Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།


   
   
  expand section
  expand section
རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་པའི་ལས་ཀྱི་ཡན་ལག་དང་བཅས་པ་མདོ་བསྡུས་པ་ཞེས་བྱ་བ།  ཉི་མ་སྦས་པ།
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
   
   
  expand section
   
  expand section
   
   
  expand section
  expand section
  expand section
   
   
  expand section
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousརྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་པའི་ལས་ཀྱི་ཡན་ལག་དང་བཅས་པ་མདོ་བསྡུས་པ་ཞེས་བྱ་བ། ཉི་མ་སྦས་པ།next

རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་པའི་ལས་ཀྱི་ཡན་ལག་དང་བཅས་པ་མདོ་བསྡུས་པ་ཞེས་བྱ་བ།
ཉི་མ་སྦས་པ།

ལེའུ་དང་པོ། འཕགས་མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་མོ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཕྱིར་ཟློག་པའི་ཆོ་ག་ཞེས་བྱ་བའི་ལེའུ།


DTG028_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་རང་བཞིན་ཆེ། །མི་རྟོག་གཞན་དོན་མཐར་ཕྱིན་པ། །གདུལ་བྱའི་དབང་གིས་ལྷ་མོ་ཡི། །ཚུལ་འཆང་དེ་ལ་ཕྱག་འཚལ་ནས། །ཉི་ཤུ་རྩ་གཅིག་སྒྲུབ་


DTG028_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐབས་ཀྱི། །སྤྱི་དང་སོ་སོའི་ཆ་ལ་བརྟེན། །ལས་ཀྱི་ཡན་ལག་དངོས་གྲུབ་རིམ། །མདོར་བསྡུས་བདག་གིས་བསྟན་པར་བྱ། །རྩོད་ལྡན་དུས་ཀྱི་རྣལ་འབྱོར་བས། །གཞན་གྱིས་བྱས་པ་འཇིག་པའི་ཕྱིར། །བསྒྲུབ་བྱའི་ཡུལ་གྱི་ལྷ་རྟེན་ནམ། །གདུག་ཅིང་གནག་པའི་རང་བཞིན་ལ། །དཀྱིལ་འཁོར་ནག་པོ་མདའ་གང་ཚད། །དེ་དབུས་དྲག་པོའི་ཧོ་མ་ཁུང་དུ། །དུག་དང་ཁྲག་དང་ནག་པོས་བྱུགས། །དེ་ལ་སྐྱེད་ཤིང་ར་བས་བསྐོར། །དེ་ཡི་དབུས་སུ་བསྒྲུབ་བྱའི་གཟུགས། །དེ་ཉིད་ལས་བྱུང་རྫས་རྣམས་དང༌། །གཞན་ཡང་དྲག་པོའི་རྫས་རྣམས་ལས། །ཉིང་ལག་བརྒྱད་པ་སྐྱེ་མཆེད་རྫོགས། །དེ་ཡི་སྙིང་གར་ཆེན་ནམ། །དུར་ཁྲོད་རས་ལ་དྲག་པ་ཡི། རྫས་དང་སྨྱུ་གུས་འཁོར་ལོ་བྲི། །རྩིབས་བརྒྱད་གསང་སྔགས་སྤེལ་ཚིག་ཅན། །ཁ་སྦྱར་ལེགས་དྲིལ་གཞུག་པར་བྱ། །རྒྱུས་ཆེན་དག་གམ་དྲག་པོ་ཡི། གཟུགས་ཀྱི་ཐག་པས་སྙིང་གར་དྲང༌། །ལྕགས་སམ་རྣལྰྦྱོར་གླིང་བུ་ཡི། སྦུ་གུས་སྙིང་གར་གཏད་བྱས་ནས། བདག་ཉིད་ལྷ་ཡི་སྦྱོར་ལྡན་པས། སྦོད་དང་སྦོད་བྱེད་རྟེན་ཕྲལ་ནས། །སྔར་གྱི་གཟུགས་ལ་ལེགས་པར་གཞུག །དེ་ཡི་སྟེང་དུ་ལ་གསུམ་དང༌། །ལུང་གསུམ་ས་དང་ཆུས་སྦྲུས་པའི། །མཆོད་རྟེན་ནག་པོ་ཁྲུ་གང་ཚད། །ཁྲི་འཕང་བཞི་པ་བུམ་རྟེན་བཅས། །བུམ་པ་དྲག་པོའི་དབྱིབས་ཅན་དེ། །རྒོད་དང་བསྲུང་དང་རྣ་བ་ཡི། །འགུལ་དང་ཐོས་དང་བསྣམས་པ་ཡི། །སྡུག་བྱེད་རྣམས་ནི་གོ་རིམས་བཞིན། ངོས་གསུམ་པོ་ལ་བྱུག་བྱས་པའི། །བུམ་ཕྱགས་སྐྱོང་ཉིང་པོར་བཅས། གདུགས་ལ་ཡི་གེ་བཅུ་པ་ནི། །སྤེལ་ཚིག་དང་བཅས་ཀྱིས་བརྒྱན་པ། །ཇི་སྲིད་མ་ཐོབ་རབ་ཏུ་མནན། །སྤྱི་དང་ཁྱད་པར་ལྷ་རྣམས་ལ། །མཆོད་དང་བསྟན་པ་སྐྱོང་བ་ལ། །གཏོར་མ་མཉེས་བྱས་བདེན་ཚིག་ཅན། །ལྷ་ཡི་སྦྱོར་བ་རྒྱུན་མི་བཅད། །དགུག་དང་གཞུག་དང་བསྟིམ་སོགས་ཀྱི། །སྦྱོར་བ་རབ་ཏུ་བརྩམ་བྱས་ནས། །མེ་ཏོག་ལ་ནི་རྡོ་ཆར་བཞིན། །ཅིག་ཤོས་མྱུར་དུ་ཕམ་འགྱུར་ཏེ། །ཕ་རོལ་ནུས་པ་ཆེན་རུང༌། །ནང་གི་མཚན་མ་རྙེད་གྱུར་ནས། །སྔ་མའི་གཟུགས་དེ་བསྲེག་བྱས་ལ། །བདག་བཅས་སར་གཞུག་དེ་ཡི་སྟེང༌། །ཅཻ་ཏྱེ་ནག་པོས་མནན་


DTG028_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་ཨ་མུ་ཀཾ་མཱ་ར་ཡ་ཕཊ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱཏྨ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་གྲྀཧྞ་གྲྀཧྞ་བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། དྷ་ར་དྷ་ར། བི་དྷྭ་ན་ས་ཡ་བི་དྷྭ་ན་ས་ཡ། ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཧཱ་རེ་ཏུ་ཏུཏྟཱ་རེ་ཏུ་རེ་མ་ཧཱ་པཉྩ་ཡཀྵ། སྟམྦྷ་སྟམྦྷ་ཐཾ་ཧྲི་བཾ་རིལ་མཱ་ར་ཡ་ཕཊ་ཀུ་རུ་ཀུལླེ་བྷྱོ། འཕགས་མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་མོ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཕྱིར་ཟློག་པའི་ཆོ་ག་ཞེས་བྱ་བའི་ལེའུ་སྟེ་དང་པོ་རྫོགས་སོ།། །།

ལེའུ་གཉིས་པ། འཕགས་མ་སྒྲོལ་མ་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཡམས་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་ལེའུ།


DTG028_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕག་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཡམས་སོགས་འཇིག་རྟེན་མ་རུངས་རྣམས། །རབ་ཏུ་ཞི་བར་བྱ་བའི་ཕྱིར། །དཀར་པོའི་ཕྱོགས་ཀྱི་ཟླ་བ་ལ། །ཁྲུ་དོ་འཁོར་ཡུག་མཎྜལ་ཏེ། །པདྨ་འདབ་བརྒྱད་དབུས་སུ་ནི། །འོད་དཔག་མེད་དང་འཕགས་མ་སྟེ། །ཕྱོགས་བཞིར་རིགས་བཞི་མཚམས་བཞི་ལ། །ཡུམ་བཞིའི་མཚན་མ་དགོད་པར་བྱ། །དེ་ཡི་ཕྱིར་རོལ་ཕྱོགས་སྐྱོང་དགོད། །གྲྭ་བཞིར་མདའ་བཞི་མེ་ལོང་བཞི། །རལ་གྲི་བཞི་དང་རྨ་བྱ་བཞི། །ཚོན་སྐུད་ལྔ་ཡིས་དཀྲི་བར་བྱ། །བཀྲ་ཤིས་ཤིང་དམ་ཟངས་མ་ལས། །བྱས་པའི་ཕུར་པ་ཕྱོགས་བཞིར་གཟུགས། །གདུགས་དང་རྒྱལ་མཚན་ལ་སོགས་དང༌། །མེ་ཏོག་ཕྲེང་བ་ལ་སོགས་པའི། །མཆོད་པའི་ཁྱད་པར་རྒྱ་ཆེན་བཤམ། །དར་རམ་རས་སམ་གྲོ་ག་ལ། །བཀྲ་ཤིས་དར་དཔྱངས་བྲིས་བྱས་ནས། །དབུས་སུ་ཡི་གེ་བཅུ་པ་སྟེ། །གཡས་དང་གཡོན་དུ་རིགས་ལྔ་ཡི། །ཡབ་དང་ཡུམ་དུ་བཅས་པ་ཡི། །གཤམ་དུ་ཕྱོགས་སྐྱོང་སྙིང་པོ་རྣམས། །གུར་གསུམ་གྱིས་ནི་བྲི་བར་བྱ། །འཕགས་མ་ལ་སོགས་རྟེན་བཞུགས་ལ། །ཅི་འབྱོར་པ་ཡིས་མཆོད་པ་སྟེ། །བསྟན་སྐྱོང་རྣམས་ལ་གཏོར་མ་སྦྱིན། །དེ་ནས་དགེ་སློང་དགེ་འདུན་ནམ། །གསོ་སྦྱོང་ལྡན་པས་བསྙེན་པ་བྱ། །ཁྲི་ཁྲག་རེ་ལ་མཆོད་པ་དང༌། །གཏོར་མ་རེ་སྟེ་གསོལ་བ་གདབ། །ཆ་ལང་ལ་སོགས་སྔགས་བཀོད་ལ། །ཤིན་ཏུ་བསྒྲིམས་པས་བསྒྲགས་པར་བྱ། །དེ་ལྟར་འབུམ་ཕྲག་གཅིག་ཏུ་བྱས། །དེ་ཡང་ལྷ་ཡི་སྦྱོར་ལྡན་པས། །ཞི་བར་བྱ་བར་འདོད་པ་དང༌། །ཀུན་དུ་གཙང་སྦྲར་གནས་པ་ཡིས། །ལས་ནི་འགྲུབ་པར་འགྱུར་


DTG028_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་སྟེ། །ཡམས་བདག་མོ་ལ་བསྐང་བ་ཡང༌། །འདི་ལ་ཤིན་ཏུ་བསྔགས་པ་ཡིན། །དེ་ནས་དཀྱིལ་འཁོར་མཚོན་ཆ་སོགས། །ཕྱོགས་མཚམས་རྣམས་སུ་དགྲམ་བྱས་ཏེ། །མཆོད་རྟེན་སྔགས་བཅས་ནང་དུ་གཞུག །དེས་ནི་དེ་ཉིད་འགྲུབ་འགྱུར་བར། །རྗེ་བཙུན་ཉིད་ཀྱིས་གསུངས་པ་ཡིན། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བྱཱ་དྷི་པྲ་ཤ་མ་ནི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འཕགས་མ་སྒྲོལ་མ་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཡམས་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།

ལེའུ་གསུམ་པ། རྗེ་བཙུན་འཕགས་མ་སྒྲོལ་མ་གསེར་མདོག་ཅན་གྱི་ལས་ཀྱི་ཡན་ལག་ཚེ་འཕེལ་བའི་ཆོ་ག་རྒྱས་པར་ཕྱེ་བ།


DTG028_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཚེ་ཡི་སྙིགས་མར་གྱུར་པ་ཡི། །མི་རྣམས་ཚོ་ནི་བསྲིང་བའི་ཕྱིར། །ཤིན་ཏུ་ཉམས་དགའི་གནས་དག་ཏུ། །ཕྱི་ནང་ཁྲུས་ནི་སྔོན་འགྲོ་བས། །རྣལ་འབྱོར་པས་ནི་འཕགས་མ་ཡི། །བསྐྱེད་པའི་རིམ་པ་རྫོགས་བྱས་ན། །ས་བོན་ལས་བྱུང་འོད་ཟེར་གྱིས། །འཕགས་མ་ཚེ་དཔག་མེད་སྩོལ་མ། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །དེ་བཀུག་མདུན་དུ་པད་སྡོང་ལ། །བཞུགས་བྱས་ཡན་ལག་བདུན་པ་དང༌། །གསོལ་བ་བཏབ་ནས་བསྙེན་པ་བྱས། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུརྫྙཱ་ན་དྷ་ར་དྷ་ར། བི་དྷ་ར་བི་དྷ་ར། མ་མ་བྲཧླ་དྷ་ཡ་དེ་ཧི་དེ་ཧི་སྭཱ་ཧཱ། དེ་ནས་མར་ལ་མར་བླུགས་བཞིན། །དེ་དང་བདག་ཉིད་ཐ་དད་མེད། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི། །བདག་ཉིད་ཚེ་ཡི་དབང་ཕྱུག་མཆོག །བདག་ལ་སྩལ་ནས་རྒྱ་མཚོ་ལྟར། །ཚེ་ཡིས་རྒྱས་པར་གྱུར་བསམས་ནས། །ལན་གྲངས་བདུན་ལ་སོགས་པར་བསྟོད། །དེ་ནས་རྣམ་ཤེས་བསྐྱོད་པའི་རྟ། །འདོད་པའི་ཕྱོགས་སུ་གྱུར་པ་ན། །ཐ་མལ་གསུམ་གཅིག་སྦྱོར་བ་ཡིས། །རིང་པོར་དྲངས་ལ་མཐར་གྱིས་བསྐྱིལ། །འགྱེད་པ་ཤིན་ཏུ་ཞི་བར་བྱ། །དེ་ཡང་མ་འཕོས་བར་དུའོ། །དེ་ལྟར་ན་ནི་ཟླ་རེ་ལ། །ཞག་རེས་ཚེ་ནི་འཕེལ་འགྱུར་ན། །དུས་མིན་འཆི་སོགས་སྨོས་ཅི་དགོས། །རྗེ་བཙུན་འཕགས་མ་སྒྲོལ་མ་གསེར་མདོག་ཅན་གྱི་ལས་ཀྱི་ཡན་ལག་ཚེ་འཕལ་བའི་ཆོ་ག་རྒྱས་པར་ཕྱེ་བ་ཞེས་བྱ་བའི་ལེའུ་སྟེ་གསུམ་པ་རྫོགས་སོ།། །།

ལེའུ་བཞི་པ། འཕགས་མ་སྒྲོལ་མ་དེ་བཞིན་གཤེགས་པའི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་དུག་གསད་པའི་ཆོ་ག


DTG028_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་གི་སྟོབས་ཀྱི་ས་སྲོག་གཡོ་བ། །འབར་བའི་མེ་


DTG028_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་ཆུ་རྒྱུན་བཞིན། །དེ་དག་གསད་ཕྱིར་ཀཾ་ཀ་དང༌། །རྒྱལ་བའི་སྤྱན་དང་ཨ་ཀྵོ་བྷྱ། །རིན་ཆེན་སྙིང་པོ་རྩ་བ་མཆོག །གཅིག་པུར་སྐྱེས་དང་སྦྲུལ་གྱི་དུག །ཚེས་མ་ཐོག་གི་རྣམ་སྣང་ལ། །བསྐྱེད་དང་བརྒྱ་སྟོང་བཟླས་རིམ་གྱིས། །དེ་ཡི་ཁོང་དུ་གཏང་བར་བྱ། །གནས་ལྔ་རྣམས་སུའང་གདབ་བྱ་སྟེ། །དམིགས་པ་རྩེ་གཅིག་སྦྱོར་བ་ཡིས། །ཧ་ལ་ཡིས་འཚོ་སྒྲོ་ཡིས་བྱ་བ། །རང་བཞིན་དང་ནི་བཅོས་པ་དང༌། །གྱུར་པའི་སྟོབས་དང་དྲི་བཟོད་དཀའ། །གང་ཡང་འདི་ཡིས་ཐེ་ཚོམ་མེད། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ན་མཿཥ་རེ་ཥ་རེ། པི་ཥ་རེ་བི་ཥ་རེ། སརྦ་བི་ཥ་གྷ་ཊ་ནི་སྭཱ་ཧཱ། འཕགས་མ་སྒྲོལ་མ་དེ་བཞིན་གཤེགས་པའི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་དུག་གསད་པའི་ཆོ་གའི་ལེའུ་སྟེ་བཞི་པ་རྫོགས་སོ།། །།

ལེའུ་ལྔ་པ། འཕགས་མ་སྒྲོལ་མ་ལ་ཧཱུཾ་གི་སྒྲ་རབ་ཏུ་སྒྲོགས་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་དབང་དུ་བྱེད་པའི་ཆོ་ག


DTG028_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་ལ་གང་ཞིག་རག་ལས་པ། །དེ་ཉིད་དབང་དུ་བྱ་བའི་ཕྱིར། །གྲོ་གའམ་ནི་གོས་གཞན་ལ། །བཅུ་དྲུག་རྩིབས་ཅན་འཁོར་ལོ་བྲི། །ཕོ་དང་མོ་ཡི་སྣག་ཚ་ལ། །དཀར་པོ་གཅིག་རྒྱུག་སོགས་བསླད་པས། །དབུས་སུ་གཟུགས་དང་མིང་ཡིག་བཅས། །རྩིབས་ལ་ཡི་གེ་བཞིས་བརྟེན་པའི། །བསྒྲུབ་བྱའི་མེད་ནི་བྲི་བར་བྱ། །ཕྱི་རོལ་ཨོཾ་ཡིག་གསུམ་གྱི་དབུས། །སྲད་བུ་དམར་བཅིངས་སྤྲ་ཆིལ་གྱིས། །གཟུགས་བརྙན་སྙིང་གར་བཅུག་བྱས་ལ། །སེང་ལྡེང་མེ་ལ་དུས་གསུམ་བསྲོ། །ཕོ་དང་མོ་ཡི་བྱེ་བྲག་གིས། །རྐང་པའམ་ནི་མཇུག་སྒོ་རུ། །ཟང་མའི་ཐུར་མས་བྲུ་བར་བྱ། །ས་བོན་འོད་ཀྱིས་དྲང་བ་ནི། །བསྒྲུབ་བྱ་རླུང་གི་དཀྱིལ་འཁོར་དབུས། །སྐྲ་གཡེངས་གཅེར་བུའི་སྙིང་གར་རམ། །མགྲིན་དང་མཚན་མར་ལྕགས་ཀྱུའམ། །ཞགས་པ་ལྟ་བུར་རབ་དྲངས་ནས། །རླུང་གི་ཤུགས་ལྡན་སྔགས་ཀྱི་མཐུས། །རྐང་པའི་དྲུང་དུ་ལྷགས་བྱས་ན། །ཅི་དང་ཅི་བགྱི་ཞེས་བརྗོད་བརྟག །ཆུ་དང་རྡུལ་ཁྲོད་ལས་བྱུང་སྦྱར། །དུས་གསུམ་དག་ཏུ་བསྟེན་བྱ་ཞིང༌། །དེ་ཉིད་རྡོ་རྗེའི་ཆུས་སྤངས་ལ། །དེ་ལ་སྦྱིན་པར་བྱ་བ་ཡིན། །དེ་ཉིད་དང་ནི་སྐྱེ་ཚེ་དག །མིང་དང་བཅས་པར་སྦྱིན་སྲེག་བྱ། །ཡང་ན་རྡུལ་ཁྲོད་ཉིད་ཀྱིའོ། །རྡོ་རྗེ་བསྐྱོད་དང་བདེ་བཅས་དང༌། །མཐར་


DTG028_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིན་པ་དང་བྱང་ཆུབ་སེམས། །རྒྱུ་བཞིན་རྔུབ་པའི་སྦྱོར་བ་ཡིས། །ལས་འདི་རབ་ཏུ་འགྲུབ་འགྱུར་ཏེ། །ཉི་མ་བདུན་གྱིས་ཕོ་དང་མོ། །བདུན་ཕྲག་གསུམ་གྱིས་སྐྱེས་བུ་ཆེ། །བདུན་ཕྲག་བདུན་གྱིས་ལྷ་མོ་སོགས། །ས་བླ་རྣམས་ཀྱང་འདོད་པ་ཡི། །མདའ་ཡིས་མྱོས་ནས་དེ་མདུན་དུ། །རང་དབང་མེད་པར་ལྷུང་བར་འགྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ལ་བན་ཨ་བྷ་སོ་ཨ་ཏི་ཀྵོ་སི་ཨུདུ་ཀྲོ་སི་བ་ཤཾ་ཀ་ར་ཨ་མུ་ཀ་སྱ་ད་ཧ་ག་ཊ་ནི། ད་ཧ་ག་ཊ་ནི། ད་ཧ་ཊ་ཙ་ནཾ་ཁ་བྱ་སི། ད་ཧ་ཨ་སྠི་ནི། ཨ་སྠི་བྷྱཾ། མཛྫ་ཀེ་ད་ཧ་ལ་བ་ཎཾ། བིནྡུ་ཏི་བ་ལ་ནཾ་པ་ཙ་ཏི་བ་ལ་ནཾ་བ་ཙ་ཏི་ཤོ་ནི་ཏཾ། བ་ལ་ནི་དཪྻ་མ་ནཱི་ཧི། །ཀུ་ཏྲོ་ནཱི་ཏྲ། ཀུ་ཏྲོ་རོ་ཏྲི་ཡ། ཏཱི་བ་སི་ཏི་ཡོ་དེ་ན་ཤ་དེ་ན་དྲི་ནཾ་ཙ་ཤ་ཏ་ན་ཏ་རེ། ནཱ་ག་རེ་ལེ་ཧ་པྲ་ཀ་རེ། གྲི་ཀྵྞ་སརྦ་ཀྲི་ཏཾ་གྒ་ཏེ་ཏུད་དྲེ་པ་པས་མཱ་ན་ཧཱི། པ་ལ་ནི་བནྡྷ། པུ་ར་ས་ཏི་ཏྲཱཾ། ཨོཾ་ཙི་ཏི་ཙི་ཏི་བི་ལོ་ལི་བི་ལོ་ལི་སྭཱ་ཧཱ། ཨ་མུ་ཀཾ་སཱ་དྷ་ནཱཾ་ས་རི་བ་རཾ། མེ་བ་ས་མ་ན་སྭཱ་ཧཱ། ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། འབུམ་ཕྲག་དྲུག་གི་སྦྱོར་ལྡན་པས། །མེ་ཏོག་བདུག་པ་ལ་སོགས་པ། །གང་ལ་བྱིན་པ་དེ་དབང་འགྱུར། །བཟའ་བཏུང་གིས་ཀྱང་དེ་བཞིན་ཏེ། །མེ་ཏོག་དམར་པོའི་སྦྱིན་སྲེག་གིས། །གང་དག་འདོད་པ་དབང་དུ་བྱེད། །སྐྱེས་བུ་མཆོག་ལ་ཡུངས་ཀར་བསྔགས། འཁར་བའི་སྣོད་དུ་སྦྲང་རྩི་ནང༌། །སྔགས་དང་བཅས་བ་ཙུག་དུས་གསུམ་དུ། །མཆོད་དང་བཟླས་པས་དོན་རྣམས་འགྲུབ། །ཁམ་ཕོར་དུང་ཕོར་བཅས་པ་ལ། །བརྒྱ་དང་བརྒྱད་བཟླས་མིག་ལ་བྱུགས། །གསོད་པར་འདོད་པའི་དགྲ་བོས་ཀྱང༌། །བུ་སྡུག་བཞིན་དུ་སེམས་པར་འགྱུར། །དུར་ཁྲོད་གནས་སུ་སྣོད་ཆེན་དུ། །པདྨ་དཀར་དང་ཆེན་པོའི་སྣུམ། །བརྒྱད་དང་བཅུ་བཞིར་བསྒྲུབ་བྱས་པའི། །མིག་སྨན་གྱིས་ནི་གཞན་དབང་འགྱུར། །འཕགས་མ་སྒྲོལ་མ་ཧཱུཾ་གི་སྒྲ་རབ་ཏུ་སྒྲོགས་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་དབང་དུ་བྱེད་པའི་ཆོ་ག་ཞེས་བྱ་བའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།

ལེའུ་དྲུག་པ། འཕགས་མ་སྒྲོལ་མ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་སྒྲིབ་པ་ཡོངས་སུ་སྦྱོང་བའི་ཆོ་ག


DTG028_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་ལ་གསེར་གྱི་གཡའ་བཞིན་དུ། ཐོག་མ་མེད་དུས་ནས་བསགས་པའི། །ཉེས་པའི་ཚོགས་རྣམས་སྦྱང་བའི་ཕྱིར། །རབ་ཏུ་ཤིས་པའི་དུས་ཉིད་དུ། །དམ་ཚིག་འདི་ལ་མི་བསྔགས་


DTG028_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི། །ལོངས་སྤྱོད་དག་ནི་རབ་ཏུ་སྤངས། །དབེན་པའི་གནས་སུ་དཀྱིལ་འཁོར་བྱ། །རྟེན་དང་མཆོད་པ་སྣ་ཚོགས་བཤམ། །བར་ཆད་བསྲུང་ཕྱིར་བསྟན་སྐྱོང་ལ། །རབ་ཏུ་ཤེས་པའི་གཏོར་མས་མཆོད། །རྟེན་ལ་རྗེ་བཙུན་བཞུགས་བྱས་ནས། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཅན་གྱིས་བདག་ལ་ནི། །མི་དགེའི་ལས་རྣམས་སྦྱང་བའི་ཕྱིར། །གསོ་སྦྱོང་དམ་པ་སྩོལ་བར་མཛོད། །རྒྱལ་སྲས་རྣམས་ཀྱིས་ཇི་ལྟ་བར། །བདག་ཀྱང་དེ་བཞིན་བསྒྲུབ་པར་བགྱི། །གསུམ་ལ་དྲུག་ཏུ་རྣལ་འབྱོར་པས། །རྡོ་རྗེ་ལྟ་བུའི་ཚུལ་གྱིས་སུ། །སྡིག་པ་མ་ལུས་ཟད་བྱེད་པ། །བརྒྱ་དང་བརྒྱད་བཟླས་གསོལ་བ་གདབ། །གནས་གསུམ་དག་ཏུ་སྡིག་པའི་གཟུགས། །བྲིས་སམ་བསམས་ལ་བྱབ་བར་བྱ། །ཡང་ན་ཏིལ་གྱིས་སྲེག་པའམ། །དག་བྱེད་ཆུ་ཡི་སྦྱོར་བས་ཀྱང༌། །དེ་ཡི་ཉེས་པ་བཀྲུ་བར་བྱ། །དེ་ལྟ་ན་ནི་མྱུར་ཉིད་དུ། །དཀར་གྱི་མཚོ་དང་ངན་སྐྱུགས་ཟགས། །མཁའ་ལ་རྒྱུ་ཞིང་ཆུ་སྐྱེས་སྡུད། །རྩོད་ལས་རྒྱལ་བ་ལ་སོགས་པའི། །མཚན་མ་དེ་ཡིས་དགའ་བྱས་ནས། །དཔལ་ལྡན་གནས་སུ་འགྲོ་བར་འགྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱཪྻཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་པཱ་པཾ། ཤོདྷ་ཡ་ཤོདྷ་ཡ། བི་ཤོདྷ་ཡ་བི་ཤོདྷ་ཡ། །སརྦ་བྷ་བ་ས་མུདྡྷྲོཙྪ་ཤ་ན་ཀ་རཱ་ཡ་སྭཱ་ཧཱ། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འཕགས་མ་སྒྲོལ་མ་འཇིག་རྟེན་གསུམ་ལས་རྣམ་པར་གྱལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་སྒྲིབ་པ་ཡོངས་སུ་སྦྱོང་བའི་ཆོ་གའི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།

ལེའུ་བདུན་པ། འཕགས་མ་སྒྲོལ་མ་གཞན་འཇོམས་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་གོང་དུ་འཕོ་བ་ཞེས་བྱ་བའི་ཆོ་ག


DTG028_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྲོག་ནི་གཡོ་བ་ཡི། །མཚན་མ་བྱུང་བར་གྱུར་པ་ན། །འཆི་བདག་བདུད་ནི་གཞོམ་པའི་ཕྱིར། །འགྲོ་བ་རྣམས་ལ་སྲོག་སྦྱིན་ཞིང༌། །ཕྱི་རོལ་དངོས་པོས་བསོད་ནམས་བསགས། །བདེ་གཤེགས་མཆོད་རྟེན་མཛེས་པས་བརྒྱན། །ཕྱི་ནང་ཆོས་རྣམས་ནམ་མཁའ་ལྟར། །དམིགས་པ་མེད་པ་རབ་ཏུ་བསྒོམ། །དེས་ནི་རྐྱེན་སྐྱེས་ཞི་བར་གསུངས། །འཕེན་པའི་ནུས་པ་ཟད་པའི་ཕྱིར། །དེས་ཀྱང་རབ་ཏུ་མི་སྤོང་ན། །བདག་གི་ལུས་དང་


DTG028_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོངས་སྤྱོད་དང༌། །བཤེས་རྣམས་ནམ་མཁའི་གློག་བཞིན་དུ། །འགྱུར་བའི་རང་བཞིན་ཤེས་བྱས་ནས། །ཐ་མའི་དུས་སུ་གྱུར་པ་ན། །འདོད་པའི་ལྷ་ཡི་ཏིང་འཛིན་གྱིས། །དཀར་བསིལ་ལུས་ལ་ཕན་བྱེད་པ། །རླུང་ལ་དམིགས་བྱ་གཉིས་སུ་དྲང༌། །སྒོ་རྣམས་བསྡམས་ལ་རབ་ཏུ་མནན། །ལྡོག་པའི་ཚེ་ན་བསྲིང་བར་བྱ། །སྤྱི་བོ་ཚངས་པའི་བུ་ག་སྟེ། །གནས་གསུམ་དག་ཏུ་ཡི་གེ་གསུམ། །རྟེན་དང་བརྟེན་པ་བྱང་ཆུབ་སེམས། །ཆུ་ལ་ཆུ་བཞིན་ཐ་དད་མེད། །ཐིག་ལེ་ལ་ནི་ཐིག་ལེ་བཞིན། །གྱེན་དུ་གཅིག་ལ་གཅིག་བསྡུས་ཏེ། །ཧི་ཀ་ཞེས་པའི་འབྲུ་གཉིས་པོ།། ཉི་ཤུ་རྩ་གཅིག་བརྗོད་པར་བྱ། །གྱེན་དུ་ཕྱིན་པས་འོག་མིན་ཏེ། །ཐུར་དུ་ཕྱིན་པས་བཙོན་དོང་ངོ༌། །ཡི་གེ་དང་པོས་འཕོ་བྱ་བ། །ཤིང་ལ་ཞོན་བཞིན་ཁྱབ་པ་བདག །སྙིང་གར་འདོད་ལྷའི་གཟུགས་གྱུར་ཏེ། །མནན་དང་བསྡམ་དང་སྦྱར་བཟློག་ཅིང༌། །ནམ་མཁའ་མཐོངས་ཏེ་རབ་གསལ་ལ། །ཡི་གེ་གཉིས་ཀྱིས་རབ་དྲངས་ནས། །ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་དུ། །རྫུ་འཕྲུལ་ཤུགས་ཀྱིས་ཕྱིན་པར་བྱ། །འདི་ནི་ཐུན་མོང་མ་ཡིན་པར། །སྐལ་ལྡན་རྣམས་ཀྱི་ལམ་ཡིན་ཏེ། །བླ་མེད་གསང་སྔགས་ཁྱད་པར་ཐབས། །རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས། །དེས་ན་སྒྲུབ་ལྡན་རྣལ་འབྱོར་པས། །འདི་ལ་མ་ཡོངས་འབད་པ་ཆེ། །གོམས་པའི་ཡན་ལག་སྔོན་འགྲོ་བས། །བྱས་ན་རྫོགས་པའི་སངས་རྒྱས་འགྱུར། །འཕགས་མ་སྒྲོལ་མ་གཞན་འཇོམས་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་གོང་དུ་འཕོ་བ་ཞེས་བྱ་བའི་ཆོ་གའི་ལེའུ་སྟེ་བདུན་པ་རྫོགས་སོ།། །།

ལེའུ་བརྒྱད་པ། འཕགས་མ་སྒྲོལ་མ་བདུད་ཐམས་ཅད་འཇོམས་ཤིང་དབང་མཆོག་སྟེར་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་རྫོགས་པའི་རིམ་པ།


DTG028_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཇི་ལྟར་དུག་ལ་དུག་སྦྱར་ཞིང༌། །འཁོར་བའི་རྩ་བ་ཉོན་མོངས་ཏེ། །དེ་ལ་དེ་ཉིད་ཀྱིས་འབྱུང་བའི། །ཐབས་ཀྱི་ཆོ་ག་གང་གསུངས་པ། །བསྐྱེད་པའི་རིམ་པ་བསྟན་པ་ཡིན། །པདྨ་ཅན་ནམ་དུང་ཅན་སོགས། །རིགས་གསུམ་ལས་སྐྱེས་ཤེས་རབ་མ། །བཅུ་གཉིས་པ་དང་བཅུ་དྲུག་པ། །ཉི་ཤུ་བཞི་ཡི་ལོ་ལོན་པ། །མིག་དཀྱུས་རིང་ཞིང་དཀར་མདངས་ལྡན། །འཇམ་མཉེན་འཁྲིལ་ལྡེམ་གཞོན་ནུའི་ཚུལ། །ལུས་ལ་ག་པུར་ངད་ལྡན་ཞིང༌། །ངག་འཇམ་རྗེས་འགྲོ་ཡོན་ཏན་ཕྱུག །སྐྱབས་འགྲོ་ནས་ནི་སྨིན་པའི་བར། །


DTG028_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅི་རིགས་པ་ལ་དེ་བཀོད་ནས། །ལུས་སོགས་གསུམ་པོ་དག་བྱས་ནས། །བྱང་གི་ཕྱོགས་སུ་དེ་བསྲུངས་ནས། །གྲུབ་ཞི་ལྷམ་པ་ཁྲུ་གང་ཚད། །བྱི་དོར་ལེགས་བྱས་མེ་ཏོག་དགྲམ། །བདུད་རྩི་ལྔ་དང་མཆོད་གཞན་བཅས། །རྡོ་རྗེའི་ཁྲི་སྟེང་དེ་བཞག་ནས། །བཀྲུ་དང་བཀྲུ་བའི་ཆོ་ག་བྱ། །རིགས་ཀྱི་བདག་པོའི་རྣམ་པ་ཡིས། །ས་བོན་ལྕགས་ཀྱུའི་སྤྲོ་བསྡུ་ལས། །ཐབས་དང་ཤེས་རབ་བཀུག་བྱས་ནས། །གཉིས་པའི་ཚངས་པའི་བུ་ག་གཤེགས། །རབ་སྨིན་རྡོ་རྗེ་པདྨ་སྟེ། །དེ་བརྟག་པདྨ་སྙིང་པོ་བཙལ། །དེ་ནས་བདེ་བ་མཉམ་སྦྱོར་ཕྱིར། །པདྨའི་ཟེ་འབྲུ་རྒྱས་པ་དང༌། །ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ། །ཁ་སྦྱར་གཉིས་སུ་མེད་པར་བྱ། །བསྡམས་དང་ཀློང་པའི་སྦྱོར་བ་ཡིས། །གནས་ལྔར་རྣམ་ལྔས་ཁྱབ་པར་བྱ། །སྦུ་གུས་སྙིང་པོ་བཟུང་བྱས་ནས། །ཉམས་ཀྱི་སྟོབས་ཀྱིས་དྲང་བར་བྱ། །དགའ་བ་བཞི་ཡི་བདག་ཉིད་ཀྱི། །གསལ་ལ་མི་རྟོག་བདེ་བའི་མཆོག །གཟུང་དང་འཛིན་དང་དམིགས་བྲལ་བ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །གོ་རིམས་བཞིན་དུ་ཉམས་སུ་བླངས། །མི་འབྲལ་ཅུང་ཞིག་བསྟེན་པར་བྱ། །གསལ་བའི་ཡེ་ཤེས་མ་ཟིན་ན། །རོལ་པའི་སྒྲ་ལ་སེམས་གཏད་ནས། །ཅུང་ཞིག་བསྒོམ་པར་བྱ་བ་ཡིན། །ཡང་དང་ཡང་དུ་ཉམས་སུ་བླང༌། །དེ་ལས་མི་རྟོག་ཡེ་ཤེས་སྐྱེ། །རླུང་ལ་གོམས་པའི་སྦྱོར་བ་ཡིས། །རྡོ་རྗེའི་ཆུ་ནི་འཐུང་བའམ། །ཡང་ན་ཀུནད་བྱང་ཆུབ་སེམས། །རང་གིས་རབ་ཏུ་གཞིབས་བྱས་ཏེ། །གསལ་བར་བྱ་བའི་ཡན་ལག་དང༌། །གོམས་པར་བརྟན་པའི་རང་བཞིན་གྱིས། །བྱང་ཆུབ་སེམས་ནི་དབབ་བྱ་ཡི། །དེ་ལས་གཞན་པས་བདེ་བ་ནི། །རབ་ཏུ་གཟུང་ཕྱིར་བསྲུང་བྱ་སྟེ། །ཇི་སྲིད་ཀུནད་མ་ཤོར་བ། །དེ་སྲིད་སྙོམས་འཇུག་དེ་ནས་ནི། །མདུན་བཞག་པ་ལ་དམིགས་པའམ། །ཡང་ན་ཡིད་ཀྱིས་སྤྱད་པར་བྱ། །ཤེས་རབ་མ་ཡང་ལྷག་པ་ཡི། །ལྷ་བཞིན་རབ་ཏུ་མ་ཞེན་བྱ། །འདི་ནི་གསང་བ་བླ་མེད་ལམ། །ཐ་མལ་རྣམ་རྟོག་ལས་གྲོལ་བའི། །རྣལ་འབྱོར་བ་ཡིས་འདི་སྤྱད་པས། །གཉིས་མེ་ཡེ་ཤེས་ཕྱག་རྒྱ་ཆེ། །སངས་རྒྱས་ཀུན་མཆོག་བདེ་བའི་མཆོག །རིང་པོར་མི་ཐོགས་ཐོབ་པར་འགྱུར། །འཕགས་མ་སྒྲོལ་མ་བདུད་ཐམས་ཅད་འཇོམས་ཤིང་དབང་མཆོག་


DTG028_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེར་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་རྫོགས་པའི་རིམ་པའི་ལེའུ་སྟེ་བརྒྱད་པ་རྫོགས་སོ།། །།

ལེའུ་དགུ་པ། འཕགས་མ་སྒྲོལ་མ་མཆོག་སྩོལ་བ་ཞེས་བྱ་བའི་ལས་ཀྱི་ཡན་ལག་རབ་ཏུ་གནས་པའི་ཆོ་ག


DTG028_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྐུ་གསུམ་རང་བཞིན་གཟུགས་བརྙན་གང༌། །ཐམས་ཅད་སྤྲོས་དང་བྲལ་ཡིན་པས། །གང་གིས་གང་ལ་རབ་གནས་བྱས། །ཅི་ཞིག་འདིར་ནི་མཆོད་པར་བྱ། །སྦྱིན་བདག་བསོད་ནམས་སྤེལ་པ་དང༌། །སྔགས་པས་དགེ་བ་རྙེད་པའི་ཕྱིར། །རབ་གནས་བསྟན་བཅོས་ལས་བཤད་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །ཇི་ལྟར་སྐུ་གཟུགས་ཡོངས་རྫོགས་ནས། །བྱིན་མ་བརླབས་པར་རིང་གནས་ན། དེ་ལ་བཀྲ་མི་ཤེས་འབྱུང་ཞིང། །དེ་ལ་བགེགས་ཀྱང་འཇུག་པར་འགྱུར། དེ་སྲིད་མཆོད་པར་དེ་མི་འོས། །དེ་བས་བྱིན་རླབས་བཤད་པར་བྱ། །སྐུ་གསུམ་གཟུགས་བརྙན་གང་ཡིན་པ། །བཟོ་བོས་བྱས་པ་ཡོངས་རྫོགས་ཏེ། །གཟུགས་ཀྱི་སུམ་ཆའི་ཆ་མཉམ་པའི། །སྟེགས་བུའི་སྟེང་དུ་བཞུགས་སུ་གསོལ། །གཟའ་དང་ཉི་མ་ཟླ་སོགས་ལ། །མཆོད་དང་གཏོར་སོགས་ལེགས་བྱས་ན། །བདག་གི་རྣལ་འབྱོར་ཡོངས་རྫོགས་པས། །བུམ་པ་ལ་ནི་བཟླས་པ་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། བུམ་པ་ལ་བཟླས་པའི་སྔགས་སོ། །དྲི་མ་བཀྲུས་རྗེས་སྟོང་པར་བསམ། །བྷྲཱུཾ་ཨཱཾ་ཁཾ་ཛྲཱིཾ་ཧཱུཾ་རྣམས་ལས། །སྐུ་གཟུགས་རིགས་ལྔའི་རྣམ་པར་བསྐྱེད། །སྐུ་གསུམ་ཡེ་ཤེས་ཡང་དབང་བསྐུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་ཧཱུཾ་སྭཱ་ཧཱ། སྐུ་ཕྱི་བའི་སྔགས་སོ། །ཨོཾ་ཨཱཿ་ཧཱུཾ་ཛཿ་ཧཱུཾ་བཾ་ཧོཿ་སྐུ་གསུང་ཐུགས་བྱིན་གྱི་བརླབས་པ་དང༌། ཡེ་ཤེས་པ་སྤྱན་དྲང་བའི་སྔགས་སོ། །དེ་ནས་རབ་ཏུ་མཆོད་ནས་ནི། །གསང་སྔགས་ཟློས་ཤིང་སྤྱན་ཕྱེ་ནས། །སླར་ཡང་རབ་ཏུ་རྒྱས་པ་ཡིས། །མཆོད་ཅིང་རབ་ཏུ་གནས་པར་བྱ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿ་ཧཱུཾ། མཆོད་པའི་སྔགས་སོ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ཡ་སྭཱ་ཧཱ། །ཐུར་མས་སྤྱན་དབྱེ་བའི་སྔགས་སོ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཧཱུཾ་ཧྲཱི་བྷྲཱུཾ་ཁཾ་བཛྲཱི་བྷ་བ་དྲྀ་ཌྷོ་ཏིཥྛ་བུཾ་ཁཾ། རབ་ཏུ་གནས་པ་སྟེ་མེ་ཏོག་ལ་བཟླས་ལ་གཏོར་ཞིང་མཎྜལ་དབུལ་བའི་སྔགས་སོ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཞི་བའི་སྦྱིན་སྲེག་བྱས་


DTG028_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་ཀྱང༌། །བསོད་ནམས་འཕེལ་བར་བྱ་བའི་ཕྱིར། །ཡོན་གྱིས་བླ་མ་མཉེས་པར་བྱ། །དེ་ལྟར་རབ་ཏུ་གནས་བྱས་ན། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །སེམས་ལ་གང་ཅི་འདོད་པ་ཡི། །ཕུན་སུམ་ཚོགས་པའི་འབྲས་བུ་འབྱུང༌། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་མཆོག་སྩོལ་བ་ཞེས་བྱ་བའི་ལས་ཀྱི་ཡན་ལག་རབ་ཏུ་གནས་པའི་ཆོ་གའི་ལེའུ་སྟེ་དགུ་པ་རྫོགས་སོ།། །།

ལེའུ་དགུ་པ། འཕགས་མ་སྒྲོལ་མ་མྱ་ངན་ཐམས་ཅད་སེལ་བར་བྱེད་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག


DTG028_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཆེ་དང་དངོས་གྲུབ་གཞན། །མ་སྨིན་པ་ལས་མི་འབྱུང་བས། །དེ་ཡི་ཆོ་ག་མདོར་བསྡུས་པ། །སྣོད་དང་ལྡན་པའི་སློབ་མ་ཡིས། །མཎྜལ་དང་སྦྱོར་གཞན་དག་གིས། །མཚན་ཉིད་ལྡན་པའི་བླ་མ་ལ། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་ནས། །སྙིང་པོ་བྱང་ཆུབ་མ་ཐོབ་པར། །བླ་མ་དམ་པར་གསོལ་འདེབས་ཀྱིས། །བདག་གིས་བླ་མ་མཛད་དུ་གསོལ། །མ་བརྒལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། །དབུགས་མ་ཕྱིན་པ་དབུགས་དབྱུང་དང༌། །མྱ་ངན་མ་འདས་བཟླ་པའི་ཕྱིར། །བླ་མར་ཞུ་བ་ཁྱོད་སྤྲོའམ། །དེ་ནས་མཎྜལ་སྔོན་འགྲོ་བས། །བླ་མ་སངས་རྒྱས་བྱང་ཆུབ་སེམས། །འདོད་པའི་ལྷ་ལ་བདུན་རྣམ་དག །ལམ་ལ་གནས་པ་བྱས་ནས་སུ། །བགེགས་མཐར་བྱེད་ཀྱི་ཡང་སྙིང་ནི། །དེ་ཡིས་དེ་ལ་དབོག་པར་བྱ། །བླ་མ་ལྷ་ཡི་སྦྱོར་ལྡན་པས། །མཆོད་པ་དང་ནི་གཏོར་མ་ཡིས། །ས་ཡི་བདག་པོ་མཉེས་བྱས་ནས། །སྣང་དང་མི་སྣང་བདག་ལ། །གསོལ་བ་གདབ་སོགས་རྒྱས་པར་བྱ། །མེ་ལོང་དབྱིབས་ཅན་དཀྱིལ་འཁོར་ནི། །འདབ་མ་བཞི་ལྡན་པདྨ་སྟེ། །ཁ་དོག་གཞན་དང་འདྲ་བའོ། །སའམ་རིན་ཆེན་ལས་བྱས་པའི། །བུམ་པ་ཉེས་པས་མ་གོས་པ། །བསྲུང་པའི་ཆོ་ག་སྔོན་འགྲོ་བས། །དེ་དག་སྟེང་དུ་བཀོད་བྱས་ནས། །འབྲུ་དང་སྤོས་དང་སྙིང་པོ་སྨན། །རིན་ཆེན་ལྔ་དང་ཨརྒྷ་དང༌། །མགུལ་ཆིང་ཁ་རྒྱན་རྫོགས་པར་བྱ། །དེ་དག་མི་དམིགས་སྟོང་པ་ལས། །གཞལ་ཡས་ཁང་དབུས་རི་རབ་སྟེང༌། །དེ་དབུས་པདྨའི་གདན་ཁྲི་ལ། །དམ་ཚིག་འཁོར་ལོ་བསྐྱེད་པ་ནས། །དབང་གི་བར་དུ་རྫོགས་བྱས་ནས། །མཆོད་ཡོན་སྔོན་དུ་འགྲོ་བ་ཡི། །


DTG028_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོད་པས་མཆོད་ནས་རྩ་བའི་སྔགས། །འབུམ་ཕྲག་གཅིག་གིས་བསྙེན་པ་བྱ། །གསང་སྔགས་ཡེ་ཤེས་ཆུ་རྒྱུན་གྱིས། །བུམ་པ་ཆོས་ཉིད་གང་བྱས་ནས། །མཆོད་དང་གཏོར་མ་ཅི་རིགས་བྱ། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །མིག་ཏུ་མ་དང་ཊ་ལས་ནི། །ཉི་མ་ཟླ་བ་གསལ་བྱས་ཏེ། །བསྙེན་པའི་འཁོར་ལོ་མཁའ་ལ་བཏེག །སྔགས་འདི་བཟླས་ཤིང་གསལ་བར་བསྒོམ། །ཨོཾ་བཛྲོ་ཏིཥྛ་ཧཱུཾ་ཕཊ། དེ་ནས་ཁྲོ་རྒྱལ་བདུད་རྩི་འཁྱིལ། །བདག་བསྐྱེད་ནས་ནི་བགེགས་བསྐྲད་དེ། །ཧཱུཾ་ལུས་ངག་སེམས་ལ་གནས་པའི་བགེགས། །འདིར་ཉོན་ང་ནི་དཔལ་དང་ལྡན། །བཀའ་ཡི་འཁོར་ལོ་རབ་སྦྱོར་བ། །ང་ཡི་བཀའ་ཡི་དམ་ཚིག་ལས། །སུ་འདས་བརླག་འགྱུར་ཐེ་ཚོམ་མེད། །མི་དང་མི་མིན་འབྱུང་པོའི་ཚོགས། །གདོན་གྱི་རིགས་སུ་གཏོགས་པ་རྣམས། །འདི་རུ་མ་གནས་གཞན་དུ་དེང༌། །བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཅིང༌། །ཁྲོ་བོའི་གོམ་སྟབས་བརྒྱད་པའི་གར། །རྐང་ལག་སྨིན་བསྐྱོད་འདེགས་པ་དང༌། །ཟུར་མིག་ཉི་མའི་དབུས་གནས་དང༌། །འཛུམ་བཅས་མཆེ་གཙིགས་ཕྲེང་བའི་གར། །བསྐོར་ནས་རབ་གུར་སོགས་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་དུ་ནི་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ལྷ་ཡི་ང་རྒྱལ་ལྡན་པ་ཡིས། །ཐིག་ལེ་བྱས་ན་རྫས་དགྲམ་དང༌། །བྱིན་རླབས་བྱས་ནས་རབ་བསྐོར་ཏེ། །སྤོས་དྲིལ་ཐོགས་ནས་འདི་སྐད་དུ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཔའ་བོ་རྣལ་འབྱོར་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །བཅོམ་ལྡན་འདས་མའི་དཀྱིལ་འཁོར་བྲི། །དེང་འདིར་ཐམས་ཅད་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །སྟེགས་བུའི་སྟེང་ན་གནས་པ་ཡིས། །ཕྱོགས་བཞི་ནས་ནི་གསོལ་བ་གདབ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་དངོས། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་


DTG028_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐམས་ཅད་ཡོངས་སུ་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག་དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་གོས་པ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཐིག་ལེ་བྱས་ནས་དཀྱིལ་འཁོར་སྟེང༌། །ཡེ་ཤེས་འཁོར་ལོ་གཞུག་བྱས་ནས། །དབང་བསྐུར་བར་གྱི་ཆོ་ག་ཡང༌། །བྱས་ལ་མཆོད་པ་དབུལ་བྱས་ནས། །བྱིན་གྱིས་བརླབས་པ་ལ་སོགས་པའི། །བུམ་པའི་ཆོ་ག་རྫོགས་པར་བྱ། །ཐིག་ལེ་རེ་ལ་རེ་རེ་སྟེ། །རྫས་ལ་བསང་ཞིང་གསོལ་བ་གདབ། །ཡོལ་བས་དེ་བཅད་བདག་ཉིད་ནང༌། །ཁྲུས་བྱས་སྤྱོད་ལམ་མཛེས་པ་ཡིས། །དགའ་ཆེན་ཁྱོད་ལ་བདག་དགའོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པས། །མགོན་པོ་ཆེན་པོ་བདག་ལ་སྩོལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ནི་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་ཚུལ་བཞིན་སྤྱོད་པ་དག །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་འདི་བསྒོམས་པས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་མ་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་དང་བཅས་པ་རབ་བཅོམ་སྟེ། །འཇིག་རྟེན་རྗེས་འཇུག་རྟོགས་པ་ཡིས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ཡི་མདུན་དུ་མཎྜལ་བྱ། །སློབ་མ་མི་དམིགས་སྟོང་པ་ལས། །འདོད་ལྷའི་གནས་གསུམ་ཐིག་ལེ་


DTG028_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ། །རང་གི་གསུམ་སྤྲོས་ཕྱག་མཚན་ནོ། །སློབ་མའི་མདུན་དུ་མཎྜལ་རྟེན། །བསང་གཏོར་བྱ་ཞིང་མཆོད་པ་དབུལ། །དེང་ནས་བཟུང་ནས་བུ་ཁྱོད་ཀྱིས། །འཁོར་བའི་ཉེས་པ་མ་ཕོག་པར། །མཆོད་པ་ཀུན་དང་ལྡན་པར་ནི། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ལ་མཎྜལ་དབུལ་བར་བྱ། །དེ་ཡིས་སོ་ཤིང་སོར་བརྒྱད་པ། །ཡི་གེ་བཅུ་བཟླས་དེ་ལ་སྦྱིན། །བཅད་ནས་དེ་དེར་རྟགས་ཤེས་བྱ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །བྱུང་འགྱུར་ཡང་ནི་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །འགྲོ་དོན་མཉམ་མེད་བྱེད་པར་འགྱུར། །གཞན་ཡང་ཐེག་པ་ཆེན་པོ་ཡི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་འདོད་བར་ནུས། །ཐམས་ཅད་མཁྱེན་པའི་འབྲས་བུ་ཐོབ། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །དེས་ན་བུ་ཡིས་བརྩོན་པར་གྱིས། །སྔགས་སམ་སྲུང་སྐུད་འཁོར་ལོ་ཡིས། །ཀུ་ཤའི་སྟན་ལ་བྱང་ཤར་དུ། །ཡི་གེ་དྲུག་བཟླས་ཉལ་བར་བྱ། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །ཆོ་ག་སྔར་བཞིན་འཁོར་ལོ་གདེག །བཟང་པོའི་དྲིས་སྦངས་ཐིག་སྐུད་ལ། །འོད་ཀྱིས་ཡེ་ཤེས་དེར་བསྟིམས་ནས། །ལྷ་མོ་མཛེས་ལྡན་སློབ་མས་དྲང༌། །ཛ་ཛ་གསུམ་བརྗོད་ཐིག་སྐུད་བསྒྱུར། །དེས་ཀྱང་ལན་གསུམ་བརྗོད་ལ་བླང༌། །སྙིང་པོ་ལྔ་ཡིས་གདབ་པར་བྱ། །ཆོས་ཉིད་རྒྱས་བཏབ་ཚོན་རྩི་ལ། །ཡི་གེ་ལྔ་པོའི་ས་བོན་ལས། །འདོད་འཕྲོས་ཡེ་ཤེས་གཞུག་པར་བྱ། །གཞལ་ཡས་ལྟེ་བ་སེར་པོ་ལ། །གཙོ་བོའི་ཕྱག་མཚན་དགོད་པར་བྱ། །ཟེ་འབྲུ་དམར་པོ་ལས་སྐྱེས་པའི། །སྣ་ཚོགས་པདྨ་ཕྱོགས་བཞི་དང༌། །མཚམས་བཞིར་རིགས་ཀྱི་ཡབ་ཡུམ་མོ། །མུ་ཁྱུད་དམར་ལ་རལ་གྲིའི་ཕྲེང༌། །ལྷ་སྣམ་གྲུ་ཆད་སྒོ་རྣམས་ནི། །ཕྱོགས་མཚོན་དག་ཏུ་ཤེས་པར་བྱ། །སྒོ་བཞིར་སྒོ་མ་དགོད་པར་བྱ། །རྒྱན་ལ་སོགས་པ་གཞན་དང་འདྲ། །ཕྱོགས་སྐྱོང་རྣམས་དང་བཀྲ་ཤིས་ཀྱི། །རྟགས་ཀྱང་རབ་ཏུ་དགོད་


DTG028_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱ། །དེ་ནས་རྡོ་རྗེ་མེ་རི་སྟེ། །ཀུན་གྱི་ཕྱི་རོལ་རྒྱ་མཚོའོ། །ལྷ་ཡི་སྦྱོར་ལྡན་བླ་མ་ཡིས། །ཡི་གེ་གཉིས་དང་བསྣོལ་མ་ལས། །གཡོ་སྡུད་སྣ་ཚོགས་རྡོ་རྗེ་སྟེ། །ལྟེ་བར་གཞལ་ཡས་རྒྱན་གྱིས་མཛེས། །དབུས་སུ་སྣ་ཚོགས་པདྨ་བསྐྱེད། །རང་ཉིད་འདོད་ལྷའི་ཐིག་ལེ་ཅན། །ལན་གསུམ་དུ་བསྐོར་བཅུ་པ་བརྗོད། །ཏིང་ངེ་འཛིན་གྱིས་སྒོ་དབྱེ་སྟེ། །གསང་སྔགས་འདི་ཡང་བརྗོད་པར་བྱ། །ཨོཾ་བཛྲ་དྷ་རོད་བཛྲ་ས་མ་ཡ་སྭཱ་ཧཱ། སྟེང་དང་ཕྱོགས་བཞིར་ལེགས་བརྒྱན་ནས། །མཆོད་པ་ལ་སོགས་དགོད་པར་བྱ། །འདོད་ཡོན་བདུད་རྩིར་སྐད་ཅིག་མས། །ཡེ་ཤེས་བྱིན་གྱིས་བརླབ་པར་བྱ། །དེ་ནས་སྒྲུབ་ཐབས་ལས་གསུངས་ལྟར། །བསྐྱེད་པའི་རིམ་པ་རྫོགས་བྱས་ནས། །མཆོད་པ་རྣམས་ཀྱིས་མཆོད་པར་བྱ། །བརྟན་སྐྱོང་རྣམས་ལ་གཏོར་མ་སྟེ། །ཕྱི་རོལ་འབྱུང་པོ་རྣམས་ལ་སྦྱིན། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག ། དེ་ནས་སྤྱོད་མཛེས་ཁྲུས་བྱས་ལ། །དེ་ལ་དེ་ཡིས་འདི་སྐད་དུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། །མ་མཐོང་སྣོད་དང་མི་ལྡན་ལ། །སུ་ལའང་སྟོན་པར་མ་བྱེད་ཅིག །བདུད་རྩི་ལྔ་ལ་བྱིན་བརླབས་པས། །ཡི་གེ་གསུམ་བརྗོད་དེ་ལ་སྦྱིན། །འདི་ནི་རྡོ་རྗེ་དམ་ཚིག་ཆུ། །སྲུངས་ཤིག་མ་བསྲུངས་སྲེག་པར་བྱེད། །བསྲུངས་ན་དངོས་གྲུབ་སྟེར་བར་བྱེད། །བདུད་རྩི་འདི་ནི་མྱང་བར་གྱིས། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ། དེས་ནི་དེ་ལྟར་བྱིན་གྱིས་བརླབ། །གདོང་གཡོགས་རྡོ་རྗེ་དྲིལ་བུ་གཏད། །རྡོ་རྗེ་ནས་གཟུང་ཧ་ཧ་ཧཱིའི། །སྔགས་བརྗོད་བསྐོར་ནས་ཡོལ་བའི་ནང༌། །ཕྱག་འཚལ་ལྷ་ལ་མེ་ཏོག་གཏོར། །གང་ལ་ཕོག་པ་བལྟ་བར་བྱ། །དུད་བཏང་ཐུགས་ཀའི་ཡི་གེ་ཨ། །སྙིང་གར་གཞུག་བྱ་བདེ་བ་བསྒོམ། །རྟགས་ལྡན་བརྟན་པའི་ཡན་ལག་བྱ། །དེ་ནས་ཡུམ་ཉིད་དེའི་སྤྱི་


DTG028_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོར། །སྤྱན་དྲངས་ས་བོན་ཡི་གེ་སྟེ། །དེ་ལས་ཕྱག་མཚན་བུ་གར་ཞུགས། །སྙིང་གའི་དབུས་སུ་རྗེ་བཙུན་ནོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙིཏྟ་མཎྜལ་བཛྲ་ས་མ་ཡ་སྟྭཾ། སངས་རྒྱས་ཀུན་དངོས་རྗེ་བཙུན་མ། །ཁྱོད་ཀྱི་སྙིང་དུ་ཡང་དག་ཞུགས། །རྟག་ཏུ་ཡི་དམ་ལྷ་གྱིས་ཤིག །ཚུལ་འདི་སྨྲ་བར་མ་བྱེད་ཅིག །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ང་ནི་འཕགས་མ་སྒྲོལ་མ་སྟེ། །ང་ཡིས་བསྒོ་བའི་ལས་ཉོན་ཅིག །མ་མོས་བརྙས་པར་མ་བྱེད་ཅིག །གལ་ཏེ་ཁྱོད་ཀྱིས་སྨྲས་ན་ནི། །དམ་ཚིག་འདི་ཡིས་སྲེག་པར་བྱེད། །ཚ་བ་ཆེན་པོའི་གནས་སུ་སྲེག་རང་བཞིན་རྣམ་དག་བདག་ཉིད་ལུས། །དཔའ་བོ་དང་ནི་དཔའ་མོའི་གནས། །དྲི་མེད་རང་བཞིན་དཀྱིལ་འཁོར་ནི། །བུ་ཁྱོད་ཀྱིས་ནི་ལྟ་བར་གྱིས། །གདོང་གཡོགས་བཀྲོལ་ནས་དེ་བསྟན་བྱ། །བསམ་གྱིས་མི་ཁྱབ་དམ་ཆོས་སྣོད། །དབང་བསྐུར་དམ་པ་མཛད་དུ་གསོལ། །རྣམ་རྒྱལ་དུ་ནི་བསྡུས་པའི་ཆུ། །དམ་ཚིག་ཡེ་ཤེས་ལས་བྱུང་བའི། །རིགས་བདག་ཆོ་ག་རྫོགས་པ་ལས། །སྔ་མའི་རང་བཞིན་བསྒྱུར་བྱས་ནས། །སློབ་མ་ལ་ནི་དབང་བསྐུར་རོ། །ཨོཾ་བཛྲ་ཨ་དར་ཤ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ། དེ་ནི་མི་བསྐྱོད་པར་བྱས་ནས། །མཆོད་པ་རྣམ་ལྔ་དབུལ་བར་བྱ། །འདི་ནི་ཆུ་ཡི་དབང་ཡིན་པར། །རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས། །ཅོད་པན་རྡོ་རྗེ་དྲིལ་བུ་དང༌། །མིང་གི་དབང་སྟེ་བཞི་པོ་དང༌། །གོང་མ་གསུམ་དང་སློབ་མ་ཉིད། །མི་དམིགས་པ་ལས་དེ་དག་ནི། །ཨཱཾ་དང་ཛྲཱཾ་དང་ཁཾ་དང་ཨཱཿ། །དེ་ལས་ཕྱག་མཚན་ཡི་གེར་བཅས། །དེ་ལས་སངས་རྒྱས་བཞི་བདག་ཉིད། །ཆོ་གའི་ཡན་ལག་རྫོགས་པར་བྱ། །མཆོད་ནས་སྔ་མར་གྱུར་བ་ཡིས། །སློབ་མ་ལ་ནི་དབང་བསྐུར་ནས། །སངས་རྒྱས་ཚུལ་གྱིས་དེ་མཆོད་བྱ། །ཨོཾ་བཛྲ་ས་མཱནྟ་ཛྙཱ་ན་རཏྣ་ཧཱུཾ། ཨ་བྷི་ཥིཉྩ་མཱཾ། ཨོཾ་བཛྲ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཀྲྀཏྱཱ་ནུཥྚཱ་ན་ཛྙཱན་བཛྲ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཙཀྲ་ཨམུ་ཀ་ཛྙཱ་ན་བཛྲ་སྭཱ་བྷྭ་བ་ཨ་བྷི་ཥིཉྩ་མཱཾ། བླ་མས་སྤོས་དྲི་སྦྱོར་བ་ཡིས། །མཆོད་བྱ་ཡི་གེ་བཅུ་པ་བཟླས། །བཅོམ་ལྡན་འདས་ཀྱིས་བྱིན་བརླབས་པས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་


DTG028_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསོལ། །མེ་ཏོག་གཏད་ལ་སྔགས་བཟླར་གཞུག །དེ་ནས་དེ་ཡིས་དེ་དག་ལ། །མེ་ཏོག་ཕུལ་ལ་འདི་སྐད་ཅེས། །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །དེ་ཡིས་དེ་ལ་རྡོ་རྗེ་སྦྱིན། །ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་མཱཾ། རྒྱན་དང་ཆ་ལུགས་ཀྱིས་བསྐོན་ཏེ། །ལྷ་ཡི་ང་རྒྱལ་ལྡན་པར་བྱ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧེ་ཧེ། སློབ་དཔོན་ཉིད་ཀྱི་ཆ་ལུགས་ཀྱང༌། །དེ་ལ་བསྐོན་ལ་བསྲུང་བར་བྱ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། བུ་ཁྱོད་འཁོར་ལོའི་དབང་བསྐུར་གྱིས། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །སྲིད་གསུམ་མ་ལུས་སྒྲོལ་མཛད་མ། །བདེ་བར་གཤེགས་པའི་ལུང་བསྟན་ཏོ། །ཁམས་གསུམ་བདག་པོར་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཀྱི་སྡེ་རྣམས་བཅོམ་ཟིན་གྱིས། །ཁྱོད་ནི་གྲོང་ཁྱེར་མཆོག་ཏུ་ཞུགས། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སིདྡྷི་ས་མ་ཡ་སྟྭཾ་སྭཱ་བྷཱ་བ་ཨ་བྷི་ཥིཉྩ་མཱཾ། མཚན་མ་མེད་པར་འགྲོ་བའི་དོན། །གང་དག་བདག་གིས་བྱེད་ནུས་པས། །ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོས་བདག་ལ་སྩོལ། །དཀྱིལ་འཁོར་མཆོད་ནས་ཁྲི་ཡི་ཁར། །སློབ་མ་བཞག་ལ་དབང་བསྐུར་བྱ། །ཨོཾ་བཛྲ་ཨ་བྷི་ཥེ་ཀ་ཨ་བྷི་ཥིཉྩ་མཱཾ། སྒྲར་བཅས་གླེགས་བམ་ལག་གཏད་དེ། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་བྱ། །དེ་ཡིས་དེ་ཡི་སྙིང་ག་རུ། །འཁོར་ལོ་བཅུག་ལ་ཡེ་ཤེས་བསྟིམ། །དབང་གི་བར་དུ་རྫོགས་པར་བྱ། །རྣལ་འབྱོར་དེ་ཉིད་ཤེས་པ་ཡིས། །མི་བྱ་བ་ནི་གང་ཡང་མེད། །དཔའ་བོ་ཆེན་པོ་ང་ཡི་བཀས། །འདོད་ཡོན་ལྔ་ལ་སྤྱད་བར་བྱ། །ཨོཾ་སུ་པྲ་ཏིཥྛ་སྭཱ་ཧཱ། རྗེས་སུ་གནང་བའི་དབང་བསྐུར་ཕྱིར། །འདི་ནས་བཟུང་ནས་བུ་ཁྱོད་ཀྱིས། །ལུས་དང་སྲོག་ལ་མི་ཕངས་པར། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །འགྲོ་བའི་དོན་ནི་དཔག་མེད་བྱོས། །སེམས་ཅན་གཟུགས་བརྙན་ལྟ་བུ་སྟེ། །རྟེན་ཅིང་འབྲེལ་བའི་ཆོས་དང་ལྡན། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། སེམས་ཅན་དོན་ནི་མཚུངས་མེད་བྱོས། །དེ་དག་སློབ་མའི་དབང་བཅུ་སྟེ། །ཕལ་ཆེར་བུམ་པ་ལ་བརྟེན་པས། །བུམ་པའི་དབང་ཞེས་བརྗོད་པ་ཡིན། །ཕྱིར་མི་ལྡོག་དང་


DTG028_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེས་སུ་གནང༌། །རྡོ་རྗེ་སློབ་དཔོན་དབང་ཡིན་ནོ། །ཉོན་མོངས་དྲི་མ་འཁྲུ་བ་དང༌། །ས་ནི་དང་པོ་ཐོབ་པར་བྱེད། །དེ་ནས་གསང་བའི་དབང་བསྐུར་ཕྱིར། །ཚོགས་དང་དཔའ་བོའི་སྦྱོར་བྱས་ནས། །མཚན་ཉིད་ལྡན་པའི་ཤེས་རབ་མ། །སྟ་གོན་གནས་བྱས་བླ་མའི་མདུན། །དཀྱིལ་འཁོར་མཆོད་པས་མཉེས་བྱས་ནས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །གསང་སྤྱོད་ཐབས་དང་ལྡན་པ་ཡིས། །ཤེས་རབ་ཆེན་པོའི་སྣོད་གྱུར་ཕྱིར། །དབང་བསྐུར་ཆེན་པོ་མཛད་དུ་གསོལ། །གསང་སྤྱོད་ཐབས་དང་ལྡན་པ་ཡིས། །ཤེས་རབ་བདུད་རྩི་དྲི་མ་མེད། །བདུད་རྩི་ཆེན་པོ་མྱར་བར་གྱིས། །དབང་བསྐུར་འདི་ལ་ཁྱོད་སྤྲོའམ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །ལྷ་མོ་འདི་ནི་ཁྱད་པར་ཅན། །ཡོན་ཏན་མཐའ་ཡས་ལྡན་པ་སྟེ། །གསང་སྤྱོད་ཐབས་ཀྱི་སྦྱོར་བ་ལས། །གསང་བའི་དབང་བསྐུར་མཛད་དུ་གསོལ། །གཞལ་ཡས་ནང་དུ་དེ་བཞག་ནས། །འོད་ཀྱིས་འཕགས་རྣམས་སྤྱི་བོར་དྲངས། །བུ་གར་ཞུགས་ནས་པདྨར་ཞུགས། །སློབ་དཔོན་ཉིད་ལའང་དེ་བཞིན་ནོ། །མཁའ་གསང་བྱིན་གྱིས་བརླབས་ནས་སུ། །གཉིས་སུ་མེད་པའི་སྦྱོར་བ་བྱ། །ཡབ་ཡུམ་འཁྲིལ་བའི་རང་བཞིན་ལས། །ཡེ་ཤེས་གསལ་བ་བྱང་ཆུབ་སེམས། །ཕབ་ནས་མཚན་ལྡན་བླུགས་པར་བྱ། །དཔའ་བོ་རྣལ་འབྱོར་མ་ཀུན་གྱི། །དམ་ཚིག་འདི་ནི་ངོ་མཚར་ཆེ། །ཁམས་ལྔ་ཡི་ནི་རོ་ཡིས་གང༌། །བདེ་བ་ཆེན་པོ་མྱང་བར་གྱིས། །སློབ་མའི་ལྕེ་ལ་དེ་བཞག་ནས། །ཨ་ཧོ་སུ་ཁ་སྐལ་ཆེན་པོ། །དངོས་གྲུབ་དམ་པ་གསལ་བར་མཛོད། །འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་ཡིད་འོང་བས། །དེ་བཞིན་བུ་ཁྱོད་དབང་བསྐུར་རོ། །འདི་ནི་གསང་བའི་དབང་ཡིན་ཏེ། །ས་བཅུའི་ཡེ་ཤེས་ཐོབ་པར་བྱེད། །དེ་ནས་ཤེས་རབ་ཡེ་ཤེས་དབང༌། །ཤེས་རབ་མ་ཡི་ལུས་བརྒྱན་ནས། །ལྷ་མོ་འདི་ནི་ཁྱད་པར་ཆེ། །བདེ་བ་མཐའ་ཡས་སྟེར་བྱེད་མ། །བླངས་ནས་རྣམ་པ་ཐམས་ཅད་དུ། །བུ་ཡིས་བླ་མེད་མཆོད་པར་གྱིས། །བྱང་ཆུབ་སེམས་ནི་བླ་ན་མེད། །བུ་ཡིས་དེ་རིང་ཟ་ནུས་སམ། །ཕྱག་རྒྱ་ལྔ་ལས་བྱུང་བ་ཡི། །རིག་མ་དད་པས་


DTG028_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོད་ནུས་སམ། །བཤང་གཅིག་ཁུ་བ་རཀྟ་སོགས། །འདི་ཉིད་དུ་ནི་ཟ་ནུས་སམ། །ང་ཡི་གསང་བའི་པདྨ་ཡིས། །བདེ་བའི་མྱུ་གུ་སྐྱེད་པར་བྱེད། །ཁྱོད་ཀྱིས་རྟག་ཏུ་མཆོད་ནུས་སམ། །ཇི་སྐད་བཤད་པའི་དམ་ཚིག་རྣམས། །ལྷ་མོ་ཅི་ཕྱིར་བདག་མི་ནུས། །ལྷ་མོའི་པདྨ་མཆོད་པར་བགྱི། །ཐབས་དང་ཤེས་རབ་གཡས་དང་གཡོན། །དེ་ཡིས་དར་གྱི་མདུད་པ་བྱ། །དཀྱིལ་འཁོར་ཕྱི་རོལ་ཁྲི་ལས་བསྐྱོད། །གཡོན་པས་གཡོན་པའི་མཁལ་མ་ནས། །གཡས་པས་གསང་བའི་པདྨ་རུ། །སྙིང་པོ་བཙལ་ལ་རྡོ་རྗེ་གཞུག །ཤེས་རབ་བུམ་པའི་མགུལ་ཆིངས་ཀྱིས། །སློབ་མ་བུམ་པའི་མགུལ་པ་བཅིང༌། །བདེ་བ་ཁ་སྦྱོར་བསྒོམ་པར་བྱ། །བདེ་གསལ་མི་རྟོག་ཡེ་ཤེས་སྐྱེས། །རིམ་གྱིས་ཉམས་སུ་དེ་བླངས་ནས། །དལ་བར་ལྡང་བྱ་བྱང་ཆུབ་སེམས། །རྡོ་རྗེ་སེམས་དཔའི་རང་བཞིན་ཕྱིར། །ལྕེ་ཡིས་བཞིབས་ཤིང་སེམས་ལ་བསྟིམ། །གཉིས་མེད་ཡེ་ཤེས་གསལ་བར་འགྱུར། །ཤེས་རབ་མ་ཡི་རྐང་པ་གཡོན། །སློབ་མའི་སྤྱི་བོར་བཞག་ནས་ནི། །ང་དང་རྡོ་རྗེ་སློབ་དཔོན་དང༌། །མཆེད་དང་ལྕམ་དྲལ་ཐམས་ཅད་དང༌། །ཁམས་གསུམ་སེམས་ཅན་མ་ལུས་ལ། །མ་མོས་བརྙས་པར་མ་བྱེད་ཅིག །གཞན་ཡང་དམ་ཚིག་བཤད་པ་རྣམས། །རྟག་ཏུ་ཁྱོད་ཀྱིས་སྲུང་བར་གྱིས། །དེང་ནས་བཟུང་ནས་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་མ་ཐོབ་པར། །སེམས་ཅན་ཀུན་གྱི་དོན་རྣམས་ནི། །རྟག་ཏུ་རྨི་ལམ་བཞིན་དུ་བྱོས། །འདི་ནི་ཤེས་རབ་ཡེ་ཤེས་ཀྱི། །དབང་ཡིན་མི་ཤེས་ཀུན་སེལ་ཞིང༌། །བདེ་གཤེགས་སྐུ་གསུམ་ཐོབ་བྱེད་པར། །རྡོ་རྗེ་འཆང་གིས་ཡོངས་སུ་གསུངས། །བཞི་པ་དེ་ཉིད་ཚིག་གི་དབང༌། །བླ་མའི་ཞལ་ལས་ཤེས་པར་བྱ། །རྗེས་ལ་བྱ་བའི་ཆོ་ག་ཡི། །མཆོད་སོགས་བྱས་ནས་དཀྱིལ་འཁོར་བསྡུ། །ཡི་གེ་བརྒྱ་པས་བསྐང་བར་བྱ། །ཚོགས་དང་དཔའ་བོའི་སྟོན་མོ་ཡིས། །མཁའ་འགྲོ་མ་སོགས་མཉེས་པར་བྱ། །དེ་ནས་གཞན་དུ་གསུངས་པ་ཡི། །དམ་ཚིག་རྣམས་ལ་བསླབ་པར་བྱ། །འཕགས་མ་སྒྲོལ་མ་མྱ་ངན་ཐམས་ཅད་སེལ་བར་བྱེད་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའི་ལེའུ་སྟེ་དགུ་པ་རྫོགས་སོ།། །།

ལེའུ་བཅུ་པ། འཕགས་མ་སྒྲོལ་མ་འགྲོ་བ་ཐམས་ཅད་འགུགས་ཤིང་ཕོངས་པ་ཐམས་ཅད་སེལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ལོངས་སྤྱོད་སྤེལ་བའི་ཆོ་ག


DTG028_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་


DTG028_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒྲོལ་མ་ལ་ཕྱག་འཚལ་ལོ། །རླན་དང་མི་ལྡན་པདྨ་བཞིན། །གང་གི་དབང་གིས་རྒུད་པ་ཡི། །ཉེས་པ་བསལ་ཕྱིར་པདྨའམ། །བིལ་བའི་འབྲས་བུ་དེ་བཞིན་དུ། །ཀ་ར་བཱི་རའི་མེ་ཏོག་ལ། །མེ་ཡི་ལས་ནི་རྒྱས་པར་བྱ། །ཡང་ན་པ་ལ་ཤ་ཡིས་སོ། །གཞོང་བུ་གཉིས་སམ་བཞི་ཡིས་སོ། །བུམ་པ་བཟང་པོ་ལྟ་བུ་ཡི། །སྣོད་ཆེན་ནང་དུ་ལྔ་ཚན་ལྔ། །རིན་ཆེན་གྱིས་བྲིས་སྙིང་པོ་གཞུག །ལོངས་སྤྱོད་ཕྱིར་ནི་གཏེར་བཟུང་སྟེ། །འབྲུ་དང་རིན་ཆེན་ཕྱུགས་ལོངས་སྤྱོད། །ཞིང་དང་མཛོད་དང་ཕྱུགས་ལྷས་སུ། །གོ་རིམས་བཞིན་དུ་ཤེས་པར་བྱ། །དེས་ནི་རྣམ་ཐོས་བུ་བཞིན་འགྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛཾ་བྷེ་མོ་ཧེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་འགྲོ་བ་ཐམས་ཅད་འགུགས་ཤིང་ཕོངས་པ་ཐམས་ཅད་སེལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ལོངས་སྤྱོད་སེལ་བའི་ཆོ་གའི་ལེའུ་སྟེ་བཅུ་པ་རྫོགས་སོ།། །།

ལེའུ་བཅུ་གཅིག་པ། འཕགས་མ་སྒྲོལ་མ་བཀྲ་ཤིས་ཐམས་ཅད་སྦྱིན་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་སྦྱིན་སྲེག་གི་ཆོ་ག


DTG028_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དངོས་གྲུབ་ཀུན་གྱི་རྩ་བ་ནི། །མཉེས་ལས་ཡིན་ཕྱིར་དེ་ཡི་ཐབས། །དུས་དང་ས་ཕྱོགས་ཤིས་རྣམས་སུ། །ས་ཡི་ཆོ་ག་ལེགས་བྱས་པར། །ཁྲུ་གང་ཕྱེད་དང་བཞི་དཔངས་བརྩིགས། །དྲི་ཞིམ་དཀར་པོ་བྱུགས་བྱས་ཏེ། །ཁ་ཁྱེར་ཨུཏྤལ། ཕྲེང་བས་བསྐོར། །དབུས་སུ་ས་བོན་ཡི་གེའོ། །གཡས་དང་གཡོན་དུ་སྲེག་རྫས་དང༌། །མཆོད་པའི་རྫས་རྣམས་རིམ་གྱིས་དགོད། །བ་ལང་གིའམ་འོ་མ་ཅན། །སྲོག་ཆགས་མེད་པའི་བུད་ཤིང་ནི། །མར་དང་སྦྲ་ཚིལ་ལ་སོགས་པའི། །ཡམ་ཤིང་རྣམས་ནི་སྟ་གོན་བྱ། །རིན་ཆེན་ལས་བྱས་ཁྲུ་གང་བ། །བཞི་དང་གཉིས་དང་རེ་རེ་དང༌། །གཅིག་དང་ཕྱེད་དང་རྡོ་རྗེས་མཚན། །དགང་གཟར་བླུགས་གཟར་རྡོ་རྗེ་དྲིལ། །རྣལ་འབྱོར་མདུན་དུ་གཞག་པར་བྱ། །རྫས་རྣམས་བྱིན་གྱིས་བརླབས་བྱས་ལ། །ཐབ་རྩིག་བསྲུང་ཕྱིར་ཀུ་ཤ་དགྲམ། །རྒྱུན་གཞག་པའམ་བྲམ་ཟེའི་མེ། །བསགས་ལ་རླུང་གཡབ་ཀྱིས་སྦར་བྱ། །འབར་བའི་ཆེད་དུ་གསུམ་གསུམ་མོ། །ཐབ་ཁུང་བདག་མེད་ཆུ་སྐྱེས་ཏེ། །བྱིན་ཟ་ཞལ་གཅིག་ཕྱག་བཞི་དཀར། །དབྱུག་པ་སྐྱབས་སྦྱིན་ཕྲེང་གུནྡྷེ། །ཚངས་སྐུ་དར་སྐྱེས་གདན་ཅན་ནོ། །མེ་ཡི་མཚམས་ནས་རང་བཞིན་དགུག །བསང་གཏོར་དང་ནི་ཞབས་བསིལ་དང༌། །མཆོད་པ་རྣམས་ཀྱིས་མཆོད་


DTG028_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་བསྟིམ། །བསང་གཏོར་བྱས་ནས་པདྨ་ཡི། །འདུག་སྟངས་ནང་དུ་ལག་གཉིས་སོ། །བདུན་དང་བདུན་གསུམ་ལན་གསུམ་དུ། །མར་གྱི་དགང་བླུགས་སྦྱིན་པར་བྱ། །ཨོཾ་ཨགྣ་མེ་ཨཱ་དཱི་བྱ་ཨཱ་དཱི་བྱ། ཨ་བྷི་ས་མ་ཡ། མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ། བཱ་ཧཱ་ནཱ་ཡ་སྭཱ་ཧཱ། མེ་ཡི་མཚན་མ་ལེགས་བརྟགས་ཏེ། །ངན་ན་བགེགས་བསྐྲད་བཟློག་པར་བྱ། །ཨོཾ་ཨཱཿ་བིགྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ། ཞལ་དང་ཕྱག་དང་མེ་འོད་ལ། །ཡམ་ཤིང་མར་དང་འོ་མ་ཞོ། །ཏིལ་ལ་སོགས་པ་རིམ་པ་བཞིན། །བདུན་ནམ་ཉི་ཤུ་རྩ་གཅིག་དབུལ། །ཨོཾ་ཨ་བྷ་བ་ག་ཨགྣ་ཡ་མ་མ་ཤཱནྟིཾ་ཀུརུ་སྭཱ་ཧཱ། དེ་རྗེས་དགང་བླུགས་བྱས་ནས་ནི། །ཞབས་བསིལ་སྦྱིན་ལ་བསྟོད་པ་དང༌། འདོད་པའི་དོན་ནི་བསླང་བར་བྱ། །འབར་བའི་རྣམ་པར་གྱུར་པའམ། །དེ་ཡི་སྙིང་གར་ས་བོན་ལས། །འདོད་པའི་ལྷ་ནི་སྐྱེད་པར་བྱེད། །ཡེ་ཤེས་བཀུག་ལ་བསད་གཏོར་བྱ། །ཞལ་བསིལ་བ་དང་མཆོད་བྱས་ནས། །གཉིས་སུ་མེད་པར་བསྟིམ་པ་ཡི། །དག་གི་ལམ་ལ་ཧཱུཾ་ཡིག་སྟེང༌། །མེ་ཡི་ས་བོན་གྱིས་མཚན་མ། །དེ་ལ་དགང་བླུགས་དབུལ་བར་བྱ། །དེ་ནས་རྫས་རྣམས་རིམ་གྱིས་དབུལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྻཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། །བོ་དྷི་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏྡྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དགང་བླུགས་ཕུལ་ལ་བསྟོད་པ་དང༌། བཟོད་པར་གསོལ་ལ་འདོད་པ་བསླང༌། །ཡེ་ཤེས་གཤེགས་ལ་དམ་ཚིག་བསྡུ། །ཐབ་ཁུང་བསངས་ལ་མེ་ལྷ་བསྐྱེད། །དགང་བླུགས་སྔོན་དུ་འགྲོ་བ་ཡིས། །སྲེག་རྫས་ལྷག་མ་དབུལ་བར་བྱ། །དགང་བླུགས་བྱིན་ནས་བསྟོད་པ་དང༌། །བཟོད་པར་གསོལ་ཞིང་འདོད་པ་བསླང༌། །ཡེ་ཤེས་མེ་ལྷ་གཤེགས་བྱས་ལ། །དམ་ཚིག་ཐབ་ཏུ་མི་དམིགས་སོ། །ཡི་གེ་བརྒྱ་པས་བསྐང་བྱས་ནས། །ཐབ་ཁུང་བསྡུས་ཏེ་དབེན་ཕ་དོར། །འདི་ནི་ཞི་བའི་ཆོ་ག་སྟེ། །རྒྱས་དང་དགུག་དང་མངོན་སྤྱོད་ཀྱང༌། །ཤུགས་ཀྱིས་གནས་པར་ཤེས་པར་བྱ། །འདིས་ནི་མཉེས་པར་བྱེད་པ་སྟེ། །སྡིག་དང་ལོག་འདྲེན་ཞི་བ་དང༌། །དངོས་གྲུབ་མ་ལུས་ཀུན་འབྱུང་བའི། །ཕྲིན་ལས་ཐམས་ཅད་མཛད་པར་འགྱུར། །འཕགས་མ་སྒྲོལ་མ་བཀྲ་ཤིས་ཐམས་ཅད་སྦྱིན་མ་ཞེས་བྱ་བའི་ལས་


DTG028_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ཡན་ལག་སྦྱིན་སྲེག་གི་ཆོ་གའི་ལེའུ་སྟེ་བཅུ་གཅིག་པ་རྫོགས་སོ།། །།

ལེའུ་བཅུ་གཉིས་པ། འཕགས་མ་སྒྲོལ་མ་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བའི་་ལས་ཀྱི་ཡན་ལག་འབྱུང་པོ་བཟློག་པ།


DTG028_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འབར་བའི་མེ་ལ་སྦྲང་མ་ལྟར། །གང་གི་སྟོབས་ཀྱིས་གང་ལྡོག་པ། །གསེར་མདོག་ནོར་བུ་ཨིནྡྲ་དང༌། སྡུས་ར་ལོང་འཕགས་པ་རྣམས་ཀྱི་གདུང༌། ས་དང་མཁྲིས་པ་ཆུ་མུ་ཟི། །འབྲས་བུ་གསུམ་དང་བྷ་ཧ་ར། །སྦྲང་རྩི་མར་དང་བདུད་རྩི་ལྔ། །དྲི་ལྔ་གུ་གུལ་སོགས་སྦྱར་སྤོས། །ཤིན་ཏུ་ཡུན་རིང་སྤྲུར་དང་མངར། །མཁས་པས་རི་ལུ་ལེགས་བྱས་ལ། །རྣལ་འབྱོར་ལྷ་ཡི་ཏིང་འཛིན་གྱིས། །སྤོས་དེས་རང་ཏུ་བྱས་ན། །རང་བཞིན་གྱིས་སམ་སྤད་པ་ཡི། །གང་དག་དབང་དུ་བྱས་རྣམས་ཀྱང༌། །རྣམ་པར་འཇིག་ཅིང་ལྟུང་འགྱུར་ཏེ། །བགེགས་རིགས་སྟོང་ཕྲག་ཅུ་པོ། །ཀླད་པ་རྣམས་ནི་རབ་འགས་ཤིང༌། །ལུས་ཀྱང་དུམ་བུ་དུམ་བུ་སྟེ། །མིག་ལྗོངས་ཡན་ལག་ཉམས་པ་དང༌། །རླུང་གིས་ནགས་བཞིན་གཡོ་བར་འགྱུར། །སྡིག་པ་ལ་སོགས་སྲོག་ཆགས་དང༌། །རིམས་ན་དལ་སོགས་གནོད་གཞན་ཡང༌། །གང་དུ་དྲི་འདི་ཡོད་གྱུར་དེར། །ནམ་ཡང་གནས་པ་མ་ཡིན་ནོ། །འདི་ནི་ཞི་བསྲུང་སྐྲོད་པ་སྟེ། །གལ་ཏེ་གསད་པར་འདོད་གྱུར་ན། །དྲག་པོའི་རྫས་ལས་བྱ་པ་ཡི། །གཟུགས་བརྙན་ལ་ནི་བདུག་པ་དང༌། །རྩུབ་མོའི་ཤིང་ལས་བྱུང་བའི་མེས། །ཤེས་བ་རྟེན་དང་ཕྲལ་ནས་ནི། །ལི་དག་གཏུབས་ནས་བསེགས་བྱ་སྟེ། །གང་ཡིན་མིང་སྨོས་དེ་འོག་ཏུ། །དེ་ལ་ལས་སྦྱོར་བྱེད་པ་ཡིན། །ཡི་གེ་བྲིས་ནས་རབ་ཏུ་བརྩམ། །བསྙེན་པས་མེད་སྔགས་བརྒྱད་སྟོང་སྟེ། །ལས་ལ་བརྒྱ་དང་བརྒྱད་དུ་གསུངས། །ཨོཾ་ཏཱ་རེ་ཏྟཱ་རེ་ཏྲུ་རེ་བཛྲ་དྷརྨའ་དྷཱ་ཧཱུ། །སྤོ་ཊ་ཡ་བྷ་སྨི་ཀུ་རུ་ཧཱུཾ་ཧཊ་སྭཱ་ཏཱ། །འཕགས་མ་སྒྲོལ་མ་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་པ་ཞེས་བྱ་པའི་ལས་ཀྱི་ཡན་ལག་འབྱུང་པོ་བཟློག་པའི་ལེའུ་སྟེ་བཅུ་གཉིས་པ་རྫོགས་སོ།། །།

ལེའུ་བཅུ་གསུམ་པ། འཕགས་མ་སྒྲོལ་མ་འགུགས་པའི་ཁྲོ་མོ་ཞེས་བྱ་བའི་ལས་ཀྱི་ཡན་ལག་བསྲུང་བའི་འཁོར་ལོ་ཞེས་བྱ་བ།


DTG028_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་ཚལ་ལོ། །རྣལ་འབྱོར་བྱང་ཆུབ་བསྒྲུབ་པ་ལ། །འཁོར་ལོས་བསྲུང་བའི་ཐབས་གསུངས་པ། །ཤིན་ཏུ་དཀར་ཞིང་འཇམ་པ་ཡི། །དར་ལ་དྲི་ཞི་མ་བྱུག་པར་བྱ། །དབུས་སུ་པདྨའི་ཟེ་འབྲུལ། །ཨོཾ་དང་སྭཱ་ངས་མཐའ་བརྟེན་པ། །འདོབ་བརྒྱད་ལ་ནི་ལྷག་མའོ། །དེ་ཡི་མཐའ་


DTG028_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིག་རྟེན་འབྲེལ་ཅན། །དེ་ནས་སྣ་ཚོགས་རྡོ་རྗེ་ནི། །རིགས་ལྔའི་སྙིང་པོས་བརྒྱན་པའོ། །ཨཱ་ལི་ཀཱ་ལི་རིམ་པ་བཞིན། །མུ་ཁྱུད་གཉིས་ལ་དགོད་པར་བྱ། །མཐར་བྱེད་སྔགས་དང་རལ་གྲི་ཡི། །ར་བ་ཕྱི་རོལ་གཉིས་ལ་དགོད། །དེ་ནས་འབར་བའི་ར་བ་སྟེ། །རབ་ཏུ་ཤིས་པའི་སྣག་ཆས་བྱ། །དེ་ནས་ཡེ་ཤེས་འཁོར་ལོ་དགུག །མཆོད་ཅིང་ཆོ་གའི་ཡན་ལག་རྣམས། །རྫོགས་པར་བྱས་ལ་བསྙེན་པ་བསྐྱལ། །མི་དམིགས་འཁོར་ལོའི་རང་བཞིན་ཏེ། །བར་ཆད་བསྲུང་ཕྱིར་གདགས་པར་བྱ། །གང་ལ་བསྲུང་བ་འདིས་བརྒྱན་པ། །རྡོ་རྗེ་རིན་ཆེན་ལྟ་བུ་སྟེ། །དེ་ལ་བར་ཆད་གང་གིས་ཀྱང༌། །ནམ་ཡང་ཚུགས་པ་མ་ཡིན་ནོ། །འཕགས་མ་སྒྲོལ་མ་འགུགས་པའི་ཁྲོ་མོ་ཞེས་བྱ་བའི་ལས་ཀྱི་ཡན་ལག་བསྲུང་བའི་འཁོར་ལོ་ཞེས་བྱ་བའི་ལེའུ་སྟེ་བཅུ་གསུམ་པ་རྫོགས་སོ།། །།

ལེའུ་བཅུ་བཞི་པ། འཕགས་མ་སྒྲོལ་མ་ཞི་བ་ཆེན་མོ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཁྲུས་ཀྱི་ཆོ་ག


DTG028_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བགེགས་དང་ཡམས་ནད་ཞི་བ་དང༌། །ཚེ་དང་བསོད་ནམས་འཕེལ་བའི་ཕྱིར། །ཆུ་འགྲམ་ཤིང་དྲུང་བཞི་མདོའམ། །ཁང་སྟོང་ལ་སོགས་དབེན་པར་བསྡད། །དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ། །སྣ་ཚོགས་པདྨ་ལྔ་ཡི་དབུས། །ཉེས་པས་མ་གོས་བུམ་པ་བཟང། །ཆོ་ག་ལྡན་པས་བཅུད་རྒྱན་བཅས། །ཕྱི་རོལ་རྡོ་རྗེའི་ར་བས་མཛེས། །ཕྱོགས་སྐྱོང་འཇིག་རྟེན་དབང་ཕྱུག་དང༌། །བཀྲ་ཤིས་རྟགས་ཀྱིས་མཛེས་པར་བྱ། །སྒོ་ནི་ལྷོའམ་ནུབ་ཏུ་གདོད། །མདའ་དང་མེ་ལོང་རལ་གྲི་དང༌། །རྨ་བྱ་ཚོན་སྐུད་དག་ཀྱང་སྟེ། །གདུགས་དང་བླ་རེ་བ་དན་དང༌། །མེ་ཏོག་ཕྲེང་བ་སོགས་དགྲམ་བྱ། །མཆོད་དང་གཏོར་མ་རྒྱ་ཆེར་བཤམ། །རྗེ་བཙུན་མ་ཡི་རྣལ་འབྱོར་གྱིས། །དེ་ལས་རིན་ཆེན་ཁང་བརྩེགས་ཏེ། །ནང་དུ་བདུད་རྩིའི་རྒྱ་མཚོའི་སྟེང༌། །ས་བོན་ལས་ནི་བཅོམ་ལྡན་མ། །ཆོ་ག་གསུམ་གྱིས་བསྐྱེད་པར་བྱ། །དེ་ལས་ཡེ་ཤེས་སེམས་དཔའ་གཞུག །མཆོད་དང་བསྟོད་པ་བྱས་ནས་ནི། །འདོད་པའི་དོན་ཡང་གསོལ་བ་བཏབ། །དེ་ནས་ལན་གྲངས་བརྒྱ་སྟོང་སྙེད། །བསྙེན་པ་རྫོགས་བྱས་གཡས་སྐོར་བྱས། །དེ་ཉིད་དེ་ལ་ཐིམ་གྱུར་ཏེ། །དེ་ཡི་ཡིད་དུ་མི་འོང་བ། །བ་སྤུའི་ཁུང་སོགས་ལས་


DTG028_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཐོན་པར། །དམིགས་པའི་ཚུལ་གྱིས་ཁྲུས་བྱས་ཏེ། །རྨ་བྱས་བྱབ་ཅིང་བཀྲ་ཤིས་གདོན། །ནད་པ་ལ་ནི་ལོགས་སུ་སྟེ། །གོས་བཅས་བཀྲུས་ནས་དོར་བར་བྱས། །ལྷག་མ་ལ་ནི་ལྷར་བསྐྱེད་དེ། །མཆོད་དང་བསྟོད་དང་འདོད་པའི་དོན། །གསོལ་བ་བཏབ་ལ་བཟོད་པར་གསོལ། །དེ་ནས་གཤེགས་སུ་གསོལ་བར་བྱ། །འཇིག་རྟེན་སྐྱོང་སོགས་དེ་བཞིན་ནོ། །དེ་ནས་དཀྱིལ་འཁོར་ལེགས་པར་བསྡུ། །དབེན་པར་དོར་ལ་བསྐང་བ་བྱ། །འདིས་ནི་བཀྲ་ཤིས་ཐམས་ཅད་སྦྱིན། །ཡིད་དུ་མི་འོང་སེལ་བར་བྱེད། །གང་ཡང་མི་འབྱུང་མེད་པའི་ཕྱིར། །རྣལ་འབྱོར་པ་ཡིས་རྟག་ཏུ་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྻཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོདྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ། སརྦ་གྲ་ཧེ། སརྦ་བྱཱ་དྷི། སརྦ་ཛྭ་རེ། སརྦ་བཱིཪྻ། སརྦ་དུར་སྭཱབ་ནི་བྷྱཿསརྦ་པཱ་པཾ་པྲ་ཤ་མ་ན་ཡེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཞི་བ་ཆེན་མོ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཁྲུས་ཀྱི་ཡན་ལག་ཆོ་གའི་ལེའུ་སྟེ་བཅུ་བཞི་པ་རྫོགས་སོ།། །།

ལེའུ་བཅོ་ལྔ་པ། འཕགས་མ་སྒྲོལ་མ་ཆགས་པ་ཐམས་ཅད་འཇམས་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་བློ་འཕེལ་བར་བྱེད་པའི་ཆོ་ག


DTG028_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཁོར་བའི་རྩ་བ་རྨོངས་པ་སྟེ། །དེ་བསལ་བྱ་ཕྱིར་ཤེས་རབ་བསྐྱེད། །ཐུགས་རྗེ་ཆེན་པོའི་རང་བཞིན་སྐུ། །གཅིག་ཏུ་ཕན་མཛད་དངོས་གྲུབ་སྟེ། །ངག་གི་དབང་ཕྱུག་ཞི་ཕྲ་མ། །བདག་བསམ་གཡས་གཡོན་མདུན་རྒྱབ་ཏུ། །ཡིད་གཞུངས་དྲན་པ་ཤེས་རབ་དང༌། །བློ་ཡི་རང་བཞིན་ལྷ་མོ་བཞི། །སྔ་མ་ལྟ་བུར་བསྒོམ་པར་བྱ། །སྲིད་པའི་འཁོར་ལོ་ཟླ་བའི་དབུས། །རྣམ་སྣང་ལས་བྱུང་དག་རང་བཞིན། །རྒྱུན་མི་འཆད་འབྱུང་དེ་དབུས་གནས། །མི་སྨྲའི་སྦྱོར་བས་གསང་སྔགས་བཟླས། །འོ་མ་གསེར་མདོག་ཚ་བ་གསུམ། །པདྨ་ཤུ་དག་རྒྱམ་ཚ་ལ། །ལན་བདུན་བཟླས་པས་བཅོམ་ལྡན་འགྲུབ། །འོ་མ་བྲེ་བཞི་སྲང་གཅིག་སྨན། །མར་བྲེ་གང་སྦྱར་མེ་ལ་གདུ། །ཟླ་བ་གཅིག་གིས་ལན་མེད་ཅིང༌། །དྲུག་གིས་མངོན་སུམ་མཐོང་བར་འགྱུར། །ཤུ་དག་ཤིང་མངར་སེནྡྷ་བ། །གསེར་མདོག་དོང་གྲ་ལ་ལ་ཕུད། །ཟི་ར་རུ་རྟ་པི་པི་ལིང༌། །ལན་བདུན་བཟླས་ནས་ཟོས་གྱུར་ན། །ཟླ་བ་དྲུག་དང་གསུམ་དང་གཅིག །གོ་རིམས་བཞིན་དུ་ཐོས་འཛིན་ཅིང༌། །ས་


DTG028_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདག་ཉིད་དང་བློ་ལྡན་ཞིང༌། །ཚངས་པའི་ང་རོ་ཐོབ་པར་འགྱུར། །གངས་ལས་སྐྱེས་པའི་གསེར་མདོག་དང༌། །ཤུ་དག་ཐོ་རངས་ལན་བདུན་བཟླས། །ཟླ་བ་གཅིག་བསྟེན་དེ་ཉིད་དུ། །བདག་ཉིད་ཡིད་གཞུངས་དབྱངས་སྙན་ཅིང༌། །ཤེས་རབ་ལྡན་དེ་ཟླ་དྲུག་གིས། །ངག་གི་དབང་ཕྱུག་རང་བཞིན་ཐོབ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧྲཱི་མ་ཧཱ་མ་ཡཾ་གེ་མ་ཧཱ་སྭཱ་རས་ཏྱཻ་ནཱཾ་མ་མ་པྲ་ཀྲྀ་ཏྱ་པ་རི་ཤུདྡྷ་སརྦ་དྷརྨ་པྲ་ཀྲྀ་ཏ་པ་རི་ཤུདྡྷོ྅ཧཾ་ས་པ་སྤྱ་ཨ་པ་ཡནྟ་ར་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཆགས་པ་ཐམས་ཅད་འཇོམས་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་བློ་འཕེལ་བར་བྱེད་པའི་ཆོ་གའི་ལེའུ་སྟེ་བཅོ་ལྔ་པ་རྫོགས་སོ།། །།

ལེའུ་བཅུ་དྲུག་པ། འཕགས་མ་སྒྲོལ་མ་བདེ་བ་ཐམས་ཅད་བསྒྲུབ་པའི་ལམ་གྱི་ཡན་ལག་ཆོམ་རྐུན་བཅིང་བའི་ཆོ་ག


DTG028_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་བར་ཆད་བསྲུང་བའི་ཕྱིར། །དབེན་པའི་ཕྱོགས་སུ་ཆག་ཆག་དང༌། །མཎྜལ་གཉིས་དང་མཆོད་སོགས་གཉིས། །བཤམ་བྱ་རྗེ་བཙུན་རྟེན་ཡང་གཞག །སྟན་བདེ་ལ་གནས་སེམས་ཅན་ལ། །སྙིང་རྗེ་ཆེ་བསྐྱེད་འདི་རྣམས་ནི། །རྗེ་བཙུན་གནས་དགོད་དམ་བཅས་ནས། །དེ་ཡི་གཏོར་མ་གཏང་བར་བྱ། །དེ་ནས་སྙིང་གའི་འོད་ཟེར་གྱིས། །ཐུན་མོང་ཁྱད་པར་སྤྱན་དྲངས་ཏེ། །མཆོད་པ་ཆ་རེས་མཆོད་པར་བྱ། །དེ་ནས་བདག་གི་སྤྱི་བོར་ཨ། །དེ་ལས་ཟླ་བ་དེ་སྟེང་ཏཱཾ། །གསུམ་པོ་ཡོངས་སུ་གྱུར་པ་ལས། །རྗེ་བཙུན་ཞལ་གཅིག་ཕྱག་གཉིས་མ། །མི་འཇིགས་ཨུཏྤལ་གཡས་དང་གཡོན། །སྣ་ཚོགས་རིན་ཆེན་རྒྱན་གྱིས་བརྒྱན། །མགུལ་ཆིངས་གདུ་བུ་དོ་ཤལ་ཅན། །སྐུ་གསུང་ཐུགས་མཚན་ཡེ་ཤེས་སེམས། །སྐྱེ་མཆེད་རྣམ་དག་དབུ་རྒྱན་མཛེས། །ཕྱག་གི་བདུད་རྩིས་བདག་རྒྱས་པར། །བསམ་ཞིང་གསང་སྔགས་གདོན་པར་བྱ། །ཕྱི་ཡི་ཕྱག་རྒྱ་རྫས་ཀྱིས་བསྡུ། །ནང་གི་ནང་དུ་བསྡུ་བྱའི་ཚེ། །བསྒྲུབ་བྱ་བསྡུས་ཤིང་ཚིམ་པར་བསམ། །དེ་ནས་གཏོར་མ་ཅིག་ཤོས་བཏང༌། །འགྲོ་བའི་ཕྱོགས་སུ་བཅོམ་ལྡན་མ། །ཞལ་ཞལ་བ་ཟངས་བདག་ལ་གཟིགས་པར་བསམ། །དེ་ནས་བསྟོད་དང་བཟླས་པ་བྱ། །དེས་ནི་འཇིགས་པ་ཀུན་སྐྱོབ་འགྱུར། །ཨོཾ་ན་མ་ཨཱཪྻཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱན། པྲ་དུཥྚཱན་མ་


DTG028_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ཀྲྀ་ཏེ། ཛི་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུཥྚཱན་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་བདེ་བ་ཐམས་ཅད་བསྒྲུབ་པའི་ལམ་གྱི་ཡན་ལག་ཆོམ་རྐུན་བཅིང་བའི་ཆོ་གའི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། །།

ལེའུ་བཅུ་བདུན་པ། འཕགས་མ་སྒྲོལ་མ་རྣམ་པར་རྒྱལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཀླུ་ནད་གསོ་བའི་ཆོ་ག


DTG028_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བག་མེད་ལ་སོགས་མི་རྣམས་ལ། །གདུག་པའི་ཡིད་ལྡན་དུད་འགྲོའི་རིགས། །ཡིད་དང་བལྟས་དང་འཆེ་བ་དང༌། །རིག་པའི་སྒོ་ནས་འཚེ་བར་བྱེད། །གྲོག་པོ་ཕུག་དོག་མོ་ཡི་སྒོར། །ལྷ་ཁང་འདམ་རྫབ་མི་སྡུག་གཟུགས། །རི་གཟར་འཛེག་དང་དུད་འགྲོ་འཚེ། །མཚོ་འགྲམ་འདུག་སོགས་གནོད་བའི་རྟགས། །གླུ་ལ་དགའ་དང་ནུབ་མོ་ན། །ཡན་ལག་མི་བདེ་ལུས་ལྕི་ཞིང༌། །ཤུ་བ་གཡན་བས་ལྡག་དང༌། །འབྲུམ་བུ་ལ་སོགས་ཐེབས་པར་འགྱུར། །མི་དགའ་བ་དང་ཟ་འཕྲུག་དང༌། །ཤ་མདོག་ཉམས་དང་མེ་རིས་དང༌། །རེས་འགའ་ཆུ་གྲང་བླུགས་བཞིན་དང༌། །བས་ལྡག་ཤ་བཀྲ་འབྱུང་བ་ཡིན། །ཤ་འཕྲིག་སྦྲིད་དང་བེམས་པོར་འདུག །མིག་ནི་ཚ་ཞིང་ཟླུམ་པ་དང༌། །སྨིན་མ་ལ་སོགས་བྱི་འགྱུར་ཏེ། །ལག་སོར་སྐམ་པོར་གྱུར་པའོ། །ལུས་ལ་དྲིང་འབྱུང་འགྱུར་ཞིང༌། །ཆུ་བུར་དང་ནི་ཉ་ལྒང་ཅན། །རྣག་དང་ཆུ་སེར་རུལ་དྲི་མནམ། །རོ་སྟོད་དག་ཀྱང་ཟུག་པར་འགྱུར། །ཕྱི་ཡི་ཤ་སྐམ་མདོག་འཆོར་ཞིང༌། །ཤ་ཡི་མདངས་མེད་ཟུག་དང་བཅས། །གོས་ཀྱང་མདངས་དང་བྲལ་འགྱུར་ཏེ། །གློག་པ་ཆར་ཡག་མ་བཞིན་ནོ། །དེ་དག་བསྲུང་བར་བྱ་བའི་ཕྱིར། །ལྷ་ཡི་སྦྱོར་བས་གནས་པ་ཡིས། །གུ་གུལ་གླ་རྩི་ཤུ་དག་དང༌། །རུ་རྟ་བཙན་དུག་ཤིང་ཀུན་དང༌། །ད་ལིས་རྣམས་ལ་གསང་སྔགས་ཆེ། །འབུམ་ཕྲག་གསུམ་བསྙེན་བྱས་པ་ཡིས། །དེ་བསྲུང་གླ་རྩི་མི་བསྐྱོད་སྦྱོར། །གནས་ལྔར་བྱུག་ཅིང་བཀྲུ་བར་བྱ། །འདི་ནི་སྦྱོར་བ་ཟབ་མོ་སྟེ། །མི་ལ་རི་དྭགས་ཇི་བཞིན་དུ། །གང་ལ་བསྲུང་བ་འདིས་བརྒྱན་པ། །དེ་ལ་སྡང་ལྡན་འབྲོས་པར་འགྱུར། །གཉིས་པ་ལ་ནི་ཤུ་དག་དང༌། །གླ་རྩི་རུ་རྟ་གུ་གུལ་དང༌། །མུ་ཟི་རོ་རས་རྒྱ་ཚིལ་དང༌། །ཤི་བའི་དྲི་ཆེན་ཕག་པའི་བཅུད། །སྒོག་སྐྱ་དང་ནི་མ་དུ་དང༌། །མི་ཡི་བཅུད་དང་རུས་པའི་ཕྱེ། །མི་བཅུད་


DTG028_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་བསྡུས་རི་ལུ་སྟེ། །སྔ་མ་ཉིས་འགྱུར་བསྙེན་པ་ཡིས། །དབང་པོའི་སྒོ་རྣམས་བདུག་བྱ་སྟེ། །ཉི་མའི་འོད་ལ་མུན་པ་བཞིན། །དུག་ཅན་རྣམས་ནི་ནམ་དུ་ཡང༌། །འོད་བར་ནུས་པ་མ་ཡིན་ནོ། །གསུམ་པ་ལ་ནི་སུམ་འགྱུར་ཏེ། །གོང་མའི་རྫས་ཀྱི་སྦྱོར་བ་དང༌།། ཀླུ་ཡི་དུག་དང་བདུད་རྩི་བསྟེན། །འབར་བའི་མེ་ཡིས་ནགས་ཚལ་བཞིན། །དེས་གཞན་ནད་རྣམས་འཚིག་པར་འགྱུར། །བཞི་པ་ལ་ནི་བྱ་བ་སྟེ། །གོང་མའི་རྫས་ཀྱི་སྦྱོར་བ་དང༌། །ཀླུ་ཡི་དུག་དང་རྣམ་རྒྱལ་བསྟེན། །རྩ་མིག་དག་ཀྱང་བསལ་བར་བྱ། །ཉི་མས་གངས་བཞིན་དེ་འཇོམས་སོ། །ལྔ་པ་ལ་ཡང་དེ་བཞིན་ཏེ། །ཁྱད་པར་དུ་ནི་ཨ་རུ་ར། །དྲི་ཆུ་གླ་རྩི་བསྟེན་པར་བྱ། །རྡོ་རྗེ་ཡིས་ནི་རིན་ཆེན་བཞིན། །ཐོགས་པ་མེད་པར་འཇིག་པར་འགྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཀུ་རུ་ཀུལླེ། སརྦ་ཤ་ཏྲཱུཾ་བཀྵ་ཡ་བཀྵ་ཡ། ཧཱུཾ་ཧཱུཾ་ནཱ་ག་སྟཾ་བྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཡཾ་རཾ་ཁཾ་སུཾ་ནེ་ར་ལ་ནེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྗེ་བཙུན་འཕགས་མ་སྒྲོལ་མ་རྣམ་པར་རྒྱལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཀླུ་ནད་གསོ་བའི་ཆོ་གའི་ལེའུ་སྟེ་བཅུ་བདུན་པ་རྫོགས་སོ།། །།

ལེའུ་བཅོ་བརྒྱད་པ། འཕགས་མ་སྒྲོལ་མ་སྡུག་བསྔལ་ཐམས་ཅད་སེལ་བའི་ལས་ཀྱི་ཡན་ལག་ཁྲི་མོན་ལས་ཐར་བ་བྱེད་པའི་ཆོ་ག


DTG028_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །མི་ཡི་དབང་པོ་ལ་སོགས་པས། །ཤིན་ཏུ་དམ་པར་བསྡམས་པ་རྣམས། །རབ་ཏུ་ཐར་བར་བྱ་བའི་ཕྱིར། །བ་ལང་ལྕི་བས་དཀྱིལ་འཁོར་བྱ། །དབུས་སུ་ཕྱག་མཚན་ས་བོན་བཅས། །དེ་ལ་དེ་ཉིད་སྤྱན་དྲངས་ལ། །མཆོད་པ་སྔོན་དུ་འགྲོ་བ་ཡིས། །དང་པོ་བསྙེན་པ་རྫོགས་པར་བྱ། །དེ་ནས་སྦྱོར་གཞན་རབ་སྤངས་ཏེ། །བཅོམ་ལྡན་མཆོད་ནས་བརྒྱ་ཕྲག་བརྒྱད། །གསོལ་བའི་མཆོད་པ་དང་བཅས་པས། །ལེགས་པར་བཟླས་ན་གྲོལ་བར་འགྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྻ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། རི་ཛུ་ཀདྷརྨི། ནིར་ཡ་ཏེ། ཏཱ་རེ་ཏཱ་རཱ་ཡ། བྷ་ག་བ་ཏི་ཏུཏྟཱ་རེ། བྷྲ་མ་བྷྲ་མ། མོ་ཙ་ནེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་སྡུག་བསྔལ་ཐམས་ཅད་སེལ་བའི་ལས་ཀྱི་ཡན་ལག་ཁྲི་མོན་ལས་ཐར་བར་བྱེད་པའི་ཆོ་གའི་ལེའུ་སྟེ་བཅོ་བརྒྱད་པ་རྫོགས་སོ།། །།

ལེའུ་བཅུ་དགུ་པ། འཕགས་མ་སྒྲོལ་མ་དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་མི་སྣང་བའི་ཆོ་ག


DTG028_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་གིས་གང་ལ་རབ་བསྔགས་པ། །དངོས་གྲུབ་དེ་ཉིད་བསྒྲུབ་པའི་ཕྱིར། །མིག་དང་ལྕེ་དང་མཁྲིས་པ་རྣམས། །རིན་ཆེན་གའུའི་ནང་དུ་གཞུག །བདུད་རྩི་འཁྱིལ་པས་བསྲུང་བྱས་ནས། །འགྲུབ་པར་བྱེད་པའི་བསྙེན་པ་བརྩམ། །ཆོག་པར་ཤེས་ནས་པད་རྩར་སྦ། །དག་པའི་མིག་ལས་དབེན་པར་འགྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྻཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏ་དྱ་ཐཱ། ཨོཾ་ཏཱ་རེ་ཏཱ་རེ་ཏཱ་ར་ཛ་ཡཱ། ཛ་ཡེ་ཛ་ཡེ། ཏུཏྟཱ་རེ་ཛ་ཡ། བྷ་ཡེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་མི་སྣང་བའི་ཆོ་གའི་ལེའུ་སྟེ་བཅུ་དགུ་པ་རྫོགས་སོ།། །།

ལེའུ་ཉི་ཤུ་པ། འཕགས་མ་སྒྲོལ་མ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་ལས་ཀྱི་ཡན་ལག་མཆོག་བསྒྲུབ་པ།


DTG028_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །མཐོང་བའི་ཆོས་ལ་འོག་མིན་དུ། །འཕགས་རྣམས་སྤྱོད་ཡུལ་དང་གཅིག་ཅིང༌།། ཡིད་ཀྱི་ཤུགས་ཀྱིས་སྐྱོང་བྱེད་པ། །ཟངས་དང་ལྕགས་དང་གསེར་དག་ལས། །འབར་བའི་རལ་གྲི་བྱས་ནས་སུ། །ཡུ་བ་གཞུང་དང་གོ་རིམས་བཞིན། །གཉིས་དང་བཅུ་གཅིག་སོར་དུ་ལྡན། །ཨཱ་ལི་ཀཱ་ལི་གཡས་གཡོན་ཏེ། །ཡི་གེ་བཅུ་པ་དབུས་སུའོ། །གནས་སྐབས་གསུམ་དུ་སྐུ་སོགས་གསུམ། །སྒྲ་དང་མེ་སྟག་འོད་འཕྲོ་བ། །རབ་འབྲིང་རྟགས་དང་ལྡན་པ་ལས། །ཆགས་མེད་ཡིད་ཀྱིས་བསྐྱོད་བྱས་ཏེ། །འདབ་གཤོག་རྒྱས་པའི་བྱ་བཞིན་དུ། །གང་དང་གང་དུ་བསམ་པ་ཡི། །ཞིང་ཁམས་དག་ཏུ་འདོད་པའི་དོན། །ཐམས་ཅད་དེ་ཡི་དབང་དུ་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མོ་གྷ་སིདྡྷི། ཁངྒེ་པྲ་སྲིད་དྷི། ལོ་ཀ་ཨཱ་ལོ་ཀཱ། ཏིཥྛ་རཏྣ་ཙ་ལ་ཙ་ལ། ཧཱུཾ་ཧཱུཾ་བཾ་བཾ་ཨ་ཏིསྛ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་ལས་ཀྱི་ཡན་ལག་མཆོག་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་པ་རྫོགས་སོ།། །།

ལེའུ་ཉི་ཤུ་རྩ་གཅིག་པ། གཏོར་མའི་ཆོ་ག


DTG028_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གསེར་བརྩེགས་རབ་མཛེས་སྣོད་དག་ཏུ། །འོ་མ་མར་དང་སྲན་ཆན་དང༌། །ལ་ཕུག་མངར་དང་མེ་ཏོག་སྦོས། །དགེ་བའི་ཆུ་དང་ཆང་ལ་སོགས། །སྐུ་གསུང་ཐུགས་ཀྱི་ཡི་གེ་ཡིས། །སྦྱངས་ནས་འབྱུང་པོ་རྣམས་ལ་སྦྱིན། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ།


DTG028_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨཱ་ད་ནུཏྤན་ན་ཏྭཱཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། གཏོར་མའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པ་རྫོགས་སོ།། །།

ལེའུ་ཉི་ཤུ་རྩ་གཉིས་པ། ཆུ་སྦྱིན་པའི་ཆོ་ག


DTG028_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །མཚོའམ་ཁྲོན་པ་འབབ་ཆུ་གཙང༌། །བཅོམ་ལྡན་མཆོག་སྦྱིན་བདུད་རྩི་ཡིས། །གདུང་བྲལ་འཕགས་པའི་རང་བཞིན་དུ། །བསྒྱུར་ནས་གསང་སྔགས་རྒྱལ་པོ་ནི། །བདུན་ཕྲག་གསུམ་གྱིས་ཡི་དགས་རྣམས། །རབ་ཏུ་ཚིམ་པའི་ཆོ་ག་བྱ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་པྲེ་ཏེ་བྷྱཿ་སྭཱ་ཧཱ། ཆུ་སྦྱིན་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ་རྫོགས་སོ།། །།

ལེའུ་ཉི་ཤུ་རྩ་གསུམ་པ། ཚ་ཚ་གདབ་པའི་ཆོ་ག


DTG028_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དྲི་ཞིམ་དཀར་བའི་ས་རྣམས་ལ། །རིགས་ལྔར་སྦྱངས་ནས་དེའི་རང་བཞིན། །དེ་ལས་མཆོད་རྟེན་གདབ་བྱས་ལ། །དེ་དག་གནས་སུ་དམ་ཚིག་སྟེ། །དེ་ལ་ཡེ་ཤེས་དེ་དབང་བསྐུར། །དེ་ལ་བྱིན་བརླབ་དེ་ནས་མཆོད། །རབ་ཏུ་གནས་བྱས་དེ་ནས་ནི། །དགེ་བའི་གནས་སུ་བཞུགས་པར་བྱ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨདྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཚ་ཚ་གདབ་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པ་རྫོགས་སོ།། །།

ལེའུ་ཉི་ཤུ་རྩ་བཞི་པ། དུས་གསུམ་བརྟག་པའི་ཆོ་ག


DTG028_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གསོ་སྦྱོང་དག་ལ་གནས་པ་ཡིས། །ཀ་ཏི་ཀ་ཡི་ཐལ་བ་ལ། །སྟོང་ཕྲག་བཅུ་ཡི་བསྙེན་པ་བྱ། །ཆུ་ཤེལ་སྤྱོད་ཡུལ་ཡར་ངོ་ལ། །དྲི་དབང་ཕྱེད་གཡས་སེང་གེའི་ཚུལ། །རྩེ་གཅིག་འདོད་པའི་དོན་རྣམས་ཏེ། །འདོད་པའི་ལྷ་དང་དུས་གསུམ་གྱིས། །སྐྱེ་བའི་གནས་རྣམས་སྟོན་པར་མཛད། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏདྱ་ཐཱ། ཨོཾ་མུག་ཤི་རི་པྲ་མ་དནྟེ་ཁརྒོ་ཡ་ཤ་།ཤོ་མ་དྷ་ར་ཙ་ར་ཕྱེ་མ་ཧཱ་ནི་སྭཱ་ཧཱ། དུས་གསུམ་བརྟག་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པ་རྫོགས་སོ།། །།

ལེའུ་ཉི་ཤུ་རྩ་ལྔ་པ། བསྐྱེད་ཅིང་བསྲུང་བ་ལ་སོགས་པའི་ཆོ་ག


DTG028_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྦུ་མ་མ་དང་ནི་མགོ་མཇུག་ལོག །མོ་གཤམ་བུ་ནི་སྐྱེད་བྱེད་དང༌། །སྲིའུ་བསྲུང་དང་འབྱུང་པོ་བཟློག །ལས་གང་བྱེད་པའི་ལྷར་གྱུར་བྱ། །དང་པོ་གོ་རོ་ཙ་ན་དང༌། །ཡུང་བ་བ་བླའི་རི་ལུ་ལས། །སྣག་ཚ་བྱས་ལ་སྔགས་བྲིས་ལ། །བདུད་རྩི་ལྔ་དང་འབྲུ་སྣ་ལྰྒ། །རིན་ཆེན་ལྔ་དང་སྨན་སྔ་ལྔ། །བུམ་པར་བཅུག་ལ་གསང་སྔགས་འདི། །ཉི་ཤུ་རྩ་


DTG028_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཅིག་བཟླས་བྱིན་བརླབ། །སྔགས་ཆུས་ནམ་ཕྱེད་ཡོལ་བའི་དུས། །མཆོད་པ་བྱས་ལ་སྦྲུམ་མ་དེས། །ཁྲུས་བྱས་བདེ་བར་བཙའ་ཞིང་འབྱུང༌། །གཉིས་པ་མར་དག་ལག་མཐིལ་དུ། །བཞག་ལ་གསང་སྔགས་ཉི་ཤུ་གཅིག །བཟླས་ལ་མགོ་ལུས་བྷ་གར་བྱུག །དེ་ལྟར་བྱས་ན་བདེ་བར་སྐྱེ། །གསུམ་པ་བོ་དྷི་ཙེ་ཡི་འབྲུམ། །ཕྱེ་མ་དག་དང་བ་དམར་སེར། །འོ་མ་བསྲེས་ལ་བུམ་པར་བླུགས། །གསང་སྔགས་ཉི་ཤུ་རྩ་གཅིག་བཟླས། །ཟླ་མཚན་བྱུང་དུས་ཐ་མའི་ཚེ། །བླུད་ན་བུ་དག་མྱུར་དུ་སྐྱེ། །བཞི་པ་འཕྲལ་སྐྱེས་བྱིས་པ་དེ། །ཁྲུས་བྱས་བདེ་བར་འཚོ་བར་འགྱུར། །ལྔ་པ་གསང་སྔགས་དེ་ཉིད་ཀྱིས། །ཡུངས་ཀར་ཉི་ཤུ་གཅིག་བསྔགས་ནས། །གདོང་དུ་བྲབས་ན་འབྱུང་པོ་ལྡོག །ཨོཾ་ཏཱ་རེ་ནི་ཏ་རཱ་ཡ། ཨོཾ་མོ་ཙ་ནི་མོ་ཙ་ཡ། ཨོཾ་མོ་ཀྵ་ནི་མོ་ཀྵ་ཡ་ཛི་བ་བར་བྷི་སྭཱ་ཧཱ། བསྐྱེད་ཅིང་བསྲུང་བ་ལ་སོགས་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པ་རྫོགས་སོ།། །།བདེ་གཤེགས་བསྐྱེད་མཛད་རྗེ་བཙུན་གྱི། །རྣལ་འབྱོར་བྱང་ཆུབ་ཡན་ལག་བཟང༌། །ཐབས་ཀྱི་ཁྱད་པར་མདོར་བསྡུས་པ། །ཞི་བ་ལ་སོགས་ལས་བཞིའི་ཚུལ། །བདག་གཞན་དོན་དུ་སྒྲུབ་བྱེད་པ། །ཐུགས་རྗེ་ཆུ་སྐྱེས་ལས་བྱུང་བའི། སྦྲང་རྩི་འདི་ནི་བདག་གིས་གཞིབས། །འགྲོ་ལ་ཕན་ཕྱིར་འདིར་བཀོད་དོ། །དེ་ལས་བྱུང་བའི་དགེ་བ་ཡིས། །འགྲོ་བ་མ་ལུས་བྱང་ཆུབ་ཆེ། །སྐུ་གསུམ་རང་བཞིན་མཐར་ཕྱིན་པ། །མྱུར་བ་ཉིད་དུ་ཐོབ་པར་ཤོག །རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་པའི་ལས་ཀྱི་ཡན་ལག་དང་བཅས་པ་མདོར་བསྡུས་པ་ཞེས་བྱ་བ། ཁ་ཆེའི་སློབ་དཔོན་ཉི་མ་སྦས་པ་ཞེས་བྱ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་མལ་གཡོ་བློ་གྲོས་གྲགས་པས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཆེན་པོ་དེ་ཉིད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousརྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་པའི་ལས་ཀྱི་ཡན་ལག་དང་བཅས་པ་མདོ་བསྡུས་པ་ཞེས་བྱ་བ། ཉི་མ་སྦས་པ།next