Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།


   
   
  expand section
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
   
   
  expand section
   
  expand section
   
   
  collapse section
དཔལ་ནག་པོ་ཆེན་པོའི་རྒྱུད་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོ་ཞེས་བྱ་བའི་འགྲེལ་པ།  རྟ་དབྱངས།
   
   
   
   
   
   
   
   
   
   
  expand section
  expand section
   
   
  expand section
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousདཔལ་ནག་པོ་ཆེན་པོའི་རྒྱུད་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོ་ཞེས་བྱ་བའི་འགྲེལ་པ། རྟ་དབྱངས།next

དཔལ་ནག་པོ་ཆེན་པོའི་རྒྱུད་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོ་ཞེས་བྱ་བའི་འགྲེལ་པ།
རྟ་དབྱངས།

དང་པོ། རྒྱུད་ཀྱི་གླེང་བཞི་བཤད་པ།


DTG028_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ཏནྟྲ་རུ་ཏྲ་ཀཝ་མ་ཧཱ་སྨ་ཤཱ་ན་ནཱ་མ་ཊི་ཀཱ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་རྒྱུད་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོ་ཞེས་བྱ་བའི་འགྲེལ་པ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཕུན་སུམ་ཚོགས་པ་མཐའ་དག་འཛིན་འགྱུར་དེ་བཞིན་ཉིད་ཀྱི་སྐུ། །རྣམ་ཐར་བརྒྱད་ཀྱི་ཞལ་དངོས་སྟོང་པ་བཅུ་དྲུག་ཕྱག །བདུད་འདུལ་དབང་ཕྱུག་ཞབས་བཞི་ཚངས་པའི་གནས་བཞིས་བརྒྱན། །འགྲོ་བ་སྐྱོབ་མཛད་དཀྱིལ་འཁོར་ལྷ་མོ་བརྒྱད་ཀྱི་གཙོ། །གནོད་སྦྱིན་དྲག་པོ་འདུལ་མཛད་འཇིགས་པ་ཆེན་པོའི་སྐུ། །ཕྱག་གི་ཡལ་གས་སྤྱི་བོ་བརྒྱན་མཛད་ནག་པོ་ཁྱོད་ལ་ཕྱག་འཚལ་ནས། །མ་འོངས་ཁྱད་པར་འཇིག་པའི་དུས་བསྙེན་ན། །རྒྱལ་བའི་བསྟན་པ་ཁྱད་པར་འཛིན་མཛད་དང༌། །འཁོར་བའི་སྡུག་བསྔལ་མུན་པ་འཇོམས་མཛད་པའི། །རྡོ་རྗེ་སྙིང་པོ་ལ་སོགས་ཧེ་རུ་ཀ་ཡི་ལུད། །གནང་བ་ཐོབ་པའི་མཐུ་སྟོབས་དང༌། །བླ་མ་དམ་པའི་མཐུ་ཡིས་ནི། །བདག་གིས་ཅུང་ཟད་ཙམ་དུ་ཡང༌། །རྡོ་རྗེའི་ཚིག་ཏུ་བསྟན་པ་ཡིས། །དེ་ཡི་འགྲེལ་པ་བརྩམ་པར་བྱ། །ནམ་མཁའ་དང་མཉམ་ཞེས་བྱ་བ་ལ་སོགས་པ་ནི་འདིར་མ་བསྟན་ཏེ་སྐབས་སུ་བསྟན་ཏོ། །རྡོ་རྗེའི་ཚིག་ཏུ་སྨྲས་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་རབ་ཏུ་དབྱེ་བ་ནི་ཐོས་པའི་འབྲེལ་པས་རྣམ་པར་དབྱེ་བ་ཡོངས་སུ་བསྒྱུར་བའི་ཕྱིར་ལྔ་པོ་དོན་དང་ལྡན་པར་གསུངས་སོ། །དེ་ཡང་སྟོན་པ་ནི་རྡོ་རྗེ་འཛིན་པ་ལས། འཇིགས་བྱེད་ཆེན་པོའི་སྐུ་སྤྲུལ་ཏེ། །


DTG028_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ལ་སོགས་པར་བསྟན་ཏོ། །དེ་ཡང་རང་བཞིན་སྤྲུལ་པའི་གནས་སུ་དུར་ཁྲོད་ཆེ་པོ་ཞེས་བྱ་བར་བཞུགས་སོ། །དེའི་ཚེ་ཞེས་བྱ་བ་ནི་ཁྲོ་ཡོངས་སུ་བསྡུ་བར་གསུངས་པའོ། །བཅོམ་ལྡན་འདས་གཉིས་སུ་མེ་དཔར་སྣད་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བྱིན་གྱི་རླབས་ཀྱིས་ཆོས་ཡོངས་སུ་བསྟན་ཏེ། དེ་ཡང་གནོད་སྦྱིན་གྱི་གདུག་པ་བསལ་ནས་སྡུད་པ་པོ་ཡིས་རྡོ་རྗེའི་ཚིག་ཡོངས་སུ་བསྡུས་པ་ནི་དུས་ངེས་པར་གཟུང་པའོ། །དེ་ལྟ་བུ་ལྔའི་དོན་ཚོགས་པའི་སྟོབས་ཀྱིས་འདི་སྐད་ཅེས་བྱ་བ་ནི་རྡོ་རྗེའི་ཕྲད་འབྲེལ་པའི་སྟོབས་ཀྱིས་མ་ནོར་བར་གཟུང་བ་སྟེ། དེ་ཡང་འཁོར་ལ་བཤད་པའོ། །བདག་གིས་ཞེས་བྱ་བ་ནི་སྡུད་པ་པོ་ཚད་དང་ལྡན་པའི་དོན་ཏོ། །གིས་ཞེས་བྱ་བ་ནི་དེས་ཡོངས་སུ་བསྡུས་ཏེ་བཤད་པའོ། །ཐོས་ཞེས་པ་ནི་སྟོན་པའི་ཚིག་ལས་འབྲེལ་པའི་སྟོབས་ཀྱི་རང་བཞིན་གྱིས་མ་ནོར་བར་བསྡུས་པ་ནི་ཐོས་པའོ། །དུས་ཞེས་པ་ནི་རྡོ་རྗེའི་ཚིག་གི་འཁོར་ལོ་འབྱུང་བའི་དུས་སོ། །གཅིག་ན་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པར་བསྟན་པའོ། །ཡང་ན། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ནི། ཨེ་ཝཾ་མ་ཡའི་འབྲུ་བཞིར་རབ་ཏུ་བསྒྲུབ་པར་ཇི་ལྟར་འགྱུར་བ་དེ་ལྟར་བཅོམ་ལྡན་འདས་བཞུགས་པའོ་ཞེས་བྱ་བར་འབྲེལ་ཏོ། །དོན་ནི་འདི་ལྟ་སྟེ། ཨེ་ཝཾ་མ་ཡཱའི་རང་བཞིན་ངོ་བོ་དེ་ལ་བཅོམ་ལྡན་འདས་གནས་སོ། །དེ་ཡང་ཨེ་ཝཾ་མ་ཡའི་ཡིག་འབྲུ་རྣམས་ཀྱི་རང་གི་ངོ་བོ་གང་ཞེ་ན། ཨེ་ནི་སའི་ཁམས་རྣམ་པར་དག་པ་དང་སྐུའི་རང་བཞིན་དང༌། བྱམས་པ་ཆེན་པོའི་ཐབས་ཀྱི་གནས་ཏེ། སྣ་ཚོགས་པའི་གཟུགས་ལས་གྲོལ་བའོ། །ཝཾ་ནི་ཆུའི་ཁམས་རྣམས་པར་དག་པ་དང་གསུང་གི་རང་བཞིན་ཏེ། སྙིང་རྗེ་དང་སྨོན་ལམ་གྱི་ཚུལ་གྱིས་གདུག་པ་འདུལ་པའི་ཚུལ་འཛིན་པའོ། །མ་ནི་མེའི་ཁམས་རྣམ་པར་དག་པ་དང་ཐུགས་ཀྱི་རང་བཞིན་དགའ་བ་སྟོབས་ཀྱིས་སྦྱིན་པས་གདུག་པ་འདུལ་བའི་ཏིང་ངེ་འཛིན་ལས་ཆོས་འབྱུང་བའོ། །ཡཱ་ནི་རླུང་གི་ཁམས་རྣམ་པར་དག་པ་དང་གཉིས་སུ་མེད་པའི་རྡོ་རྗེའི་རང་བཞིན་ཏེ། བདུད་ཐམས་ཅད་འཇོམས་པའི་ཏིང་ངེ་འཛིན་གྱིས་བཏང་སྙོམས་དང་ཡེ་ཤེས་ཀྱི་སྦྱོར་བས་འཁོར་ཡོངས་སུ་གཟུང་བའོ། །


DTG028_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུས་ནི་སྡུད་པ་པོས་ཆོས་ཡོངས་སུ་བསྡུས་ཏེ་བཤད་པའོ། །ཡང་ན་ཨེ་ནི་གནས་སོ། །ཝཾ་ནི་སྟོན་པའོ། །མ་ནི་འཁོར་ཡོངས་སུ་གཟུང་བའོ། །ཡཱ་ནི་ཆོས་ཁྱད་པར་གྱིས་བསྡུས་པའོ། །ཡང་བྱེ་བྲག་ཏུ་བསྟན་པ་ནི། ཨེ་ནི་ཆོས་ཀྱི་འབྱུང་གནས་ཏེ་གནས་དང་གཞིའོ། །ཝཾ་ནི་དེར་ལྷའི་སྐུ་རྫོགས་པའོ། །མ་ནི་ཉེ་བར་བསྒྲུབ་པའི་བསྙེན་པ་དང་ལྡན་པའོ། །ཡཱ་ནི་ཕྲིན་ལས་རྫོགས་པར་བྱེད་པ་སྟེ། དེ་ལྟ་བུའི་ཁྱད་པར་ན་གླེང་གཞིའི་དོན་མདོར་བསྟན་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྟོན་པ་དཔལ་རྡོ་རྗེ་འཛིན་པ་སྟེ། དེ་ཡང་བྷ་གའི་སྒྲའི་སྦྱོར་བས་རྣམ་པ་གཉིས་ཏེ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་གི་དོན་དང༌། ནག་པོ་དྲག་པོ་ཆེན་པོ་ལ་སོགས་པ་འཁོར་གྱི་ཚོགས་ཡོངས་སུ་བཟུང་ནས་གདུག་པ་བཅོམ་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །ཞེས་བྱ་བ་ནི་སའི་ཁམས་ལ་སོགས་པའི་དབྱེ་བས་གནས་པ་དང༌། ཡང་ན་སྐུ་ཞེས་བྱ་བ་ནི་ཕུང་པ་ལྔའི་རྣམ་པར་དག་པའི་བདག་ཉིད་དང་རྣམ་པར་སྣང་མཛད་ལ་སོགས་པ་རི་ལྔའི་རང་བཞིན་གྱི་གནས་སོ། །དེ་རྣམས་ཀྱི་ཐུགས་ནི་རིགས་དྲུག་པ་རྡོ་རྗེ་འཛིན་པའོ། །དེ་ཡང་སྐུ་ནི་སའི་ཁམས་དང་བྱམས་པའི་རང་བཞིན་ཏེ་པུཀྐ་སཱིའི་བཙུན་མོ་ལ་གནས་སོ། །གསུང་ནི་ཆུའི་ཁམས་དང་སྙིང་རྗེའི་རང་བཞིན་གྱིས་ས་བ་རཱིའི་བཙུམ་མོ་ལ་གནས་སོ། །ཐུགས་ནི་མེའི་ཁད་དང་དགའ་བའི་རང་བཞིན་གྱིས་ཙཎྜ་ལཱའིའི་བཙུན་མོ་ལ་གནས་སོ། །རྡོ་རྗེ་རླུང་གི་ཁམས་དང་བཏང་སྙོམས་ཀྱི་རང་བཞིན་གྱིས་ཌོཾ་པི་ནཱིའི་བཙུན་མོ་ལ་གནས་སོ། །དེ་ལྟ་བུའི་བཅོམ་ལྡན་འདས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དཀྱིལ་འཁོར་གྱིས་བཞུགས་སོ། །དེ་ཡང་གནོད་སྦྱིན་དྲག་པོ་འདུལ་བའི་དོན་དུ་ནག་པོ་དྲག་པོར་སྤྲུལ་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་ཞུགས་ནས་མངོན་པར་བྱང་ཆུབ་པ་ལྔས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ནག་པོ་ཆེན་པོར་སྐུ་སྤྲུལ་ཞེས་བྱ་བའི་དོན་ཏོ། །འཇིགས་བྱེད་ཆེན་པོའི་སྐུ་མཛད་དེ། །ཞེས་བྱ་བ་ནི་ནག་པོ་དྲག་པོ་དང་ཆ་བྱད་མཐུན་པར་བསྟན་པའོ། །ནག་པོ་དྲག་


DTG028_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་ཞེས་བྱ་བ་ནི་གནོད་སྦྱིན་ནོ། །ཤིན་ཏུ་ཡང་ཞེས་བྱ་བ་ནི་གདུག་པ་ཆེ་བའོ། །ཤིན་ཏུ་མི་བཟད་པ་ཞེས་བྱ་བ་ནི་དེའི་གཉེན་པོར་སྐུ་བཞེངས་པའོ། །མཛད་དེ་ཞེས་བྱ་བ་ནི་གདུག་པ་འཇོམས་པར་མཛད་པའོ། །དུར་ཁྲོད་ཅེས་བྱ་བ་ནི་ཕྱིའི་དུར་ཁྲོད་ཉ་བའི་ཚལ་ལ་སོགས་པའོ། །གནས་མཆོག་ཅེས་བྱ་བ་ནི་རང་བཞིན་གྱི་གནས་དེ་ཡང་གྲི་གུག་གི་གུར་ཁང་ངོ༌། །གནས་མཆོག་ཅེས་བྱ་བ་ནི་རྣག་བཞིན་གྱི་གནས་ཏེ་ཆོས་ཀྱི་འབྱུང་ང་སོ། །བཞུགས་སོ་ཞེས་བྱ་བ་ནི་སྦྲུལ་པའི་སྐུར་བཞུགས་པའོ། །དེའི་ཚེ་ཞེས་བྱ་བ་གནོད་སྦྱིན་དང་པོ་གདུག་པ་འཇོམས་པར་མཛད་པ་ཚེ། །ཐུགས་རྡོ་རྗེ་ལས་སྦྲུལ་བའི་མཁའ་འགྲོ་མ་ཞེས་བྱ་བ་ནི་དེའི་དོན་ནི་གཉིས་ཏེ། བཀའ་སྡོད་ཀྱི་ཉེ་བར་འཁོར་དུ་གྱུར་པ་ནི་ཕྱི་རོལ་པའི་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་ཡི་བདག་ཉིད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱི་འཁོར་ལོའི་ལྷ་མོའི་གཽ་རཱི་ལ་སོགས་པ་རྣམས་ཀྱིས་ཕྱི་རོལ་པའི་གཽ་རཱི་ལ་སོགས་པ་གདན་དུ་བྱས་པས་དམ་ཚིག་གི་སྟོབས་ཀྱིས་བཀའ་ལ་བཏགས་པའོ། །དེའི་ཕྱིར། ཐུགས་རྡོ་རྗེ་ལས་སྤྲུལ་པའི་མཁའ་འགྲོ་མ། །ཞེས་བྱའོ། །དམ་ཚིག་གི་མཁའ་འགྲོ་མ་ཞེས་བྱ་བ་ནི་གཙོ་བོའི་དམ་ཚིག་ལས་མི་འདའ་ཞིང་དམ་ཚིག་གི་འཁོར་ལོར་རྒྱུན་དུ་གནས་ཤིང་དམ་ཚིག་ལས་མི་འདའ་བའོ། །དེ་ཡང་འདི་རྣམས་ཏེ་གསོད་བྱེད་མ་ལ་སོགས་པ་བརྒྱད་ནི་ཤར་ཕྱོགས་ན་གནས་པ་སྟེ་སྐུ་མདོག་དཀར་མོ། གསོད་བྱེད་མ་དང༌། ཐོད་པའི་དུ་མ་བུ་མ་དང༌། རབ་ཏུ་གཏུམ་མོ་དང༌། ཀེང་རུས་ཆེན་མོ་དང༌། གཏུམ་མོའི་མིག་ཅན་མ་དང༌། ལང་ཀའི་དབང་ཕྱུག་མ་དང༌། འོད་ལྡན་མ་དང༌། མཆེ་བ་རྣམ་པར་གཙིགས་མའོ། །ལྷོ་ཕྱོགས་ནས་འགུགས་བྱེད་མ་ལ་སོགས་པ་སྟེ་སྐུ་མདོག་སེར་མོའོ། །དེ་ཡང་འགུགས་བྱེད་མ་དང༌། སྣ་ཆེན་མ་དང༌། ཆང་འཐུང་མ་དང༌། བརྟན་པའི་བློ་ཅན་མ་དང། འོད་བྱེད་མ་དང༌། མི་ཐུང་མ་དང༌། རྡོ་རྗེའི་ཕོ་ཉ་མོ་དང༌། ལང་ཀའི་སྲིན་མོའོ། །རྨོངས་བྱེད་མ་ལ་སོགས་པ་ནི་ནུབ་ཕྱོགས་ན་གནས་པ་སྟེ་སྐུ་མདོག་དམར་མོའོ། །དེ་ཡང་རྨོངས་བྱེད་མ་དང༌། པདྨའི་སྐུ་དང༌། ཤིང་གྲིབ་མ་དང༌། །མྱུ་གུ་མ་དང༌། རལ་པ་


DTG028_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཅིག་མ་དང༌། འཇིགས་བྱེད་ཆེན་པོ་དང༌། དཔའ་མོ་ཆེན་མོའོ། །དབང་བྱེད་མ་ལ་སོགས་པ་བརྒྱད་ནི་བྱང་ཕྱོགས་ན་གནས་པ་སྟེ་སྣ་ཚོགས་པའི་མདོག་ཅན་ནོ། །དེ་ཡང་དབང་བྱེད་མ་དང༌། །རླུང་གི་ཤུགས་ཅན་མ་དང༌། རྡོ་རྗེ་ཧཱུཾ་མཛད་མ་དང༌། ཁྲག་འཐུང་མ་དང༌། རབ་ཏུ་བཟང་མོ་དང༌། ལྷ་མོ་སྔོ་བསངས་མ་དང༌། རྡོ་རྗེ་ཁྲོ་གཉེར་མ་དང༌། ཤིན་ཏུ་བཟང་མོའོ། །དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། གྲི་གུག་དང་ཐོད་པ་ལག་ནས་འཛིན་པའི་གར་གྱིས་གནས་པ་དམ་ཚིག་གི་འཁོར་ལོ་ལ་གནས་ཤིང༌། དམ་ཚིག་མི་སྤང་བས་ན་དམ་ཚིག་གི་མཁའ་འགྲོ་ཞེས་བྱའོ། །ལས་ལས་གྲུབ་པ་ཞེས་བྱ་བ་ནི་གནས་རྣམས་སུ་ལས་ལས་སྐྱེས་ཤིང་འཁོར་ལོའི་བདག་པོ་ལ་སོགས་པས་བཀའ་བསྒོ་བ་ཉན་ཅིང་ལས་བྱེད་པས་ན་ལས་ཀྱི་མཁའ་འགྲོ་མ་ཞེས་བྱའོ། །དེ་ཡང་གནས་འདི་རྣམས་སུ་སྐུ་གསུང་ཐུགས་ཀྱི་ཚུལ་དུ་གནས་པ་སྟེ། གནས་རེ་རེ་ནམ་མཁའ་འགྲོ་མ་གསུམ་གསུམ་གནས་སོ། །དེ་ཡང་གནས་ནི་པུལླཱི་ར་མཱ་ལ་ཡ་དང༌། ཛཱ་ལནྠ་ར་དང༌། ཨོ་ཉན་དང༌། ཨརྦུ་ད་དང༌། གོ་དཱ་བ་རཱི་དང༌། །རཱ་མེ་ཤྭ་རཱི་དང༌། དེ་ཝཱི་ཀོ་ཊཱི་དང༌། མཱ་ལ་ཝ་དང༌། ཀཱ་མ་རཱུ་པ་དང༌། ཨོ་ཏྲེ་དང༌། ཏྲཱི་ཤ་ཀུ་ནེ་དང༌། ཀ་ས་ལ་དང༌། ཀ་ལིངྒ་དང༌། ལམྤཱ་ཀ་དང༌། ཀཱ་ཉྩི་དང༌། ཧི་མཱ་ལ་ཡ་དང༌། པྲེ་ཏ་པུ་རི་དང༌། གྲྀ་ཧ་དེ་བ་དང༌། སཽ་རཱ་ཥཊ་དང༌། སུ་ཝ་རྣ་དྭཱི་པ་དང༌། ནཱ་ག་ར་དང༌། སིདྷུ་དང༌། མ་རོ་ཐ་ལི་དང༌། ཀུ་ལུ་ཏཱ་དང། གནས་དེ་དག་ནི་ཁྱད་པར་གྱི་གནས་ཉི་ཤུ་རྩ་བཞི་སྟེ། དེ་རེ་རེ་ན་མཁའ་འགྲོ་མ་ལས་ལས་སྐྱེས་པ་མཁའ་འགྲོ་མ་གསུམ་གསུམ་གནས་སོ། །དེ་ཡང་ཁྲག་འཐུང་མ་དང༌། ཤིན་ཏུ་དཔའ་མོ་དང༌། འཇིགས་བྱེད་ཆེན་པོ་སྟེ་དེ་གསུམ་གྱིས་ཁྲག་སྐྱུག་པར་བྱེད་པའི་ལས་བྱེད་པའོ། །ཛཱ་ལནྡྷ་ར་ན་ཀླུའི་དབང་མོ་དང༌། མྱུར་འགྲོ་མ་དང༌། སྦྲུལ་གྱི་ཆུན་འཕྱངས་མ་སྟེ་དེ་གསུམ་ཀླུ་ལ་དབང་བྱེད་པ་ཀླུའི་ལས་བྱེད་པའོ། །ཨོ་ཉན་དུ་ནི་རྡོ་རྗེ་ཁྲོ་མོ་དང༌། དཀར་མོ་དང༌། སྟོབས་ཆེན་མོ་སྟེ་དེ་གསུམ་གྱིས་ནི་དབྱེ་བའི་ལས་མྱུར་དུ་འགྲུབ་པོ། །ཨརྦུ་


DTG028_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དར་ནི་སྒེག་མོ་དང༌། འཁོར་ལོའི་ཤུགས་ཅན་མ་དང༌། རླུང་གི་དབང་མོ་སྟེ་དེ་གསུམ་གྱིས་ནི་མྱུར་དུ་སྐྲོད་པའི་ལས་བྱེད་པའོ། །གོ་དཱ་བ་རཱིར་ནི་ལྟོ་འཕྱངས་མ་དང༌། པདྨའི་ཕྲེང་བ་མ་དང༌། རྨོངས་བྱེད་མ་སྟེ་དེ་གསུམ་གྱིས་ནི་རྨོངས་པའི་ལས་བྱེད་པའོ། །རཱ་མེ་ཤྭ་རཱིར་ནི་འོད་དཔག་མེད་དང༌། རྟ་རྣ་མ་དང༌། འགུགས་བྱེད་མ་སྟེ་དེ་གསུམ་གྱིས་ནི་མྱུར་དུ་འགུགས་པའི་ལས་བྱེད་པའོ། །དེ་ཝཱི་ཀོ་ཊཱི་ར་ནི་རྡོ་རྗེ་འོད་འབར་མ་དང༌། རྡོ་རྗེ་ཕོ་ཉ་མོ་དང༌། རྡོ་རྗེ་དབང་བྱེད་མའོ། །དེ་གསུམ་གྱིས་ནི་དབང་དུ་བྱེད་པའི་ལས་གྲུབ་པར་བྱེད་པའོ། །མཱ་ལ་བར་ནི་རྡོ་རྗེ་སྐུ་ཞེས་བྱ་བའི་མཁའ་འགྲོ་མ་དང༌། རི་རབ་སྐུལ་བྱེད་མ་དང༌། སྟོབས་ཀྱི་དབང་མོ་སྟེ་དེ་གསུམ་གྱིས་རེངས་པར་བྱེད་པའི་ལས་སྒྲུབ་པར་བྱེད་པའོ། །ཀཱ་མ་རཱི་པར་ནི་།རྣོ་བའི་གཟུགས་མ་དང༌། ཕྲ་གཟུགས་མ་དང༌། རྡོ་རྗེ་གོ་ཆ་མ་སྟེ་དེ་གསུམ་གྱིས་ནི་ཐམས་ཅད་དུ་ཉུངས་ཀར་གྱི་གཟུགས་ཀྱི་ཕོ་ཉའི་ལས་སྒྲུབ་པར་བྱེད་པའོ། །ཨོ་ཏྲེར་ནི་འཁོར་ལོས་སྒྱུར་བྱེད་མ་དང༌། རྡོ་རྗེ་རལ་པ་མི་བཟད་མ་དང༌། །གཏུམ་པའི་ཁྲོ་གཉེར་མའོ། །དེ་གསུམ་གྱིས་ནི་སྣ་ཚོགས་པའི་ལུས་སྒྲུབ་པར་བྱེད་པའོ། །ཏྲཱི་ཤ་ཀུ་རེ་ན་ནི་ཡིད་འཕྲོག་མ་དང༌། །གཟུགས་གཉིས་མ་དང༌། ཀུན་དུ་རྒྱུ་བྱེད་མའོ། །འདི་གསུམ་གྱིས་ནི་ལས་ཐམས་ཅད་སྔོན་དུ་འགྲོ་བ་སྟེ་རྒྱུའི་ལས་མཚན་པར་བྱེད་པའོ། །ཀོ་ས་ལར་ནི་ཞིང་སྐྱོད་མ་དང༌། ཧཱུཾ་མཛད་མ་དང༌། སྲོག་འཐུང་མའོ། །འདི་གསུམ་གྱིས་ནི་ཐམས་ཅད་དུ་ཐིལ་ལེ་གཞོམ་པའི་ལས་མྱུར་དུ་འགྲུབ་པར་བྱེད་པའོ། །ཀ་ལིངྒྲར་ནི་རབ་ཏུ་འཇིགས་མ་དང༌། ནམ་མཁའ་ལུས་ཅན་མ་དང༌། དྲག་མོ་ཆེན་མོ་སྟེ། འདི་གསུམ་གྱིས་ནི་ཁ་སྦྱར་གྱི་ལས་མྱུར་དུ་རྫོགས་པར་བྱེད་པའོ། །ལམྦཱ་ཀར་ནི་ཚནྡོ་ཧའོ་བདག་མོ་དང༌། འཁོར་ལོས་སྒྱུར་བྱེད་མ་དང༌། རྡོ་རྗེ་ཤུགས་ཅན་མ་སྟེ་དེ་གསུམ་གྱིས་ནི་འཁོར་ལོས་སྒྱུར་བྱེད་ཀྱི་ལས་མྱུར་དུ་སྒྲུབ་པར་བྱེད་དོ། །ཀཱཉྩིར་ནི་འཁོར་ལོའི་གོ་ཆ་མ་དང༌། གཟུགས་ཅན་མ་དང༌། ཀུན་དུ་འབེབས་བྱེད་མ་སྟེ་དེ་གསུམ་གྱིས་ནི་ཆར་གྱི་རྒྱུན་འབེབས་པའི་ལས་བྱེད་པའོ། །ཧི་མཱ་ལ་ཡར་ནི་མིག་གི་བཟང་མ་དང༌། ཁྭ་གཟུགས་མ་དང༌། རྡོ་རྗེ་


DTG028_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུས་ཆེན་མོ་དང༌། དེ་གསུམ་གྱིས་ནི་ཐམས་ཅད་དུ་མི་སྲུན་པའི་རྡོ་རྗེ་སེར་བ་འབེབས་པའི་ལས་བྱེད་དོ། །པྲེ་ཏ་པུ་རིར་ནི་སྟོབས་ཀྱི་དབང་ཕྱུག་མ་དང༌། འཁོར་ལོའི་གོ་ཆ་མ་དང༌། ནམ་མཁའི་སྙིང་པོ་མ་སྟེ་དེ་གསུམ་གྱིས་ནི་ཐམས་ཅད་དུ་རྡོ་རྗེའི་སེར་བ་སྲུང་བའི་ལས་བྱེད་དོ། །གྲྀ་ཧ་དེ་བ་ཏ་ར་ནི་དཔལ་གྱི་དབང་མོ་དང༌། ནོར་འཛིན་མ་དང༌། ཁཎྜ་རོ་ཧཱ་མ་སྟེ་དེ་གསུམ་གྱིས་ནི་ནོར་གྱི་དབང་ཕྱུག་སྒྲུབ་པའི་ལས་བྱེད་དོ། །སཽ་རཱཥྟར་ནི་ཤིན་ཏུ་འཇོམས་མ་དང༌། གཤིན་རྗེའི་ཕོ་ཉ་མོ་དང༌། བརྟན་པའི་དབང་མོ་སྟེ་འདི་གསུམ་གྱིས་ནི་གནས་པའི་ལས་རྫོགས་པར་བྱེད་པའོ། །སུ་ཝརྞ་དྭཱི་པར་ནི་ནམ་མཁའི་འཁོར་ལོ་མ་དང༌། མཚོན་ཆའི་གཟུགས་ཅན་མ་དང༌། འཇིགས་བྱེད་མའོ། །འདི་གསུམ་གྱིས་ནི་ལ་དུའི་ལས་རྫོགས་པར་བྱེད་དོ། །ནཱ་ག་རར་ནི་མེ་གཟུགས་མ་དང༌། སྐེམ་བྱེད་མ་དང༌། རླུང་གི་འཁོར་ལོ་མ་སྟེ་འདི་གསུམ་གྱིས་ནི་སྤོས་ཀྱི་སྒྲུབ་པ་རྫོགས་པར་བྱེད་པའོ། །སིནྡྷུར་ནི་སྐེམ་མ་དང༌། ལས་མ་དང༌། ཙ་མུཎྜི་སྟེ་འདི་གསུམ་གྱིས་ནི་གསང་བའི་སྦྱིན་སྲེག་གི་ལས་རྫོགས་པར་བྱེད་པའོ། །མ་རོ་ཐ་ལིར་པདྨ་གར་གྱི་དབང་ཕྱུག་མ་དང༌། སྟོབས་ཀྱི་དབང་ཕྱུག་མ་དང༌། དུར་ཁྲོད་ཀྱི་བདག་མོ་སྟེ་དེ་གསུམ་གྱིས་ནི་ཐུན་མོང་གི་སྦྱིན་སྲེག་གི་ལས་རྫོགས་པར་བྱེད་པས་སོ། །ཀུ་ལུ་ཏཱར་ནི་རྡོ་རྗེ་སེམས་དཔའ་མ་དང༌། བརྩོན་འགྲུས་ཆེན་མོ་དང༌། གཏུམ་པའི་འཁོར་ལོ་མ་སྟེ་འདི་གསུམ་གྱིས་ནི་ཐམས་ཅད་དུ་རྣལ་འབྱོར་བའི་རྒྱུད་སྲུང་བའི་ལས་བྱེད་པའོ། །མཁའ་འགྲོ་མ་འདི་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་ན་གནས་པ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་བཀའི་འཁོར་ལོར་བྱིན་གྱིས་བརླབས་ནས་ལས་ཐམས་ཅད་བྱེད་པར་བཀའ་བསྒོས་པ་ལས་ཀྱི་མཁའ་འགྲོ་མ་ཞེས་བྱའོ། །འཇིགས་བྱེད་མ་ལས་བྱེད་མ་ལ་སོགས་པ། །ཞེས་བྱ་བ་ནི་དེ་ལ་འཇིགས་བྱེད་ཅེས་བྱ་བ་ནི་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་གནོད་སྦྱིན་ཆེན་པོ་བརྒྱད་དེ། དྲག་ཏུ་གཏུམ་པ་ན་བདག་པོ་དྲག་པོ་གནས་སོ། །འཇིགས་སུ་རུང་བ་ན་རྡོ་རྗེ་གཏུམ་མོ་གནས་སོ། །འུར་འུར་འབར་བས་ཁྱབ་པ་ན་རྡོ་རྗེ་རོ་ལངས་གནས་སོ། །ཚང་


DTG028_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚིང་འཁྲིགས་པ་ན་རྡོ་རྗེ་གྷ་ལ་གནས་སོ། །དེ་དག་ནི་ཤར་ལ་སོགས་པའི་གོ་རིམས་ཀྱིས་ཕྱོགས་བཞིར་གནས་སོ། །གཞན་ཡང་ཧ་ཧར་དགོད་པ་ན་ཚོགས་ཀྱི་བདག་པོ་གནས་སོ། །ནགས་ཚལ་ཕུན་སུམ་ཚོགས་པ་ན་གནོད་སྤྱིན་རུ་རུ་གནས་སོ། །མུན་པ་མི་བཟད་པ་ན་གནོད་སྦྱིན་གར་མཁན་མཆོག་གནས་སོ། །ཀི་ལི་ཀི་ལིའི་སྒྲ་སྒྲོགས་པ་ན་གནོད་སྦྱིན་ལྕགས་ཀྱི་སྨེ་བ་ཅན་གནས་སོ། །དེ་དག་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ལེགས་པར་གནས་སོ། །གཞན་ཡང་འཇིགས་བྱེད་མ་ཞེས་བྱ་བ་ནི་ཁྭ་གདོང་མ་དང༌། ཕག་གདོང་མ་དང༌། ཁྱིའི་གདོང་ཅན་མ་དང༌། འུག་པའི་གདོང་ཅན་མ་ལ་སོགས་པ་རྣམས་ནི་ཤར་ལ་སོགས་པའི་ཕྱོགས་ཀྱི་དུར་ཁྲོད་ན་འཇིགས་པའི་གཟུགས་ཀྱིས་གནས་སོ། །གཤིན་རྗེའི་ཕོ་ཉ་མོ་དང༌། གཤིན་རྗེ་བརྟན་པའི་བློ་ཅན་མ་དང༌། གཤིན་རྗེ་མཆེ་གཙིགས་མ་དང༌། གཤིན་རྗེ་འཇོམས་མ་སྟེ་འདི་རྣམས་ཀྱང་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ལེགས་པར་གནས་སོ། །ཡང་འཇིགས་བྱེད་ཅེས་བྱ་བའི་དོན་ནི་དེ་རྣམས་ཀྱི་གཙོ་བོའི་བཀའ་སྡོད་ཅིང་འཇིགས་པ་ཆེན་པོའི་སྟོབས་ཀྱིས་ལས་རྣམས་ཐོགས་པ་མེད་པར་གྲུབ་པས་ན་འཇིགས་བྱེད་དང་འཇིགས་བྱེད་མ་ཞེས་བྱའོ། །ཚོགས་ཞེས་བྱ་བ་ནི་དེ་རྣམས་འདུས་པའོ། །ཡོངས་སུ་བསྐོར་ཞེས་བྱ་བ་ནི་འདི་དག་བྱིན་གྱིས་བརླབས་ནས་འཁོར་དུ་ཡོངས་སུ་གཟུང་བའོ། །དེའི་ཚེ་ཞེས་བྱ་བ་ནི་འཁོར་དེ་དག་ཀྱང་ནག་པོའི་འཁོར་ཡིན་པའི་ཚེ་ཞེས་བྱ་བའི་ཕྱིར་རོ། །བཅོམ་ལྡན་འདས་བྱ་བ་ནི་གོང་དུ་སྨོས་པའི་འཁོར་ལོའི་བདག་ཉིད་དེ། དེ་ཡང་བཅོམ་ལྡན་འདས་ཞེས་བྱ་བའི་དོན་ནི་ནག་པོ་དྲག་པོ་ལ་སོགས་པའི་གདུག་པ་བཅོམ་པ་ཞེས་བྱ་བའི་དོན་ཏོ། །གཉིས་སུ་མེད་པར་སྣང་བ་ཞེས་བྱ་བ་ནི་གདུག་པ་བཅོམ་པའི་ཕྱིར་འཁོར་ལོའི་གཙོ་བོ་ལ་བསྡུས་པ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་གཙོ་བོ་ཡང་སྟོང་པ་ཉིད་དུ་གྱུར་པའོ། །ལས་ཞེས་བྱ་བ་ནི་སྟོང་པ་ཉིད་ལས་སོ། །ནག་པོ་ཆེན་པོར་སྤྲུལ་ཏེ་ཞེས་བྱ་བ་ནི་གོང་དུ་བསྟན་པ་བཞིན་དུ་ཆོ་ག་ལྔས་སྐུ་རྫོགས་པའོ། །བཅོམ་ལྡན་ཞེས་བྱ་བ་ནི་གཙོ་བོ་ནག་པོ་ཆེན་པོ་ཉིད་དོ། །ཐུགས་ཀ་ཞེས་བྱ་བ་ནི་གྲི་གུག་དང་ཧཱུཾ་གི་རྣམས་


DTG028_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །འོད་ཟེར་ཞེས་བྱ་བ་ན་གྲི་གུག་དང་ཧཱུཾ་གི་རང་བཞིན་དུ་སྤྲོས་ཏེ་ཞེས་བྱ་བའི་དོན་ཏོ། །ཕྱོགས་དང་མཚམས་ཞེས་བྱ་བ་ནི། ཤར་ལ་སོགས་པའི་འཁོར་གྱི་བྱེ་བྲག་གོ །ཐམས་ཅད་ཅེས་བྱ་བ་ནི་འཁོར་ཐམས་ཅད་དོ། །ཁྱབ་གནས་ཞེས་བྱ་བ་ནི་ཐམས་ཅད་ཀྱི་སྙིང་གར་འོད་ཟེར་ཞུགས་ནས་ཁྱབ་པའོ། །གནོད་སྦྱིན་ནི་གདུག་པ་བསལ་ནས་ཞེས་བྱ་བ་ནི་གནོད་སྦྱིན་ནི་ནག་པོ་དྲག་པོ་ལ་སོགས་པའི་འཁོར་རྣམས་སོ། །གདུག་པ་ནི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་སྟེ། བསལ་ཞེས་བྱ་བ་ནི་འོད་ཟེར་ངེས་གདུག་པ་བསལ་ནས་རྒྱུའི་འཁོར་དུ་གཟུང་བའོ། །གུར་དང་ར་བ་དང་དྲ་བར་གྱུར་ཏེ་ཞེས་བྱ་བ་ནི་འཁོར་རྣམས་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལ་གནས་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྲུང་བའི་འཁོར་ལོའི་བདག་ཉིད་དུ་ཤེས་པར་བྱའོ། །གནས་པའི་ཚེ་ཞེས་བྱ་བ་ནི་རྒྱུའི་འཁོར་དུ་ཡོངས་སུ་རྫོགས་པའི་ཚེའོ། །མཁའ་འགྲོ་མ་དང་ནག་པོའི་ཚོགས་ཀྱིས་ཕྱག་འཚལ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པའི་ཚིག་གིས་བསྟོད་དོ། །གཙོ་བོའི་དམ་ཚིག་ལས་མི་འདའོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ལ་གསོལ་བ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ལས་སྤྲུལ་པའི་གཙོ་བོ་ལའོ། །ནག་པོ་དྲག་པོས་ཅི་ཞིག་བཤད། །ཅེས་བྱ་བ་ནི་འཁོར་གྱི་གླིང་གཞི་རྒྱས་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །ཞེས་བྱ་བ་ནི་གཙོ་བོར་གྱུར་པའི་ནག་པོ་དྲག་པོའི་སྟོབས་ཀྱིས་ཏིང་ངེ་འཛིན་ལ་གནས་ཏེ། ཏིང་ངེ་འཛིན་དེའི་སྟོབས་ཀྱིས་སྡུད་པ་པོས་ཡོངས་སུ་བསྡུ་སྟེ་ཞེས་བྱ་བའི་དོན་ཏོ། །འདི་ནི་ནག་པོ་དྲག་པོའི་རྒྱུད་ཅེས་བྱ་བ་ནི་འདི་སྐད་བདག་གིས་ཞེས་བྱ་བ་ནས་དེ་སྐད་ཅེས་བཀའ་སྩལ་ནས་བྱ་བའི་མཐར་ཐུག་པའི་རྒྱུད་ལས་བརྙེས་པའི་དོན་བརྗོད་པ་ནི་རྒྱུད་ཅེས་བྱའོ། །དུར་ཁྲོད་ཆེན་པོ་ཞེས་བྱ་བ་ནི་ཕྱིའི་དུར་ཁྲོད་དེ་ནག་པོ་ཆེན་པོའི་གནས་སོ། །ཆེན་པོ་ནི་གཙོ་བོའི་གནས་དང་བཞིའོ། །གནས་ན་ཞེས་བྱ་བ་ནི་གནས་གཉིས་ཏེ། རི་རབ་ཀྱི་གནས་དང་འཛམ་བུའི་གླིང་གི་གནས་སོ། །འཛམ་བུའི་གླིང་གི་གནས་ན་རྣལ་འབྱོར་བ་ར་ཏྱ་ཞེས་བྱ་བ་ནི་གནས་ཏེ་ཞེས་བྱ་བའི་རྣལ་འབྱོར་པ་གནོད་སྦྱིན་འོད་ཟེར་ཅན་ཞེས་བྱ་བ་ནི་རི་རབ་ཀྱི་གནས་ནས་འཛམ་བུའི་གླིང་དུ་ཉ་


DTG028_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་རིགས་དང་འབྲེལ་པའི་སྟོབས་སད་པས་དབང་ཕྱུག་ཆེན་པོའི་རྣལ་འབྱོར་པ་གཅིག་ཏུ་གྱུར་ཏེ། ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ་པའི་སྟོབས་དང་ལྡན་ནོ། །དེ་ཡང་གནོད་སྦྱིན་གྱི་འབྲེལ་པའི་སྟོབས་ཀྱིས་ཤ་དང་ཁྲག་ལ་དགའ་བས་སྲོག་དང་དབུགས་ལ་དབང་བྱེད་དོ། །རི་རབ་གྲོང་ཁྱེར་སུམ་བརྩེགས་ན། །ཞེས་བྱ་བ་ནི་རི་རབ་ལྷའི་གྲོང་ཁྱེར་ན་གནོད་སྦྱིན་ནག་པོ་ཆེན་པོ་གནས་སོ། །དེ་ཡང་སྔོན་འབྱུང་གི་དབྱེ་བ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་གཙུག་ཏོར་ཅན་གྱི་བསྟན་པ་ལ་རི་མོ་མཁན་གྱི་རིགས་ལས་དགེ་སློང་བདེ་བའི་འཁོར་ལོ་ཞེས་བྱ་བ་བྱུང་སྟེ། དེ་ཡང་ཁ་དོག་གནག་ཅིང་ཡིད་གཏུམ་པ་ཅན་ཏེ། བདེན་པ་བཞིའི་བསླབ་པའི་གནས་ནས་དེ་བཞིན་གཤེགས་པ་ཉེ་བའི་འཁོར་དུ་གྱུར་ཏེ། དགེ་སློང་དེ་ཡང་སྐད་ཅིག་མ་སུམ་ཅུ་རྩ་གཉིས་ཀྱིས་འབྲས་བུར་ཉེ་བར་གྱུར་ཏེ། མངོན་པར་ཤེས་པ་དང་ལྡན་པས་དེ་བཞིན་གཤེགས་པའི་སྦྱིན་སྔ་ན་བདག་ནི་མངོན་པར་ཤེས་པ་དང་ལྡན་ནོ་སྙམ་ནས་མངོན་པའི་ང་རྒྱལ་བྱེད་དོ། །དེ་བཞིན་གཤེགས་པས་དགེ་སློང་ཁྱོད་ལོག་པའི་ང་རྒྱལ་དང་ལྡན་ཏེ། དཔེར་ན་འདོད་ཁམས་ཀྱི་དབང་ཕྱུག་ཆེན་པོ་དེས་ལྷ་ཐམས་ཅད་ལས་བདག་སྟོབས་ཆེའོ་སྙམ་པའི་ང་རྒྱལ་གྱིས་རི་རབ་ཀླད་ལ་བསྐོར་བ་དང༌། རྒྱ་མཚོ་ཆེན་པོ་ཡང་དབུགས་ཀྱིས་རྡུ་བ་པ་དང༌། དགའ་བོ་དང་ཉེར་དགའ་ལ་སོགས་པའི་ཀླུ་ཆེན་པོ་རྣམས་ཀྱིས་རྒྱན་དུ་བྱས། ཉི་ཟླ་ཐོད་དུ་བཅིངས། ལྷ་བྲན་ཟས་སུ་ཟ་བ་དེ་ལྟ་བུའི་སྟོབས་དང་ལྡན་ཏེ། དེས་ཀྱང་བདག་ནི་འཇིག་རྟེན་འདི་ནི་སྟོབས་ཆེན་པོ་ཡིན་ནོ་སྙམ་པ་ལས་དེ་བཞིན་གཤེགས་པའི་སྟོབས་ནམ་མཁའི་མཐའ་དང་མཉམ་པ་ལ་དེའི་སྟོབས་ནི་རྩ་རྡུལ་གྱི་རྡུལ་ཙམ་ཡང་མི་ཕོད་དོ། །དགེ་སློང་ཁྱོད་ཀྱང་དེ་དང་འདྲ་བས་ང་རྒྱལ་མ་བྱེད་ཅེས་སྨྲས་པ་ལ། དགེ་སློང་དེའི་སེམས་ཤིན་ཏུ་དམན་པ་འགྱུར་ནས་བདག་ནི་དེ་བཞིན་གཤེགས་པའི་འཁོར་དུ་གྱུར་པ་ལ་དགོས་པ་ཅི་ཞིག་ཡོད་སྙམ་ནས་ལྷོ་ཕྱོགས་ཀྱི་ནགས་ཚལ་ཞིག་ཏུ་སོང་ནས་གནས་པ་དེའི་ཚེ་ནགས་ཚལ་དེ་ན་དབང་ཕྱུག་ཆེན་པོའི་རྟེན་ཅིག་གནས་པ་ལ་དགེ་སློང་དེས་ཞག་ཉི་ཤུ་རྩ་གཅིག་ཏུ་མཆོད་པ་དང་བསྐོར་བ་ལ་སོགས་པ་བྱས་ནས་གསོལ་བ་བཏབ་པའི་ཚེ། །དབང་ཕྱུག་ཆེན་


DTG028_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོས་རྨི་ལམ་དུ་དགེ་སློང་ཁྱོད་བདག་གི་སྲས་སུ་གྱུར་ཏེ། འཇིག་རྟེན་འདི་ན་ཁྱོད་སྟོབས་ཆེ་བའི་དངོས་གྲུབ་སྦྱིན་ནོ་ཞེས་རྨི་ལམ་དུ་ལུང་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེས་དགེ་སློང་དབང་ཕུག་ཆེན་པོ་ལ་སྐྱབས་སུ་སོང་བར་དགོངས་ནས་དེ་བཞིན་གཤེགས་པ་དགེ་སློང་ཅིག་ཏུ་མཛད་ནས་ནགས་ཚལ་དུ་དགེ་སློང་དེའི་གན་དུ་སོང་ནས་དགེ་སློང་ཁྱོད་ཅི་ཞིག་བྱེད་ཅེས་བཀའ་སྩལ་པ་ལས་དགེ་སློང་དེས་བདག་ནི་དེ་བཞིན་གཤེགས་པའི་འཁོར་དུ་མ་ཆུད་ནས་དབང་ཕྱུག་ཆེན་པོ་ལ་སྐྱབས་སུ་སོང་བ་ཞིག་ཡིན་ཞེས་སྨྲས་པ་ལ། དེ་བཞིན་གཤེགས་པ་དེས། དགེ་སློང༌། །ཡང་དག་ལམ་ནི་རྙེད་གྱུར་ནས། །འཁྲུལ་པའི་ལམ་ལ་འཇུག་བྱེད་པ། །དཔེར་ན་གསལ་བའི་མིག་ཐོབ་ནས། །རབ་རིབ་སྐྱོན་གྱིས་བསྒོས་པ་བཞིན། །དགེ་སློང་ཁྱོད་ནི་དེ་ལྟ་བུ་ཞིག་ཅེས་བཀའ་སྩལ་བ་དང༌། །དེ་ནས་དགེ་སློང་དེ་ལྷག་པའི་བསམ་པ་དང་ལྡན་ནས་བདག་གིས་ཅི་ཞིག་གྱིས་ཞེས་གསོལ་བ་དང༌། དེ་བཞིན་གཤེགས་པའི་དགེ་སློང་དེས། །དགེ་སློང་ཁྱོད་དེ་བཞིན་གཤེགས་པ་ལ་སོགས་པ་ལ་གསོ་སྦྱོང་བྱ་བར་གནང་ངོ་ཞེས་བཀའ་སྩལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དགེ་སློང་དེ་ནགས་ཚལ་ནས་སོང་སྟེ་དེ་བཞིན་གཤེགས་པའི་ཞབས་དྲུང་དུ་ཕྱིན་ནས་གསོ་སྦྱོང་མང་པོ་བྱས་ཏེ་དེ་བཞིན་གཤེགས་པ་ལ་གསོལ་བ་བདག་ནི་ཚེ་མཐར་ཕྱིན་པས་བདག་ལ་ལུང་བསྟན་དུ་གསོལ། དེ་བཞིན་གཤེགས་པ་དེས་ཁྱོད་ནི་རྟེན་ལོག་པའི་མཐུས་སྐྱེ་བ་མང་དུ་བརྒྱུད་ནས་དབང་ཕྱུག་ཆེན་པོའི་བུ་ནག་པོ་དྲག་པོ་ཞེས་བྱ་བར་སྐྱེ་བ་བླངས་ནས་དེ་ཡང་དག་པའི་རྟེན་ལས་ལོག་པས་ན་ནག་པོ་ཡིན་ལ་དབང་ཕྱུག་ཆེན་པོའི་སྟོབས་རྙེད་པས་དྲག་པོ་ཞེས་བྱའོ། །ཆེན་པོ་ནི་སྲིད་པ་གསུམ་ལ་དབང་བྱེད་པས་སོ། །དེའི་མཐར་དེ་བཞིན་གཤེགས་པ་ཕུན་སུམ་ཚོགས་པ་མཐའ་དག་འཛིན་པ་ཞེས་བྱ་བའི་བསྟན་པ་ལ་ཁྱོད་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་སྲུང་བར་སེམས་བསྐྱེད་པ་སྔོན་དུ་སོང་བས་ན་མངོན་པར་བྱང་ཆུབ་པར་ས་བཅུའི་བྱང་ཆུབ་སེམས་དཔའ་ནག་པོ་ཞེས་བྱ་བར་བྱུང་ནས་དེ་བཞིན་གཤེགས་པའི་བསྟན་པ་བསྲུངས་ནས་ཚོགས་རྫོགས་ཏེ།


DTG028_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེས་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་སུ་སངས་རྒྱས་བཅོམ་ལྡན་འདས་ཐལ་བ་ཅན་ཞེས་བྱ་བ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེས་དེ་ལྟར་ལུང་བསྟན་ནས་དགེ་སློང་དེ་སྐྱེ་བ་དཔག་ཏུ་མེད་པ་བརྒྱུད་ནས་དེ་བཞིན་གཤེགས་པས་ལུང་བསྟན་པ་དང༌། དབང་ཕྱུག་ཆེན་པོའི་རྗེས་སུ་གནང་བའི་སྟོབས་ཀྱིས་དབང་ཕྱུག་ཆེན་པོའི་སྲས་ནག་པོ་དྲག་པོ་ཞེས་བྱ་བར་སྐྱེ་བ་བླངས་ཏེ་དེ་ཡང་རི་རབ་ཀྱི་སྟེང་ན་གནས་སོ། །གྲོང་ཁྱེར་སུམ་བརྩེགས་ཞེས་བྱ་བ་ནི། ལྷ་དང༌། ཀླུ་དང༌། ལྷ་མ་ཡིན་ལ་དབང་བྱེད་པས་ནའོ། །གནོད་སྦྱིན་ཞེས་བྱ་བ་ནི་སྲིད་པ་གསུམ་ལ་གནོད་པ་སྦྱིན་པའོ། །རྣལ་འབྱོར་ལུས་ལ་གཟི་བྱིན་བསྐྱེད། །ཅེས་པ་ནི་རྒྱུ་མཐུན་པའི་འབྲེལ་བའི་སྟོབས་ཀྱིས་གོང་དུ་བསྟན་པའི་རྣལ་འབྱོར་གྱི་རྒྱུད་ལ་ནག་པོ་དྲག་པོ་ཞུགས་པའོ། །ནག་པོའི་གཟུགས་འཆང་གདུག་པར་ཅན། །ཞེས་བྱ་བ་ནི་ནག་པོའི་ཀ་དོག་ནག་པོའོ། །གཟུགས་འཆང་ཞེས་བྱ་བ་ནི་གནོད་སྦྱིན་གྱི་གཟུགས་འཆང་བའོ། །གདུག་པ་ཅན་ཞེས་བྱ་བ་ནི་སྲོག་དང་དབུགས་ལ་དབང་བྱེད་པའོ། །ཉ་བའི་གྲི་དང་ཐོད་པ་འཛིན། །ཞེས་བྱ་བ་ནི་ཕྱག་མཚན་ནོ། །དུག་གི་ལ་དུ་རྟག་ཏུ་ཟ། །ཞེས་བྱ་བ་ནི་གཉེན་པོ་ལས་མཐུན་པའི་དམ་རྫས་སུ་གྱུར་པའོ། །དུས་གསུམ་གྲོང་ཁྱེར་སུམ་བརྩེགས་དཀྲུགས། །ཞེས་བྱ་བ་ནི་དུས་གསུམ་ཞེས་བྱ་བ་ནི་ཉིན་མཚན་དུས་དྲུག་ཏུའོ། །གྲོང་ཁྱེར་སུམ་བརྩེགས་ཞེས་བྱ་བ་ནི་རི་རབ་ཀྱི་གྲོང་ཁྱེར་དང་འདྲ་བར་འཛམ་བུའི་གླིང་གི་གྲོང་ཁྱེར་རོ། །དཀྲུགས་ཞེས་བྱ་བ་ནི་དེ་ན་གནས་པའི་མི་རྣམས་ཀྱི་སྲོག་འཕྲོག་པར་བྱེད་པའོ། །ཤ་ཆེན་ཞེས་བྱ་བ་ནས་ཁྲག་ཅེས་བྱ་བ་ནི་སྔོན་དུ་རྒྱུན་དུ་ཞུགས་པའི་ཁ་ཟས་ཏེ། དེ་ཡང་ཤ་ལྔ་དང་བདུད་རྩི་ལྔའི་བདག་ཉིད་དུ་ཤེས་པར་བྱའོ། །ཁྲག་འཐུང་ཞེས་བྱ་བ་ནི་འགྲོ་བའི་དབུགས་འཕྲོག་པར་བྱེད་པའོ། །ཡང་ན་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་འཇོམས་པ་ཉིད་དོ། །ཁ་ནས་ཁྲག་ཅེས་བྱ་བ་ནི་སེམས་ཅན་རྣམས་ལ་ནད་ཀྱི་རྒྱུན་འབེབས་པ་དང༌། སངས་རྒྱས་བསྟན་པ་སྲུང་བ་ལ་སོགས་པ་དང༌། འཁོར་བའི་འདོད་ཆགས་སྤོང་བའི་དོན་གྱི་ཁ་ནས་ཁྲག་འཛག་ཅེས་བྱ་བའོ། །


DTG028_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རོ་བསྲེགས་སྨན་དང་ཞེས་བྱ་བ་ནི་མར་ནག་ཆེན་པོའི་མར་མེ་ལ་སོགས་པའི་ཁྱད་པར་གྱིས་མཆོད་པའོ། །བསུར་ཆེན་ཞེས་བྱ་བ་ནི་གནོད་སྦྱིན་གྱི་གདུག་པ་བསལ་བའི་རྫས་དང༌། དེ་ཡང་དུར་ཁྲོད་དུ་སྦྱོར་བའི་སྤོས་སོ། །དུར་ཁྲོད་ལ་གནས་དྲི་ཡི་མཆོག །ཅེས་བྱ་བ་ནི་སྐྱེས་བུ་མཚན་དང་ལྡན་པའི་ཞིང༌། །ལས་གནས་དྲི་ཞེས་བྱ་བ་ནི་དེ་ལས་བྱུང་བའི་དྲིའོ། །མཆོག་ཅེས་བྱ་བ་ནི་དུར་ཁྲོད་དུ་བསྒྲུབ་པའི་བདུད་རྩིའོ། །དུས་གསུམ་དུ་ནི་སྡོམ་བྱེད་ཅིང༌། །ཞེས་བྱ་བ་ནི་རྫས་དེ་དག་མཐུན་པའི་དམ་རྫས་སྲོག་འཛིན་པ་ཡིན་པས་ན་རྟག་ཏུ་ཡང་མི་འབྲལ་ལོ་ཞེས་བྱ་བའི་དོན་ཏོ། །གདུག་པ་ཞེས་བྱ་བ་ནི་ནག་པོ་དྲག་པོའོ། །སྤྲུལ་པ་ཞེས་བྱ་བ་ནི་དེའི་འཁོར་དུ་གཏོགས་པའོ། །འཁོར་དེ་དག་ཀྱང་གཙོ་བོ་དང་ནུས་པ་མཉམ་པས་ན་སྤྲུལ་ཞེས་བྱའོ། །སྣ་ཚོགས་འགྱེད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཞེ་སྡང་བ་རྣམས་ཀྱི་སྲོག་གི་གཉེན་པོ་འགྱེད་པའི་ཕྱིར་དང༌། གཟུགས་སྣ་ཚོགས་ཀྱིས་བསྟན་པ་སྲུང་བའི་ཕྱིར་རོ། །དེ་ནི་ནག་པོ་དྲག་པོར་བཤད། །ཅེས་བྱ་བ་ནི་ནག་པོ་དྲག་པོའི་རྒྱུད་ཀྱི་གླེང་གཞི་བསྟན་པའོ།། །།དེ་ནས་ནག་པོ་ཆེན་པོ་གསོལ་བ་ཞེས་བྱ་བ་ནི་སྡུད་པ་པོས་འབྲས་བུའི་འཁོར་རྒྱས་པར་ཞུས་པའོ། །བཅོམ་ལྡན་འདས་ཞེས་ཞུས་པ་ནི་གཙོ་བོ་ལའོ། །ནག་པོ་དྲག་པོ་ཞེས་བྱ་བ་ནས་ཇི་ལྟར་ལགས་ཞེས་བྱ་བའི་བར་དུ། འབྲས་བུའི་འཁོར་དུ་ཇི་ལྟར་འགྱུར། །ཞེས་བྱ་བ་དང༌། གོང་དུ་བསྟན་པའི་དོན་རྒྱས་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་ལ་ཞུགས་པའི་བྱིན་གྱི་རླབས་ཀྱིས་འགྲོ་བ་འདུལ་བའི་དོན་དུ་སྡུད་པ་པོས་ཡོངས་སུ་བསྡུས་ཏེ་བཤད་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ལྷ་ཡི་སྐུ་ནི་རྣམ་པར་དག །ཅེས་བྱ་བ་ནི་དེ་ལ་སྐུ་ནི་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལ་སོགས་པའོ། །གསུང་ནི་དེ་བསྐྱེད་པའི་ས་བོན་ནོ། །ཐུགས་ནི་ཕྱག་མཚན་དུ་གྱུར་པའོ། །རྡོ་རྗེ་ནི་སྐུ་ཡོངས་སུ་རྫོགས་པའོ། །ལྷ་ནི་དེའི་འཁོར་དུ་གཏོགས་པའི་ལྷ་མོའོ། །སྐུ་ནི་རྟེན་གྱི་དཀྱིལ་འཁོར་རོ། །རྣམ་པར་དག་པ་ནི་ཆུ་ཟླ་


DTG028_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་འདྲ་བའི་ཕྱིར་རོ། །ཡང་སྐུ་ནི་ཞལ་གཅིག་ཕྱག་གཉིས་པའོ། །གསུང་ནི་ཕྱག་བཞི་པའོ། །ཐུགས་ནི་ཕྱག་དྲུག་པའོ། །རྡོ་རྗེ་ནི་ཕྱག་བཅུ་དྲུག་པའོ། །ལྷ་ནི་ཡུམ་དང་བཅས་པའོ། །སྐུ་ནི་དཀྱིལ་འཁོར་ལོའི་བདག་ཉིད་དོ། །རྣམ་པར་དག་པ་ནི་རང་གི་ངོ་བོ་རྣམ་པར་དག་པ་སྟེ། ནག་པོ་དྲག་པོའི་རྒྱུད་དག་པར་བྱེད་པས་ན་རྣམ་པར་དག་ཅེས་བྱའོ། །གཉིས་སུ་མེད་པར་སྣང་བ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་གཙོ་བོའི་ཐུགས་ཀར་འདུས་པའོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །ཞེས་པ་ནི་གཙོ་བོ་ཡང་སྟོང་པ་ཉིད་དུ་གྱུར་པའི་ཕྱིར་ཞུགས་ཞེས་བྱའོ། །དེ་ནས་ཞེས་བྱ་བ་ནི་སྟོང་པ་ནས་སོ། །ནག་པོ་ཆེན་པོ་ཞེས་བྱ་བ་ནི་གནོད་སྦྱིན་ནག་པོ་དྲག་པོའོ། །ཆ་བྱད་མཐུན་ཞེས་བྱ་བ་ནི་སྐུ་མདོག་དང་ཕྱག་མཚན་མཐུན་པའི་ཕྱིར་རོ། །སྤྲུལ་མཛད་ཅེས་བྱ་བ་ནི་མེ་ལོང་ལྟ་བུ་དང༌། །མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྐུ་རྫོགས་པའི་ཕྱིར་སྤྲུལ་མཛད་ཅེས་བྱའོ། །བདག་གི་ཐུགས་ཀའི་འོད་ཟེར་ཞེས་བྱ་བ་ནས་དྲ་བར་གྱུར་ཅིག་ཅེས་བྱ་བ་ནི་རྒྱུའི་འཁོར་བསྟན་པ་སྟེ་གོང་དུ་བསྟན་པའོ། །ད་ནི་འབྲས་བུའི་འཁོར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་གཉིས་བྱུང་སྟེ། ནག་པོ་དྲག་པོ་ལ་སོགས་པའི་འཁོར་རྣམས་ཀྱི་སྙིང་གར་ཞུགས་ནས་འོད་ཟེར་གྱིས་བསྐུལ་ནས་གཙོ་བོ་རྗེས་སུ་དྲན་པར་གྱུར་ཏེ། འོད་ཀྱི་གོང་བུར་ཞུ་ནས་ནག་པོ་དྲག་པོ་ནི་གཙོ་བོའི་ཐུགས་ཀར་ཞུགས་སོ། །འཁོར་གཞན་རྣམས་ནི་ས་བོན་གྱི་རང་བཞིན་དུ་གྱུར་ཏེ་གནས་སོ། །གཉིས་མེད་གྱུར་ཞེས་བྱ་བ་ནི་ཧཱུཾ་དང་གཉིས་སུ་མེད་ཅེས་བྱ་བའི་དོན་ཏོ། །བདག་གི་ཐུགས་ཀ་ནས་ཞེས་བྱ་བ་ནི་ཐུགས་ཀའི་ཡི་གེ་ཧཱུཾ་ལས་སོ། །སྤྲོས་ཞེས་བྱ་བ་ནི་བར་མའི་སྐྱེ་བ་སྟེ། དེ་ཡང་ཞལ་གཅིག་ཕྱག་གཉིས་པ་འོང་ཀྱི་གོང་བུའི་ནང་ནས་སྐུ་མཐོ་གང་གི་ཚད་དུ་གྱུར་ཏེ། བདག་གི་ཞལ་ནས་བྱུང་ནས་མདུན་དུ་དབྱུང་བའོ། །དེ་ལ་གཙོ་བོས་བཀའ་བསྒོ་བ། །གསང་བ་གསུམ་ལས་བྱུང་བ་ཡི། །ཁྱོད་ནི་ནག་པོ་ཆེན་པོ་ཡིན། །རྡོ་རྗེ་གསུམ་གྱི་བདག་ཉིད་ཁྱོད། །དེ་ནི་འཇིགས་བྱེད་ཆེན་པོར་བཤད། །ཅེས་བྱ་བ་ནི་


DTG028_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཡང་གསང་བ་ནི་ཐུན་མོང་མ་ཡིན་པ་སྟེ་གཙོ་བོའི་རྒྱུད་ཀྱིས་བསྡུས་པའོ། །གསུམ་ནི་དེའི་བྱེ་བྲག་སྟེ་སྐུ་དང་གསུང་དང་ཐུགས་ཉིད་ལ་བྱའོ། །བྱུང་ཞེས་བྱ་བ་ནི་གཙོ་བོ་དང་ཐ་མི་དད་པར་བསྒྲུབས་ནས་ཧཱུཾ་ལས་བྱུང་བའོ། །ཁྱོད་ནི་ནག་པོ་ཆེན་པོ་ཡིན། །ཞེས་བྱ་བ་ནི་བར་མའི་སྐྱེ་བོར་བསྒྲུབས་པའོ། །རྡོ་རྗེ་གསུམ་གྱི་བདག་ཉིད་ཁྱོད། །ཅེས་བྱ་བ་ནི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེའི་བདག་ཉིད་དོ། །དེ་ནི་འཇིགས་བྱེད་ཆེན་པོར་བཤད། །ཅེས་བྱ་བ་ནི་རྒྱུའི་འཁོར་ལས་འབྲས་བུའི་འཁོར་དུ་བཞེངས་པའི་བར་མའི་བསམ་གཏན་ཏེ། དེ་ཡང་འཇིགས་བྱེད་ཅེས་བྱ་བ་ནི་གདུག་པ་འཇོམས་པའི་མཐུ་དང་ལྡན་པའོ། །ཆེན་པོ་ཞེས་བྱ་བ་ནི་གཙོ་བོའི་སྟོབས་དང་ཐ་མི་དད་པའོ། །ཁྱོད་ཀྱི་རྒྱུད་ནི་རབ་བཤད་བྱ། །ཞེས་བྱ་བ་ནི་འཁོར་གྱི་གླེང་གཞིའི་རྒྱུད་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གོང་དུ་བསྟན་ཟིན་ཏོ། །རྡོ་རྗེ་འཛིན་པའི་འོད་ཟེར་གྱིས། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ནི་གཙོ་བོའོ། །འོད་ཟེར་གྱིས་ཞེས་བྱ་བ་ནི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ནག་པོ་ཆེན་པོ་ལ་སོགས་པའི་འཁོར་རྣམས་ལ་ཕོག་པའོ། །བརྒྱལ་ནས་ཞེས་བྱ་བ་ནི་འཁོར་རྣམས་ཡིག་འབྲུ་གསུམ་གྱི་བདག་ཉིད་དུ་གྱུར་ཏོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །ཞེས་བྱ་བ་ནི་ཡི་གེ་གསུམ་ཡང་གོ་རིམས་བཞིན་དུ་ཞུགས་སོ། །སྟོང་པ་ཉིད་དུ་གྱུར་པའི་ཕྱིར་ཞུགས་ཞེས་བྱའོ། །དེའི་ཚེ་ཞེས་བྱ་བ་ནི་འཁོར་རྣམས་ཀྱི་འབྲས་བུ་ཉམས་སུ་མྱོང་བའོ། །བཅོམ་ལྡན་འདས་ནག་པོ་ཆེན་པོས་ཞེས་བྱ་བ་ནི་གཙོ་བོ་སྟེ་དེ་ཡང་འཁོར་རྣམས་སད་པར་བྱེད་པའི་ཕྱིར་ཏིང་ངེ་འཛིན་ལ་ཞུགས་པའོ། །ཏིང་ངེ་འཛིན་ནི་གྲི་གུག་ལྕགས་ཀྱུའི་ཚུལ་དུ་བཟུང་ནས་ཞེས་བྱ་བ་སྟེ། དེ་ཡང་གྲི་གུག་ནི་གཙོ་བོའི་ཐུགས་ཀ་ནས་གནས་པའི་གྲི་གུག་གོ །ལྕགས་ཀྱུ་ནི་ཉི་མ་དང་ཧཱུཾ་གི་རང་བཞིན་ནོ། །འཁོར་གྱི་ཐུགས་སད་པར་བྱེད་པའི་ཕྱིར་ལྕགས་ཀྱུ་ཞེས་བྱའོ། །ཚུལ་དུ་བཟུང་ནས་ཞེས་བྱ་བ་ནི་གཙོ་བོ་སྟེ་ཧཱུཾ་ལས་ཨོཾ་ལ་སོགས་པའི་སྔགས་ཀྱིས་བསྐོར་བའོ། །ལྕག་སྐྱུ་འོད་ཟེར་དང་བཅས་ཞེས་བྱ་བ་ནི་ཧཱུཾ་དང་སྔགས་ཀྱི་འོད་ཟེར་རོ། །བརྗོད་པར་བྱ་བ་ནི་ཞལ་ནས་སྤྲོས་པས་ཆོག་གོ །སད་པར་གྱུར་ནས་


DTG028_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ནི་འདིར་འཆད་དོ། །འོད་ཟེར་དེས་བསྒུལ་ནས་ཞེས་བྱ་བ་ནི་འཁོར་རྣམས་ཆོ་ག་གསུམ་གྱིས་སྐུ་བཞེངས་པའོ། །དེ་ནས་ནག་པོ་ཆེན་པོ་ཞེས་བྱ་བ་ནི་དམ་ཚིག་སེམས་དཔའི་སྐུའོ། །དགའ་བར་གྱུར་ཏེ་ཐལ་མོ་སྦྱར། །ཞེས་བྱ་བ་ནི་འབྲས་བུའི་འཁོར་དུ་གཏོགས་པ་དང་ངོ་མཚར་ཆེ་ཞེས་བྱ་བའི་དོན་ཏོ། །འཁོར་དེ་རྣམས་ཀྱི་གཙོ་བོ་རྗེས་སུ་ཡི་རང་བ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །བདག་ནི་ཞེས་བྱ་བ་ནི་བར་མའི་བསམ་གཏན་ལ་གནས་པའི་ཚེའོ། །གཙོ་བོ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་ཐུགས་ཀའི་འོད་ཟེར་གྱིས་སོ། །ཕག་ནས་ཞེས་བྱ་བ་ནི་ཡི་གེ་གསུམ་དུ་གྱུར་པའོ། །ཤིན་ཏུ་བདེ་བར་གྱུར་ཞེས་བྱ་བ་ནི་སྟོང་པ་ཉིད་དུ་གྱུར་པའོ། །གཙོ་བོ་བཅོམ་ལྡན་འདས་ནག་པོ་ཆེན་པོ་ཞེས་བྱ་བ་ནི་གཙོ་བོའི་འོད་ཟེར་གྱིས་བསྐུལ་ལོ། །བདག་ནི་བདེ་བ་ཆེན་པོར་གནས། །ཞེས་བྱ་བ་ནི་ཆོ་ག་གསུམ་གྱིས་སྐུ་རྫོགས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་དམ་ཚིག་ཆེན་པོའི་སྟོབས་ཀྱིས་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའི་དོན་ཏོ། །ཁྱོད་ནི་གསང་བ་གསུམ་གྱི་བདག །ཅེས་བྱ་བ་ནི་འཁོར་དེ་ལ་གསང་བ་གསུམ་གྱི་དམ་ཚིག་བསྒོ་བའོ། །དེ་ཡང་འདི་ལྟ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་བསྲུང་བར་བྱིན་གྱིས་བརླབས། །ཞེས་བྱ་བ་བྱིན་གྱིས་བརླབས་པ་ནི་གཙོ་བོའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པ་དང༌། །དེ་བཞིན་གཤེགས་པས་ལུང་བསྟན་པའི་ཕྱིར་ཁྱོད་ནི་དཔལ་ནག་པོ་ཆེན་པོ་ཞེས་བྱའོ། །བསྟན་པ་བསྲུང་བར་ཁས་བླངས་པ། །ཞེས་བྱ་བ་ནི། བསྟན་པ་ནི་དུས་གསུམ་གྱིའོ། །བསྲུང་བ་ནི་གདུག་པ་འདུལ་བ་དང་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་འཇོམས་པའོ། །འབྲས་བུའི་འཁོར་དུ་རྫོགས་པ་དང༌། གཙོ་བོའི་དམ་ཚིག་ལས་མི་འདའ་བའི་ཞེས་བྱ་བའི་དོན་ཏོ། །ཤཱཀྱ་སེང་གེའི་བསྟན་པ་ལ། །ཞེས་བྱ་བ་ནི་ཁྱད་པར་དུ་གདུལ་དཀའ་བ་འབྱུང་བའི་དུས་ཡིན་པའི་ཕྱིར། །དམ་ཚིག་ཆེན་པོ་གནས་པར་གྱིས། །ཞེས་བྱ་བ་ནི་འཁོར་ཐམས་ཅད་ཀྱང་འཁོར་གྱི་གཙོ་བོའི་དམ་ཚིག་ལས་མི་འདའོ་ཞེས་བྱ་བའི་དོན་ཏོ་ཞེས་བཀའ་སྩལ་བ་ཞེས་བྱ་བ་ནི་དམ་ཚིག་སྟོབས་ཀྱིས་ཏིང་ངེ་འཛིན་ལས་དམ་


DTG028_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚིག་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་པའི་ཕྱིར་བཀའ་སྩལ་ཞེས་བྱའོ། །དཔལ་ལྡན་ནག་པོ་ཞེས་བྱ་བ་ནས་འཇིགས་བྱེད་མ་ལ་སོགས་པའི་ཞེས་བྱ་བའི་བར་དུའོ། །དེ་རྣམས་ནི་འཁོར་གྱི་རྣམ་གྲངས་ཏེ་གོང་དུ་བསྟན་ཏོ། །དེ་རྣམས་ཀྱང་གཙོ་བོའི་དམ་ཚིག་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་པའི་སྟོབས་ཀྱིས་ཤིན་ཏུ་ཡང་གནད་ལ་བབ་པར་གྱུར་ཏེ། ཤིན་ཏུ་ཡང་འདར་བ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། དེ་ཡང་འདར་བ་དང་ཞེས་བྱ་བ་ནི་འཁོར་དེ་རྣམས་འབྲས་བུའི་འཁོར་གྱི་ཚད་དུ་མ་ཕྱིན་པ་དང༌། སྐུའི་སྟོབས་མ་རྫོགས་པས་ན་འདར་བ་ཞེས་བྱའོ། །གསུང་གི་སྟོབས་མ་རྫོགས་པས་ན་སྐྲག་པ་ཞེས་བྱའོ། །ཤིན་ཏུ་ཡང་མི་བཟད་པར་དྲན་པ་ཉམས་པར་འགྱུར་ཞེས་བྱ་བ་ནི་ཐུགས་ཀྱི་སྟོབས་མ་རྫོགས་པའོ། །དེ་ལྟ་བུའི་སྟོབས་མ་རྫོགས་པས་ནི་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་མི་ནུས་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནི་གཙོ་བོ་སྟེ། དེ་ཡང༌། སྐུ་གསུང་ཐུགས་ཀྱི་སྟོབས་རྫོགས་པ། །ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། དེའི་དོན་ནི་འཁོར་རྣམས་སྐུ་གསུང་ཐུགས་ཀྱི་སྟོབས་རྫོགས་པར་བྱ་བ་དང༌། ཁྱད་པར་གྱི་དམ་ཚིག་མི་སྤོང་བའི་ཕྱིར་གཙོ་བོའི་ཐུགས་ཀ་ན་གནས་པའི་ཧཱུཾ་ལ་སྟོབས་དང་དམ་ཚིག་གི་སྔགས་ཀྱིས་ཡོངས་སུ་བསྐོར་བ་སྟེ། དེ་ཡང་ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ལས་འོད་ཟེར་འཕྲོས་ཏེ། དེ་ཡང་ཞལ་ནས་སྤྲོས་པས་བརྗོད། །ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་འོད་ཟེར་དེ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཁྱབ་ཅེས་བྱ་བའི་དོན་ཏོ། །དྲན་པ་རྙེད་པར་གྱུར་ཞེས་བྱ་བ་ནི་འཁོར་དེ་རྣམས་ཀྱང་སྐུ་གསུང་ཐུགས་ཀྱི་སྟོབས་རྙེད་པར་གྱུར་པ་དང༌། གཙོ་བོའི་དམ་ཚིག་ལས་མི་འདའ། །ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ནག་པོ་ཆེན་པོའི་བསྙེན་པའི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཏིང་ངེ་འཛིན་དེའི་སྟོབས་དང་འཁོར་རྣམས་སྟོབས་དང་ལྡན་པར་གྱུར་པས་རང་གི་སྲོག་གི་སྙིང་པོ་ཕུལ་ཞེས་བྱའོ། །དེ་ཡང་རང་གི་ཞེས་བྱ་བ་ནི་བཀའ་སྡོད་ཀྱི་ནག་པོ་ཆེན་པོ་ལ་སོགས་པའི་འཁོར་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ནོ། །སྲོག་གི་ཞེས་བྱ་བ་ནི་སྲོག་དང་འདྲ་བའི་ཕྱིར་དང༌། སྲོག་ལྟ་བུ་


DTG028_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉེ་བར་སྒྲུབ་པ་ཡིན་པའི་ཕྱིར་རོ། །སྙིང་པོ་ཞེས་བྱ་བ་ནི་གདུག་པ་བཅོམ་ནས་ཡིད་སྐྱོབ་པའི་སྙིང་པོ་ལེན་པས་སྙིང་པོའོ། །ཕུལ་ཞེས་བྱ་བ་ནི་འཁོར་ཐམས་ཅད་ཀྱིས་གཙོ་བོ་ལའོ། །དེ་ཡང་ཨོཾ་གྱི་ཐོག་མ་དང་ཧཱུཾ་གྱི་མཐའ་ཅན་གྱི་སྔགས་ཕུལ་བའོ། །དེ་ཡང་འདི་ལྟ་སྟེ། འདི་ཡི་སྔགས་ཀྱི་རྒྱལ་པོ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །དགོས་པ་ཐམས་ཅད་སྒྲུབ་བྱེད་པའོ། །ཞེས་འབྱུང་བའོ། །དེ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །ཞེས་བྱ་བ་ནི་གཙོ་བོས་འཁོར་རྣམས་ལ་མཛེས་པའི་ཚིག་བརྗོད་པའོ། །འཁོར་གྱི་དབང་ཕྱུག་ཅེས་བྱ་བ་ནི་ཐུགས་རྡོ་རྗེ་ལས་སྤྲུལ་པའི་མཁའ་འགྲོ་མ་ལ་སོགས་པའི་འཁོར་ཐམས་ཅད་ལའོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་འཁོར་གྱིས་ལེགས་པར་བཟུང་ཞིང་ཞེས་བྱ་བའི་དོན་དང༌། བསྙེན་པ་དང་ཉེ་བའི་བསྙེན་པའི་བདག་ཉིད་དོ། །ནག་པོ་ཆེན་པོ་ཞེས་བྱ་བ་ནི་འཁོར་གྱིས་གཙོ་བོ་ལའོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་ཁྱོད་ཀྱིས་ལེགས་པར་བསྡུས་ལ་འཁོར་གྱི་ཚོགས་ལ་ལེགས་པར་ཤོད་ཅིག་ཅེས་བྱ་བའི་དོན་ཏོ། །ཡང་ན་ཐུན་མོང་གི་ལས་སྦྱོར་སྒྲུབ་པ་དང༌། ཁྱད་པར་གྱི་ལས་སྦྱོར་སྒྲུབ་པ་ཆེན་པོའོ། །ཁྱོད་ལ་ཞེས་བྱ་བ་ནི་སྡུད་པ་པོའོ། །ནག་པོ་ཆེན་པོའི་ཞེས་བྱ་བ་ནི་གླེང་གཞི་ཕུན་སུམ་ཚོགས་པའི་བདག་ཉིད་དོ། །རྒྱུད་ཅེས་བྱ་བ་ནི་ཕུན་སུམ་ཚོགས་པའི་ལས་བརྙེས་པའི་རྒྱུད་དོ། །དུར་ཁྲོད་ཆེན་པོ་ཞེས་བྱ་བ་ནི་འདིའི་རྒྱུད་དུ་དུར་ཁྲོད་ཆེན་པོར་བརྙེས་པས་ན་དུར་ཁྲོད་ཆེན་པོའོ། །བཤད་པར་བྱ་ཞེས་བྱ་བ་ནས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་རྒྱུད་ཀྱི་དོན་ལེགས་པར་སྒྲུབས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནས་འཁོར་གྱི་ཚོགས་ཀྱིས་གསོལ་བ་ཞེས་བྱ་བ་ནི་འཁོར་གྱི་གཙོ་བོས་རྡོ་རྗེ་འཛིན་པ་ལ་ཞུ་བ་བྱས་པའི་ཐ་ཚིག་གོ །བཅོམ་ལྡན་འདས་ཞེས་བྱ་བ་ནས་ཇི་ལྟར་ལགས་ཞེས་བྱ་བ་ནི་སྡུད་པ་པོས་གཙོ་བོ་ལ་རྒྱུད་འབྱུང་བའི་དགོས་པ་ཇི་ལྟར་ལགས་ཞེས་ཞུས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་གཙོ་བོ་འགྲོ་བ་སྐྱོབ་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རྒྱུད་འབྱུང་བའི་དགོས་པ་བསྡུས་པའོ། །སྲིད་པ་གསུམ་ཞེས་བྱ་བ་


DTG028_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པའོ། །དེ་ཡང་སྲིད་པ་གསུམ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པའོ། །ལོག་པའི་ཕྱོགས་འཛིན་པ་ཞེས་བྱ་བ་ནི་དུས་གསུམ་དུ་བསྟན་པའི་བགེགས་སུ་གྱུར་པའོ། །བདུད་ཅེས་བྱ་བ་ནི་སྤྱིའི་བདུད་བཞི་དང༌། བླ་མ་ལ་རྟག་པར་སྡང་བའོ། །མུ་སྟེགས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་འཇིག་པ་དང༌། ཐེག་པ་ཆེན་པོ་ལ་འཕྱ་བའི་ཕྱིར་རོ། །སྲིན་པོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་མི་འཇུག་ཅིང་བྱང་ཆུབ་སེམས་སྤོང་བའོ། །ལྷ་མ་ཡིན་ཞེས་བྱ་བ་ནི་རང་གི་ལྷག་པའི་ལྷ་དོར་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་འགྲོ་བ་དང༌། དམ་ཚིག་གསུམ་སྤོང་བའོ། །གནོད་སྦྱིན་ཞེས་བྱ་བ་ནི་དངོས་གྲུབ་གཉིས་ཀྱི་བར་དུ་གཅོད་པ་དང༌། སེམས་ཅན་ཐམས་ཅད་ལ་འཚེ་བར་བྱེད་པའོ། །ཡང་ན་སྲིད་གསུམ་ཞེས་བྱ་བ་ནི་མ་རིག་པ་ཉིད་དོ། །ལོག་པ་ཞེས་བྱ་བ་ནི་དེ་ལས་བྱུང་བའོ། །ཕྱོགས་ཞེས་པ་བ་ནི་གཟུང་བའོ། །འཛིན་པ་ཞེས་བྱ་བ་ནི་དེ་ལས་བྱུང་བའི་འཛིན་པ་ཉིད་དོ། །བདུད་ཅེས་བྱ་བ་ནི་གཏི་མུག་གོ །མུ་སྟེགས་ཞེས་བྱ་བ་ནི་ང་རྒྱལ་གྱི་བདག་ཉིད་དོ། །སྲིན་པོ་ནི་འདོད་ཆགས་ཀྱི་སྲིན་པོའོ། །ལྷ་མ་ཡིན་ནི་ཕྲག་དོག་གི་རང་བཞིན་ནོ། །གནོད་སྦྱིན་ནི་ཞེ་སྡང་གི་བདག་ཉིད་དོ། །ཚོགས་ཞེས་བྱ་བ་ནི་དེ་དག་བཅོམ་པའོ། །ཤཱཀྱ་སེང་གེའི་བསྟན་པ་ལ། །ཞེས་བྱ་བ་ནི་བསྟན་པའི་ཐ་མ་སྟེ། དེ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པ་ལ་བར་དུ་གཅོད་པས་ན་གཅོད་ཅིང་འཇིག་ཅེས་བྱ་བ་ལ་སོགས་པའོ། །དེ་དག་འཇོམས་པར་བྱེད་ཅེས་བྱ་བ་ནི་བསྙེན་པ་དང་ཉེ་བར་བསྙེན་པ་ཉིད་མྱུར་དུ་བསྒྲུབ་པའི་ལས་དང་སྦྱོར་ཀ་ཆེན་པོས་འཇོམས་པའི་ཕྱིར་ཆོ་ག་འདི་དག་བཤད་ཅེས་བྱ་བའོ། །རྒྱུད་ཀྱི་དང་པོ་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད་དེ་གླེང་གཞི་ཞེས་བྱ་བའོ། །དེ་ཡང་རྒྱུད་འབྱུང་བའི་ཕྱིར་གླིང་གཞི་ཞེས་བྱའོ། །གཉིས་པ་སྔགས་ཀྱི་སྦྱོར་བ་དང༌། །ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་ཏེ་བསྙེན་པའོ། །སྔགས་ཞེས་བྱ་བ་ནི་རྣལ་འབྱོར་གྱི་སྒོ་ནས་སྔགས་བཟླས་པ་ཉེ་བར་བསྙེན་པའོ། །སྦྱོར་ཀ་ཞེས་བྱ་བ་ནི་གསད་པ་དང་བསྐྲད་པ་ལ་སོགས་ཏེ་སྦྱོར་ཀ་ཆེན་པོའི་བདག་ཉིད་དོ། །གསུམ་པ་ལྷ་ཞེས་བྱ་བ་ནི་སྔགས་བསྐྱེད་པའི་རིམ་པ་དང་ལྡན་པའི་ཕྱིར་


DTG028_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རོ། །བཞི་པ་དཀྱིལ་འཁོར་ཞེས་བྱ་བ་ནི་ལྷའི་རྟེན་དང་ལྡན་པར་བྱ་བའི་དོན་ཏོ། །སྒྲུབ་པ་པོ་དཀྱིལ་འཁོར་དུ་སྨིན་པར་བྱས་པ་དང༌། རྟེན་ཚད་དང་ལྡན་པར་བྱ་བའི་ཕྱིར་རབ་གནས་ཞེས་བྱ་བའོ། །བར་བུ་ལ་སོགས་པའི་ཆོ་གར་བཤད་ཅེས་བྱ་བ་ནི་ཁྱད་པར་གྱི་ཆོ་ག་སྟེ་སྐབས་སུ་བསྟན་པར་བྱའོ། བཅུ་ཡི་བདག་ཉིད་ཅེས་བྱ་བ་ནས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་གོ་སླའོ། །ནག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ་ནི་ནག་པོ་ཆེན་པོའི་སྒྲུབ་པའི་རྒྱུད་དོ། །དུར་ཁྲོད་ཆེན་པོ་ཞེས་བྱ་བ་ནི་བཀའ་སྡོད་ལ་སོགས་པའི་དུར་ཁྲོད་ན་གནས་ཤིང་དུར་ཁྲོད་ཀྱི་བདག་པོ་ཡིན་པས་ན་དུར་ཁྲོད་ཆེན་པོ་ཞེས་བྱའོ། །གླེང་གཞིའི་ལེའུ་དང་པོ་ཞེས་བྱ་བ་ནི་གླེང་གཞི་ནི་གནོད་སྦྱིན་ནག་པོ་ལ་སོགས་པ་འཁོར་འབྲས་བུའི་འཁོར་དུ་ཡོངས་སུ་རྫོགས་པའི་གླེང་གཞིའོ། །ལེའུ་ནི་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད་རྒྱས་པར་བཤད་པའི་ལེའུ་ཡིན་པས་ན་ལེའུའོ། །དང་པོ་ནི་རྒྱུད་ཀྱི་དང་པོ་ཡིན་པའི་ཕྱིར་དང་པོའོ། །དཔལ་ནག་པོ་ཆེན་པོའི་རྒྱུད་ཀྱི་གླེང་གཞིའི་བཤད་པ་སྟེ་དང་པོའོ།། །།

གཉིས་པ། སྔགས་ཀྱི་ལེའུ་བཤད་པ།


DTG028_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གླེང་གཞི་ལས་ཡང་དག་པར་བྱུང་བའི་དོན་མཆོག་དང་ཐུན་མོང་སྒྲུབ་པར་བྱེད་པའི་ཐབས་འབྱུང་བས་ན་དེ་དག་ཅེས་བྱའོ། །དཔལ་ནག་པོ་ཞེས་བྱ་བ་ནི་སྡུད་པ་པོ་ལ་སོགས་པའི་འཁོར་རྣམས་ཀྱིས་སོ། །བཅོམ་ལྡན་འདས་ལ་གསོལ་བ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ལ་ཞུས་པའོ། །དང་པོ་རྒྱུད་དོན་སྒྲུབ་པ་ཞེས་བྱ་བ་ལ་དང་པོ་རྒྱུད་ཅེས་བྱ་བ་ནི་རྒྱུད་ནི་གཙོ་བོ་ནག་པོ་ཆེན་པོ་སྟེ། དེ་ཡང་སྐུ་གསུང་ཐུགས་ཀྱི་བདག་ཉིད་རྒྱུད་དོ། །དོན་ཞེས་བྱ་བ་ནི་སྔགས་ཏེ་ངེས་པར་ན་བརྩེ་བ་དང་སྙིང་པོ་དང་ནང་གི་སྙིང་པོས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྒྲུབ་པའི་ཕྱིར་བསྒྲུབ་ཅེས་བྱའོ། །ལས་ཀྱི་ཆོ་ག་སྣ་ཚོགས་དང༌། །ཞེས་བྱ་བ་ནི་ཐུན་མོང་གི་ལས་སྦྱོར་རྣམས་སོ། །དེས་སྒྲུབ་ཐབས་དང་ལྡན་པ་ནི། །ཞེས་བྱ་བ་ནི་རྒྱུད་ཀྱི་སྦྱོར་ཀ་ཆེན་པོ་རྣམས་སོ། །སྒྲུབ་པའི་ཆོ་ག་ཇི་ལྟར་ལགས། །ཞེས་བྱ་བ་ལ། །དེ་ཡང་སྲུབ་པ་ནི་བསྙེན་པ་དང༌། ཉེ་བའི་བསྙེན་པ་རྣམས་སོ། །ཆོ་ག་ནི་སྦྱོར་ཀ་དང་སྦྱོར་ཀ་ཆེན་པོའོ། །ཇི་ལྟར་ལགས་ཞེས་བྱ་བ་ནི་མདོར་བསྡུས་ཏེ་ཞུས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྟོན་པའོ། །འཇིགས་


DTG028_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་ཆེན་པོར་མཛད་ཅེས་བྱ་བ་ནི་འཇིགས་བྱེད་ཆེན་པོའི་འཁོར་ལོ་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའི་དོན་ཏོ། །དེ་ནས་གཙོ་བོས་ཏིང་ངེ་འཛིན་གྱི་དོན་བསྡུས་པ་བཀའ་སྩལ་བ་ཞེས་བྱའོ། །རྒྱུད་འདི་སྒྲུབ་པར་བྱེད་འདོད་པས། །ཞེས་བྱ་བ་ནི། རྒྱུད་ཀྱི་འཁོར་ལོའི་བདག་པོ་བསྒྲུབ། །ཅེས་བྱ་བའི་དོན་ཏོ། །སྔགས་ཞེས་བྱ་བའི་དོན་ནི་རྩ་བའི་སྔགས་ལ་སོགས་པའོ། །ཆོ་ག་ཞེས་བྱ་བ་ནས་ངེས་པར་བཤད་བྱ་བ་ནི་གཙོ་བོ་དང་འཁོར་གྱི་བསྐྱེད་པའི་རིམ་པ་དང་ལྡན་པའོ། །བསམ་གཏན་ཞེས་བྱ་བ་ནི་ལྷའི་ཐུགས་ཀའི་གྲི་གུག་དང་ཧཱུཾ་གི་བདག་ཉིད་དོ། །དོན་གྱི་མཆོག་བྱ་བ་དང་སྔགས། །ཞེས་བྱ་བ་ནི། ཐུགས་ཀའི་ཧཱུཾ་ལ་རྩ་བའི་སྔགས་ཀྱིས་བསྐོར། །ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་བསྒྲུབ་པར་འགྱུར་ཞེས་བྱ་བ་ནི་སྔགས་དེ་ཉིད་དངོས་གྲུབ་ཀྱི་རང་བཞིན་ཡིན་ལ། དེ་མྱུར་དུ་གྲུབ་པར་བྱེད་པས་ན་འགྲུབ་ཅེས་བྱའོ། །དཔལ་ལྡན་ནག་པོའི་རྒྱུད་ཀྱི་མཆོག་གི་ཞེས་བྱ་བ་ནི་མཆོག་གི་དོན་ཐམས་ཅད་སྔགས་ཀྱིས་འགྲུབ་པས་ན་མཆོག་ཅེས་བྱའོ། །དེ་ཡང་སྔགས་ཀྱི་རྒྱུད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །སྔགས་ཀྱི་རྩ་བ་འདི་དག་ཅེས་བྱ་བ་ལ་སྔགས་ཀྱི་ཐུགས་ཀའི་ཧཱུཾ་ངོ༌། །རྩ་བ་འདི་དག་ཅེས་བྱ་བ་ནི་ཧཱུཾ་ལས་ཡོངས་སུ་བསྐོར་བའོ། །བཤད་ཅེས་བྱ་བ་ནི་ཞལ་ནས་ཞལ་དུ་ཐུགས་ཀ་ནས་ཐུགས་ཀར་རྒྱུན་མི་འཆད་པར་རོ། །དེ་ཡང་ཨོཾ་ལ་སོགས་སོ། །འདི་ནི་རྩ་བའི་དོན་དང་ལྡན་ཞེས་བྱ་བ་ནི་སྐུ་གསུང་ཐུགས་སྒྲུབ་པའི་རྩ་བའི་སྔགས་ཡིན་པས་ན་རྩ་བའི་སྔགས་ཞེས་བྱ་བའོ། །ལས་ཞེས་བྱ་བ་ནས་བཤད་ཅེས་བྱ་བའི་བར་དུ་ནི་ལས་ཐམས་ཅད་འགྲུབ་པར་བཤད་པའི་ཕྱིར་རོ། །དེ་ཡང་ཨེ་དམ་ཞེས་བྱ་བ་ལ་སོགས་པའོ། །ཨེ་དམ་ནི་སྐབས་ཀྱི་སྟོབས་ཀྱིས་སྒྱུར་བྱེད་ཀྱི་ཚིག་ཏུ་ཤེས་པར་བྱའོ། །འདི་ནི་ཞེས་བྱ་བ་ནས་བཀའ་སྩལ་ཏོ་ཞེས་བྱ་བ་ནས་སྔགས་ཀྱི་ཁྱད་པར་དུ་སྡུད་པ་པོས་ཡོངས་སུ་ཞེས་བྱ་བའི་དོན་ཏོ། །དེ་ནས་དཔལ་ནག་པོ་ཞེས་བྱ་བ་ནི་འཁོར་གྱི་ཚོགས་དང་བཅས་པའོ། །གཟི་བརྗིད་དང་ལྡན་པར་གྱུར་ཞེས་བྱ་བ་ནི་འཁོར་རྣམས་ཀྱིས་སྔགས་ཀྱི་དོན་རྟོགས་ནས་དོན་མཐུ་དང་ལྡན་པའོ། །བཅོམ་ལྡན་འདས་ལ་གསོལ་པ་ཞེས་བྱ་བ་ནས་བཤད་དུ་གསོལ་ཞེས་བྱ་བ་ནི་བསྙེན་


DTG028_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་དོན་མདོར་བསྡུས་ཏེ་ཞུས་པའོ། །དེ་ནས་གཙོ་བོས་འཁོར་གྱི་ཚོགས་ལ་གཟིགས་ནས་ཞེས་པ་ནི་བསྙེན་པའི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའི་དོན་ཏོ། །འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་འདི་སྐད་བསྡུས་པའི་ཕྱིར་རོ། །དེ་ཡང་གང་ཞེ་ན། བསྒྲུབ་པར་འདོད་པས་ཞེས་པ་སྟེ། དེ་ཡང་ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་དབང་དུ་བསྐུར་བའི་དཔའ་བོས་བླ་མ་ལ་གནང་བ་ནོད་ཅིང་འདོད་པ་བསྒྲུབ་ཅེས་བྱའོ། །དེ་ལ་དངོས་གྲུབ་ཀྱི་རང་བཞིན་འདོད་པས་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་གནས་སུ་སོང་ལ། བདུད་རྩི་ལྔའི་མཎྜལ་བྱས་ཏེ་གནས་དེར་དཀྱིལ་འཁོར་རམ་ཐང་ཀ་ལ་སོགས་པའི་རྟེན་དང་ལྡན་པར་བྱས་ཏེ་བདུད་རྩི་ལྔས་ལུས་བྱུགས་ཞེས་བྱ་བ་ནི་སྤྱི་བོ་དང༌། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་བའི་གནས་སུ་བདུད་རྩིའི་ཐིག་ལེ་བྱས་ཏེ། ཐིག་ལེའི་གནས་སུ་ཉི་མ་ལ་དང་ཧཱ་དང་ཀཱ་དང་ལ་དང་ཡ་གནས་པར་བྱས་ཏེ། ཨོཾ་གྱི་ཐོག་མ་དང་ཀོཉཧཾ་གི་མཐའ་ཅན་གྱིས་བདག་སྐད་ཅིག་གིས་ལྷའི་ང་རྒྱལ་དུ་བྱས་ཏེ་དེ་ལས་ལྷའི་འཁོར་ལོ་རྫོགས་པར་བྱ་བ་ནི་ལྷའི་ལེའུར་ཤེས་པར་བྱས་ཏེ། དེ་ལྟར་རྫོགས་པའི་དཀྱིལ་འཁོར་ལ་ཁྱད་པར་གྱི་མཆོད་པས་མཆོད་པར་བྱ་བ་ནི། ཨུ་པ་པཀྵེའི་མེ་ཏོག་ཅེས་བྱ་བ་ལ་སོགས་པས་མཆོད་དོ། །བསམ་གཏན་ཞེས་བྱ་བ་ནི་ཡི་གེ་གསུམ་གྱིས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་བྱིན་གྱིས་བརླབ་བོ། །སྔགས་ཞེས་བྱ་བ་ནི་རྩ་བའི་སྔགས་ཏེ་སྒྱུར་བྱེད་ཀྱི་ཚིག་གི་ཁྱད་པར་གྱི་མཆོད་པ་སྟེ། བསྙེན་པར་བྱ་བ་ནི་གཙོ་བོ་དང་མཁའ་འགྲོ་མའི་སྔགས་བཟླས་པར་བྱ་སྟེ། དེ་ཡང་ནང་གི་སྲོག་གི་སྙིང་པོ་སྟེ་གཙོ་བོ་དང་བཀའ་སྡོད་ཞལ་ནས་ཐུགས་ཀར་འཁོར་བ་ཡིན་ལ། འཁོར་གཞན་རྣམས་ཀྱི་ནི་སོ་སོའི་ཐུགས་ཀ་ན་གནས་སོ། །དེ་ལྟར་བསྙེན་པ་བྱས་ན་བསྙེན་པར་འགྱུར་རོ་ཞེས་བྱའོ། །དེ་ཡང་སྐུ་གསུང་ཐུགས་ཀྱི་མཚན་མ་རྙེད་པའོ། །དེ་ནས་ལས་ལ་སྦྱར་བ་བྱ་སྟེ་མཚན་མ་ཐོབ་པས་ནི་མ་ཡིན་ནོ། །དུམ་བུ་དྲུག་པ་ཞེས་བྱ་བ་ནི་ཁྲག་གི་ནད་ཀྱིས་ཤི་བའམ། རབས་ཆད་དམ། དེ་ལྟ་བུའི་ཐོད་པ་ནག་པོའི་དུམ་བུ་བླང་བར་བྱ་སྟེ། དེ་ནས་ནི་མ་པ་ལ་སོགས་པའི་རྫས་རྣམས་ཐོད་


DTG028_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ནང་དུ་དུག་གི་མཎྜལ་གྱི་སྟེང་དུ་བཞག་ལ། བདག་ཀྱང་བསྒྲུབ་བྱའི་ཕྱོགས་སུ་མངོན་པར་ཕྱོགས་ཏེ། ལྷའི་འཁོར་ལོ་རྫོགས་པར་བྱ་སྟེ་རྫས་དེ་ལ་གང་ལ་དམིགས་པ་དེ་དགུག་གཞུག་གི་སྦྱོར་བ་དང་ལྡན་པར་བྱ་སྟེ། དེ་ནས་འུག་པའི་ཁྲག་གིས་ཐོད་པའི་ནང་དུ་མེའི་དཀྱིལ་འཁོར་ར་བས་ཡོངས་སུ་བསྐོར་བར་བྱའོ། །དེའི་དབུས་སུ་གོང་གི་རྫས་ཀྱིས་བསྒྲུབ་བྱའི་གཟུགས་འུག་པའི་སྒྲོའི་སྨྱུ་གུས་བྲིས་ཞེས་བྱའོ། །དེ་ཡང་སྤྱི་བོ་ལ་སོགས་པའི་གནས་ལྔར་མེའི་ས་བོན་དང་ལྡན་པར་བྱའོ། །དེ་ནས་ཤིང་གཅིག་གི་རྩ་བར་བསྒྲུབ་པར་བྱ་སྟེ་དེ་ཡང་དུར་ཁྲོད་ཀྱིས་ལས་དཀྱིལ་འཁོར་ཟུར་གསུམ་པར་བྱས་ཏེ། རའི་ཁྲག་གིས་མེའི་དཀྱིལ་འཁོར་གྱི་དབྱིབས་སུ་བྱ་སྟེ། དེར་མེའི་ས་བོན་གྱིས་མཚན་པའི་སྒྱེད་བུ་བཙུགས་ཏེ། དེའི་སྟེང་དུ་ཐོད་པ་གཞག་པར་བྱའོ། །དེ་ནས་བདག་དང་བཀའ་སྡོད་ཀྱི་ལྷའི་འཁོར་ལོ་རྫོགས་པར་བསྐྱེད་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་བྱ་སྟེ། ནང་གི་སྙིང་པོ་དང་མཁའ་འགྲོ་མའི་སྔགས་ཀྱིས་ཉེ་བར་བསྒྲུབ་པའི་བསྙེན་པ་བྱའོ། །དེ་ནས་བདག་དང་བཀའ་སྡོད་ཀྱི་ཐུགས་ཀའི་འོད་ཟེར་གྱིས་ཐོད་པ་རང་བཞིན་མེད་པར་བྱས་ལ། དེ་ཉིད་དུ་ཁཾ་ལས་སྣ་ཚོགས་རྡོ་རྗེའི་བྲག་བསམ་པར་བྱའོ། །དེའི་དབུས་སུ་རཾ་ལས་མེའི་དཀྱིལ་འཁོར་བསམ་པར་བྱ་སྟེ། དེར་པཾ་ལས་སྣ་ཚོགས་པདྨ་བསམ་པར་བྱའོ། །པུ་ལི་རིའི་ཟུར་གསུམ་དུ་ཡང་པདྨ་དང་ཉི་མ་བསམ་པར་བྱ་སྟེ། དེའི་སྟེང་དུ་བསྒྲུབ་བྱའི་སྙིང་གར་ལྷའི་འཁོར་ལོ་ཆོ་ག་གསུམ་གྱིས་བསྐྱེད་པར་བྱའོ། །གཙོ་བོ་ཁ་དོག་ནག་པོ་ཞལ་གཅིག་ཕྱག་གཉིས་པས་གྲི་གུག་དང་ཐོད་པ་ལག་ན་འཛིན་པའོ། །ཁྲག་འཐུང་མ་ལ་སོགས་པའི་ལྷ་མོ་གསུམ་པོ་ནི་སྐུ་མདོག་ནག་པོ་ཆེར་འཇིགས་མ། རལ་གྲི་དང་ཐོད་པ་ལག་ན་འཛིན་པ་དཔའ་མོའི་གཟུགས་ཅན་སྤྱན་གསུམ་པའོ། །དེ་ལྟར་རྫོགས་པར་བསྐྱེད་ལ་ཐུགས་ཀའི་འོད་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་དང་དབང་བསྐུར་བར་བྱའོ། །དེ་ནས་གཙོ་བོའི་ལྟོ་བར་མེའི་དཀྱིལ་འཁོར་དབུས་སུ་བསྒྲུབ་བྱའི་གཟུགས་མེའི་ས་བོན་གྱིས་གསལ་བར་དམིགས་ལ། དེ་ནས་བདག་དང་བཀའ་སྡོད་ཀྱི་


DTG028_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུགས་ཀ་ནས་ཕྱིའི་སྲོག་གི་སྙིང་པོས་གཙོ་བོ་དང་མཁའ་འགྲོ་མའི་ཐུགས་ཀར་ཁྱབ་པར་བྱས་ལ། དེ་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ལ་དམ་ཚིག་གི་སྔགས་ཀྱིས་ཁྱབ་པར་བྱའོ། །དེ་ནས་ནང་གི་སྙིང་པོ་དང་མཁའ་འགྲོ་མའི་སྔགས་ཀྱིས་སོ་སོའི་ཐུགས་ཀར་བསྙེན་པ་བསྐྱལ་ལོ། །དེ་ནས་དགུག་གཞུག་གི་སྦྱོར་བ་དང་ལྡན་པར་བྱ་སྟེ། དེ་ཡང་མཁའ་འགྲོ་མ་གསུམ་ལས་སྤྲུལ་པའི་མཁའ་འགྲོ་མ་ལྕགས་ཀྱུ་དང་ཞགས་པ་དང༌། ལྕགས་སྒྲོག་ཅན་གསུམ་གྱིས་བསྒྲུབ་བྱ་དེ་གཙོ་བོའི་ལྟོ་བར་མེའི་དཀྱིལ་འཁོར་གྱི་དབུས་སུ་མྱུར་བར་དགུག་གཞུག་བཅིང་བར་བྱའོ། །དེ་ནས་གསད་པར་བྱ་སྟེ་ཐོད་པའི་འོག་ཏུ་དུར་ཁྲོད་ཀྱི་མགལ་མེའི་མེ་སྦར་ལ། དུར་ཁྲོད་ཐལ་བ་དང༌། ཆུ་འགྲམ་གྱི་ས་དང༌། ཆོ་གར་བྱས་པའི་ཡུངས་ཀར་གྱིས་གསད་པའི་སྔགས་དང༌། མཁའ་འགྲོ་མའི་སྔགས་ཀྱིས་ཐོད་པའི་གཟུགས་ལ་བསྣུན་པར་བྱའོ། །དེའི་ཚེ་མཁའ་འགྲོ་མ་གསུམ་ལས་ཀྱང་སྤྲུལ་པའི་མཁའ་འགྲོ་མ་ཕྱུང་སྟེ་གཙོ་བོའི་ལྟོ་བ་ན་གནས་པའི་བསྒྲུབ་བྱ་དེའི་སྤྱི་བོ་དང་མགྲིན་པ་དང་སྙིང་གར་ཞུགས་ནས་ཀླད་པ་ཟ་པ་དང༌། དབུགས་འཕྲོག་པ་དང༌། ཁྲག་འཐུང་བའི་བདག་ཉིད་དུ་ཤེས་པར་བྱའོ། །དེ་ལྟར་ཞག་གསུམ་དུ་སྦྱོར་བ་དང་ལྡན་པར་བྱས་ལ། དེ་ནས་ཤིང་རྩར་མནན་པར་བྱའོ། །དེ་མ་ཐག་ཏུ་ཁྲག་ཏུ་སྐྱུགས། །ཞེས་བྱ་བ་ནི་སྦྱོར་ཀ་དེ་རྫོགས་མ་ཐག་ཏུ་བསྒྲུབ་བྱ་དེ། དེ་མ་ཐག་ཏུ་ཁྲག་ཏུ་སྐྱུགས། །ཞེས་བྱ་བའི་དོན་ཏོ། །དེ་ནས་ཀླུའི་དབང་མོ་ལ་སོགས་པ་བསྒྲུབ་པར་བྱ་སྟེ། གང་ཞིག་མ་ཧེའི་རྭའམ་ཕྱག་ཚང་ཀུ་ལ་ཞེས་བྱ་བ་ནི་མནན་པའི་རྫས་མདོར་བསྟན་པའོ། །ལུས་གུར་གུམ་གྱིས་བྱུག་ཅེས་བྱ་བ་ནི་དང་པོར་བདག་ཉིད་བསྲུང་བར་བྱ་སྟེ། ཐོད་པ་རབ་གནས་བྱས་པའི་ནང་དུ་གུར་གུམ་དང་བདུད་རྩི་རྣམ་པ་ལྔ་བླུགས་ལ། བདུད་རྩི་རྣམ་པ་ལྔའི་མཎྜལ་གྱི་སྟེང་དུ་བཞག་སྟེ། བདག་དང་བཀའ་སྡོད་ཀྱི་ལྷའི་འཁོར་ལོ་རྫོགས་པར་བྱས་ལ། ཐུགས་ཀའི་འོད་ཟེར་གྱིས་ཐོད་པ་དང་གུར་གུམ་རང་བཞིན་མེད་པར་བྱས་ཏེ། དེར་ཆོ་ག་ལྔས་ནག་པོ་ཆེན་པོ་རྫོགས་པར་བསྐྱེད་ལ། དེའི་ཐུགས་ཀར་ཟླ་བ་དང་ཉི་མ་ཁ་སྦྱོར་བར་


DTG028_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་གུར་གུམ་དང་བདུད་རྩིའི་རང་བཞིན་ཉི་མའི་ཧཱུཾ་ལས་བསྲུང་བའི་སྔགས་ཀྱིས་བསྐོར་བར་གནས་སོ། །དེ་ལ་ཡེ་ཤེས་ཀྱི་ལྷ་བསྟིམ་པ་དང༌། དབང་བསྐུར་བ་བྱ་སྟེ་དེ་ལ་ཕྱིའི་སྙིང་པོ་བརྗོད་ལ་མཆོད་པ་དང་གཏོར་མ་བྱ་སྟེ། དེ་ནས་ནང་གི་སྙིང་པོ་བསྲུང་བའི་སྔགས་དང་བཅས་པ་ནག་པོ་ཆེན་པོའི་ཐུགས་ཀར་བསྟིམ་པར་བྱའོ། །དེ་ལྟར་བཟླས་པ་སྟོང་ཕྲག་གཅིག་ཚར་བའི་མཐར་འོད་དུ་ཞུ་ནས་གུར་གུམ་གྱི་རང་བཞིན་གྱི་རྫས་སུ་གྱུར་བར་བྱའོ། །དཔྲལ་བར་ཐིག་ལེ་ཞེས་བྱ་བ་ནི་དཔྲལ་བ་ལ་སོགས་པ་གནས་ལྡར་ཐིག་ལེ་བྱའོ། །དེ་ཡང་ཐིག་ལེའི་གནས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་བསམ་པར་བྱ་སྟེ། ཐམས་ཅད་ཅེས་བྱ་བ་ནི་བསྲུང་བའི་སྔགས་ཀྱིས་ཧཱུཾ་ཡོངས་སུ་བསྐོར་ཏེ། དེའི་འོད་ཟེར་གྱིས་ལུས་ཐམས་ཅད་ཁྱབ་པའི་ཕྱིར་རོ། །བསྲུང་བར་འགྱུར་ཞེས་བྱ་བ་ནི་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་དུ་རྡོ་རྗེ་རྩེ་གསུམ་པ་དང་ཧཱུཾ་གི་བདག་ཉིད་དུ་གནས་ཏེ་ཀླུའི་གདུག་པ་བསལ་བའི་ཆོ་གར་གྱུར་པའི་ཕྱིར་རོ། །དེ་ནས་བདུད་རྩི་ལ་མཎྜལ་བྱས་ལ་བདག་ནུབ་ཕྱོགས་སུ་མངོན་དུ་ཕྱོགས་ལ་ར་དཀར་མོ་ཞེས་བྱ་བ་ལ་སོགས་པའོ། །རྫས་ཀྱི་དུར་ཁྲོད་ཀྱི་རས་ལ་ཞེས་བྱ་བ་ནི་ཀླུའི་ནད་ཀྱིས་ཤི་བའི་ཞིང་རས་ལས་བྱའོ། །འུག་པའི་སྨྱུ་གུ་ཞེས་བྱ་བ་ནས་ཧཱུཾ་ཕྱི་ནང་ཕྱོགས་སུ་ཞེས་བྱ་བའི་བར་གྱི་དོན་ནི་གོ་སླའོ། །དེ་ཡང་བྲི་བ་ནི་ཉི་མ་ཕྱེད་ནའོ། །བྱི་ལ་ནག་མོའི་པགས་པ་ཞེས་བྱ་བ་ནས་དུར་ཁྲོད་ཀྱི་སྣག་ཚ་ཞེས་བྱ་བ་ནི་ཆོ་གར་བྱ་སྟེ། ནམ་ཕྱེད་ན་བདག་ཁ་ཤར་ཕྱོགས་སམ་བསྒྲུབ་བྱའི་ཕྱོགས་སུ་བལྟས་ཏེ་དུག་སྣ་ཚོགས་པ་ལས་མཎྜལ་བྱས་ལ། དེའི་སྟེང་དུ་གོང་གི་རྫས་ཚོགས་པར་བྱས་ཏེ། བདག་དང་བཀའ་སྡོད་ཀྱི་འཁོར་ལོ་རྫོགས་པར་བྱས་ལ། རྫས་དེ་དག་ལ་བསྒྲུབ་བྱ་དགུག་གཞུག་གི་སྦྱོར་བ་དང་ལྡན་པར་བྱས་ལ་བྱ་རོག་གི་སྨྱུ་གུས་བྲི་ཞེས་བྱ་བ་ནི། ནམ་ཕྱེད་ན་བསྒྲུབ་བྱའི་གཟུགས་སོར་བརྒྱད་པ་བྲིའོ། །དཔྲལ་བར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཛ་ཞེས་བྱ་བ་ནི་ལྟེ་བ་ལ་སོགས་པའི་གནས་ལྔར་ཛ་བྲིའོ། །ཀླུ་རིགས་བཞི་ཞེས་བྱ་བ་ནི་བསྒྲུབ་བྱའི་ལག་གཡས་པ་ལ་རྒྱལ་རིགས་དཀར་པོ། གཡོན་པ་ན་བྲམ་


DTG028_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟེའི་རིགས་སེར་པོ། རྐང་པ་གཡས་པ་ལ་རྗེའུ་རིགས་དམར་པོ། གཡོན་པ་ལ་དམངས་རིགས་ལྗང་གུའོ། །སྙིང་གར་ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་བྲིས་ཏེ་དུག་གི་མཎྜལ་གྱི་སྟེང་དུ་བཞག་ལ་བདག་དང་བཀའ་སྡོད་ཀྱི་ལྷའི་འཁོར་ལོ་རྫོགས་པར་བྱས་ལ་ཐུན་དྲུག་ཏུ་དགུག་གཞུག་གི་སྦྱོར་བ་དང་ལྡན་པར་བྱ་སྟེ། དེ་ནས་བསྒྲུབ་བྱའི་ཕྱོགས་སུ་མངོན་པར་ཕྱོགས་ལ་ཟངས་མ་ལ་སོགས་པའི་དབྱིག་དུག་གིས་ཀླུའི་གཟུགས་དང་བསྒྲུབ་བྱའི་བར་དུ་བཅུག་ལ་གཅིག་ཏུ་བྱའོ། །མདུན་དུ་གཞག་ཅེས་བྱ་བ་ནི་དུག་གི་མཎྜལ་གྱི་སྟེང་དུ་གཞག །དེ་ནས་བདག་དང་བཀའ་སྡོད་ཀྱི་འཁོར་ལོ་རྫོགས་པར་བྱ་སྟེ། ཐུགས་ཀའི་འོད་ཟེར་གྱིས་བསྒྲུབ་བྱ་དང་ཀླུ་རང་བཞིན་མེད་པར་བྱས་ལ། དེ་ནས་ཁཾ་ལས་རྡོ་རྗེའི་བྲག་བསམ་པར་བྱའོ། །དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་གྱི་སྦྲུལ་གྱི་ཆུན་འཕྱང་གིས་བརྒྱན་པ་བསམ་པར་བྱ་སྟེ། དེའི་ནང་དུ་པདྨ་དང་ཉི་མའི་སྟེན་དུ་ཀླུའི་དབང་པོ་ལ་སོགས་པ་མཁའ་འགྲོ་མ་གསུམ་དང་ནག་པོ་ཆེན་པོ་ཆོ་ག་གསུམ་གྱིས་བསྐྱེད་པར་བྱའོ། །མཁའ་འགྲོ་མ་དེ་དག་ཀྱང་སྐུ་མདོག་དམར་མོ་ཆེར་འཇིགས་མ་ཞལ་གཅིག་ཕྱག་གཉིས་མ་སྦྲུལ་གྱི་ཞགས་པ་དང་ཐོད་པ་ལག་ན་འཛིན་པ། ཡན་ལག་ཐམས་ཅད་གདུག་པ་སྤྲུལ་གྱིས་བརྒྱན་པ་དང༌། ནག་པོ་ཆེན་པོའི་མདུན་དུ་བསྒྲུབ་བྱའི་སྙིང་གར་ཕུཿ་ནག་པོ་བསམ་སྟེ། དེ་ཡོངས་སུ་གྱུར་པ་ལས་ཀླུ་ནག་པོ་གདེངས་ཀ་གསུམ་པ་བསྐྱེད་ལ། ཀླུའི་ལག་པ་གཡས་པ་ན་སྦྲུལ་གྱི་ཞགས་པ། གཡོན་པ་ན་དབྱིག་དུག་གི་རྐྱལ་བ་འཛིན་པ་དེའི་ལྟོ་བར་བསྒྲུབ་བྱ་མགོ་མཇུག་བཟློག་ནས་གནས་པར་བསམས་ལ། བསྒྲུབ་བྱ་དེའི་སྙིང་དང་ཡན་ལག་དང་སྙིང་གར་ཕུཿལས་གོང་དུ་བསྟན་པའི་ཀླུའི་རིགས་ཀྱི་བྱེ་བྲག་རྫོགས་པར་བསྐྱེད་ལ། ཀླུ་དེ་དག་གི་ཡན་ལག་ལ་འཁྱུད་ཅིང་དབང་པོའི་སྒོར་འཇུག་པར་བསམ་མོ། དེ་ནས་ཐུགས་ཀྱི་འོད་ཟེར་གྱིས་དེ་ལྟ་བུའི་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་དང་དབང་བསྐུར་བར་བྱའོ། །དེ་ནས་བདག་དང་བཀའ་སྡོད་ཀྱི་ཐུགས་ཀར་ཕྱིའི་སྲོག་གི་སྙིང་པོས་ཀུན་ལ་ཁྱབ་པར་བྱས་ཏེ་མཆོད་པ་དང་གཏོར་མ་ཡང་བྱའོ། །དམ་ཚིག་གི་སྔགས་ཀྱང་བརྗོད་


DTG028_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱས་ལ། ནང་གི་སྙིང་པོ་མཁའ་འགྲོ་མ་ཀླུའི་སྔགས་དང་བཅས་པ་སོ་སོའི་སྔགས་ཀྱི་བསྒྲུབ་པའི་བསྙེན་པ་བསྐྱལ་བར་བྱའོ། །དེ་ནས་བདག་དང་བཀའ་སྡོད་ཀྱིས་བསྐུལ་ནས་གཙོ་བོ་དང་འཁོར་གྱི་མཁའ་འགྲོ་མ་རྣམས་ཀྱིས་སྤྲུལ་གྱི་ཞགས་པས་བསྒྲུབ་བྱ་བཀུག་ནས་ཀླུའི་ལྟོ་བ་ན་གནས་པའི་གཟུགས་ལ་བསྟིམ་པར་བྱའོ། །དེ་ནས་གསད་པར་བྱ་སྟེ་ནི་ལ་སུ་རའི་ཕུར་བུ་ལ་སྔགས་ཏེ་གདབ་པར་བྱ་ཞེས་བྱ་བ་ལ་ཕུར་བུ་དང་ཆོ་གར་བྱས་པའི་ཡུངས་ཀར་དང་དབྱིག་དུག་གིས་བསྒྲུབ་བྱའི་དབང་པོ་རྣམས་ཀྱི་སྒོར་དམིགས་ལ་གདབ་པར་བྱའོ། །དེ་ལྟར་ཞག་བདུན་དུ་ཆོ་གར་བྱའོ། །དེ་ནས་གོང་དུ་སྨོས་པའི་རྫས་གང་ཡང་རུང་བ་བཅུག་ལ་ཀླུ་གནས་པའི་སར་བཞག་ཅེས་པ་ནི་ཀླུ་ནག་པོ་གནས་པའི་སར་བསྒྲུབ་པར་བྱ་བའི་ཕྱིར་དང༌། གཞན་ཡང་དེ་ཉིད་དུ་གནས་པར་བྱའོ། །ཨརྫ་ཀ་ཡི་དོག་པ་ལྟར། །ཞེས་བྱ་བ་ནི་བསྒྲུབ་བྱ་དེ་རྣམ་པར་འཇིག་པར་བྱ་བའི་ཕྱིར་ལས་མ་གྲུབ་ན་ཀླུ་དེ་ཉིད་འཇིག་པར་འགྱུར་རོ། །ཀླུ་དང་མཁའ་འགྲོ་མའི་སྔགས་ནི་ཨོཾ་གྱི་ཐོག་མ་དང་ཧཱུཾ་ཕཌ་ཀྱི་མཐའ་ཅན་དུ་ཤེས་པར་བྱའོ། །ཐམས་ཅད་བསྲུང་བར་བྱ་བ་ནི་ཨོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཌ་ཕཌ་སྭཱ་ཧཱའི་མཐའ་ཅན་དུ་ཤེས་པར་བྱའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནས་གསོལ་ཞེས་བྱ་བ་ནི་འཁོར་གྱི་གཙོ་བོ་ལ་སོགས་པའི་འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཐུན་མོང་གི་སྦྱོར་ཀ་ཞུས་པའོ། །གང་ཞིག་ཕྱི་རོལ་པ་ཞེས་བྱ་བ་ལ་སོགས་པ་ནི་གདུལ་བར་བྱ་བ་དང་ལས་སྦྱོར་ཀའི་དགོས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་གཙོ་བོ་ལྟ་སྟངས་དྲུག་གི་ཏིང་ངེ་འཛིན་གྱིས་འཁོར་ལོ་ལ་ཞུགས་ཞེས་བྱ་བའི་དོན་ཏོ། །ཉོན་ཅིག་ཅེས་བྱ་བ་ནི་ལྟ་སྟངས་དྲུག་བསྡུས་ཞེས་བྱ་བའི་དོན་ཏོ། །སྟོབས་ཞེས་བྱ་བ་ནི་བསྒྲུབ་བྱ་སྐྱོབ་པའི་ལྟའོ། །མྱུར་དུ་དབྱེ་བའི་ཆོ་ག་བཤད། །ཅེས་བྱ་བ་ནི་སྦྱོར་ཀ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པས་ན་མྱུར་དུ་ཞེས་བྱའོ། །དབྱེ་བ་དང་ལྡན་པས་སྦྱོར་བ་ཐམས་ཅད་མྱུར་དུ་གྲུབ་པའི་ཕྱིར་རོ། །དབྱེ་བ་དང་བསྐྲད་ཅེས་བྱ་བ་ལ་སོགས་པ་ནི་མདོར་བསྡུས་ཏེ་བཤད་པའོ། །དང་པོར་དབྱེ་བའི་ཆོ་ག་བཤད་པར་བྱ་བ་ནི་


DTG028_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབྱེ་བའི་ཆོ་ག་ལ་འཇུག་པར་བྱ་བའི་ཕྱིར་རོ། །བསྒྲུབ་བྱའི་རྐང་པ་གཡོན་པའི་ས། །ཞེས་བྱ་བ་ལ་སོགས་པའི་རྫས་ལ་ཆོ་གར་བྱ་སྟེ། དེ་ཡང་བསྒྲུབ་བྱའི་ཕྱོགས་སུ་མངོན་པར་ཕྱོགས་ཏེ། དུག་གི་མཎྜལ་གྱི་སྟེང་དུ་ཐོད་པའི་ནང་དུ་རྫས་རྣམས་བཞག་ལ་བདག་དང་བཀའ་སྡོད་ཀྱི་ལྷའི་འཁོར་ལོ་རྫོགས་པར་བྱ་སྟེ། བདག་གི་ཐུགས་ཀར་མེའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཁྲོ་མོ་ལ་སོགས་པ་མཁའ་འགྲོ་མ་གསུམ་བསམ་པར་བྱའོ། །དེ་ཡང་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པ། ཁྲོ་གཉེར་གྱི་གཟུགས་ཅན་མ། ཕྱག་གཡས་པ་ན་ལྕགས་ཀྱུ། གཡོན་པ་ན་དགྲ་སྟ་འཛིན་པའི་ལྷ་མོ་དེའི་ཐུགས་ཀ་ནས་དེ་ལྟ་བུའི་མ་མོ་གསུམ་སྤྲོས་ཏེ་བསྒྲུབ་བྱའི་ལུས་ཏིལ་མར་གྱིས་བྱུགས་པ་ལྟ་བུའི་སྙིང་གར་ཞུགས་ལ། དེའི་སྲོག་སྐྱོབ་པའི་ལྷ་ཁ་དོག་དང་དབྱིབས་བསྒྲུབ་བྱ་ལྟ་བུར་གནས་པའི་ཡི་གེ་གསུམ་དང་ལྡན་པའི་ཕྱིར་ཕྱུང་ནས་བདག་གི་ཐུགས་ཀར་ཐིམ་པར་བྱའོ། །དེ་ནས་སྲོག་སྐྱོབ་པའི་ལྷ་དང་བྲལ་བའི་བསྒྲུབ་བྱ་དེ་ཡང༌། ཡང་ནས་ཡང་དུ་དགུག་ཅིང་ལིངྒའི་རྒྱུ་ལ་བསྟིམ་པར་བྱའོ། །དེ་ལྟར་ཐུན་དྲུག་ཏུ་རྫོགས་པ་དང་སོར་བརྒྱད་པ་ཞེས་བྱ་བའོ། །དེ་ལ་མིའི་ལྟག་རྩེ་བསྐོར་བསྐོན། །ཞེས་བྱ་བ་ལ་སོགས་པ་ཤིང་ལོ་ལ་བྲིས་པའི་སྔགས་ལྟག་རྩེ་བསྐོར་ལ་བྲིས་ལ་བསྐོན་པར་བྱའོ། །དེ་ཉིད་ཀྱི་འདོད་པའི་ལྷ་ཞེས་པ་ནི་གཟུགས་ཀྱི་རྒྱུ་ཚོགས་པར་བྱ་བ་ལ་གོང་དུ་བསྟན་པའི་མཁའ་འགྲོ་མ་གསུམ་གྱིས་འདོད་པའི་ལྷའི་གཟུགས་ཀྱི་རྒྱུད་ལ་ཡི་གེ་གསུམ་དང་བཅས་པ་དགུག་གཞུག་བྱའོ། །དེ་ནས་གཟུགས་ཚད་དང་ལྡན་པར་བྱས་ཏེ་དེའི་སྙིང་གའི་སྙིང་པོའམ་མིང་གི་ཡི་གེ་གཞུག་ཅེས་བྱ་བ་ནི་ཡི་གེ་ཉི་ཤུ་རྩ་གཅིག་པའི་སྔགས་དང་སྙིང་པོའམ་མིང་སྤེལ་བར་བྱ་སྟེ་སྙིང་གར་གཞུག་པར་བྱའོ། །བར་དུ་ཞེས་བྱ་བ་ནི་རྒྱབ་སྤྲོད་དུ་བྱས་པའི་བར་དུའོ། །དེ་ཡང་ཨོཾ་གྱི་དང་པོ་དང་སྭཱ་ཧཱ་མཐའ་ཅན་གྱི་དབུས་བསྒྲུབ་བྱའི་མིང་དང་ལྷའི་སྙིང་པོ་དང༌། དེ་བའི་དེ་ཤ་ཡ་དང་ལྡན་པར་བར་སྣང་གི་ཤིང་ལོ་ལ་བྲིས་ཏེ་གཞུག་པར་བྱའོ། །དེ་ཡང་ཡུགས་ས་མོའི་རང་བྱུང་དང་སྤང་ཏི་ཀླད་


DTG028_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་བྲི་བར་བྱའོ། །དེ་ནས་སྣ་ཚོགས་པའི་དུག་ལ་མཎྜལ་བྱ་སྟེ་དེར་ཆོ་གར་བྱ་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེའི་འོག་ཏུ་བསྲེག་པར་བྱ་སྟེ་ཞེས་བྱ་བ་ནི་དེ་ཡང་ཆོ་གར་བྱ་སྟེ། བཀྲ་མི་ཤིས་པའི་ཐོད་པར་རྫས་རྣམས་ཚོགས་པར་བྱས་ལ་དེ་ནས་ནག་པོ་ཆེན་པོའི་སྦྱོར་བ་ལ་གནས་ཏེ། བདག་དང་བཀའ་སྡོད་ཀྱི་ཐུགས་ཀའི་འོད་ཟེར་གྱིས་རྫས་རང་བཞིན་མེད་པར་བྱས་ལ། དེ་ནས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་བསྐྱེད་ལ་དེ་ལ་དབྱེ་བའི་སྔགས་ཀྱིས་བསྐོར་བར་བྱའོ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས་དུར་ཁྲོད་ཀྱི་ནག་པོ་ཆེན་པོ་སྤྱན་པྲངས་ལ་ནམ་མཁའ་ལ་བཞུགས་སུ་གསོལ་ལ། དེ་ལ་ཕྱི་ཡི་བཟླས་པ་དང༌། །མཆོད་པ་བྱས་དང་གཏོར་མ་དང༌། །ནང་གི་བཟླས་པ་རྫོགས་བྱས་ཏེ། །ཧཱུཾ་དང་སྔགས་ལ་བསྟིམ་པར་བྱའོ། །དེ་ནས་བདག་དང་བཀའ་སྡོད་ཀྱི་ཐུགས་ཀ་ནས་ནང་གི་སྙིང་པོ་དང་དབྱེ་བའི་སྔགས་མདུན་གྱི་ཧཱུཾ་དང་སྔགས་ལ་སྟོང་ཕྲག་གཅིག་བསྟིམ་པར་བྱའོ། །དེ་ནས་འོད་དུ་ཞུ་བ་དང་རྫས་སུ་གྱུར་པའོ། །རྫས་ནུས་པ་དང་ལྡན་པའི་ཕྱིར་ཆོ་ག་ཞེས་བྱའོ། །དེ་ནས་སྐེ་ཚེ་དང་ཞེས་བྱ་བ་ལ་སོགས་པ་ནི་རྡེག་པའི་རྫས་ཏེ་གོ་སླའོ། །བསམ་གཏན་དང་ལྡན་པར་བྱ་ཞེས་བྱ་བ་ནི་བདག་ནག་པོ་ཆེན་པོ་ལྷའི་འཁོར་ལོ་དང་ལྡན་པར་བྱས་ལ་མདུན་དུ་འཁོར་གྱི་དཀྱིལ་འཁོར་བསྐྱེད་པར་བྱ་སྟེ། དེ་ཡང་རྡོ་རྗེའི་བྲག་གི་སྟེང་དུ་མེའི་དཀྱིལ་འཁོར་གྱི་དབུས་སུ་པདྨ་ཉི་མའི་སྟེང་དུ་ནག་པོ་ཆེན་པོ་དང་རྡོ་རྗེ་ཁྲོ་མོ་ལ་སོགས་པའི་འཁོར་ཆོ་ག་གསུམ་གྱིས་བསྐྱེད་པར་བྱ་སྟེ། སྐུ་མདོག་དང་ཕྱག་མཚན་ནི་གོང་དུ་བསྟན་པ་བཞིན་ནོ། །དེ་ལ་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་དང་དབང་བསྐུར་བ་ལ་སོགས་པ་བྱ་སྟེ། དེ་ནས་ཕྱིའི་སྙིང་པོས་ཁྱབ་པར་བྱས་ལ་མཆོད་པ་དང་གཏོར་མ་ཡང་བྱའོ། །དེ་ནས་དམ་ཚིག་གི་སྔགས་ཀྱིས་རྗེས་སུ་དྲན་པར་བྱ་སྟེ་དེ་ལ་ནང་གི་སྙིང་པོ་དང་དབྱེ་བའི་སྔགས་ཀྱིས་སྟོང་ཕྲག་གཅིག་བསྙེན་པ་བྱའོ། །དེ་ནས་དགུག་གཞུག་གི་སྦྱོར་བ་དང་ལྡན་པར་བྱ་སྟེ་ཐུགས་ཀའི་རྡོ་རྗེའི་ཁྲོ་མོ་ལ་སོགས་པ་རྣམས་ཀྱིས་འདོད་པའི་ལྷ་གོང་མ་དང་འདྲ་བར་བཀུག་ལ་བསྟིམ་པར་བྱའོ། །དེ་ནས་


DTG028_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མདུན་གྱི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྤྲུལ་པའི་མཁའ་འགྲོ་མ་སྤྲོས་ཏེ། ཁོག་སྟོང་དུ་གནས་པའི་བསྒྲུབ་བྱ་བཀུག་ནས་བསྒྲུབ་བྱའི་གཟུགས་ལ་བསྟིམ་མོ། །དེ་ལྟར་དགུག་གཞུག་སྟོང་ཕྲག་གཅིག་ཏུ་བྱས་ཏེ། དེ་ནས་ནག་པོ་ཆེན་པོ་ལ་སོགས་པའི་མཁའ་འགྲོ་མའི་ཐུགས་ཀ་ནས་སྤྲུལ་པའི་གཟུགས་རྟ་དང༌། མ་ཧེ་དང༌། བྱ་རོག་དང༌། འུག་པ་དང༌། སྤྲུལ་དང་ནེའུ་ལ་སོགས་པའི་མི་མཐུན་པའི་གཟུགས་སྤྲོས་ཏེ་བསྒྲུབ་བྱ་དང་སྲོག་སྐྱོབ་པའི་ལྷའི་སྙིང་གར་ཞུགས་པས། བསྒྲུབ་བྱ་དང་སྲོག་སྐྱོབ་པའི་ལྷ་ཡང་དེ་ལྟ་བུའི་གཟུགས་མང་དུ་གྱུར་ཏེ་ཡུན་རིང་དུ་ཤིན་ཏུ་འཐབ་བར་བསམ་མོ། །སྔགས་བཟླས་པ་ཞེས་བྱ་བ་ནི་ནང་གི་སྙིང་པོ་དང་དབྱེ་བའི་སྔགས་བཟླས་པར་བྱའོ། །དེ་ཡང་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མི་མཐུན་པའི་སེམས་ཅན་གྱི་གཟུགས་སུ་སྤྲོས་ཏེ་བསྒྲུབ་བྱ་ལ་ཞུགས་ཤིང་ཤིན་ཏུ་འཐབ་པར་བསམ་མོ། །བྱེ་མས་བརྡེག་ཅེས་བྱ་བ་ནི་གོང་དུ་ཆོ་ག་བྱས་པའི་རྫས་ཀྱིས་བདུག་པར་བྱ་བ་དང༌། སྐེ་ཚེ་ལ་སོགས་པའི་རྫས་ཀྱིས་བརྡེག་པར་བྱའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནས་སྭཱ་ཧཱའི་མཐའ་ཅན་གྱི་བར་དུ་དབྱེ་བའི་ཁྱད་པར་ཤེས་པར་བྱའོ། །འདོད་པའི་ལྷ་ནི་མནན་པར་བྱ། །ཞེས་བྱ་བ་ནི་མཆོད་རྟེན་རབ་གནས་བྱས་པའི་འོག་ཏུ་མནན་པར་བྱའོ། །དེ་ཡང་སྟོབས་དང་ལྡན་པའི་ལྷ་ཡིན་ན་མནན་པའི་ཆོ་ག་དང་ལྡན་པར་བྱའོ། །བསྒྲུབ་བྱ་ནི་སྦྱིན་སྲེག་ཏུ་བྱ་ཞེས་པ་ནི་སྐྱོབ་པ་དང་བྲལ་བའི་བསྒྲུབ་བྱ་གསད་པར་བྱ་བའི་ཕྱིར་སྦྱིན་སྲེག་ཏུ་བྱ་བའོ། །དབྱེ་བའི་སྟོབས་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ནས་གཞན་ཞེས་བྱ་བ་ནི་བསྐྲད་པར་བྱ་བའི་ལས་ལ་འཇུག་པའོ། །དེ་ཡང་ཐོད་པ་དུམ་བུ་གསུམ་པ་ཞེས་བྱ་བ་ནི་འཁོར་ལོའི་གཞིའོ། །དེ་ཉིད་བསྒྲུབ་བྱར་བྱ་བའི་ཕྱིར་རོ།། རྫས་ནི་རྟ་ནག་པོའི་ཁྲག་ཅེས་བྱ་བ་ལ་སོགས་པའོ། །དེ་ཡང་བསྒྲུབ་པར་བྱ་བ་ནི་ཟླ་བ་གཟས་ཟིན་པའི་དུས་ཏེ། བསམ་གཏན་དང་ལྡན་པས་ན་སྣག་ཚ་ཞེས་བྱ་བ་ནི་བདག་རྣལ་འབྱོར་དང་ལྡན་པར་བྱས་ལ་མདུན་དུ་འཁོར་ལོའི་རྫས་ཚོགས་པར་བྱས་ཏེ་ཐུགས་ཀའི་


DTG028_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འོད་ཟེར་གྱིས་མི་དམིགས་པར་བྱས་ཏེ། དེ་ནས་རྡོ་རྗེའི་བྲག་གི་སྟེང་དུ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་དེའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་ནག་པོ་ཆེན་པོ་དང་སྒེག་མོ་ལ་སོགས་མཁའ་འགྲོ་མ་རྣམས་བསྐྱེད་ལ་མཁའ་འགྲོ་མ་དེ་དག་ཀྱང་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ་སྟེ་གཡས་པ་ན་རླུང་གི་རས། གཡོན་པ་ན་ཐོད་པ་ཁྲག་གིས་བཀང་བ་འཛིན་པ། སྤྱན་གསུམ་པ་ཤིན་ཏུ་འཇིགས་པའི་གཟུགས་ཀྱིས་གནས་སོ། །དེ་ལྟར་བསྐྱེད་པ་དང་རང་བཞིན་གྱི་དཀྱིལ་འཁོར་དགུག་པ་དང་དབང་བསྐུར་བར་བྱ་སྟེ། དེ་ནས་ཕྱིའི་སྙིང་པོ་ལ་སོགས་པའི་ཡན་ལག་གི་ཆོ་ག་ཡང་རྫོགས་པར་བྱས་ལ། གཙོ་བོ་དེའི་ཐུགས་ཀར་ཡཾ་ལས་རླུང་གི་དཀྱིལ་འཁོར་བསམ་པར་བྱ་སྟེ་དེའི་དབུས་སུ་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་འཁོར་ལོའི་རྫས་གསལ་བར་དམིགས་ལ། བདག་དང་མཁའ་འགྲོ་མའི་ཐུགས་ཀ་ནས་ནང་གི་སྙིང་པོ་དང་བསྐྲད་པའི་སྔགས་དང་བཅས་པ་སྤྲོས་ཏེ། ཇི་སྙེད་ཟླ་བ་གཟས་མ་བཏང་གི་བར་དུ་འཁོར་ལོ་རྫོགས་པ་བསྟིམ་པར་བྱའོ། །དེ་ནས་གཙོ་བོ་དང་མཁའ་འགྲོ་མ་རྣམས་འོད་དུ་ཞུ་ནས་རྫས་ལ་ཐིམ་པར་བསམ་མོ། །དེ་ལྟར་སྔ་ཚ་ཆོ་ག་དང་ལྡན་པར་བྱས་ན་ཐམས་ཅད་དུ་ཐོགས་པ་མེད་པར་འགྲུབ་པར་འགྱུར་རོ། །དེ་ནས་གཙོ་བོའི་རྣལ་འབྱོར་དང་ལྡན་པས་འཁོར་ལོ་བྲི་བ་བརྩམ་པར་བྱ་སྟེ། དེ་ཡང་བྱིས་པ་ལོ་བཅུ་གཉིས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེའི་ཆོ་ག་ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་དང་ལྡན་པར་བྱ་སྟེ་སྣ་ཚོགས་པའི་དུག་གིས་མཎྜལ་བྱས་ལ། དེའི་སྟེང་དུ་དུར་ཁྲོད་ཀྱི་སོལ་བས་རླུང་གི་དཀྱིལ་འཁོར་ཡཾ་གིས་མཚན་པར་བྱ་སྟེ། དེ་ནས་ལུས་བདུད་རྩིས་བྱུགས་པ་ལ་སོགས་པ་བྱས་ལ་འཁོར་ལོ་མཎྜལ་གྱི་སྟེང་དུ་བཞག་ཅེས་བྱ་བ་ནི་དུང་ཁྲོད་ཀྱི་རས་ལ་བསྒྲུབ་བྱའི་གཟུགས་ཡི་གེ་ཡཾ་གི་དབུས་སུ་ཆུད་པར་བྱས་ལ། བསྒྲུབ་བྱའི་གནས་ལྔར་མིང་དང་རུས་ཀྱི་ཡི་གེ་ཨུཙྪ་ཊ་ཡ་དང་ལྡན་པར་ཧཱུཾ་གཉིས་ཀྱི་བར་དུ་ཆུད་པར་བྱའོ། །གཟུགས་དེའི་སྟེང་དུ་འཁོར་ལོ་ཁ་སྦུབ་ཏུ་བཞག་ཅེས་བྱ་བའི་དོན་ཏོ། །སྲེ་མོང་གི་ཐོད་པ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་རྫས་ཀྱི་དུར་ཁྲོད་ཀྱི་རས་ལ་


DTG028_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྐྲད་པའི་འཁོར་ལོ་བྲིས་ཏེ་ཐོད་པའི་ནང་དུ་གཞུག་པར་བྱའོ། །རྗེ་ངར་གྱི་ཕུར་པ་ཞེས་བྱ་བ་ནི་རབ་གནས་སུ་བྱས་པའི་ཕུར་བུའོ། །དེ་བཞིན་དུ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ལྷའི་འཁོར་ལོ་དེ་བཞིན་དུ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དཔལ་ནག་པོ་ཆེན་པོའི་སྦྱོར་བས་ཞེས་བྱ་བ་ནི་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པར་བྱས་ཏེ། དེ་ནས་མདུན་གྱི་དཀྱིལ་འཁོར་ལ་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་མེད་པར་བྱས་ལ། ཁཾ་ལས་བྱུང་བའི་རྡོ་རྗེའི་བྲག་གི་སྟེང་དུ་ཡཾ་ལས་གཡོ་བའི་རང་བཞིན་རླུང་གི་དཀྱིལ་འཁོར་བསམ་པར་བྱའོ། །དེའི་སྟེང་དུ་གོང་དུ་བསྟན་པའི་ལྷའི་འཁོར་ལོ་རྫོགས་པར་བྱས་ལ། རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་ལ་སོགས་པ་བྱ་སྟེ། དེ་ནས་ནང་གི་སྙིང་པོ་དང༌། བསྐྲད་པའི་སྔགས་ཀྱིས་སོ་སོའི་ཐུགས་ཀར་བསྙེན་པ་བསྐྱལ་ལོ། །དེ་ནས་དཀྱིལ་འཁོར་གྱི་གཙོ་བོའི་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་སྒེག་མོ་ལ་སོགས་པའི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་ཀ་ནས་རླུང་གི་རྔ་མོ་ཁ་དོག་སྔོན་མོ་རྒྱབ་ན་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བསྒྲུབ་བྱ་དགུག་གཞུག་བྱའོ། །བསྒྲུབ་བྱ་དེའི་སྙིང་གར་བསྐྲད་པའི་འཁོར་ལོ་རླུང་གི་དཀྱིལ་འཁོར་གྱི་དབུས་ན་གནས་པར་བསམ་མོ། །དེ་ནས་གཙོ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་ཐུགས་ཀ་ནས་སྤྲུལ་པའི་མཁའ་འགྲོ་མ་ཕུར་བུ་དང་ཐོ་བ་འཛིན་པ་སྤྲུལ་ཏེ་རྔ་མོའི་རྒྱབ་ཏུ་གནས་ནས་བསྒྲུབ་བྱ་ཁ་ལྷོ་ཕྱོགས་སུ་བསྟན་ཏེ། དེ་ནས་ཕུར་བུས་གདབ་ཅིང་ཐོ་བས་བརྡུང་བར་བྱའོ་ཞེས་བྱ་བ་ནི་མཁའ་འགྲོ་མ་དེ་དག་གིས་བསྒྲུབ་བྱ་དེ་དག་དང་རྔ་མོ་ལ་ཕུར་བུས་བཏབ་ཅིང་ཐོ་བས་བརྡུང་བ་བསམ་པར་བྱའོ། །དུས་གསུམ་ཞེས་བྱ་བ་ནི་དུས་གསུམ་དུ་ལྷའི་འཁོར་ལོ་དང་ལྡན་པར་བྱ་སྟེ་ཆོ་གར་བྱ་བའི་དོན་ཏོ། །དེ་ནས་བདག་དང་འཁོར་གཙོ་བོ་ལ་སོགས་པའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་རྔ་མོའི་ཞབས་ཀྱི་རླུང་གི་དཀྱིལ་འཁོར་ལ་ཕོག་པས་རླུང་བསྐྱོད་པས་མཁའ་འགྲོ་མ་རྣམས་ཀྱིས་རྔ་མོ་དང་བསྒྲུབ་བྱ་རྣམས་ལྷོ་ཕྱོགས་སུ་ཁྱེར་ནས་སོང་སྟེ་ཤིན་ཏུ་རིང་བར་སོང་བར་བསམ་མོ། །རྨང་དུ་སྦ་ཞེས་བྱ་བ་ནི་ཆོ་ག་བྱས་པའི་འཁོར་ལོ་དེ་བསྒྲུབ་བྱའི་མགོ་ལྷོ་ཕྱོགས་སུ་བསྟན་ཏེ་འཁོར་ལོ་དེས་གནན་པར་བྱའོ། །བསྐྲང་པར་འགྱུར་


DTG028_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ནི་ཐེ་ཚོམ་སྤངས་པའི་ཕྱིར་རོ། །དེ་ནས་རྨོངས་པའི་སྦྱོར་བ་ལ་འཇུག་པར་བྱ་སྟེ། དེ་ཙུ་ཚུནད་ར་ཞེས་བྱའོ། །དུར་ཁྲོད་ཀྱི་སྣག་ཚ་ཞེས་བྱ་བ་ནི་དུར་ཁྲོད་དུ་ཆོ་གར་བྱས་པའི་སྣག་ཚའོ། །འཁོར་ལོ་བྲི་ཞེས་བྱ་བ་ནི་ཙུ་ཚུནད་རའི་པགས་པ་ལ་འཁོར་ལོ་མེའི་དབྱིབས་སུ་བྲི་བར་བྱ་སྟེ། དེ་ཡང་དབུས་སུ་ལིང་ཚེ་གསུམ་པར་བྱས་ཏེ་ལིང་ཚེ་གསུམ་ཀར་འཁོར་ལོའི་སྔགས་བྲི་བར་བྱའོ། །དབུས་སུ་བསྒྲུབ་བྱའི་མིང་དང་རུས་ཀྱི་ཡི་གེ་ཧཱུཾ་གི་བར་ལྡན་པར་བྱའོ། །བསྒྲུབ་བྱའི་དྲི་མའི་ས་ཞེས་བྱ་བ་ནི་བསྒྲུབ་བྱའི་རྣམ་པར་སྣང་མཛད་དང་མི་བསྐྱོད་པའི་ས་བསླངས་ལ་རིའི་ཤོ་མའི་ཁུ་བས་སྤྲུས་ཞེས་བྱ་བ་ནི་སྣ་ཚོགས་པའི་དུག་གིས་སྤྲུ་བའོ། །བསྒྲུབ་བྱ་ཞེས་བྱ་བ་ནི་སྔོན་དུ་ལིངྒའི་རྒྱུ་ལ་དགུག་གཞུག་གི་སྦྱོར་བ་དང་ལྡན་པར་བྱའོ། །གཟུགས་ཞེས་བྱ་བ་ནི་སོར་དྲུག་གི་ཚད་དུ་བྱའོ། །མིང་གི་ཡི་གེ་ཞེས་བྱ་བ་ནི་དུར་ཁྲོད་རས་ལ་གོང་དུ་བསྟན་པའི་འཁོར་ལོ་སྔགས་དང་ལྡན་པར་བྲིས་ལ། འཁོར་ལོ་དེས་རྨོངས་པར་བྱེད་པས་ན་སྙིང་གར་གཞུག་ཅེས་བྱའོ། །དེ་ནས་རང་གི་མདུན་དུ་མེའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ་སྲོག་སྐྱོབ་པ་དང་མྱུར་དུ་དབྱེ་བར་བྱའོ། །དེ་ནས་དགུག་པའི་སྦྱོར་བ་རྫོགས་པར་བྱས་ལ་འཁོར་ལོའི་ནང་དུ་གཞུག་ཅེས་བྱའོ། །སྤྲེའུའི་རྒྱུས་པས་ཞེས་བྱ་བ་ནི་སྲེ་མོང་གི་རྒྱུས་པ་དང་གཉིས་ཀྱིས་སོ། །རང་གི་མདུན་དུ་ཞེས་བྱ་བ་ནི་དང་པོར་བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བྱས་ལ་མདུན་དུ་སྣ་ཚོགས་པའི་དུག་ལ་མཎྜལ་བྱའོ། །ཁམ་ཕོར་ཞེས་བྱ་བ་ནི་འཆད་པའི་ས་དང་བདུད་རྩིས་ལས་བྱས་པའོ། །དེ་ཡང་རཱི་བདུད་རྩིས་ཕྱི་རོལ་བྱུག་ཅིང་བྱ་བ་ནི་སྦལ་བའི་ཁྲག་གིས་ནང་བྱུག་པར་བྱའོ། །ཁམ་ཕོར་དབུས་སུ་མེའི་ས་བོན་རཾ་དང་ལྡན་པར་བྱ་སྟེ། དེ་ཡི་སྟེང་དུ་འཁོར་ལོ་བཞག །ཅེས་བྱའོ། །དེ་ནས་བདག་གི་ཐུགས་ཀའི་འོད་ཟེར་གྱིས་འཁོར་ལོ་ལ་སོགས་པ་མི་དམིགས་པར་བྱས་ཏེ། དེར་ཁཾ་ལས་བྱུང་བའི་རྡོ་རྗེའི་བྲག་བསམ་པར་བྱ་སྟེ། དེའི་སྟེང་དུ་མེའི་དཀྱིལ་འཁོར་འབར་བ་བསམས་ལ། དེའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་རོའི་སྙིང་གནས་ཧཱུཾ་ལས་བྱུང་བའི་ནག་པོ་ཆེན་པོ་དང༌། ལྟོ་འཕྱངས་མ་ལ་སོགས་པའི་


DTG028_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁའ་འགྲོ་མ་གསུམ་བསྐྱེད་ལ། དེ་དག་ཀྱང་སྐུ་མདོག་ནག་པོ་ཆེར་འཇིགས་མ་ཞལ་གཅིག་མ་ལ་ཕྱག་གཉིས་མ་སྤྱན་གསུམ་པ། རྩེ་གསུམ་དང་ཐོད་རློན་འཛིན་པ་མེ་འབར་བའི་དབུས་ན་བཞུགས་པར་བསྐྱེད་དོ། །དེ་ནས་རང་བཞིན་གྱི་དཀྱིལ་འཁོར་ལ་བསྟིམ་པ་དང་དབང་བསྐུར་བར་བྱ་སྟེ། དེ་ནས་ཕྱིའི་སྙིང་པོས་སོ་སོའི་ཐུགས་ཀར་ཁྱབ་པར་བྱས་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་ཡང་བྱ་སྟེ། དམ་ཚིག་རྗེས་སུ་དྲན་པ་དང༌། ནང་གི་སྙིང་པོ་དང་འཁོར་ལོའི་སྔགས་ཀྱིས་སོ་སོའི་ཐུགས་ཀར་བསྙེན་པར་བྱའོ། །དེ་ནས་འཁོར་གྱི་གཙོ་བོའི་མདུན་དུ་མེའི་དཀྱིལ་འཁོར་བསམ་པར་བྱ་སྟེ། དེའི་དབུས་སུ་བསྒྲུབ་བྱ་དེ་ཁ་དོག་ཉམས་ཤིང་བཞིན་ཉམས་པར་དམིགས་ལ། དེ་ནས་འཁོར་ལོའི་ཐུགས་ཀ་ནས་སྤྲུལ་པའི་གཟུགས་མང་དུ་སྤྲོས་ཏེ། བདག་གི་ཐུགས་ཀའི་འོད་ཟེར་གྱིས་བསྒྲུབ་བྱ་ཡང་དང་ཡང་དུ་སྟོང་ཕྲག་གཅིག་ཏུ་དགུག་པར་བྱའོ། །དེ་ནས་ཐལ་ཆེན་དང་ཉུངས་ཀར་གྱེས་གསད་པའི་ལས་བྱ་སྟེ། དེ་ཡང་འཁོར་ལོ་གཙོ་བོ་ལ་སོགས་པ་མཁའ་འགྲོ་མ་རྣམས་ཀྱི་ཐུགས་ཀ་ནས་སྤྲུལ་པ་གཟུགས་གྲི་གུག་དང་ཐོད་པ་འཛིན་པ་མང་དུ་སྤྲོས་ཏེ། དེ་དག་གིས་འཁོར་ལོའི་སྔགས་བརྗོད་ཅིང་གྲི་གུག་གིས་གཏུབས་ཤིང་ཟ་བར་བྱེད་དོ། །དེ་དག་གི་ཐུགས་ཀ་ནས་ཀྱང་ཁྲ་དང་བྱ་རོག་དང་དོམ་དང་དྲེད་ལ་སོགས་སྤྲུལ་པའི་གཟུགས་ཅན་མང་དུ་སྤྲོས་ཏེ། བསྒྲུབ་བྱའི་ཤ་ཟ་བ་དང་ཁྲག་འཐུང་བ་དང་རྒྱུ་མ་འདྲེན་པ་ལ་སོགས་པ་ཕུང་པོ་ཟད་པར་བྱེད་པའོ། །སྔགས་བཟླས་ཞེས་བྱ་བ་ནི་ཨོཾ་ལ་སོགས་པ་སྟེ་འཇིགས་པའི་གཟུགས་དང་ལྡན་པའོ། །དེ་ཡང་སུ་པྲ་ཏིའི་མཐར་མགོ་དང་པ་རི་རེའུ་ཏྲི་དང་ལྡན་པར་བྱའོ། །དེ་ཡང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་མཐའ་རུ་ཤེས་པར་བྱ་སྟེ། དེ་བཞིན་དུ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ཆོ་ག་བཞིན་ནོ། །ཉལ་སའམ་ཕ་མྱེས་ཀྱི་དུར་སར་གནན་པར་བྱ་སྟེ། དེ་ཡང་སྤྲུལ་པའི་གཟུགས་རྣམས་ནི་འཁོར་ལོ་ལ་བསྟིམ་པར་བྱ་སྟེ་གནན་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་དགུག་པའི་ལས་ལ་འཇུག་པར་བྱ་སྟེ་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །ཨུཏྤལའི་མེ་ཏོག་ཅེས་བྱ་བ་ནི་མེ་ཏོག་གི་ནང་དུའོ། །ཙནྡན་


DTG028_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམར་པོ་ཞེས་བྱ་བ་ནི་རང་འབྱུང་གི་མེ་ཏོག་གོ །ཨ་པ་ར་ཙི་ཏི་ནི་རང་གི་བྱང་ཆུབ་སེམས་སོ། །སྣག་ཚ་ཞེས་བྱ་བ་ནི་ཚེས་བཅོ་ལྔའོ། །ནུབ་མོ་མེ་ཏོག་ནང་དུ་སྦྱར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ནག་པོ་ཆེན་པོའི་སྦྱོར་བ་ལ་གནས་པས་སྟོང་ཕྲག་གཅིག་ཏུ་བཟླས་པ་བྱའོ། །མེ་ཏོག་དམར་པོ་ཞེས་བྱ་བ་ནི་གོ་སླའོ། །བསམ་གཏན་དང་ལྡན་པར་བྱ་ཞེས་བྱ་བ་ནི་བདག་ནུབ་ཕྱོགས་སུ་མངོན་པར་ཕྱོགས་ལ། མདུན་དུ་བདུད་རྩི་ལྔའི་མཎྜལ་ཟླ་བ་ཕྱེད་པ་ལྟ་བུར་བྱས་ལ་དེར་གོང་གི་སྔགས་བྲི་རྫས་ཀྱིས་བསྒྲུབ་བྱའི་གཟུགས་སོར་བརྒྱད་པའི་ཚད་དུ་བྱས་ཏེ་གནས་ལྔ་དང་ཡན་ལག་བཞིར་ཛཱ་རིང་པོ་བྲི་བར་བྱའོ། །དེ་ནས་གཟུགས་ཀྱི་སྙིང་གར་མེ་ཏོག་སྔགས་དང་ལྡན་པ་བཞག་ལ། དེ་ནས་བདག་རྣལ་འབྱོར་དང་ལྡན་པར་བྱ་སྟེ་ཐུགས་ཀྱི་འོད་ཟེར་གྱིས་མཎྜལ་ལ་སོགས་པ་རང་བཞིན་མེད་པར་བྱས་ལ། དེར་རྡོ་རྗེའི་བྲག་ཏུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་བསྒྲུབ་བྱ་ཁ་དོག་དམར་པོར་གྱུར་པ་བཀོད་པའི་ཡི་གེ་གསལ་བར་དམིགས་ཏེ། བསྒྲུབ་བྱའི་སྙིང་གའི་དབུས་སུ་ཨེའི་རྣམ་པ་ལྟ་བུའི་ཆོས་འབྱུང་བསམ་པར་བྱའོ། །དེའི་དབུས་སུ་ཧཱུཾ་ལས་སྐྱེས་པའི་གཙོ་བོ་དང་འོད་དཔག་མེད་ལ་སོགས་པ་བསྐྱེད་པར་བྱའོ། །མཁའ་འགྲོ་མ་དེ་དག་ཀྱང་ཞལ་གཅིག་མ་ལ་ཕྱག་གཉིས་མ། སྐུ་མདོག་དམར་སེར་མ་སྤྱན་གསུམ་པའི་བདག་ཉིད་ཅན་ནོ། །ཕྱག་གཡས་པ་ན་ལྕགས་ཀྱུ་དང་མེ་ཏོག་གི་ཕྲེང་བ་འཛིན་པ། གཡོན་པ་ན་བདུད་རྩིས་བཀང་བའི་ཐོད་པ་འཛིན་པའོ། །དེ་ལྟ་བུའི་འཁོར་ལོ་ལ་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པར་བྱའོ། །དེ་ནས་དབང་བསྐུར་བ་དང༌། ཕྱིའི་སྙིང་པོ་དང༌། མཆོད་པ་དང༌། གཏོར་མ་དང༌། དམ་ཚིག་གི་ཆོ་ག་བྱས་ཏེ་དེ་ནས་བདག་གི་ཐུགས་ཀ་ནས་ནང་གི་སྙིང་པོ་དང་འགུགས་པའི་སྔགས་དང་བཅས་པའི་འོད་ཟེར་དམར་སེར་དང་ལྡན་པ་སྤྲོས་ཏེ། གཙོ་བོ་དང་འོད་དཔག་མེད་ལ་སོགས་པའི་སྙིང་གར་ཐིམ་པའི་ཕྱིར་མངོན་པར་བསྔགས་ཞེས་བྱའོ། །དེ་ལྟར་བཟླས་པ་སྟོང་ཕྲག་གཅིག་ཏུ་བྱས་ཏེ། དེའི་མཐའ་འཁོར་ལོ་དང་བསྒྲུབ་བྱ་ཡང་མེ་ཏོག་གི་རང་བཞིན་དུ་གྱུར་པར་བྱའོ། །དེའི་ཚེ་བསྒྲུབ་བྱ་དེའི་སེམས་ཤིན་ཏུ་


DTG028_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཡེང་བར་གྱུར་ནས་མྱུར་དུ་འོང་བའོ། །སྐྱེས་བའམ་ཞེས་བྱ་བ་ལ་སོགས་པ་ནི་སླའོ། །དེ་ནས་ཞེས་བྱ་བ་ནི་དབང་དུ་བྱ་བའི་ལས་ལ་འཇུག་པར་བྱ་སྟེ། གཞན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མེ་ཏོག་དམར་པོ་ཞེས་བྱ་བ་ནི་པདྨའི་རྩ་བའོ། །རྒྱལ་པོའམ་ཞེས་བྱ་བ་ནི་དབང་དུ་བྱ་བའི་གཟུགས་སམ། གྲོང་ཁྱེར་ཐོད་པ་ལ་བྲིས་པ་ན་བལྟས་ཞེས་བྱའོ། །བསམ་གཏན་དང་ལྡན་པ་ཞེས་བྱ་བ་ནི་དང་པོར་བདག་ཉིད་རྣལ་འབྱོར་རྫོགས་པར་བྱས་ལ། ཐུགས་ཀ་ནས་ཐུགས་ཀར་འོག་ནས་འབྱུང་བའི་འཁོར་ལོ་གསལ་བར་དམིགས་ཏེ་བསྒྲུབ་བྱའི་སྙིང་གར་འཁོར་ལོ་བྲི་བར་བརྩམ་པར་བྱའོ། །འཁོར་ལོ་ལ་སོགས་པ་ནི་གོ་སླའོ། །ཧྲཱིཿ་ཞེས་བྱ་བ་ནི་ཧྲཱིཿའི་བར་དུ་བསྒྲུབ་བྱའི་མིང་གི་ཡི་གེ་དང་ལྡན་པར་བྱའོ། །བསམ་གཏན་གྱིས་ནི་མངོན་པར་བསྔགས། །ཞེས་བྱ་བ་ནི་བདག་ནག་པོ་ཆེན་པོའི་རྣལ་འབྱོར་ལྷའི་འཁོར་ལོ་རྫོགས་པར་བྱ་སྟེ། བདག་གི་མདུན་དུ་དགུག་པ་དང་མཐུན་པའི་དཀྱིལ་འཁོར་བྱ་སྟེ། དཀྱིལ་འཁོར་གྱི་སྟེང་དུ་སྨད་འཚོང་མའི་རང་འབྱུང་གི་མེ་ཏོག་གིས་ཆོས་འབྱུང་གི་གཟུགས་བྱས་ལ། དེར་འཁོར་ལོ་དང་མེ་ཏོག་བཞག་ལ། དེ་ནས་བདག་གི་ཐུགས་ཀའི་འོད་ཟེར་གྱིས་དེ་དག་རང་བཞིན་མེད་པར་བྱ་སྟེ། ཟླ་བ་ཕྱེད་པ་ལྟ་བུའི་རྡོ་རྗེའི་བྲག་ལཾ་ལས་བྱུང་བའི་སྟེང་དུ་ཆོས་ཀྱི་འབྱུང་གནས་ཁ་དོག་དམར་པོ་ཨེ་ལས་བྱུང་བའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་ལྷའི་འཁོར་ལོ་རྫོགས་པར་བསྐྱེད་ལ། དེ་ཡང་རྡོ་རྗེ་འོད་འབར་མ་ལ་སོགས་པའི་མཁའ་འགྲོ་མ་ནི་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པའོ། །ཕྱག་གཡས་པ་ན་ཆོས་འབྱུང་བསྣམས་པ། གཡོན་པ་ན་རང་འབྱུང་གི་མེ་ཏོག་གིས་དགང་བའི་ཐོད་པ་འཛིན་པའོ། །དེ་ནས་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་ལ་སོགས་པ་དམ་ཚིག་གི་ཆོ་གའི་བར་བྱའོ། །དེ་ནས་འཁོར་ལོའི་ཐུགས་ཀར་ཧྲཱིཿ་ལས་བྱུང་བའི་བསྒྲུབ་བྱའམ་བསྒྲུབ་བྱའི་གྲོང་ཁྱེར་གསལ་བར་དམིགས་ལ། བསྒྲུབ་བྱའི་སྙིང་གའམ་གྲོང་ཁྱེར་གྱི་དབུས་སུ་གོང་དུ་བྲིས་པའི་འཁོར་ལོ་ཁ་དོག་དམར་པོ་བསམ་པར་བྱའོ། །དེ་ནས། མེ་ཏོག་དམར་པོས་ཐོད་པ་དགང༌། །ཞེས་བྱ་བ་ནི་


DTG028_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེ་ཏོག་ལ་བསྔགས་ཏེ་ཐོད་པ་དགང་བར་བྱའོ། །དེ་ཡང་མངོན་པར་བསྔགས་ཞེས་བྱ་བ་འབྱུང་སྟེ། མངོན་པར་ཞེས་བྱ་བ་ནི་བདག་དང་མཁའ་འགྲོ་མའི་ཐུགས་ཀ་ནས་ནང་གི་སྙིང་པོ་དང་དབང་དུ་གྱུར་པའི་སྔགས་དང་ལྡན་པར་སྤྲོས་ཏ། གཙོ་བོའི་ཞལ་དུ་ཞུགས་ནས་ཐུགས་ཀར་གནས་པའི་བསྒྲུབ་བྱའི་སྙིང་གར་སྔགས་ཐིམ་པར་བྱའོ། །དེ་ཡང་ཇི་སྲིད་རྟགས་མ་མཐོང་གི་བར་དུའོ། །དེ་ཡང་དྲི་དང་གཡོ་ཞེས་བྱ་བ་ནི་རྟགས་སོ། །དེའི་ཚེ་ཞེས་བྱ་བ་ནི་རྟགས་ཐོབ་པའི་ཚེའོ། །དེ་ཡང་གཙོ་བོའི་ཐུགས་ཀར་གནས་པའི་བསྒྲུབ་བྱ་ནི་བདག་གི་ཐུགས་ཀར་གཞུག་པར་བྱའོ། །གཙོ་བོ་ལ་སོགས་པའི་འཁོར་ལོ་ནི་མེ་ཏོག་གི་རང་བཞིན་དུ་གྱུར་ཏེ། མེ་ཏོག་དེ་ལག་ཏུ་བྱིན་པ་ཙམ་གྱིས་ཞེས་བྱ་བ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ནི་ལས་ཐམས་ཅད་ཀྱི་ཆོ་ག་ལ་འཇུག་པར་བྱ་སྟེ། དེ་ཡང་ལས་རྣམས་ཞེས་བྱ་བ་ནས་བརྩོན་པར་བྱ་བ་ནི་མདོར་བསྟན་ཏོ། །སོ་སོའི་སྐྱེ་བོ་རྨོངས་པར་བྱ་བའི་ཕྱིར་གོ་རིམས་བཟློག་པའོ། །དེ་ཉིད་རིག་པ་རྣམས་ཀྱིས་ནི་རིམ་པས་བསྡུ་བར་བྱ་སྟེ། དེ་ཡང་བསམ་གཏན་གྱིས་བགེགས་བསྐྲད་ཅེས་བྱ་བ་ནི་བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བྱས་ལ། བདག་གི་ཐུགས་ཀར་ལྷའི་འཁོར་ལོའི་གཙོ་བོ་དང་རྣོ་བའི་གཟུགས་ཅན་མ་ལ་སོགས་འོག་ནས་འབྱུང་བ་བཞིན་དུ་གསལ་བར་དམིགས་ལ། དེ་ནས་གཙོ་བོའི་ཐུགས་ཀར་ཧཱུཾ་བཛྲ་ཀ་པ་ཙ་ལ་སོགས་པའི་སྔགས་དང་ཐུགས་ཀའི་འོད་ཟེར་གྱིས་བགེགས་བསྐྲད། དེ་ནས་སྲུང་བའི་འཁོར་ལོར་བྱས་ཏེ་ཐོད་པ་ལ་བྲིས་ཏེ་ཞེས་བྱ་བ་ནི་ཐོད་པ་བདུད་རྩིས་བཀྲུས་ལ་ཐོད་པ་ལ་འཁོར་ལོ་ལིང་ཚེ་དགུ་པ་བྲི་བར་བྱའོ། །ལིང་ཚེ་ཐམས་ཅད་དུ་ཨོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཧཱུཾ་ཕཌ་ཕཌ་ཕཌ་སྭཱ་ཧཱའི་མཐའ་ཅན་དུ་དུར་ཁྲོད་སྣག་ཚས་བྲི་བར་བྱའོ། །དེ་ནས་ཐོད་པ་དེར་དུར་ཁྲོད་ནས་ས་བསླངས་ཞེས་བྱའོ། །ཆོས་འབྱུང་གི་གཟུགས་སུ་ཞེས་བྱ་བ་ནི་ས་གཞི་ཆོས་འབྱུང་གཟུགས་སུ་བྱ་སྟེ། དེ་ནི་ཆོས་འབྱུང་ནང་དུ་ལྷའི་འཁོར་ལོ་བསྐྱེད་པའི་ཕྱིར་རོ། །དེ་ཡང་གནས་དེ་ཉིད་དུ་ཕུར་བུའི་ཉི་མ་ལ་ཉུངས་ཀར་གཟུགས་ལ། དེ་ནས་ལྷའི་འཁོར་ལོ་བསྐྱེད་པར་བྱ་སྟེ། དེ་ཡང་ཐུགས་ཀའི་འོད་ཟེར་གྱིས་


DTG028_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆོས་འབྱུང་དང་ཉུངས་ཀར་གྱི་ཚོགས་རང་བཞིན་མེད་པར་བྱས་ཏེ། ཁཾ་ལས་རྡོ་རྗེའི་བྲག་གི་སྟེང་དུ་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་འོད་ཟེར་སྣ་ཚོགས་དང་ལྡན་པ་བསམ་པར་བྱ་སྟེ། ཧཱུཾ་གི་འོད་ཟེར་གྱིས་གྲི་གུག་གི་དྲ་བ་དང་གུར་ལ་སོགས་པ་བྱ་སྟེ། དེའི་དབུས་སུ་ཆོས་ཀྱི་འབྱུང་གནས་བསམ་པར་བྱའོ། །དེ་ནས་ཉུངས་ཀར་གྱ་གྲངས་ཙམ་གྱི་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་སྐྱེས་པ་གཙོ་བོ་དང་མཁའ་འགྲོ་མ་དང་བཅས་བ་བསྐྱེད་པར་བྱ་སྟེ། མཁའ་འགྲོ་མ་ནི་རྣོ་བའི་གཟུགས་ཅན་མ་ལ་སོགས་པ་གསུམ་བསྐྱེད་པར་བྱ་སྟེ། དེ་ཡང་ཞལ་གཅིག་ཕྱག་གཉིས་མ་སྐུ་མདོག་ནག་མོ་སྤྱན་གསུམ་མ། འཇིགས་པའི་གཟུགས་ཅན་ལག་པ་ན་ཐོད་པ་དང་གྲི་གུག་འཛིན་པ། རོའི་སྟེང་ན་འགྱིང་བའོ། །དེ་ལྟར་རྫོགས་པར་བསྐྱེད་ལ། དེ་ནས་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་དང༌། དབང་བསྐུར་བ་ལ་སོགས་པའི་ཡན་ལག་རྫོགས་པར་བྱ་སྟེ། ཐུགས་ཀའི་ས་བོན་ལས་ཞེས་བྱ་བ་ནི་བདག་གི་ཐུགས་ཀའི་ཧཱུཾ་ལས་སོ། །འོད་ཟེར་ཞེས་བྱ་བ་ནི་ནང་གི་སྙིང་པོ་དང༌། ཨུཏྐ་ཏའི་སྔགས་འོད་ཟེར་དང་བཅས་པའོ། །ཡུངས་ཀར་ལ་ཞེས་བྱ་བ་ནི་ཡུངས་ཀར་ལས་བསྐྱེད་པའི་གཙོ་བོ་དང་མཁའ་འགྲོ་མ་རྣམས་སོ། །བསྟིམ་པར་བྱ་ཞེས་བྱ་བ་ནི་དེ་རྣམས་སོ་སོའི་ཐུགས་ཀར་ཧཱུཾ་ལ་ཐིམ་པའོ། །བདུན་ནམ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཞག་བདུན་བདུན་གྱི་ས་དེ་ལྟར་བྱ། །ཞེས་བྱ་བ་ནི་དུས་དེ་ཉིད་ནས་བཟུང་སྟེ། ཞག་བདུན་བདུན་ཞིང་བདག་གི་ཐུགས་ཀའི་འོད་ཟེར་གྱིས་བགེགས་བསྐྲད་ཅིང་བསྲུང་བའི་འཁོར་ལོ་བྱ་སྟེ། དེ་ནས་ཡུངས་ཀར་ལ་གོང་དུ་བ་སྐྱེད་པའི་ལྷའི་འཁོར་ལོ་གསལ་བར་དམིགས་ལ་རང་བཞིན་གྱི་འཁོར་ལོ་བསྟིམ་པ་ལ་སོགས་པའི་ཡན་ལག་གི་ཆོ་ག་རྫོགས་པར་བྱས་ལ་བཟླས་པ་ནི་གོང་དུ་བསྟན་པ་བཞིན་དུ་བྱའོ། །སྨིན་པའི་དུས་སུ་ཞེས་བྱ་བ་ནི་མ་སྨིན་པར་དུ་གོང་དུ་བསྟན་པའི་ཆོ་ག་བཞིན་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་དང་ལྡན་ཞེས་བྱ་བ་ནི་བདག་ལྷའི་རྣལ་འབྱོར་རྫོགས་པར་བྱས་ཏེ་ཚོགས་ཀྱི་འཁོར་ལོ་དང་ལྡན་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་ཉུངས་ཀར་བསླང་བར་བྱའོ། །དེ་ཡང་ཉུངས་ཀར་བླངས་པ་ནི་ལྷའི་འཁོར་ལོ་ཉུངས་ཀར་ལས་བསྐྱེད་པ་དེ་མཁའ་འགྲོ་མ་རྣམས་གཙོ་བོའི་ཐུགས་


DTG028_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀར་བསྡུས་ཏེ། གཙོ་བོ་ཡང་ཉུངས་ཀར་གྱི་རང་བཞིན་དུ་འགྱུར་བར་བྱེད་དོ། །དེ་ནས་ཉུངས་ཀར་བསྒྲུབ་པ་བརྩམ་པར་བྱ་སྟེ། དུར་ཁྲོད་ཀྱི་གནས་ཞེས་བྱ་བ་ནི་གོ་སླའོ། །ཞག་གསུམ་དུ་བསྙེན་པ་བྱ་ཞེས་བྱ་བ་ནི་བདག་ཉིད་ལྷའི་འཁོར་ལོ་རྫོགས་པར་བྱས་ལ། དེ་ནས་ཐུགས་ཀའི་འོད་ཟེར་གྱིས་ཡུངས་ཀར་དང་ཐོད་པ་རང་བཞིན་མེད་པར་བྱས་ཏེ། དེ་ནས་གོང་དུ་བསྟན་པ་བཞིན་རྡོ་རྗེའི་བྲག་ལ་སོགས་པ་ཆོས་ཀྱི་འབྱུང་གནས་ཀྱི་བར་དུ་བསྐྱེད་པར་བྱའོ། །དེའི་སྟེང་དུ་པདྨ་དང་ཉི་མའི་དབུས་སུ་གཙོ་བོ་དང་མཁའ་འགྲོ་མ་བསྐྱེད་པར་བྱ་སྟེ། དེ་ཡང་མཁའ་འགྲོ་མ་རྣམས་ནི་རྡོ་རྗེ་ཀུ་མུ་ལ་སོགས་པའོ། །དེ་དག་ནི་སྣ་ཚོགས་པའི་མདོག་ཅན་ཞལ་གཅིག་སྤྱན་གསུམ་པ་ཁྲོ་གཉེར་གྱི་གཟུགས་ཅན་ཕྱག་གཡས་པ་ན་སྣ་ཚོགས་རྡོ་རྗེ། གཡོན་པ་ན་ཐོད་རློན་འཛིན་པ་གསལ་བར་བྱ་སྟེ། དེ་ནས་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་ལ་སོགས་པ་དང༌། དམ་ཚིག་གི་ཆོ་གའི་བར་དུ་བྱའོ། །དེ་ནས་གཙོ་བོའི་ཐུགས་ཀར་ཨེའི་རྣམ་པ་ཆོས་ཀྱི་འབྱུང་གནས་ལྟ་བུ་བསམ་པར་བྱས་ཏེ། དེའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་ནག་པོ་ཆེན་པོའི་སྐུ་ཚོན་གང་གི་ཚད་ཙམ་དུ་གྱུར་པ་ཉུངས་ཀར་གྱི་གྲངས་ཙམ་དུ་བསྐྱེད་པར་བྱའོ། །དེ་ནས་བདག་དང་མཁའ་འགྲོ་མའི་ཐུགས་ཀ་ནས་ནང་གི་སྙིང་པོར་འཁོར་ལོའི་གཙོ་བོའི་ཐུགས་ཀར་ནག་པོ་ཆེན་པོ་ལ་ཐིམ་པར་བྱའོ། །དེ་ལྟར་བསྙེན་པ་རྫོགས་པ་དང་མཁའ་འགྲོ་མ་རྣམས་གཙོ་བོའི་ཐུགས་ཀར་འདུས་སོ། །གཙོ་བོ་ཡང་ཡུངས་ཀར་གྱི་ནག་པོ་ཆེན་པོ་ལ་ཐིམ་པར་བསམ་པར་བྱའོ། །ཐམས་ཅད་འགྲུབ་པར་འགྱུར་ཞེས་བྱ་བ་ནི་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ལ། ཁྱད་པར་དུ་ཡང་འོག་ནས་འབྱུང་བའི་ལས་རྣམས་ལ་འགྲུབ་པའི་ཕྱིར་རོ། །དེ་ནས་ནག་པོ་ཆེན་པོ་ཞེས་བྱ་བ་ནི་འཁོར་ལོའི་གཙོ་བོས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཉིད་ལ་བྱའོ། །ལས་ཐམས་ཅད་ཅེས་བྱ་བ་དང༌། ཇི་ལྟར་ལགས་ཞེས་བྱ་བ་ནི་ཚིག་གི་ཕྲད་ནི་ལས་ཀྱི་ཚོགས་མདོར་བསྟན་ཏེ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཚོགས་ལ་གཟིགས་ནས་ཞེས་བྱ་བ་ནི་དཔའ་བོ་ཆེན་པོ་ཏིང་ངེ་


DTG028_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཛིན་ལ་ཞུགས་པའོ། །བཀའ་སྩལ་པ་ཞེས་བྱ་བ་ནི་སྡུད་པ་པོས་ཡོངས་སུ་བསྡུས་ཏེ་བསྟན་པའོ། །ཕ་རོལ་དམག་གི་དཔུང་རྣམས་ཞེས་བྱ་བ་ནི་གོ་སླའོ། །དང་པོར་ཆོ་གར་གྱུར་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་ཧཱུཾ་ཧཱུཾ་ཕཌ་ཕཌ་སྭཱ་ཧཱའི་མཐའ་ཅན་ནོ། །དེའི་ཆོ་ག་ཞེས་བྱ་བ་ནི་དམག་གི་དཔུང་རེངས་པར་བྱ་བའི་ཕྱིར་རྡོ་རྗེའི་བྲག་གི་སྟེང་དུ་སུཾ་ལས་རི་རབ་ཟུར་བརྒྱད་པ་ཅིག་དེའི་སྟེང་དུ་བདག་ཉིད་ལྷའི་འཁོར་ལོ་རྫོགས་པར་བསྐྱེད་ལ། བདག་གི་ཐུགས་ཀར་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་པདྨ་ཉི་མའི་དབུས་སུ་གཙོ་བོ་དང་རྡོ་རྗེ་ཀུ་མུ་ལ་སོགས་པ་འཁོར་ལོ་བསྐྱེད་པར་བྱ་སྟེ། སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་ནི་གོང་དུ་བསྟན་པ་བཞིན་ནོ། །དེ་ནས་དམག་གི་དཔུང་ལ་རྡོ་རྗེ་ལྟ་བས་བལྟས་པས་རེངས་པར་འགྱུར་བ་ནི་དམག་གི་གནས་སུ་སུཾ་ལས་རི་རབ་ཀྱི་ཁོང་པར་དམག་གི་གཟུགས་དེ་དག་རེངས་པའི་གཟུགས་ཀྱིས་གནས་པར་བསམ་མོ། །དེ་ནས་ཐུགས་ཀའི་གཙོ་བོ་དང་མཁའ་འགྲོ་མ་ལས་སྤྲུལ་པའི་མཁའ་འགྲོ་མ་དང་ཉུངས་ཀར་གཉིས་སུ་མེད་པར་སྤྲོས་ཏེ། དམག་གི་ཚོགས་ཀྱི་སྣ་བུག་གི་ལམ་ནས་ཞུགས་ཏེ་འབྱུང་བ་དང་འཇུག་པའི་རླུང་འགགས་ནས་རླུང་གཅིག་ཏུ་རེངས་པར་འགྱུར་རོ། །དེ་ནས་གཞན་ཡང་ཨོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཌ་ཕཌ་སྭཱ་ཧཱའི་སྔགས་ཀྱི་མཐའ་ཅན་ཏེ། དེའི་ཆོ་གས་སེང་གེ་ལ་སོགས་པའི་ཚོགས་འཇིགས་པར་འགྱུར་ཞེས་བྱ་བ་ནི། དེའི་ཆོ་ག་ནི་སེང་གེ་ལ་སོགས་པ་གང་ཡང་རུང་བ་ལ་དམིགས་ཏེ་ཡུངས་ཀར་བརྒྱབ་པའི་ཚེ་གཙོ་བོ་དང་མཁའ་འགྲོ་མའི་ཐུགས་ཀ་ནས་ཇི་ལྟར་གཅན་གཟན་གྱི་གཟུགས་དེ་ལྟར་མགོ་བརྙན་གྱི་སྤྲུལ་པ་མཁའ་འགྲོ་མའི་ཚོགས་མང་དུ་སྤྲོས་ཏེ། གཅན་གཟན་གྱི་ཚོགས་དེ་དག་ཤིན་ཏུ་རིང་བར་བསྐྲད་པར་བསམ་མོ། །གཞན་ཡང་ཆོ་གར་འགྱུར་བ་ནི། ཨོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཌ་ཕཌ་སྭཱ་ཧཱའི་མཐའ་ཅན་གྱིས་བགེགས་ཀྱི་ཚོགས་འཇིགས་པར་བྱེད་པ་སྟེ། དེའི་ཆོ་ག་ནི་བགེགས་ཀྱི་ཚོགས་ཕྱོགས་སུ་གསལ་བར་དམིགས་ཏེ། མདུན་དུ་མེའི་དཀྱིལ་འཁོར་གྱི་དབུས་སུ་བཞག་ལ། བདག་གི་ཐུགས་ཀ་ནས་གཙོ་བོ་དང་མཁའ་འགྲོ་མའི་སྤྲུལ་པའི་གཟུགས་ཕུར་བུ་དང་ཐོ་བ་ཐོགས་པ་


DTG028_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མང་དུ་སྤྲོས་ཏེ་དེ་ཡང་ཡུངས་ཀར་དང་ཐ་མི་དད་པ་ཉིད་དུ་གནས་ནས་བགེགས་དེ་ཕུར་བུས་གདབ་ཅིང་ཐོ་བས་བརྡུང་བར་བྱེད་པའོ། །དེ་ལྟ་བུའི་སྦྱོར་བས་ཉུངས་ཀར་ཡང་ནས་ཡང་དུ་བསྣུན་ན་བགེགས་ཀྱི་ཚོགས་འཇིགས་པར་འགྱུར་ཞེས་བྱའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་ཡུངས་ཀར་འབའ་ཞིག་གི་སྦྱོར་བ་རྫོགས་ནས་གཞན་གྱི་སྦྱོར་བ་ལ་འཇུག་པའི་ཕྱིར་དེ་ཡང་བྱི་ལ་ནག་མོ་ལ་སོགས་པ་ནི་གོ་སླའོ། །དེ་རྣམས་བསྲེས་ལ་ཞེས་བྱ་བ་ལ་སོགས་པ་ནི་ཆོ་གར་བྱ་བ་སྟེ། དེ་ཡང་དུག་གིས་མཎྜལ་བྱས་ལ་བཀྲ་མི་ཤིས་པའི་ཐོད་པར་རྫས་རྣམས་བླུགས་ལ་གཞག་པར་བྱ་སྟེ། དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བྱ་སྟེ། བདག་གི་ཐུགས་ཀར་གཙོ་བོ་དང་འཁོར་ལོས་སྒྱུར་བྱེད་མ་ལ་སོགས་པ་བསྐྱེད་པར་བྱ་སྟེ། དེ་ལ་མཁའ་འགྲོ་མ་དེ་དག་ཀྱང་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་སྐུ་མདོག་ནག་མོ་ཕྱག་ན་གྲི་གུག་དང་ཐོད་པ་འཛིན་པའོ། །དེ་ནས་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་པ་དང་དབང་བསྐུར་བ་ལ་སོགས་པ་བྱ་སྟེ། དེ་ནས་ཐུགས་ཀའི་འོད་ཟེར་གྱིས་གྲི་གུག་གི་ཕྲེང་བ་ལྟ་བུར་སྤྲོས་ཏེ་མདུན་གྱི་རྫས་ལ་བསྟིམ་པར་བྱའོ། །དེ་ཡང་ནས་ཡང་དུ་སྤྲོས་པ་ནི་ནང་གི་སྙིང་པོ་དང༌། པ་ཏ་ཡ་ལ་སོགས་པའི་སྔགས་ཀྱིས་གྲི་གུག་གི་རང་བཞིན་དུ་སྤྲོས་ཏེ་རྫས་ལ་སྟོང་ཕྲག་གཅིག་ཏུ་བསྟིམ་པར་བྱའོ། །རྫས་དེ་གདོན་གྱིས་ཉེན་པའི་མདུན་དུ་བསྲེག་པར་བྱའོ། །ང་རྒྱལ་དུ་བྱ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་འཁོར་ལོ་བསྐྱེད་པའི་ཕྱིར་རོ། །མདུན་གྱི་ནག་པོ་ཆེན་པོ་ཞེས་བྱ་བ་ནི་ཐུགས་ཀའི་གཙོ་བོ་དང་མཁའ་འགྲོ་མའི་བདག་ཉིད་དོ། །འོད་ཟེར་ཞེས་བྱ་བ་ནི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་འཕྲོས་པའོ། །ཕར་ལ་འཕྲོས་ཞེས་བྱ་བ་ནི་བགེགས་དགུག་པའི་ཕྱིར་རོ། །ཐོག་ཏུ་གྲི་གུག་བཞག་ཅེས་བྱ་བ་ནི་རབ་གནས་བྱ་བའི་གྲི་གུག་བདུད་སྒོར་བཞག་པའོ། །ཡུངས་ཀར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྐྲོད་པར་བྱེད་ཅེས་བྱ་བ་ནི་ཐུགས་ཀ་ནས་འོད་ཟེར་མེའི་འཁོར་ལོ་ལྟ་བུ་འཕྲོས་པས་ནད་པའི་ལུས་ལ་བགེགས་ཕྱུང་སྟེ་ཤིན་ཏུ་རིང་བར་བསྐྲད་ནས་འོད་ཟེར་གུར་ལ་སོགས་པར་


DTG028_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱུར་པར་བསམ་མོ། །དེ་ནས་བཛྲ་ཀ་བ་ཙའི་སྔགས་བརྗོད་པས་བསྲུང་བྱའི་གནས་ལྔར་སྣ་ཚོགས་རྡོ་རྗེའི་གོ་ཆར་གྱུར་པའི་ཕྱིར་བསྐྲད་ཅེས་བྱའོ། །དེ་ནས་ཨོཾ་དང་པོ་དང་ཧཱུཾ་གི་མཐའ་ཅན་གྱི་དབུས་སུ་ཡང་ཞེས་བྱ་བ་ནི་མིང་གི་བདག་ཉིད་དོ། །མེ་ཏོག་དགུག་ཅེས་བྱ་བ་ནི་རིག་མ་དགུག་པ་སྟེ། མེ་ཏོག་གིས་དགུག་པའི་ཕྱིར་མེ་ཏོག་དགུག་ཅེས་བྱའོ། །དེ་ཡང་སྨད་འཚོང་མའི་མགོ་ལ་བཅིངས་པའི་མེ་ཏོག་དང༌། ཉི་མས་ཕོག་པའི་མེ་ཏོག་དམར་པོ་དང༌། གཞན་ཡང་རང་གི་མིག་གཡས་པའི་དྲི་མ་དང༌། ལྕེའི་དྲག་པ་དང་མཐེ་བོང་གཡས་པའི་དྲི་མ་བཞར་བ་དང། །གཡོན་པའི་སྲིན་ལག་གི་ཁྲག་དང༌། རང་གི་བྱང་ཆུབ་ཀྱི་སེམས་དང་དེ་རྣམས་ཀྱི་མེ་ཏོག་གཉིས་ཀ་བསྐུས་ཏེ་གོང་དུ་ལྷའི་མེ་ཏོག་ལ་མངོན་པར་བསྔགས་ལ། སྨད་འཚོང་མའི་མེ་ཏོག་གང་ཞིག་འགུགས་པར་འདོད་པའི་ལུས་སམ་ལག་ཏུ་བྱིན་ནས་མེ་ཏོག་གཅིག་རང་གི་གནས་སུ་བཞག་ན་དེ་མ་ཐག་ཏུ་འགུགས་པར་འགྱུར་རོ། །དེའི་སྦྱོར་བ་ནི་སྐར་མ་བྲ་ཉེའི་ཉིན་པར་བྱའོ། །དེ་ནས་གཞན་ཡང་ཨོཾ་གྱི་དང་པོ་དང་སྭཱ་ཧཱའི་མཐའ་ཅང་ཡིས་བདུད་རྩིར་གྱུར་པའི་སྔགས་ཏེ། དེ་ཡང་བཅུད་ལེན་ཞེས་བྱ་བ་ནི་བདུད་རྩི་ལ་སོགས་པའི་རྫས་སོ། །བྱིན་གྱིས་བརླབ་ཅེས་བྱ་བ་ནི་གོང་དུ་བསྟན་པའི་ལྷའི་ནག་པོ་ཆེན་པོའི་འཁོར་ལོ་དང་ལྡན་པར་བྱས་ཏེ། ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པའི་བདུད་རྩིར་བྱིན་གྱིས་བརླབ་པར་བྱའོ། །སྔགས་ཞེས་བྱ་བ་ནི་དེའི་སྔགས་སོ། །ཨོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཌ་ཕཌ་སྭཱ་ཧཱའི་མཐའ་ཅན་དེ་ནི་སྤོས་སྦྱོར་གྱི་ཆོ་ག་སྟེ། འདིར་མི་བསྟན་པའི་སྐབས་སུ་ཤེས་པར་བྱའོ། །དེ་ནས་གཞན་ཡང་ཨོཾ་གྱི་ཐོག་མ་དང་ཧཱུཾ་ཧཱུཾ་ཕཌ་ཕཌ་སྭཱ་ཧཱའི་མཐའ་ཅན་ཏེ་དེ་ནི་འགུགས་པའི་ཆོ་ག་སྟེ། དེ་ཡང་ཆང་འཚོང་མའི་ཁྱིམ་ནས་ཆང་འཚོང་མའི་རང་བྱུང་དང་དེའི་ཁྱིམ་གྱི་ཆང་ལ་སྣག་ཚ་བྱས་ལ། ཆང་གི་བུམ་པའི་ཞབས་སུ་འཁོར་ལོའི་ཀ་ཏི་ཀས་བུམ་པ་ལྟ་བུའི་འཁོར་ལོ་དབུས་སུ་མུ་ཁྱུད་དང་བཅས་པར་བྱའོ། །དེ་ནས་གོང་གི་སྣག་ཚས་འཁོར་ལོའི་དབུས་སུ་བཾ་བྲི་བར་བྱའོ། །དེའི་དབུས་སུ་ཨཱ་ཀཪྵ་ཡ་ན་ཛཿ་ཛཿ་གཉིས་ཀྱི་བར་དུ་ཆུད་པར་བྲི་བར་བྱའོ། །དེའི་མུ་ཁྱུད་ལ་


DTG028_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨོཾ་ལ་སོགས་པའི་སྔགས་བྲི་བར་བྱའོ། །དེ་ནས་བདུད་རྩི་ལྔའི་མཎྜལ་བྱས་ཏེ་དེའི་སྟེང་དུ་འབའ་ཏྲིའི་ཆུན་པོ་ལ་བུམ་པ་གཞག་པར་བྱའོ། །བུམ་པའི་ནང་དུ་གྲོང་ཁྱེར་གྱི་ཆང་གི་རྒྱུ་དང་ལྡན་པར་བྱས་ཏེ། དེ་ནས་གྲོང་ཕྱོགས་སུ་མངོན་པར་ཕྱོགས་ལ་གོང་གི་ལྷའི་འཁོར་ལོ་རབ་ཏུ་གསལ་ཏེ། ཐུགས་ཀའི་གཙོ་བོ་དང་འཁོར་ལོས་སྒྱུར་བྱེད་མ་ལ་སོགས་པའི་ཐུགས་ཀ་ནས་སྤྲུལ་པའི་མཁའ་འགྲོ་མ་སྤྲོས་ཏེ་གང་ཞིག་ཆང་གནས་པའི་གྲོང་ཁྱེར་དེ་བཀུག་ནས་མདུན་གྱི་ནམ་མཁའ་ལ་དམིགས་ཏེ། ནམ་མཁའི་ཆང་གི་བུམ་པའི་ནང་དུ་འདིར་བྲིས་པ་ལྟ་བུའི་འཁོར་ལོ་བསྐྱེད་པར་བྱའོ། །དེ་ནས་བདག་གི་སྔགས་ཀྱི་བཟླས་པ་བྱས་པའི་སྟོབས་ཀྱིས་ནམ་མཁའི་ཆང་གི་བུམ་པའི་འཁོར་ལོ་ལས་ཆང་རྒྱུན་བབ་པས་མདུན་གྱི་བུམ་པ་ལ་ཆང་རྒྱུན་མི་འཆད་པར་འབབ་པར་འགྱུར་རོ། །དེ་ནས་གཞན་ཡང་ཨོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཌ་ཕཌ་སྭཱ་ཧཱའི་མཐའ་ཅན་གྱིས་དུག་ཞི་བར་བྱའོ། །སྦྲུལ་གྱི་དུག་བསལ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ལྷའི་འཁོར་ལོ་གསལ་བར་བྱས་ལ། བདག་དང་ཐུགས་ཀའི་སྤྱི་བོར་ཡི་གེ་ཏཾ་དཀར་པོ་ལས་འོད་ཟེར་དཀར་པོ་བྱུང་བ་དང་སྔགས་ཀྱིས་དུག་ཞི་བར་བསམ་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་ཞེས་བྱ་བ་ནི་སྔགས་ཀྱི་ལེའུར་ཐུན་མོང་གི་སྦྱོར་ཀ་བསྟན་པ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་ལེའུ་བཤད་པ་སྟེ་གཉིས་པའོ།། །།

གསུམ་པ། ལྷའི་ལེའུ་བཤད་པ།


DTG028_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ནི་ལྷའི་འཁོར་ལོ་ལ་འཇུག་པར་བྱ་སྟེ། དེ་ལ་དང་པོའི་ཚིག་ཞུས་པ་ནི་ནག་པོ་ཆེན་པོ་ཞེས་བྱ་བ་ནས་གསོལ་ཏོ་ཞེས་བྱའོ། །གང་ཞིག་སྔགས་ཀྱི་སྦྱོར་བ་རྣམས། །ཞེས་བྱ་བ་ནི་ཐུན་མོང་དང་སྦྱོར་བ་ཆེན་པོ་ཡིན་པའི་ཕྱིར་རོ། །སྟོབས་དང་ལྡན་པར་འགྱུར་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་དང་ལྡན་པའི་ཕྱིར་རོ། །བཤད་དུ་གསོལ་ཞེས་བྱ་བ་ནི་དེའི་དོན་དུ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་དང་ལྷའི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱའོ། །དང་པོའི་ལྷ་ཡི་རྣལ་འབྱོར་གྱིས། །ཞེས་བྱ་བ་ནས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྔགས་ཀྱི་དོན་དང་སྦྱོར་ཀ་རྣམས་


DTG028_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱང་ལྷ་བསྐྱེད་པ་དང་ལྡན་དགོས་པས་དེ་ཡང་བསྐྱེད་པའི་རིམ་པ་དང་ལྡན་པར་བསྒྲུབ་པའི་ཕྱིར་དེའི་དགོས་པ་མདོར་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་ཇི་ལྟར་ལགས་ཞེས་བྱ་བའི་བར་དུ་ནི་དེའི་དོན་དུ་རྒྱས་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནས་རྫོགས་པར་བསྐྱེད་ཅེས་བྱ་བ་ནི་བསྐྱེད་པའི་རིམ་པ་མདོར་བསྟན་པའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །དུར་ཁྲོད་ལ་སོགས་ཞེས་བྱ་བ་ནི་དུར་ཁྲོད་དང་ཤིང་གཅིག་དང་ཁང་སྟོང་དང་རྒྱ་མཚོའི་གླིང་དང་མཚན་མ་གཅིག་པ་དང་དྲག་པོའི་ཆུ་འགྲམ་དང༌། འཐབ་མོའི་གནས་དེ་དག་ཏུ་བསྒྲུབ་ཅེས་བྱ་བའོ། །ལུས་བདུད་རྩི་ལྔས་བྱུག་ཅེས་བྱ་བ་ནི་གནས་ལྔར་བདུད་རྩི་ལྔས་ཐིག་ལེ་བྱ་སྟེ། གོང་དུ་བསྟན་པའི་ཡི་གེ་ལྔས་བདག་སྐད་ཅིག་མ་གཅིག་གིས་ལྷའི་ང་རྒྱལ་དུ་བྱའོ། །བདེ་བའི་སྟན་ལ་འདུག་ཅེས་བྱ་བ་ནི་དཔའ་བོའི་སེམས་ཀྱི་རོའི་གདན་ལ་འདུག་པའོ། །ཨོཾ་གྱི་དང་པོ་དང་ཧཱུཾ་ཧཱུཾ་ཕཌ་ཕཌ་སྭཱ་ཧཱའི་མཐའ་ཅན་གྱིས་ནི་རྡོ་རྗེའི་གོ་ཆའི་བདག་ཉིད་དོ། །ལན་གསུམ་དུ་ནི་བསྲུང་བར་བྱ། །ཞེས་བྱ་བ་ནི་བདག་དང་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །དེ་མ་ཐག་ཏུ་ཞེས་བྱ་བ་ནི་ལུས་བདུད་རྩིས་བྱུགས་ནས་བདེ་བའི་སྟན་ལ་འདུག་པ་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ། །སྙིང་གར་ཞེས་བྱ་བ་ནི་པདྨ་དང་ཉི་མའི་དཀྱིལ་འཁོར་རོ། །ཧཱུཾ་ནི་ཧཱུཾ་འོད་ཟེར་ལྔ་དང་ལྡན་པ་སྟེ། གདུག་པ་བསལ་ནས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་འོད་ཟེར་གྱིས་ནག་པོ་ཆེན་པོའི་རང་བཞིན་དུ་བྱས་པའོ། །བླ་མ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཚོགས་བསགས་པའི་ཕྱིར་མཆོད་པར་བྱའོ། །དེ་ཡང་ཨུཀྵེ་པའི་མེ་ཏོག་ལ་སོགས་པས་སོ། །དེ་ཡང་དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབས་ལ་ཨི་དམ་གྱི་སྔགས་ཀྱིས་མཆོད་པར་བྱའོ། །སྡིག་པ་བཤགས་ཞེས་བྱ་བ་ནི་སྡིག་པ་བྲལ་བ་ཉིད་ཚོགས་ཀྱི་མཆོག་ཡིན་པས་ནི་སྡིག་པ་བཤགས་པའོ། །བསགས་ཞེས་བྱ་བ་ནི་བཤགས་པ་དང་མི་ཕྱེད་པའི་སྡོམ་པ་དང༌། རྗེས་སུ་ཡི་རང་བ་དང༌། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། དགེ་བའི་རྩ་བ་བསྔོ་བའོ། །དེ་དག་ཀྱང་


DTG028_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གདུག་པ་འདུལ་བ་དང༌། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་པོར་གནས་པར་བྱ་བའི་ཕྱིར་བསོད་ནམས་སུ་འགྱུར་བའོ། །ནག་པོ་ཆེན་པོའི་སྟོབས་ཀྱིས་ཞེས་བྱ་བ་ནི་ཚོགས་བསགས་པའི་དཀྱིལ་འཁོར་བདག་ལ་བསྟིམ་པར་བྱའོ། །བྱམས་པ་ལ་སོགས་པ་ཞེས་བྱ་བ་ནི་བདེ་བ་ཐོབ་པར་འདོད་པའི་བྱམས་པ་དང༌། སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་སྙིང་རྗེ་དང༌། བདེ་བ་བརྟན་པ་དང་དྲོད་ཐོབ་པའི་དཀའ་བ་སྟེ། བརྟགས་པའི་དངོས་པོ་ལ་མཉམ་པར་བལྟ་བས་ན་བཏང་སྙོམས་སོ། །དེ་ནས་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་བལྟ་བར་བྱ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་སྟེ། དེ་ཡང་ཤཱུ་ནྱ་ཏཱས་གསལ་བར་བྱེད་པས་ན་གསལ་བའི་དང་ཞེས་བྱའོ། །དེ་ཡང་ཐུགས་ཀའི་འོད་ཟེར་གྱིས་དངོས་པོའི་འཁྲུལ་པ་བསལ་ནས་ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པ་གསལ་བར་བྱས་ཏེ། གཞག་ཅེས་བྱ་བ་ནི་མ་བཅོས་པའི་ངང་ལ་གཞག་པའོ། །འདི་བསྐྱེད་པའི་རྫོགས་པ་སྟེ་སྤྲོས་པར་མ་བྱས་པའོ། །སྟོང་དང་མི་སྟོང་ཞེས་བྱ་བ་ནི་རྫོགས་པའི་རྫོགས་པ་སྟེ་འབྲས་བུ་ཆེན་པོའི་སྐབས་སུ་བསྟན་ཏོ། །སྟོང་པ་ཉིད་ལས་ཡི་གེ་བཾ། །ཞེས་བྱ་བ་ལ་སོགས་པས་ནི་སྲུང་བའི་འཁོར་ལོ་སྟེ། གཟུང་བ་རྣམ་པར་དག་པའོ། །དབུས་སུ་ཆོས་ཀྱི་འབྱུང་གནས་བསམ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་འཛིན་པ་རྣམ་པར་དག་པ་སྟེ། རོའི་གདན་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་མ་སྐྱེས་པའོ། །ཟླ་བ་དང་ཞེས་བྱ་བ་ནས་བཞེངས་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བདག་ཉིད་དེ་མངོན་པར་བྱང་ཆུབ་པས་སྐུ་རྫོགས་པའོ། །ཞལ་གཅིག་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་ཕྱིར་རོ། །ཕྱག་གཉིས་པ་ཞེས་བྱ་བ་ནི་རྟག་པ་དང་ཆད་པའི་མཐའ་སྤོང་བའོ། །གྲི་གུག་ཅེས་བྱ་བ་ནི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་ཡོངས་སུ་གཅོད་ཅིང་གདུག་པ་འདུལ་བའི་ཕྱིར་རོ། །ཐོད་པ་འཛིན་པ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའི་རོས་གང་བའི་བདུད་ཀྱི་ཁྲག་འཐུང་བར་བྱེད་པའོ། །སྤྱན་གསུམ་ཞེས་བྱ་བ་ནི་དུས་གསུམ་གྱི་བསྟན་པ་སྲུང་བར་བྱེད་པའོ། །མེ་མདག་གི་ཕུང་པོ་ཞེས་བྱ་བ་ནི་བགེགས་བསྲེག་པའོ། །དབུ་སྐྲ་གྱེན་དུ་འཁྱིལ་


DTG028_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ནི་ཁམས་གསུམ་གྱི་བདུད་ལས་རྒྱལ་བའོ། །ཁ་ནས་ཁྲག་འཛག་ཅེས་བྱ་བ་ནི་གདུག་པ་ཅན་གྱི་ཁྲག་རྣལ་འབྱོར་པའི་རྒྱུད་སྲུང་བ་ལ་ཆགས་ཤིང་མི་སྤོང་བའོ། །སྟག་གི་ཤམ་ཐབས་ཞེས་བྱ་བ་ནི་གདུག་པ་སྣ་ཚོགས་པ་འདུལ་བའི་ཕྱིར་རོ། །ཀླུ་ཆེན་པོ་བརྒྱད་ཀྱིས་ཡན་ལག་བརྒྱན་ཞེས་བྱ་བ་ནི་ཅོད་པན་ལ་ནོར་རྒྱས་སོ། །མགུར་ཆུ་ལ་འཇོག་པོའོ། །རྣ་བ་གཡས་པ་ལ་སྟོབས་ཀྱི་རྒྱུ། གཡོན་པ་ལ་པདྨའོ། །ཕྱག་གདུབ་གཡས་པ་ལ་པདྨ་ཆེན་པོ། གཡོན་པ་ལ་ཧུ་ལུནྟའོ། །ཞབས་གདུབ་གཡས་པ་ལ་རིགས་ལྡན་ནོ། །གཡོན་པ་ལ་དུང་སྐྱོང་ངོ༌། །དེ་དག་ནི་དབང་ཕྱུག་བདག་གི་བདག་ཉིད་དང་དངོས་གྲུབ་ཆེན་པོ་བརྒྱད་སྦྱིན་པའི་ཕྱིར། བརྒྱ་ཕྱེད་ཐོད་པའི་ཕྲེང་བས་ཞེས་བྱ་བ་ནི་ཡི་གེ་ལྔ་བཅུའི་སྔགས་ཀྱི་བདག་ཉིད་དེ། དེ་ལྟར་རྫོགས་པར་བསྐྱེད་ཅེས་བྱ་བ་ནི་དམ་ཚིག་སེམས་དཔའ་རྫོགས་པར་བསྐྱེད་པའོ། །རང་གི་སྙིང་གར་ཞེས་བྱ་བ་ནས་ཛཿཧཱུཾ་བཾ་ཧོཿ་ས་གཅིག་ཏུ་བྱས་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ་བ་སྟེ་གོ་སླའོ། །ཐུགས་ཀའི་འོད་ཟེར་ཞེས་བྱ་བ་ནི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་ཏེ། དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་དང༌། བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོའི་རྒྱལ་པོ་ལ་སོགས་པ་བཀུག་ལ་མཆོད་པར་བྱ་སྟེ། གསོལ་བ་གདབ་པ་དང་དབང་བསྐུར་བར་དམིགས་ཏེ་བདེ་བ་ཆེན་པོར་བུམ་པའོ། །མགྲིན་པར་གསང་བའོ། །སྙིང་གར་ཤེས་རབ་ཡེ་ཤེས་སོ། །ལྟེ་བར་བཞི་པ་མཐར་ཐུག་པར་བསྲུང་བར་བྱའོ། །དེ་ཡང་སྟོང་དང་སྟོང་མིན་ཞེས་བྱ་བའི་འབྲས་བུ་ཆེན་པོར་བསྟན་པའི་ཚིག་གི་དོན་ཤེས་པར་བྱའོ། །དེའི་མཐར་འཁོར་རྣམས་མི་བསྐྱོད་པ་ལ་འདུས་ལ། མི་བསྐྱོད་པ་དབུ་རྒྱན་དུ་ཞུགས་སོ། །དེ་ནས་འདིར་སོ་སོ་སྐྱེ་བོ་རྨོངས་པར་བྱ་བའི་ཕྱིར། མདུན་བསྐྱེད་རིང་དུ་སྤང་བ་སྟེ། དེ་ཡང་ཤིན་ཏུ་སྤང་བར་བྱ་བའི་ཕྱིར་རོ། །དེ་ཉིད་རིག་པ་རྣམས་ཀྱིས་ནི་འདིར་བསྐྱེད་པར་ཤེས་པར་བྱའོ། །དུར་ཁྲོད་ཀྱི་མགལ་བ་ཞེས་བྱ་བ་ནི་ལྷའི་རྟེན་དེ་རབ་གནས་བྱའོ། །སྐུ་མཐོ་གང་ཞེས་བྱ་བ་ནི་གསང་བའི་སྐུ་ཡིན་པའི་ཕྱིར་རོ། །དུར་ཁྲོད་ཀྱིས་ཞེས་བྱ་བ་ནས་བསྟིམ་


DTG028_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱ་ཞེས་བྱ་བ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ནི་ཚོགས་བསག་པ་ལ་འཇུག་པ་སྟེ། དེ་ཡང་གཙོ་བོའི་དམ་ཚིག་ལས་མི་འགལ་བ་དང༌། འཁོར་གྱི་ཚོགས་ཐོབ་པར་བྱ་བའི་ཕྱིར་གཙོ་བོ་ལས་སྤྲུལ་པའི་ནག་པོ་ཆེན་པོ་ལས་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པར་བྱའོ། །དེའི་བྱེ་བྲག་ཏུ་དབྱེ་བ་ནི་གོང་དུ་བསྟན་པ་ཡིན་ནོ། །བསམ་གཏན་གཅིག་པར་འགྱུར་ཞེས་བྱ་བ་ནི་གོང་དུ་སྤྲུལ་པའི་ནག་པོ་དེ་ཡན་ལག་བདུན་པ་ཚང་བ་དང༌། མདུན་གྱི་ནག་པོ་ཆེན་པོ་ལ་ཐིམ་ནས་བསམ་གཏན་གཅིག་ཏུ་འགྱུར་ཞེས་བྱའོ། །ཚངས་པའི་གནས་བཞི་ཞེས་བྱ་བ་ནི་དེའི་རྒྱུད་ཀྱིས་བསྒོམ་པར་བྱ་བ་སྟེ་གོང་དུ་བསྟན་པ་བཞིན་ནོ། །དེ་མ་ཐག་ཏུ་ཞེས་བྱ་བ་ནི་ཚངས་པའི་གནས་བཞི་བསྒོམས་པའི་དེ་མ་ཐག་ཏུ་རྒྱུ་བའི་འཁོར་དུ་བཟུང་བའི་ཕྱིར་རོ། །དེ་ཡང་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་ཕོག་པས་ནག་པོ་ཆེན་པོ་ཚུར་བསྡུས་ཏེ་ཞལ་དུ་ཞུགས་ནས་གཙོ་བོའི་ཐུགས་ཀའི་ཧཱུཾ་ལ་ཞུགས་པའོ། །དེ་ནས་ཐུགས་ཀ་ནས་རྒྱུ་བའི་བཀའ་སྡོད་ཀྱི་འོད་ཀྱི་གོང་བུའི་ནང་དུ་སྐུ་མཐོ་གང་གི་ཚད་དུ་གྱུར་པ་བྱུང་སྟེ། དེ་ནས་འབྲས་བུའི་འཁོར་དུ་བསྒྲུབ་པའི་ཕྱིར་སྟོང་པ་ཉིད་དུ་བསམ་ཞེས་བྱའོ། །དེ་ཡང་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱི་རྒྱུའི་བཀའ་སྡོད་ལ་ཕོག་པས་འོད་དུ་ཞུ་ནས་ཡི་གེ་གསུམ་གྱི་བདག་ཉིད་དུ་གྱུར་ཏེ། ཡི་གེ་གསུམ་ཡང་རང་བཞིན་མེད་པའི་ཕྱིར་སྟོང་པ་ཉིད་ཅེས་བྱའོ། །སྟོང་པ་ཉིད་ལས་ཞེས་བྱ་བ་ནི་གཙོ་བོའི་དམ་ཚིག་ལས་མི་འདའ་བ་དང༌། སེམས་བསྐྱེད་པའི་སྟོབས་ཀྱིས་སྟོང་པ་ཉིད་ལས་སྐུ་བཞེངས་པའི་ཕྱིར་རོ། །དེ་ཡང་རྡོ་རྗེའི་བྲག་ལ་སོགས་པ་སྟེ་གོ་སླའོ། །སྐུ་རྫོགས་པ་ཞེས་བྱ་བ་ནི་དམ་ཚིག་སེམས་དཔའི་སྐུ་རྫོགས་པ་སྟེ། ཐུགས་ཀའི་འོད་ཟེར་ཞེས་བྱ་བ་ནི་དེ་ཡང་དབང་བསྐུར་ལ་གཙོ་བོ་དང་དེ་ཉིད་ཀྱིའོ། །སྤྱན་དྲང་ཞེས་བྱ་བ་ནི་ཕྱག་རྒྱ་བཞིས་སོ། །དུར་ཁྲོད་ཀྱི་ནག་པོ་ཆེན་པོ་ཞེས་བྱ་བ་ནི་དམ་ཚིག་སེམས་དཔའོ། །ནག་པོ་དང་གཉིས་སུ་མེད་པར་ཞེས་བྱ་བ་ནི་རང་བཞིན་གྱི་ནག་པོ་གོང་གི་ཕྱག་རྒྱ་བཞིས་བསྟིམ་པའོ། །དམིགས་པར་བྱས་ལ་ཞེས་བྱ་བ་ནི་དེ་ཡང་དབང་


DTG028_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྐུར་ལ། ཕྱིའི་སྙིང་པོ་ཐུགས་ཀ་ནས་ཐུགས་ཀར་བརྒྱ་ཕྲག་གཅིག་བསྟིམ་པར་བྱའོ། །མཆོད་པ་དང་གཏོར་མ་ཞེས་བྱ་བ་ནི་རྩ་བའི་སྔགས་ཀྱིས་འབུལ་ལོ། །བཀའ་སྡོད་ཀྱི་ནག་པོ་ཆེན་པོ་ཞེས་བྱ་བ་ནི་སུ་སྨ་ཏའི་སྔགས་ཐུགས་ཀ་ནས་ཐུགས་ཀར་བརྒྱ་ཕྲག་གཅིག་བསྟིམ་པའི་ཕྱིར་རོ། །སྔགས་ཀྱི་བཟླས་པ་བྱས་ནས་ཞེས་བྱ་བ་ནི་ནང་གི་སྲོག་གི་སྙིང་པོས་བསྙེན་པ་བསྐྱལ་ལོ། །དུས་གསུམ་དུ་ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་བསྙེན་པའི་མཚན་མ་ཐོབ་པ་དང་ལས་ལ་སྦྱར་བར་བྱས་ཏེ། མཚན་མ་མ་ཐོབ་པས་ནི་མ་ཡིན་ནོ། །འཇིག་རྟེན་པས་འཕྱ་བར་འགྱུར་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་ནི་ལྷའི་འཁོར་ལོ་རྫོགས་པས་ཞེས་བྱ་བའི་དོན་ཏོ། །གསོལ་བ་ཞེས་བྱ་བ་ནི་གཙོ་བོ་ལས་ཏེ། དེ་ཡང་ལྷའི་ཆོ་ག་རྫོགས་པར་བྱ་བ་ནི་མཚན་མ་རྙེད་ནས་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་སྦྱོར་བ་ཇི་ལྟར་ལགས། །ཞེས་བྱ་བ་ནི་ལས་སྦྱོར་གྱི་ཁྱད་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི། གཙོ་བོའི་ལས་ཀྱི་ཏིང་ངེ་འཛིན་ལ་ཞུགས། །ཞེས་བྱ་བའི་དོན་ཏོ། །ལས་ཀྱི་ཆོ་ག་རྣམས་ཞེས་བྱ་བ་ནས་ཐམས་ཅད་འགྲུབ་ཅེས་བྱ་བ་ནི་མདོར་བསྟན་པ་སྟེ་གོ་སླའོ། །དེ་ནས་ནག་པོ་ཆེན་པོས་གསོལ་པ་ཞེས་བྱ་བ་ནི་ལས་ཀྱི་ཆོ་ག་ཉེ་བར་ཞུས་པའོ། །དེ་ཡང་གང་ཞེ་ན། གནས་དང་ལིངྒ་བཅས་པ་དང༌། དུས་དང་གསད་པའི་སྦྱོར་བ་ཞེས་བྱའོ། །དེའི་ཁྱད་པར་ནི་འདི་ལྟ་སྟེ། ཆུ་འགྲམ་གྱི་དུར་ཁྲོད་ཅེས་བྱ་བ་ནི་ཆུ་གསུམ་འདུས་པའི་མདོ་ན་གནས་པའོ། །ཤིང་གཅིག་ཅེས་བྱ་བ་ནི་ཤིང་གཉིས་མེད་པའོ། །རོ་བསྲེགས་པའི་དུར་ཁྲོད་ཅེས་བྱ་བ་ནི་རོ་བསྲེགས་པའི་ས་གཞིའམ་མེ་ཐབ་འདྲ་བའི་ཁང་སྟོང་ཡིན་པའི་ཕྱིར་རོ། །མཁའ་འགྲོ་མའི་ཁང་སྟོང་ཞེས་བྱ་བ་ནི་ཚངས་མ་ལ་སོགས་པའི་མ་མོ་བརྒྱད་གནས་པའི་ཁང་སྟོང་ངོ༌། །རྒྱ་མཚོའི་གླིང་ཞེས་བྱ་བ་ནི་གླིང་ན་གནས་པའི་དུར་ཁྲོད་དོ། །རིའི་རྩེ་མོ་ཞེས་བྱ་བ་ནི་རི་གཞན་པས་མཐོ་ཞིང་ཟུར་གསུམ་པ་གནས་པའི་རྩེ་མོའོ། །མ་ཧཱ་དེ་བ་གནས་པའི་ལིངྒ་ཞེས་བྱ་བ་ནི་མ་ཧཱ་དེ་བ་ལ་སོགས་ཕྱི་རོལ་པའི་ལྷ་རྟེན་


DTG028_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོད་པའོ། །གསལ་ཤིང་གི་ནགས་ཚལ་ཞེས་བྱ་བ་ནི་གསལ་ཤིང་ལ་སོགས་པའི་ཚེར་མ་ཡོད་པའི་དུར་ཁྲོད་དོ། །གནས་དེ་དག་ཅེས་བྱ་བ་ནི་ཁྱད་པར་གྱི་གནས་ཏེ་མྱུར་དུ་འགྲུབ་པའི་ཕྱིར་རོ། །འགྲུབ་པར་བྱ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་སྦྱོར་ཀ་དེ་དག་ཀྱང་གནས་དེ་དག་ཏུ་བསྒྲུབ་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་གནས་དེ་དག་ཏུ་སྦྱོར་ཀ་ལ་འཇུག་པའི་ཕྱིར་དེ་ནས་ཞེས་བྱའོ། །དེ་ཡང་དང་པོའི་ལིངྒའི་རྒྱུ་སྟ་གོན་ལ་གནས་པར་བྱ་སྟེ། ལིངྒའི་རྒྱུ་ནི་ཚ་བ་གསུམ་ཞེས་བྱ་བ་ནས་བག་ཟན་ཞེས་བྱ་བའི་བར་དུའོ། །སོགས་པ་ཞེས་བྱ་བ་ནི་བསྒྲུབ་བྱའི་རྣམ་པར་སྣང་མཛད་དང༌། ཁྭ་ཏ་དང་མཆེ་བ་སྟོབས་ཅན་གྱིས་ཟོས་པའི་འཕྲོ་དང༌། བདུད་རྩི་ལྔ་དང༌། ཕྱིའི་ཚ་བ་གསུམ་དང༌། དེ་དག་བཀྲ་མི་ཤིས་པའི་ཐོད་པར་བླུགས་ལ། སྣ་ཚོགས་པའི་དུག་ལ་མཎྜལ་བྱས་ལ་བཀའ་སྡོད་ཀྱི་མདུན་དུ་གཞག་པར་བྱའོ། །དེ་ནས་བདག་ཉིད་ལྷའི་འཁོར་ལོ་རྫོགས་པར་བསྐྱེད་ལ། དེ་ནས་བཀའ་སྡོད་ཀྱི་འཁོར་ལོ་བསྐྱེད་པར་བྱ་སྟེ། དེ་ཡང་ཐུགས་ཀའི་འོད་ཟེར་གྱིས་ལིངྒའི་རྒྱུ་རང་བཞིན་མེད་པར་བྱས་ལ། ཁཾ་ལས་བྱུང་བའི་རྡོ་རྗེའི་བྲག་གི་སྟེང་དུ་པདྨ་དང་ཉི་མའི་དབུས་སུ་ཧཱུཾ་ལས་བྱུང་བའི་ནག་པོ་ཆེན་པོ་ལ་སོགས་པའི་མཁའ་འགྲོ་མ་གསུམ་བསྐྱེད་པར་བྱ་སྟེ། དེ་ཡང་མཁའ་འགྲོ་མ་ནི་ཡིད་འཕྲོག་མ་ལ་སོགས་པ་གསུམ་སྟེ། ཞལ་གཅིག་མ་ཕྱག་གཉིས་ལ་སོགས་པ་སྐུ་མདོག་དཀར་སེར་སྤྱན་གསུམ་པ་འཇིགས་པའི་གཟུགས་ཅན། ཕྱག་ན་ལྕགས་ཀྱུ་དང་ཞགས་པ་འཛིན་པའོ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་གྱི་འཁོར་ལོ་བསྟིམ་པ་དང་དབང་བསྐུར་བ་ལ་སོགས་པ་སྟེ། དེ་ནས་ཕྱིའི་སྲོག་གི་སྙིང་པོ་སོ་སོའི་ཐུགས་ཀར་ཁྱབ་པར་བྱའོ། །དེ་ནས་མཆོད་པ་དང་གཏོར་མ་ཡང་བྱས་ཏེ་དམ་ཚིག་གི་ཆོ་ག་བྱས་ལ་ནང་གི་སྲོག་གི་སྙིང་པོ་བསྙེན་པ་བསྐྱལ་བར་བྱའོ། །དེ་ནས་བཀའ་སྡོད་ཀྱི་མདུན་དུ་མེའི་དཀྱིལ་འཁོར་གྱི་དབུས་སུ་ལིངྒའི་རྒྱུ་གསལ་བར་དམིགས་ལ། བདག་དང་མཁའ་འགྲོ་མའི་ཐུགས་ཀ་ནས་སྤྲུལ་པའི་གཟུགས་ལྕགས་ཀྱུ་དང་ཞགས་པ་ཅན་མང་དུ་སྤྲོས་ཏེ། བསྒྲུབ་བྱ་


DTG028_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགུག་གཞུག་གི་སྦྱོར་བ་དང་ལྡན་པར་བྱ་སྟེ། དེ་ལྟ་བུའི་ཆོ་ག་ནི་ལིངྒའི་རྒྱུའི་ཆོ་ག་སྟེ་ཐམས་ཅད་དུ་སྔོན་དུ་འགྲོ་བའོ། །ཡི་གེ་དང་ལྡན་པར་བྱ་བ་ཞེས་བྱ་བ་ནི་མིང་དང་རུས་ཀྱི་ཡི་གེ་གསད་པའི་སྔགས་དང་ཧཱུཾ་གཉིས་ཀྱི་བར་དུ་གཞུག་གོ །དེ་ལྟར་ལིངྒའི་ཆོ་ག་རྫོགས་པ་དང་དེ་ནས་ཐིག་ལེ་གཞོམ་པར་བྱ་སྟེ། དེའི་ཚེ་ཞེས་བྱའོ། །དེའི་ཡང་ནག་པོ་ཕྱོགས་གཉིས་ལ་སྔོན་དུ་འགྲོ་བར་བྱ་སྟེ། ཐིག་ལེ་ཤར་བའི་ཚེས་གཅིག་ནས་འཇུག་པར་བྱ་སྟེ། དེ་ཡང་དང་པོར་བདག་ཉིད་ལྷའི་འཁོར་ལོ་རྫོགས་པར་བྱས་ལ། གཙོ་བོའི་མདུན་དུ་བཀའ་སྡོད་ཀྱི་འཁོར་ལོ་བསྐྱེད་པར་བྱ་སྟེ། རྡོ་རྗེའི་བྲག་ལ་སོགས་པ་ནི་གོང་དུ་བསྟན་པ་བཞིན་ནོ། །དེ་ནས་བཀའ་སྡོད་ཀྱི་འཁོར་ལོ་ནི་རུང་སྐྱོད་ལ་སོགས་པའི་འཁོར་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ་མཆེ་བ་གཙིགས་མ། ཁ་ནས་ཁྲག་འཛག་པའོ། །གཡས་པ་ན་ཐོད་པ་འཛིན་པ། གཡོན་པ་ན་ཕུར་བུ་འཛིན་པའོ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས་ལྷའི་འཁོར་ལོ་བསྟིམ་པ་ནས་བསྙེན་པའི་བར་དུ་གོང་དུ་བསྟན་པ་བཞིན་ནོ། །འདིར་མ་བསྟན་ཏེ་ཟློས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་ནས་གཙོ་བོ་དང་མཁའ་འགྲོ་མའི་ཐུགས་ཀ་ནས་སྤྲུལ་པའི་མཁའ་འགྲོ་མ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་མང་དུ་སྤྲོས་ཏེ་བསྒྲུབ་བྱ་དགུག་གཞུག་གི་སྦྱོར་བ་དང་བརྒྱ་ཕྲག་གཅིག་ཏུ་བྱ་སྟེ། དེ་ནས་གསད་པའི་སྦྱོར་བ་བྱ་བ་ནི་གཙོ་བོ་དང་མཁའ་འགྲོ་མའི་ཐུགས་ཀ་ནས་སྤྲུལ་པའི་གཟུགས་ཕུར་བུ་དང་ཐོ་བ་ཐོགས་པ་མང་དུ་སྤྲོས་ཏེ། ཐིག་ལེའི་གནས་སུ་དེ་དག་གིས་གསད་པའི་སྔགས་བརྗོད་ཅིང་ཕུར་བུས་འདེབས་ཤིང་ཐོ་བས་བརྡུངས་པའི་བསམ་པ་དང་ལྡན་པར་བྱའོ། །བརྒྱ་ཕྲག་གཅིག་ཏུ་གསད་པར་བྱའོ། །ཐིག་ལེའི་གནས་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་ཐིག་ལེ་ནི་སྲོག་རྒྱུ་བའི་རྩ་སྟེ། བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །དེ་ཡང་བདེ་བ་ཆེན་པོའི་གནས་ནས་རྩ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དེ་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་འཕེལ་བ་དང་འགྲིབ་པའི་ཁྱད་པར་གྱིས་གཡས་གཡོན་དུ་གནས་སོ། །དེ་ཡང་གཡོན་པའི་མཐེ་བོང་དང༌། བོལ་གོང་དང༌། ལོང་བུ་དང༌།


DTG028_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱིན་སྙིང་དང༌། སྒྱིད་ཁུང་དང༌། གཉན་གོང་དང༌། བརླའི་རྩ་དང༌། མཚན་མ་དང༌། ལྟེ་བ་དང༌། མཆན་ཁུང་དང༌། སྙིང་ག་དང༌། རྩེ་ཆུང་དང༌། ཁ་སྣ་དང༌། རྣ་བ་དང༌། མིག་གཡོན་པ་དང༌། མཛོད་སྤུ་དང༌། དེ་དག་བཅུ་དྲུག་ནི་འཕེལ་བའི་ཐིག་ལེ་སྟེ་དཀར་པོའི་ཚེས་གཅིག་ནས་སོ། །ཚངས་པའི་བུ་ག་ལ་སོགས་ཏེ་གཡས་པའི་མཐེ་བོང་གི་བར་དུ་གནས་བཅུ་དྲུག་ནི་གོང་མ་དང་འདྲ་སྟེ་འགྲིབ་པའི་ཐིག་ལེ་ཡིན་པའི་ཕྱིར་ནག་པོ་ཚེས་གཅིག་ནས་བཅུ་གཅིག་གི་བར་དུའོ། །གནས་དེ་དག་ཏུ་བསྙེན་པ་དང༌། ལས་སྦྱོར་ཐུན་མོང་དུ་བྱ་བའི་ཐིག་ལེ་རེ་རེ་ཞིང་ཚེས་གྲངས་ཀྱི་བྱེ་བྲག་གིས་ཞག་རེ་རེ་གསད་པར་བྱའོ། །གསལ་ཤིང་གི་ཚེར་མ་ཞེས་བྱ་བ་ནས་བཙན་དུག་གིས་བསྣུན་པར་བྱ་ཞེས་བྱ་བ་ནི་གསད་པའི་ཁྱད་པར་གྱི་རྫས་ཏེ་གོ་སླའོ། །བསམ་གཏན་དང་ཞེས་བྱ་བ་ནི་གཙོ་བོ་དང་མཁའ་འགྲོ་མའི་ཐུགས་ཀ་ནས་སྤྲུལ་པའི་ཚོགས་ཀྱིས་གསད་པའི་ལས་རྒྱུན་མི་འཆད་པར་བྱེད་པའི་ཕྱིར་རོ། །སྔགས་ཀྱིས་ཞེས་བྱ་བ་ནི་གསད་པའི་སྔགས་ཀྱིས་སོ། །དུས་ཞེས་བྱ་བ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །བདུན་ནམ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་དུས་སོ། །ཞག་བདུན་གྱིས་ལས་སྦྱོར་རྫོགས་པའོ། །དེ་ཡང་ཐུན་རེ་རེའི་ཐིག་ལེའི་གནས་སུམ་ཅུ་རྩ་གཉིས་ཀར་གསང་པའི་ལས་སྦྱོར་རྫོགས་པའོ། །ཐུན་དྲུག་གི་ཁར་གསད་པའི་སྦྱིན་སྲེག་གིས་ཁ་བསྐང་བར་བྱའོ། །སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་བསྙེན་པ་དང་ལས་སྦྱོར་ཐུན་མོང་སྟེ་བསྙེན་པ་ཡང་ཡིན་ལ་ལས་སྦྱོར་ཡང་ཡིན་པའི་ཕྱིར་རོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་ཉེ་བར་བསྒྲུབ་པ་ལ་འཇུག་པར་བྱ་སྟེ་མཐུན་པའི་དམ་རྫས་བཀའ་སྡོད་ཀྱི་འཁོར་ལོ་མྱུར་དུ་འགྲུབ་པའི་ཕྱིར་རོ། །དཔལ་ནག་པོ་ཆེན་པོའི་བསམ་གཏན་སྐད་ཅིག་གིས་བྱ་སྟེ་ཞེས་བྱ་བ་ནི་དང་པོ་སྣ་ཚོགས་པའི་དུག་དང་བདུད་རྩི་ལྔ་དང་ཤ་ལྔ་དང་ཆང་གིས་ཡོངས་སུ་སྦྱར་ཏེ་རི་ལུ་བྱའོ། །དེ་ནས་ཐོད་པ་རབ་གནས་བྱས་པའི་ནང་དུ་བཞག་སྟེ་དུར་ཁྲོད་ཀྱི་རས་ཀྱིས་ཁ་བཀབ་པ་ལ་བདུད་རྩི་ལྔའི་མཎྜལ་ལེགས་པར་བྱས་པའི་སྟེང་དུ་བཞག་ལ། བདག་ལྷའི་འཁོར་ལོ་རྫོགས་པར་བྱ་སྟེ། དེ་ནས་བདག་གི་ཐུགས་ཀའི་འོད་ཟེར་གྱིས་ཐོད་པ་དང་ལ་དུའི་རང་བཞིན་མེད་པར་དམིགས་ལ། དེར་ཁཾ་ལས་བྱུང་


DTG028_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་རྡོ་རྗེའི་བྲག་བསམ་པར་བྱ་སྟེ། བྲག་གི་སྟེང་དུ་ཨེའི་རྣམ་པ་ལྟ་བུའི་ཆོས་ཀྱི་འབྱུང་གནས་བསམ་པར་བྱས་ལ། དེའི་དབུས་སུ་པདྨ་དང་ཉི་མ་བསམ་པར་བྱ་སྟེ། དེའི་སྟེང་དུ་ཧཱུཾ་ལས་སྐྱེས་པའི་ལྷའི་འཁོར་ལོ་བསྐྱེད་པར་བྱ་ཞིང༌། དེ་ཡང་ནམ་མཁའི་འཁོར་ལོ་མ་ལ་སོགས་པ་གསུམ་བསྐྱེད་པར་བྱ་སྟེ། ཞལ་གཅིག་མ་དང་ཕྱག་གཉིས་མ། སྐུ་མདོག་ནམ་མཁའི་མདོག་ཅན་མ་སྤྱན་གསུམ་མ། ཕྱག་ནི་རྡོ་རྗེ་དང་ཐོད་ཁྲག་འཛིན་པ་སྟེ། དེ་ནས་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་གྱི་འཁོར་ལོ་བསྟིམ་པ་ལ་སོགས་ཏེ་དམ་ཚིག་གི་ཆོ་གའི་བར་དུ་བྱའོ། །དེ་ནས་འཁོར་ལོའི་ཐུགས་ཀར་ཟླ་བ་དང་ཉི་མའི་སྟེང་དུ་རེ་ཕ་ལས་ལ་དུའི་གྲངས་ཀྱི་ཉི་མའི་དཀྱིལ་འཁོར་བསམ་པར་བྱ་སྟེ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡོངས་སུ་གྱུར་པ་ལས་འོད་ཀྱི་གོང་བུར་གྱུར་ཏེ། འོད་ཀྱི་གོང་བུའི་དབུས་སུ་ཧཱུཾ་ལས་ནང་གི་སྙིང་པོ་དང༌། ལ་དུའི་སྔགས་ཀྱིས་བསྐོར་བར་དམིགས་ཏེ། དེ་ནས་བདག་དང་མཁའ་འགྲོ་མའི་ཐུགས་ཀ་ནས་ནང་གི་སྙིང་པོ་དང་ལ་དུའི་སྔགས་སྤྲོས་ཏེ། གཙོ་བོའི་ཞལ་དུ་ཞུགས་ནས་ཉི་མའི་དབུས་ཀྱི་གོང་བུའི་སྔགས་ལ་ཐིམ་པར་བསམ་པར་བྱའོ། །དེ་ལྟར་ཞག་གསུམ་གྱི་བར་དུ་བསྙེན་པ་བྱས་ན་འགྲུབ་བར་འགྱུར་རོ། །སྐད་ཅིག་མ་ཞེས་བྱ་བ་ནི་མྱུར་དུ་འགྲུབ་ཅེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་གྱི་གཙོ་བོའི་ཐུགས་ཀྱི་སྲོག་སྒྲུབ་པ་ཡིན་པའི་ཕྱིར་མྱུར་དུ་འགྲུབ་པར་འགྱུར་རོ། །ལ་དུའི་གཏོར་མ་ཞེས་བྱ་བ་ནི་དེ་ལྟར་བསྙེན་པ་རྫོགས་པའི་དུས་སུ་མཁའ་འགྲོ་མ་རྣམས་གཙོ་བོ་ལ་འདུས་ཏེ། གཙོ་བོ་འོད་དུ་ཞུ་ནས་ལ་དུའི་རང་བཞིན་དུ་གྱུར་པར་བསམ་པར་བྱའོ། །ལ་དུ་དེ་གཏོར་མ་བྱས་པ་ནི་མཆོག་གི་གཏོར་མ་ཞེས་བྱའོ། །སྔགས་ནི་ཨོཾ་གྱི་ཐོག་མ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱའི་མཐའ་ཅན་ནོ། །དེ་ནས་གཞན་ཞེས་བྱ་བ་ནི་དམ་རྫས་ཀྱིས་སྤོས་བསྒྲུབ་པར་བྱ་བ་ལ་འཇུག་པར་བྱ་སྟེ། དེ་ཡང་ཐུན་མོང་དུ་བསྒྲུབ་པ་དང་ཁྱད་པར་མཆོག་ཏུ་བསྒྲུབ་པའོ། །དེ་ཡང་དང་པོ་བདུད་རྩི་ལྔ་ལ་མཎྜལ་བྱས་ལ་དེའི་སྟེང་དུ་ཐོད་པ་གསུམ་གྱི་སྒྱེད་བུ་བཙུགས་ཏེ། ཐོད་པའི་སྟེང་དུ་དུར་ཁྲོད་ཀྱི་རས་ཀྱིས་མར་མེའི་སྙིང་པོ་མཐོ་གང་གི་


DTG028_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚད་དུ་བྱས་ལ། མར་ནག་ཆེན་པོའི་མར་མེ་གཟུགས་པར་བྱའོ། །དེ་ཡང་སྙིང་པོའི་དབུས་སུ་དུར་ཁྲོད་ཀྱི་སྣང་ཚས་སྲོག་གི་སྙིང་པོ་བྲི་བར་བྱའོ། །དེ་ནས་མེ་སྦར་བ་ལ་མཎྜལ་གྱི་སྟེང་དུ་མར་མེའི་འོད་ཀྱིས་ཁྱབ་པར་བྱས་ལ། ཤར་དུ་ཉུངས་ཀར། ལྟོར་སྒོག་པ། ནུབ་ཏུ་རང་འབྱུང༌། བྱང་དུ་བཙན་དུག །བྱང་ཤར་དུ་ཤ་ཆེན། ཤར་ལྷོར་གུ་གུལ་ཆེན་པོ། ལྷོ་ནུབ་ཏུ་འོད་ཟེར་ཅན། ནུབ་བྱང་དུ་ལུ་ཏི། དེ་རྣམས་ཆ་བསྙམས་མཎྜལ་ལ་དགྲམ། དེ་ནས་བདག་ལྷའི་འཁོར་ལོ་རྫོགས་པར་བྱས་ལ། ཐུགས་ཀའི་འོད་ཟེར་གྱིས་མར་མེ་མི་དམིགས་པར་བྱས་ཏེ། དེ་ནས་དེ་ཉིད་དུ་བཀའ་སྡོད་ཀྱི་ནག་པོ་ཆེན་པོ་ཆོ་ག་གསུམ་གྱིས་བསྐྱེད་ལ། རང་བཞིན་གྱི་འཁོར་ལོ་བསྟིམ་པ་ལ་སོགས་ཡན་ལག་གི་ཆོ་ག་རྫོགས་པར་བྱས་ཏེ། ཉུངས་ཀར་ལ་སོགས་པའི་རྫས་རྣམས་ལ་ཨཱ་ལི་ལ་སོགས་པའི་ཟླ་བ་དང་ཉི་མའི་དབུས་སུ་བསམ་པར་བྱའོ། །དེ་ནས་བདག་དང་བཀའ་སྡོད་ཀྱི་ཐུགས་ཀ་ནས་ནང་གི་སྙིང་པོ་སྦོས་སྦྱོར་གྱི་སྔགས་དང་བཅས་པ་སྤྲོས་ཏེ། ཉུངས་ཀར་ལ་སོགས་པ་ལ་ཉི་ཤུ་རྩ་གཅིག་བསྟིམ་པར་བྱའོ། །དེ་ནས་གཅིག་ཏུ་བསྡུས་ཏེ་ཕྱེ་མར་བྱས་ལ་མར་ནག་ཆེན་པོས་བསྲེས་ལ་ཞེས་བྱའོ། །དེ་ཡང་མཆོག་ཏུ་བསྒྲུབ་པར་བྱ་སྟེ། རབ་གནས་བྱས་པའི་ཐོད་པར་བླུགས་ཏེ་མཎྜལ་གྱི་དབུས་སུ་བཞག་ལ་དེའི་སྟེང་དུ་མར་མེ་བཞག་ལ། དེ་ནས་བདག་ལྷའི་འཁོར་ལོ་རྫོགས་པར་བྱས་ཏེ། དེ་ན་ཐུགས་ཀའི་འོད་ཟེར་གྱིས་སྤོས་ལ་སོགས་པ་རང་བཞིན་མེད་པར་བྱ་སྟེ། དེ་ནས་ལྷའི་འཁོར་ལོ་བསྐྱེད་པར་བྱ་སྟེ། དེ་ཡང་བཾ་ལས་བྱུང་བའི་རྡོ་རྗེའི་བྲག་གི་སྟེང་དུ་སྲུང་བའི་འཁོར་ལོའི་དབུས་སུ་ཆོས་ཀྱི་འབྱུང་གནས་བསམ་པར་བྱའོ། །དེའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བསྐྱེད་པའི་ལྷའི་འཁོར་ལོ་རྫོགས་པར་བསྐྱེད་ལ་དེ་ཡང་མེའི་གཟུགས་ལ་སོགས་པ་མཁའ་འགྲོ་མ་སྐུ་མདོག་དམར་སེར་ཞལ་གཅིག་མ་ཕྱག་གཉིས་མ་སྤྱན་གསུམ་མ་ཁྲོ་གཉེར་གྱི་གཟུགས་ཅན་གྱིས་གྲི་གུག་དང་ཐོད་པ་ལག་ན་འཛིན་པ་དེ་ལྟར་རྫོགས་པར་བསྐྱེད་ལ། དེ་ནས་རང་བཞིན་གྱི་དཀྱིལ་འཁོར་བསྟིམ་


DTG028_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ལ་སོགས་པ་བྱ་སྟེ། འཁོར་ལོའི་གཙོ་བོའི་ཐུགས་ཀར་ཨཱ་ལི་དང་ཀཱ་ལི་ལས་བསྐྱེད་པའི་ཟླ་བ་དང་ཉི་མའི་དབུས་སུ་ཨ་ལས་གྲུབ་པའི་པདྨའི་སྣོད། དེའི་དབུས་སུ་ཧཱུཾ་ལས་གྱུར་པའི་སྤོས་ཀྱི་རང་བཞིན་འོད་ཟེར་ལྔའི་བདག་ཉིད་དེ། དེའི་དབུས་སུ་ཧཱུཾ་གི་སྙིང་པོ་གསལ་བར་བྱ་སྟེ། དེ་ནས་ནང་གི་སྙིང་པོ་དང་སྤོས་ཀྱི་སྔགས་ཀྱིས་བསྐོར་བར་བསམ་མོ། །དེ་ནས་བདག་དང་མཁའ་འགྲོ་མའི་ཐུགས་ཀ་ནས་ནང་གི་སྙིང་པོ་དང་སྤོས་སྦྱོར་གྱི་སྔགས་འོད་ཟེར་ལྔའི་བདག་ཉིད་དུ་སྤྲོས་ཏེ། གཙོ་བོའི་ཐུགས་ཀར་སྤྲོས་ལ་ཐིམ་པར་བསམ་མོ། །དེ་ལྟར་སྒྲ་དང་དྲི་དང་འོད་ལ་སོགས་པ་རྟགས་མ་བྱུང་གི་བར་དུ་བསྙེན་པ་བྱའོ། །བསྙེན་པ་རྫོགས་པ་དང་གཙོ་བོ་དང་མཁའ་འགྲོ་མ་སྤོས་ཀྱི་རང་བཞིན་དུ་གྱུར་པར་བྱའོ། །མདུན་དུ་ཞེས་བྱ་བ་ནི་བཀའ་སྡོད་ཀྱི་མདུན་དུའོ། །ཞག་ལྔར་ཞེས་བྱ་བ་ནི་སྤོས་བསྲེགས་ནས་བསྒྲུབས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དུས་གསུམ་མཆོད་པ་དང་གཏོར་མ་ལ་སོགས་པ་ནི་གོ་སླའོ། །རྣལ་འབྱོར་པ་དེ་དོན་ཐམས་ཅད་ལྡན་པར་འགྱུར་ཞེས་བྱ་བ་ནི་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱའོ། །བཀའ་སྩལ་པ་ཞེས་བྱ་བ་ནི་སྡུད་པ་པོས་ལྷའི་དོན་བསྡུས་ཏེ་འཁོར་ལ་བཤད་པའོ། །ལྷའི་ལེའུ་ཞེས་བྱ་བ་ནི་ལྷ་བསྐྱེད་པའི་ཆོ་གའི་ལེའུའོ། །ལྷའི་ལེའུ་བཤད་པ་སྟེ་གསུམ་པའོ།། །།

བཞི་པ། དཀྱིལ་འཁོར་གྱི་ལེའུ་བཤད་པ།


DTG028_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ནི་ལྷ་བསྐྱེད་པ་ལ་བསྙེན་པ་བྱ་བའི་ཕྱིར་ལྷ་ལ་དབང་བསྐུར་བ་དང༌། སྒྲུབ་པ་པོ་སྨིན་པར་བྱ་བའི་ཕྱིར་དང༌། བསྙེན་པའི་རྟེན་ཁྱད་པར་ཅན་དུ་འགྱུར་བའི་ཕྱིར་དེ་བས་ན་ཞུས་པ་སྟེ། དེ་དཔལ་ནག་པོ་ཞེས་བྱ་བ་ནི་འཁོར་གྱི་གཙོ་བོ་ལ་སོགས་པ་འཁོར་རྣམས་ཀྱིས་སོ། །བཅོམ་ལྡན་འདས་ལ་གསོལ་བ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ལ་ཞུས་ཏེ། རྒྱུད་དོན་ཞེས་བྱ་བ་ནི་རྒྱུད་ཀྱི་དོན་བསྙེན་པ་དང་ལས་སྦྱོར་ཡིན་པའི་ཕྱིར་རོ། །ཆོ་གའི་ཁྱད་པར་ཞེས་བྱ་བ་ནི་ཁྱད་པར་གྱི་དཀྱིལ་འཁོར་ཡིན་ཞེས་བྱ་བའི་དོན་ཏོ། །བཀའ་སྩལ་པ་ཞེས་བྱ་བ་ནི་མདོར་བསྟན་པ་སྟེ་གོ་སླའོ། །དེ་ནས་གཞན་ཞེས་བྱ་བ་ནི་དཀྱིལ་འཁོར་བྲི་བར་བརྩམ་པར་བྱ་སྟེ། དེ་ཡང༌། སློབ་དཔོན་མཚན་ཉིད་ལྡན་པ་ནི། །སྔོན་དུ་བསྙེན་པ་རྫོགས་པ་དང༌། །ལྟ་


DTG028_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡི་མཚན་མ་ཐོབ་པ་དེས། །རྣལ་འབྱོར་དངོས་གྲུབ་ཐོབ་པ་དང༌། །སློབ་མ་སྨིན་པར་བྱ་བའི་ཕྱིར། །ཡང་དག་པ་ཡི་སློབ་མ་བརྟག །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །དཔའ་བོ་མཚན་ཉིད་ཐམས་ཅད་རྫོགས། །སྔགས་ཀྱི་དངོས་གྲུབ་འདོད་ཅིང་བརྟན། །བླ་མ་ལ་གུས་སེམས་ཅན་བརྩེ། །དེ་ལྟའི་མགོན་ལ་བསམ་བཅས་ནས། །སློབ་མ་ཡོངས་སུ་གཟུང་བར་བྱ། །དེ་ལྟ་བུ་ཡི་སློབ་མ་དེ། །བླ་མས་དཀྱིལ་འཁོར་གཞུག་པའི་ཕྱིར། །བདུད་རྩི་དང་བཅས་མཎྜལ་དབུལ། །མེ་ཏོག་དང་བཅས་ཐལ་མོ་སྦྱར། །དེ་ནས་གསོལ་བ་གདབ་པར་བྱ། །ཡེ་ཤེས་ཆེན་པོའི་བདག་ཉིད་ཁྱོད། །སྟོན་པའི་གཙོ་བོ་ཀྱེའི་རྡོ་རྗེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཔའ་བོ་དམ་ཚིག་བདག་ལ་གསོལ། །དཔལ་ལྡན་ནག་པོ་ཆེན་པོ་ཡིས། །དམ་ཚིག་ཆེན་པོ་བདག་ལ་སྩོལ། །གཙོ་བོ་ནག་པོ་ཆེན་པོ་དང༌། །ཐུགས་དང་དམ་ཚིག་ལས་རྣམས་ཀྱིས། །དཀྱིལ་འཁོར་དམ་པར་གཞུག་ཏུ་གསོལ། །དེ་ལྟར་ལན་གསུམ་གསོལ་བཏབ་ནས། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །སློབ་མ་ཡོངས་བཟུང་ཐུགས་ཀར་གཞུག །ཧཱུཾ་ལས་ལྷ་ཡི་གཟུགས་སུ་ཕྱུང༌། །གནས་གསུམ་བསྲུང་བར་བྱས་ནས་ནི། །ཡི་གེ་བཅུ་ལ་བཟླས་པར་སྦྱིན། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །བདག་ཉིད་ཆོ་ག་བསྒོ་བ་དང༌། །སློབ་མ་སྒྲིབ་པ་སྦྱང་བའི་ཕྱིར། །འོག་ནས་འབྱུང་བ་བཞིན་དུ་ནི། །དཀྱིལ་འཁོར་བྲིས་ནས་བསྙེན་པ་བྱ། །སློབ་དཔོན་བསྙེན་པ་རྫོགས་པ་དང༌། །དཀྱིལ་འཁོར་བྲི་བ་བརྩམ་པར་བྱ། །དེ་ཡང་དུར་ཁྲོད་ཁ་དོག་ནག་པོ་ཞེས་བྱ་བ་ནི་དུར་ཁྲོད་ལ་སོགས་པ་མི་སྲུན་པའི་ས་ཕྱོགས་ཏེ་མི་མ་ཡིན་འདུ་བས་ནག་པོ། །དེ་ཡང་དུར་ཁྲོད་དང་ཤིང་གཅིག་ལ་སོགས་པ་གོང་དུ་བསྟན་པའི་གནས་རྣམས་སོ། །ཁང་སྟོང་ཞེས་བྱ་བ་ནི་སྔོན་དུ་དཀྱིལ་འཁོར་བྲིས་པའི་སའོ། །གནས་དེ་དག་ཏུ་དཀྱིལ་འཁོར་བརྩམ་པར་བྱ་སྟེ། ས་གཞི་ཤིན་ཏུ་མི་སྲུན་ཤིང་འཇིགས་པའི་དབུས་སུ་བདུད་རྩི་ལྔ་ཡིས་ཆག་ཆག་བཏབ་ལ། ཨུཀྵེ་པའི་མེ་ཏོག་གཅལ་དུ་བཀྲམ་ལ། དེའི་དབུས་བདག་ཉིད་རྣལ་འབྱོར་པ། །འོག་ནས་འབྱུང་བ་


DTG028_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་ལྟར་བསྐྱེད། །མཆོད་པ་གཏོར་མ་ཚོགས་བྱས་ནས། །བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས། །བགེགས་བསྐྲད་གྲི་གུག་ར་བ་དྲ་གུར་གྱུར། །ཐུགས་ཀྱི་འོད་ཟེར་ལྕགས་ཀྱུ་ཡིས། །ས་ལ་གནས་པའི་ལྷ་མོ་ནི། །བཀུག་སྟེ་མདུན་དུ་ཚུལ་བཞིན་གཞག །གསེར་མདོག་གཞོན་ནུའི་རྒྱན་ཆ་ཅན། །ཕྱག་ན་བུམ་པ་འཛིན་པ་སྟེ། །དེ་ལ་མཆོད་པ་གཏོར་མ་དབུལ། །མེ་ཏོག་སིལ་མ་གཏོར་ནས་ནི། །འདོད་པའི་གསོལ་བ་གདབ་པར་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར། །དཔལ་ལྡན་ནག་པོ་ཆེན་པོ་ཡིས། །གནོད་སྦྱིན་བདུད་སོགས་སྡེ་བཅོམ་བཞིན། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ལན་གསུམ་གསོལ་བ་བརྟབ་ནས་ནི། །ས་ཡི་ལྷ་མོ་དགའ་མདངས་ཀྱིས། གནང་བ་བྱིན་ནས་ས་ལ་ཐིམ། །དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །ལས་ཀྱི་རྡོ་རྗེ་བྱིན་གྱིས་བརླབས། །དེ་ཡང་རྣལ་འབྱོར་མི་གཟུགས་སུ་འདུག་ལ་ཁྲུས་བྱས་ལ་ཞེས་བྱ་བ་ནི། །གཟུགས་བཟང་རྟོག་པ་མེད་པ་དང༌། །དཔའ་བོའི་སེམས་ཀྱིས་བརྟུལ་ཞུགས་ལྡན། །དེ་ལྟ་བུ་ལ་བྱིན་བརླབ་བྱ། །བདུད་རྩི་ལྔ་ཡི་ཐིག་ལེ་ཡིས། །གནས་ལྔར་ཐིག་ལེ་བྱས་ནས་ཀྱང༌། །བདུད་རྩིའི་མཎྜལ་སྟེང་བཞག་ནས། །འོད་ཀྱིས་རང་བཞིན་མེད་བསྒྲུབས་ལ། །ཧཱུཾ་ལས་རྣལ་འབྱོར་མ་བསྐྱེད་དེ། །གནས་ལྔར་ཉི་མའི་དཀྱིལ་འཁོར་ལ། །ཧཱུཾ་ཡིག་གསལ་བར་བསམས་ནས་ནི། །རྣལ་འབྱོར་མ་ནི་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་ཞེས་བྱ་བ་ནི། །ཐུགས་དམ་ལས་ཀྱི་མཁའ་འགྲོ་མ། །འཇིགས་བྱེད་འཇིགས་བྱེད་མ་རྣམས་ནི། །མདུན་དུ་གསལ་བར་དགུག་བྱས་ལ། །མཆོད་པ་གཏོར་མ་ཕུལ་ནས་སུ། །གནས་ལྔར་གོ་རིམས་བཞིན་དུ་བསྟིམ། །དེ་ནས་དབང་བསྐུར་རྒྱས་བཏབ་ལ། །མཆོད་གཏོར་རྩ་བའི་སྔགས་ཀྱིས་སྦྱིན། །བདག་གི་ཐུགས་ཀ་ལས་བྱུང་བའི། །སྙིང་པོ་སྔགས་དང་བཅས་པ་ནི། །གནས་ལྔར་གསལ་བར་བསྟིམ་པར་བྱ། །སྔགས་ནི་ཨོཾ་གྱི་དང་པོ་དང༌། །ཧཱུཾ་ཧཱུཾ་ཕཊ་ཕཊ་


DTG028_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྭཱ་ཧཱའི་མཐའ་ཅན་ནོ། །དེ་ནས་ཞེས་བྱ་བ་ནི་ལས་ཀྱི་རྡོ་རྗེས་ས་དང་ཆུ་བསླང་བྱས་ནས། གནས་དའི་ས་དང་བསྲེས་ནས་ནི། །བདུད་རྩི་ཆུ་དང་སྔགས་ཀྱིས་ནི། །ས་ཡི་ཉེས་པ་སྦྱང་བར་བྱ། །སྔགས་ནི་ཨོཾ་གྱི་དང་པོ་དང༌། །ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱའི་མཐའ་ཅན་ནོ། །དེ་ནས་དཀྱིལ་འཁོར་བྱ་བ་ནི། །དཀྱིལ་འཁོར་མཎྜལ་གྲུ་བཞི་ནི། །མཉམ་པར་འཐས་པར་བཅག་པར་བྱ། །བདུད་རྩི་བ་ཡི་རྣམ་ལྔ་ཡིས། །དཀྱིལ་འཁོར་ལེགས་པར་བྱུག་པར་བྱ། །དེ་ནས་རྣལ་འབྱོར་དབང་ཕྱུག་ནི། །དཀྱིལ་འཁོར་དབུས་སུ་ལེགས་འདུག་ནས། །ལྷ་ཡི་རྣལ་འབྱོར་རྫོགས་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་ལས། །སྤྲུལ་པའི་ནག་པོ་མང་སྤྲོས་ཏེ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་ནག་པོ་འཇིགས་པའི་གཟུགས། །ཐོ་བ་ཕུར་བུ་འཛིན་པ་སྟེ། །དེ་དག་ཕྱོགས་བཅུར་རབ་སྤྲུལ་ཏེ། །དེར་ནི་བདག་གིས་བགེགས་བསྐྲད་བསམ། །དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །གྲི་གུག་ཐོད་པ་ཐོགས་ནས་ནི། །མཆོག་རྣམས་ཀྱིས་ནི་ལེགས་འཁྱུད་ལ། །རྣལ་འབྱོར་དབང་ཕྱུག་བདག་གིས་ནི། །སངས་རྒྱས་བསྟན་པ་བསྲུང་ཕྱིར་དང༌། །ནམ་མཁའ་ལྟ་བུ་དྲི་མེད་པའི། །ས་གཞི་བཟང་པོ་འདི་ཉིད་ལ། །གཙོ་བོ་དགྱེས་པའི་རྡོ་རྗེ་ཡི། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །དཀྱིལ་འཁོར་དམ་པ་ངས་བཞེངས་ཀྱིས། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །དྲི་ཟ་ལྷ་མ་ཡིན་དང་ནི། །ནམ་མཁའ་ལྡིང་དང་མིའམ་ཅི། །ལྟོ་འཕྱེ་ལ་སོགས་པ་ཡི་བདག །དེ་དག་མྱུར་དུ་ངེས་པར་གྱིས། །རྩ་བའི་སྔགས་སོགས་བརྗོད་ཅིང་བསྐྲད། །གོང་དུ་སྤྲུལ་པའི་ཁྲོ་བོ་ཡིས། །ས་དེར་གནས་པའི་བགེགས་རྣམས་ལ། །ཕུར་བུས་གདབ་ཅིང་ཐོ་བས་བརྡུངས། །དེ་ལྟར་བགེགས་རྣམས་ལེགས་པར་བསྐྲད། །ཁྲོ་བོ་ལེགས་པར་འོད་ཞུ་ནས། །གྲི་གུག་གུར་དང་དྲ་བར་གྱུར། །སྲུང་བའི་འཁོར་ལོ་རྫོགས་པ་དང༌། །དེ་ནས་དཀྱིལ་འཁོར་དབུས་གནས་ཏེ། །ལྷ་ཡི་འཁོར་ལོ་བསམ་བྱས་ལ། །མདུན་དུ་ཧཱུཾ་ལས་སྐྱེས་པ་ཡི། །ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། །སྤྱན་གསུམ་ཕྱག་


DTG028_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་ལྔ་དང་ལྡན། །གྲི་གུག་ཐོད་པ་འཛིན་པ་སྟེ། །དེ་ལ་མཆོད་པ་གཏོར་མ་དབུལ། །དེ་ནས་གསོལ་བ་གདབ་པར་བྱ། །རང་བཞིན་དག་པའི་ཚིག་བརྗོད་ལ། །གཙོ་བོ་རྡོ་རྗེ་འཛིན་པ་དང༌། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །དམ་པའི་དཀྱིལ་འཁོར་ངས་བཞེངས་ཀྱིས། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །བྱིན་གྱིས་རློབ་པ་མཛད་དུ་གསོལ། །དེ་ནས་ལྷ་མོ་འོད་ཞུ་ནས། །ཆོས་འབྱུང་ཉིད་དུ་གྱུར་པར་བསམ། །དཀྱིལ་འཁོར་ས་གཞི་གཟུང་བ་ཡི། །ལྷ་ཡི་འཁོར་ལོ་བསྐྱེད་པའི་ཕྱིར། །དང་པོ་སྟ་གོན་གནས་པར་བྱ། །དཀྱིལ་འཁོར་བཟང་པོའི་སྟེང་དུ་ནི། །བདུད་རྩི་ལྔ་ཡིས་ཐིག་ལེ་བྱ། །དབུས་ཀྱི་ཐིག་ལེ་རྒྱས་པར་བྱ། །ཐུགས་ཀྱི་མཁའ་འགྲོ་མ་ལ་སོགས། །ལྷ་རྣམས་ཀུན་གྱི་ཐིག་ལེ་བྱ། །དེ་ནས་མེ་ཏོག་སིལ་བཀྲམ་ནས། །གཙོ་བོ་ཆོ་ག་ལྔས་བསྐྱེད་ལ། །འཁོར་རྣམས་ཆོ་ག་གསུམ་གྱིས་བསྐྱེད། །དཀྱིལ་འཁོར་འོག་ནས་འབྱུང་བ་བཞིན། །མཚན་ཉིད་ཐམས་ཅད་རྫོགས་པར་བསྐྱེད། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཕྱག་རྒྱ་བཞི་ཡི་སྦྱོར་བ་ཡིས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟིམ། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་ནས། །སོ་སོའི་སྤྱི་བོར་རྒྱས་བཏབ་བྱ། །དེ་ནས་རྣལ་འབྱོར་ཐུགས་ཀ་ནས། །ཕྱི་ཡི་སྙིང་པོ་རབ་སྤྲོས་ཏེ། །སོ་སོའི་ལྷ་རྣམས་ཐུགས་ཀར་ཐིམ། །དེ་ནས་མཆོད་པ་གཏོར་མ་ནི། །ཀུན་ལ་རྒྱས་པར་སྦྱིན་པར་བྱ། །ཐུགས་ཀ་ནས་བྱིན་དམ་ཚིག་གི །སྔགས་ཀྱིས་ཀུན་ལ་ཁྱབ་པར་བྱ། །དེ་ནས་ནང་གི་སྙིང་པོ་ཡིས། །བསྙེན་པ་ཅུང་ཟད་བསྐྱལ་བར་བྱ། །དེ་ནས་གསོལ་བ་གདབ་པ་ནི། །ཡེ་ཤེས་ཆེན་པོའི་བདག་ཉིད་ཁྱོད། །སྟོན་པའི་གཙོ་བོ་ཀྱེའི་རྡོ་རྗེ། །དཀྱིལ་འཁོར་ཆེན་པོ་བདག་ཉིད་གཙོ། །དཔལ་ལྡན་ནག་པོ་ཆེན་པོ་དང༌། །ཐུགས་ཀའི་མཁའ་འགྲོ་བརྒྱད་རྣམས་དང༌། །དམ་ཚིག་གསུམ་ལ་གནས་པ་ཡི། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །ལས་ཀྱི་མཁའ་འགྲོ་ལ་སོགས་པ། །དཀྱིལ་འཁོར་བདག་ཉིད་ཐམས་ཅད་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་རྡོ་རྗེ་འཛིན་པ་འདི་ཞེས་བྱ་བས། ཁྱེད་རྣམས་ལ་


DTG028_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་མཆོད་པ་དང༌། །སློབ་མ་སྨིན་པར་བྱ་བའི་ཕྱིར། །བདག་དང་སློབ་མར་བཅས་པ་ཡི། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་རློབ་པ་མཛད་དུ་གསོལ། །དེ་ནས་ཚོགས་ཀྱི་འཁོར་ལོ་བྱ། །དེ་ལྟར་ལྷ་རྣམས་ཐམས་ཅད་ནི། །སྟ་གོན་གནས་པར་གྱུར་བྱས་ལ། །དབང་བསྐུར་རབ་གནས་བྱ་བའི་ཕྱིར། །བུམ་པའི་ཆོ་ག་བྱ་བ་ཡི། །བདུད་རྩི་མཎྜལ་བྱས་ནས་ནི། །ལྷ་ཡི་རྣལ་འབྱོར་གསལ་བྱས་ནས། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །སྤོས་ཀྱི་བུམ་པ་བདུག་བྱས་ལ། །མི་སྐྲའི་སྦུ་གུའི་སྟེང་བཞག་ནས། །ཐུགས་ཀའི་འོད་ཀྱིས་དག་བྱས་ཏེ། །བཾ་ལས་བྱུང་བའི་བུམ་པ་ནི། །དཀར་པོ་གནས་ཤིང་ནག་པོ་མེད། །ལྟོ་བ་ཆེ་ཞིང་མགྲིན་པ་མཐོ། །མཆུ་འཕྱང་ཞབས་སྟེགས་མེད་པ་ཉིད། །དེ་ལ་རྩ་བའི་སྔགས་ཀྱིས་ནི། །བསྔགས་ཏེ་རྫས་རྣམས་གཞུག་པར་བྱ། །དབུས་སུ་གྲི་གུག་ཐོད་པ་ནི། །དུར་ཁྲོད་སྣག་ཚས་བྲི་བར་བྱ། །སྨན་དང་འབྲུ་དང་རིན་པོ་ཆེ། །བདུད་རྩི་ལྔ་ལ་སོགས་པ་བླུགས། །དུར་ཁྲོད་རས་ཀྱིས་མགུལ་ཆིངས་བྱས། །ཁ་རྒྱན་ལྕང་ལོ་ཅན་གྱིས་བྱ། །དེ་ལྟར་བུམ་པ་བསྐྱེད་པ་ནི། །ལྷ་ཡི་གྲངས་སམ་བཅུ་ཡན་ཆད། །བསྒྲུབ་པའི་བུམ་པ་གཉིས་སུ་བཤད། །དེ་ལྟར་བུམ་པ་རྫོགས་པ་དང༌། །དེ་ལྟའི་བུམ་པ་རེ་རེ་ལ། །མཆོད་དང་གཏོར་མ་བཤམ་པར་བྱ། །དེ་ནས་བདག་ཉིད་རྣལ་འབྱོར་པས། །ལྷ་ཡི་འཁོར་ལོ་རྫོགས་པར་བསྐྱེད། །དེ་ནས་བུམ་པའི་ནང་དུ་ནི། །ལྷ་ཡི་འཁོར་ལོ་བསྐྱེད་པར་བྱ། །ལྷ་ཡི་གྲངས་ཀྱི་བུམ་པ་ནི། །བུམ་པ་རེ་རེར་ལྷ་རེ་བསྐྱེད། །དེ་ནས་འདུས་པའི་བུམ་པ་ནི། །གཙོ་བོའི་བུམ་པར་འཁོར་ལོ་ནི། །ཐམས་ཅད་རྫོགས་པར་བསྐྱེད་པར་བྱ། །ཁཾ་བྱུང་བྲག་སྟེང་པད་ཉི་ལ། །ཧཱུཾ་ལས་སྐྱེས་པའི་ལྷ་རྣམས་ནི། །ཕྱག་དང་ཕྱག་མཚན་སྐུ་མདོག་ཀྱང༌། །འོག་ནས་འབྱུང་བ་བཞིན་དུ་བསམ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ནས། །ཕྱག་རྒྱ་བཞི་ཡི་སྦྱོར་བས་བསྟིམ། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་མཐར། །མི་བསྐྱོད་པ་ཡིས་དབུ་བརྒྱན་བསམ། །དེ་ནས་ཕྱི་ཡི་སྙིང་པོ་ཡིས། །སོ་སོའི་ཐུགས་ཀར་ཐིམ་པར་བྱ། །མཆོད་དང་


DTG028_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཏོར་མ་བྱས་ནས་ནི། །དེ་ནས་དམ་ཚིག་ཆོ་ག་བྱ། །དེ་ནས་ནང་གི་སྙིང་པོ་ཡིས། །བུམ་པའི་ལྷ་རྣམས་ཐམས་ཅད་ཀྱི། །ཐུགས་ཀར་བསྙེན་པ་སྟོང་ཕྲག་བསྐྱལ། །དེ་ལྟར་བུམ་པ་ཐམས་ཅད་ལ། །སྟ་གོན་གྱི་ནི་གནས་དེ་ཉིད། །ཡོལ་བས་བྲེས་ཏེ་གཞག་པར་བྱ། །དེ་ནས་དཀྱིལ་འཁོར་ཤར་ཕྱོགས་སུ། །གོང་དུ་བསྟན་པའི་སློབ་མའི་མཆོག །སྟ་གོན་ལ་གནས་བརྩམ་པར་བྱ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ལྷ་ཡི་འཁོར་ལོ་རྫོགས་པར་བྱ། །སློབ་མ་མདུན་དུ་བཀུག་བྱས་ནས། །དེ་ལྟ་བུ་ཡི་སློབ་མ་དེས། །བླ་མའི་མདུན་དུ་མཎྜལ་དབུལ། །དེ་ནས་གསོལ་བ་གདབ་པར་བྱ། །ཆོས་དབྱིངས་ཡེ་ཤེས་ལས་བྱུང་བའི། །དཔའ་ཆེན་ཁྱོད་ལ་སྐྱབས་སུ་མཆི། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །དམ་ཚིག་ཆེན་པོ་བདག་ལ་གསོལ། །དཔལ་ལྡན་ནག་པོ་ཆེན་པོ་དང༌། །ཐུགས་ཀྱི་རྡོ་རྗེ་བརྒྱད་རྣམས་དང༌། །དམ་ཚིག་སྐྱོང་བའི་མཁའ་འགྲོ་དང༌། །ཕྲིན་ལས་རྫོགས་པའི་བདག་ཉིད་སོགས། །གསང་བའི་ཕོ་བྲང་དམ་པ་ནི། །དེ་བཞིན་བདག་ནི་གཞུག་ཏུ་གསོལ། །དེ་ཡི་ལྷ་རྣམས་ཐམས་ཅད་ཀྱིས། །གསང་བའི་དམ་ཚིག་བདག་ལ་སྩོལ། །དམ་ཚིག་ཡོན་ནི་ཕུལ་ནས་ཀྱང༌། །དེ་ལྟར་གསོལ་བ་ལན་གསུམ་གདབ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །རྩ་བའི་སྔགས་ཀྱིས་བསང་གཏོར་བྱ། །སེམས་ནི་གཟེངས་བསྟོད་བྱ་བའི་ཕྱིར། །བུ་ཚུར་ཐེག་པ་ཆེན་པོ་ལས། །དེ་ལ་སོགས་པའི་ཚིགས་བཅད་བརྗོད། །དེ་ནས་གཞན་ཡང་བརྗོད་པ་ནི། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །དུར་ཁྲོད་ཆེན་པོའི་ཕོ་བྲང་དུ། །གནོད་སྦྱིན་བདུད་དང་སྲིན་པོའི་ཚོགས། །དེ་དག་འཇོམས་པར་མཛད་པ་ནི། །དྲག་པོ་ཆེན་པོའི་སྐུ་བཞེངས་ནས། །གདུག་པ་ཐམས་ཅད་གཞོམ་མཛད་པའི། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་བས་སློབ་མའི་མཆོག་ལ་ནི། །སྡོམ་པ་གཟུང་བར་བྱ་བའི་ཕྱིར། །ཆོ་ག་གཞན་ཡང་འབྱུང་བ་ཡིན། །སྐྱབས་འགྲོ་སེམས་བསྐྱེད་བྱས་ནས་ནི། །འདི་དག་གིས་ཀྱང་སྡོམ་པ་བཟུང༌། །གཙོ་བོ་དགྱེས་པའི་རྡོ་རྗེ་དང༌། །ནག་པོ་ཆེན་པོའི་དཀྱིལ་འཁོར་དུ། །


DTG028_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདག་གི་མིང་ནི་འདི་ཞེས་པ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་རིན་ཆེན་བསྲུང་བའི་ཕྱིར། །གདུག་པ་མ་ལུས་གཞོམ་པར་གྱིས། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །དམ་པ་བདག་གིས་བསྐྱེད་པར་བགྱི། །དུས་གསུམ་བཞུགས་པར་ལྡན་པ་ནི། །དམ་པ་བདག་གིས་ཐོབ་པར་བགྱི། །བདག་གིས་སྡོམ་པ་ལེགས་པར་གཟུང༌། །བདག་དང་གཞན་གྱི་དོན་གྱི་ཕྱིར། །གདུག་པ་ཐམས་ཅད་གདུལ་བར་བགྱི། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །རྣལ་འབྱོར་བརྒྱད་ནི་བསྲུང་བར་བགྱི། །དེ་ལྟར་སྡོམ་པ་བཟུང་ནས་ནི། །དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་ནས། །བདུད་རྩི་བ་ཡི་རྣམ་ལྔ་ཡིས། །མཎྜལ་གྲུ་བཞི་བྱས་ནས་ནི། །དབུས་སུ་པདྨ་འདབ་བརྒྱད་བྲི། །དེ་ནས་སོ་ཤིང་ཆོ་ག་བྱ། །མ་ཡོ་མ་གས་འབུས་མ་ཟོས། །སོར་ནི་བཅུ་གཉིས་ཚད་དུ་བྱ། །བདུད་རྩི་དྲི་ཡིས་བྱུགས་པ་ཡིས། །གནས་གསུམ་མེ་ཏོག་བཅིང་བར་བྱ། །ཡི་གེ་གསུམ་གྱིས་བྱིན་བརླབས་ཏེ། །རྩ་བའི་སྔགས་ཀྱིས་སློབ་མ་སྦྱིན། །སློབ་མ་མཎྜལ་སྟེང་བཞག་ནས། །ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ། །དཀྱིལ་འཁོར་ལྷ་ལ་སེམས་དམིགས་ཏེ། །ཡི་གེ་བཅུ་པ་བརྗོད་ནས་ནི། །སོ་ཤིང་དྲང་པོར་དོར་བར་བྱ། །སོ་ཤིང་དངོས་གྲུབ་མཚན་བལྟས་ཏེ། །དཀྱིལ་འཁོར་ཆོ་ག་གཞན་ཤེས་བྱ། །དེ་ནས་སློབ་མ་མདུན་བཀུག་ནས། །རྩ་བའི་སྔགས་ཀྱིས་མིང་བསྔགས་ཏེ། །གནས་གསུམ་དུ་ནི་བསྲུང་བར་བགྱི། །དེ་ནས་མདུན་གྱི་སློབ་མ་ལ། །ཐོད་པར་བདུད་རྩི་བླུགས་ནས་ནི། །སློབ་མ་ལ་ནི་འཐོར་འཐུང་སྦྱིན། །ཨོཾ་ཧྲཱིཿབི་ཤོ་དྷ་ཡ་སརྦ་པཱ་པཾ་ཙ་སཾ་ཤོ་དྷ་ཡ་བི་ཀལྤ་ན་ཨ་པ་ན་ཡ་ཧཱུཾ་ཕཊ། དེས་ནི་ལན་གསུམ་སྦྱིན་པར་བྱ། །དེ་ནས་སྐུད་པ་དམར་པོ་ལ། །ཀ་བ་ཙ་ཡི་སྔགས་ཀྱིས་ནི། །མདུད་པ་གསུམ་དང་ལྡན་པར་བྱ། །སྲུང་སྐུད་དཔུང་པ་གཡས་པར་གདགས། །རྩ་བའི་སྔགས་ཀྱིས་བསྔགས་པ་ཡི། །ཀུ་ཤ་གསུམ་ནི་སྦྱིན་པར་བྱ། །དེ་ནས། སློབ་མའི་སེམས་ནི་གཟེངས་བསྟོད་ཕྱིར། །ཨུ་དུམྺཱ་རའི་དཔེ་ཡིས་ནི། །ཆོས་ནི་ལེགས་པར་བཤད་པར་བྱ། །དེ་ནས་སློབ་མའི་མཆོག་གིས་


DTG028_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི། །སེམས་བསྐྱེད་སྔོན་དུ་སོང་བ་ཡིས། །ཡི་གེ་བཅུ་པ་བཟླས་པར་སྦྱིན། །དེ་ནས་དགའ་བའི་སེམས་ཀྱིས་ནི། །ནམ་མཁའི་མཐར་ནི་རྨི་ལམ་བརྟགས། །དེ་ལྟར་སྟ་གོན་བྱས་ནས་ནི། །དེ་ལྟར་རྡོ་རྗེ་སློབ་དཔོན་གྱིས། །སྟ་གོན་བྱས་པའི་དཀྱིལ་འཁོར་ལ། །མཆོད་པ་གཏོར་མ་དབུལ་བར་བྱ། །མིའི་སྐྲའི་སྐུད་པའི་ཐིག་གདབ་ཅེས་བྱ་བ་ནི། དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ཐིག་གི་ཆོ་ག་བརྩམ་པར་བྱ། །གོང་དུ་བྱིན་རླབས་རྣལ་འབྱོར་མས། །དུར་ཁྲོད་རས་དང་སྐྲ་བསྲེས་ཏེ། །ཐིག་སྐུད་ལེགས་པར་བཀལ་བར་བྱ། །དུར་ཁྲོད་ཚོན་གྱིས་ཁ་བསྒྱུར་ལ། །ཐོད་པ་ལྔ་ཡི་ནང་དུ་ནི། །བཞག་ནས་དཀྱིལ་འཁོར་དབུས་སུ་བཀོད། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །རོ་ཡི་གདན་ལ་བཞུགས་ནས་ནི། །ལྷ་ཡི་འཁོར་ལོ་རྫོགས་པར་བསྐྱེད། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཐིག་སྐུད་གནས་སུ་ཕོག་ནས་ནི། །རང་བཞིན་མེད་པར་དམིགས་པ་ལས། །ཨཱ་ལི་ཀཱ་ལི་ལས་བྱུང་བའི། །ཟླ་བ་ཉི་མའི་དབུས་སུ་ནི། །ཡི་གེ་ལྔར་ནི་དམིགས་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །བདེ་གཤེགས་སྤྱན་དྲངས་ནམ་མཁར་གཞག །དེ་ནས་མཆོད་པ་བྱས་ནས་ནི། །བདེ་གཤེགས་ལྔ་ཡི་བདག་ཉིད་དུ། །ཐིག་སྐུད་ལ་ནི་བསྟིམ་པར་བྱ། །ཨོཾ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ནང་གི་སྙིང་པོ་དང་ལྡན་ཏེ། །ཐུགས་ཀ་ནས་སྤྲོས་སྔགས་ཀྱིས་ནི། །ཟླ་བ་ཉི་མའི་དབུས་གནས་པར། །ཐིག་སྐུད་ལ་ནི་བསྟིམ་པར་བྱ། །དེ་ནས་ཐིག་སྐུད་གཅིག་ཏུ་བསྒྲིལ། །དཀྱིལ་འཁོར་དབུས་སུ་བཞག་ནས་ནི། །ཐིག་སྐུད་ཡོངས་སུ་གྱུར་པ་ལས། །དཔལ་ལྡན་ནག་པོ་ཆེན་པོར་བསྐྱེད། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་བསྟིམ། །དབང་བསྐུར་ཕྱི་ཡི་བཟླས་པ་བྱ། །མཆོད་གཏོར་དམ་ཚིག་བཟླས་པ་བྱ། །དེ་ནས་ནང་གི་སྙིང་པོ་ལ། །ཐུགས་ཀར་སྔགས་ཀྱི་འཁོར་ལོ་ཡི། །བཟླས་པ་སྟོང་ཕྲག་གཅིག་ཏུ་བྱ། །དེ་ནས་འོད་དུ་ཞུ་ནས་ནི། །ཡེ་ཤེས་སྐུད་པར་གྱུར་པར་བསམ། །དེ་ནས་བདག་དང་བཀའ་སྡོད་ཀྱི། །དཀྱིལ་འཁོར་ཐིག་གདབ་བརྩམ་པར་བྱ། །དེ་ནས་ཐིག་གིས་བསྐུལ་བ་ཡིས། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ། །


DTG028_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནམ་མཁའ་ལ་ནི་བཞུགས་སུ་གསོལ། །དེ་ཡི་དམ་ཚིག་བསྐུལ་བ་ནི། །འཇིག་རྟེན་ཁམས་རྣམས་ཐམས་ཅད་ཀྱི། །བདུད་སྡེ་མ་ལུས་འདུལ་བའི་ཕྱིར། །སངས་རྒྱས་ལ་སོགས་འགྲོ་དོན་དུ། །ཁྱེད་ཀྱི་དོན་ནི་ཡིན་ཞེས་བསྐུལ། །དེ་ནས་ཚངས་ཐིག་གདབ་པར་བྱ། །ཚངས་ཐིག་གི་ནི་ངོས་རེ་ལ། །སྲ་བའི་ཤིང་གིས་བར་གཞལ་ཏེ། །ཐིག་རྐང་ཉི་ཤུ་ཉི་ཤུ་གདབ། །རྟ་བབས་སྤྱིར་མཐུན་གཞན་ཤེས་བྱ། །དེ་ལྟར་ཐིག་རྣམས་གདབ་པ་དང༌། །ནམ་མཁར་སྤྱན་དྲངས་དཀྱིལ་འཁོར་དེ། །མཆོད་པས་མཆོད་ལ་ཐིག་ལ་བསྟིམ། །དེ་ནས་ཚོན་གྱི་ཆོ་ག་བརྩམ། །དུར་ཁྲོད་ཕ་གུ་ལ་སོགས་ལ། །དུར་ཁྲོད་ཚོན་ཞེས་བྱ་བ་ནི། །དེ་ཡང་དུར་ཁྲོད་ལས་བྱུང་ཚོན་གྱིས་སོ། །དུར་ཁྲོད་ཕ་གུ་དམར་པོ་དང༌། །ལྡོང་རོས་ཀྱིས་ནི་སེར་པོ་དང༌། །རྐུན་མའི་ལོ་མས་ལྗང་གུ་དང༌། །དཔའ་བོའི་རུས་པའི་དཀར་པོ་དང༌། །དུར་ཁྲོད་སོལ་བའི་ནག་པོའོ། །ཡང་ནི་ཚོན་གྱི་ཁྱད་པར་ནི། །དཔའ་བོའི་རུས་པའི་ཕྱེ་མ་ལ། །བདུད་རྩི་ལྔ་ཡིས་བསྲེས་ནས་སུ། །ཕྱི་ཡི་ཚོན་གྱིས་ཁ་དོག་བསྒྱུར། །དེ་ནས་ཐོད་པར་བླུགས་ནས་ནི། །དཀྱིལ་འཁོར་དབུས་ནས་རིམ་པར་གཞག །དེ་ནས་བདག་ཉིད་རྣལ་འབྱོར་པས། །ལྷ་ཡི་འཁོར་ལོ་རྫོགས་པར་བྱ། །དེ་ནས་ཐུགས་ཀྱི་འོད་ཟེར་གྱིས། །ཚོན་རྣམས་རང་བཞིན་མེད་པར་བྱ། །ཨཱ་ལི་ཀཱ་ལི་ལས་བྱུང་བའི། །ཟླ་བ་ཉི་མའི་དབུས་སུ་ནི། །བྷྲཱུཾ་ལ་སོགས་པའི་ཡི་གེ་བསམ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །དཀྱིལ་འཁོར་སྤྱན་དྲངས་ནམ་མཁར་གཞག ། མཆོད་པས་མཆོད་ལ་ཚོན་ལ་བསྟིམ། །དེ་ནས་ནང་གི་སྙིང་པོ་ཡིས། །བརྒྱ་ཕྲག་རེ་རེ་བསྟིམ་པར་བྱ། །ཐུགས་ཀའི་འོད་ཀྱིས་བསྟིམས་ནས་ནི། །དེ་དག་འོད་དུ་ཞུ་བར་གྱུར། །དམ་པའི་ཚོན་དུ་གྱུར་པར་བསམ། །དེ་ནས་དཀྱིལ་འཁོར་བྲི་བ་བརྩམ། །མཆོད་པ་གཏོར་མ་སྔོན་འགྲོ་བས། །ལྷ་ཡི་ང་རྒྱལ་རབ་ལྡན་པས། །དཀྱིལ་འཁོར་དམ་པ་བྲི་བར་བྱ། །དང་པོ་གཙོ་བོའི་ཕོ་བྲང་ནི། །དབུས་སུ་མེ་ཡི་དཀྱིལ་འཁོར་བྲི། །མུ་ཁྱུད་ཟླུམ་པོར་བྱ་བ་ན། །གྲི་གུག་གིས་ནི་འཁོར་ལོ་བྱ། །ཕྱི་རོལ་པདྨ་འདབ་བརྒྱད་ནི། །སྣ་ཚོགས་པ་དང་ལྡན་པར་བྱ། །དེ་


DTG028_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་དེ་ཡི་ཕྱི་རོལ་དུ། །གྲུ་ཆད་བཞི་ནི་བྱས་པ་ལ། །ཤར་ལ་སོགས་པའི་ཕྱོགས་སུ་ནི། །པདྨ་འདབ་མ་བརྒྱད་བརྒྱད་བྲི། །སུམ་ཅུ་རྩ་གཉིས་ཟླུམ་པོ་བྱ། །པདྨའི་ལྷ་ཡི་སྐུ་མདོག་བཞིན། །དེ་ནས་ཕྱི་རོལ་མུ་ཁྱུད་ལ། །འདབ་མ་བདུན་ཅུ་རྩ་གཉིས་ནི། །གྲུ་ཆད་ཉི་ཤུ་རྩ་བཞིར་བྱ། །མུ་ཁྱུད་གྲུ་ཆད་ཐོད་རློན་བྲི། །དེ་ནས་ཕྱི་རོལ་གཞལ་ཡས་ནི། །དཀྱིལ་འཁོར་སྤྱི་དང་མཐུན་པ་སྟེ། །དེ་ནས་ཕྱི་རོལ་དུར་ཁྲོད་ནི། །རྡོ་རྗེ་གྲི་གུག་ར་བར་ནི། །བར་དུ་ལེགས་པར་བྲི་བར་བྱ། །དུར་ཁྲོད་བརྒྱད་ཀྱི་དབུས་སུ་ནི། །འཇིགས་བྱེད་འཇིགས་བྱེད་མ་རྣམས་ཀྱི། །སྐུ་ནི་ལེགས་པར་བྲི་བར་བྱ། །ཐོད་པ་དཀར་པོ་གྲི་གུག་ནག་པོ་ཞེས་བྱ་བ་ནི་དབུས་ཀྱི་གཙོ་བོ་ལ་སོགས་པའི་ལྷ་རྣམས་ཀུན་གྱི་ཕྱག་མཚན་ཏེ། དབུས་ཀྱི་ཕོ་བྲང་ལ་སོགས་པའི། པདྨའི་འདབ་མ་ཐམས་ཅད་ལ། །ཉི་མའི་སྟེང་ན་རོ་ཡི་གདན། །སྙིང་གར་གྲི་གུག་ཐོད་པ་བྲི། །དེ་ལྟར་དཀྱིལ་འཁོར་བྲིས་པ་དང༌། །བུམ་པ་སྟ་གོན་གནས་པ་ཀུན། །སྤྱན་དྲངས་དཀྱིལ་འཁོར་གནས་སུ་དགོད། །དེ་ནས་མཆོད་དང་གཏོར་མ་ནི། །ལྷ་ཡི་གྲངས་སུ་ཚོགས་པར་བྱ། །དེ་ནས་རྣལ་འབྱོར་བདག་ཉིད་ནི། །དཀྱིལ་འཁོར་བསྒྲུབ་ལ་འཇུག་པར་བྱ། །བསམ་གཏན་དང་ལྡན་པར་བྱས་ལ་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་ནི་ཤར་ཕྱོགས་སུ། །དེ་ནས་རྡོ་རྗེ་སློབ་དཔོན་ནི། །བདུད་རྩི་ལྔ་ཡིས་ལུས་ཕྱུགས་ལ། །རོ་ཡི་གདན་ལ་འདུག་ནས་ནི། །ལྷ་ཡི་འཁོར་ལོ་རྫོགས་པར་བསྐྱེད། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །མདུན་དུ་དཀྱིལ་འཁོར་དག་པར་བྱ། །དེ་ནས་མདུན་གྱི་ནམ་མཁའ་ལ། །རཾ་སྐྱེས་ཉི་མའི་སྟེང་དུ་ཧཱུཾ། །ཧཱུཾ་ལས་གསལ་བར་སྤྲོ་བ་ནི། །ཁྲོ་བོ་ནག་པོ་ཆེན་པོ་བཅུ། །སྤྲོས་ནས་ཕྱོགས་བཅུའི་བགེགས་རྣམས་བཅོམ། །ཁྲོ་བོ་བགེགས་རྣམས་ཐམས་ཅད་ནི། །འོད་དུ་ཞུ་ནས་རྡོ་རྗེ་ཡི། །ར་བ་གུར་དང་ས་གཞིར་གྱུར། །དབུས་ཀྱི་ཧཱུཾ་ལས་འོད་ཟེར་ནི། །འཁོར་ལོའི་ནང་དུ་རབ་སྤྲོས་ཏེ། །གྲི་གུག་ར་བ་བླ་རེར་གྱུར། །དབུས་སུ་ཨེ་ཡི་རྣམ་པ་ལས། །ཆོས་ཀྱི་འབྱུང་གནས་བསམ་པར་བྱ། །དེ་དབུས་ཡཾ་ལས་རླུང་དཀྱིལ་འཁོར། །གཞུ་དབྱིབས་སྔོན་པོ་བ་དན་མཚན། །དེ་སྟེང་


DTG028_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རཾ་བྱུང་མེའི་དཀྱིལ་འཁོར། །ཟུར་གསུམ་དམར་པོ་རེ་ཕས་མཚན། །དེ་སྟེང་བཾ་ལས་ཆུའི་དཀྱིལ་འཁོར། །དཀར་པོ་ཟླུམ་པོ་བུམ་པས་མཚན། །དེ་སྟེང་ལཾ་བྱུང་བའི་དཀྱིལ་འཁོར། །གྲུ་བཞི་སེར་པོ་རྡོ་རྗེས་མཚན། །དེ་སྟེང་བྷྲཱུཾ་ལས་འཁོར་ལོ་སྟེ། །འཁོར་ལོའི་སྟེང་དུ་བྷྲཱུཾ་གྱིས་མཚན། །དེ་དག་ཡོངས་སུ་གྱུར་པ་ལས། །ལྷ་ཡི་གཞལ་ཡས་ཁང་རྫོགས་ཏེ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་ཡང་དག་ལྡན། །ཀ་བ་བརྒྱད་ཀྱིས་ཡང་དག་བརྒྱན། །དུར་ཁྲོད་རྒྱན་གྱིས་ཉེ་བར་བརྒྱན།། དཀྱིལ་འཁོར་དབུས་ཀྱི་ཕྱོགས་དག་ཏུ། །མེ་ཡི་དཀྱིལ་འཁོར་རབ་འཇིགས་འབར། །མེ་ཡི་དཀྱིལ་འཁོར་ཕྱི་རོལ་དུ། །གཞལ་ཡས་ཁང་དུ་དུས་མཚུངས་སུ། །པདྨའི་གདན་རྣམས་རྫོགས་པར་བསྐྱེད། །དེ་ལྟར་གཞལ་ཡས་ཁང་རྫོགས་ནས། །ནག་པོ་ཆེན་པོ་དང་མཁའ་འགྲོ་མའི་ཚོགས་བསྐྱེད་ལ་ཞེས་བྱ་བ་ནི། དཀྱིལ་འཁོར་གཞལ་ཡས་ཁང་དུ་ནི། །ལྷ་ཡི་འཁོར་ལོ་བསྐྱེད་པར་བྱ། །མེ་ཡི་དཀྱིལ་འཁོར་དབུས་སུ་ནི། །སྣ་ཚོགས་པད་སྟེང་ཉི་དཀྱིལ་འཁོར། །དེ་སྟེང་རོ་ཡི་གདན་ཉིད་དོ། །དེ་ནས་ལྷ་རྣམས་ཐམས་ཅད་ཀྱི། །གདན་ཡང་དེ་དང་མཚུངས་པར་བསྐྱེད། །དེ་ནས་རོ་ཡི་སྙིང་གར་ནི། །མེ་ལོང་ཡེ་ཤེས་རང་བཞིན་ནི། །ཨཱ་ལི་ལས་བྱུང་ཟླ་བ་བསམ། །དེ་སྟེང་ཉི་མའི་དཀྱིལ་འཁོར་ནི། །ཀཱ་ལི་ལས་བྱུང་མཉམ་ཉིད་དེ། །དེ་ཡི་དབུས་སུ་གནས་པ་ནི། །གྲི་གུག་ཡུ་བ་ཧཱུཾ་གིས་མཚན། །སོ་སོར་རྟོག་པའི་རང་བཞིན་ནོ། །ཐམས་ཅད་གཅིག་གྱུར་བྱ་ནན་ཏན། །གཟུགས་བརྙན་རྫོགས་པ་ཆོས་ཀྱི་དབྱིངས། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །གྲི་གུག་ཐོད་པ་ལག་ན་འཛིན། །འཇིགས་པ་ཆེན་པོའི་ཆ་བྱད་ཅན། །ཆར་སྤྲིན་མདོག་ལ་སྤྱན་གསུམ་འབར། །དེ་ལྟར་གཙོ་བོ་རྫོགས་པ་ཡི། །ཐུགས་ཀར་བཀའ་སྡོད་བསྐྱེད་པར་བྱ། །ཆོ་ག་གསུམ་གྱིས་རྫོགས་པའོ། །དེ་ནས་མཁའ་འགྲོ་མ་རྣམས་བསྐྱེད། །མཁའ་འགྲོ་མ་ཡི་གདན་རྣམས་ནི། །ཉི་མའི་སྟེང་ན་རོ་ཡི་གདན། །སྙིང་གར་ཧཱུཾ་ལས་སྐྱེས་པ་སྟེ། །ཀུན་ཀྱང་ཞལ་


DTG028_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཅིག་ཕྱག་གཉིས་མ། །སྐུ་མདོག་གོང་ནས་འབྱུང་བ་བཞིན། །།ཕྱག་མཚན་གྲི་ཕུག་ཐོད་པ་འཛིན། །སྤྱན་གསུམ་འཇིགས་པའི་ཆ་བྱད་ཅན། །ཐུགས་ཀྱི་རྡོ་རྗེ་ལས་སྤྲུལ་པའི། །མཁའ་འགྲོ་མ་ཡི་གདན་རྣམས་སུ། །ཕྱི་རོལ་ལྷ་མོ་བརྒྱད་མནན་ཏེ། །དཀར་མོ་ཆོམ་རྐུན་རོ་ལངས་མ། །དྲག་མོ་ལ་སོགས་ལྷ་མོ་བཞི། །གཽ་རཱི་ལ་སོགས་པ་ཡི་གདན། །ཚངས་མ་དབང་པོ་ཉེ་དབང་དྲག །ཙཎྜི་ཀ་ལ་སོགས་པ་བཞི། །བྱང་ཤར་ལ་སོགས་མཚམས་རྣམས་སུ། །པུཀྐ་སཱི་ལ་སོགས་པའི་གདན། །དམ་ཚིག་མཁའ་འགྲོ་ལ་སོགས་པ། །བརྒྱད་བསྐུམ་རོ་ཡི་སྟེང་ན་འགྱིང༌། །ལས་ཀྱི་མཁའ་འགྲོ་ཐམས་ཅད་ནི། །པུལླཱི་ར་ལ་སོགས་པ་ཡི། །གནས་ནི་ཉི་ཤུ་རྩ་བཞི་ན། །མཁའ་འགྲོ་བདུན་ཅུ་རྩ་གཉིས་དག །འཇིགས་པའི་གཟུགས་སུ་ཐམས་ཅད་བསྐྱེད། །གཏུམ་དྲག་ལ་སོགས་དུར་ཁྲོད་དུ། །ནག་པོ་དྲག་པོ་ལ་སོགས་པའི། །གནོད་སྦྱིན་ཆེན་པོ་བརྒྱད་རྣམས་ཀྱང༌། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ། །རོ་ཡི་སྟེང་ན་གར་གྱིས་གནས། །ཤར་ཕྱོགས་ནག་པོ་དྲག་པོ་ནི། །སྐུ་མདོག་ནག་པོ་ཆེར་འཇིགས་པ། །རལ་གྲི་ཐོད་པ་ལྕགས་ཀྱུ་འཛིན། །ལྷོ་ཕྱོགས་རྡོ་རྗེ་གཏུམ་པོ་ནི།། སྐུ་མདོག་སེར་པོ་མེ་ལྟར་འབར། །གྲི་གུག་ཐོད་པ་ཞགས་པ་འཛིན། །ནུབ་ཕྱོགས་རྡོ་རྗེ་རོ་ལངས་ནི། །སྐུ་མདོག་དམར་པོ་རབ་འཇིགས་པ། །གྲི་གུག་ཐོད་པ་ལྕགས་སྒྲོག་འཛིན། །བྱང་ཕྱོགས་རྡོ་རྗེ་ཀཱ་ལ་ནི། །སྐུ་མདོག་སྔོན་པོ་ཁྲོ་གཉེར་ཅན། །གྲི་གུག་ཐོད་པ་ཁྲག་འཐུང་ཚུལ། །བྱང་ཤར་ཕྱོགས་ཀྱི་བདག་པོ་ནི། །སྐུ་མདོག་སྟང་བིལ་མདོག་ལྟར་གནག །ཕྱག་ན་རྩེ་གསུམ་ལ་ཕུག་འཛིན། །ཤར་ལྷོ་གནོད་སྦྱིན་རུ་རུ་ནི། །སྐུ་མདོག་དཀར་པོ་ཁྲོ་གཉེར་ཅན། །ཕྱག་ན་རྡོ་རྗེ་ཐོད་ཁྲག་འཁྲུག །ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་ན། །གནོད་སྦྱིན་གར་མཁན་མཆོག་གནས་ཏེ། །སྐུ་མདོག་སྨུག་ནག་འཇིགས་པའི་གཟུགས། །ཕྱག་ན་དགྲ་སྟ་ཐོད་པ་འཛིན། །ནུབ་བྱང་མཚམས་ཀྱི་དུར་ཁྲོད་ན། །ལྕགས་ཀྱི་སྨེ་བ་ཅན་གནས་ཏེ། །སྐུ་མདོག་ནག་པོ་ཆེར་འཇིགས་པ། །ཕྱག་ན་གྲི་གུག་ཐོད་པ་འཛིན། །གཞན་ཡང་


DTG028_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤར་ཕྱོགས་ལ་སོགས་པའི། །ཁྭ་གདོང་ལ་སོགས་འཇིགས་བྱེད་མ། །གནག་དང་སེར་དང་དམར་དང་སྔོ། །དེ་ལྟར་སྐུ་མདོག་འཇིགས་གཟུགས་མ། །གྲི་གུག་ཐོད་པ་ལག་ན་འཛིན། །བྱང་ཤར་མཚམས་སོགས་དུར་ཁྲོད་ན། །གཤིན་རྗེ་ཕོ་ཉ་མོ་ལ་སོགས། །སྣ་ཚོགས་མདོག་ཅན་ཁྲོ་མོའི་གཟུགས། །གྲི་གུག་ཐོད་པ་ལག་ན་འཛིན། །གཞན་ཡང་དུར་ཁྲོད་དེ་རྣམས་ན། །ཤིང་དང་ཕྱོགས་སྐྱོང་ཀླུ་རྣམས་དང༌། །སྤྲིན་གྱི་བདག་པོ་བསམ་པར་བྱ། །ཤི་རི་ཥ་དང་ཙུ་ད་དང༌། །ཀ་ཀོ་ལེ་དང་ཨ་ཤྭ་སྟེ། །ཤར་ལ་སོགས་པར་རིམ་པར་གནས། །འབར་ར་ཀརྩ་གརྣ་དང༌། །འབའ་དང་ལ་ཏི་ཀརྟི་ཡི། །བྱང་ཤར་ལ་སོགས་མཚམས་ན་གནས། །དབང་པོ་དང་ནི་གཤིན་རྗེ་དང༌། །ཀླུ་ཡི་བདག་པོ་བཞིན་བདག་དང༌། །ཤར་ལ་སོགས་པའི་ཕྱོགས་ན་གནས། །དབང་ལྡན་དང་ནི་བྱིན་ཟ་དང༌། །སྲིན་པོའི་དབང་པོ་ཀླུ་ནག་པོ། །བྱང་ཤར་ལ་སོགས་མཚམས་ན་གནས། །ནོར་རྒྱས་དང་ནི་པདྨ་དང༌། །སྟོབས་ཀྱི་རྒྱུ་དང་འཇོག་པོ་དང༌། །ཤར་ལ་སོགས་པའི་རིམ་པས་གནས། །པདྨ་ཆེན་པོ་ཧུ་ལུནྟ། །རིགས་ལྡན་དང་ནི་དུང་སྐྱོད་རྣམས། །བྱང་ཤར་ལ་སོགས་མཚམས་ན་གནས། །སྒྲ་ནི་དྲག་དང་འཁྱིལ་བ་དང༌། །བདུན་པ་ཅན་དང་རྨུགས་པ་དང༌། །ཤར་ལ་སོགས་པའི་རིམ་པས་གནས། །འཁྲིགས་པ་དང་ནི་གང་བ་དང༌། །འབབ་པ་དང་ནི་དྲག་པོ་ནི། །བྱང་ཤར་ལ་སོགས་མཚམས་ན་གནས། །འབྱུང་པོ་དེ་དག་ཐམས་ཅད་ཀྱང༌། །ཀུན་ཀྱང་འཇིགས་པའི་གཟུགས་ཅན་ཏེ། །གྲི་གུག་ཐོད་པ་ལག་ན་འཛིན། །གཞན་ཡང་དུར་ཁྲོད་དེ་དག་ན། །འཇིགས་པའི་གཟུགས་ཀྱི་རོ་ལངས་དང༌། །འབྱུང་བོ་མང་པོ་འདུས་པ་སྟེ། །ཅེ་སྤྱང་སྒྲ་ནི་སྒྲོགས་པའོ། །དེ་ལྟར་དུར་ཁྲོད་ཐམས་ཅད་ཀྱང༌། །ཆོ་གས་རྫོགས་པར་བསྐྱེད་ནས་སུ། །ནམ་མཁའ་ལས་བྱུང་བའི་དཀྱིལ་འཁོར་བསྟིམ་ཞེས་བྱ་བ་ནི། ནམ་མཁའ་ལས་བྱུང་ཆོས་སྐུ་ཡིན། །དཀྱིལ་འཁོར་ལོངས་སྤྱོད་རྫོགས་པར་བཤད། །བསྟིམ་པར་སྤྲུལ་པས་འགྲོ་དོན་བྱེད། །ད་ཡང་འདི་ལྟར་བྱ་བ་སྟེ། །གཙོ་བོའི་ཐུགས་ཀའི་འོད་ཟེར་ནི། །ཕྱག་


DTG028_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་བཞི་དང་ལྡན་བ་ཡིས། །དཀྱིལ་འཁོར་དགུག་ཅིང་དགྱེས་པར་བྱ། །དེ་ནས་རྒྱུད་ནས་འབྱུང་བ་ཡི། །བདེ་གཤེགས་དབང་བསྐུར་རྒྱས་གདབ་བྱ། །མཆོད་པ་དང་གཏོར་མ་ཞེས་བྱ་བ་ནི། མཐུན་པའི་རྫས་ནི་ཐམས་ཅད་ལ། །མཆོད་པ་གཏོར་མ་བྱས་ནས་སུ། །དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ལ། །རྩ་བའི་སྔགས་ཀྱིས་དབུལ་བར་བྱ། ཁྱད་པར་གྱི་མཆོད་པ་ཞེས་བྱ་བ་ནི། ཆོ་ག་བྱས་པའི་ལ་དུ་ལ། །ཁྱད་པར་སྤོས་ཀྱི་མཆོད་པས་མཆོད། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ལ། །ཅང་ཏེའུ་སྒྲ་དཀྲོལ་བསྟོད་པ་བྱ། །ཧཱུཾ་ཆོས་དབྱིངས་སྟོང་ཉིད་གཉིས་མེད་དང་ཉིད་ལས། །འཇིག་རྟེན་གདུག་པ་འཇོམས་པའི་ཚུལ་མི་སྤོང༌། །ཐབས་ལ་མཁས་པས་ནག་པོའི་སྐུར་སྟོན་པ། །ནག་པོ་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད། །མི་ཐུང་སྒེག་པོ་སྤྲིན་གྱི་མདོག་ལྟ་བུ། །སྐུ་ཡི་ཆ་ལུགས་ཟ་བྱེད་རྡམ་སྟབས་ཅན། །གདུག་པ་འདུལ་མཛད་མཚོན་ཆ་ཕྱག་ན་བསྣམས། །ཀླུ་བརྒྱད་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །ལྷག་པར་རོལ་པའི་ཡེ་ཤེས་སྟོབས་མཛད་ཅིང༌། །གསུང་གིང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་མཛད་ལ་ཕྱག་འཚལ་བསྟོད།། གདུག་པའི་སྤྲུལ་པ་སྣ་ཚོགས་འགྱེད་མཛད་པའི། །སྲིན་པོའི་གཟུགས་འཆང་མི་བཟད་དྲག་པོའི་སྐུ། །འཇིགས་བྱེད་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཉོན་མོངས་མ་ལུས་གཏན་ནས་འཇོམས་མཛད་པའི། །གནོད་སྦྱིན་གདུག་པའི་ཁ་ནས་ཁྲག་འཛག་པའི། །རྡམ་པའི་མཆེ་བ་གཙིགས་ལ་ཕྱག་འཚལ་བསྟོད། །དཔའ་བོ་སྟང་སྟབས་བརྐྱང་བསྐུ་མ་རོ་ཡི་གདན། །བསྐལ་པའི་ཡེ་ཤེས་མེ་དཔུང་འབར་བའི་སྐུ། །སྟག་ལྤགས་ཤམ་ཐབས་མཛད་ལ་ཕྱག་འཚལ་བསྟོད། །དབུ་སྐྲ་ཁམས་སེར་གྱེན་དུ་འཁྱིལ་མཛད་ཐོད་པའི་དབུ་རྒྱན་ཅན། །སྔགས་ཀྱི་ཡོན་ཏན་རྫོགས་མཛད་དྲག་པོའི་གདན། །སྤྲུལ་ནག་ཆུན་པོས་བརྒྱན་ལ་ཕྱག་འཚལ་བསྟོད། །ཉི་ཟླ་འབར་བའི་སྤྱན་གསུམ་སྡང་མིག་གིས། །ཁམས་གསུམ་མ་ལུས་དབང་དུ་སྡུད་མཛད་ཅིང༌། །བགེགས་དཔུང་སྲེག་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། །གཏུམ་


DTG028_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །མ་རིག་ལ་སོགས་གཅོད་པའི་གྲི་གུག་འཛིན། །ནག་པོ་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །ལྷ་ཡི་ཐོད་པར་ལྷ་མིན་ཁྲག་འཛིན་པ། །གདུག་པ་འཇོམས་ཕྱིར་དཀྲུག་འཐུང་རྒྱུ་ནེ་མི་འཆད། །གསང་སྔགས་དངོས་གྲུབ་སྦྱིན་མཛད་ཕྱག་འཚལ་བསྟོད། །དུར་ཁྲོད་བདག་པོ་མངའ་གསོལ་མ་མོས་སྐོར་མཛད་པའི། །དཔལ་ལྡན་ནག་པོ་རབ་ཏུ་འབར་བའི་སྐུ། །བསྟན་པ་བསྲུང་བར་སེམས་བསྐྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས། །བསྟན་པ་བསྲུང་བར་བྱིན་བརླབས་པའི། །ལྷ་ཡི་དམག་དཔོན་ཁྱོད་ལ་བསྟོད། །གསང་བ་གསུམ་ལས་བྱུང་བའི་ནག་པོ་ཆེན་པོ་ཁྱོད། །མཁའ་འགྲོ་གཙོ་མཛད་མཁའ་ལ་རྒྱུ་མཛད་པའི། །ཚོགས་ཀྱི་བདག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྲིད་པ་གསུམ་གྱི་གདུག་པ་འཇོམས་མཛད་པའི། །གྲོང་ཁྱེར་སུམ་བརྩེགས་འཇིག་མཛད་ནག་པོ་ཆེ། །མ་མོའི་ཚོགས་བསྐོར་ཁྱོད་ལ་ཕྱག་འཚལ་བསྟོད། །རང་གི་རང་བཞིན་ཆགས་དང་རྣམ་བྲལ་ཡང༌། །གདུག་པ་འདུལ་ཕྱིར་ཁྲོ་དང་ཁྲོ་མཛད་པའི། །ནག་པོ་གཏུམ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྱི་རོལ་ཚངས་མ་དཀར་མོ་ལ་སོགས་བརྒྱན། །དེ་ཡི་གཉེན་པོར་ཉིད་སྐུར་སྤྲུལ་པ་ཡི། །སྣ་ཚོགས་གཟུགས་འཆང་འཇིགས་པ་ཆེན་པོའི་སྐུ། །གྲི་གུག་ཐོད་པ་དྲག་པོ་སྟེ། །ཐུགས་ཀྱི་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །དམ་ཚིག་ཆེན་པོའི་བདག་ཉིད་འཛིན། །གསོད་བྱེད་མ་ལ་སོགས་པ་ཡི། །མཁའ་འགྲོ་སུམ་ཅུ་རྩ་གཉིས་དག །གཙོ་བོའི་དམ་ཚིག་མི་སྤོང་ཞིང༌། །གདུག་པ་མ་ལུས་འཇོམས་མཛད་པའི། །དྲག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །གསང་དང་གནས་པའི་ཕོ་བྲང་ནི། །ཉི་ཤུ་རྩ་གཉིས་བདག་ཉིད་དེ། །པུལླཱི་ར་ལ་སོགས་པ་ཡི། །གསང་བའི་གནས་ནི་དེ་དག་ན། །ཕྲིན་ལས་རྫོགས་པར་བྱེད་པ་ཡི། །ཀུན་ཀྱང་ལས་ཀྱི་བདག་མོ་སྟེ། །ཁྲག་འཐུང་མ་ལ་སོགས་པ་ཡི། །མཁའ་འགྲོ་བདུན་ཅུ་རྩ་གཉིས་དག །ཀུན་ཀྱང་འཇིགས་པའི་གཟུགས་


DTG028_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན་གྱིས། །ཕྲིན་ལས་ཐམས་ཅད་མྱུར་འགྲུབ་པའི། །མཁའ་འགྲོ་ཁྱོད་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་ཆེན་པོ་ལ་གནས་པའི། །ནག་པོ་དྲག་པོ་ལ་སོགས་གནོད་སྦྱིན་བརྒྱད། །འཇིགས་བྱེད་ཆེན་པོའི་གཟུགས་ཀྱིས་གནས་པ་སྟེ། །འགྲོ་བ་མ་ལུས་སྒྲོལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྭ་གདོང་ལ་སོགས་འཇིགས་བྱེད་མ་ཡི་ཚོགས། །དུར་ཁྲོད་གནས་ནས་མཚན་མོ་རྒྱུ་བས་སྣ་ཚོགས་སྤྲུལ་པའི་བདག །འགྲོ་བའི་སྲོག་འཕྲོག་འཇིགས་པའི་གཟུགས་འཆང་ཁྱེད་ལ་ཕྱག་འཚལ་བསྟོད། །འཁོར་གྱི་ཆོགས་སུ་གྱུར་པ་ཐམས་ཅད་ཀྱིས། །གཙོ་བོའི་འཁོར་ལོ་ཀུན་ནས་མི་སྤོང་ཞིང༌། །དམ་ཚིག་ཆེན་པོར་གནས་པ་ཁྱོད་ལ་བསྟོད། །དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཕོ་བྲང་ན། །ཉི་ཤུ་རྩ་བཞི་དྲག་པོའི་ཚོགས་རྣམས་ཀྱིས། །དུས་གསུམ་དུར་ཁྲོད་གནས་རྣམས་སྐོར་མཛད་པའི། །ནག་པོ་དྲག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སློབ་དཔོན་སྨོད་བྱེད་དང༌། །ཐེག་ཆེན་བསྟན་པ་འཇིག་བྱེད་པ། །གདུག་པ་མ་ལུས་འདུལ་མཛད་པའི། །ནམ་མཁའི་འཁོར་ལོ་རབ་བཞུགས་ཏེ། །གར་མཁན་ཁྱོད་ལ་ཕྱག་འཚལ་བསྟོད། །ཤ་གཏུབས་ཁྲག་ནི་འཐུང་མཛད་པའི། །རང་བཞིན་གསང་སྔགས་རྫོགས་མཛད་པའི། །འཇིགས་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །རི་རབ་རྩེ་ཡི་གཙོ་ཆེན་པོ། །ལྷ་མིན་དམག་དཔུང་འཇོམས་མཛད་པའི། །དཔལ་ལྡན་འཁོར་སྐྱོང་ཁྱོད་ཕྱག་འཚལ། །གཏུམ་པའི་སྐུ་འཆང་ཤ་ཆེན་ཟ་བྱེད་པ། །ཐོད་པའི་དོ་ཤལ་སྔགས་ཀྱི་ཕྲེང་བས་བརྒྱན། །མི་བཟད་གཏུམ་པོ་ཁྱོད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ནག་པོ་ཆེན་པོ་ཡིས། །བདག་གི་བསྟན་པ་བསྲུང་བར་གྱིས། །དེ་ལྟར་བསྟོད་ནས། སོ་སོའི་ཐུགས་ཀར་དམ་ཚིག་བསྙེན་པ་བསྐྱལ་ཏེ། དེ་ནས་ལྷ་རྣམས་ཐམས་ཅད་ཀྱི། །ཐུགས་ཀར་ནང་གི་སྙིང་པོ་ཡིས། །བསྙེན་པ་འབུམ་ཕྲག་བསྐྱལ་པར་བྱ། །དེས་ནི་རྟགས་ནི་ཐོབ་པ་སྟེ། །དུས་གསུམ་དུ་ཞེས་བྱ་བ་ནས་ཞལ་མཐོང་བར་ནི་གོ་སླའོ། །དེ་ལྟར་རྡོ་རྗེ་སློབ་དཔོན་གྱིས། །བསྙེན་པ་རྫོགས་པའི་དཀྱིལ་འཁོར་དུ། །སློབ་མ་གཞུག་པ་བརྩམ་


DTG028_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་བྱ། །སློབ་མའི་མཆོག་ཏུ་གྱུར་པ་དེས། །ཡོལ་བའི་ཕྱི་རོལ་གནས་ནས་ནི། །ལག་གཉིས་མེ་ཏོག་བཟུང་བྱས་ལ། །བླ་མའི་མདུན་དུ་མཎྜལ་དབུལ། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །རྡོ་རྗེ་ཆེན་པོའི་བདག་ཉིད་ཁྱོད། །དཔལ་ལྡན་ནག་པོ་ཆེན་པོ་ཡིས། །གསང་བའི་འཁོར་ལོའི་ཕོ་བྲང་དུ། །དེ་བཞིན་བདག་ནི་གཞུག་ཏུ་གསོལ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །རྩ་བའི་སྔགས་ཀྱིས་བསང་གཏོར་བྱ། །དུར་ཁྲོད་རས་ཀྱིས་གདོང་གཡོགས་ལ། །སློབ་མ་མདུན་དུ་གཞུག་པར་བྱ། །སློབ་མས་ཡོན་མཆོག་ཕུལ་ནས་ནི། །གོང་དུ་གསུངས་པའི་བསྟོད་པ་ཡིས། །སློབ་མས་དཀྱིལ་འཁོར་ལྷ་ལ་བསྟོད། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །སྡོམ་པ་བཟུང་བའི་ཆོ་ག་ཡིས། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་འཁོར་ལོ་ཡིན་པ་སྟེ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །བསྟན་པ་བསྲུང་བར་སེམས་བསྐྱེད་ཅིག །སློབ་མས་གསོལ་བ་གདབ་པར་བྱ། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །དཔལ་ལྡན་ནག་པོ་ཆེན་པོ་དང༌། །མཁའ་འགྲོའི་དཀྱིལ་འཁོར་འཁོར་ལོའི་བདག །དེ་བཞིན་བདག་ལ་དབབ་ཏུ་གསོལ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ནག་པོ་ཆེན་བོ་ལ་སོགས་པའི། །དཀྱིལ་འཁོར་འཁོར་ལོ་སྤྱན་དྲངས་ནས། །སློབ་མའི་སྙིང་གར་གཞུག་པར་བྱ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ན་ཙཀྲ། །ཨཱ་དཪྴ་ཡ་ཏོ་བྷ་ཡ། རཱ་རཱ་རཱ་རཱ། བ་ལ་ཡ་ཙི་ཏཱ་ཡ། ཧཱུཾ་ཧ་ཡ་ཨཱ་ཛྷཻ། སློབ་མ་ཁྲོ་གཉེར་བཞིན་གྱུར་ནས། །དྲག་པའི་སྔགས་ནི་བརྗོད་པ་དང། །བརྟུལ་ཞུགས་གར་ནི་བྱེད་པར་འགྱུར། །ཨོཾ་གཱ་གཱ་མ་ཏེ་ཏེ་བཛྲས་བརྟན་པར་བྱ། །སློབ་མ་ཤར་དུ་གནས་ནས་ནི། །སློབ་དཔོན་གྱིས་ནི་གཞུག་པར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་དང༌། །འཁོར་ལོའི་དཀྱིལ་འཁོར་ཐམས་ཅད་དུ། །གསང་བའི་ཕོ་བྲང་ཆེན་པོར་ནི། །བདག་གིས་སློ་བ་མ་གཞུག་པར་བྱ། །སློབ་མས་རིག་པའི་མེ་ཏོག་ནི། །དཀྱིལ་འཁོར་དབུས་སུ་གཏོར་བར་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཡ་པྲ་ཏི་ཛ་བཛྲ་ཧོཿ་ཡིས་སོ། །དེ་ནས་གདོང་གཡོགས་ཕུད་ནས་ནི། །དཔལ་ལྡན་ནག་པོ་ཆེན་པོ་དང༌། །ཐུགས་ཀྱི་


DTG028_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་བརྒྱད་ཀྱི་འཁོར། །དམ་ཚིག་ལས་བྱུང་སུམ་ཅུ་གཉིས། །ལས་ཀྱི་བདུན་ཅུ་རྩ་གཉིས་ཏེ། །ཐུགས་ཀྱི་འཁོར་ལོ་བརྒྱད་ཀྱི་འཁོར། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཞེས་བྱ་བ་ལ་སོགས་པས། །དཀྱིལ་འཁོར་དམ་པ་བསྟན་པར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་དང༌། །དམ་ཚིག་འཁོར་ལེ་ཐམས་ཅད་ཀྱིས། །དབང་བསྐུར་བ་ནི་བདག་ལ་སྩོལ། །དེ་ནས་བདག་པོ་སློབ་དཔོན་གྱིས། །ལྷ་ཡི་འཁོར་ལོ་རབ་གསལ་ཏེ། །ལས་ཀྱི་བུམ་པས་བགེགས་བསྐྲད་དེ། །གཙོ་བོའི་བུམ་པས་དབང་བསྐུར་བྱ། ཨོཾ་མ་ཧཱ་ཀཱ་ལཱ་ཡ། ཨཱ་དཪྴ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ། ཐོད་རུས་ལས་བྱུང་དབུ་རྒྱན་ལ། །རིན་ཆེན་བདག་པོ་བསྐྱེད་པར་བྱ། །ཐུགས་ཀར་ནག་པོ་ཆེན་པོ་ནི། །ཡན་ལག་གོ་ཆ་ཀུན་བྱས་ཏེ། །སྤྱི་བོར་དབང་བསྐུར་སྦྱིན་པར་བྱ། །ཨོཾ་མ་ཧཱ་ཀཱ་ལཱ་ཡ། ས་མནྟཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཏྲཱཾ། རྡོ་རྗེ་སྣང་བ་མཐའ་ཡས་སུ། །བསྐྱེད་ནས་ནག་པོ་ཆེན་པོ་ནི། །ཐུགས་ཀར་ཡང་དག་གནས་པར་བྱ། །དེ་ནས་དབང་བསྐུར་སྦྱིན་པ་ནི། །ཨོཾ་མ་ཧཱ་ཀཱ་ལཱ་ཡ། པྲ་ཏྱ་བེཀྵ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱི། དྲིལ་བུ་དོན་ཡོད་གྲུབ་པར་ནི། །བསྐྱེད་ནས་ཐུགས་ཀར་རིགས་བདག་བསམ། །ཡན་ལག་ཆོ་ག་ཀུན་བྱས་ཏེ། །དེ་ནས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཀྲྀ་ཏ་ཨ་ནུ་སྠཱ་ན་ཨ་བྷི་ཥིཉྩ་ཁཾ། དེ་ནས་བདག་གི་ལྷ་ཡིས་ནི། །མིང་གི་དབང་འདི་བསྐུར་བྱ་སྟེ། །བུམ་པ་ལ་སོགས་རྫས་ཚོགས་ནས། །ཨོཾ་མ་ཧཱ་ཀཱ་ལཱ་ཡ་དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཤྲོ་ན་མ་ཨ་བྷི་ཥེ་ཀ་ཏ་ཨོཾ། དཔལ་དང་རྡོ་རྗེ་མཐའ་ཡས་ཀྱི། །མིང་གི་དབང་ནི་བསྐུར་བར་བྱ། །དེ་ནས་སློབ་མ་མཆོག་གི་ནི། །ཡོན་གྱི་མཆོག་ཕུལ་གསོལ་བ་གདབ། །ནམ་མཁའ་ལས་བྱུང་རྡོ་རྗེའི་སྐུ། །དེ་བཞིན་བདག་ལ་སྩལ་དུ་གསོལ། །དཔལ་ལྡན་ནག་པོ་ཆེན་པོ་དང༌། །དཔའ་བོ་མཁའ་འགྲོ་མ་རྣམས་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དབང༌། །དབང་བསྐུར་བ་ནི་བདག་ལ་སྩོལ། །གདུག་པ་མ་ལུས་བསྒྲལ་བ་དང༌། །བདེ་གཤེགས་བསྟན་པ་བསྲུང་བའི་ཕྱིར། །བདག་ནི་རྟག་པར་སློབ་དཔོན་བགྱི། །དེ་ནས་སློབ་མའི་སྙིང་གར་ནི། །ཧཱུཾ་གི་ཡི་གེ་གསལ་བར་བསམ། །དེ་ནས་ཐུགས་


DTG028_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀའི་འོད་ཟེར་གྱིས། །བསྐུལ་ནས་ནག་པོའི་སྐུར་བསྐྱེད་དེ། །སློབ་མའི་ཐུགས་ཀར་བཀའ་སྡོད་བསམ། །དེ་ནས་ཡེ་ཤེས་སེམས་དཔའ་ནི། །ཕྱག་རྒྱ་བཞི་ཡི་སྦྱོར་བས་བསྟིམ། །དེ་ནས་བུམ་པ་ལ་སོགས་པའི། །དབང་བསྐུར་བ་ནི་སྦྱིན་པར་བྱ། །དེ་ནས་གྲི་གུག་ཐོད་པ་སྦྱིན། །ཡེ་ཤེས་འབར་བའི་བདག་ཉིད་དེ། །ཉོན་མོངས་མ་ལུས་གཅོད་པའི་མཆོག །བདུད་ཁྲག་འབྱུང་བའི་ཀ་པཱ་ལ། །དཔའ་བོའི་རྟགས་སུ་སྦྱིན་པར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་ཡིས། །ཅོད་པན་ལ་སོགས་ཕྱག་རྒྱ་དྲུག །སྐུ་ཡི་རྟགས་སུ་སྦྱིན་པར་བྱ། །དུར་ཁྲོད་སྔགས་ཚས་བྲིས་པ་ཡིས། །པུསྟི་གསུང་གི་རྟགས་སུ་སྦྱིན། །དུང་དང་མདའ་གཞུ་སྦྱིན་པར་བྱ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ཐུགས་ཀའི་ཧཱུཾ་ལས་རབ་སྤྲོས་ཏེ། །རྩ་བའི་སྙིང་པོའི་སྔགས་དང་ནི། །ནང་གི་སྙིང་པོ་རབ་སྤྲོས་ཏེ། །སློབ་མའི་སྙིང་གར་བསྟིམ་པར་བྱ། །སྔགས་རེ་སྟོང་ཕྲག་རེ་རེ་བསྟིམ། །དེ་ནས་ཤ་ལྔ་བདུད་རྩི་ལྔ། །དམ་ཚིག་ཆོ་གས་སྦྱིན་པར་བྱ། །དེ་ནས་རྡོ་རྗེ་རྩེ་མོ་ཡིས། །འབར་བའི་བསམ་གཏན་བརྟན་ནས་ནི། །རྗེས་སུ་གནང་བ་སྦྱིན་པར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ནི། ཁྱོད་ཀྱིས་རྟག་ཏུ་གོམས་པར་གྱིས། །དངོས་གྲུབ་ཐམས་ཅད་ཁྱོད་མངོན་གྱུར། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །དམ་ཚིག་ཐམས་ཅད་སྤྱོད་པར་གྱིས། །གསད་པ་ལ་སོགས་ལས་ཀྱི་ཚོགས། །གདུག་པ་འདུལ་ཕྱིར་གྲུབ་པར་གྱིས། །དེ་ནས་དཀྱིལ་འཁོར་ཤར་ཕྱོགས་སུ། །རོ་ཡི་གདན་ལ་རབ་འདུག་སྟེ། །གྲི་གུག་ཐོད་པ་ཐོགས་ནས་ནི། །ཤར་ལ་སོགས་པར་མངོན་ཕྱོགས་ནས། །སློབ་མའི་མིང་ནི་འདི་ཞེས་བྱ། །རྡོ་རྗེ་རིགས་ལ་སོགས་པ་ཡི། །དེ་བཞིན་གཤེགས་པ་ཐམས་ཅད་དང༌། །མགྲིན་པ་གཅིག་ཏུ་ལུང་བསྟན་ནི། །དེ་ལྟར་ང་ཡིས་ལུང་བསྟན་པ། །དཔལ་ལྡན་ནག་པོ་ཆེན་པོ་དང༌། །མཁའ་འགྲོ་འཁོར་ལོ་ཐམས་ཅད་ནི། །དང་པོ་མཆོག་ཏུ་བསྒྲུབ་པའི་ཕྱིར། །མགྲིན་པ་གཅིག་ཏུ་ལུང་བསྟན་ཏོ། །སྲིད་པ་གདུག་པ་འདུལ་མཛད་པའི། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ན་མ་སྶརྭ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུ་ར་བྷུ་བ་


DTG028_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྭཱཿ་དེ་ལྟར་ལུང་བསྟན་རྫོགས་པ་དང༌། །སེམས་ཀྱི་གཟེངས་ནི་བསྟོད་པར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་དཀྱིལ་འཁོར་གྱི། །ཁྱོད་ནི་བདག་པོར་གྱུར་པ་དེ། །འཁོར་ལོ་གསུམ་ལ་གནས་པ་ཡི། །མཁའ་འགྲོ་མ་རྣམས་ཐམས་ཅད་ཀྱི། །ཁྱོད་ཀྱིས་བསྒོ་བའི་ལས་རྣམས་བྱེད། །གསད་པ་ལ་སོགས་ལས་རྣམས་ནི། །བརྩམས་པ་ཙམ་གྱིས་ཐོགས་མེད་འགྱུར། །དེ་ལྟར་ཆོ་ག་རྫོགས་པ་དང༌། །རྒྱུད་ཀྱི་དོན་ནི་བཤད་པར་བྱ། །འདི་ཡི་ཆོ་གའི་ཁྱད་པར་ནི། །མ་འབྱུང་འབྱུང་བར་མི་འགྱུར་ཏེ། །འདི་ནི་དམ་པས་བླང་བར་བྱ། །དེ་སྐད་ཅེས་བཀའ་སྩལ་ཏེ་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་དོན་བསྡུས་ཏེ་བཤད་པའི་ཕྱིར་རོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནས་བཀའ་སྩལ་པ་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་པར་བྱ་སྟེ་གོ་སླའོ། །ས་ལ་དཀྱིལ་འཁོར་བྲི་ཞེས་བྱ་བ་ནི་གོང་དུ་བསྟན་པའི་དཀྱིལ་འཁོར་ཏེ་བསྒྲུབ་པར་བྱ་བའི་ཆེད་དུ་བཞེས་པའོ། །རོ་བསྲེགས་ཤིང་ཞེས་བྱ་བས་ནི། །དབང་བསྐུར་བྱ་སྟེ་དེ་ཡང༌། །དུར་ཁྲོད་གནས་སུ་སོང་ནས་ནི། །བདུད་རྩིས་མཎྜལ་བྱས་ནས་སུ། །དེ་སྟེང་རོ་བསྲེགས་ཤིང་བཞག་ནས། །ལྷ་ཡི་འཁོར་ལོ་རྫོགས་བྱས་ཏེ། །ཐུགས་ཀའི་འོད་ཟེར་རབ་སྤྲོས་པས། །དཔལ་ལྡན་ནག་པོ་སྤྱན་དྲངས་བསྟིམ། །ཡན་ལག་ཆོ་ག་བྱས་ནས་ནི། །མཆོད་པ་གཏོར་མ་དབུལ་བར་བྱས། །དེ་ནས་ནང་གི་སྙིང་པོ་ཡིས། །བསྙེན་པ་སྟོང་ཕྲག་གཅིག་ཏུ་བྱ། །དེར་ནི་སྐུ་ཡི་མཐོ་གང་ཚད། །ལེགས་པར་བྱས་ཏེ་རབ་གནས་བྱ། །ཆད་པའི་ས་དང་གྲི་རུས་ལ། །ཞེས་བྱ་བ་ནི་ལྡེར་སོ་ཞེས་བྱ་བ་སྟེ་ཆོ་ག་ནི་གོང་མ་དང་མཚུངས་སོ། །དུར་ཁྲོད་གནས་ཞེས་བྱ་བ་ནི་གོང་དུ་བསྟན་པའི་གནས་ཆེན་པོ་བརྒྱད་དུའོ། །བསམ་གཏན་དང་ཞེས་བྱ་བ་ནས་གནས་པར་བྱ་ཞེས་པ་ནི་མདོར་བསྟན་པ་སྟེ་གོ་སླའོ། །དངོས་གྲུབ་ཅེས་བྱ་བ་ནི་རབ་ཏུ་གནས་པའི་རྟགས་ཐོབ་པའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་གོ །རྣལ་འབྱོར་གྱི་དབང་ཕྱུག་ཅེས་བྱ་བ་ནི་ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་བསྙེན་པའི་རྟགས་ཐོབ་པའོ། །བསམ་གཏན་སྔགས་དང་ལྡན་གྱུར་ན། །ཞེས་བྱ་བ་ནི་རབ་ཏུ་གནས་པའི་བསྙེན་པར་བྱའོ། །གཉིས་མེད་སྟོབས་དང་ལྡན་པར་


DTG028_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱུར། །ཞེས་བྱ་བ་ནི་བསྙེན་པའི་རྟགས་ཐོབ་པའི་ཕྱིར་རོ། །ནག་པོ་ཆེན་པོས་གསོལ་བ་ཞེས་བྱ་བ་ནས། ཕུར་བུ་རབ་ཏུ་གནས་པ་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་རབ་གནས་མདོར་བསྡུས་ཏེ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་ཏིང་ངེ་འཛིན་ལ་ཞེས་བྱ་བའི་དོན་ཏོ། །དེ་ནས་གཞན་ལ་ཞེས་བྱ་བ་ནི་རབ་ཏུ་གནས་པ་རྒྱས་པར་བཤད་དོ། །དང་པོ་ཞེས་བྱ་བ་ནི་བསྙེན་པ་རྫོགས་པ་སྟེ་དེ་མ་ཐག་ཏུའོ། །དུར་ཁྲོད་ཅེས་བྱ་བ་ནི་ལྷོ་ཕྱོགས་ཀྱི་དུར་ཁྲོད་དེ། ང་རྒྱལ་དང་ལྡན་པ་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་དབུས་སུ་ལྷའི་འཁོར་ལོ་རྫོགས་པར་བསྐྱེད་ནས་ཅང་ཏེའུ་དཀྲོལ་ཞིང་ཧ་ཧ་ཞེས་སྒྲོགས་པའོ། །དཔའ་བོ་ཁ་དོག་ནག་པོ་ཞེས་བྱ་བ་ནི་རྩེ་གསུམ་མམ་རལ་གྲིས་གསད་པ་ཉིད་དེ། ཡང་ན་གསལ་ཤིང་ལ་བཙུགས་པའོ། །བསམ་གཏན་སྔགས་ཀྱིས་བསླད་བར་བྱ། །ཞེས་བྱ་བ་ནི། དུར་ཁྲོད་ཆེན་པོའི་དབུས་སུ་ནི། །བདུད་རྩི་བ་ཡི་རྣམ་ལྔ་ཡིས། །དཀྱིལ་འཁོར་གྲུ་བཞིར་བྱས་ནས་ནི། །ཨུ་པཀྵེ་པའི་མེ་ཏོག་གིས། །ལྷ་ཡི་གྲངས་ཀྱི་ཚོམ་བུ་བྱ། །དེ་སྟེང་རོ་ནི་གཞག་པར་བྱེད། །དེ་ནས་བདག་ཉིད་རྣལ་འབྱོར་པ། ལྷ་ཡི་འཁོར་ལོ་རྫོགས་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །མདུན་གྱི་རོལ་ཕོག་ནས་ནི། །འོད་དུ་ཞུ་ནས་དཀྱིལ་འཁོར་གྱུར། །དེ་ནས་དཀྱིལ་འཁོར་དེ་ཉིད་ལ། །དམ་ཚིག་དཀྱིལ་འཁོར་བསྐྱེད་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །ཕྱག་རྒྱ་བཞི་ཡི་སྦྱོར་བས་བསྟིམ། །བདེ་གཤེགས་དབང་བསྐུར་རྒྱས་གདབ་བྱ། །དེ་ནས་ཕྱི་ཡི་ཡི་གེ་ཡིས། །སོ་སོའི་ཐུགས་ཀར་ཁྱབ་པར་བྱ། །མཆོད་པ་གཏོར་མ་ལ་སོགས་པའི། །རྩ་བའི་སྔགས་ཀྱིས་དབུལ་བར་བྱ། །དེ་ནས་དམ་ཚིག་ཆོ་ག་བྱ། །ནང་གི་སྙིང་པོ་བཟླས་པ་ཡང༌། །སྟོང་ཕྲག་གཅིག་ཏུ་བྱ་བ་སྟེ། །དེ་ནས་ལྷ་རྣམས་ཐམས་ཅད་ཀྱི། །སོ་སོར་འོད་དུ་ཞུ་བ་ལས། །ཡི་གེ་མུཾ་དུ་གྱུར་པར་བསམ། །དེ་ནས་གྲི་གུག་ལག་ཐོགས་ནས། །དུར་ཁྲོད་རས་ནི་བསླད་པར་བྱ། །ཐོད་པའི་ནང་དུ་གཞག་ཅེས་བྱ་བ་ནི་གོ་སླའོ། །བསྐྱེད་པའི་རིམ་བ་དང་ལྡན་ཞེས་བྱ་བ་ནི།


DTG028_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་བོ་རྟོག་པ་མེད་པ་དང༌། །རྩེ་གཅིག་བརྩོན་འགྲུས་ཆེ་བ་ཡི། །རིམ་པའི་ཆོ་ག་རྫོགས་པ་ཡིས། །བསྐྱེད་པའི་རིམ་པ་རྫོགས་པར་བྱ། །དེ་ནས་དཀྱིལ་འཁོར་ཆོ་ག་ཡི། །ཚོན་ནི་བྱིན་གྱིས་བརླབ་པ་བཞིན། །ཚོན་རྣམས་སྟ་གོན་གནས་པར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་བྲི། །ཞེས་བྱ་པ་ནི། དུར་ཁྲོད་ཆེན་པོའི་དབུས་སུ་ནི། །དཀྱིལ་འཁོར་འཁོར་ལོ་བྲི་བར་བྱ། །ཡང་ན་རྒྱན་གཅིག་པ་ཉིད་བྲི། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བསྙེན་པ་བྱ་བ་སྟེ་གོ་སླའོ། །དང་པོ་ཞེས་བྱ་བ་ནི་གནས་ཀྱི་དང་པོ་སྟེ་དཀྱིལ་འཁོར་བྲི་བའི་ཕྱིར་མཎྜལ་ཞེས་བྱ་བ་ནི་དེ་ཡང་གོང་དུ་བསྟན་པའི་དཀྱིལ་འཁོར་དེ་ཚོན་གྱིས་བྲི་བའམ་མེ་ཏོག་གིས་ཚོམ་བུར་བྱས་ཏེ། དེ་ནས་བསྐྱེད་པའི་རིམ་པ་དང་ལྡན་པར་བྱས་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་དེ་ཉིད་ལ་ཆོ་ག་གསུམ་གྱིས་ལྷའི་འཁོར་ལོ་དེ་ཉིད་རྫོགས་པར་བསྐྱེད་ལ་ཡན་ལག་གི་ཆོ་ག་རྫོགས་པར་བྱ་སྟེ། དེ་ནས་གནས་དེ་ཉིད་དུ་གོང་དུ་བསྟན་པའི་བུམ་པ་སྟ་གོན་ལ་གནས་པའི་ཆོ་གས་བུམ་པ་སྟ་གོན་ལ་གནས་པར་བྱའོ། །མདུན་གྱི་ཐང་ཀ་ཞེས་བྱ་བ་ནི་ཐང་ཀ་སྟ་གོན་ལ་གནས་པ་ཞེས་བྱ་བ་སྟེ་དེ་ཡང་བཾ་འོད་དུ་ཞུ་བ་ལ་སོགས་ཏེ་གོ་སླའོ། །བསམ་པར་བྱ་ཞེས་བྱ་བ་ནི་ཐང་ཀ་དེ་རང་བཞིན་མེད་པ་ལས་ཆོ་ག་གསུམ་གྱིས་སྐུ་བཞེངས་ཏེ། དེ་ནས་གཙོ་བོའི་ཐུགས་ཀ་ནས་ཕྱིའི་སྙིང་པོ་སྟོང་ཕྲག་གཅིག་ཏུ་སྤྲོས་ཏེ་ཐུགས་ཀར་བསྟིམ་མོ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་ནས་འོད་དུ་ཞུ་སྟེ། གསུང་དར་ཐུགས་ཀྱི་རང་བཞིན་དུ་སྟ་གོན་ལ་གནས་པར་བྱའོ། །སྟ་གོན་ལ་གནས་པར་ཉི་མ་གཉིས་པ་ལ་རབ་ཏུ་གནས་པར་བྱ་སྟེ། དེ་ཡང་གོང་དུ་བསྟན་པའི་དཀྱིལ་འཁོར་དབང་བསྐུར་བའི་དོན་གསལ་བར་བསྐྱེད་ལ། བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བསྐྱེད་དེ། །ཐུགས་ཀའི་འོད་ཟེར་གྱི་དམ་ཚིག་གིས་བསྐུལ་བའི་ཕྱིར་སྤྲོ་དང་བསྡུ་བ་ཞེས་བྱའོ། །རྗེ་བཙུན་ནག་པོ་ཆེན་པོ་བཞེངས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ཐུགས་ཀའི་ས་བོན་ཞེས་བྱ་བ་ནི་ཧཱུཾ་ངོ༌། །འོད་གཟེར་ཞེས་བྱ་བ་ནི་རྡོ་རྗེ་ལས་ལྕགས་ཀྱུའི་ཚུལ་ལོ། །དེ་སྤྲོས་ནས་བཀུག་པ་ནི་དེ་བཞིན་གཤེགས་པ་སྟེ་དེ་ཡང་དེ་བཞིན་གཤེགས་པ་དང༌། རིག་པའི་ལྷ་མོ་དང༌། བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོའི་རྒྱལ་པོ་ལ་སོགས་པ་


DTG028_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཀུག་སྟེ་མདུན་གྱི་ནམ་མཁའ་ལ་དམིགས་པར་བྱའོ། དེ་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་དབུལ་བར་བྱའོ། །འདིར་སྐྱེ་བོ་རྨོངས་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་གཞུག་པ་རིང་དུ་སྤངས་པའོ། །དེ་ཉིད་རེང་བ་རྣམས་ཀྱིས་ནི་འདིར་ཤེས་པར་བྱ་སྟེ། དེ་ཡང་སྔོན་དུ་འགྲོ་བ་ནི་ཕྱིའི་སྙིང་པོ་དང་དམ་ཚིག་གི་སྔགས་ཀྱིས་སྡོམ་པ་ལ་གནས་ཏེ་ཐུགས་ཀའི་འོད་ཟེར་ཞེས་བྱ་བ་ནི་རིན་པོ་ཆེའི་ཐུར་མའི་དབྱིབས་སུ་སྤྲོས་ཏེ། དེ་ནས་ནག་པོ་ཆེན་པོའི་སྤྱན་དབྱེ་བར་བྱས་པའོ། །སྲིད་པ་རང་བཞིན་ཚིག་བརྗོད་ནས། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བའི་ཕྱིར། །དཀྱིལ་འཁོར་ཆེན་པོར་རབ་ཞུགས་ནས། །མ་རིག་མུན་པ་འཇོམས་པ་ཡི། །སྙིང་རྗེ་ཆགས་པའི་སྤྱན་གྱིས་གཟིགས། །དེ་ནས་ཡོལ་བ་རབ་བསལ་ཏེ། །ཨོཾ་གྱི་དང་པོ་དང་ཨཱཏྨ་ཀོཉཧཾ་གི་མཐའ་ཅན་གྱིས་སྤྱན་དབྱེ་བར་བྱའོ། །དེ་ནས་དཀྱིལ་འཁོར་དུ་གཞུག་པ་ནི་ཐུགས་ཀའི་འོད་ཟེར་གྱིས་ཚུལ་བསྡུས་ནས་གཙོ་བོའི་ཐུགས་ཀར་ཞུགས་པར་བྱའོ། །ཧཱུཾ་དང་གཉིས་སུ་མེད་པར་གྱུར། །དེ་ནས་ཧཱུཾ་ལས་བྱུང་བ་ཡི། །ནག་པོ་ཆེན་པོ་ཕྱུང་ནས་ནི། །གོང་གི་གནས་སུ་གཞག་པར་བྱ། །དེ་ནས་དབང་བསྐུར་སྦྱིན་པའི་ཕྱིར། །དབང་བསྐུར་བར་དམིགས་ལ་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡི། །ནག་པོའི་སྤྱི་བོར་བཟུང་ནས་ནི། །རིག་པའི་ལྷ་མོ་ཐམས་ཅད་ཀྱིས། །སྟ་ངོན་གནས་པའི་བུམ་བཟུང་ནས། །སྤྱི་བོར་དབང་བསྐུར་སྦྱིན་པར་བྱ། །དེ་ནས་གོང་དུ་བསྟན་པ་ཡི། །དབུ་རྒྱན་ལ་སོགས་དབང་རྣམས་ཀྱང༌། །རིམ་པ་བཞིན་དུ་བསྐུར་བར་བྱ། །དབང་བསྐུར་དུས་ནི་ཐམས་ཅད་དུ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང༌། །མཆོད་པ་རྒྱུད་མི་འཆད་པར་བྱེད། །སྲིད་པ་རང་བཞིན་ཚིག་བརྗོད་ཅིང་།ཨོཾ་གྱི་དང་པོ་ཧཱུཾ་གི་མཐའ་ཅན་གྱིས་དུས་ཐམས་ཅད་དུ་དབང་བསྐུར་བར་བྱའོ། །དེ་ནས་རང་གི་ཐུགས་ཀའི་ཞེས་པའི་ནས་སྤྱན་དྲངས་པ་ལ་སོགས་པ་ནི་གོ་སླའོ། །ཨོཾ་གྱི་དང་པོ་ཧཱུཾ་གི་མཐའ་ཅན་གྱིས་སྤྱན་དྲང་བ་སྟེ་དེ་ལ་ཞེས་པ་ནི་གོ་སླའོ། །བསྟིམ་པར་བྱ་ཞེས་བྱ་བ་ནི་ཨོཾ་གྱི་དབང་པོ་དང་ཧཱུཾ་གི་མཐའ་ཅན་གྱི་བརྒྱ་ཕྲག་གཅིག་བརྗོད་ལ་བསྟིམ་པར་བྱའོ། །དེ་ཉིད་དུ་ནི་དབང་བསྐུར་བའི། །དཀྱིལ་འཁོར་གྱིས་ཀྱང་


DTG028_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱས་བཏབ་བྱ། །ཐུགས་ཀའི་འོད་ཟེར་ཞེས་བྱ་བ་ནི་ཕྱིའི་སྙིང་པོ་ཐུགས་ཀ་ནས་ཐུགས་ཀའི་བཟླས་པ་བྱ་བའི་ཕྱིར་རོ། །མཆོད་པ་དང་གཏོར་མ་ཞེས་བྱ་བ་ནི་ཁྱད་པར་གྱི་རྫས་ཀྱི་ཕྱིར་རོ། །དེ་ནས་མཆོད་པ་ཞེས་བྱ་བ་ནི་མཆོད་པའི་དུས་སོ། །ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་ཚོགས་གཉིས་རྫོགས་པའི་རྒྱུ་ཡིན་ལ་ཕྱིན་ཅི་ལོག་གི་རྟོག་པ་སྤངས་པའི་ཕྱིར་འཁོར་ལོ་ཞེས་བྱའོ། །དེ་ཡང་མཆོད་པའི་ཁྱད་པར་དུ། །ཞེས་བྱ་བ་ནི་ཤ་རྣམས་པ་ལྔ་ལ་སོགས་པའོ། །ཁ་ཟས་ཚོགས་པར་བྱས་ལ། གོང་གི་ལྷ་ཡི་རྣལ་འབྱོར་ནམས། །ཤིན་ཏུ་གསལ་བར་བྱས་ནས་ནི། །དེ་ནས་བདུད་རྩི་ཞལ་ཟས་རྣམས། །ཡེ་ཤེས་བདུད་རྩིར་བྱིན་བརླབས་ལ། །ལྷ་ཡི་འཁོར་ལོ་ཐམས་ཅད་ཀྱི། །ལྕེ་ལ་ཧཱུཾ་ཕྱུང་རྡོ་རྗེ་བསམ། །དམ་ཚིག་བཟའ་དང་བཏུང་བ་དང༌། །པདྨའི་ཕྱག་རྒྱའི་སྔོན་དུ་སྦྱིན། །དེ་ནས་ཁ་ཟས་ཐམས་ཅད་ཀྱི། །ཕུད་ཀྱིས་དཀྱིལ་འཁོར་གསལ་བར་མཆོད། །ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །ཞལ་ཟས་ཚིམ་པ་བཟའ་བར་བྱ། །ལྷག་མ་དུར་ཁྲོད་གནས་སུ་སྦྱིན། །དེ་ནས་བསྟོད་པས་རབ་བསྟོད་དེ། །སྲིད་པ་རང་བཞིན་ཚིག་གིས་བརྗོད། །རྡོ་རྗེའི་གླུ་ནི་བླང་བྱ་ཞིང༌། །ཡང་དང་ཡང་དུ་བདུད་རྩི་ནི། །ལྷ་ཡི་སྦྱོར་བས་བསླང་བར་བྱ། །དེ་ནས་ཚོགས་ཀྱི་འཁོར་ལོའི་རྫས་ལ་ནི་སྤོས་བསྲེག་ཅེས་བྱ་སྟེ་དེ་ཡང༌། སྤོས་དང་དུག་གི་ལ་དུས་མཆོད། །རབ་གནས་བསྙེན་པ་བསྐྱལ་བ་ནི། །ཐུགས་ཀ་ནས་ཐུགས་ཀར་ཞེས་བྱ་བ་སྟེ། དེ་ཡང་ནང་གི་སྙིང་པོ་ཡིས། །ནམ་མཁའ་ལས་ཞེས་བྱ་བ་ལ་སོགས་པ་ནི་རྟགས་ཀྱི་རིམ་པ་སྟེ་གོ་སླའོ། །རབ་གནས་བརྟན་པར་བྱ་བའི་ཕྱིར། ཨོཾ་གྱི་དང་པོ་དང་ཧཱུཾ་གི་མཐའ་ཅན་ནོ། །དེ་ཡང་བརྟན་པར་བྱ་བ་ནི། །དངོས་གྲུབ་ཉེ་བར་འགྱུར་བ་དང༌། །རྟེན་ཚད་དང་ལྡན་པས་མྱུར་དུ་འགྲུབ་པའི་ཕྱིར། རབ་ཏུ་གནས་པ་ཐོབ་ཅེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་ནི་སྐུའི་རབ་གནས་སྡུད་པ་པོས་བསྡུས་ཏེ་འཁོར་གྱི་ཚོགས་ལ་བཤད་ཅེས་བྱ་བའི་དོན་ཏོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་སྐུའི་དཀྱིལ་འཁོར་ཡང་ཐུགས་ཀྱི་རྟགས་དག་ལྡན་པའི་ཕྱིར་ཞུས་པ་གྲི་གུག་གི་རབ་ཏུ་གནས་པ་བཤད་དུ་གསོལ་ཞེས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་སོ་སོར་


DTG028_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟོག་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་ཞུགས་སོ་ཞེས་བྱ་བའི་དོན་ཏོ། །འགུགས་དང་ཞེས་བྱ་བ་ནས་བཤད་པར་བྱ་བའི་བར་མདོར་བསྟན་པ་སྟེ་གོ་སླའོ། །དཔའ་བོ་སྟོབས་དང་ལྡན་པའི་ལྕགས། །ཞེས་བྱ་བ་ནི་ཕན་ཚུན་གཡུལ་དགྱེ་བས་བསད་པའི་མཚོན་ཆའོ། །སོར་བཅུ་གཉིས་ཞེས་བྱ་བ་ནི་གཅོད་པར་བྱེད་པའོ། །སོར་བཞི་ཞེས་བྱ་བ་ནི་ལྕགས་ཀྱུའི་ཚུལ་དུ་གནས་པ་སྟེ་འགུགས་པར་བྱེད་པའོ། །ཧཱུཾ་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་མཆན་པའི་ཕྱིར་རོ། །དེ་ནས་རབ་གནས་ལ་འཇུག་པར་བྱ་སྟེ། བདུད་རྩིའི་མཎྜལ་ཞེས་བྱ་བ་ནི་གྲུ་བཞི་བར་བྱས་པ་ལ་བདུད་རྩིས་ཐིག་ལ་ལྷའི་གྲངས་སུ་བྱ་སྟེ། །དེར་ནི་ལྷ་ཡི་འཁོར་ལོ་སྟེ། །ཆོ་ག་གསུམ་གྱིས་རྫོགས་པར་བསྐྱེད། །ཡན་ལག་ཆོ་ག་ཐམས་ཅད་ཀྱི། །སྔོན་དུ་འགྲོ་བ་བྱས་ནས་ནི། །དེ་ནས་ཆོ་ག་བརྩམ་པར་བྱ། །གྲི་གུག་བདུད་རྩིས་བྱུགས་ནས་ཞེས་བྱ་བ་ནི་གྲི་གུག་གི་ཡུ་བའི་ཧཱུཾ་ལ་ནང་གི་སྙིང་པོས་བསྐོར་ཏེ་བདུད་རྩིས་བྲི་བའི་ཕྱིར་རོ། །མཎྜལ་ཞེས་བྱ་བ་ནི་རང་གི་མདུན་དུ་གཞུག་པར་བྱའོ། །འདིར་གོ་རིམ་བསྐུར་བ་སྟེ་འོད་ཟེར་ཞེས་བྱ་བ་ནི་ཧཱུཾ་ལས་བྱུང་བའི་འོད་ཟེར་རོ། །དག་པར་བྱ་ཞེས་བྱ་བ་ནི་གྲི་གུག་མི་དམིགས་པར་བྱ་སྟེ། །པདྨ་དང་ཉི་མ་ལ་ཞེས་བྱ་བ་ནི་པཾ་དང་རཾ་ལས་སྐྱེས་པའོ། །ཐོག་ཏུ་ཞེས་བྱ་བ་ནི་ཧཱུཾ་བསམ་པར་རོ། །གྲི་གུག་གཞན་ཅེས་བྱ་བ་ནི་ཧཱུཾ་ཡོངས་སུ་གྱུར་པ་ལས་སོ། །ནག་པོ་ཆེན་པོའི་གྲི་གུག་གི་རང་བཞིན་དུ་བྱས་ལ་ཞེས་བྱ་བ་ནི་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་གྱི་ནག་པོ་ཆེན་པོ་སྤྱན་དྲངས་ཏེ་མཆོད་པ་ལ་སོགས་བྱ་སྟེ་གྲི་གུག་ལ་བསྟིམ་ཞེས་བྱ་བའི་དོན་ཏོ། །ཡུ་བའི་ཧཱུཾ་ལས་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་ལས་སོ། །སྔགས་ཞེས་བྱ་བ་ནི་ནང་གི་སྙིང་པོ་དང་ལྡན་པར་བྱ་སྟེ་བཟླས་པར་བྱའོ་ཞེས་བྱ་བ་ནི་གཙོ་བོའི་ཐུགས་ཀ་ན་ཡང་ཉི་མ་དང་ཧུའཾ་ལས་སྔགས་འོད་དང་ལྡན་པ་སྟེ། །དེ་ཡང་སྔགས་འོད་ཟེར་དང་བཅས་པ་སྤྲོས་ཏེ་གྲི་གུག་གི་སྔགས་ལ་བསྟིམ་པའི་བཟླས་པ་སྟོང་ཕྲག་གཅིག་ཏུ་བྱས་ཏེ། དེ་ཡང་ཨོཾ་གི་དང་པོ་དང་ཨཱཏྨ་ཀོཉཧཾ་གིས་ཏེ། བཟླས་པ་བྱས་པ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱ་བས་སོ། །དེ་ནས་ཐུགས་ཀྱི་རང་བཞིན་གྱི་རྟགས་ཡིན་པའི་ཕྱིར་དང༌། ནག་པོ་ཆེན་པོ་དང་ཐ་མི་དད་པས་མཆོད་པ་


DTG028_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ནི་གོ་སླའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་སྐུའི་འཁོར་ལོ་ལས་གསུང་གི་རྟགས་སུ་གྱུར་པ་སྟེ། ཐོད་པའི་རབ་ཏུ་གནས་པ་ལ་འཇུག་པར་བྱ་བའི་ཕྱིར་གཞན་ཡང་ཞེས་བྱ་བ། ཨཱ་ལི་ཞེས་བྱ་བ་ནི་སུམ་ཅུ་རྩས་གཉིས་པའོ། །ཀཱ་ལི་ཞེས་བྱ་བ་ནི་བརྒྱད་ཅུ་ལས་ཕྱུང་བའོ། །དབུས་སུ་ཞེས་བྱ་བ་ནི་ཟླ་བ་དང་ཉི་མའི་དབུས་སུའོ། །ཨཱ་ལི་དང་ཀཱ་ལི་ཞེས་བྱ་བ་ནི་ཕྱི་དང་ནང་བརྒྱན་པའོ། ཐུགས་ཀའི་འོད་ཟེར་ཞེས་བྱ་བ་ནི་གོ་སླའོ། །བསྟིམ་པར་བྱ་ཞེས་བྱ་བ་ནི་བསྟིམས་ནས་ཐོད་པའི་རང་བཞིན་དུ་གྱུར་པ་སྟེ། ཐོད་པའི་དབུས་སུ་ཉི་མའི་སྟེང་ནས་ཨ་ལས་ནང་གི་སྙིང་པོ་དང་བཅས་ཏེ་བསྐོར་བར་བསམ། དེ་ཡང་ཨོཾ་གྱི་དང་པོ་དང་ཧཱུཾ་གི་མཐའ་ཅན་ནོ། །བཟླས་པ་བྱ་ཞེས་བྱ་བ་ནི་ཐུགས་ཀ་ནས་སྤྲོས་ཏེ་ཐོད་པའི་ནང་གི་རྫས་ལ་ཐིམ་པར་བྱའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་སྒོ་ནས་ཕྲིན་ལས་རྫོགས་པར་བྱ་བའི་ཕྱིར་ཕུར་བུའི་རབ་ཏུ་གནས་པ་ལ་འཇུག་པར་བྱ་སྟེ། སྔགས་བྲི་ཞེས་བྱ་བ་ནི་ཐུགས་ཀའི་འོད་ཟེར་གྱིས་མི་དམིགས་པར་བྱས་པའོ། །ཐོད་པའི་ནང་དུ་གཞག་ཅེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་བུར་བུའི་ཆ་བྱད་ལྷའི་སྐུ་བསྐྱེད་པའི་ཕྱིར་གཞག་ཅེས་བྱའོ། །ཐུགས་ཀའི་འོད་ཟེར་གྱིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བསྟི་མ་ཞེས་བྱ་བ་ནི་གཉིས་སུ་མེད་པར་འགྱུར་པའོ། །དེ་ཡང་ཐུགས་ཀ་ནས་ཐུགས་ཀར་ནང་གི་སྙིང་པོ་དང་བཅས་པར་བསྟིམ་པར་བྱའོ། །དེ་ཡང་ཨོཾ་གྱི་དང་པོ་དང་ཨཱཏྨ་ཀོཉཧཾ་གི་མཐའ་ཅན་ནོ། བཀའ་སྩལ་ཏོ་ཞེས་བྱ་བ་ནི་ཡན་ལག་གི་རབ་ཏུ་གནས་པ་སྡུད་པ་པོས་ཏེ་འཁོར་ལ་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་རབ་གནས་ཀྱི་དུས་ཞུས་པ་སྟེ་གོ་སླའོ། །ཁྱད་པར་གྱི་དུས་ཞེས་བྱ་བ་ནི་ཞིང་ངམ་དུར་ཁྲོད་ན་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ས་དེར་རབ་ཏུ་གནས་པར་བྱའོ། །ཐུན་མོང་གི་དུས་ནི་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་ནི་དུས་ངེས་པར་བཟུང་བ་སྟེ་འཁོར་ལ་བཤད་པའོ། །དབལ་ལྡན་ནག་པོ་ཆེན་པོས་གསོལ་བ་ཞེས་བྱ་བ་ནི་རབ་ཏུ་གནས་པའི་དམ་ཚིག་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་དམ་ཚིག་གི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་པ་ཉིད་དོ། །བླ་མ་ལ་གུས་ཞེས་བྱ་བ་ནི་སློབ་དཔོན་གྱི་རྩ་བ་དང་ཡན་ལག་གི་དམ་ཚིག་མི་


DTG028_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤོང་བའོ། །རྣལ་འབྱོར་བརྩོན་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་དང་མི་འབྲལ་བར་བརྩོན་པའོ། །ཆོ་གའི་ཡན་ལག་ཅེས་བྱ་བ་ནི་གསད་པ་དང་བསྐྲད་པ་ལ་སོགས་པའོ། །རྟག་ཏུ་དམ་ཚིག་སྲུང་ཞེས་བྱ་བ་ནི་རྒྱུན་དུ་གསང་བའི་དམ་ཚིག་ལ་གནས་པ་ཉིད་དོ་ཞེས་བྱ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ཁྱད་པར་གྱི་དམ་ཚིག་མདོར་བསྡུས་ཏེ་འཁོར་ལ་བཤད་པའོ། །དེ་ནས་བཅོམ་ལྡན་འདས་ལ་གསོལ་བ་ཞེས་བྱ་བ་ནས་དངོས་གྲུབ་ཉེ་བའི་རྒྱུར་གསུངས་ཞེས་བྱ་བ་ནི་ཉེ་བའི་རྒྱུར་གསུངས་པ་སྟེ་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་གཙོ་བོའི་བདུད་རྩི་ཆེན་པོའི་ཏིང་ངེ་འཛིན་ལ་ཞུགས་ཞས་བྱ་བའི་དོན་ཏོ། །གསུམ་དུ་བཤད་ཅེས་བྱ་བ་ནི་བསྙེན་པ་དང་ལས་སྦྱོར་དང་མྱུར་དུ་བསྒྲུབ་པའོ། །དེ་ནས་མདུན་དུ་རབ་ཏུ་གནས་པར་བྱ་བའི་ཐོད་པའི་ནང་དུ་མཐུན་པའི་དམ་རྫས་ཚོགས་པར་བྱས་ལ་གཞག་པར་བྱའོ། །རླུང་ཞེས་བྱ་བ་ནི་ཡཾ་ལས་བསྐྱེད་པའི་གཞུའི་དབྱིབས་མེ་ཞེས་བྱ་བ་ནི་རཾ་ལས་སྐྱེས་པ་ཟུར་གསུམ་འབར་བའི་མེ། སྟེང་དུ་ཞེས་བྱ་བ་ནི་ཧཱུཾ་སྐྱེས་ཐོད་རློན་སྐྱེད་པུ་གསུམ་སྟེ། དེ་སྟེང་གནས་པ་ཐོད་པ་ལ་ཉ་ཤ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཤ་ལྔ་དང་བདུད་རྩི་ལྔ་ཞེས་བྱ་བ་ནི་རྫས་རྣམས་ཀྱི་རང་བཞིན་ཏེ་མིང་གི་ཡི་གེས་མཚན་པར་བྱེད་པའོ། །དེ་ཡང་གོ་ཀུ་ད་ཧ་ན་ནི་ཤ་ལྔའི་བདག་ཉིད་དོ། །མ་ར་མུ་སུ་བ་ནི་བདུད་རྩི་ལྔའི་བདག་ཉིད་དོ། །སྟེང་དུ་ཉི་མ་ལ་ཞེས་བྱ་བ་ནི་ཟླ་བ་དང་ཉི་མའི་སྟེང་དུ་ནི་ཆུད་པར་རྫས་ལས་ཉི་མའི་སྟེང་དུ་གྲི་གུག་ལ་སོགས་པ་སྟེ་གོ་སླའོ། །དམ་ཚིག་བདུད་རྩིར་གྱུར་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར་པའོ། །སྟེང་གི་ཞེས་བྱ་བ་ནི་ཧཱུཾ་ལས་བྱུང་བའོ། །འདི་ཡིས་བྱིན་གྱིས་བརླབས་ཞེས་བྱ་བ་ནི་གཙོ་བོའི་ཐུགས་ཀ་ནས་ནང་གི་སྙིང་པོ་དང་བཅས་ཏེ་སྤྲོས་ནས་དམ་ཚིག་དང་ཡེ་ཤེས་ཀྱི་རྫས་ལ་ཕོག་ནས་གཉིས་སུ་མེད་པར་གྱུར་བའོ། །སྔགས་ནི་ཨོཾ་གྱི་དང་པོ་དང་ཨོཾ་ཨཱཿཧཱུཾ་གི་མཐའ་ཅན་དུ་ཤེས་པར་བྱའོ། །མདུན་གྱི་ནག་པོ་ཆེན་པོ་ཞེས་བྱ་བ་ནི་གོ་སླའོ། །རྩ་བའི་སྔགས་ཀྱི་དབུས་ཞེས་བྱ་བ་ནི་སྟོང་པའི་ཡི་གེ་དང་ལྡན་པར་བྱའོ། །དེ་ནས་


DTG028_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞན་ཡང་ཞེས་བྱ་བ་ནི་ལས་ལ་སྦྱོར་བ་ལ་འཇུག་པར་བྱ་སྟེ། དེ་ཡང་ལིངྒ་རྒྱུ་ཚོགས་པར་བྱས་ལ་ལིངྒ་སོར་བརྒྱད་པའི་ཚད་དུ་བྱས་ལ་གཏོར་མའི་ནང་དུ་ལྡན་པར་བྱས་ཏེ་དགུག་གཞུག་གི་སྦྱོར་བ་དང་ལྡན་པར་བྱའོ། །བསྒྲུབ་བྱ་ཞེས་བྱ་བ་ནི་སྙིང་གར་པདྨ་འདབ་མ་བརྒྱད་བསམ་པར་བྱའོ། །པདྨའི་འདབ་མ་རྣམས་ལས་བོན་དང་ལྕགས་ཀྱུས་མཚན་ཞེས་བྱའོ། །གྲི་གུག་ཧཱུཾ་གིས་མཚན་ཞེས་བྱ་བ་ནི་པདྨའི་ལྟེ་བ་ན་གནས་པ་སྟེ། ཧཱུཾ་ལ་ནང་གི་སྙིང་པོས་ལྡན་པའོ། །སྟོབས་ཞེས་བྱ་བ་ནི་གཙོ་བོ་དང་བཀའ་སྡོད་ཀྱི་ཐུགས་ཀ་ནས་ནང་གི་སྙིང་པོ་སྒྲོས་ཏེ་བསྒྲུབ་བྱའི་སྟེང་སྒོ་དང་འོག་སྒོ་ནས་གྲངས་མང་དུ་སྙིང་གའི་སྔགས་བསྐུལ་ནས། སྔགས་ཀྱི་འོད་ཟེར་གྱིས་ལུས་ཀྱི་རྩ་ཐམས་ཅད་མར་མེ་ལྟ་བུར་གྱུར་ཏེ་ཁྲག་འཕེལ་བའི་ཕྱིར་རོ། །བཞུ་ནས་ཞེས་བྱ་བ་ནི་དམ་ཚིག་གི་བདུད་རྩིར་གྱུར་པ་དང༌། ཡེ་ཤེས་ཀྱི་བདུད་རྩི་བཀུག་ཅེས་བྱ་བའི་དོན་ཏོ། །སྔགས་ཀྱི་འོད་ཟེར་ཞེས་བྱ་བ་ནི་ཐུགས་ཀ་ནས་སྤྲོས་པའི་གྲི་གུག་ཅེས་བྱ་བའི་ཕྱག་མཚན་གྱིས་སོ། །ཡང་ན་ཞེས་བྱ་བ་ནི་མྱུར་བར་བསྒྲུབ་པའོ། །ནག་པོའི་ཐོད་པ་ཞེས་བྱ་བ་ནི་ཕྱག་མཚན་གྱི་ཐོད་པའོ། །བསྒྲུབ་བྱ་བཀུག་ནས་ཞེས་བྱ་བ་ནི་གཙོ་བོ་དང་བཀའ་སྡོད་ཀྱི་ཐུགས་ཀའི་འོད་ཟེར་གྱིས་གསལ་བར་བཀུག་པའོ། །ཁྲག་བསྐྱེད་ལ་ཞེས་བྱ་བ་ནི་བསྒྲུབ་བྱའི་སྙིང་གའི་འོད་ཟེར་གྱིས་ཁྲག་བསྐྱེད་པ་དང་ཕྱག་མཚན་གྱི་གྲི་གུག་གིས་གཏུབས་ནས་ཁྲག་འཐུང་པའི་ཕྱིར་རོ། །ཁྲག་འཛག་ཅེས་བྱ་བ་ནི་གདུག་པ་སྒྲོལ་བ་ལ་ཆགས་བའི་ཕྱིར་ཁྲག་འཛག་ཅེས་བྱའོ། །རྒྱུན་མི་འཆད་ཅེས་བྱ་བ་ནི་ཟས་ཀྱི་རྣལ་འབྱོར་གྱི་དུས་སུ་ཡང་དེ་ལྟར་བྱ་བའི་ཕྱིར་རོ། །དངོས་གྲུབ་ངེས་པ་ཞི་ཞེས་བྱ་བ་ནི་བསྙེན་པ་དང་ལས་སྦྱོར་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་རོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་གཏོར་མའི་ཆོ་ག་སྡུད་པ་ངོས་བསྡུས་ཏེ་འཁོར་ལ་བཤད་པའོ། །དཀྱིལ་འཁོར་གྱི་ལེའུ་ཞེས་བྱ་བ་ནི་བཞི་པའི་དོན་ཏོ། །སློབ་མ་དཀྱིལ་འཁོར་དུ་སྨིན་པར་བྱ་བ་དང༌། དཀྱིལ་འཁོར་ལ་སོགས་ཏེ་རྟེན་སྒྲུབ་པའི་དོན་སྟོན་པའི་ལེའུའོ། །དཀྱིལ་འཁོར་གྱི་ལེའུའི་བཤད་པ་སྟེ་བཞི་པའོ།། །།

ལྔ་པ། པར་བུའི་ལེའུའི་བཤད་པ།


DTG028_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་བསྙེན་པའི་ཡན་ལག་ཐམས་ཅད་དང་ལྡན་པས་སྦྱོར་ཀ་ཆེན་པོ་ལ་འཇུག་པའི་ཕྱིར། དེ་ནས་ཞེས་བྱ་བ་ནི་དེ་ཡང་མཁའ་འགྲོ་རྒྱ་མཚོ་ལས་གསུངས་པ། སྔགས་ནི་ལྷ་ཡི་ས་བོན་ཏེ། །ལྷ་ཡི་བདག་ཉིད་རྫོགས་པ་ཉིད། །དཀྱིལ་འཁོར་རབ་གནས་བདག་ཉིད་དོ། །དེ་ལྟར་བསྙེན་པ་རྫོགས་ནས་ནི། །སྦྱོར་ཀ་ཆེན་པོ་རྫོགས་པར་འགྱུར། །བསྙེན་པའི་ཡན་ལག་མ་ཚང་བར། །ལས་ལ་སྦྱོར་བར་བྱེད་པ་ནི། །དམ་ཚིག་ཉམས་ཤིང་འཇིག་རྟེན་འཕྱ། །ཞེས་འབྱུང་།དཔལ་ནག་པོ་ཆེན་པོ་དང་མཁའ་འགྲོ་མའི་ཚོགས་རྣམས་ཞེས་བྱ་བ་ནི་ཁྱད་པར་གྱི་སྦྱོར་ཀ་ཡིན་པ་དང༌། ཚོགས་ཀྱི་འཁོར་ལོ་ཐམས་ཅད་ཀྱི་ལས་བསྒྲུབ་པའི་ཕྱིར་གཙོ་བོ་ལ་ཞུགས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཞུས་པའི་ཚིག་སྟེ་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་ནས་བསྟན་པ་སྲུང་བར་ཁས་བླངས་ཞེས་བྱ་བ་འཁོར་རྣམས་ལ་དམ་ཚིག་གི་ཁྱད་པར་གྱིས་བཀའ་བསྒོས་པ་སྟེ་གོ་སླའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་དོན་བསྡུས་ནས་འཁོར་ལ་བཤད་པའོ། །ནག་པོ་ཆེན་པོས་གསོལ་བ་ཞེས་བྱ་བ་ནི་པར་པུའི་སྤྱོར་ཀ་གཙོ་བོ་ལ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་མདོར་བསྡུས་ཏེ་བཤད་པའོ། །རྣམ་པ་བཞིས་ཞེས་བྱ་བ་ནི་ཡན་ལག་བཞི་པས་འགྲུབ་ཀྱི་གཞན་གྱིས་མ་ཡིན་པའི་ཕྱིར་རོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་བཞིའི་དོན་མདོར་བསྡུས་ཏེ་འཁོར་ལ་བཤད་པའོ། །དེ་ནས་གསོལ་བ་ཞེས་བྱ་བ་ནི་བཞིའི་དོན་བྱེ་བྲག་ཏུ་ཞུས་པའོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །ཞེས་བྱ་བ་ནི་པར་པུའི་གནས་མདོར་བསྡུས་ཏེ་བསྟན་པའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་བསྡུས་ཏེ་འཁོར་ལ་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་གནས་བསྒྲུབ་པ་ཞེས་པ་སྟེ། རྡམ་པའི་ཞལ་དང་འཇིགས་པའི་སྐུ། །ཞེས་བྱ་བ་ནི་དྲག་པོའི་བཟླས་པ་དང་ལྷའི་འཁོར་ལོས་གནས་བསྒྲུབ་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་གནས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུས་པའོ། །དུར་ཁྲོད་ཀྱི་ཕ་གུ་ཞེས་བྱ་བ་ནི་དུར་ཁྲོད་ཀྱིས་ལས་ཕ་གུ་བྱས་ནས་ངོ་བསྲེགས་ཀྱི་གསལ་བ་བསྲེགས་པ་ཉིད་དོ། །དཔའ་བོའི་ཀེང་རུས་ཞེས་བྱ་བ་ནི་གཡུལ་དུ་བསད་པའི་གྲི་རུས་སོ། །སྒྲུབ་བའི་ཁང་བུ་


DTG028_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟུར་གསུམ་བྱ། །ཞེས་བྱ་བ་ནི་གྲོང་ཁྱེར་སུམ་བརྩེགས་དང་མཐུན་པ་སྟེ་རྩེ་གསུམ་པར་བྱའོ། །བརྩེགས་བར་མ་གཡུལ་འགྱེད་པའི་ས་སྟེ་བསྒྲུབ་པར་བྱའོ། །ཟུར་གསུམ་ནི་མེའི་དབྱིབས་སུ་བྱའོ། །ཐོད་པའི་ནང་དུ་འཁོར་ལོ་བྲི། །ཞེས་བྱ་བ་ནི་འཁོར་ལོ་ནི་དུར་ཁྲོད་ཀྱི་སྣག་ཚས་བྲིས་པར་བྱ་སྟེ། དེ་ཡང༌། བདུད་རྩིས་མཎྜལ་བྱས་ནས་ནི། །ལྷ་ཡི་རྣལ་འབྱོར་རབ་གསལ་བ། །ལྷོ་ཕྱོགས་སུ་ནི་མངོན་ཕྱོགས་ཏེ། །དུར་ཁྲོད་སོལ་བས་འཁོར་ལོ་བྲི། །འཁོར་ལོ་མེ་ཡི་དཀྱིལ་འཁོར་ལ། །སྣ་བཞི་སྣ་ཚོགས་རྡོ་རྗེས་མཚན། །དབུས་སུ་ནང་གི་སྙིང་པོ་བྲི། །རི་ཕ་གསུམ་གྱིས་མཚན་བར་བྲི། །བར་ཁྱམས་གསུམ་གྱི་ནང་དུ་ཡང༌། །ཡི་གེ་ཨོཾ་གྱི་དང་པོ་དང༌། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱའི་མཐའ་ཅན་ནི། །མེ་གཉིས་ཀྱི་ནི་ནང་དུ་བྲི། །རྡོ་རྗེའི་ར་ནི་དབུས་མ་ལ། །ཧཱུཾ་ནི་དྲག་པོ་བྲི་བར་བར་བྱ། །འཁོར་ལོ་མཎྜལ་སྟེང་བཞག་ནས། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོ་རང་བཞིན་མེད་པར་བྱ། །མེ་ཡི་ས་བོན་ལས་སྐྱེས་པའི། །འཁོར་ལོ་མེ་ཡི་དཀྱིལ་འཁོར་མཚུངས། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །ལྷ་ཡི་འཁོར་ལོ་སྤྱན་དྲངས་ཏེ། །ཡན་ལག་ཆོ་ག་ཀུན་བྱས་ནས། །འཁོར་ལོ་ལ་ནི་བསྟིམ་པར་བྱས། །ཁང་བའི་ནང་གི་ཟུར་དུ་གཞུག །ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དུས་གསུམ་དུ་ཞེས་བྱ་བ་ནི་ཇི་སྲིད་ཁང་པ་མཚར་གྱི་བར་དུའོ། །ཐེ་ཚོམ་མེད་པ་ནི་ངེས་པར་འགྲུབ་པའི་ཕྱིར་རོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྡུད་པ་པོས་གནས་ཀྱི་དོན་བསྡུས་ཏེ་འཁོར་ལ་བཤད་པའོ། །དེ་ནས་ནག་པོ་ཆེན་པོས་གསོལ་བ་ཞེས་བྱ་བ་ནི་བར་པུའི་ཆོ་ག་ལས་ཞུས་པ་སྟེ་གོ་སླའོ། །བཀའ་སྩལ་པ་ཞེས་བྱ་བ་ནི་པར་པུ་བསྒྲུབ་པའི་དོན་མདོར་བསྡུས་ཏེ་བསྟན་པའོ། །གསུམ་ཞེས་བྱ་བ་ནི་བསྒྲུབ་བའི་དོན་གསུམ་དང་ལྡན་པ་འགྲུབ་པར་འགྱུར་གྱི། །མི་ལྡན་པས་ནི་མི་འགྲུབ་པའི་ཕྱིར་ཤེས་པར་གྱིས་ཞེས་བྱའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་བར་བུའི་དོན་མདོར་བསྡུས་ཏེ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ལ་གསོལ་བ་ཞེས་བྱ་བ་ནི་གཙོ་བོ་ལ་བར་བུའི་དོན་རྒྱས་པར་ཞུས་པའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་དྲག་པོའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་དང་ནི་པར་བུའི་རྒྱུད། །ཞེས་བྱ་བ་ལ་


DTG028_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པ་ནི་གོ་སླའོ། །ཆུ་འགྲམ་ཞེས་བྱ་བ་ནི་གྲོག་མཁར་གྱི་སའོ། །སྟེང་དུ་ཞང་གི་བླ་རེ་བཀོད། །ཅེས་བྱ་བ་ནི་དུ་ཁྲོད་རས་ལ་འཁོར་ལོ་བྱས་ཏེ། དེ་ཡང་ལྷོ་ཕྱོགས་སུ་ནི་ཁ་བསྟན་ཏེ། །བདུད་རྩིས་མཎྜལ་བྱས་ནས་ནི། །དེ་ནི་འཁོར་ལོ་བྲི་པར་བྱ། །བྱ་རོག་འུག་པའི་ཁྲག་གིས་ནི། །འཁོར་ལོ་གྲུ་བཞིར་བྱས་པ་ལ། །སྣ་ཚོགས་རྡོར་ཇེས་མཚན་པ་སྟེ། །ཕྱི་རོལ་མུ་ཁྱུད་ཟླུམ་པོར་བྱ། །དབུས་སུ་ནང་གི་སྙིང་བོ་ནི། །ཕྱོགས་བཞི་རྣམས་སུ་ལེགས་པར་བྲི། །ཤར་ལ་སོགས་པའི་བར་ཁྱམས་ལ། །ཨོཾ་མ་ཧཱ་ཀཱ་ལ་ཡ། །ཕུར་བ་འདིས་པནྡྷ་ལ་སོགས་པའི། །སྔགས་ནི་ལེགས་པར་བྲི་བར་བྱ། །རྡོ་རྗེའི་ར་ནི་དབུས་མ་ལ། །བཛྲ་བནྡྷ་བྲི་བ་ནི། །ཧཱུཾ་གཉིས་ཀྱི་ནི་བར་དུ་གཞག །རྡོ་རྗེ་ར་གཞན་མཚམས་སུ་ནི། །དྲག་པོའི་ཧཱུཾ་ནི་དགོད་པར་བྱ། །ཕྱི་རོལ་འཁོར་ལོའི་མུ་ཁྱུད་ལ། །རྩ་བའི་སྔགས་ནི་ལེགས་པར་བྲི། །འཁོར་ལོ་མཎྜལ་སྟེང་བཞག་ལ། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོ་རང་བཞིན་མེད་བྱས་ལ། །ལཾ་ལས་བྱུང་བའི་འཁོར་ལོ་ནི། །ཁ་དོག་སེར་པོ་གྲུ་བཞི་སྟེ། །རྡོ་རྗེ་བྲག་གིས་མཚན་པ་ལ། །སྔགས་ནི་མར་མེའི་མེ་ལྟར་འབར། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །བཀའ་ཡི་འཁོར་ལོ་སྤྱན་དྲང་སྟེ། །ཡན་ལག་ཆོ་ག་ཀུན་བྱས་ནས། །འཁོར་ལོ་ལ་ནི་བསྟིམ་པར་བྱ། །དེ་ནས་གཙོ་བོའི་ཐུགས་ཀ་ནས། །ནང་གི་སྙིང་པོ་རབ་སྤྲོས་ཏེ། །འཁོར་ལོ་སྟོང་ཕག་བསྟིམ་པར་བྱ། །འཁོར་ལོའི་ཟུར་ལ་ཞེས་བྱ་བ་ནི་གོ་སླའོ། །ཐོད་པ་དུམ་བུ་གཅིག་བར་ནི། །ཤེས་བྱ་བ་ནི་བསྟེན་པར་བྱ་བའི་གཏོར་མའོ། །ནུབ་བྱང་དཀྱིལ་འཁོར་ཟུར་ལ་ནི། །ཞེས་བྱ་བ་ནི་རབ་གནས་བྱས་པའི་ཕྱག་མཚན་ནོ། །ཐོད་པ་ཁྲག་གིས་བཀང་ཞེས་བྱ་བ་ནི་ནག་པོ་གསུམ་གྱི་ཁག་སྟེ་མིང་གི་ཡི་གེ་དང་ལྡན་པར་བྱའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་པར་བུའི་དཀྱིལ་འཁོར་གྱི་དོན་བསྡུས་ཏེ་བཤད་པའོ། །གཞན་ཡང་ཞེས་བྱ་བ་ནི་བར་བུའི་རྒྱུ་བསྒྲུབ་པ་ལ་འཇུག་པའོ། །མཆོད་པ་ཡིས་ཞེས་བྱ་བ་ནི་གཅན་གཞན་གྱིས་བརྐོས་པའི་མཆོད་པའི་སའོ། །སྲེག་པའི་སྐྲ་ནི་ལྷོ་ཕྱོགས་སུ་མགོ་བསྟན་ནས་ཤི་བའི་སྐྲའོ། །བར་བུ་ཞེས་བྱ་བ་ནི་ནག་པོའི་ཚེས་གཅིག་ལ་ལྷའི་སྦྱོར་བ་དང་ལྡན་པར་བྱའོ། །ཚ་ཞིང་ཁ་བའི་མེ་ཡིས་བསྲེག །


DTG028_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅེས་བྱ་བ་ནི་དུར་ཁྲོད་ཀྱི་མགལ་དུམ་དང་ལྡན་པས་བསྒྲུབ་བྱའི་ཕ་མེས་ཀྱི་རོ་བསྲེགས་པའི་སར་བསྲེག་པར་བྱའོ། །འཁོར་ལོ་བྲིས་ལ་ཞེས་བྱ་བ་ནི། ཕྱི་རོལ་ཟུར་གསུམ་འབར་བར་བྱ། །དབུས་སུ་མུ་ཁྱུད་བཞིས་བསྐོར་ཏེ། །ཕྱི་རོལ་ཟུར་གསུམ་དག་ཏུ་ནི། །རྡོ་རྗེ་འབར་བ་བྲི་བར་བྱ། །དབུས་སུ་ནང་གི་སྙིང་བ་ནི། །བསྒྲུབ་བྱའི་མིང་དང་ལྡན་པར་བྲི། །ཕྱི་རོལ་གྱི་ནི་མུ་ཁྱུད་ལ། །ཕྱི་ཡི་སྙིང་པོ་བྲི་བར་བྱ། །དེ་ཡི་ཕྱི་རོལ་མུ་ཁྱད་ནི། །ལིང་ཚེ་བརྒྱད་དུ་གནས་པ་ལ། །འཁོར་ལོའི་སྔགས་སུ་བཀོད་པ་ནི། །སྡེ་ཆན་བརྒྱད་དུ་རབ་ཕྱེ་སྟེ། །ཧཱུཾ་གི་བར་དུ་བྲི་བར་བྱ། །ཕྱི་རོལ་མུ་ཁྱུད་བརྒྱད་ལ་ནི། །རྩ་བའི་སྔགས་ནི་དགོད་པར་བྱ། །དེ་ཡི་ཕྱི་རོལ་མུ་ཁྱུད་ལ། །ལས་ཀྱི་སྔགས་ནི་དགོད་པར་བྱ། །ཕྱི་རོལ་རྡོ་རྗེ་སྙིང་པོ་ལ། །ནང་གི་སྙིང་པོ་བྲི་བར་བྱ། །ཕྱི་རོལ་ཟུར་གསུམ་བར་ཁྱམས་ལ། །གསང་བའི་སྔགས་ནི་དགོད་པར་བྱ། །ཡི་གེ་དགོད་ཅེས་བྱ་བ་ནི། ལུགས་དང་ལུགས་མིན་གཉིས་སུ་དགོད། །གསང་བའི་སྔགས་ནི་བྲི་བ་ནི། །འཁོར་ལོ་རྩིབ་བརྒྱད་བྲི་བར་བྱ། །ལྟེ་བར་མེ་ཡི་དཀྱིལ་འཁོར་བྲི། །མེ་ཡི་དབུས་སུ་ནང་གི་ནི། །སྙིང་པོའི་མིང་དང་བས་པ་དགོད། །ཕྱི་རོལ་ཟླ་གམ་གསུམ་ལ་ནི། །ཕྱི་ཡི་སྙིང་པོ་དགོད་པར་བྱ། །འཁོར་ལོའི་རྩིབས་ནི་ཐམས་ཅད་ལ། །རྩ་བའི་སྔགས་ནི་དགོད་པ་སྟེ། །སྡེ་ཚན་བརྒྱད་དུ་དབྱེ་བར་བྱ། །བར་དུ་བསྒྲུབ་བའི་མིང་ཡིག་གཞུག །ཕྱི་རོལ་འཁོར་ལོའི་མྱུ་ཁྱུད་ལ། །གསང་བའི་སྔགས་ནི་བྲི་བར་བྱ། །དེ་ཡང་གཡས་སྐོར་གཡོན་སྐོར་དུ། །འཁོར་ལོ་གཉིས་ནི་བྲི་བར་བྱ། །སྟོབས་ཀྱི་བར་བུ་ཞེས་བྱ་བ་ནི། །ཕྱག་མཚན་གཉིས་ནི་བཀོད་པ་སྟེ། །སྟེང་དང་འོག་ཏུ་ཡང་དག་གནས། །ལིངྒ་ཚོགས་གཞུག་པར་བྱ། །ཞེས་བྱ་བ་ནི་ཡིད་འཕྲོག་མ་ལ་སོགས་པའི་མཁའ་འགྲོ་མ་དགུ་སྟ་གོན་ལ་གནས་པར་བྱའོ། །ལྷོ་ནུབ་ཏུ་ཁ་བལྟས་སྟེ་ཞེས་བྱ་བ་ནི། འཁོར་ལོ་བྲི་བའི་དུས་སུའོ། །ལེངྒེ་མིང་གི་ཡི་གེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བུམ་པར་འཁོར་ལོ་གཞུག་པར་བྱ། །ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་ཆོ་ག་སྟེ་སྲུང་བའི་འཁོར་ལོའོ་ཞེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་པར་དུ་བཅའ་བར་རིམ་པ་བསྡུས་ཏེ་བསྟན་པའོ། །དེ་ནས་གཞན་ཡང་རབ་བཤད་པ། །ཞེས་བྱ་བ་ནི་སྐུའི་ཆོ་ག་ལ་


DTG028_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇུག་པར་བྱ་སྟེ། དཀྱིལ་འཁོར་གྱི་ལེའུར་བསྟན་ཟིན་ཏོ། །ཞིང་གི་སྟེང་དུ་བཞུགས་སུ་གསོལ། །ཞེས་བྱ་བ་ནི་མདུན་བསྐྱེད་ཀྱི་ཆོ་ག་རྫོགས་པར་བྱའོ་ཞེས་པའི་སྟོན་ཏོ། །དེ་ཡང་རྒྱུན་དུ་ཞུགས་པའི་རྣལ་འབྱོར་པས་ཉེ་བར་བསྒྲུབ་པའི་བསྙེན་པ་བསྐྱལ་བའོ། །མཐུན་པའི་དམ་རྫས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །སྐུའི་ཆོ་ག་ཞེས་བྱ་བ་ནི་རྒྱུད་དུ་གསུངས་པའི་པར་བུའི་ཆོ་ག་མ་རྫོགས་བར་དུ་ཆོ་གར་བྱས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་ནི་སྐུའི་ཆོ་ག་གསུངས་ཏེ་བཤད་པའོ། །དེ་ནས་གསོལ་བ་ཞེས་བྱ་བ་ནི་བར་བུ་བསྒྲུབ་པར་བྱ་བའི་དོན་དུ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་སྐུའི་ཉེ་བར་བསྒྲུབ་པའི་བསྙེན་པ་རྒྱས་པར་བཤད་པའོ། །པར་བུ་སྒྲུབ་པར་འདོད་པའི་རྣལ་འབྱོར་པས། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བསམ་གཏན་ཞེས་བྱ་བ་ནི་ཐུགས་ཀའི་གྲི་གུག་ལ་གནས་པའི་ཧཱུཾ་ལས་འོད་ཟེར་གྲི་གུག་ལྟ་བུ་སྤྲོས་ཏེ་གུར་དང་ར་བ་ལ་སོགས་པར་གྱུར་པའོ། །སྔགས་ཞེས་བྱ་བ་ནི་བཛྲ་ཀ་པ་རྩའི་སྔགས་ཀྱིས་སོ། །མཚམས་བཅད་ཅེས་བྱ་བ་ནི་སྲུང་བའི་འཁོར་ལོ་བྱ་བའི་ཕྱིར་རོ། །མཆོད་པ་ལ་སོགས་པ་ནི་གོ་སླའོ། །མདུན་གྱི་ཞེས་བྱ་བ་ལ་སོགས་པ་ནི་མདུན་དུ་བསྐྱེད་པའི་ཆོ་ག་རྒྱས་པར་བཤད་པའོ། །སྔགས་ཀྱི་ཕྲེང་བ་ཞེས་བྱ་བ་ནི་ཐུགས་ཀར་གནས་པའོ། །དྲག་པོའི་སྟོབས་ཞེས་བྱ་བ་ནི་སྔགས་ཀྱི་འོད་ཟེར་གྱི་གྲི་གུག་གི་ཕྲེང་བར་སྤྲོ་བའོ། །བསམ་གཏན་ཞེས་བྱ་བ་ནི་གཙོ་བོ་དང་བཀའ་སྡོད་ཀྱི་བར་དུ་བསྒྲུབ་བྱ་དམིགས་ལ། བསྒྲུབ་བྱའི་གནས་གསུམ་དུ་རྣམ་ཤེས་ཀྱི་ཡི་གེ་བསམ་པའོ། །སྔགས་ཀྱི་བཟླས་པ་ཞེས་བྱ་བ་ནི་སྔགས་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་རླུང་སྒོར་ཞུགས་ཏེ། ཡི་གེ་གསུམ་ཚངས་པའི་བུ་ག་ནས་ཕྱུང་ནས་པར་བུ་ནག་པོ་ཆེན་པོ་ལ་བསྟིམས་པའམ། ཞལ་ནས་ཞལ་དུ་འཁོར་བའི་ཕྱིར་བཟླས་པ་བྱ་ཞེས་བྱའོ། །དུས་གསུམ་རྒྱུ་ཞེས་བྱ་བ་ནི་པར་བུའི་ཆོ་ག་མ་རྫོགས་ཀྱི་བར་དུའོ། །མཐུན་པའི་དམ་རྫས་ཞེས་བྱ་བ་ནི་དུག་གི་ལ་དུ་ལ་བརྟེན་པའི་གཏོར་མར་བྱའོ། །རྣལ་འབྱོར་མཚན་མ་ཐོབ་པ་ཡིས། །ཞེས་བྱ་བ་ནི་སྔོན་དུ་ཐུན་མོང་གི་བསྙེན་པ་རྫོགས་པའི་ཕྱིར་རོ། །པར་གུ་ཉེ་བར་སྒྲུབ་པ་དང་ལྡན་པའི་ཕྱིར་རོ། །ཆོ་ག་


DTG028_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྩམ་པར་བྱ་བ་ནི་ཤིན་ཏུ་མཐུན་པ་བཞིས་སམ། ཡང་ན་རྣལ་འབྱོར་པ་གཅིག་གིས་གོ་རིམས་ཀྱི་ཆོ་ག་ཤེས་པར་བྱའོ། །བཀའ་སྩལ་ཞེས་བྱ་བ་ནི་མདུན་བསྐྱེད་ཀྱི་ཉེ་བར་སྒྲུབ་པ་རྒྱས་པར་བཤད་པའོ། །ནག་པོས་གསོལ་པ་ཞེས་བྱ་བ་ནི་ཁ་སྦྱོར་གྱི་ཆོ་ག་ལ་འཇུག་པར་བྱ་བ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་བཅོམ་ལྡན་འདས་གདུག་པ་འདུལ་བའི་ཕྱིར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །པར་བུ་ནག་པོ་ཆེན་པོར་བསྐྱེད། །ཅེས་བྱ་བ་ནི། སྔོན་དུ་རྣལ་འབྱོར་བདག་ཉིད་ནི། །ལྷ་ཡི་འཁོར་ལོ་རྫོགས་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །དཀྱིལ་འཁོར་ལོ་སྤྱན་དྲངས་ཏེ། །པར་བུའི་གནས་སུ་དམིགས་ནས་ནི། །ཐུགས་ཀ་ནས་སྤྲུལ་ནག་པོ་ཡི། །མཆོད་དང་སྡིག་པ་བཤགས་སོགས་བྱ། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །ཚངས་པའི་གནས་བཞི་ལྡན་པར་བྱ། །མདུན་གྱི་དཀྱིལ་འཁོར་གཙོ་བོ་ཡི། །ཐུགས་ཀའི་འོད་ནི་རབ་སྤྲོས་ཏེ། །ཁམས་གསུམ་གདུག་པ་འཇོམས་མཛད་དེ། །ཚུར་འདུས་དཀྱིལ་འཁོར་ཐམས་ཅད་ནི། །གཙོ་བོའི་ཐུགས་ཀར་ཞུགས་པ་སྟེ། །གཙོ་བོ་འོད་དུ་ཞུས་ནས་ནི། །སྟོང་པ་ཉིད་དུ་གྱུར་པར་བསམ། །ཧཱུཾ་ལས་ཞེས་པ་རྡོ་རྗེའི་བྲག །ཉི་མའི་སྟེང་དུ་གནས་པ་སྟེ། །བྲག་གི་སྟེང་ན་ཧཱུཾ་གནས་པ། །ཧཱུཾ་ལས་གསལ་བར་སྤྲོ་བ་ནི། །འབར་བའི་ཕྱོགས་སུ་གྱུར་པ་སྟེ། །གྲི་གུག་ཐོད་པ་འཛིན་པ་སྤྲོ། །ཕྱོགས་སྐྱོང་ལ་སོགས་བགེགས་ཚོགས་ཀྱི། །མགོ་བོའི་སྟེང་དུ་རབ་འདུག་སྟེ། །ཏིལ་གྱི་ཚད་དུ་གཏུབས་བྱས་ནས། །ཁྲོ་བོ་བགེགས་ཀྱི་ཚོགས་རྣམས་ཀུན། །ཀུན་ཀྱང་འོང་དུ་ཞུ་བ་ལས། །གྲི་གུག་གུར་དང་དྲ་སོགས་གྱུར། །དེ་དབུས་ཆོས་འབྱུང་བསམ་པར་བྱ། །དབུས་སུ་སྣ་ཚོགས་པད་ཉིལ། །སྟེང་དུ་བསྒྲུབ་བྱ་གསལ་བར་དམིགས། །བསྒྲུབ་བྱ་གནས་པའི་སྟེང་དུ་ནི། །མེ་ཡི་དཀྱིལ་འཁོར་འབར་བར་བསམས་ཏེ། །དབུས་སུ་ཆོ་ག་ལྔ་ཡིས་ནི། །གཙོ་བོ་ནག་པོ་ཆེན་པོར་བསྐྱེད། །རབ་ཏུ་འཇིགས་བྱེད་མ་ལ་སོགས། །ཟུར་གསུམ་དུ་ནི་བསྐྱེད་པར་བྱ། །སྐུ་མ་དོག་ནག་མོ་ཆེར་འཇིགས་མ། །གྲི་གུག་ཐོད་པ་འཛིན་པ་སྟེ། །སྤྱན་གསུམ་སྡང་མིག་མཆེ་བ་གཙིགས། །དེ་ཡི་ལྟོ་བར་གནས་པ་ནི། །ཞེས་བྱ་བ་ནི། གཙོ་བོའི་ལྟོ་བར་


DTG028_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་པ་སྟེ། །དེ་ཡང་བསྐྱེད་པར་བྱ་བ་སྟེ། །པར་བུ་ཁ་སྦྱོར་རིམ་པ་གསུམ། །ཞེས་བྱ་བ་ནི་དེ་ཡང༌། པར་བུའི་འཁོར་ལོའི་གནས་ངང་བཞིའོ། །ཁ་སྦྱོར་ནི་གཡས་སྐོར་དང་གཡོན་སྐོར་དུ་གནས་པའི་ཕྱིར་རོ། །གསུམ་ཞེས་བྱ་བ་ནི་དབྱིབས་དང༌། གསང་བ་དང་སྟོབས་ཀྱི་པར་བུའོ། །དེ་ཡང༌། དབྱིབས་ནི་རཾ་ལས་སྐྱེས་པ་སྟེ། །ཁ་དོག་དམར་པོ་མེ་ཡི་དབྱིབས། །སྔགས་ནི་མཚོན་ཆ་བཀོད་དང་མཚུངས། །སྐུ་ཡི་པར་བུ་བཤད་པའོ། །དེ་ནས་གསང་བའི་པར་བུ་ནི། །ཨ་ལས་སྐྱེས་པའི་བདག་ཉིད་དེ། །དུམ་བུ་གཅིག་པ་ཁ་སྦྱོར་གནས། །དེ་ཡི་སྔགས་ཀྱི་ཕྲེང་བས་ནི། །འཁོར་ལོ་རྩིབས་བརྒྱད་གནས་པའོ། །སྔགས་ནི་མར་མེ་ལྟ་བུར་མཚུངས། །གསུང་གི་པར་བུའི་བདག་ཉིད་དེ། །ཨེ་ཡི་རྣམ་པ་ལས་སྐྱེས་པའི། །གྲུ་གསུམ་སྟོབས་ཀྱི་པར་བུ་བཤད། །སྟེང་དང་འོག་གི་ཕྱོགས་དག་ཏུ། །གྲི་གུག་ཐོད་པའི་བདག་ཉིད་ཅན། །བསྒྲུབ་བྱ་མྱུར་དུ་གསོད་པ་ཡི། །དྲག་པོ་སྟོབས་དང་ལྡན་པའི་ཕྱིར། །ཐུགས་ཀྱི་པར་བུར་ཡང་དག་བཤད། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །གདུག་པ་མ་ལུས་སྒྲོལ་བའི་ཕྱིར། །པར་བུ་རིམ་པ་གསུམ་དུ་བཤད། །དེ་ཡི་དབུས་སུ་བསམ་ཞེས་བྱ་བ་ལ་སོགས་པ་ནི་བཀའ་སྡོད་བསྐྱེད་པར་བྱ་སྟེ་གོ་སླའོ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཞེས་བྱ་བ་ནི། གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་ནི། །ལྕགས་ཀྱུའི་ཚུལ་དུ་རབ་སྤྲོས་ཏེ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ནས། །ཕྱག་རྒྱ་བཞི་ཡི་སྦྱོར་བས་བསྟིམ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་ནས། །རིགས་ཀྱི་གཙོ་བོས་རྒྱས་གདབ་བྱ། །དེ་ནས་ཐུགས་ཀ་ནས་སྤྲོས་པའི། །ཕྱི་ཡི་སྙིང་པོས་ཁྱབ་པར་བྱ། །དེ་ནས་མཆོད་པ་གཏོར་མ་ནི། །ཁྱད་པར་སྔགས་ཀྱིས་དབུལ་བར་བྱ། །དམ་ཚིག་རྗེས་སུ་དྲན་པའི་ཕྱིར། །སྔགས་ནི་ཐུགས་ཀར་བསྟིམ་པར་བྱ། །དེ་ནས་ནང་གི་སྙིང་པོ་ལ། །ཐུགས་ཀར་བསྙེན་པ་བསྐྱལ་ནས་ནི། །རྩ་བའི་སྔགས་དང་རབ་ལྡན་པས། །ཁྱད་པར་སྔགས་ཀྱི་སྦྱོར་བ་ཡིས། །མཆོད་པ་རྒྱུན་མི་འཆད་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཞེས་བྱ་བ་ནི། བདག་གི་ཐུགས་ཀའི་དཀྱིལ་འཁོར་ནི། །རབ་ཏུ་འཇིགས་བྱེད་མ་ལ་སོགས། །མཁའ་འགྲོའི་འཁོར་ལོ་གནས་པ་སྟེ། །དེ་ཡི་


DTG028_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུགས་ཀའི་འོད་ཟེར་ནི། །ལྕགས་ཀྱུ་ཞགས་པའི་ཚུལ་དུ་སྤྲོ། །ཞེས་བྱའོ། །བསྒྲུབ་བྱ་གསལ་བར་དམིགས་ནས་ནི། །གནས་ལྔར་ལྕགས་ཀྱུ་ཞུགས་ནས་ནི། །ཞགས་པས་ཡན་ལག་བཅིང་བྱ་སྟེ། །བཀུག་ནས་བཀའ་སྡོད་ལྟོ་བར་བསྟིམ། །དེ་ལྟར་དགུག་པའི་སྦྱོར་བ་ནི། །རྣལ་འབྱོར་བསམ་གཏན་གཅིག་པས་ནི། །རྒྱུན་མི་འཆད་པར་ཞེས་བྱའོ། །བླ་མ་རྡོ་རྗེ་འཛིན་པ་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་དུ་སྔོན་དུ་འགྲོ་བའི་ཚིག་སྟེ་གོ་སླའོ། །དྲག་པོའི་བསམ་གཏན་ལྡན་གྱུར་ནས། །ཞེས་བྱ་བ་ནི། དེ་ནས་རྣལ་འབྱོར་དབང་ཕྱུག་གི །ཐུགས་ཀར་ལྷ་ཡི་འཁོར་ལོ་ནི། །མེ་ཡི་དབུས་སུ་གནས་པར་བསམ། །དེ་ཡི་ཐུགས་ཀའི་འོད་ཟེར་ནི། །གྲི་གུག་ཕྲེང་བ་ལྟར་སྤྲོས་ཏེ། །བསྒྲུབ་བྱའི་ལུས་ནི་ཐམས་ཅད་ལ། །གྲི་གུག་འཁོར་ལོ་འཁོར་བའི་ཕྱིར། །དྲག་པོ་བསམ་གཏན་ཞེས་བྱའོ། །གྲི་གུག་ཐོད་པ་ཐོགས་ཞེས་བྱ་བ་ནས། བསམ་གཏན་སྔགས་ཀྱིས་གསད་པར་བྱ། །ཞེས་བྱ་བ་ནི། དེ་ཡང་བསམ་གཏན་ནི་པར་བུའི་སྔགས་ལས། མཚོན་ཆ་ལྟ་བུའི་འོད་སྤྲོས་ཏེ། །བསྒྲུབ་བྱའི་ཤ་ནི་གཅོད་པར་བསམ། །སྔགས་ཞེས་བྱ་བ་ནི། བདག་གི་ཐུགས་ཀའི་འོད་ཟེར་གྱིས། །གྲི་གུག་ཕྲེང་བ་ལྟར་སྤྲོས་ཏེ། །བསྒྲུབ་བྱའི་ལུས་ལ་འཁོར་བར་བྱ། །མཐུན་པའི་དམ་རྫས་ཞེས་བྱ་བ་ནི་བསྟེན་པའི་གཏོར་མ་སྟེ་རྒྱུན་དུ་སྦྱིན་པའོ། །ཞག་བདུན་དུ་ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་གོ །བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྡུད་པ་པོས་པར་བུའི་ཆོ་ག་བསྡུས་ཏེ་འཁོར་ལ་བཤད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱི་བྱེ་བྲག་ཞུས་པ་ལ་སྟེ་གོས་ལའོ། །དང་པོར་པར་བུ་བཅའ་བ་ཞེས་བྱ་བ་ནི། དང་པོར་ལྷ་ཡི་འཁོར་ལོ་ནི། །པར་བུ་ཉིད་ལ་བསྐྱེད་པའི་ཕྱིར། །དང་པོར་བུ་བཅའ་བར་བཤད། །གཉིས་པ་ལྷ་ལ་བསྙེན་པར་འགྱུར། །ཞེས་བྱ་བ་ནི། ཉི་མ་གཉིས་པས་ནི་ལྷའི་ནུས་པ་དང་ལྡན་པའི་ཕྱིར་རོ། །གསུམ་པ་བསྒྲུབ་བྱ་དགུག་ཅེས་བྱ་བ་ནི་གསུམ་པ་ཉིད་ཀྱིས་བསྒྲུབ་བྱ་དགུག་པའི་མཐུ་དང་ལྡན་པའི་ཕྱིར་རོ། །བཞི་པ་མྱོས་པར་བྱེད་ཅེས་བྱ་བ་ནི་བསྒྲུབ་བྱ་སྲོག་སྐྱོབ་པའི་ལྷ་དང་བྲལ་བའི་ཕྱིར་རོ། །ལྔ་པ་ནི་གསོད་པར་བྱེད་ཅེས་བྱ་བ་ནི་ཉི་མ་ལྔ་པས་གསོད་པའི་མཐུ་དང་ལྡན་པའི་ཕྱིར་རོ། །དྲུག་པས་ལྡོག་པ་མེད་པར་བྱེད། །


DTG028_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅེས་བྱ་བ་ནི་ཐེ་ཚོམ་དང་བྲལ་བའི་ཕྱིར་རོ། །ཕུང་པོ་རྣམ་ཤེས་བྲལ་བྱས་ཏེ། །ཞེས་བྱ་བ་ནི། ཉི་མ་བདུན་གྱི་སྦྱོར་བ་ཡིས། །རྣམ་ཤེས་བྲལ་བ་ནུས་པའི་ཕྱིར། །དེ་ཡི་སྦྱོར་བ་ལྡན་པར་བྱ། །གཙོ་བོའི་ཐུགས་ཀའི་འོད་ཟེར་ནི། །བསྒྲུབ་བྱའི་གནས་གསུམ་ལ་ཐིམ་སྟེ། །བསྒྲུབ་བྱའི་རྣམ་ཤེས་བདག་ཉིད་ནི། །ཡི་གེ་གསུམ་དུ་རབ་བྱུང་སྟེ། །བདག་གི་ཐུགས་ཀར་གཞུག་པར་བྱ། །ཧཱུཾ་དང་གཉིས་སུ་མེད་པ་ལས། །རྩ་བའི་སྔགས་ཀྱི་བཟླས་པ་ནི། །ཧཱུཾ་ལ་འཁོར་བར་བཟླ་བར་བྱ། །བར་མ་སྐྱེ་བའི་བསམ་གཏན་ནི། །ཐུགས་ཀའི་ཧཱུཾ་ལས་བསྐྱེད་པ་སྟེ། །མདུན་གྱི་ནམ་མཁའི་དཀྱིལ་འཁོར་དུ། །མངོན་པར་བྱང་ཆུབ་ལྔ་ཡིས་ནི། །ལྷའི་འཁོར་ལོ་རབ་བསྐྱེད་དེ། །ཡེ་ཤེས་སྤྱན་དྲངས་ལ་སོགས་པའི། །དབང་བསྐུར་མཆོད་བསྟོད་བདུད་རྩི་མྱང༌། །དེ་དག་ཐམས་ཅད་བྱས་ནས་ནི། །སྙིང་གི་དབུས་གྱུར་པདྨར་ནི། །ཡི་གེ་རྣམས་ཀྱི་མཆོག་གྱུར་བ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཡེ་ཤེས་ཆེན་པོའི་ཐིག་ལེ་བསམ། །དེ་ཡང་བསམ་གྱིས་མི་ཁྱབ་སྟེ། །བསམ་གྱིས་མི་ཁྱབ་དེ་བསམས་ན། །དེས་ནི་གཟུགས་ནི་ཐོབ་པའི་ཕྱིར། །དགའ་ལྡན་གནས་སུ་བསྐྱལ་ཞེས་བྱ། །འབྲས་བུ་ཆེན་པོ་ཞེས་པ་ནི། །རྫོགས་པ་ཆེན་པོའི་རིམ་པ་སྟེ། །པར་བུའི་ལྷ་ཡི་བདག་ཉིད་ཀྱིས། །རྫོགས་པ་ཆེན་པོ་བསྒྲུབ་པར་བྱ། །རྡོ་རྗེ་རྩེ་མོ་འབར་བ་ནི། །སེམས་དཔའི་ཡི་གེ་བསམ་པར་བྱ། །ཚངས་པའི་སྒོ་ཡི་ནང་དུ་ནི། །བདེ་བའི་ཐིག་ལེ་བསམ་པར་བྱ། །རྡོ་རྗེ་རྩེ་མོ་འབར་བ་ལས། །ཡེ་ཤེས་མེ་བདུན་རབ་སྤྲོས་ཏེ། །ཕུང་པོ་ཁམས་རྣམས་གཞོམ་པར་མཛད། །བདེ་ཆེན་ཧཾ་ལས་བྱུང་བ་ཡི། །བྱང་ཆུབ་སེམས་ཀྱི་ཆུ་བོས་བཀྲུ། །དེ་ལྟར་ཆུ་བདུན་རྫོགས་པ་དང༌། །ཡེ་ཤེས་རླུང་གིས་རབ་འཇིག་སྟེ། །ལྷ་ཡི་ལེའུར་གསུངས་པ་ཡི། །ཐོག་མ་ཐ་མ་དབུས་མེད་ཅིང༌། །དཔེ་མེད་ཀུན་འགྲོ་ནམ་མཁའི་ངོས། །འབྲས་བུ་ཆེན་པོར་རབ་ཏུ་བཤད། །དབང་ཕྱུག་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་པར་བུའི་ཆེ་བའི་ཡོན་ཏན་ཏེ་གོ་སླའོ། །གསང་བ་ཞེས་བྱ་བ་ནི་འབྱུང་བར་དཀའ་བ་དང་ཐུན་མོང་མ་ཡིན་པའི་ཕྱིར་གསང་བའོ། །པར་བུའི་ཆོ་ག་འབའ་ཞིག་ཡོངས་སུ་བསྡུས་ཏེ་བཤད་པས་ན་པར་བུའི་ལེའུ་ཞེས་བྱའོ། །


DTG028_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བུའི་ལེའུའི་བཤད་པ་སྟེ་ལྔ་པའོ།། །།

དྲུག་པ། འཁོར་ལོའི་ལེའུའི་བཤད་པ།


DTG028_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ནི་སྦྱོར་ཀ་བྱེ་བྲག་གཞན་ལ་འཇུག་པ་སྟེ། འཁོར་གྱི་ཚོགས་རྣམས་ཀྱིས་ཞུས་པའོ། །གསང་བའི་པར་བུ་ཞེས་བྱ་བ་ནི་པར་བུ་ལས་གཞན་པའི་སྦྱོར་ཀ་བསྟན་པའི་ཕྱིར་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྡུད་པ་པོས་མདོར་བསྟན་པའོ། །དེ་ནས་གསོལ་བ་ཞེས་བྱ་བ་ནི་བཀའ་སྩལ་ཏོ་ཞེས་བྱ་བས་འཁོར་ལོའི་ཆོ་གའི་དོན་བསྡུས་པའོ། །དེ་ཡང་དང་པོ་འཁོར་ལོ་བཅའ་བ་ཞེས་བྱ་བ་ནས་གསད་པར་བྱའོ་ཞེས་བྱ་བ་ནི་དོན་གསུམ་གྱིས་འགྲུབ་པར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་པའི་ཕྱིར་རོ། །གསོལ་པ་ཞེས་བྱ་བ་ནི་དོན་གསུམ་གྱི་བདག་ཉིད་རྒྱས་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནི་བཅོམ་ལྡན་འདས་འཁོར་ལོ་ཆེན་པོའི་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའོ། །དང་པོར་ཞེས་བྱ་བ་ནི་འཁོར་ལོའི་ཆོ་གའི་སྔོན་དུ་འགྲོ་བའོ། །རྣལ་འབྱོར་གྱི་དབང་ཕྱུག་ཅེས་བྱ་བ་ནི། ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་རྗེས་སུ་གནང་བ་ཐོབ་པའོ། །བསམ་གཏན་དང་ལྡན་པར་བྱས་ནས་ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་རྫོགས་པར་གྱུར་པའོ། །དུར་ཁྲོད་གནས་སུ་ཞེས་བྱ་བ་ནི་འཁོར་ལོ་ཡང་དུར་ཁྲོད་གནས་སུ་བསྒྲུབ་པའི་ཕྱིར་དེ་ནི་འཁོར་ལོ་བྲི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆོ་གས་སྣག་ཚ་བྱ་ཞེས་བྱ་བ་ནི། བདུད་རྩེས་མཎྜལ་བྱས་ནས་སུ། །ཐོད་པར་སྣག་ཚ་ཚོགས་བྱ་སྟེ། །གཙོ་བོའི་ཐུགས་ཀར་འོད་ཟེར་གྱིས། །ཕོག་ནས་རང་བཞིན་མེད་པར་གྱུར། །དེར་ནི་ནག་པོ་ཆེན་པོ་ཡི། །ཆོ་གས་སྐུ་ནི་བསྐྱེད་པར་བྱ། །ཡེ་ཤེས་སྤྱན་དྲངས་ལ་སོགས་པའི། །ཡན་ལག་ཆོ་ག་ཀུན་བྱས་ཏེ། །ནག་པོ་ཆེན་པོའི་ལྟོ་བར་ནི། །ཨཱ་ལི་ཀཱ་ལི་ལས་བྱུང་བའི། །ཟླ་བ་ཉི་མའི་དབུས་སུ་ནི། །ཧཱུཾ་གི་བདག་ཉིད་བསམ་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །རྩ་བའི་སྙིང་པོའི་སྔགས་སྤྲོས་ཏེ། །ཧཱུཾ་ལ་སྟོང་ཕྲག་བསྟིམ་པར་བྱ། །དེ་རྣམས་འོད་དུ་ཞུ་བ་ལས། །འཁོར་ལོའི་སྣག་ཚར་གྱུར་པར་བསམ། །ལྷོ་ནུབ་མཚམས་སུ་ཁ་བལྟས་ཏེ། །ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་དང་ལྡན་པར་བྱའོ། །མི་མཐུན་སྒྲོ་ཞེས་བྱ་བ་ནི་བྱ་རོག་དང་འུག་པའི་སྒོས་བྱ་བའོ། །འཁོར་ལོ་བཞི་རིམ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བསྒྲུབ་


DTG028_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱའི་མིང་ཡིག་གཞུག་ཅེས་བྱ་བ་ནི་ཧཱུཾ་གཉིས་ཀྱི་བར་དུའོ། །འོག་མ་གཡས་སུ་ཞེས་བྱ་བ་ནི་ཉི་མ་ཕྱེད་ན་བྲི་བའོ། །སྟེང་མ་གཡོན་དུ་ཞེས་བྱ་བ་ནི་ཡིག་ལོག་ཏུ་བྲི་བ་སྟེ་ནམ་ཕྱེད་ན་བྲི་བའོ། །འཁོར་ལོའི་ནག་པོ་ཆེན་པོ་ཞེས་བྱ་བ་ནི་ཆོ་གར་བྱས་པའི་ཚོན་གྱིས་སྐུ་མཚན་ཉིད་དང་ལྡན་པར་བྲི་ཞལ་དུ་བསྒྲུབ་བྱའི་མིང་ཡིག་དགོད། །ཅེས་བྱ་བ་ནི་འགུགས་པའི་ཡི་གེའི་བར་དུ་ལྡན་པར་བྱའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་འཁོར་ལོ་བྲི་བ་ཚར་ནས་ལིངྒའི་ཆོ་ག་ལ་འཇུག་པར་བྱ་སྟེ། དེ་ཡང་ཚ་བ་གསུམ་ཞེས་བྱ་བ་ལ་སོགས་པའོ། །ཆོ་གར་བྱ་བ་ལ་ནི་གོང་དུ་བསྟན་པའི་ལིངྒའི་རྒྱུ་སྟ་གོན་ལ་གནས་པའི་ཆོ་ག་རྫོགས་པར་བྱ་བའོ། །སྙིང་གར་གཞུག་ཅེས་བྱ་བ་ནི་གྲོ་ག་ལ་རེ་བ་ལས་བྱུང་བའི་འཁོར་ལོ་བྲིས་ཏེ། དབུས་སུ་ཨོཾ་གྱི་དང་པོ་དང༌། ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི་མཐའ་ཅན་གྱི་སྔགས་བྲིས་ཏེ་གཞུག་པར་བྱའོ། །ལིངྒ་འཁོར་ལོའི་ནང་དུ་གཞག་པར་བྱ་བ་ནི། སྣ་ཚོགས་དུག་ལ་མཎྜལ་ནི། །མེ་ཡི་དབྱིབས་སུ་བྲི་བར་བྱ། །དེ་ནས་དེ་ཡི་དབུས་སུ་ནི། །དཔའ་བོའི་ཐོད་རུས་ཕྱེ་མ་ཡིས། །ཧཱུཾ་གི་ཡི་གེ་བྲི་བར་བྱ། །དེ་ཡི་སྟེང་དུ་འཁོར་ལོ་ནི། །མཉམ་པའི་མྱུ་གུས་རབ་བརྟེན་ཏེ། །སྟེང་དང་འོག་ཏུ་གཞག་པར་བྱ། །དེ་ནས་ཆོ་གར་བྱ་བ་ནི། །གཙོ་བོའི་ལྷ་ཡི་འཁོར་ལོ་ནི། །སྔོན་དུ་རྫོགས་པར་བྱས་ནས་ནི། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོ་རང་བཞིན་མེད་བྱས་ནས། །དེར་ནི་ཧཱུཾ་ལས་སྐྱེས་པ་ཡི། །ཉི་མའི་སྟེང་ན་རྡོ་རྗེའི་བྲག །དེ་ཡི་སྟེང་ན་ཧཱུཾ་གནས་པ། །ཧཱུཾ་ལས་གསལ་བར་སྤྲོ་བ་ནི། །འབར་བའི་ཚོགས་སུ་རབ་སྤྲོས་ཏེ། །བགེགས་ཀྱི་ཚོགས་རྣམས་རབ་བཅོམ་ནས། །དེ་ནས་སྲུང་བའི་འཁོར་ལོར་གྱུར། །དེ་ཡི་དབུས་སུ་ཆོས་འབྱུང་བསམ། །ཆོས་འབྱུང་དབུས་སུ་པད་ཉི་ལ། །དེ་ཡི་སྟེང་དུ་བསྒྲུབ་བྱ་ནི། །ཁ་དོག་ཉམས་པའི་གཟུགས་ཀྱིས་གནས། །དེ་ཡི་སྙིང་གར་བསྐྱེད་པ་ནི། །ཆོ་གལ་ང་ཡི་སྦྱོར་བ་ཡིས། །ལྷ་ཡི་འཁོར་ལོ་བསྐྱེད་པར་བྱ། །ཚནྡོ་ཧ་ཡི་བདག་མོ་སོགས། །ལྷ་མོ་གསུམ་ནི་བསྐྱེད་པར་བྱ། །སྐུ་མདོག་སྔོན་མོ་ཁྲོ་གཉེར་མ། །ཞལ་གཅིག་ཕྱག་གཉིས་འཇིགས་གཟུགས་མ། །ལྕགས་ཁྱུ་ཞགས་པ་འཛིན་པ་སྟེ། །བརྐྱང་བསྐུམ་བསྒྲུབ་བྱའི་སྟེང་ན་འགྱིང༌། །དེ་ནས་གཙོ་བོའི་ལྟོ་བར་ནི། །རཾ་


DTG028_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་མེ་ཡི་དཀྱིལ་འཁོར་བསམ། །དེ་ཡི་དབུས་སུ་བསྐྱེད་པ་ནི། །བཀའ་སྡོད་འཁོར་ལོ་དང་བཅས་བསྐྱེད། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་འཁོར་ལོ་སྤྱན་དྲངས་བསྟིམ། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་ནས། །རིགས་ཀྱི་བདག་པོས་རྒྱས་གདབ་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་ནི། །ཕྱི་ཡི་སྙིང་པོ་སྤྲོས་པ་སྟེ། །སོ་སོའི་ཐུགས་ཀར་བརྒྱ་ཕྲག་བསྟིམ། །དེ་ནས་མཆོད་པ་གཏོར་མ་ནི། །རྩ་བའི་སྔགས་ཀྱིས་དབུལ་བར་བྱ། །དམ་ཚིག་ཆོ་ག་བྱས་ནས་ནི། །ནང་གི་སྙིང་པོས་བསྙེན་པ་ནི། །ཐུན་རེ་སྟོང་ཕྲག་རེ་རེ་བསྐྱལ། །དེ་ནས་དགུག་པའི་སྦྱོར་བ་ནི། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །མཁའ་འགྲོ་རྣམས་ནི་བསྐུལ་ནས་སུ། །མཁའ་འགྲོ་གསུམ་གྱི་ཐུགས་ཀ་ནས། །སྤྲུལ་པའི་མཁའ་འགྲོ་མ་སྤྲུལ་ཏེ། །བསྒྲུབ་བྱ་གསལ་བར་དམིགས་བྱས་ལ། །གཙོ་བོའི་ལྟེ་བར་གཞུག་པར་བྱ། །དེ་ལྟར་དགུག་གཞུག་སྦྱོར་བ་ནི། །ཐུན་དྲུག་ཏུ་ནི་དགུག་པར་བྱ། །དེ་ནས་ཞེས་བྱ་བ་ནི་གོ་སླའོ། །ཁྱིའམ་དོམ་གྱི་ཐོད་པ་ལ། །བཙན་དུག་ཚ་བའི་རྫས་ཀྱིས་བྱུགས། །སྣ་ཚོགས་རྡོ་རྗེ་ནང་དུ་བྲི། །ལྟེ་བའི་རྡོ་རྗེ་སྙིང་པོ་ལས། །གསད་པའི་སྔགས་ནི་བྲི་བར་བྱ། །ཐོད་པ་དེར་ནི་འཁོར་ལོ་གཞུག །སྐུད་པ་དམར་ནག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཐོད་པའི་འཁོར་ལོ་བྲི་ཞེས་བྱ་བ་ནི། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །དབུས་སུ་མེ་ཡི་འཁོར་ལོ་ནི། །རེང་གསུམ་གྱིས་མཚན་པ་བྲི། །དབུས་སུ་ནང་གི་སྙིང་པོ་ནི། །གསད་པའི་ཡི་གེ་ལྡན་པར་བྲི། །དེ་ནས་འཁོར་ལོའི་རྩིབས་ལ་ནི། །གསང་བའི་སྔགས་ནི་བྲི་བར་བྱ། །དེ་ཡང་གཡས་སྐོར་གཡོན་སྐོར་དུ། །འཁོར་ལོ་ལེགས་པར་བྲི་བར་བྱ། །ཕྱི་རོལ་ཚ་བའི་རྫས་ཀྱིས་བྱུག །ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕུར་བུའི་རབ་གནས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ལེའུར་ཤེས་པར་བྱའོ། །འཁོར་ལོ་མནྚལ་སྟེང་བཞག་ནས། །ཞེས་བྱ་བ་ནི་གོང་དུ་བསྟན་པའི་མཎྜལ་གྱི་སྟེང་དུ་འཁོར་ལོ་བཞག་ནས། བསྐྱེད་པའི་རིམ་པ་ཚུལ་བཞིན་བསྒོམ། །ཞེས་བྱ་བ་ནི། སྔོན་དུ་ལྷ་ཡི་རྣལ་འབྱོར་ནི། །རྣལ་འབྱོར་བདག་ཉིད་ལྡན་པར་བྱ། །དེ་ནས་མཎྜལ་འཁོར་ལོ་ནི། །ཇི་ལྟར་གོང་དུ་བསྟན་པ་བཞིན། །ལྷ་ཡི་འཁོར་ལོ་རྫོགས་པར་བསྐྱེད། །མཆོད་


DTG028_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་གཏོར་མ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཐུགས་ཀའི་འོད་ཟེར་ཞེས་བྱ་བ་ནི་དགུག་གཞུག་གི་སྦྱོར་བ་སྟེ་གོང་དུ་བསྟན་པ་བཞིན་ནོ། །དཔལ་ལྡན་ནག་པོ་ཁ་སྦྱོར་གྱིས། །ཞེས་བྱ་བ་ནི་གཙོ་བོའི་ལྟོ་བར་གནས་པའི་བཀའ་སྡོད་ཁ་སྦྱོར་འཁོར་ལོའི་དབུས་སུ་མེའི་དཀྱིལ་འཁོར་བསམ། བར་དུ་བསྒྲུབ་བྱ་གཞུག་པར་བྱ། །ཞེས་བྱ་བ་ནི་མེའི་དཀྱིལ་འཁོར་དབུས་སུའོ། །བསྒྲུབ་བྱ་གསལ་བར་ཞེས་བྱ་བ་ནི་སྲོག་སྐྱོབ་པའི་ལྷ་དང་དབྲལ་བར་བསམ་མོ། །གྲི་གུག་ནི་ཧཱུཾ་ལས་སོ། །འོད་ཅེས་བྱ་བ་ནི་གྲི་གུག་ལྟ་བུ་སྤྲོས་ཏེ། ལུས་ཀྱི་རྩ་གཅོད་པའི་ཕྱིར་སྲོག་གཅོད་པ་ཞེས་བྱ་བའོ། །ནས་གཡས་གཡོན་ཞེས་བྱ་བ་ནི་འབྱུང་བ་དང་འཇུག་པའི་རླུང་ངོ༌། །སྙིང་གི་ཁྲག་ཅེས་བྱ་བ་ནི་སྲོག་འཛིན་པའི་རླུང་སྙིང་ལ་གནས་པའོ། །འཐུང་ཞེས་བྱ་བ་ནི་གཙོ་བོ་དང་འཁོར་གྱི་ལྷ་རྣམས་ཀྱི་ལྕེ་ལ་ཧཱུཾ་ལས་རྡོ་རྗེ་སྦུབས་མ་བསམ། རྡོ་རྗེ་སྦུབས་མའི་སྦྱོར་བ་ནི། །བསྒྲུབ་བྱའི་སྣ་ནས་ཞུགས་ནས་ནི། །སྙིང་གི་དབུས་ནས་འདྲེན་པ་ཡི། །ལུས་ཀྱི་བཅུད་རྣམས་འཐུང་བར་བསམ། །འོད་ཟེར་ཞེས་བྱ་བ་ནི་འགུགས་པའི་སྦྱོར་བ་སྟེ་གོང་དུ་བསྟན་ཏོ། །ལན་བདུན་ཞེས་བྱ་བ་ནི་བདུན་ལ་སོགས་སྟོང་རྩ་བརྒྱད་ཀྱི་བར་དུའོ། །ལྕགས་ཀྱུའི་ཕྱག་རྒྱ་ཞེས་བྱ་བ་ནི་འགུགས་པའི་གྲི་གུག་གི་ཕྱག་རྒྱའོ། །སྔགས་ནི་ཨོཾ་གྱི་དང་པོ་དང༌། །ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི་མཐའ་ཅན་ནོ། །དགུག་པའི་སྦྱོར་བ་ལྡན་གྱུར་ནས། །གསད་པའི་ལས་ལ་འཇུག་པར་བྱ། །ཕུར་བུ་ཞེས་བྱ་བ་ནི་ཁྲོ་བོར་བསྐྱེད་པ་ཉིད་དོ། །ཉུངས་ཀར་ནི་ཆོ་ག་བྱས་པའོ། །གསང་བའི་སྔགས་ཞེས་བྱ་བ་ནི་ཁྱད་པར་དུ་གསད་པའོ། །འདི་ན་སྔགས་ཀྱི་རྒྱལ་པོ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །དེ་ཡང་ཨོཾ་གྱི་དང་པོ་དང༌། །ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི་མཐའ་ཅན་ནོ། །ལུས་ཀྱི་ཐིག་ལེ་ཞེས་བྱ་བ་ནི་ལྷའི་ལེའུར་བསྟན་པ་སྟེ་གོ་སླའོ། །ཐོད་པའི་འཁོར་ལོ་ཞེས་བྱ་བ་ནི་གོ་སླའོ། །རྒྱ་གྲམ་དུ་ནི་བཅིང་བར་བྱ། །ཞེས་བྱ་བ་ནི། ཐོད་པ་སྟེང་དང་འོག་ཏུ་ནི། །རྡོ་རྗེ་རྒྱ་གྲམ་བཀོད་པ་སྟེ། །དེ་ལྟར་སྔགས་ནི་བྲི་བར་བྱ། །ཕྱོགས་བཞིར་ར་ནི་དབུས་མ་ལ། །སྔགས་ནི་སོ་སོར་བྲི་བར་བྱ། །ཡི་གེ་ཨོཾ་གྱི་དང་པོ་དང༌། །ཧཱུཾ་ཧཱུཾ་ཕཊ་ཀྱི་མཐའ་ཅན་ནོ། །དེ་དག་བཟླས་ལ་འཁོར་ལོ་བཅིང༌། །ཞེས་


DTG028_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བ་ནི། གཙོ་བོའི་ཐུགས་ཀའི་དཀྱིལ་འཁོར་ནས། །ནང་གི་སྙིང་པོ་དང་བཅས་ཏེ། །སྤྲོས་པ་ཐོད་པའི་རྡོ་རྗེ་ལ། །སྟོང་ཕྲག་གཅིག་ནི་བསྟིམ་པར་བྱ། །དེ་ནས་མཆོད་རྟེན་ནག་པོ་ཞེས་བྱ་བ་ལ་སོགས་པ་ནི་མནན་པ་ལས་ཀྱི་ཁ་བསྐང་བ་སྟེ་གོ་སླའོ། །དེ་ནས་གཙོ་བོའི་འཁོར་ལོ་ཡི། །ཁྱད་པར་ལས་ནི་ཡིན་པར་བཤད། །ཡང་ན་ཞེས་བྱ་བ་ནི། མུ་ཁྱུད་གསད་པའི་རིམ་པ་ནི། །བཀའ་སྡོད་འཁོར་ལོ་བསྒྲུབ་པར་བྱ་བ་སྟེ། དུར་ཁྲོད་འཇིགས་པའི་དབུས་སུ་ནི། །དཀྱིལ་འཁོར་ལོའི་ཁང་པ་བརྩིགས། །དུར་ཁྲོད་འཁོར་ན་ཐམས་ཅད་དམ། །ཕྱོགས་བཞི་གནོད་སྦྱིན་བསྒྲུབ་པར་བྱ། །དེ་ཡང་མཁའ་འགྲོ་རྒྱ་མཚོར་ནི། །སྒྲུབ་པའི་ཆོ་ག་རྒྱས་པར་བཤད། །འདི་ནི་འཁོར་རྣམས་བསྒྲུབ་པ་ཡི། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ལ། །དབུས་སུ་མེ་ཡི་དཀྱིལ་འཁོར་ནི། །ལྟེ་བའི་མུ་ཁྱུད་ཟླུམ་པོ་ལ། །ཐོད་རློན་འབུར་དུ་བཀོད་པར་བྱ། །ཕྱི་རོལ་འཁོར་ལོའི་མུ་ཁྱུད་ནི། །རབ་གསུམ་དང་ལྡན་པར་བྱ། །ཤར་ལ་སོགས་པའི་རྩིབས་བརྒྱད་ལ། །རབ་ཏུ་གཏུམ་པ་ལ་སོགས་པའི། །དུར་ཁྲོད་བརྒྱད་པོ་བྲི་བར་བྱ། །ཤིང་དང་ཕྱོགས་སྐྱོང་ལ་སོགས་པའི། །མཚན་ཉིད་ཐམས་ཅད་ལྡན་པར་བྱ། །དུར་ཁྲོད་རས་ལ་འཁོར་རྣམས་ཀྱི། །སྐུ་ནི་ལེགས་པར་བྲི་བར་བྱ། །དེ་ཡང་ཤར་ལ་སོགས་པར་ནི། །ནག་པོ་དྲག་པོ་ལ་སོགས་དང༌། །ཁྭ་གདོང་ལ་སོགས་ཐམས་ཅད་ཀྱང༌། །དཀྱིལ་འཁོར་ལེའུ་ལས་གསུངས་ལྟར། །སྐུ་མདོག་ཕྱག་མཚན་བྲི་བར་བྱ། །དེ་ནས་རབ་གནས་བྱས་ནས་ཀྱང༌། །འཁོར་ལོའི་རྩིབས་རྣམས་དབུས་སུ་ནི། །རིམ་པས་ལེགས་པར་དགོད་པར་བྱ། །དེ་ནས་ཐོད་པའི་ནང་དུ་ནི། །མི་ལ་སོགས་པའི་ཤ་ལྔ་དང༌། །ཆང་དང་བདུད་རྩི་ལ་སོགས་པའི། །མཐུན་པའི་རྫས་ཀྱི་གཏོར་མ་ནི། །ལྷ་རྣམས་མདུན་དུ་གཞག་པར་བྱ། །དེ་ནས་བདག་ཉིད་རྣལ་འབྱོར་པ། །ལྷ་ཡི་འཁོར་ལོ་བསྐྱེད་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོ་དག་པར་བྱས་ནས་ནི། །ནམ་མཁའ་ལྟ་བུའི་དབུས་སུ་ཡི། །རཾ་ལས་བྱུང་བའི་ཉི་མ་ལ། །དེ་སྟེང་ཧཱུཾ་ལས་རྡོ་རྗེའི་ཕྲག །སྟེང་དུ་ཧཱུཾ་ནི་འབར་བ་ལ། །འོད་ཟེར་གུར་དང་དྲ་སོགས་གྱུར། །དེ་ཡི་དབུས་སུ་ཆོས་འབྱུང་བསམ། །ཆོས་འབྱུང་དབུས་སུ་ཡཾ་ལ་སོགས། །ཡི་གེ་


DTG028_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞི་ལས་བྱུང་བ་ཡི། །དཀྱིལ་འཁོར་རིམ་པས་བསྐྱེད་པར་བྱ། །སྟེང་དུ་བྷྲཱུཾ་ལས་འཁོར་ལོ་ནི། །དབུས་སུ་བྷྲཱུཾ་གྱིས་མཚན་པ་བསྐྱེད། །དེ་དག་ཡོངས་སུ་གྱུར་པ་ལས། །དཀྱིལ་འཁོར་ལོའི་ཁང་པ་བསྐྱེད། །དབུས་སུ་མེ་ཡི་དཀྱིལ་འཁོར་ནི། །ཤིན་ཏུ་འབར་བའི་དབྱིབས་སུ་གནས། །འཁོར་ལོའི་རྩིབས་ནི་བརྒྱད་པོ་ལ། །དྲག་ཏུ་གཏུམ་པ་ལ་སོགས་པའི། །དུར་ཁྲོད་བརྒྱད་པོ་ཐམས་ཅད་ཀྱང༌། །ཤིན་ཏུ་འཇིགས་པའི་གཟུགས་ཀྱིས་གནས། །འཁོར་ལོའི་རྩིབས་ཀྱི་ཕྱི་རོལ་དུ། །མེ་ཡི་དཀྱིལ་འཁོར་བསམ་པར་བྱ། །དེ་ནས་འཁོར་ལོ་དེ་དག་ཏུ། །ལྷ་ཡི་འཁོར་ལོ་བསྐྱེད་པར་བྱ། །དེ་ཡང་དབུས་ལ་སོགས་པ་ནི། །སྣ་ཚོགས་པདྨ་ཉི་མ་ནི། །བཾ་དང་རཾ་ལས་བསྐྱེད་པར་བྱ། །དེ་ཡི་སྟེང་དུ་རོ་ཡི་གདན། །སྙིང་གར་ཧཱུཾ་ལས་སོ་སོ་ཡི། །ཕྱག་མཚན་གསལ་བར་བསྐྱེད་པར་བྱ། །དེ་དག་ཡོངས་སུ་གྱུར་པ་ལས། །གཙོ་བོ་ལ་སོགས་ལྷ་རྣམས་བསྐྱེད། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ། །བརྐྱང་བསྐུམ་རོ་ཡི་གདན་ལ་གནས། །ཀུན་ཀྱང་འཇིགས་པའི་གཟུགས་ཅན་ཏེ། །ལྷ་རྣམས་སྐུ་མདོག་ཕྱག་མཚན་ནི། །ལྷ་ཡི་ལེའུར་ཤེས་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་བསྟིམ། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་མཆོད། །རིགས་ཀྱི་གཙོ་བོས་རྒྱས་གདབ་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་ནི། །ཕྱི་ཡི་སྙིང་པོར་རབ་སྤྲོས་ཏེ། །སོ་སོའི་ཐུགས་ཀར་ཐིམ་པར་བྱ། །དེ་ནས་མཆོད་པ་གཏོར་མ་ནི། །རྩ་བའི་སྔགས་ལས་སོ་སོ་ཡི། །སྙིང་པོ་ལྡན་པས་དབུལ་བར་བྱ། །དེ་ནས་དམ་ཚིག་ཆོ་ག་ཡིས། །སོ་སོའི་ཐུགས་ཀར་བསྐྱལ་བར་བྱ། །དེ་ནས་ནང་གི་སྙིང་པོ་ནི། །སོ་སོའི་སྙིང་པོ་རབ་ལྡན་ཏེ། །བསྙེན་པ་ཁྲི་ཕྲག་བསྐྱལ་བར་བྱ། །དེ་ནས་རྟགས་ཀྱི་རྣམ་པ་ལས། །འཇིགས་པ་བསྐྱེད་པར་མི་བྱ་སྟེ། །རང་གི་འདོད་པའི་དངོས་གྲུབ་ནི། །མཆོད་ནས་གསོལ་བ་གདབ་ལ་སྦྱིན། །དེ་ནི་དངོས་གྲུབ་ཐམས་ཅད་ལ། །ཐོགས་པ་མེད་པར་འགྲུབ་པར་འགྱུར། །དེ་ནས་ལས་སྦྱོར་བརྩམ་པར་བྱ། །དུར་ཁྲོད་ལས་བྱུང་རས་ལ་ནི། །སྐྱེ་ཚེ་བཙན་དུག་ད་དུ་ར། །སྒྲུབ་པའི་རྣམ་པར་སྣང་མཛད་ཀྱིས། །རས་ལ་ལེགས་པར་བྱུག་པར་བྱ། །ཆོ་ག་བྱས་པའི་


DTG028_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྣག་ཚ་ཡིས། །འཁོར་ལོའི་ཁང་པ་ལྟ་བུར་བྲི། །དབུས་སུ་མེ་ཡི་དཀྱིལ་འཁོར་ལ། །ནང་གི་སྙིང་པོས་བསྐོར་ནས་ནི། །དབུས་སུ་བསྒྲུབ་བྱའི་མིང་ཡིག་དོག་ད། །འཁོར་ལོ་ལྟེ་བའི་མུ་ཁྱུད་ལ། །གསད་པའི་སྔགས་ནི་བྲི་བར་བྱ། །འཁོར་ལོ་ཤར་ཕྱོགས་རྩིབས་ལ་ནི། །རུ་ཏྲ་ཀ་ལ་ཡཀྵ་ཨཾ་པུརྞ། །ཀ་ལོ་ཡཾ་ཀཾ་ཀ་ཏྲ་ཏྲ། །ལྷོ་ཕྱོགས་སུ་ནི་བཛྲ་ཙནྡྲ་ཀྲོ་དྷ་བི་ཤ་ན་རཱུ་པ་ལ། ནུབ་ཕྱོགས་སུ་ནི་བཛྲ་བི་ཏ་ལ་བི་ཤ་ན་རཱུ་པ་ལ། བྱང་ཕྱོགས་སུ་ནི་བཛྲ་ཀཱ་ལ་མ་ཧཱ་ཡཀྵ། བྱང་ཤར་དུ་བཛྲ་ག་ཎ་པ་ཏི། མ་བིད་ཏ་རཱུ་པ། ཤར་ལྷོར་ནི་མ་ཧཱ་རུ་དུ་མེ་ཧོ་ཀུ་རུ་ཏྲ། རེ་ལུ་པ་བིད་ཏྲ། ལྷོ་ནུབ་ཏུ་དད་ཏྲ་ཀ་ར་ལ། པུ་ཏ་ཀཱ་ཡ། ནུབ་བྱང་དུ་ནི་ཡཀྵ་ནར་ཏ་ཀ་ར། ཤར་ཕྱོགས་སུ་ནི་ཀཱ་ཀཱ་སྱེ། ལྷོ་ཕྱོགས་སུ་ནི་སཱུ་ཀ་རཱ་སྱེ། ནུབ་ཕྱོགས་སུ་ནི་ཤྭ་ནཱ་སྱེ། བྱང་ཕྱོགས་སུ་ནི་ཨུ་ལུ་ཀཱ་སྱེ། བྱང་ཤར་དུ་ཡམ་དྷཱུ་ཏི། ཤར་ཕྱོགས་སུ་ཡ་མ་ད་དྷི། ལྷོ་ནུབ་ཏུ་ཡ་མ་དཥྚྲཾ་ནི། བྱང་ནུབ་ཏུ་ཡ་མ་མ་ཐ་ནི། དེ་དག་ནི་ལྷ་ཡི་སྙིང་པོ་སྟེ། འཁོར་ལོ་དག་པར་དགོད་པར་བྱ། །ཡི་གེ་ཨོཾ་གྱི་དང་པོ་དང༌། །ཧཱུཾ་ཧཱུཾ་ཕཊ་ཀྱི་མཐའ་ཅན་ཏེ། །དབུས་སུ་གསང་བའི་ཡི་གེ་ནི། །བསྒྲུབ་བྱའི་མིང་དང་ལྡན་པར་བྱ། །མཆོད་པ་གཏོར་མ་དབུལ་བ་ཡང༌། །མཐར་གྱུར་སྔགས་ཀྱིས་དབུལ་བར་བྱ། །འཁོར་ལོ་ཕྱི་རོལ་མུ་ཁྱུད་ལ། །རྩ་བའི་སྔགས་ནི་བྲི་བར་བྱ། །དེ་ལྟར་འཁོར་ལོ་བྲིས་ནས་ནི། །རྒྱུད་དུ་གསུངས་པའི་རྫས་ལ་ནི། །ལིངྒ་སོར་བརྒྱད་བྱས་ནས་ནི། །སྙིང་གར་འཁོར་ལོ་བཅུག་ནས་ནི། །གོང་གི་དཀྱིལ་འཁོར་དབུས་སུ་གཞག །དེ་ནས། བདག་ཉིད་རྣལ་འབྱོར་ལྡན་བྱས་ནས། །གོང་དུ་ལྷ་ཡི་འཁོར་ལོ་ནི། །འདིར་ནི་འཁོར་ལོ་རྫོགས་པར་བསྐྱེད། །ཡན་ལག་ཆོ་ག་ཀུན་བྱས་ཏེ། །འདིར་ནི་ནང་གི་སྙིང་པོ་དང༌། །ཁྭ་གདོང་ལ་སོགས་ལྷ་མོ་བཞི། །ཕྱག་རྒྱ་བཞི་དང་རབ་ལྡན་ནས། །སྔགས་ནི་སྟོང་ཕྲག་གཅིག་ཏུ་ཡང༌། །བསྒྲུབ་བྱ་དགུག་གཞུག་སྦྱོར་བ་བྱ། །དེ་ནས་གསང་པའི་སྦྱོར་བ་ནི། །གསང་པའི་སྔགས་ལ་ལྷ་རྣམས་ཀྱི། །སྙིང་པོ་གསད་པའི་ཡི་གེར་བཅས། །ཐུན་རེ་སྟོང་ཕྲག་རེ་རེ་ནི། །གསད་པའི་སྦྱོར་བ་ལྡན་པར་བྱ། །ཕུར་བུ་ཉུངས་ཀར་ལ་བསྔགས་ཏེ། །སུམ་ཅུ་རྩ་གཉིས་གནས་སུ་གདབ། །དེ་ལྟར་ཞག་བདུན་བྱས་ནས་ནི། །ཅེ་སྤྱད་ཐོད་པར་གཞུག་པར་བྱ། །དུར་ཁྲོད་དབུས་སུ་གནས་པ་ལས།།


DTG028_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་ན་འཁོར་ལོ་གནས་སུ་གཞག །རང་གི་ལུས་སུ་བརྟེན་པར་བྱ། །ཞེས་བྱ་བ་ནི། གོང་དུ་བསྟན་པའི་འཁོར་ལོ་དེ། །ཐོད་པ་ཁ་སྦྱོར་ནང་དུ་ནི། །ལིངྒ་དང་བཅས་གཞག་པར་བྱ། །ཇི་སྲིད་མ་གྲུབ་པར་དུ་ནི། །གསད་པའི་ཆོ་ག་བྱ་བའི་ཕྱིར། །ལུས་ལ་བརྟེན་ཞེས་བྱ་བའོ། །བསམ་གཏན་དང་ལྡན་པར་བྱ་ཞེས་བྱ་བ་ནི་ལྷ་བཅུ་བདུན་གྱི་རྣལ་འབྱོར་དང་དེའི་སྔགས་དང་ལྡན་པའོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཨོཾ་གྱི་དང་པོ་དང་ཧཱུཾ་གི་མཐའ་ཅན་ནི་གནད་ལ་བོར་བའོ། །བཀའ་སྩལ་པ་ཞེས་བྱ་བ་ནི་གསང་བའི་འཁོར་ལོ་བསྡུས་ཏེ་བསྟན་པའོ། །དེ་ནས་ཞེས་བྱ་བ་ནི་འཁོར་ལོའི་ཆོ་ག་ལ་གཞན་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་ཀླུ་འདུལ་བའི་ཏིང་ངེ་འཛིན་གྱི་འཁོར་ལ་ཞུས་པའོ། །དུར་ཁྲོད་ཀྱི་གཡམ་པ་ལ་སོགས་པ་ནི་གོ་སླའོ། །དུར་ཁྲོད་སྣག་ཚ་ཞེས་བྱ་བ་ནི། དུར་ཁྲོད་མ་རུངས་དབུས་སུ་ནི། །བདུད་རྩི་མཎྜལ་བྱས་ནས་ཀྱང༌། །ཐོད་རློན་སྒྱེད་བུ་གཟུགས་པར་བྱ། །དེ་ཡི་སྟེང་དུ་མར་མེ་ནི། །དུར་ཁྲོད་རས་ལ་བདུད་རྩི་ཡི། །སྙིང་པོ་བྱས་ནས་མར་མེ་ནི། །མར་ནག་ཆེན་པོ་སྦྱར་བར་བྱ། །ཐོད་པ་དུམ་བུ་གཅིག་པ་ལ། །པདྨ་འདབ་བརྒྱད་བྲིས་ནས་ནི། །དབུས་སུ་ནང་གི་སྙིང་པོ་བཀོད། །དེ་ནས་པདྨའི་འདབ་མ་ལ། །ཕྱི་ཡི་སྙིང་པོ་དགོད་པར་བྱ། །དེ་ནས་བར་མའི་མུ་ཁྱུད་ལ། །རྩ་བའི་སྔགས་ནི་དགོད་པར་བྱ། །དེ་ནས་མར་མེ་ཐོག་ཏུ་གཞག །ལྷ་ཡི་འཁོར་ལོ་རྫོགས་བྱས་ལ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །མར་མེ་རང་བཞིན་མེད་བྱས་ལ། །དེར་ནི་ནག་པོ་ཆེན་པོ་ཡི། །ཆོ་ག་ལྔ་ཡིས་བསྐྱེད་པར་བྱ། །དེ་ཡི་ལྟོ་བར་གནས་པ་ནི། །བཀའ་སྡོད་ཆོ་ག་གསུམ་གྱིས་བསྐྱེད། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་དགུག་གཞུག་པ་ལ་སོགས་པའི། །ཡན་ལག་ཆོ་ག་ཐམས་ཅད་བྱ། །ཐུགས་ཀ་པདྨ་ཉི་མ་ལ། །གྲི་གུག་ཡུ་བར་ཉི་མ་ལ། །ཧཱུཾ་ལས་ནང་གི་སྙིང་པོར་ནི། །བསྐོར་ཏེ་ཐུགས་ཀ་ནས་སྤྲོས་པས། །སྟིང་གི་འཁོར་ལོ་ཐིམ་པར་བསམ། །དེ་ལྟར་བཟླས་པ་སྟོང་ཕྲག་གཅིག །བྱས་ནས་སྣག་ཚ་བསྡུ་བར་བྱ། །བསམ་གཏན་སྔགས་དང་ལྡན་གྱུར་པས། །ཞེས་བྱ་བ་ནི་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པར་བྱའོ། །ནག་


DTG028_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་སྤྲུལ་དང་ལྡན་པར་བསྐྱེད། །ཅེས་བྱ་བ་ནི། གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོ་རང་བཞིན་མེད་པར་བྱ། །དེར་ནི་ནག་པོ་ཆེན་པོ་དང༌། །གོང་དུ་བསྟན་པའི་ལྷ་མོ་གསུམ། །ཀླུ་རྣམས་མཆོག་གསུམ་གྱིས་བསྐྱེད། །ཀླུ་ནི་ཡི་གེ་ཕུཿ་ལས་སོ། །དེ་ཡི་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་སྤྱན་དྲངས་དཀྱིལ་འཁོར་བསྟིམ། །བདེ་གཤེགས་དབང་བསྐུར་བྱས་ནས་ནི། །དེ་ནས་ཕྱི་ཡི་སྙིང་པོ་ཡིས། །ཀུན་གྱི་ཐུགས་ཀར་ཐིམ་པར་བྱ། །མཆོད་པ་ཞེས་བྱ་བ་ནི་གོ་སླའོ། །སྔགས་ཀྱི་བཟླས་པ་ཞེས་བྱ་བ་ནི་ནང་གི་སྙིང་པོ་དང་བཅས་པ་སྟེ། ཡི་གེ་ཨོཾ་གྱི་དང་པོ་དང༌། །ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱའི་མཐའ་ཅན་ནོ། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོ་ཀུན་ལ་ཁྱབ་པར་བྱ། །དེས་ནི་འཆར་ནི་འདེབས་པར་འགྱུར། །ཞེས་བྱའོ། །གལ་ཏེ་ཞེས་བྱ་བ་ནི་མ་ཕེབས་ན་སྤོགས་པའི་ཆོ་ག་སྟེ་གོ་སླའོ། །འཁོར་ལོ་བཟློག་ཅེས་བྱ་བ་ནི་ཀླུ་ལ་སོགས་པ་བཟློག་པ་བྲིའོ། །སྟེང་དུ་སྦྱིན་སྲེག་ཅེས་བྱ་བ་ནི་གསང་བའི་སྦྱིན་སྲེག་སྟེ་དེ་ཡང་གོང་གི་ལྷ་མོ་དང༌། སྐུ་མདོག་ཕྱག་མཚན་མཐུན་པར་བསྐྱེད། །སྔགས་བཟློག་ཅེས་བྱ་བ་ནི་སྭཱ་ཧཱ་ནས་བྱའོ། །བསྒྲུབ་བྱ་ཞེས་བྱ་བ་ནི་གོ་སླའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་སེར་བ་སྲུང་བའི་འཁོར་ལོའི་བྱ་བ་ལ་འཇུག་པ་སྟེ། ཁ་ཊི་ཁ་ཡིས་འཁོར་ལོ་བྲི། །ཞེས་པ་ནི། བདུད་རྩིས་ཕྱི་ནས་བྱུགས་ནས་ནི། །འཁོར་ལོ་དབུས་སུ་གྲུབ་བཞི་སྟེ། །དེ་ནི་བསྲུང་བའི་ཡུལ་མིང་བྲི། །ཟུར་བཞི་སྣ་ཚོགས་རྡོ་རྗེ་ནི། །རྩེ་མོར་ཧཱུཾ་དང་ལྡན་པར་བྱ། །དེ་ཡི་ཕྱི་རོལ་གྲུབ་བཞིར་དགོད། །རྡོ་རྗེ་བཞི་ཡི་བར་ཁྱམས་སུ། །སྲུང་བའི་སྔགས་ནི་བྲི་བར་བྱ། །ཕྱི་རོལ་ཕྱོགས་ནི་བཞི་རྣམས་ལ། །སྣ་ཚོགས་རྡོ་རྗེ་བྲི་བ་སྟེ། །དབུས་སུ་ཧཱུཾ་གི་སྙིང་པོ་ལྡན། །ཕྱི་རོལ་མུ་ཁྱུད་ཟླུམ་པོ་ལ། །རྩ་བའི་སྔགས་ནི་བྲི་བར་བྱ། །འཁོར་ལོ་མཎྜལ་སྟེང་བཞུགས་ནས། །བདག་ཉིད་ལྷ་ཡི་རྣལ་འབྱོར་ནི། །དང་པོ་རྫོགས་པར་བྱས་ནས་ནི། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོ་རང་བཞིན་མེད་བྱས་ནས། །དེར་ནི་ལྷ་ཡི་འཁོར་ལོ་ནི། །ལྷ་མོ་གསུམ་དང་བཅས་པ་སྟེ། །ཆོ་ག་གསུམ་གྱིས་རྫོགས་པར་བསྐྱེད། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་བསྟིམ། །བདེ་གཤེགས་


DTG028_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་བསྐུར་ལ་སོགས་པའི། །ཡན་ལག་ཆོ་ག་ཐམས་ཅད་བྱ། །དེ་ནས་གཙོ་བོའི་ལྟོ་བ་ནི། །ཧཱུཾ་གཉིས་བར་དུ་བསམ་བྱ་སྟེ། །དེ་ཡོངས་གྱུར་པས་རྡོ་རྗེ་ཡི། །སྲུང་བའི་འཁོར་ལོས་བསྲུང་བར་བྱ། །དེ་ཡི་དབུས་སུ་བསྲུང་བྱ་ཡི། །ཡུལ་ནི་ལེགས་པར་བསམ་པར་བྱ། །དེ་ནས་བཟླས་པ་བྱ་བ་སྟེ། །ཡུལ་དང་ཞེས་བྱ་བ་ལ་སོགས་པའོ། །སྔགས་ནི་ཨོཾ་གྱི་དང་པོ་དང༌། །ཧཱུཾ་ཧཱུཾ་ཕཊ་ཀྱི་མཐའ་ཅན་ནོ། །ཕྱོགས་བཞིར་གཞག་པར་བྱ་བ་ནི། །གང་ཞིག་བསྲུང་བྱའི་ཡུལ་དུ་ནི། །ཕྱོགས་བཞིར་གོང་གི་ཆོ་ག་བྱ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་ཛམྦྷ་ལ་བསྒྲུབ་པ་ལ་འཇུག་པར་བྱའོ། །གསལ་བར་བསྐྱེད་ཅེས་བྱ་བ་ནི། ལྷ་མོ་དང་བཅས་འཁོར་ལོ་ནི། །ཆོ་ག་གསུམ་གྱིས་རྫོགས་པར་བསྐྱེད། །སྔགས་ནི་ཨོཾ་གྱི་དང་པོ་དང༌། །སྭཱ་ཧཱའི་མཐའ་ཅན་ཏེ། ཆུ་སྦྱིན་དང་བསྙེན་པའི་ཆོ་གར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་ནི་ཡན་ལག་གི་འཁོར་ལོ་འཁོར་ལ་བསྡུས་ཏེ་བཤད་པའོ། །འཁོར་ལོའི་ལེའུ་ཞེས་བྱ་བ་ནི་གསད་པའི་ལས་གྲུབ་པར་བསྟན་པ་སྟེ་དེ་བསྡུས་པའི་ལེའུའོ། །འཁོར་ལོའི་ལེའུའི་བཤད་པ་སྟེ་དྲུག་པའོ།། །།

བདུན་པ། མནན་པའི་ལེའུའི་བཤད་པ།


DTG028_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ནི་འཁོར་ལོའི་ལས་ཀྱི་ཁ་བསྐང་བར་བྱ་བ་དང༌། མནན་པ་འབའ་ཞིག་གིས་གསད་པའི་ཕྱིར་ཞུས་པ་སྟེ་གོ་སླའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་མནན་པའི་ཁྱད་པར་གསུངས་པའོ། །དེ་ནས་ཞེས་བྱ་བ་ནི་མནན་པའི་བསྒྲུབ་པར་བྱས་པ་ལ་འཇུག་པ་བསྡུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་སྟོབས་ཆེན་པོའི་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའི་དོན་ཏོ། །དུར་ཁྲོད་ཅེས་བྱ་བ་ནི་དུར་ཁྲོད་ལ་སོགས་པའི་གནས་བརྒྱད་དུའོ། །ཏིང་ངེ་འཛིན་དང་ལྡན་པར་གྱུར་ནས་ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་རྫོགས་པའོ། །བསམ་གཏན་ཞེས་བྱ་བ་ནི་ཐུགས་ཀའི་གྲི་གུག་འོད་ཟེར་རོ། །སྔགས་ཞེས་བྱ་བ་ནི་བཛྲ་ཀ་པ་ཙིའི་སྔགས་སོ། །མཚམས་བཅད་པ་ཞེས་བྱ་བ་ནི་སྲུང་བའི་འཁོར་ལོའོ། །ཐོད་པ་ཞེས་བྱ་བ་ནི་གོ་སླའོ། །འཁོར་ལོ་བྲི་ཞེས་བྱ་བ་ནི་ཐོད་པའི་ནང་དུ་སྣ་ཚོགས་རྡོ་རྗེ་བྲི་བར་བྱའོ། །རྡོ་རྗེ་དབུས་ཀྱི་ལྟེ་བ་ལ་ནང་གི་སྙིང་པོ་བྲི་བར་བྱའོ། །རྡོ་རྗེ་ར་ཡི་དབུས་མ་ལ། །འཁོར་ལོའི་སྔགས་ནི་དགོད་པར་བྱ། །ཕྱོགས་བཞི་ལེགས་པར་བྲི་བར་བྱ། །དེ་ཡི་ཕྱི་རོལ་མུ་ཁྱུད་ལ། །གསད་པའི་སྔགས་


DTG028_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་དགོད་པར་བྱ། །དེ་ཡང་ཐོད་པ་གཉིས་ལ་ནི། །ལུགས་དང་ལུགས་མིན་བྲི་བར་བྱ། །མིང་དང་ཡི་གེ་ལྡན་པར་བྲི། །ཞེས་བྱ་བ་ནི་བསྒྲུབ་བྱའི་གཟུགས་བྲི་བ་སྟེ། སྙིང་ག་ལ་སོགས་གནས་ལྡར་ནི། །བསྒྲུབ་བྱའི་མིང་གི་ཡི་གེ་ནི། །ཧཱུཾ་གི་བར་དུ་ལྡན་པར་བྱ། །འཁོར་ལོའི་ནང་དུ་གཞུག་ཅེས་བྱ་བ་ནི་གོ་སླའོ། །ཕྱི་རོལ་དུ་ཁྲོད་རས་ཀྱིས་གཏུམ། །ཞེས་བྱ་བ་ནི་དུར་ཁྲོད་ནས་བྱུང་བའི་སྲད་བུས་རྒྱ་གྲམ་དུ་བཅིངས་པའོ། །མཆེད་པའི་ས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བསྐྱེད་པའི་རིམ་པ་ཚུལ་བཞིན་ཞེས་བྱ་བ་ནི། དང་པོར་བདག་ཉིད་རྣལ་འབྱོར་ནི། །ལྷ་ཡི་འཁོར་ལོ་རྫོགས་པར་བྱ། །དེ་ཡི་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོ་གནས་པའི་སྐུ་གཟུགས་ལ། །ཕོག་ནས་རང་བཞིན་མེད་པར་བྱ། །དེ་ནི་ལྷ་ཡི་འཁོར་ལོ་ནི། །ཆོ་ག་གསུམ་གྱིས་བསྐྱེད་པར་བྱ། །ཤིན་ཏུ་འཇོམས་མ་ལ་སོགས་པའི། །མཁའ་འགྲོ་གསུམ་ནི་བསྐྱེད་པར་བྱ། །སྐུ་མདོག་ནག་པོ་ཆེར་འཇིགས་མ། །གྲི་གུག་ཐོད་པ་འཛིན་པ་སྟེ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་འཇིགས། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་འཁོར་ལོ་བསྟིམ་པའི་ཕྱིར། །བླ་མ་ཞེས་བྱ་ལ་སོགས་པའི། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་ནས། །ཐུགས་ཀའི་བདག་པོས་རྒྱས་གདབ་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་ནི། །ཕྱི་ཡི་སྙིང་པོ་རབ་སྤྲོས་ཏེ། །ལྷ་རྣམས་སོ་སོའི་ཐུགས་ཀར་ཐིམ། །དེ་ནས་མཆོད་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྔགས་ཀྱི་བཟླས་པ་ཞེས་བྱ་བ་ནི་དམ་ཚིག་དང་ལྡན་པར་བྱས་ཏེ། ནང་གི་སྙིང་པོ་ལ་བསྙེན་པ་བསྐྱལ་བའོ། །ཐུགས་ཀའི་འོད་ཟེར་ཞེས་བྱ་བ་ནི་གཙོ་བོ་ལ་སོགས་པའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའོ། །བསྒྲུབ་བྱ་གསལ་ཞེས་བྱ་བ་ནི་སྲོག་སྐྱོབ་པའི་ལྷ་དང་བྲལ་བར་གསལ་བའི་ཕྱིར་རོ། །སྔགས་དང་ཞེས་བྱ་བ་ནི་དགུག་པའི་སྔགས་སོ། །གྲི་གུག་ཐོད་པ་ཐོགས་པ་ཞེས་བྱ་བ་ནི་གསད་པའི་སྦྱོར་བ་ལ་འཇུག་པར་བྱ་བ་གསད་པའི་སྔགས་སོ། །ཐུན་མཚམས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དུར་བའི་རྫས་ཀྱིས་བྱུག་པར་བྱའོ། །མདུན་གྱི་ཞེས་བྱ་བ་ནི་དེའི་བའི་རྫས་ཀྱིས་བྱུག་པར་བྱའོ། །མདུན་གྱི་ཞེས་བྱ་བ་ནི་དེའི་དབུས་སོ། །དུར་ཁྲོད་ཀྱི་ཕ་གུ་ལ་འཁོར་ལོ་བྲི་ཞེས་བྱ་བ་ནི། དབུས་སུས་ན་ཚོགས་རྡོ་རྗེ་ལ། །ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་བྱ། །


DTG028_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། །ནང་གི་སྙིང་པོ་དགོད་པར་བྱ། །རྡོ་རྗེ་ར་ཡི་སྙིང་པོ་ལ། །ཕྱི་ཡི་སྙིང་པོ་བྲི་བར་བྱ། །དེ་ནས་འཁོར་ལོ་རྩིབས་བརྒྱད་ལ། །ཡི་གེ་ཨོཾ་གྱི་དང་པོ་དང༌། །ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ཡི། །མཐའ་ཅན་རིམ་པར་དགོད་པར་བྱ། །དེ་ནས་འཁོར་ལོའི་སྟེང་དུ་ནི། །གང་དུ་ལྷ་ཡི་འཁོར་ལོ་བསྐྱེད། །ཡེ་ཤེས་སྤྱན་དྲངས་ལ་སོགས་པའི། །ཡན་ལག་ཆོ་ག་རྫོགས་པར་བྱ། །དེ་ནི་གསད་པའི་སྦྱིན་སྲེག་བྱ། །མནན་པས་གསད་པ་ཞེས་བྱ་བ་ནི་གསད་པ་འབའ་ཞིག་ཏུ་གསུངས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་མནན་པའི་དོན་འཁོར་གྱི་ཚོགས་ལ་བཤད་པའི་དོན་འབའ་ཞིག་སྟོན་པའི་ལེའུའོ། །མནན་པའི་ལེའུའི་བཤད་པ་སྟེ། བདུན་པའོ།། །།

བརྒྱད་པ། སྦྱིན་སྲེག་གི་ལེའུའི་བཤད་པ།


DTG028_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ནི་ལས་ཐམས་ཅད་ཀྱི་སྦྱོར་ཀ་ལ་འཇུག་པ་སྟེ་སྦྱིན་སྲེག་གི་ལས་ལ་འཇུག་པ་ཞུས་པའོ། །སྦྱིན་སྲེག་གི་ལས་ཞུས་པ་སྟེ་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་སྦྱིན་སྲེག་གི་ཁྱད་པར་བསྟན་པའོ། །དེ་ནས་ཞེས་བྱ་བ་ནི་སྦྱིན་སྲེག་ལ་འཇུག་པར་བྱ་ཞེས་པའོ། །དེ་ཡང་གསུངས་པ་ཁྱད་པར་བདུན་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །ཞེས་བྱ་བ་ནི་བདག་ཉིད་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཞེས་བྱ་བའི་དོན་ཏོ། །དང་པོར་བདག་ཉིད་ཅེས་བྱ་བ་ནི་མཆོད་པ་ལ་སོགས་པ་སྟེ་སྟོང་པ་ཉིད་ཀྱི་བར་དུ་ཚོགས་བསགས་པར་བྱའོ། །སྲུང་བའི་འཁོར་ལོ་བསྒོམ་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལས། རཾ་ལས་བྱུང་བའི་ཉི་མ་དང༌། །ཧཱུཾ་ལས་བྱུང་བའི་རྡོ་རྗེ་བྲག །དེ་ཡི་སྟེང་དུ་ཧཱུཾ་གནས་པ། །སྤྲོ་དང་བསྡུ་བའི་འོད་ཟེར་གྱིས། །སྲུང་བའི་འཁོར་ལོ་བསྒོམ་པར་བྱ། །ཆོས་འབྱུང་ཨེ་ལས་བསྐྱེད་པའོ། །རྡོ་རྗེ་ནི་ཁཾ་ལས་བསྐྱེད་པའོ། །པདྨ་ནི་པཾ་ལས་བསྐྱེད་པའོ། །ཉི་མ་ནི་རཾ་ལས་བསྐྱེད་པའོ། །རོ་ནི་ཀཾ་ལས་བསྐྱེད་པའོ། །དེ་ཡི་སྟེང་དུ་ཧཱུཾ་གནས་ཞེས་བྱ་བ་ནི་ཆོ་ག་ལྔས་གཙོ་བོ་བསྐྱེད་པ་སྟེ་གོ་སླའོ། །མདུན་གྱི་ནག་པོ་ཆེན་པོ་ཡང༌། །ཞེས་བྱ་བ་ནི་བཀའ་སྡོད་ཀྱི་འཁོར་ལོ་བསྐྱེད་པ་སྟེ་དེ་ཡང་ཆོ་ག་གསུམ་གྱིས་བསྐྱེད་པའོ། །བཀའ་སྡོད་ལྷ་ཡི་འཁོར་ལོ་ནི། །མི་ཡི་དབུས་སུ་གནས་པ་སྟེ། །པདྨའི་དབང་ཕྱུག་ལ་སོགས་གསུམ། །སྐུ་མདོག་དམར་མོ་


DTG028_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེ་ལྟར་འབར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །མེ་ཐབ་ཐོད་པ་གནས་པ་སྟེ། །བརྐྱང་བསྐུམ་རོ་ཡི་སྟེང་ན་འགྱིང༌། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་བསྟིམ། །བདེ་གཤེགས་སྤྱན་དྲངས་དབང་བསྐུར་ནས། །རིགས་ཀྱི་བདག་པོས་རྒྱས་གདབ་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་ནི། །ཕྱི་ཡི་སྙིང་པོ་རབ་སྤྲོས་ཏེ། །ལྷ་རྣམས་ཐུགས་ཀར་ཐིམ་པར་བྱ། །མཆོད་པ་གཏོར་མ་དམ་ཚིག་གི །ཆོ་ག་རིམ་པས་བྱས་ནས་ཀྱང༌། །གཉིས་མེད་ཐུགས་ཀར་ཞེས་བྱ་བ་ནི་ནང་གི་སྙིང་པོ་ལ་བསྙེན་པ་བྱའོ། །དེ་ནས་སྦྱིན་སྲེག་བརྩམ་པར་བྱ། །ཞེས་བྱ་བ་ནི་སྦྱིན་སྲེག་གི་ལས་ལ་འཇུག་པར་བྱ་བ་སྟེ། དེ་ཡང་རིང་དུ་སྤངས་པའི་དོན་ནི་སྐྱེ་བོ་རྨོངས་པར་བྱ་བའི་ཕྱིར་རོ། །འདིར་ཤེས་པར་བྱ་བ་ནི་རྫས་ཀྱི་ཆོ་ག་སྟེ་སྔོན་དུ་འགྲོ་བའོ། །ལིངྒ་རྫས་ཀྱི་ཆོ་ག་སྔོན་དུ་འགྲོ་བའོ། །དེ་ཡང་རྐང་རྗེས་ས་ཞེས་བྱ་བ་ལ་སོགས་པར་ཚོགས་པར་བྱས་ལ་རྒྱུ་སྟ་གོན་ལ་གནས་པའི་ཆོ་ག་བྱས་ཏེ། དེ་ནས་ལིངྒ་བྱས་ལ། བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བྱ་སྟེ། མགོ་ལུས་ཚ་བའི་རྫས་ཀྱིས་བྱུག །ཅེས་བྱ་བ་ནི། སྐེ་ཚེ་དང༌། ཉུངས་ཀར་དང༌། བཙན་དུག་གིས་གནས་སུམ་ཅུ་རྩ་གཉིས་སུ་བསྣུན་པའོ། །བསྒྲུབ་བྱ་བཀུག་ལ་བསྟིམ་ཞེས་བྱ་བ་ནི། གཙོ་བོ་དང་བཀའ་སྡོད་ཀྱི་འཁོར་གྱི་ཐུགས་ཀ་ནས་ཞགས་པ་དང་ལྕགས་ཀྱུའི་སྦྱོར་བས་བསྒྲུབ་བྱ་དགུག་པར་བྱའོ། །དབྱེ་བའི་ཆོ་ག་ཞེས་བྱ་བ་ནི་སྔགས་ཀྱི་ལེའུ་རུ་ཤེས་པར་བྱའོ། །མགོ་ནས་རྐང་པའི་མཐིལ་གྱི་བར། །ཞེས་བྱ་བ་ནི་ཐིག་ལེའི་གནས་སུམ་ཅུ་རྩ་གཉིས་སོ། །གསང་སྔགས་ཞེས་བྱ་བ་ནི་གཙོ་བོ་དང་བཀའ་སྡོད་ཀྱི་ཐུགས་ཀ་ནས་སྤྲོས་པའོ། །ཚེར་མ་ཞེས་བྱ་བ་ནི་ནི་རཾ་སུའི་ཕུར་བུ་ལ་སོགས་པའོ། །འབུམ་ཕྲག་ཅེས་བྱ་བ་ནི་སྔགས་ཀྱི་གྲངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དང་གཟང་བླགས་གཟར་ཞེས་བྱ་བ་ནི་ཉི་མའི་སྟེང་དུ་ཨོཾ་དང་ཧཱུཾ་གིས་མཚན་པའོ། །ཡམ་ཤིང་དུག་གི་རིགས་ལས་བྱུང་བའི་ཤིང་ལ་ཚ་བའི་རྫས་ཀྱིས་བྱུགས་ཤིང་རེ་ཕས་མཚན་པའོ། །ཉུངས་མར་ལ་སོགས་པའི་བདུད་རྩི་ལྔས་བསང་གཏོར་བྱ་ཞིང་རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །གཞན་ཡང་མཆོད་པ་དང་གཏོར་མ་ལ་སོགས་པ་ཡང་


DTG028_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚོགས་པར་བྱའོ། །མེ་ཐབ་ཀྱི་མཚན་ཉིད་ནི་བྱེ་བྲག་ཏུ་མ་བཤད་དེ་གོ་སླ་བའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་མེ་ལྷ་བསྐྱེད་པར་བྱ་བ་ལ་འཇུག་པའོ། །བསམ་གཏན་སྔགས་དང་ལྡན་གྱུར་ནས། །ཞེས་བྱ་བ་ནི་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པར་བྱ་སྟེ། དེ་ཡང་ཐུགས་ཀའི་འོད་ཟེར་གྱིས། །མེ་ཐབ་རང་བཞིན་མེད་བྱས་ལ། །དེར་ནི་རཾ་ལས་བྱུང་བའོ། །འབར་བའི་མེ་ནི་བསམ་པར་བྱ། །དེ་ནས་པད་ཉི་ཧཱུཾ་ཞེས་བྱ་བ་ལ་སོགས་པ་ནི་དམ་ཚིག་གི་མེ་ལྷ་བསྐྱེད་པ་སྟེ་གོ་སླའོ། །ཕྱག་རྒྱ་བཞིའི་སྦྱོར་བ་ཞེས་བྱ་བ་ནི་གཙོ་བོའི་ཐུགས་ཀ་ནས་ལྕགས་ཀྱུའི་ཕྱག་རྒྱས་བསྟིམ་པར་བྱའོ། །དེ་ཉིད་དུ་བདེ་བར་དབང་བསྐུར་ཞིང་རྒྱས་གདབ་བོ། །ལྕེ་ལ་ཧཱུཾ་ཞེས་བྱ་བ་ནི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་མོ་གསུམ་པ་བསམ་པར་བྱའོ། །ལན་བདུན་ཞེས་བྱ་བ་ནི་རྫས་ཀུན་ལ་ལན་བདུན་བདུན་དུ་དབུལ་བར་བྱའོ། །ཁྲོས་ཞེས་བྱ་བ་ནི་ཤིན་ཏུ་ཁྲོས་པའི་སེམས་སོ། །དབུལ་བའི་སྔགས་ནི་ཨོཾ་གྱི་དང་པོ་དང་ཕཌ་ཀྱི་མཐའ་ཅན་ཏེ། དབུས་སུ་བསྒྲུབ་བྱའི་མིང་གི་ཡི་གེ་དང་ལྡན་པར་བྱའོ། །དེ་ནས་སྦྱིན་སྲེག་ཕུལ་ནས་དེ་ལ་བསྟོད་པར་བྱ་བ་སྟེ། གསང་བ་གསུམ་ལས་བྱུང་བ་ཡི། །དྲག་པོའི་མེ་ལྷ་རྒྱལ་པོ་ཁྱོད། །མདོག་ནག་གཟི་བརྗིད་འབར་བ་ཡི། །གཞོམ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །སྤྱན་གསུམ་འཇིགས་བྱེད་མཆེ་བ་གཙིགས། །ཕྱག་ན་མེ་ཐབ་བགྲང་ཕྲེང་འཛིན། །བརྐྱང་བསྐུམ་མེ་ཡི་དབུས་ན་འགྱིང༌། །གདུག་པ་སྲེག་མཛད་ཁྱོད་ལ་བསྟོད། །ཐམས་ཅད་ཁྲོ་བོའི་སེམས་ཀྱིས་ནི།། འཇིགས་པ་ཆེན་པོའི་ཆ་ལུགས་ཅན། །འཇིགས་པ་ཐམས་ཅད་སྒྲོལ་མཛད་པའི། །འབར་བ་ཆེ་ལ་ཕྱག་འཚལ་བསྟོད། །མེ་ལྷ་གཞལ་ཡས་ཁང་དུ་བསམ། །ཞེས་བྱ་བ་ནི། གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །མེ་ལྷའི་ཐུགས་ཀར་ཕོག་ནས་ནི། །ཐུགས་ཀར་ཆོས་འབྱུང་བསམ་པར་བྱ། །དེ་དབུས་ལྷ་ཡི་འཁོར་ལོ་བསྐྱེད། །ཆོ་ག་ལྔའམ་གསུམ་གྱིས་བསྐྱེད། །ཅེས་བྱ་བ་ནི་གཙོ་བོའི་ཆོ་ག་ལྔས་བསྐྱེད་པའོ། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་བསམ། །དེ་ཡི་སྟེང་དུ་བཀའ་སྡོད་ནི། །ལྷ་མོ་གསུམ་དང་བཅས་པ་བསྐྱེད། །དེ་ཡང་


DTG028_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆོ་ག་གསུམ་གྱིས་བསྐྱེད། །ལྷ་མོ་སྐུ་མདོག་ཕྱག་མཚན་ནི། །གོང་དུ་བསྟན་པ་བཞིན་དུ་བསམ། །ཕྱག་རྒྱ་བཞི་དང་ལྡན་ཞེས་བྱ་བ་ནི། ལྕགས་ཀྱུ་ལ་སོགས་ཕྱག་རྒྱ་བཞིས། །དགུག་གཞུག་བཅིང་བ་ལ་སོགས་བྱ། །དེ་ཡང་སྔོན་གྱི་དམ་ཚིག་གིས། །བསྐུལ་བར་བྱ་བའི་ཚིགས་བཅད་བརྗོད། །ཧཱུཾ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་བདེ་གཤེགས་སྤྱན་དྲངས་ཏེ། །དབང་བསྐུར་ནས་ནི་རྒྱས་གདབ་བྱ། །དེ་ནས་འཁོར་ལོའི་ལྷ་རྣམས་ལ། །ལྕེ་ལ་ཧཱུཾ་ལས་རྡོ་རྗེ་བསམ། །དེ་ནས་སྦྱིན་སྲེག་དབུལ་བྱ་སྟེ། །མེ་ནི་རབ་ཏུ་སྦར་བས་ཏེ། །མེ་ལྷ་བསྐྱེད་པའི་སྔོན་དུའོ། །དགང་བླུགས་མར་ནི་བརྒྱ་རྩ་བརྒྱད། །ཐོག་མ་ཐ་མར་སྦྱིན་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ཕྱི་ཡི་སྙིང་པོ་བརྒྱ་ཕྲག་གཅིག །ལྷ་རྣམས་ཐུགས་ཀར་བསྟིམ་པར་བྱ། །བདུད་རྩི་རཀྟ་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པར་བྱ་བ་སྟེ་གོ་སླའོ། །དེ་ནས་ལིངྒ་སྲེག་རྫས་རྣམས་དབུལ་བར་བྱ་ཞེས་བྱ་བ་ནི། ལིངྒ་ལ་སོགས་སྲེག་རྫས་རྣམས། །གོ་རིམས་བཞིན་དུ་དབུལ་བར་བྱའོ། །དེ་ཡང་ཡམ་ཤིང་དང༌། ལིངྒ་དང་མིང་གི་ཡི་གེ་དང༌། བསྒྲུབ་པར་བྱས་པའི་ལ་དུ་དང༌། ཆན་དང༌། ཤ་ལྔ་དང༌། ཉ་ཤ་དང༌། ཆང་དང༌། ཡུངས་ནག་དང༌། ལ་ཕུག་དང༌། ལྕགས་ཕྱེ་དང༌། དེ་དག་གོ་རིམས་བཞིན་དུ་དབུལ་བར་བྱའོ། །རྩ་བའི་སྙིང་པོ་སྔགས་ལ་ཞེས་བྱ་བ་ནི། ལྷ་མོ་གསུམ་གྱི་སྙིང་པོ་དང༌། །གསད་པའི་ཡི་གེ་ལྡན་པས་དབུལ། །དེ་ཡང་པདྨ་བརྟི་བྷི་ཧཱུ་ཧུ་མནྟ་དང༌། མ་ཧཱ་བ་ལ་ཧེ་ཧེ་ཀ་རནྟི་དང༌། ས་མ་ས་ན་རཱུ་པ་ནི། དེ་དག་སྙིང་པོའི་སྔགས་ལ་ནི། །བཏགས་ཏེ་སྦྱིན་སྲེག་དབུལ་བར་བྱ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དུས་ཀྱི་ངེས་པ་བསྟན་པ་སྟེ་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་ཐུན་མོང་གི་སྦྱིན་སྲེག་བསྡུས་ཏེ་འཁོར་རྣམས་ལ་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་མྱུར་དུ་གསད་པའི་ཕྱིར་སྦྱིན་སྲེག་བརྩམ་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་གསད་པའི་སྦྱིན་སྲེག་གི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་པའོ། །དེ་།ཡང་མེ་ཐབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་ནི་གསད་པའི་དོན་སྦས་པའི་ཕྱིར་དོན་གྱི་གོ་རིམས་འཁྲུགས་པར་གནས་པའོ། །མེ་ཐབ་ཀྱིས་བསླངས་པ་ཞེས་བྱ་བ་ནི་མེའི་ཕྱོགས་ནས་བསླངས་པའོ། །དེ་ཡང་མེ་ཐབ་མཐོ་གང་གི་ཚད་དུ་བྱ་


DTG028_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ནི་མཐོ་གང་ནི་གསང་བའི་སྐུ་ཚད་དེ། དབྱིབས་ནི་རྩིབས་དྲུག་པར་བྱའོ། །དེའི་ཕྱི་ནང་ཚ་བའི་རྫས་ཀྱིས་བྱུག་པར་བྱ་སྟེ། ཁ་ཁྱེར་ལ་གྲི་གུག་གི་ཕྲེང་བས་གདབ་པར་བྱའོ། །འོག་མའི་ཟུར་གསུམ་ལ་ནི་ཐོད་པ་བྲི་བར་བྱའོ། །དེ་ནས་བདག་ཉིད་རྣལ་འབྱོར་ནི། །ལྷ་ཡི་འཁོར་ལོ་རྫོགས་བྱས་ལ། །ལིངྒ་དང་ནི་ཡམ་ཤིང་དང༌། །མིང་གི་ཡི་གེ་ལ་དུ་དང༌། །ཤ་ལྔ་དང་ནི་བདུད་རྩི་ཁྲག །ཏིལ་མར་མར་ཆེན་ལ་སོགས་པ། །དེ་དག་ཚོགས་པར་བྱས་པ་ནི། །ཟུར་གསུམ་ཞེས་བྱ་བ་ནས་ལ་དུ་ཞེས་བྱ་བའི་བར་དུ་བསྟན་པའོ། །ཞིང་གི་གདན་ཞེས་བྱ་བ་ལ་སོགས་པ་དང་ལྡན་པར་བྱས་ལ། རྣལ་འབྱོར་ཐུགས་ཀའི་འོད་ཟེར་གྱིས། །བསྒྲུབ་བྱ་བཀུག་ལ་ལིངྒར་བསྟིམ། །དེ་ནས་གསད་པའི་ཆོ་ག་ནི། །སྔོན་དུ་འགྲོ་བ་རྫོགས་པར་བྱ། །དེ་ནས་བཀའ་སྡོད་བསྐྱེད་པར་བྱ། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །མེ་ཐབ་རང་བཞིན་མེད་བྱས་ཏེ། །ཧཱུཾ་ལས་བྱུང་བའི་རྡོ་རྗེའི་བྲག །ཉི་མའི་སྟེང་དུ་བསམ་པར་བྱ། །དེ་སྟེང་ཧཱུཾ་ལས་བྱུང་བ་ཡི། །འོད་ཀྱིས་གདུག་པ་བཅོམ་བྱ་སྟེ། །གྲི་གུག་གུར་དང་དྲ་སོགས་གྱུར། །དེ་ཡི་དབུས་སུ་ཆོས་འབྱུང་བསམ། །དེར་ནི་ཞེས་བྱ་བ་ནི་ཆོས་འབྱུང་གི་དབུས་སུའོ། །རཾ་ལས་མེ་ཐབ་བསམ་ཞེས་བྱ་བ་ནི་མེའི་དཀྱིལ་འཁོར་རོ། །ནང་དུ་ནག་པོ་ཆེན་པོ་བསྐྱེད། །ཅེས་བྱ་བ་ནི་ནག་པོ་ཆེན་པོ་ལ་སོགས་པའི་ལྷ་མོ་གསུམ་བསྐྱེད་པར་བྱའོ། །སྣ་ཚོགས་པདྨ་ཞེས་བྱ་བ་ལ་སོགས་པ་ནི་ཆོ་ག་གསུམ་གྱིས་བསྐྱེད་པ་སྟེ་གོ་སླའོ། །མཁའ་འགྲོ་མ་ནི་སྐྱེམས་བྱེད་ལ་སོགས་པ་གསུམ་པོ་དེ་དག་ཀྱང་སྐུ་མདོག་སྔོན་པོ་ཞལ་གཅིག་མ། ཕྱག་གཉིས་མ། སྤྱང་སུམ་པ་ཁྲོ་བོའི་གཟུགས་ཏེ་གྲི་གུག་དང་ཐོད་པ་འཛིན་པའོ། །དེ་ནས་གཙོ་བོའི་ལྟོ་བར་ནི། །རཾ་ལས་མེ་ཐབ་བསམ་པར་བྱ། །དེ་ཡི་དབུས་སུ་ཉི་མ་དང༌། །ཧཱུཾ་ལས་བྱུང་བའི་གྲི་གུག་བསམ། །ཡུ་པར་ཉི་མ་ཧཱུཾ་གིས་མཚན། །ཞལ་ནི་སྣ་ཚོགས་མེ་ཡི་འདོད། །ཅེས་བྱ་བ་ནི་ཞལ་མེ་ཐབ་ཀྱི་དབྱིབས་སུ་གནས་པ་སྟེ། ཐུགས་ཀའི་གྲི་གུག་ལས་སྣ་ཚོགས་པའི་མེ་འབར་བའོ། །གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་བསྟིམ། །བདེ་གཤེགས་དབང་བསྐུར་རྒྱས་གདབ་བྱ། །ཕྱི་ཡི་སྙིང་པོས་ཁྱབ་བྱས་ནས། །མཆོད་དང་གཏོར་མ་ལ་སོགས་བྱ། །དམ་ཚིག་ཆོ་ག་བྱས་ནས་ནི། །ནང་གི་སྙིང་པོས་བསྙེན་པ་བྱ། །དེ་ནས་ཚེར་མའི་


DTG028_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེ་སྤར་ཞེས་བྱའོ། །དེ་ནི་རྩ་བའི་སྔགས་ཀྱིས་ནི། །ཏིལ་མར་ཉི་ཤུ་རྩ་གཅིག་སྦྱིན། །རྣལ་འབྱོར་ཐུགས་ཀའི་འོད་ཟེར་གྱིས། །བསྒྲུབ་བྱ་བཀུག་ནས་ལིངྒར་བསྟིམ། །ཞེས་བྱ་བ་ནི། བརྒྱ་རྩ་བརྒྱད་དུ་བཀུག་པར་བྱས་ནས་ནི། །ནག་པོ་ཆེན་པོའི་ཞལ་དུ་བྲུབས། །ཞེས་བྱའོ། །འོད་ཟེར་ནག་པོའི་གཟུགས་སུ་སྤྲོས། །ཞེས་བྱ་བ་ནི། ཡང་ན་ཐུགས་ཀའི་འོད་ཟེར་གྱིས། །བསྒྲུབ་བྱ་དགུག་པར་བྱས་ནས་ནི། །དུག་གཏོར་དུ་ནི་སྤྲུག་པར་བྱ། །ཞེས་བྱའོ། །དུག་གཏོར་གྱི་དུག་ལ་སོགས་པའི་རྫས་ཐམས་ཅད་དུ་བྱའོ། །སྤྲུག་ཅེས་བྱ་བ་ནི་བསྒྲུབ་བྱའི་ལུས་ཀྱི་བཅུད་ཚངས་པའི་བུ་གནས་བབ་པའི་ཕྱིར་རོ། །དེ་ནས་གཏུབ་པར་བྱ་བ་ནི་དཔལ་ལྡན་ཞེས་བྱ་བ་ནས། གཏུབ་པར་བྱ་བའི་བར་དུ་བསྟན་པའོ། །རྣ་བའི་གཟུགས་ཀྱིས་བསྒྲུབ་བྱ་དགུག །ཅེས་བྱ་བ་ནི་ལྕགས་ཀྱུ་དང༌། ཞགས་པའི་འོད་ཀྱིས་བསྒྲུབ་བྱ་བཀུག་ནས་མེ་ཐབ་སྟེང་དུ་མགོ་འཇུག་བཟློག་ནས་གཞག་གོ །དེ་ཡང་བསྒྲུབ་བྱའི་གནས་གསུམ་དུ་རྣམ་ཤེས་ཀྱི་བདག་ཉིད་ཡི་གེ་གསུམ་དུ་བསམ། སྙིང་པོ་སྔགས་ཀྱིས་དབུལ་བར་བྱ། །ཞེས་བྱ་བ་ནི་སྙིང་པོའི་སྔགས་ཀྱིས་ཡིན་གྱི་གཞན་གྱིས་ནི་མ་ཡིན་པའི་ཕྱིར་རོ། །ཡང་ལྷ་མོ་གསུམ་དང་ལྡན་པའི་རེའུ་ཏྲི་དང་བའི་ཤ་ནི་དང༌། ཙ་ན་ཏི་ཧ་རོ་དང༌། དེ་དག་གི་སྙིང་པོའི་སྔགས་ལ་ཧཱུཾ་དང་གསད་པའི་ཡི་གེ་དང་ལྡན་པར་བྱ་བའོ། །རྫས་ནི་ཡམ་ཤིང་དང༌། ཡི་གེ་དང་མིང་གི་ཡི་གེ་དང༌། ལ་དུ་དང༌། ཤ་ལྔ་དང༌། བདུད་རྩི་ལྔ་དང་ཁྲག་གོ །དེ་དག་ནི་བསྒྲུབ་བྱའི་རླུང་སྒོ་ནས་ཞུགས་ཏེ་ཡི་གེ་གསུམ་དང་ལྡན་པས་ཚངས་པའི་བུ་གནས་བྱུང་སྟེ་ལྷའི་འཁོར་ལོའི་ཞལ་དུ་དབུལ་བར་བྱའོ། །བརྒྱ་རྩ་བརྒྱད་ཅེས་བྱ་བ་ནི་རྫས་རེ་རེ་ལ་བརྒྱ་རྩ་བརྒྱད་དོ། །བདུན་ཞེས་བྱ་བ་ནི་སྦྱིན་སྲེག་བདུན་དུ་བྱས་པའོ། །དེ་མ་ཐག་ཏུ་ཞེས་བྱ་བ་ནི་མྱུར་བའི་ཁྱད་པར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་གསང་བའི་སྦྱིན་སྲེག་བསྡུས་ཏེ་འཁོར་ལ་བཤད་པའོ། །སྦྱིན་སྲེག་གི་ཆོ་ག་གསད་པར་བྱ་བའི་ལེའུའོ། །སྦྱིན་སྲེག་གི་ལེའུའི་བཤད་པ་སྟེ་བརྒྱད་པའོ།། །།

དགུ་པ། ཡི་གེ་བཏུ་བའི་ལེའུའི་བཤད་པ།


DTG028_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ནས་ཇི་ལྟར་ལགས་ཞེས་བྱ་བ་ནི་སྔགས་ཀྱི་དབྱེ་བ་སྟེ་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་སྔགས་ཀྱི་རྒྱུ་འབྱུང་བའི་ཏིང་ངེ་འཛིན་ལ་ཞུགས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་སྔགས་ཀྱི་རྒྱུ་ཡང་ཡིན་ལ་སྔགས་ཉིད་ཀྱིས་ཀྱང་ཡིན་པའི་ཕྱིར་རོ། །དེ་ཡང་སྔགས་ནི་ལྷའི་


DTG028_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལོ་དང་ཐ་མི་དད་པའི་ཕྱིར་རྒྱུའི་འཁོར་ལོའི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ། །དེ་ཡང་ནམ་མཁའ་དབུས་སུ་ནི། །ཧཱུཾ་ལས་བྱུང་བའི་རྡོ་རྗེའི་བྲག །དེ་སྟེང་ཧཱུཾ་ནི་བསམ་པར་བྱ། །ཧཱུཾ་ལས་བྱུང་བའི་འོད་ཟེར་གྱིས། །སྲུང་བའི་འཁོར་ལོ་བསྒོམ་བྱས་ཏེ། །དེ་ཡི་དབུས་སུ་ཆོས་འབྱུང་བསམ། །ཡི་གེ་རྣམས་ཀྱི་མཆོག་གྱུར་པ། །ཞེས་བྱ་བ་ནི་ཆོས་འབྱུང་གི་ནང་དུ་ཨཱ་ལི་ཀཱ་ལི་ལེགས་པར་བསམ་པར་བྱ། །རྩ་བའི་སྙིང་པོའི་སྔགས་ཞེས་བྱ་བ་ནི་ཨཱ་ལི་ཀཱ་ལི་ལས་རྩ་བ་དང་སྙིང་པོ་བཏུ་བར་བྱའོ། །སྔགས་ཞེས་བྱ་བ་ནི་སྔགས་མ་ཡིན་པའི་ཐེ་ཚོམ་སྤང་བའི་ཕྱིར་ཡི་གེ་བཏུ་བའོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྔགས་འབྱུང་བའི་རྒྱུ་བཏུས་ཏེ་འཁོར་ལོ་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་སྔགས་བཏུལ་འཇུག་པ་དང་དངོས་པོ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་ཡི་གེ་བཏུ་བའི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའོ། །དང་པོ་རིག་བྱེད་ཀྱི་རྒྱལ་པོ་ནི་ཨོཾ་མོ། །དང་པོའི་ལྔ་པ་ནི་ཨཽ་རིང་པོའོ། །གཉིས་པའི་ལྔ་པ་ནི་ངའོ། །དང་པོའི་ཐིག་ལེ་ནི་ཨ་ཐུང་ངུའོ། །གཉིས་པའི་ལྔ་པ་ནི་མའོ། །བརྒྱད་མཐའ་ཞེས་བྱ་བ་ནི་ཧའོ། །གཉིས་པའི་དང་པོ་ནི་ཀའོ། །གཉིས་པའི་དྲུག་པའི་གསུམ་པ་ནི་ལའོ། །གཉིས་པའི་དྲུག་པའི་དང་པོ་ནི་ཡའོ། །བརྒྱད་མཐའ་ཞེས་བྱ་བ་ནི་ཧའོ། །གཉིས་པའི་སྒྲ་ལྡན་མཆོག་ཅེས་བྱ་བ་ནི་ཐུང་བ་དང་དྲག་པོའོ། །དང་པོའི་གསུམ་པ་ཞེས་བྱ་བ་ནི་ཨུའོ། །གཉིས་པའི་དང་པོའི་མཐའ་ཅན་ནི་ངའོ། །དང་པོ་གཉིས་པ་དང་བཅས་པ་ནི་ཨ་ཐུང་ངུའོ། །གཉིས་ནི་ཧཱུཾ་གཉིས་པའོ། །ཚེག་དྲག་ནི་ཨ་དྲག་པོའོ། །གཉིས་པའི་ལྔ་པའི་གཉིས་པ་ནི་ཕའོ། །གཉིས་པའི་གསུམ་པའི་དང་པོ་ནི་ངའོ། །བརྒྱད་པའི་གསུམ་པ་ནི་སའོ། །གཉིས་པའི་ལྔ་པའི་གསུམ་པ་ནི་བའོ། །བརྒྱད་པའི་མཐའ་ཅན་ནི་ཧའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་ཕྱིའི་སྙིང་པོ་བསྡུས་ཏེ་འཁོར་ལ་བཤད་པའོ། །དེ་ནས་ཞེས་བྱ་བ་ནས་ཡི་གེ་བཏུ་བའི་རིམ་པ་ཞེས་བྱ་བ་ནི་ཐུགས་ཀྱི་ཡི་གེ་བཏུབ་སྟེ་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་ནང་གི་སྙིང་པོ་བསྡུས་པའི་ཏིང་ངེ་འཛིན་ལ་ཞུགས་པའོ། །དང་པོའི་ཡི་གེ་ཞེས་བྱ་བ་ནི་ཨའོ། །དང་པོའི་ལྔ་བ་ནི་ཞེས་བྱ་བ་ནི་ཨཽ་རིང་པོའོ། །གཉིས་པའི་ལྔ་བ་ཞེས་བྱ་བ་ནི་ངའོ། །དང་པོའི་ཐུང་ངུ་ནི་ཨ་ཐུང་དུའོ། །གཉིས་པའི་ལྔ་པ་མཐའ་ལྡན་པ་ནི་མའོ། །བརྒྱད་པའི་མཐའ་ཅན་ནི་ཧའོ། །གཉིས་པའི་དང་པོ་ནི་ཀའོ། །གཉིས་པའི་དྲུག་པའི་གསུམ་


DTG028_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ནི་ལའོ། །གཉིས་པའི་དྲུག་པའི་དང་པོ་ནི་ཡའོ། །ལྔ་པའི་ལྔ་པ་ནི་མའོ། །བརྒྱད་པའི་མཐའ་ཅན་ནི་ཧའོ། །དང་པོའི་གསུམ་པ་ནི་ཨུའོ། །ཚེག་དྲག་ནི་མཐའ་མའི་ཨཱོ། །གཉིས་པའི་བདུན་པ་ནི་ཥའོ། །རིག་བྱེད་མཐའ་ནི་ཨ་ཐུང་དུའོ། །གཉིས་པའི་མཐའ་ལྡན་ནི་མའོ། །ཆགས་པའི་ཡི་གེ་ནི་རའོ། །གཉིས་པའི་གསུམ་པ་ནི་གའོ། །གཉིས་པའི་བཞི་པའི་དང་པོ་ནི་ཏའོ། །དང་པོའི་གསུམ་པ་ནི་ཨི་ཐུང་དུའོ། །གཉིས་པའི་ལྔ་པའི་མཐར་ལྡན་པ་ནི་མའོ། །སྡེ་ཆན་བརྒྱད་པ་ནི་ཧའོ། །གཉིས་པའི་དང་པོ་ནི་ཀའོ། །གཉིས་པའི་དྲུག་པའི་གསུམ་པ་ནི་ལའོ། །གཉིས་པ་དྲུག་པའི་དང་པོ་ནི་ཡའོ། །སྡེ་ཚན་གཉིས་པའི་དབུས་མ་ནི་རའོ།། གཉིས་པའི་གསུམ་པ་ནི་གའོ། །གཉིས་པའི་བཞི་པའི་དང་པོ་ནི་ཏའོ། །དང་པོའི་གསུམ་པ་ནི་ཨུའོ། །དང་པོའི་དང་པོ་ནི་ཨཱོ། །གཉིས་པའི་ལྔ་པའི་དང་པོ་ནི་པའོ། །གཉི་གའི་འབྲེལ་པ་ནི་རའོ། །གཉིས་པའི་ལྔ་པའི་གསུམ་པ་ནི་པའོ། །དང་པོའི་གཉིས་པ་ནི་ཨེའོ། །བརྒྱད་པའི་བརྒྱད་པ་ནི་ཥའོ། །སྡེ་ཚན་བརྒྱད་པའི་མཐའ་ལྡན་པ་ནི་ཧའོ། །ཐིག་ལེ་ནི་ངའོ། །ཟླ་བའི་མིག་ནི་ཨ་ཐུང་དུའོ། །དང་པོའི་གསུམ་པ་ནི་ཨུའོ། །འདི་ནི་སྔགས་ཀྱི་རྒྱལ་པོའོ། །མ་བྱུང་འབྱུང་བར་མི་འགྱུར་ལ། །འབུམ་ཕྲག་གསུམ་བཟླས་ཐམས་ཅད་འགྲུབ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་འཁོར་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་བསྡུས་ཏེ་བཤད་པའོ། །དེ་ནས་ཞེས་བྱ་བ་ནས་ཇི་ལྟར་ལགས་ཞེས་བྱ་བ་ནི་རྩ་བའི་སྔགས་བཏུ་བ་སྟེ་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་སྐུའི་འཁོར་ལོ་ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བའི་དོན་ཏོ། །གཉིས་པའི་བཞི་པའི་དང་པོ་ནི་ཏའོ། །བཞི་པའི་གསུམ་པ་ནི་དའོ། །གཉིས་པའི་དྲུག་པའི་དང་པོ་ནི་ཡའོ། །གཉིས་པའི་བཞི་པའི་གཉིས་པ་ནི་ཐའོ། །དྲག་པོ་ནི་ཨཿ་ཐ་མ་དང་ལྡན་པའོ། །ཡིག་འབྲུ་རྣམས་ཀྱི་མཆོག་ནི་ཨའོ། །དང་པོའི་ལྔ་པ་ནི་ཨཽ་རིང་པོའོ། །གཉིས་པའི་ལྔ་པ་ནི་མའོ། །རིག་བྱེད་ཐུང་དུ་ནི་ཨ་ཐུང་དུའོ། །གཉིས་པའི་ལྔ་པ་ནི་མའོ། །བརྒྱད་མཐའ་ཞེས་བྱ་བ་ནི་ཧའོ། །གཉིས་པའི་དང་པོ་ནི་ཀའོ། །གཉིས་པའི་དྲུག་པའི་གསུམ་པ་ནི་ལ་ཉིད་དོ། །གཉིས་པའི་དྲུག་པའི་དང་པོ་ནི་རླུང་གི་ས་བོན་ནོ། །བརྒྱད་མཐའ་གཉིས་ཀྱི་སྒྲ་ནི་ཥ་ཥའོ། །གཉིས་པའི་བཞི་པའི་མཐར་གནས་པ་ནི་ནའོ། །གཉིས་པའི་དྲུག་པའི་དང་པོ་ནི་ཡའོ། །དང་པོའི་དང་པོ་ནི་ཨ་ཐུང་ངུའོ། །གཉིས་པའི་ལྔ་པའི་དང་པོ་ནི་ས་ཉིད་དོ། །གཉིས་པའི་དང་པོ་ནི་ཀ་ཁོ་ནའོ། །མ་ནིང་


DTG028_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གི་ཡི་གེ་ནི་རའོ། །དང་པོའི་གཉིས་པ་ནི་ཨའོ། །གཉིས་པའི་གསུམ་པ་ནི་མཐར་ལྡན་པ་ཞེས་བྱ་བའོ། །གཉིས་པའི་ལྔ་པ་ནི་ངའོ། །དང་པོ་བཞི་པ་ནི་ཨཻ་རིང་པོའོ། །བརྒྱད་པའི་མཐའ་ཅན་དང་པོ་ནི་ཤའོ། །གཉིས་པའི་ལྔ་པ་ནི་པའོ། །ཚེག་དྲག་ནི་ཐ་མའི་ཨཱོ། །དང་པོའི་དང་པོ་ནི་ཨཱོ། །གཉིས་པའི་ལྔ་པའི་དང་པོ་ནི་པའོ། །བརྒྱད་པའི་གསུམ་པ་ནི་སའོ། །གཉིས་པའི་དང་པོ་ནི་ཙ་ཉིད་དོ། །རིག་བྱེད་གཉིས་པ་ནི་ཨིའོ། །ལྔ་པའི་ལྔ་པ་ནི་མའོ། །དང་པོའི་ལྔ་པ་ནི་ཨོས་བརྒྱན་པའོ། །གཉིས་པའི་དང་པོ་ནི་ཀའོ། །གཉིས་པའི་དྲུག་པའི་གསུམ་པ་ནི་ལའོ། །དང་པོའི་ལྔ་པ་ནི་ཨོ་ཉིད་དོ། །གཉིས་པའི་དྲུག་པའི་དང་པོ་ནི་ཡའོ། །གཉིས་པའི་ལྔ་པའི་དང་པོ་ནི་པའོ། །གཉིས་པའི་གསུམ་པའི་དང་པོ་ནི་ཊའོ། །ཆགས་པའི་ཡི་གེ་ནི་མེའི་ས་བོན་ནོ། །དང་པོའི་གཉིས་པ་ནི་ཨིའོ། །མ་ནིང་གི་ཡི་གེ་ནི་ར་ཉིད་དོ། །གཉིས་པའི་བཞི་པའི་གསུམ་པ་ནི་ཌའོ། །གཉིས་པའི་བཞི་པའི་མཐའ་ལྡན་པ་ནི་ན་ཉིད་དོ། །གཉིས་པའི་བཞི་པའི་དང་པོ་ནི་ཏ་ཉིད་དོ། །ཆགས་པའི་ཡི་གེ་ནི་ར་ཉིད་དོ། །གཉིས་པའི་དྲུག་པའི་དང་པོ་ནི་ཡའོ། །བྱེ་བྲག་གཉིས་པ་ནི་ཡ་གཉིས་ཏེ། གཉིས་པའི་དྲུག་པའི་དང་པོ་ནི་རླུང་གི་ས་བོན་ནོ། །ཚེག་དྲག་ནི་ཐ་མའི་ཨཿའོ། །གཉིས་པའི་བཞི་པའི་དང་པོ་ནི་ཏའོ། །དང་པོའི་གཉིས་པ་ནི་ཨཱའོ། །གཉིས་པའི་ལྔ་པའི་དང་པོ་ནི་པའོ། །ཆགས་པའི་ཡི་གེ་ནི་རའོ། །གཉིས་པའི་བཞི་པའི་དང་པོ་ནི་ཏའོ། །དང་པོའི་གཉིས་པ་ནི་ཨིའོ། །གཉིས་པའི་གཉིས་པའི་བཞི་པ་ནི་ཛྷའོ། །གཉིས་པའི་ལྔ་པ་ནི་ངའོ། །བརྒྱད་མཐའི་གསུམ་པ་ནི་སའོ། །གཉིས་པའི་ལྔ་པ་ནི་མ་ཉིད་དོ། །ཆགས་པའི་ཡི་གེ་ནི་རའོ། །བརྒྱད་མཐའི་གསུམ་པ་ནི་སའོ། །དང་པོའི་གཉིས་པ་ནི་ཨིའོ། །གཉིས་པའི་བཞི་བའི་གསུམ་པ་ནི་ད་གཉིས་སོ། །དང་པོའི་བཞི་པ་ནི་ཨཱོ། །གཉིས་པའི་བཞི་པའི་གསུམ་པ་ནི་དའོ། །གཉིས་པའི་ལྔ་པ་ནི་ངའོ། །གཉིས་པའི་གསུམ་པ་ནི་སའོ། །གཉིས་པའི་གསུམ་པ་ནི་ཌའོ། །དང་པོའི་གསུམ་པ་ནི་ཨུའོ། །བརྒྱད་པའི་མཐའ་ཅན་གཉིས་པ་ནི་ཥའོ། །གཉིས་པའི་གསུམ་པའི་དང་པོ་ནི་ཌའོ། །གཉིས་པའི་གཉིས་པ་ནི་ཁ་གཉིས་སོ། །ཆོག་དྲག་ནི་ཨ་དྲག་པོའོ། །སྡེ་ཚན་བརྒྱད་བརྒྱད་ལྡན་པས་མཐའ་ལྡན་པ་ནི་ཧའོ། །དང་པོའི་གཉིས་པ་ནི་ཨིའོ། །གཉིས་པའི་ལྔ་པ་ནི་མ་གཉིས་སོ། །བར་དུ་ཆགས་པའི་ཡི་གེ་ནི་ར་གཉིས་སོ། །གཉིས་པའི་བཞི་པ་ནི་གྷའོ། །ཆགས་པའི་ཡི་གེ་ནི་རའོ། །དང་པོའི་གཉིས་པ་ནི་ཨིའོ། །


DTG028_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྒྱད་མཐའི་གཉིས་པ་ནི་ཥའོ། །གཉིས་པའི་གསུམ་པའི་ལྔ་པ་ནི་ཎའོ། །ཚེག་དྲག་ཐམས་ཅད་ནི་ཨཿ་དྲག་པོར་ཤེས་པར་བྱའོ། །གཉིས་པའི་ལྔ་པའི་ལྔ་པའི་བཞི་པ་ནི་བྷའོ། །གཉིས་པའི་བཞི་པའི་ལྔ་པ་ནི་ནའོ། །གཉིས་པའི་བཞི་པ་ནི་དྷའོ། །བརྒྱད་པའི་མཐའ་ཅན་གཉིས་ནི་ཧ་གཉིས་སོ། །གཉིས་པའི་གསུམ་པའི་ལྔ་པ་ནི་ཎའོ། །གཉིས་པའི་གསུམ་པའི་བཞི་པ་གཉིས་ནི་དྷ་གཉིས་སོ། །བརྒྱད་མཐའ་ནི་ཧའོ། །གཉིས་པའི་ལྔ་པའི་དང་པོ་ནི་པ་གཉིས་སོ། །གཉིས་པའི་གཉིས་པའི་དང་པོ་ནི་ཙ་གཉིས་སོ། །གཉིས་པའི་བཞི་པའི་གསུམ་པ་ནི་དའོ། །དང་པོའི་གཉིས་པ་ནི་ཨིའོ། །གཉིས་པའི་བཞི་པའི་ལྔ་པ་ནི་ནའོ། །གཉིས་པའི་ལྔ་པའི་ལྔ་པ་ནི་ཎའོ། །དང་པོའི་བཞི་པ་ནི་ཨེའོ། །གཉིས་པའི་གསུམ་པ་ནི་གའོ། །དང་པོའི་བཞི་པ་ནི་ཨེའོ། །གཉིས་པའི་དང་པོའི་ལྔ་པ་ནི་ངའོ། །བརྒྱད་པའི་མཐའ་ཅན་ནི་ཧའོ། །དང་པོའི་གསུམ་པ་ནི་ཨུའོ། །ཟླ་བ་མིག་ནི་ཨ་ཐུང་ངོ༌། །གཉིས་པའི་དང་པོའི་ལྔ་པ་ངའོ། །གཉིས་པའི་ལྔ་པའི་ལྔ་པ་ནི་ངའོ། །གཉིས་པའི་ལྔ་པའི་གཉིས་པ་ནི་ཕའོ། །གཉིས་པའི་གསུམ་པའི་དང་པོ་ནི་ཊའོ། །བརྒྱད་མཐའི་གསུམ་པ་ནི་སའོ། །གཉིས་པའི་ལྔ་པའི་གསུམ་པ་ནི་བའོ། །བརྒྱད་མཐར་ལྡན་པ་ནི་ཧའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །ཞེས་བྱ་བ་ནི་སྐུའི་འཁོར་ལོའི་སྔགས་བཏུས་ཏེ་འཁོར་ལ་བཤད་པའོ། །འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །འབུམ་ཕྲག་གཅིག་ཏུ་བཟླས་པ་ཡིས། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །སྐུ་གསུང་ཐུགས་ཀྱི་ཡི་གེའི་བཏུ་བའི་རིམ་པ་བསྟན་པའི་ལེའུའོ། །ཡི་གེ་བཏུ་བའི་ལེའུའི་བཤད་པ་སྟེ་དགུ་པའོ།། །།

བཅུ་པ། དམ་ཚིག་གི་ལེའུའི་བཤད་པ།


DTG028_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ནི་དམ་ཚིག་གི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྟེ་གོ་སླའོ། །དེ་ཡང་མཁའ་འགྲོ་རྒྱ་མཚོ་ལས། །དམ་ཚིག་ལྡན་པས་དངོས་གྲུབ་ནི། །ཐམས་ཅད་འགྲུབ་པར་དཔའ་བོས་གསུངས། །དམ་ཚིག་མི་ལྡན་ཐམས་ཅད་ནི། །དངོས་གྲུབ་ཀུན་ལ་བདུད་ཀྱིས་ནི། །ལས་རྣམས་པར་དུ་གཅོད་པར་འགྱུར། །དེ་ནས་དམ་ཚིག་ཐམས་ཅད་ནི། །འབད་པ་མང་པོས་སྤྱད་པར་བྱ། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་འཁོར་ལོའི་ཏིང་ངེ་འཛིན་ལ་ཞུགས་པའོ། །བླ་མ་ཞེས་བྱ་བ་ནས་ཡིད་ལ་གནས་པར་གྱིས་ཞེས་བྱ་བ་ནི་ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བའི་དམ་ཚིག་མི་སྤོང་ཞེས་བྱ་བའི་དོན་ཏོ། །


DTG028_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔལ་ལྡན་ནག་པོ་ཆེན་པོ་ཞེས་བྱ་བ་ནི་སྐུ་བསྐྱེད་པའོ། །སྔགས་ནི་རྩ་བ་དང་སྙིང་པོའོ། །ཕྱག་རྒྱ་ནི་ཐུགས་ཀའི་གྲི་གུག་གོ །བསམ་གཏན་ནི་སྤྲོ་བ་དང་བསྡུ་བའི་བསམ་གཏན་ནོ། །སོམ་ཉི་མེད་ཅེས་བྱ་བ་ནི་མ་ཡེངས་པའོ། །ཡོངས་སུ་མ་ཡིན་ཞེས་བྱ་བ་ནི་ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་པའོ། །བླ་མ་རྡོ་རྗེ་ཞེས་བྱ་བ་ནས་བསྒྲལ་བར་མ་བྱས་ན་ཞེས་བྱ་བ་ནི་སེམས་བསྐྱེད་པའི་རང་གི་ངོ་བོ་སྟེ་མི་སྤང་བར་བྱ་བའོ། །རྟག་ཏུ་སྦ་ཞེས་བྱ་བ་ནི་རབ་གནས་བྱས་པའི་ཁྱད་པར་གྱིས་སོ། །བསྟན་པར་མི་བྱ་ཞེས་བྱ་བ་ནི་ནག་པོ་ཆེན་པོའི་དམ་ཚིག་དང་མི་ལྡན་པ་རྣམས་ལ་བསྟན་པར་མི་བྱ་བའི་ཕྱིར་རོ། །བདུད་རྩི་ཞེས་བྱ་བ་ནས་བསྟན་པར་བྱ་ཞེས་པའི་བར་གྱིས་ནི་སྤྱད་པར་བྱ་བའི་དམ་ཚིག་སྟེ་མི་འབྲལ་བར་བྱ་བའི་ཕྱིར་རོ། །སྐུ་དང་ཞེས་བྱ་བ་ནི་རབ་ཏུ་གནས་པ་ཞེས་བྱ་བའི་དོན་ཏོ། །བླ་མའི་མཚན་ཉིད་དང་ལྡན་པས། བསྙེན་པ་རྫོགས་ནས་རབ་ཏུ་གནས་པར་བྱ་བའི་ཕྱིར་རོ། །བསྒྲུབ་པར་འདོད་པ་ཞེས་བྱ་བ་ནི་གནང་བ་ཐོབ་པ་སྟེ། དེ་ཡང་ནག་པོ་ཆེན་པོའི་བརྟུལ་ཞུགས་ཀྱི་དབང་བསྐུར་བའི་གནང་བ་ཐོབ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནི་དམ་ཚིག་གི་འཁོར་ལོ་འཁོར་རྣམས་ལ་བསྡུས་ཏེ་བསྟན་པའོ། །དམ་ཚིག་དང་ལྡན་པར་བྱ་བའི་ལེའུའོ། །དམ་ཚིག་གི་ལེའུའི་བཤད་པ་སྟེ་བཅུ་པའོ།། །། རྒྱལ་པོའི་ཕོ་བྲང་ཉམས་དགའ་བའི། །ཚུལ་ཁྲིམས་ལྡན་པའི་གནས་ཆེན་དུ། །བླ་མ་གོང་མ་ཀླུས་གྲུབ་ཀྱི། །ངག་གི་པདྨ་ལས་བྱུང་བའི། །ཉི་མའི་འདོད་ཟེར་ཐོ་བས་ནི། །མགོན་པོ་དྲི་མེད་རྟ་དབྱངས་ཀྱིས། །དཔལ་ལྡན་དགྱེས་རྡོར་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་མང་བསྐོར་ཏེ། །ལེགས་པར་གསོལ་བ་བཏབ་པ་ཡིས། །མགོན་པོས་གནང་བ་ཐོབ་པ་སྟེ། །དཔག་ལྡན་ནག་པོ་ཆེན་པོའི་རྒྱུད། །དབུ་གྱི་གཙུག་ཏོར་ལས་བྱུང་བའོ། །དེ་ཡི་འགྲེལ་བ་ཅུང་ཟད་བརྩམས། །བདག་གིས་བྲིས་པར་བྱས་བ་སྟེ། དེ་ཉིད་མཁྱེན་རྣམས་བཟོད་པར་མཛོད། །བདེ་གཤེགས་བསྟན་པ་བསྲུང་ཕྱིར་དང༌། །འགྲོ་བའི་གདུག་པ་འདུལ་བའི་ཕྱིར། །བདག་གིས་འགྲེལ་པ་འདི་བྱས་པས། །དགེ་བ་དྲི་མེད་ལ་སོགས་པའི། །དགེ་བ་གང་ཞིག་ཐོབ་པ་དེས། །སེམས་ཅན་རྡོ་རྗེ་འཛིན་གྱུར་ཅིག །དཔལ་ནག་པོ་ཆེན་པོའི་རྒྱུད་ཀྱི་འགྲེལ་པ། དཔལ་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།


previousདཔལ་ནག་པོ་ཆེན་པོའི་རྒྱུད་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོ་ཞེས་བྱ་བའི་འགྲེལ་པ། རྟ་དབྱངས།next