ་ག་སྟེ་ལྔ་པའོ།། །།དམ་པའི་བཀའ་དོན་རྒྱ་ཆེན་པོ། །རྣམ་ཀུན་སྡུད་པར་སུ་ཡིས་ནུས། །དེ་དག་དོན་ནི་འདོར་བྱེད་པ། །ཚུལ་ལྡན་གསང་བའི་མན་ངག་མཆོག །ལེགས་བཤད་དྲི་མེད་དགེ་བ་བཟང༌། །ཆོ་གའི་གནས་ཀུན་རྣམ་གསལ་བས། །འཇིག་རྟེན་འདི་དག་ཀུན་སྒྲོལ་ཞིང༌། །ཐམས་ཅད་མཁྱེན་ཉིད་རྫོགས་གྱུར་ཅིག །དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་བསྟན་པ་ལ་འཇུག་པའི་ཆོ་ག་ལྔ་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཀུ་ཀུ་རཱ་ཛས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་བཛྲ་ཧ་ས་དང༌། སྒྲ་བསྒྱུར་གྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །


previousལྔ་པ། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྟན་པའི་ཆོ་གnext