Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  expand section
  expand section
   
   
   
   
   
   
  expand section
   
   
   
   
   
   
  collapse section
  collapse section
   
   
སའི་ཆོ་ག་བྱ་བ།
   
   
   
   
  expand section
   
   
   
   
   


 
previousསའི་ཆོ་ག་བྱ་བ།next

སའི་ཆོ་ག་བྱ་བ།


DTG027_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཡང་རྡོ་རྗེ་རྒྱལ་པོ་དང༌། རྒྱལ་ཐེབ་ཀྱི་མ་ཟིན་པར་གྱུར་ནས། གནས་ཤར་དང་བྱང་དུ་གཞོལ་ཞིང་ཕྱོགས་གཞན་མཐོ་བར་གྱུར་པ་ནགས་ཚལ་ཕུན་སུམ་ཚོགས་པར་འཁོར་དང༌། ཡུམ་དང༌། ཡོ་བྱད་དང་རྒྱན་ཆས་དག་ཕུན་སུམ་ཚོགས་པའི་སྒོ་ནས་ལས་ལ་སྦྱར་རོ། །དེ་ལ་གནས་ནི་རྣལ་འབྱོར་པ་དག་ཤིན་ཏུ་ཉམས་དགའ་བར་གྱུར་པའི་ས་གཞི་པདྨ་འདྲ་བ་ལས་དབུས་མཐོ་ཞིང་ནམ་མཁའ་འཁོར་ལོ་རྩིབས་བརྒྱད་པ་ལྟར་མངོན་པ། ཤར་དང་བྱང་དུ་གཞོལ་ཞིང་ཕྱོགས་གཞན་མཐོ་བར་གྱུར་པ་ནགས་ཚལ་བཟང་པོ་མེ་ཏོག་དང་འབྲས་བུའི་ཚོགས་ཀྱིས་བརྒྱན་ཅིང༌། ཆུ་རྒྱུན་གསལ་བས་མཐའ་བཞི་རྒྱས་པའི་རིའམ། ལྗོངས་སམ་ཐང་ལ་སོགས་པ་རིན་པོ་ཆེ་དང་སྨན་འབྲས་ཀྱིས་བརྒྱན་པ་ནི་ཤིན་ཏུ་བཀྲ་ཤིས་པར་འགྱུར་རོ། །དེ་ལས་གཞན་པའི་ལས་ཕྲ་མོ་དག་སྒྲུབ་པ་ལ་ནི་རིགས་སོ་སོའི་གནས་དང་མཐུན་པར་བྱའོ། །དེར་ཤིས་པ་དང་མི་ཤིས་པའི་ལྟས་བརྟག་པའི་ཕྱིར་ས་པུས་ནུབ་ཙམ་དུ་བརྐོས་ལ་སླར་ས་དེས་དགོང་བའམ་དྲི་ཆུ་བཟང་པོ་དང་སྦྱར་བས་བཀང་སྟེ། མཉམ་པར་གཞག་པས་རྡོ་རྗེ་དྲིལ་བུ་གཟུང་ཞིང་རང་གི་སྔགས་བརྗོད་ནས་མི་དྲག་པར་གོམ་པ་བརྒྱའི་གནས་ནས་ལོག་སྟེ་བལྟ་བར་བྱའོ། །དེ་ལས་མ་ལེགས་པའི་མཚན་མ་མཐོང་བ་དག་ལ་ནི་གཡས་གཡོན་གྱི་གནས་སུ་སྤོ་བར་བྱ་ཞིང༌། པྲ་སེ་ན་ལ་སོག་པས་བརྟག་གོ །དེ་ནས་བསོད་ནམས་ཀྱི་ཚོགས་ཀྱིས་སྣོད་དག་པར་བྱ་བའི་ཕྱིར། སྐུའི་རྟེན་གཟུགས་པ་དང་གསུང་གི་སྒྲ་བསྒྲགས་པ་དང༌། མཆོད་སྦྱིན་ཆེན་པོ་རྒྱ་ཆེར་གཏང་ཞིང༌། གཏོར་མའི་ཚོགས་ཀྱིས་མགྲོན་རྣམས་ཚིམ་པར་བྱའོ། །དེ་ནས་ཡང་རྣམ་པར་ཤེས་པའི་ཕྱག་རྒྱའམ། ཡེ་ཤེས་ཀྱི་ཕྱག་རྒྱས་ཀྱང་བརྟགས་ནས་ཤིན་ཏུ་དགེ་བར་གྱུར་བ་དེར་ས་བསླང་བར་བྱའོ། །གལ་ཏེ་མཚན་མ་ངན་པ་ལྟ་བུ་ཞིག་ན་ནི་ཞི་བ་དང་དྲག་པོས་གདུལ་བར་བྱ་ཞིང་དེ་དག་གི་སྦྱིན་སྲེག་ལ་སོགས་པས་འགྲུབ་པར་འགྱུར་རོ། །


DTG027_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡུལ་གྱི་བདག་པོ་རྒྱལ་པོ་ལ་སོགས་པ་དག་ལ་ནི་བསླང་བའམ། རིན་གྱིས་ཉོ་བ་དང༌། མི་སྣང་བ་ལ་ནི་རང་གི་ལྷའི་སྦྱོར་བས་གཏོར་མ་བཏང་སྟེ། མགྲོན་རྣམས་ཚིམ་ནས་ལས་ལ་བསྒོ་ཞིང་དེ་ལས་ཁྱད་པར་དུ་སའི་ལྷ་མོ་དང༌། ས་བདག་ཏ་པ་ལའི་འཁོར་རྣམས་ལ་བསླངས་ནས་དེ་དག་མཉེས་པར་བྱའོ། །དེ་ནས་ས་གཞི་དེ་དག་ཏུ་དྲི་ཆབ་བྱིན་གྱིས་བརླབས་པ་སྔགས་ཀྱིས་གཏོར་ཞིང༌། ཏིང་ངེ་འཛིན་གསལ་བའི་འཕྲོ་འདུས་བདུད་རྩི་དང༌། ཡི་གེ་གསུམ་གྱིས་སྤྱང་པ་བྱས་ནས་དཀྱིལ་འཁོར་ཇི་ཙམ་འདོད་པའི་རྒྱར་ས་གཞི་བརྐོས་ཏེ། དངོས་གྲུབ་རབ་འབྲིང་གི་དོན་དུ། །ཁྲུ་དོ་དང༌། ཁྲུ་གང་དང༌། སོར་བཞིའི་ཚད་ཙམ་དུ་བརྐོས་པའི་ཚད་འཕང་དུ་བརྩིག་པར་བྱའོ། །དེའི་དུས་སུ་རུས་པ་དང༌། གསེག་མ་དང༌། གྱོ་མོ་དང༌། སོལ་བ་དང༌། ས་རོ་རྣམས་བསལ་ཏེ་དྲི་ཞིམ་པའི་ཆུ་དང༌། ས་མཉེན་འཇམ་པ་སྦྱིན་པོ་དང་བསྲེས་ནས་བརྩིགས་ཏེ། སྨན་དང༌། རིན་པོ་ཆེ་དང༌། དྲི་རྣམས་སྙིང་པོ་རུ་གཞུག་གོ ། ཡང་ཆོས་ཉིད་རྣམ་པར་དག་པའི་དོན་བསམ་ཞིང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྷོཉཧཾ་ཞེས་བརྗོད་དེ། དྲིའི་ཆུས་བྱུག་པར་བྱའོ། །དེ་ནས་མཆོད་གཏོར་སྣ་ཚོགས་ཉེ་བར་སྤྱང་ཞིང༌། །རིགས་ཀྱི་རྒྱན་དང་ལྡན་པ་ལྔས་རང་ཉིད་རྒྱན་གྱིས་བརྒྱན་ཏེ། ས་གཞི་བྱིན་གྱིས་བརླབ་པའི་དོན་དུ། བྷཱུཾ་ག་གན་ཁཾ་ཨཱཿཧཱུཾ། ཞེས་བརྗོད་ཅིང་ནམ་མཁའ་སྟོང་པའི་རང་བཞིན་ལས་འབྱུང་བ་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པ་བརྟན་པར་གནས་ཤིང༌། རྡོ་རྗེའི་ས་གཞི་དང༌། ར་བ་དང༌། གུར་ལ་མེ་འོད་དང་བཅས་པར་བསམ་མོ། །དེ་ནས་སྒྲུབ་པ་པོ་དཀྱིལ་འཁོར་གྱི་དབུས་སུ་གནས་པ་ལ་ཕྱོགས་བཞི། དེའི་སྔགས་དང་ཕྱག་རྒྱ་ནི། སྣ་ཚོགས་རྡོ་རྗེ་བཅིངས་པ་ས་ལ་བཞག་སྟེ། ཨོཾ་མེ་དེ་ནི་བཛྲི་བྷྱ་བ་བཛྲ་བནྡྷ་ཧཱུཾ་ཞེས་པའོ། །དེ་ནས་བདག་ཉིད་ཀྱི་མདུན་དུ་སའི་ལྷ་མོ་སྐུ་མདོག་སེར་མོ་བུམ་པ་འཛིན་པ་བཀའ་ཉན་པའི་ཚུལ་དུ་གནས་པ་ལས་ཞལ་བསིལ་དང་མཆོད་ཡོན་ཕུལ་ཞིང་གསོལ་བ་གདབ་པར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཆུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་དང༌། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་


DTG027_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་གསོལ་བ་བཏབ་ནས། །ཇི་སྲིད་ལས་མ་གྲུབ་པའི་བར་དུ་བཞུགས་སུ་གསོལ་བ་དང༌། ལྷ་མོ་དགྱེས་ནས་མདངས་ཕྱུང་སྟེ་སླར་སྨྲས་པ། ཁྱེད་རྣམས་དཀྱིལ་འཁོར་ཆེན་པོ་བསྒྲུབ་པར་གྱིས་ཤིག་ཅེས་བརྗོད་བར་བསམ་མོ། །དེ་ནས་སྒྲུབ་པ་པོ་དཀྱིལ་འཁོར་གྱི་དབུས་སུ་གནས་པ་ལ་ཕྱོགས་བཞིའི་རྣལ་འབྱོར་བ་རྒྱན་གྱིས་བརྒྱན་ཞིང༌། ལྷ་མོ་བཞིའི་ང་རྒྱལ་དང་བཅས་པས་གསོལ་བ་གདབ་པར་བྱ་སྟེ། ཨོཾ་བྱམས་ཆེན་ནམ་མཁའི་རིགས་སྦྱོར་བ། རྡོ་རྗེ་འཛིན་རྒྱལ་འཇིགས་པའི་སྐྱོབས། །རྣམ་འབྱེད་གསལ་བའི་ཆོས་མཆོག་ཅན། །ཡང་དག་ཡེ་ཤེས་སྤྱོད་པ་གྲོལ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་སྙིང་རྗེའི་གནས་མཆོག་དག་པའི་དངོས། །མཉམ་ཉིད་ཆོས་ཀུན་འབྱུང་བ་ཡི། །ཡོན་ཏན་རིན་ཆེན་མཛོད་སྟོན་པའི། །རྣམ་འཕྲུལ་ཆོས་ལས་རབ་ཏུ་གྲོལ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་དགའ་བའི་པདྨོ་མཚན་ལྡན་པ། །ཀུན་རྟོག་དངོས་གསལ་ཆགས་པ་མེད། །རྡོ་རྗེ་གསང་གསུམ་གནས་གདོན་པའི། །བརྗོད་འབྱུང་ཚིག་ལས་འདས་པའོ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་བཏང་སྙོམས་གནས་ངན་དྲ་བ་སེལ། །ཕྲིན་ལས་བདག་པོ་སྟོབས་རྫོགས་པ། །བྱ་བའི་ཡེ་ཤེས་མཐར་མཛད་ཅིང༌། །སྤྲུལ་པའི་དཀྱིལ་འཁོར་བསྟན་དུ་གསོལ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གཙོ། །སྡིག་པ་ཐམས་ཅད་ལས་གྲོལ་ཞིང༌། །བསོད་ནམས་དངོས་གྲུབ་ཀུན་འབྱུང་བའི། །རྒྱལ་བ་ཀུན་གྱི་འབྱུང་གནས་མཆོག །མཐོང་དགའ་མཐོང་བས་གྲོལ་བྱེད་པ། །ལམ་མཆོག་གསང་བ་ཆེན་པོའི་ཚོགས། །བདག་ཉིད་ཆེན་པོས་བསྟན་དུ་གསོལ། །ཨ་ལ་ལ་ལ་ལ་ཧོ། །ཞེས་བརྗོད་པར་བྱའོ། །


previousསའི་ཆོ་ག་བྱ་བ།next