Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།


   
  expand section
  expand section
   
   
   
   
   
   
  expand section
   
   
   
   
   
   
  collapse section
  expand section
  collapse section
   
དཀྱིལ་འཁོར་དུ་འཇུག་པ།
  expand section
   
   
   
   
   
   


 
previousདཀྱིལ་འཁོར་དུ་འཇུག་པ།next

དཀྱིལ་འཁོར་དུ་འཇུག་པ།


DTG027_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་བསྙེན་པའི་ཆོ་ག་བསྟན་པའི་ཕྱིར་ཕྱག་རྒྱ་ལྔས་མཚན་ཅིང་ཆོས་གོས་ལྔ་བགོས་ཏེ། འགྲོ་བའི་དོན་དུ་དམ་བཅས་ནས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་དམིགས་ཏེ། གཞིའི་ཏིང་ངེ་འཛིན་དང༌། རྟེན་གྱི་ཏིང་ངེ་འཛིན་དང༌། བརྟེན་པའི་ཏིང་འཛིན་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་དམིགས་པའི་བྱ་བ་དང༌། མདུན་གྱི་དཀྱིལ་འཁོར་ལ་དམིགས་པའི་བྱ་བ་དང༌། གཉིས་སུ་མེད་པའི་དཀྱིལ་འཁོར་ལ་དམིགས་པའི་བྱ་བ་དང༌། ལས་ལ་སྦྱོར་བ་དང༌། ཐུན་མོང་གི་བཟླས་བརྗོད་དང༌། ཁྱད་པར་གྱི་བཟླས་བརྗོད་དང༌། དེ་དག་རྫོགས་ནས་མཆོད་ཅིང་བསྟོད་པ་བྱས་ལ། ལྷ་རྣམས་ལ་ཐུགས་དམ་བསྐུལ་བར་བྱ། །གལ་ཏེ་རྣལ་འབྱོར་བ་མཚན་མ་ཐོབ་པ་ཞིག་གིས་འཇུག་ན་ནི་ཐིག་ལེ་འམ། ཕྲ་མོ་འམ། རྣམ་པར་དག་པ་སྤྱད་པར་བྱའོ། །དེ་ནས་ཚོགས་ཀྱི་ཆོ་ག་དང༌། སྦྱིན་སྲེག་དང༌། ལྷག་མའི་ལས་དག་པའི་བསྒོམ་པ་དང༌། ཆོ་ག་རྫོགས་པའི་ལས་ལ་སྦྱར་རོ། །དེ་ནས་དབང་བསྐུར་བའི་ཕྱིར་གོང་དུ་དཀྱིལ་འཁོར་དུ་འཇུག་པ་ཙམ་ལས་མ་བྱས་པ་དག་ལ་ནི་སྔ་མ་བཞིན་དུས་སུ་བར་མཚམས་སུ་གཞག་ནས་རིག་པའི་དབང་བསྐུར་བ་དང༌། དེ་བཞིན་དུ་གང་ཐོབ་པ་ནས་བརྩམས་ཏེ། རྫོགས་པའི་བར་དུ་སྤྱང་བར་བྱའོ། །དེ་དག་གི་རིམ་པ་ནི་འདི་ལྟར་ཡིན་ཏེ། དང་པོ་གོང་རོལ་དུ་འཇུག་པའི་ཆོ་ག་ལ། རྡོ་རྗེ་རྒྱལ་པོ་


DTG027_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། །རྒྱལ་ཐེབ་ཆོ་ག་རྫོགས་པས་སློབ་མ་ཡོངས་སུ་སྦྱངས་པ་དང༌། བར་ཁང་གི་སྒོ་མཚམས་སུ་མཎྜལ་བཤམས་པ་ལ་བཞག་སྟེ། བྱང་གི་སྒོ་དྲུང་ན་གནས་པའི་བུམ་པས་བསངས་ནས། རིགས་ཀྱི་ལྷ་མཆོད་ཅིང་གསོལ་བ་བཏབ་ནས་ཤིས་པར་བྱའོ། །དེ་ནས་རས་དམར་པོའམ། དཀར་པོ་སེར་པོ་དག་ལ། ཨ་ཁཾ་བཱི་ར་ཧཱུཾ་ཧཱུཾ། ཞེས་བྱ་བས་བྱིན་གྱིས་བརླབས་ནས་གདོང་གཡོགས་ཏེ། རིན་པོ་ཆེའི་ཕྲེང་བ་ཐོགས་ནས་ཐེག་པ་ཆེན་པོར་མོས་ཤིང་སེམས་བསྐྱེད་པས་གནས་པ་ལ་སློབ་དཔོན་གྱིས་དྲི་སྟེ། ཀྱེ་ཁྱོད་ཅི་ལ་དགའ་བས་འདིར་འཇུག་པ་ཡིན་ཞེས་པ་དང༌། སློབ་མས་ཀྱང་བདག་སྐལ་བ་བཟང་པོ་ལ་དགའ་བས་འཇུག་པའོ་ཞེས་སོ། །སླར་བརྗོད་པ་དེ་ཁྱོད་ལ་ཅི་དགོས་ཞེས་སོ། །དེས་ཀྱང་སྨྲས་པ། རྡོ་རྗེ་འཛིན་པའི་དངོས་གྲུབ་འདོད་པའི་ཕྱིར་རོ་ཞེས་སོ། །ཡང་བརྗོད་པ། བདེ་གཤེགས་སྲས་བཅས་དམ་ཚིག་པས། །ཡོན་དབུལ་ཐུགས་རྗེས་བདག་ལ་དགོངས། །སངས་རྒྱས་སྐུ་གསུང་རང་བཞིན་མཆོག །སློབ་དཔོན་མགོན་ལ་སྐྱབས་སུ་མཆི། །སྐལ་བཟང་ལྷ་མོའི་ཚོགས་བཅས་པའི། །དཀྱིལ་འཁོར་ཚོགས་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་པ་དང༌། སླར་བརྗོད་པ། རྒྱལ་བ་ཀུན་གྱི་གནས་བཞུགས་པའི། །དཀྱིལ་འཁོར་ཆེན་པོ་ཉམས་དགའ་བ། །སྙིང་པོའི་གྲོང་ཁྱེར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་བརྗོད་དོ། །དེ་ནས་ལས་ཀྱི་རྡོ་རྗེས་ལག་པ་གཡས་པ་ནས་བཟུང་སྟེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི་ཧཱུཾ། ཞེས་བརྗོད་ཅིང་ཡོལ་བའི་ནང་དུ་གཞུག་སྟེ། དཀྱིལ་འཁོར་གྱི་ཤར་སྒོར་བཞག་ལ་འདི་སྐད་བརྗོད་དོ། །ཨོཾ་ཐོག་མ་མེད་དུས་འཁོར་བའི་གནས། །བདག་གིས་བསགས་པའི་ལས་གང་གིས། །བགྱིད་སྩལ་ཡི་རང་དུས་འདིར་བཤགས། །ཕྱིན་ཆད་མི་བགྱིད་སྡོམ་པ་གཟུང༌། །རྒྱལ་བ་སྲས་སོགས་དགེ་རྩ་བཞི། །འགྲོ་གཞན་ལེགས་བྱས་གང་ཡིན་པ། །དེ་དག་ཀུན་ལ་རྗེས་ཡི་རང༌། །བྱང་ཆུབ་ཆེན་པོར་བདག་གིས་བསྔོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་གིས་དུས་འདིར་


DTG027_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐྱབས་སུ་གསོལ། །ཉོན་མོངས་སྡུག་བསྔལ་བཅད་པ་དང༌། །དགེ་བའི་ཚོགས་མང་སྤེལ་བའི་ཕྱིར། །བྱང་ཆུབ་བདེ་ཆེན་དོན་བསྐྱེད་ནས། །འགྲོ་རྣམས་དི་རིང་དོན་དུ་གཉེར། །སངས་རྒྱས་གྱུར་ནས་བདག་གིས་ནི། །འགྲོ་རྣམས་སྲིད་པའི་གནས་ནས་གནོན། །ཞེས་བརྗོད་དོ། །དེ་ནས་རྡོ་རྗེ་མེ་ཏོག་གི་ཕྲེང་བ་དང་བཅས་པ་སློབ་མའི་སྙིང་གར་བཞག་སྟེ། ཨོཾ་བདེ་གཤེགས་ཀུན་གྱིས་ཁྱོད་ཉིད་ནི། །དེ་རིང་བྱིན་གྱིས་བརླབས་པ་ན། །དེ་བཞིན་གཤེགས་པའི་གསང་ཆེན་འདི། །དཀྱིལ་འཁོར་དག་ཏུ་མ་ཞུགས་ཤིང༌། །དད་པ་མེད་པའི་མི་རྣམས་ལ། །ནམས་ཀྱང་སྨྲ་བར་བྱ་བ་མིན། །ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་མཛད་དེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་མ་ཧཱ་ས་མ་ཡ་ཨུ་ད་ཀ་ཋ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། བཛྲ་ཨུ་ད་ཀ་ཏ་ཧྲི་ཋ། དེ་རིང་ཕྱིན་ཆད་ཁྱོད་ཉིད་ཀྱི། །རྡོ་རྗེ་སེམས་དཔའ་ང་ཡིན་པས། །གང་ཞིག་བསྒོ་བའི་ལས་རྣམས་བྱོས། །དེ་ལ་བརྙས་པར་མ་བྱེད་ཅིག །གལ་ཏེ་ཅུང་ཞིག་བརྙས་བྱས་ན། །དུས་མིན་འཆི་ཞིང་དམྱལ་བར་ལྟུང༌། །རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས། །སྐུ་དང་གསུང་འཕྲུལ་ལས་མཛད་པ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །དི་རིང་བདག་ལ་དབབ་ཏུ་གསོལ། །ཞེས་བརྗོད་དེ། སློབ་མའི་སྙིང་གར་བདེ་གཤེགས་བཞུགས་པ་དང༌། བདུད་རྩི་བྱིན་གྱིས་བརླབས་པས། དངོས་གྲུབ་སྦྱིན་ཞིང་དམ་ཚིག་བསྒྲག་པར་བྱའོ། །དེ་ནས་སྙིང་ག་དང༌། རྐང་མཐིལ་དང༌། མགྲིན་པ་དང༌། སྤྱི་བོ་རྣམས་སུ་འབྱུང་བའི་ས་བོན་གྱི་མཚན་མའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་ཡང༌། སུམྦྷ་ནི་སུམྦྷ་ཧཱུཾ། ཞེས་པས་བསྲུང་ཞིང་རྡོ་རྗེ་དྲིལ་བུ་དཀྲོལ་ཏེ། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཨཱ་ཧ་ཛྷཻཿ། ཞེས་བརྒྱ་རྩ་བརྒྱད་བརྗོད་དོ། །ནམ་ཞིག་ཡེ་ཤེས་བབས་པའི་ཚེ་ནི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རྟགས་


DTG027_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོན་པར་འགྱུར་རོ། །རྡོ་རྗེ་སློབ་དཔོན་གྱིས་བདེན་པ་བརྗོད་པར་བྱ་སྟེ། མགོན་མཆོག་གསང་བའི་དཀྱིལ་འཁོར་འདིར། །སློབ་མའི་མཆོག་འདི་གཞུག་པར་བགྱི། །རིགས་ཀྱི་ལྷ་ཡི་བྱེ་བྲག་དང༌། །བསོད་ནམས་གང་ཡིན་དེ་བཞིན་ཤོག །དེ་བཞིན་དངོས་གྲུབ་མཚན་པ་དག །སྙིང་པོའི་གནས་འདིར་ལེགས་པར་སྟོན། །ཞེས་བརྗོད་ཅིང་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་ལ་བརྟགས་ཏེ། དེས་རང་གི་ལས་དག་གྲུབ་པར་ཤེས་སོ། །དེ་ནས་མེ་ཏོག་ཕྲེང་བ་དཀྱིལ་འཁོར་དུ་དོར་ཏེ། །ཨོཾ་པྲ་ཏཱི་ཙྪ་བཛྲ་ཧོཿ། ཞེས་པས་ལྷ་གང་ལ་བབས་པ་དེ་ཡི་དམ་དུ་བླང་བར་བྱའོ། །དེ་ཡང་གཙོ་བོ་ལ་བབ་ན་ནི་མཆོག་གི་དངོས་གྲུབ་འགྲུབ་ཅིང༌། བར་མཚམས་དག་གིས་ནི་འབྲིང་གི་ལས་འགྲུབ་ལ། ར་བ་ལས་འདས་པ་དག་གིས་ནི་སླར་བསྐྱར་ཏེ་ལན་གསུམ་དུ་དོར་ཞིང༌། གང་ཞིག་དཀྱིལ་འཁོར་ལ་མ་བབ་པ་དག་ནི་ཆུས་ཤིས་པར་བྱས་ཏེ་སླར་གཏང་བར་བྱའོ། །ཡང་ཕྲེང་བ་དེ་བླངས་ཏེ་སློབ་མའི་མགོ་ལ་བཅིངས་ནས། ཀྱེ་སེམས་དཔའ་ཆེན་པོ་ཕྲེང་བ་འདི་དང་མི་འབྲལ་བར་གྱིས་ཤིག །ཨོཾ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཱཾ། ཞེས་བརྗོད་དོ། །ཡི་གེ་ཨོཾ་གྱིས་བསྐྱེད་པའི་གསེར་གྱི་ཐུར་མ་ཕྲས་མཚན་པས་དྲི་མ་བསལ་ནས། །ཨོཾ་རྡོ་རྗེ་སེམས་དཔའ་ཁྱོད་ཉིད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །སྒྲིབ་གཡོགས་ལིང་ཐོག་ཀུན་བསལ་ནས། །རྡོ་རྗེ་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཙཀྵུ་ཛྙཱ་ན་པྲ་བེ་ཤ་ཕཊ། ཅེས་བརྗོད་དོ། །གདོང་གཡོགས་བསལ་ནས། དཀྱིལ་འཁོར་བསྟན་པའི་ཕྱིར་སྒོ་དབྱེ་སྟེ། བུ་ཁྱོད་དཀྱིལ་འཁོར་ལེགས་པར་ལྟོས། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །ཕྲེང་བ་གང་ལ་བབ་པ་ནི། །དེ་ཉིད་ཁྱོད་ཀྱི་རིགས་ཀྱི་ལྷ། །ཞེས་ཤར་ཕྱོགས་ཀྱི་སྒོ་ནས་བརྩམས་ཤིང་གཙོ་བོའི་བར་དུ་ལྷ་རྣམས་ཀྱི་མཚན་བསྟན་པར་བྱའོ། །དེའི་རྗེས་ལ་བཟའ་བ་དང་བཏུང་བ་ལ་སོགས་པའི་མཆོད་པའི་ཚོགས་ཀྱིས་ལྷ་དང་སློབ་དཔོན་དང༌། རྣལ་འབྱོར་པ་དག་མྱོས་པར་བྱས་ནས། སློབ་དཔོན་ལ་སེམས་དད་པའི་སྒོ་ནས་བདག་གི་སྐལ་བ་ཇི་ལྟར་ལགས་པ་བསྟན་དུ་གསོལ་ཞེས་བརྗོད་པར་བྱའོ། །དེར་སླར་བརྗོད་པ། བུ་ཁྱོད་དད་པ་རབ་ཏུ་བསྐྱེད། །


DTG027_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་རིགས་མཆོག་འཛིན། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང༌། །དངོས་རྣམས་ཐམས་ཅད་མངོན་དུ་འགྱུར། །དམ་ཚིག་ཏིང་འཛིན་རྗེས་ཆགས་དང༌། །གསང་སྔགས་སྙིང་པོ་འཛིན་པར་གྱིས། །ཞེས་བརྗོད་པར་བྱའོ། །


previousདཀྱིལ་འཁོར་དུ་འཇུག་པ།next