Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  expand section
  expand section
   
   
   
   
   
   
  expand section
   
   
   
   
   
   
  collapse section
  collapse section
   
   
   
   
   
   
གཟུགས་བརྙན་གྱི་དཀྱིལ་འཁོར་བྱ་བ།
  expand section
   
   
   
   
   


 
previousགཟུགས་བརྙན་གྱི་དཀྱིལ་འཁོར་བྱ་བ།next

གཟུགས་བརྙན་གྱི་དཀྱིལ་འཁོར་བྱ་བ།


DTG027_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་བརྩམ་པར་བྱ་བའི་ཕྱིར། རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་རྣལ་འབྱོར་གྱི་སྒྲུབ་པ་པོ་དག་རྒྱན་ཆས་ཕྱག་རྒྱའི་ཚོགས་དང༌། ཆས་གོས་ལྔ་དང༌། སྲད་བུ་དང༌། ཐལ་བས་མཚན་ཅིང་རྡོ་རྗེ་རྒྱལ་ཐེབ་ཡུམ་དང་བཅས་པས་རང་གི་ལྷ་གསལ་བར་བྱས་ལ། ཐིག་སྐུད་རས་སར་པའི་རྒྱུ་ལས་བྱུང་བ་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བཀལ་བར་བྱ་སྟེ། རིང་ཐུང་ནི་དཀྱིལ་འཁོར་ཉིས་འགྱུར་ལ། སྦོམ་ཕྲ་ནི་སྒོའི་ཉི་ཤའི་ཚད་དོ། །དེ་ལྟར་ཁ་དོག་ལྔའི་དོག་པ་བྱས་ནས་རིན་པོ་ཆེའི་སྣོད་དུ་བཞག་སྟེ། རིགས་ཀྱི་ཡི་གེས་ལྷར་བསྐྱེད་ཅིང་སྔར་ཀྱིས་བྱིན་གྱིས་བརླབས་ནས་ལྷ་རྣམས་དགུག་གཞུག་


DTG027_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱས་ལ། མཆད་ཅང་བསྟོད་ནས་བསྒྲིལ་བར་བྱའོ། །ཨོཾ་དཱེ་པྟ་དྲྀཥྚི་ཨཾ་ཀུ་ཤ་ཛཿ་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཨོཾ་ཨཱཿཧཱུཾ། དང་པོ་ཤར་ནས་ནུབ་ཏུ་བརྐྱང་སྟེ་གདབ་བར་བྱའོ། །དེ་ཡང་ཐབས་ཀྱི་གསང་གནས་ནས། ཤེས་རབ་ཀྱི་གསང་བའི་གནས་སུ་དྲངས་ཏེ། ཨོཾ་ཨཱཿཧཱུཾ་ཛ་ཛ་ཞེས་བརྗོད་དོ། །སྟོབས་མཆོག་དཔའ་བོ་དགོངས་སུ་གསོལ། །རྡོ་རྗེ་ཐིག་གི་སྒྲ་ལྡན་པས། །ནམ་མཁའི་དཀྱིལ་འཁོར་ལེགས་གྲུབ་ཅིང༌། །འགྲོ་བའི་དོན་ལ་བསྐུལ་བར་མཛད། །ཨོཾ་མ་ཧཱ་བོ་དྷི་ཙིཏྪ་སརྦ་སཏྭ་ཧཱུཾ། ཞེས་བརྗོད་ཅིང༌། ཐིག་སྐོར་དང་བཅས་པས་ནམ་མཁའ་ལ་བཏབ་སྟེ། དཀྱིལ་འཁོར་བཀོད་ནས། གཟོད་ས་གཞི་ལ་གདབ་པར་བྱའོ། །དེ་ཡང་དང་པོར་ཤར་ནས་ནུབ་ཏུ་བརྐྱང་བའི་ཐིག་གོ །དེའི་ཕྱོགས་མཚམས་ཚད་པའི་ཕྱིར་ཆ་བཞིར་བྱས་ཏེ། བར་མཚམས་གཉིས་ནས་ཕྱེད་ཀྱི་ཚད་ཀྱིས་ནི་ལྷོ་བྱང་དུ་བཙལ་ཏེ། དེར་ཐིག་གཉིས་པ་བཏབ་བོ། །དེར་ཐིག་གཉིས་ཀྱང་ཕྱེད་ཀྱི་ཚད་ཀྱིས་ངོས་བཞིའི་ཐིག་རྩེ་ནས་ཚད་པས་མཚམས་ཀྱི་ཟུར་བཞི་དོད་པར་འགྱུར་རོ། །དེའི་རྗེས་ལ་ཤར་དང་ནུབ་དང་བྱང་དང་ལྷོའི་ཕྱོགས་བཞི་དག་དང༌། མཚམས་བཞིར་གདབ་ཅིང༌། དེ་ལས་ཕྱོགས་ཐིག་བཞིའི་རྩེ་མོའི་ཚད་ཀྱིས་ནི་ཆ་བཞིའི་ཚད་དུ་འགྱུར་ཏེ། དེ་དག་ཀྱང་ལོ་མ་གཏུབ་པའི་ཐིག་གིས་ཆ་ཆེན་སུམ་ཅུ་རྩ་གཉིས་ལ་ཆ་འབྲིང་དང་ཆ་བྲན་སོ་སོའི་གཞུང་བཞིན་དབྱེ་ཞིང༌། དེའི་འོག་མའི་ཧེ་རུ་ཀ་དང༌། རྡོ་རྗེ་ཉི་མ་ལ་ནི་ཆ་བྲན་གཉིས་མ་ཕྱེས་པའི་སྣམ་བུའོ། །རབ་རིམ་པ་གསུམ་དང༌། འཁོར་ཡུག་རྣམས་ནི་ཆ་བྲན་རེ་རེའི་ཚད་ཀྱིས་འཁོར་བའོ། །དུར་ཁྲོད་ནི་ཆ་བྲན་བཞིའི་ཚད་དོ། །དེ་ལྟར་ཐིག་གི་ལས་རྫོགས་ནས། །ཡེ་ཤེས་ཀྱི་སྐུད་པ་མཆོད་ཅིང་བསྟོད་དོ། སླར་གཤེགས་སུ་གསོལ་ནས། ལྷའི་ང་རྒྱལ་དང་ལྡན་པས་མིག་གཉིས་ལ་ཉི་ཟླ་བསམ་ཞིང༌། ཧཱི་ཞེས་བརྗོད་ནས་བལྟ་བ་བྱས་ནས། རྡོ་རྗེ་སློང་བའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། ཞེས་པས་རི་མོ་དེ་གདེག་པར་བྱའོ། །དེ་ནས་ཕྱོགས་ཐམས་ཅད་དང་མཉམ་པ་ཉིད་དུ་དམིགས་ནས་ཚིག་འདིས་དག་པར་བྱའོ། །ཨོཾ་ཐམས་ཅད་རང་བཞིན་རྣམ་འཕྲུལ་མཆོག །དངོས་མེད་ཞི་བ་འོད་ལྡན་


DTG027_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསལ། རྡོ་རྗེ་འཛིན་པ་གཏེར་ཆེན་འབྱིན། །དཀྱིལ་འཁོར་དག་པར་བྱིན་གྱིས་རློབས། །མཉམ་པའི་སྔགས་བློ་རྣམ་གསལ་བས། །ཉེས་པའི་ཟུག་རྡུ་དག་པར་འགྱུར། །ཞེས་བརྗོད་ཅིང་ཐམས་ཅད་ལྷའི་རང་བཞིན་དུ་བརྟག་སྟེ། དེས་ནི་ཆོ་ག་ལྷག་མ་དང༌། མ་ཚང་བ་ཁ་སྐོང་བར་བྱེད་དོ། །དེ་ནས་ཆ་དབྱེ་བར་བྱ་སྟེ། ཕྱི་རོལ་གྲུ་བཞི་བསྒོ་དང་བཅས་པ་ལ། །རབ་རིམ་གསུམ་དུར་ཁྲོད་ཀྱིས་བརྒྱན་པ། །དབུས་སུ་ཕོ་བྲང་རིམ་པས་ཕྱེ་བ་སྟེ། །དཀྱིལ་འཁོར་སོ་སོའི་དབྱིབས་བཞིན་དུ། །ཕོ་བྲང་གི་ར་བ་དང༌། མཚམས་འབྱེད་པ་དང༌། གསང་ལམ་གྱི་ཕྲེང་བའོ། །དེ་ལ་ཚོན་གྱི་ཆོ་ག་ནི། རིན་པོ་ཆེ་སྣ་ལྔའམ། ཚོན་རྩི་གང་ཡང་རུང་བ་དག་སྣོད་ལྔའི་ནང་དུ་བླུགས་ཏེ། ཕྱོགས་ཕྱོགས་སུ་བཞག་ནས་ཡི་གེ་ལ་སོགས་པའི་ལྷའི་སྐུར་བསྐྱེད་ཅིང་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་སྟེ་མཆོད་ཅིང་བསྟོད་ནས་རང་གི་གནས་སུ་དགྲམ་མོ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། དང་པོ་ཚོན་གྱི་གོ་རིམས་ནི། ལག་པ་གཡོན་པས། དཀར་པོ་དང༌། མཐིང་ག་དང༌། དམར་པོ་དང༌། སེར་པོ་དང༌། ལྗང་གུའི་རིམ་གྱིས་པཉྩ་རེ་ཁཱ་བྲིས་ཏེ། མཆོད་ཅིང་ཐོད་པས་བཀབ་ནས་མཚན་མའི་ལྟས་བརྟག་གོ །འདི་ནི་ཆོས་དབྱིངས་རྣམ་པར་དག །སེམས་ཅན་ཁམས་ནི་རང་སྒྲོལ་བྱེད། །དཔལ་ལྡན་རྒྱལ་པོ་ཆེ་གེ་མོའི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཡང་དག་བདེན་པའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་ལས་རྣམས་ཤིས་པར་མཛོད། །ཅེས་བརྗོད་ཅིང་བཏེག་སྟེ་བལྟ་བར་བྱའོ། །དེ་ཡང་ཐིག་ནི་ཕྱི་ནས་གདབ་ཅིང༌། ཚོན་ནི་ནང་ནས་དགྱེ་སྟེ། དང་པོ་རྡོ་རྗེ་རྒྱལ་ཐེབ་ཀྱིས་བྲི་ཞིང༌། ཕྱི་ནས་ཅི་བདེ་བར་བྲི་སྟེ་མཐོ་ཞིང་དྲང་བར་བྱའོ། །གང་ཞིག་རེ་ཁཱ་དམའ་བ་དང༌། ཡོ་བ་དང༌། ཆད་པ་དང༌། འཁྲུལ་པ་དག་གིས་ནི་མི་འགྲུབ་བོ། །དེ་ལྟར་ཚོན་རྩི་ལྔའི་མཆོག་དག་ནི་དབུས་སུ་བཏབ་སྟེ། ཁ་དོག་ཕྱོགས་ཀྱིས་ཕྱེ་ལ། མུ་ཁྱུད་སྔོན་པོ་དག་ལ་ནི་རྡོ་རྗེ་དཀར་པོ་བྲིའོ། །དཀྱིལ་འཁོར་དེའི་ཕྲེང་བ་དམར་པོ་ལ་རྩིབས་མཆན་ལྗང་གུ་དང༌། གྲུ་ཆད་སེར་པོའོ། །གཞན་དག་ཀྱང་སོ་སོའི་རིགས་ཀྱིས་ཤེས་པར་འགྱུར་རོ། །སྒོ་བཞི་ནི་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུའོ། །རྟ་བབས་ནི་ཁ་དོག་ཉི་ཤུ་རྩ་ལྔའོ། །པདྨའི་


DTG027_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྲེང་བ་ནི་ཁ་དོག་སྣ་ཚོགས་པའོ། །རྡོ་རྗེའི་ར་བ་ནི་སྔོ་ལ་དཀར་པོའི་ཕྲེང་བས་མཛེས་པའོ། །མེ་རི་ནི་དམར་སེར་རོ། །དུར་ཁྲོད་ནི་ཕྱོགས་ཀྱི་མདོག་གོ །ཞིང་སྐྱོང་ནི་ནག་པོའོ། །ཕྱོགས་སྐྱོང་བ་དང་ཀླུ་ལ་སོགས་པ་ནི་རང་གི་རིགས་བཞིན་ནོ། །འདོད་འབྱུང་གི་གནས་ནི་སེར་པོ་ལ་ཕྱིའི་ར་བ་ནི་སྔོ་གནག་གོ །དེ་དག་གི་གནས་རྣམས་སུ་ནི་རྟེན་གྱི་མཚན་མ་གང་རུང་གཞག་གོ །དེས་དཀྱིལ་འཁོར་གྱི་རྒྱན་ལ་སོགས་པ་དག་ཀྱང་བྱིན་གྱིས་བརླབས་ཏེ་དགོད་པར་བྱའོ། །གཞན་ཡང་མཆོད་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པ་དང༌། མཆོད་པ་ཐམས་ཅད་ཀྱི་གཏོར་མའི་རྫས་དག་ཀྱང་བྱིན་གྱིས་བརླབས་ཏེ་གཞག་པར་བྱའོ། །དེ་ནས་དཀྱིལ་འཁོར་ལ་སོགས་པ་བསྲུང་བར་བྱ་ཞིང་སྟ་གོན་གྱི་ལྷ་རྣམས་དཀྱིལ་འཁོར་གྱི་གནས་སུ་དགོད་དོ། །ཡང་རྡོ་རྗེ་རྒྱལ་པོས་གཞིའི་ཏིང་ངེ་འཛིན་དང༌། རྟེན་གྱི་ཏིང་ངེ་འཛིན་དང༌། དམིགས་པ་དང་པོ་གཉིས་ཀྱིས་དཀྱིལ་འཁོར་མཉེས་པར་བྱས་ནས་གསོལ་བ་གདབ་བོ། །དེ་ནས་རྣལ་འབྱོར་ཕོ་མོ་རྒྱན་དང་བཅས་པས་རྡོ་རྗེ་དྲིལ་བུ་ཐོགས་ཏེ་ཡི་གེ་བརྒྱ་པས་བསྐང་ཞིང༌། སྟང་སྟབས་དང་བཅས་པས་དཀྱིལ་འཁོར་ལ་ལན་བདུན་དུ་བསྐོར་རོ། །དེ་ནས་རྡོ་རྗེ་རྒྱལ་པོ་དང༌། རྒྱལ་ཐེབ་དང༌། ལས་ཀྱི་ཕྱག་རྒྱ་དང། ལས་ཀྱི་རྡོ་རྗེ་དང༌། བརྡ་སྦྱོར་བ་དང༌། རྡུལ་ཕྱག་ལ་སོགས་པ་སོ་སོར་ཕྱེ་སྟེ། སོ་སོར་གདན་བཤམ་ཞིང་དགོད་པར་བྱའོ། །དེ་དག་སྔ་མའི་གནས་ཇི་ལྟ་བ་ལས། ཕྱིས་མི་འགྱུར་བར་རང་རང་གི་རྣལ་འབྱོར་གྱིས་འཁོད་ཅིང་ཕྱོགས་ཀུན་ནས་ལངས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དག་གིས་བྱིན་ཕབ་ནས། གནས་དང་དཀྱིལ་འཁོར་ལ་སོགས་པ་མངའ་གསོལ་ལོ། །དེ་ནས་གསང་བའི་ཐེག་པའི་འཇུག་སྒོ་ཤེས་པས། གཞན་ལས་དཔག་པར་བྱ་བའི་ཕྱིར་བརྡ་སྒོ་དབྱེ། ཐ་མལ་གྱི་ཚིག་སྤང་ཞིང༌། རྡོ་རྗེ་རྒྱལ་ཐེབ་ཀྱི་སྒོ་ནས་ལུས་ཀྱི་བརྡ་ལ་གནས་པར་བྱ་ཞིང༌། ཕྱོགས་བཞི་ནས་ཕྱག་འཚལ་ཞིང་གསོལ་བ་གདབ་སྟེ། སྦྱོར་བའི་གར་ཐབས་ཀྱིས་གནས་པར་བྱའོ། །གཞན་ཡང་དུར་ཁྲོད་ཀྱི་བདག་པོ་ལ་སོགས་པ་གདུལ་བའི་ཕྱིར་དཔལ་ཧེ་རུ་ཀ་ལ་སོགས་པའི་ང་རྒྱལ་གྱིས་གླང་པོ་ཆེའི་སྟོད་གཡོགས་ལ་སོགས་པས་ལུས་མཚན་པར་


DTG027_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་སྟེ། སྔགས་ཀྱིས་སྤྱང་ཞིང་བྱིན་གྱིས་བརླབས་ནས། གཏི་མུག་དག་པར་བྱ་བ་དང༌། འདོད་ཆགས་དག་པར་བྱ་བ་དང༌། ང་རྒྱལ་དག་པར་བྱ་བའི་ཕྱིར་ནི་མནབས་པའི་རྒྱན་བགོའོ། །ཞེ་སྡང་དག་པར་བྱ་བའི་ཕྱིར་དང༌། ཕྲག་དོག་དག་པར་བྱ་བའི་ཕྱིར་ནི་གདགས་པའི་རྒྱན་བགོའོ། །ཐུགས་རྗེ་ཆེན་པོའི་ཆགས་པ་དང༌། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་སྲིད་པ་གསུམ་གདུལ་བའི་ཕྱིར་ནི་བྱུག་པའི་རྒྱན་བགོའོ། །དེས་ནི་དུར་ཁྲོད་ལ་དངོས་པོ་གདུལ་ཞིང་རང་གི་དོན་སྟོན་པའོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བདག་ལ་བསྡུས་ནས་དམིགས་སུ་མེད་པའི་དོན་ལ་གནས་པ་ལས། ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་དག་གིས་བསླང་བར་བསམས་ནས་རྡོ་རྗེ་སེམས་དཔའི་སྐུར་བཞེངས་ཏེ་འདི་བརྗོད་དོ། །རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་ན། །འབྱུང་བ་ལྔ་ཡི་མཚན་ཉིད་ལས། །ཞི་བའི་ལྷ་ནི་ལྷན་ནེ་བའི། །ཐུགས་རྗེ་འགྲོ་ཀུན་དེ་ལས་སྐྱེས། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་དྲག་གཏུམ་པར་འགྱུར། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཆགས་ཤིང་ཞེན་པར་འགྱུར། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་གཏི་མུག་ཆེ་བར་འགྱུར། །དེ་ལྟར་དུག་གསུམ་བདོ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཉི་མ་ལས། །རྣམ་པར་རྒྱལ་ཕྱིར་རབ་ཏུ་དྲག །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་བརྗོད་ནས། ཐམས་ཅད་གཅིག་ཏུ་འདུས་པ་ལས། །རྔམ་པའི་སྒྲ་སྒྲོགས་ཏེ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧཱུཾ་མི་རྟག་མཚན་ཉིད་བསྟན་པའི་ཕྱིར། །ནམ་མཁའི་ཁྲོ་བོ་ཟ་བྱེད་ཅིང༌། །འཇིགས་པའི་མཚོན་ཆ་འོད་དཔུང་འཁྲིགས། །ཞལ་དུ་སྟོང་ཁམས་མ་ལུས་ཐིམ། །ཟད་པར་བྱེད་ཅིང་སྟོང་བར་བྱེད། །རྒས་རྒུད་བརླག་པར་བྱེད་པའོ། །གློག་གི་འཁོར་ལོ་ཞེས་བྱ་བ། །མྱུར་བའི་ཟ་བྱེད་ཆེན་པོ་ལྔས། །སྐྱེ་རྒན་འཆི་འཇོམས་བྱེད་ཅིང༌། །བརླག་ཅིང་ཟ་བྱེད་སྟོང་པར་བྱེད། །རིགས་ཆེན་ཟ་བྱེད་ཁྲོས་པའི་ཚེ། །སྐུ་ནི་སྔོ་སྐྱ་ཐལ་བའི་ངང༌། །འོད་ཟེར་མང་པོ་རབ་ཏུ་འཁྲིགས། །རུ་ལུ་རུ་ལུས་མ་ལུས་ཟ། །འབར་བའི་མཁའ་འགྲོ་ཚོགས་བཅས་པས། །བསྲེག་ཅིང་འཇིགས་པ་འཐོར་ཞིང་འཁྲུད། །གང་འདིར་བསྐལ་པ་ཀུན་བརླག་ཚེ། །གཞན་ཞིག་འོངས་འཇིགས་


DTG027_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ཡིན་ཏེ། །ཟ་བྱེད་ཁྲོས་པ་ལྔ་པོ་ཡིས། །ཞལ་དུ་སྟོང་ཁམས་མ་ལུས་ཐིམ། །ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཨོཾ་ཨོཾ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ། དབུ་ལ་དེ་བཞིན་གཤེགས་པའི་ཁྲོ་བོ་སྨུག་ནག་ཕྱག་ན་འཁོར་ལོ་དང༌། ཐོད་ཁྲག་འཛིན་པ་གྲངས་མེད་པའི་ཚོགས་རྣམས་སྤྲུལ་པ་དང་བཅས་པར་གནས་སོ། །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཧཱུཾ་ཧཱུཾ་རུ་ལུ་ཕཊ། ལག་པ་གཡས་པ་ལ་རྡོ་རྗེ་ཁྲོ་བོ་སྐུ་སྔོ་སྐྱ། ལག་ན་རྡོ་རྗེ་རྩེ་ལྔ་པ་དང༌། ཁ་ཊྭཱཾ་ག་ཐོགས་བ་གྲངས་མེད་པའི་ཆོགས་སྤྲུལ་པ་དང་བཅས་པར་རོ། །ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཏྲཾ་ཏྲཾ་ཧེ་ཧེ་ཧཱུཾ་ཕཊ། ལག་པ་གཡོན་པ་ན་རིན་པོ་ཆེ་ཁྲོ་བོ་སེར་ནག་ཏྲི་ཤཱུ་ལ་དང༌། རལ་གྲི་ཐོགས་པ་གྲངས་མེད་པ། སྤྲུལ་པའི་ཚོགས་དང་བཅས་པའོ། །ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཧྲཱིཿཧྲཱིཿད་ཧ་ན་ཧཱུཾ་ཕཊ། རྐང་པ་གཡོན་པ་ལ་པདྨའི་ཁྲོ་བོ་དམར་ནག་ཕྱག་ན་རལ་གྲི་རྩེ་གསུམ་དང༌། གཏུན་ཤིང་ཐོགས་པ་གྲངས་མེད་པ་སྤྲུལ་པར་བཅས་པའོ། །ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཧཾ་ཧཾ་རཀྵ་ཀ་ཧཱུཾ་ཕཊ། རྐང་པ་གཡས་པ་ལ་ལས་ཀྱི་ཁྲོ་བོ་ལྗང་ནག་ཕྱག་ན་སྣ་ཚོགས་རྡོ་རྗེ་དང༌། ལྕགས་ཀྱུ་ཐོགས་པ་གྲངས་མེད་པ་སྤྲུལ་པ་དང་བཅས་པའོ། །ཨོཾ་ཤྲཱི་བྷཻ་ར་བ་ཧཱུཾ་མ་ཧཱ་དེ་བ་ཧཱུཾ་ཕཊ། མཚན་མ་ལ་ལྷ་ཆེན་པོ་མདོག་དཀར་པོ། ལག་ན་ཏྲི་ཤཱུ་ལ་དང༌། ཐོད་པ་ཟོགས་པ་འཁོར་དང་བཅས་པའོ། །ཨོཾ་བིཥྞཱུ་ཀ་མ་པ་ལ་ཙཀྲ་ཧཱུཾ་ཕཊ། སྙིང་གར་ཁྱབ་འཇུག་མཐིང་ནག་ལག་ན་འཁོར་ལོ་དང༌། ཐོད་པ་ཐོགས་པ་འཁོར་དང་བཅས་པའོ། །ཨོཾ་རཀྵ་ད་ཤ་གྲྀ་བ་ཧཱུཾ་ཕཊ། མགྲིན་པར་སྲིན་པོའི་རྒྱལ་པོ་ལྗང་སྐྱ། ལག་ན་དགྲ་སྟ་དང༌། ཐོ་བ་ཐོགས་པ་འཁོར་དང་བཅས་པའོ། །ཨོཾ་མ་ཧཱ་པ་ཤ་ཧ་ལ་ཧཱུཾ་ཕཊ། སྐུའི་གནས་སུ་བཞུགས་པ་ནག་པོ་སྔོ་སྐྱ་ལག་ན་ཞགས་པ་དང་ཐོད་པ་ཐོགས་པ་འཁོར་དང་བཅས་པའོ། །ཨོཾ་བཛྲ་བྷཻ་ར་ཧཱུཾ་ཕཊ། བརླ་གཉིས་ལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇིགས་པ་ལྗང་སྐྱ། རྡོ་རྗེ་རྩེ་གསུམ་དང་ཐོད་པ་ཐོགས་པ་འཁོར་དང་བཅས་པའོ། །དེ་དག་ཀུན་ཀྱང་རང་རང་གི་ཡུམ་དང་འཁྲིལ་བའི་ཚུལ་དུ་གནས་སོ། །ལག་པའི་སོར་མོ་བཅུ་ལ་མཆེ་བ་ཅན་ལྔ་བ་དང༌། སྡེར་མོ་ཅན་ལྔ་དག་སྔགས་འདིས་གསལ་བར་བྱའོ། །ཨོཾ་མ་ཧཱ་དྷེ་ཀི་ཤྭཱ་རི་བི་ཀ་མ་རུ་ཤ་ཧ་ཧ་ཧེ་ཧེ་རུ་ལུ་ཧཱུཾ་ཕཊ།


DTG027_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡེ་ཤེས་གློག་གི་དཀྱིལ་འཁོར་དང༌། །འཇིགས་པའི་ཁྲོ་བོ་གཏུམ་པོའི་ཚོགས། །ཅིར་ཡང་གྱུར་པའི་མཚོན་ཆ་ཡིས། །སྡུག་བསྔལ་གནས་རྣམས་རབ་ཏུ་བཅོམ། །མ་རུངས་དུར་ཁྲོད་གཞིག་པའི་ཕྱིར། །སྟོང་གསུམ་གནས་རྣམས་བསྒྲལ་བར་བྱ། །འཇིགས་བྱེད་དྲག་ཤུལ་ཆེན་པོ་ཡིས། །ཁམས་གསུམ་ཅིག་ཅར་བསྒྲལ་ནས་ཀྱང༌། །ཟ་བྱེད་ཆེན་པོའི་ཞལ་དུ་ནི། །འགྲོ་ཀུན་ཡུད་ཙམ་ཅིག་ལ་འདྲེན། །འགྲོ་དང་མི་འགྲོའི་སྣེད་བཅུད་འདི། །འཇིགས་བྱེད་ཁྱེད་ལྔས་ཀུན་ཟ་ན། །དངོས་པོར་གྱུར་པའི་བགེགས་འདི་ཀུན། །ངས་བསྟབས་ཁྱེད་ཀྱིས་ཡུལ་ལ་གསོལ། །ངན་སོང་གསུམ་གྱི་འཇིགས་བྱེད་དུ། །སེམས་ཅན་ཉོན་མོངས་སྡང་བྱེད་པས། །དེ་ཕྱིར་ང་ནི་རྡོ་རྗེ་ཆེ། །ཞེ་སྡང་ཞེས་ནི་གྲགས་པ་ཡིན། །ངན་སོང་འཇིགས་པ་ཆེན་པོ་རུ། །སེམས་ཅན་ཐམས་ཅད་རྨོངས་བྱེད་པ། །དེ་ཕྱིར་ང་ནི་གཏི་མུག་ཆེ། །རྟག་ཏུ་ཐུབ་པ་མཆོག་ཡིན་ནོ། །སྲིད་པའི་འདོད་ཆགས་མྱོས་བ་རྣམས། །འདོད་ཆགས་ཉིད་ཀྱིས་མཚམས་སྦྱོར་བས། །དེ་ཕྱིར་ཆོས་ཀྱི་རྡོ་རྗེ་ནི། །འདོད་ཆགས་ཆེན་པོའི་མཆོག་ཡིན་ནོ། །བདེ་ཆེན་སྦྱིན་པའི་སྤྲིན་གྱིས་ནི། །སེམས་ཅན་ཐམས་ཅད་ང་རྒྱལ་བསྐྱེད། །ནམ་མཁའ་བདེ་བས་བསྡུས་པའི་ཕྱིར། །བདེ་ཆེན་འདོད་པ་ང་ཡིན་ནོ། །རོ་ལ་སོགས་པ་མཉམ་སྦྱོར་བས། །ཕྲག་དོག་རྡོ་རྗེ་གདོན་མི་ཟ། །སྣ་ཚོགས་ལས་ཀྱི་ཁྲོ་བོའི་སྐུ། །ཕྲག་དོག་ཆེན་པོའི་མཆོག་ཡིན་ནོ། །ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཡེ་ཤེས་རྣོ་དཔལ་མཚོན་ཆ་ཡིས། །ལོག་རྟོག་འཁོར་བའི་རྒྱུན་གཅོད་དོ། །ཆོས་ཉིད་མཉམ་ཉིད་ནམ་མཁའ་ལ། །ཡེ་ཤེས་གློག་གི་འོད་འཕྲོ་བ། །གནས་མེད་དམིགས་པ་ཡོད་མ་ཡིན། །བརྩེ་བ་མེད་ཅིང་བརྟེན་པ་མེད། །ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཨོཾ་སརྦ་དུརྒ་སརྦ་ཀརྨ་སརྦ་ཀླེ་ཤཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། སརྦ་བིདྱ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། སརྦ་བིདྱ་ཁཌྒ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨོཾ་ཏྲི་བི་ཤྭ་མཱུ་ལ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། དཔལ་ཆེན་འབར་བ་རྒྱལ་པོའི་སྐུ། །རྔམ་བརྗིད་ཁྲོས་པའི་ཆ་ལུགས་འབར། །གར་དགུ་དུར་ཁྲོད་རྒྱན་གྱིས་བརྒྱན། །ཤེས་རབ་སྐུ་དང་


DTG027_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁྲིལ་སྤྱོར་ཞིང༌། །འཇོ་ཚུལ་གར་མཛད་ལྟ་བུ་ཡིས། །བདུད་དང་སྲིན་པོ་འདུལ་བར་མཛད། །མ་ཏང་ལ་སོགས་བགེགས་བྱེད་རྣམས། །གཟུགས་དང་བཅས་པའི་ཚོགས་བསྡུས་ཏེ། །པྲ་ཏི་ཏ་ཡི་ཕྱག་རྒྱ་ཡིས། །ངེས་པར་གཟུགས་ལ་དབབ་པར་བྱ། །གཟུགས་བརྙན་བྲི་ལ་སོགས་པ་ལ། །ཕྱག་རྒྱ་བཞི་ཡིས་མཉེས་བྱས་ནས། །སྔགས་དང་འོད་འཕྲོ་ཕྱག་རྒྱ་ཡིས། །དེ་ཡི་འཁོར་ཚོགས་བསྡུ་བར་བྱའོ། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ་གྱེན་དུ་བཏེག་ནས། ཨོཾ་མ་ཧཱ་ཀཾ་པ་ལ་དྷ་རི་ཤྭ་ཡ་ཧཱུཾ། ཨཱ་ཀཱཪྵ་ཡ་ཧཱུཾ་ཛཿ་ཞེས་བརྗོད་ཅིང༌། རྡོ་རྗེ་གཤོག་པའི་སྔགས་དང་ཕྱག་རྒྱས་ཟིལ་གྱིས་མནན་ཅིང་བསྟིམ་མོ། །འཕགས་པ་ཐམས་ཅད་བདག་ལ་གསོན། །འབྱུང་པོ་མང་པོ་ཀུན་ཉོན་ཅིག །སྟོབས་ཆེན་དཔལ་ལྡན་ཧེ་རུ་ཀའི། །རྡོ་རྗེ་རྣོན་པོ་འཇམ་དཔལ་གྱི། །ཐུགས་རྗེ་དང་ནི་ཤེས་རབ་དང༌། །ཐབས་ལ་མཁས་པའི་བྱིན་རླབས་ཀྱིས། །བདག་དང་འགྲོ་བ་བསྲུང་བར་མཛོད། །འགྲོ་བ་རྣམས་ཀྱི་ཚེ་དང་སྲོག །གསོན་པོའི་བདེ་བ་གཅོད་བྱེད་པའི། །བདུད་དང་སྲིན་པོ་འཁོར་བཅས་ཀུན། །བཅོམ་ཞིང་གསང་བའི་གཉེན་པོ་ནི། །བདེ་གཤེགས་ཐུགས་ཀྱི་དངོས་གྲུབ་མཆོག །སྲིད་གསུམ་ཐལ་བྱེད་རྔམ་པ་དེས། །ཁ་ཊྭཱཾ་དྲག་པོ་མི་བཟད་པས། །བདུད་དང་སྲིན་པོ་འཁོར་བཅས་དང༌། །གཤིན་རྗེ་བཅོམ་ཞིང་བསད་ནས་ནི། །རོ་ཡང་ལྷོ་ཡི་འཛམ་གླིང་དུ། །བོར་ནས་ས་གཞིར་གྱུར་པ་ནི། །དུར་ཁྲོད་ཆེན་པོ་བརྒྱད་ཡིན་ནོ། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །ལག་པ་གཡས་གཡོན་མཚམས་སུ་བསྟན། །ཉམས་ཤིང་འབོད་འགྲོགས་བརྒྱལ་བར་འགྱུར། །ཨོཾ་སརྦ་པཱ་བཾ་ཀ་ར་ཏེ་ཏ་བ་བི་ཤྭ་མ་ཏ་ཀ་རུ་དྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པ་ཀ་ར་ཧེ་ཏ་པ་བི་ཤྭ་ཀ་ཊྭཱཾ་ག་རུ་དྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་ཀ་ར་ཧེ་ཏ་པ་བི་ཤྭ་ཨཱ་ཀཱཪྵ་རུ་དྲ་ཧཱུཾ་ཕཊ། གནས་ཀྱི་སྒོ་ནི་སུ་ཡིས་བཅད། །སེམས་ཀྱི་བདག་པོས་བཅད་དམ་ཅི། །གཟུང་འཛིན་རྐང་པ་བསྣོལ་བ་ལས། །ཡུལ་ལས་འདས་པའི་ཞབས་ཀྱིས་དབྱེ། །དེ་ནས་གཡས་སུ་བསྐོར་ཏེ། ལྟེ་བའི་ཕྱོགས་སུ་ཨེ་གྲུ་གསུམ་གྱི་སྒོ་ཕྱེ་ནས་ལྕགས་ཀྱུའི་ཕྱག་རྒྱས་རྣམ་པར་ཤེས་པ་དྲངས་ཏེ། ཨོཾ་མ་ཧཱ་ཙོ་ཤ་ཕྱུང་ཞེས་གནས་གསུམ་གྱི་ཞིང་ཁམས་གང་རུང་


DTG027_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་རིགས་ལྷུན་གྱིས་གྲུབ་པའི་སྲས་སུ་བྱའོ། །དེ་ནས་ཁོག་པ་གཞལ་ཡས་ཁང་དུ་བྱས་ཏེ། རྣལ་འབྱོར་པ་རྣམས་ནང་དུ་བཞུགས་ནས། ནང་ཁྲོལ་གྱི་ཚོགས་རྣམས་དུག་གསུམ་རྣམ་པར་དག་པ་འདོད་པའི་ལོངས་སྤྱོད་ཀྱིས་མཆོད་པར་དམིགས་ཤིང༌། དགའ་བའི་གླུ་གར་དང་རོལ་མོས་མཆོད་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ལ་བསྟོད་ཅིང་བསྐུལ་བའི་ཕྱིར་རྡོ་རྗེའི་གླུ་བླང་སྟེ། ཁ་ཊྭཱཾ་ག་ལ་རྒྱབ་རྟེན་བཅས། །ནམ་མཁའི་ཕྱག་རྒྱ་རྣལ་འབྱོར་པས། །ནམ་མཁའ་ཀུན་ལས་གྲོལ་བ་འགྲུབ། །དངོས་པོ་ཐམས་ཅད་མཁའ་བྱིན་པ། །མཁའ་ལས་སྒྱུ་མ་ཀུན་བླངས་ནས། །ལུས་པ་མེད་པར་དེར་ཟའོ། །གཎྜེ་ཧོཿ། གྷཎྜེ་ཧོཿ། གྷཎྜེའི་སྒྲ་ཡིས་སྒྲོལ་བར་མཛད། །ལ་ལར་མཁས་པའི་གཟུགས་ཀྱང་འཛིན། །ལ་ལར་ཚངས་པ་བཞིན་དུ་ཞི། །ལ་ལར་ཚངས་པ་བཞིན་དུ་ཞི། །ལ་ལར་གཤིན་རྗེ་བཞིན་དུ་རྔམ། །ལ་ལར་དུས་མཐའི་མེ་ལྟར་འབར། །འཇིག་རྟེན་ཁམས་ནི་སྟོང་དག་ན། །མི་སྡུག་རིགས་ཀྱི་གཟུགས་འཛིན་པའི། །མཁའ་འགྲོ་འབར་མའི་ཚོགས་བཅས་ཀྱིས། །མ་ལུས་ལུས་པ་མེད་པར་སྒྲོལ། །ཞེས་སོ། །གཞན་ཡང་ཤ་ཁྲག་རུས་པའི་ཚོགས་རྣམས་ཟ་བྱེད་ཀྱི་ཚོགས་དང་འཇིགས་བྱེད་ཀྱི་ཞལ་དུ་དབུལ་བ་ནི། །བསྟབས་སུ་གསོལ་གཅིག་ཧེ་རུ་ཀ །གང་ལ་བྱ་བའི་དངོས་པོ་འདི། །ཕྲ་མན་གཤེད་མ་ཁྱེད་རྣམས་ཀྱིས། །དབང་དང་རིག་སྔགས་བྱིན་བརླབས་ཏེ། །རིག་སྔགས་ཀྱིས་ནི་རྨོངས་མཛད་ནས། །དྲག་པོ་ལས་ཀྱིས་སྒྲུབ་བྱེད་ཅིང༌། །འདི་ལ་སོགས་པ་རྣམས་ལ་ཡང༌། །དེ་དག་ལོངས་སྤྱོད་རྒྱན་དུ་འབུལ། །ཤ་དང་རྐང་ཁྲག་འདོད་བ་རྣམས། །རིག་སྔགས་ཀྱིས་ནི་བྱིན་བརླབས་ནས། །འཆོ་བ་ཕྲོགས་ནས་ཅི་བདེ་བར། །ཁྱེད་ཀྱིས་དེ་ལ་ལོངས་སྤྱོད་ཅིག །བྷནྡྷ་བཅུད་ཡངས་ཟབ་པ་ན། །ཁོར་ཡུག་གཏོས་ཀྱི་དངོས་པོ་འདི། །བདུད་རྩིའི་རང་བཞིན་ཡིན་པའི་ཕྱིར། །འཇིགས་བྱེད་དཀའ་ཟློག་དགྱེས་ཤིང་རོལ། །རྡོ་རྗེ་གསུམ་འབར་སྐུ་གསུང་ཐུགས། །སྲིད་གསུམ་འཇོམས་མཛོད་ཏྲི་ཤཱུ་ལ། །དུག་གསུམ་རྩད་ནས་གཅད་པའི་ཕྱིར། །ཁམས་གསུམ་ཅིག་ཅར་བསྒྲལ་བར་བྱ། །འཇིགས་བྱེད་དྲག་ཤུལ་ཆེན་པོ་ཡིས། །ཁམས་གསུམ་ཅིག་ཅར་བསྒྲལ་ནས་ཀྱང༌། །ཟ་


DTG027_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་ཆེན་པོའི་ཞལ་དུ་ནི། །འགྲོ་ཀུན་ཡུད་ཙམ་ཅིག་ལ་འདྲེན། །འགྲོ་དང་མི་འགྲོའི་སྣོད་བཅུད་འདི། །འཇིགས་བྱེད་ཁྱེད་ལྔས་ཀུན་ཟ་ན། །དངོས་པོར་གྱུར་པའི་བགེགས་འདི་ཀུན། །ངས་བསྟབས་ཁྱེད་ཀྱིས་ཡུལ་ལ་བཞེས། །ཨོཾ་མ་ཧཱ་ཤྲཱི་ཧི་དུ་ཀ་ཧ་ཧ་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཁཱ་ཧི་ཁཱ་ཧི། ཤར་ཕྱོགས་འཇིག་རྟེན་ལམ་སྒོ་ན། །ཡང་དག་ཐར་ལམ་གཅོད་བྱེད་པ། །འབྱུང་པོ་གཏུམ་པོ་ང་རྒྱལ་ཅན། །ཁྱོད་ནི་སྒྲིབ་པ་ཀུན་ལ་བསྒྲིབས། །ཡང་དག་ཐར་ལམ་ཡེ་ཤེས་ཀྱི། །ཁུངས་བརྟག་རྩད་བཅད་བདག་ལས་བྱུང༌། །བདག་འཛིན་བདག་གི་རྟོག་པ་རྣམས། །བདག་མེད་སྟོང་པའི་ཐོ་བས་གཞམ། །ཨཱཏྨ་ན་ཧི་མ་ཧཱ་ཤཱུ་ཎྱ་ཏཱ་ཛྙཱ་ན་བཛྲ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །ཆོས་ཀུན་རྟག་ཏུ་རང་གི་ངོ་བོས་སྟོང༌། རྒྱལ་བའི་སྲས་རྣམས་དངོས་པོ་རྣམ་པར་འཇིགས། །སྲིད་པ་ཇི་བཞིན་ཡོང་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱིའོ། །འདོད་པའི་ཁམས་སྟོང་པ་ཉིད་དོ། །གཟུགས་ཀྱི་ཁམས་སྟོང་པ་ཉིད་དོ། །གཟུགས་མེད་པའི་ཁམས་སྟོང་པ་ཉིད་དོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་སྟོང་པ་ཉིད་དོ། །ངག་སྟོང་པ་ཉིད་དོ། །སེམས་སྟོང་པ་ཉིད་དོ། །གང་དག་སྟོང་ཉིད་མི་ཤེས་པ། །དེ་ཡིས་མྱ་ངན་འདས་མི་ཤེས། །དེ་ཕྱིར་དངོས་པོ་དངོས་མེད་པས། །འཇིགས་པས་སྟོང་ཉིད་ཤེས་པར་བྱ། །ཆེན་པོ་སྟོང་པ་ཞེས་བྱ་བ། །ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་པའོ། །དེ་བས་རྣམ་པ་ཐམས་ཅད་དུ། །སྟོང་ཉིད་རྗེས་སུ་དྲན་པར་བྱ། །ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པས། མཚན་མའི་རྟོག་ཚོགས་ཀུན་མི་རྟོག་ཡེ་ཤེས་ཀྱིས་གཞོམ་པར་བྱའོ། །དེ་བས་བྷནྡྷ་མཚན་དང་ལྡན་པ་དག་བྱིན་གྱིས་བརླབ་ཅིང༌། རང་རང་གི་གནས་སུ་མེ་མར་དང་བཅས་པས་དགྲམ་པ་དང༌། དུར་ཁྲོད་ཆེན་པོ་བརྒྱད་དག་དགོད་དོ། །ཤར་དུ་རྐང་པ་གཡས་པའོ། །ནུབ་ཏུ་ལག་པ་གཡོན་པའོ། །བྱང་དུ་རྐང་པ་གཡོན་པའོ། །ཤར་ལྷོར་དཀུ་གཡས་པའོ། །ལྷོ་ནུབ་ཏུ་མགོ་བོའོ། །ནུབ་བྱང་དུ་དཀུ་གཡོན་པའོ། །བྱང་ཤར་དུ་


DTG027_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚན་མའོ། །དེ་ལྟར་དུག་གསུམ་གྱི་རྟེན་བསགས་ནས། །ཞིང་སྐྱོང་ལ་སོགས་པའི་གཟུགས་བྲི་བར་བྱའོ། །གཞན་ཡང་དབང་སྒྱུར་ཆེན་པོའི་ཏིང་ངེ་འཛིན་ལས་བྷཱུཾ་གྱི་འཕྲོ་འདུས་གནས་བྱིན་གྱིས་བརླབ་པ་དང༌། །རྣལ་འབྱོར་པ་ཐམས་ཅད་རང་གི་ལྷར་བསྒོམ་པ་དང༌། །སྒྲུབ་རྫས་ཐམས་ཅད་ཡི་གེ་གསུམ་གྱིས་བསྲེགས་ཤིང་སྦྱངས་ནས་བྱིན་གྱིས་བརླབ་པ་དང༌། ལྷ་མོ་ཀྲོང་དྷི་ཤྭ་རིས་བྱིན་གྱིས་བརླབས་པའི་དྲི་ཆབ་ཀྱིས་དག་པར་བྱ་བ་དང༌། བདུད་རྩི་སྤྱང་བ་དང༌། ཚོགས་ཀྱི་ཞལ་ཟས་བྱིན་གྱིས་བརླབ་པ་རྣམས་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་རྫོགས་པར་བྱས་ནས་སྒྲུབ་པའི་དཀྱིལ་འཁོར་གྱི་སོ་སོའི་གནས་སུ་དགྲམ་པར་བྱའོ། །དེ་དག་གིས་ནི་སྒྲུབ་པའི་དཀྱིལ་འཁོར་གྱི་སྔོན་དུ་འགྲོ་བའི་ཡན་ལག་གི་ཆོ་ག་བསྟན་པ་ཡིན་ནོ། །


previousགཟུགས་བརྙན་གྱི་དཀྱིལ་འཁོར་བྱ་བ།next