Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།


   
   
  expand section
  expand section
   
སྒྲོལ་མའི་སྒྲུབ་ཐབས་མན་ངག་གི་རིམ་པ།  ཉི་མ་སྦས་པ།
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
   
   
  expand section
   
  expand section
   
   
  expand section
  expand section
  expand section
   
   
  expand section
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousསྒྲོལ་མའི་སྒྲུབ་ཐབས་མན་ངག་གི་རིམ་པ། ཉི་མ་སྦས་པ།next

སྒྲོལ་མའི་སྒྲུབ་ཐབས་མན་ངག་གི་རིམ་པ།
ཉི་མ་སྦས་པ།


DTG028_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཱཾ་ཨུ་པ་དེ་ཤ་ཀྲ་མ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས་མན་ངག་གི་རིམ་པ། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕུན་སུམ་ཚོགས་ལྡན་དཔལ་འབྱོར་དྲི་མེད་ཡོན་ཏན་གྱི། །གཞིར་གྱུར་འགྲོ་ལ་དམ་པའི་ལམ་སྟེར་རྒྱལ་བའི་


DTG028_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡུམ། །སྒྲོལ་མའི་ཞབས་རྡུལ་སྤྱི་བོས་བླངས་ཏེ་འགྲོ་བ་ལ། །ཕན་ཕྱིར་བརྩེ་བས་སྒྲུབ་པའི་ཆོ་ག་བཤད་པར་བྱ། །རྡོ་རྗེ་སློབ་དཔོན་ཡོན་ཏན་མཚོ། །ཇི་བཞིན་སྦྱོར་བས་བསྟེན་བྱས་ནས། །ཆོ་གའི་རིམ་པས་དབང་བསྐུར་བའི། །རྣལ་འབྱོར་བས་ནི་རྣམ་པར་བསྒོམ། །ཇི་ལྟར་བཤད་བཞིན་རྣམ་བསམས་ལ། །ས་བོན་གྱིས་ནི་བསྐུལ་བ་ཡི། །བླ་མ་རྡོ་རྗེ་རྣམས་མཆོད་ལ། །གུས་པའི་བསམ་པས་རྩེ་གཅིག་ཏུ། །བཏུད་ལ་ཕྱི་ནས་རང་ལུས་གཞུག །སླར་ཡང་དཀྱིལ་འཁོར་རྫོགས་པར་བྱ། །པུ་ཛ་ཨོ་ཨ་གོ་ར་དེ་མཱ། ཀཱ་ཨོ་ཏྲྀ་ཀོ་ཀ་ལ་ཀཱ་ཧི་བྲེ་གྲི་སཽ་སུན་སི་མ་ཀུ། སྤྱི་བོའི་གནས་སུ་པུལླི་རར། །མྱུར་ཞིང་དཔའ་མ་དྲན་པར་བྱ། །སྤྱི་གཙུག་འབར་བ་འཛིན་པ་རུ། །སྟོན་ཟླ་ལྟ་བུར་དྲི་མ་མེད། །གསེར་གྱི་མདོག་ཅན་རྣ་བ་ནི། །གཡས་པ་ཨོ་ཏྱན་ཉིད་དུ་བསམ། །ཨརྦུ་ད་ནི་ལྟག་པ་སྟེ། །གཙུག་ཏོར་རྣམ་པར་རྒྱལ་བར་གྲགས།། གོད་བ་རི་རྣ་བ་གཡོན། །ཧཱུཾ་སྒྲ་སྒྲོགས་པའི་ལྷ་མོའོ། །སྨིན་དབུས་ར་མེ་ཤྭ་རི་སྟེ། །རྡོ་རྗེ་སྐུ་ཡི་སྒྲོལ་མའོ། །འཁོར་ལོ་དང་ནི་ཆེར་སྒྲོགས་པའི། །དྲིལ་བུ་གཡས་དང་གཞན་དུ་བསམ། །དབང་མཆོག་དེ་བཱི་ཀོ་ཊི་སྟེ། །ཁམས་གསུམ་རྣམ་པར་རྒྱལ་བྱེད་དོ། །གཞན་འཇོམས་ལྷ་མོ་དཔུང་པར་ངེས། །མཱ་ལར་སྒྲུབ་པོ་དམ་པས་བསམ། །མཆན་ཁུང་ཀཱ་མ་རཱུ་པ་སྟེ། །བདུད་འཇོམས་དམ་པ་སྦྱིན་པ་མོ། །ཨོ་ཊེ་ཞེས་བྱ་ནུ་མ་སྟེ། །འཁོར་ལོས་སྒྱུར་བྱེད་འདོད་སྟེར་མ། །ཏྲི་ཤ་ཀུ་ནེ་ལྟེ་བ་རུ། །མྱ་ངན་ཀུན་འཇོམས་བསམ་པར་བྱ། །དྲི་འཛིན་གནས་སུ་ཀོ་ས་ལར། །འགྲོ་བ་ཀུན་འགུགས་ཕོངས་པ་སེལ། །ཀ་ལིངྐ་ནི་ཁ་ཡིན་ཏེ། །ལྷ་མོ་བཀྲ་ཤིས་ཐམས་ཅད་སྟེར། །མགྲིན་པའི་གནས་ནི་ལམ་པ་ཀར། །ལྷ་མོ་གསུང་གི་སྒྲོལ་མ་སྟེ། །པདྨ་དྲིལ་བུ་འཛིན་པ་རུ། །མཉམ་པར་བཞག་ལ་རྟག་ཏུ་བསམ། །ཀཱཉྩི་སྙིང་གི་གྲོང་ཁྱེར་ཏེ། །རྡོ་རྗེ་ཐུགས་ཀྱི་སྒྲོལ་མའོ། །མིག་སྨན་གྱི་ནི་ཁ་དོག་ཅན། །རྡོ་རྗེ་དལ་བུས་འགྱིང་བ་ཡིན། །ཁ་བའི་རིར་ནི་སྨིན་བྱེད་མ། །སུམ་མདོའི་གནས་སུ་བསམ་པར་བྱ། །ཡི་དགས་གྲོང་དུ་འགུགས་བྱེད་མ། །ཁྲ་མོ་རྟགས་ཀྱི་རྩེ་མོ་ལ། །ཞི་བ་ཆེན་མོ་ཁྱིམ་གྱི་ལྷར། །འོག་གི་


DTG028_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱོགས་སུ་བསྒོམ་པར་བྱ། །བརླ་གཉིས་སཽ་རཱཥྚ་ཡིན་ཏེ། །འདོད་ཆགས་ཐམས་ཅད་འཇོམས་པ་མོ། །གསེར་གླིང་བྱིན་པ་ཟུང་གི་ཚལ། །ལྷ་མོ་བདེ་བ་སྒྲུབ་བྱེད་དོ། །སོར་མོ་ཕལ་པ་ན་ག་རར། །རྣམ་པར་རྒྱལ་མཁས་བསམ་པར་བྱ། །སྡུག་བསྔལ་སྲེག་བྱེད་སིནྡྟུ་སྟེ། །རྐང་པའི་བོལ་དུ་རྣམ་པར་དགོད། །རྒན་པོ་མ་རུ་དངོས་གྲུབ་ཀུན། །ལེགས་འབྱུང་ལྷ་མོ་བསྒོམ་པར་བྱ། །ཀུ་ལུ་ཏར་ནི་ཡོངས་རྫོགས་མ། །པུས་མོའི་དཀྱིལ་འཁོར་གཉིས་ལ་གནས། །དེ་ལྟར་ཆོ་ག་རྫོགས་པ་དང༌། །ཕྱིས་ནི་རྡོ་རྗེ་སྒྲོལ་མ་ཡི། །དཀྱིལ་འཁོར་བཅས་པའི་ལྷ་རྣམས་ཀུན། །རང་གི་ལུས་ལ་གཞུག་པར་བྱ། །དྲི་མ་ཐམས་ཅད་སྦྱང་བའི་ཕྱིར། །སྤྱན་དྲང་མཆོད་ནས་གསོལ་བ་གདབ། །དེ་བཞིན་ཐུབ་པས་དབང་བསྐུར་ལ། །དབུ་རྒྱན་རང་གི་ལྷག་པའི་ལྷ། །གསང་སྔགས་བཟླས་བརྗོད་ཆོ་ག་དང༌། །མཚན་མ་ཁ་དོག་ལ་སོགས་པ། །གཞན་དུ་བཤད་བཞིན་མཁས་པ་ཡིས། །མཉམ་པར་གཞག་པས་རྟག་ཏུ་བྱ། །ཟབ་མོའི་དོན་ལ་སྐྱེ་བོ་ཡི། །བློ་གྲོས་རྣམ་པར་འཁྲུལ་གྱུར་ཀྱང༌། །དམ་པའི་བླ་མ་ལས་བྱུང་བའི། །མན་ངག་རིམ་པས་བྲིས་པ་ཡིན། །བསོད་ནམས་འདི་ཡིས་ཉེས་པའི་དབའ་ཀློང་གཡོ་བའི་ཆུས། །རྣམ་པར་དཀྲུགས་ཏེ་འཁྲིགས་པའི་ནོར་འཛིན་བརྟན་པ་དང༌། །དེས་སྐྱེད་དགེ་ལེགས་སྙེ་མའི་མེ་ཏོག་འབྲས་ལྡན་པའི། །སྐྱེ་བོའི་དོན་དུ་དཔག་བསམ་ལྗོན་ཤིང་བྱེད་པར་ཤོག །དཔལ་ཨུ་རྒྱན་ནས་བྱུང་བའི་མན་ངག་གི་རིམ་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཉི་མ་སྦས་པའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།མན་ངག་གི་རིམ་པའི་སྒྲུབ་ཐབས་འདི་དང་པོ་མ་འགྱུར་བ་ལས་ཕྱིས་ཁ་ཆེའི་པཎྜི་ཏས་ཁ་བ་ཅན་གྱི་ལྗོངས་སུ་སྤྱན་དྲངས་པའི་དཔེ་ལས་བོད་སྐད་དུ་དཔལ་ས་སྐྱའི་དབེན་གནས་དམ་པར་བསྒྱུར་བའོ།།


previousསྒྲོལ་མའི་སྒྲུབ་ཐབས་མན་ངག་གི་རིམ་པ། ཉི་མ་སྦས་པ།next