Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།


   
   
  expand section
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
   
   
  expand section
   
  expand section
   
པདྨ་སྤྱན་རས་གཟིགས་དབང་ཕྱུག་གི་པདྨ་དྲ་བའི་རིམ་པས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དུ་མཆོད་པའི་ཆོ་ག།  རྒྱལ་བ་དཔལ་ཡེ་ཤེས།
   
  expand section
  expand section
  expand section
   
   
  expand section
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousཔདྨ་སྤྱན་རས་གཟིགས་དབང་ཕྱུག་གི་པདྨ་དྲ་བའི་རིམ་པས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དུ་མཆོད་པའི་ཆོ་ག། རྒྱལ་བ་དཔལ་ཡེ་ཤེས།next

པདྨ་སྤྱན་རས་གཟིགས་དབང་ཕྱུག་གི་པདྨ་དྲ་བའི་རིམ་པས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དུ་མཆོད་པའི་ཆོ་ག།
རྒྱལ་བ་དཔལ་ཡེ་ཤེས།


DTG028_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། །པདྨ་ཨཱ་བ་ལོ་ཀི་ཏེ་ཤྭ་ར་སྱ་པདྨ་ཛཱ་ལ་ཀྲ་མེ་ཎ་བྷ་ག་བ་ཏེ་མཎྜལ་པཱུ་ཛཱ་བིདྷིཿ། བོད་སྐད་དུ། །པདྨ་སྤྱན་རས་གཟིགས་དབང་ཕྱུག་གི་པདྨ་དྲ་བའི་རིམ་པས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དུ་མཆོད་པའི་ཆོ་ག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨ་དྲ་བ་ལ་ཕྱག་འཚལ་ལོ། །མཐའ་མེད་འཁོར་བའི་རྒྱ་མཚོ་ཡི། །ནང་དུ་རྒྱུ་བའི་འཇིག་རྟེན་རྣམས། །མངའ་བདག་ཐུགས་རྗེས་ནོན་པས་འདོན། །འཇིག་རྟེན་དབང་ཕྱུག་རྒྱལ་གྱུར་ཅིག །ཀུན་མཁྱེན་གྱིས་ཀྱང་ལེགས་ཤེས་མིན། །ཟབ་ཅིང་རྒྱ་ཆེའི་ཆུ་གཏེར་ནི། །པདྨའི་ཕྱག་གིས་ཐུགས་རྗེས་མཁྱེན། །བརླིང་པར་མཛད་པ་ལ་ཕྱག་འཚལ། །བནྡུ་ཀ་དང་སེ་འབྲུ་མཚལ་བ་ཟངས་པདྨ་རཱ་ག་དང༌། །རྒྱ་སྐྱེགས་ཁུ་བ་ཞུ་བ་དམར་པོའི་གདན་དང་པདྨ་གསེར། །སྣང་ལས་རྣམ་པར་རྒྱལ་ནས་ཐུགས་རྗེས་དམར་པོའི་མཆོག་གི་སྐུ། །འཇིག་རྟེན་དབང་ཕྱུག་བླ་མ་འདི་ནི་མཆོག་གསལ་རྣམ་སྣང་བྱེ། །དེ་ནི་སེམས་ཅན་ཐམས་ཅད་ཡོན་


DTG028_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏན་ཕུན་ཚོགས་ཀུན་འཛིན་པ། །འཇིག་རྟེན་དབང་གི་དབུ་ལ་རྟག་ཏུ་ཡང་དག་གནས་བཅས་པ། །འདོད་ཆགས་ལ་སོགས་ཉེས་པ་བཞི་ལྡན་བདེ་བར་གཤེགས་པའི་གཙོ། །ཡོན་ཏན་མང་པོ་ཡང་དག་གནས་པའི་འོད་དཔག་མེད་ལ་འདུད། །པདྨ་རཱག་རྣམ་པར་བདར་དང་གསེར་དང་སྣང་བྱེད་འོད། །ཚོགས་རྣམས་རབ་འཛག་བྱུ་རུའི་སྡོང་པོ་ཟངས་དང་མཚལ་བ་ཟངས་མཛེས། །མཁའ་མཉམ་སྣང་བ་མཐའ་ཡས་ཡོན་ཏན་རྒྱ་ཆེ་འོད་དཔག་མེད། །བཅོམ་ལྡན་འཇིག་རྟེན་མགོན་པོའི་ཅོད་པན་རྒྱན་གྱུར་ལ་ཕྱག་འཚལ། །གང་གིས་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་མི་ཤེས་པའི་སྤྱོད་པ་ནི་བདག་གི་པགས་པའི་མིག་གི་སྐུ་བཞིའི་ངོ་བོའི་རང་གི་ངོ་བོ་དཀྱིལ་འཁོར་མཆོད་པའི་ཆོ་ག་བརྗོད་པར་བྱའོ། །དེ་ཡང་བདག་ཉིད་བཞད་གད་དུ་བྱེད་པ་གལ་ཏེ་ཡང༌། དེ་ལྟ་ན་ཡང་དེའི་དྲིན་འདིས། །ཚོགས་རྣམས་བདག་ལ་ཆེན་པོར་འཆར། །གང་གི་རྒྱུ་མཚན་དེ་རྣམས་ནི། །ནོར་ལྷའི་ཕྲིན་ལས་བཟང་པོ་རྣམས། །དེ་ཕྱིར་གཞན་ལ་ཕན་དོན་དུ། །ཇི་བཞིན་པ་ནི་མ་ཡིན་ཡང༌། །ཡོངས་སུ་ངལ་གར་ལེགས་པ་ཡི། །ཤིན་ཏུ་ཆུང་གྱུར་ཀྱང་མཛེས་བྱེད། །མཆོད་པའི་ཆོ་ག་དམ་པའི་ལམ། །ལེགས་པ་དེ་འདི་མཉེས་གྱུར་ཅིག །ཅུང་ཟད་ཅི་ཡང་ཤེས་བྱེད་པ། །ལས་ཐམས་ཅད་པ་བདག་གིས་བརྗོད། །དང་པོ་རེ་ཞིག་ཚངས་པའི་ཡུད་ཙམ་ལ་རྡོ་རྗེ་སློབ་དཔོན་སྟན་ལས་ལངས་ནས་གོས་ཡོངས་སུ་བགོས་ཏེ་ལྷའི་ངག་གི་ཐ་སྙད་བྱ་ཞིང་འཇིག་རྟེན་པའི་ཕལ་པའི་སྐད་ཀྱིས་འདྲིས་པ་ཡོངས་སུ་སྤངས་པའམ། མི་སྨྲ་བར་བྱས་པ་ཕྱི་རོལ་གྱི་སར་གཙང་སྦྲའི་ཕྱེད་དུ་ཡང་དག་པར་བརྟེན་པར་བྱའོ། །དེ་ལ་ཉི་མ་སྔ་དྲོ་ཁ་ཤར་ལ་ཕྱོགས་པ་དང༌། ཉི་མ་གུང་ལ་ལྷོར་ཕྱོགས་པ་དང༌། དགོངས་མོ་ནུབ་ཏུ་ཕྱོགས་པས་ཉེ་བར་འདུག་སྟེ་ལངས་ནས་རྟགས་ལ་གཅིག་དང་བཤང་ལམ་ལ་གསུམ་དང་དེ་བཞིན་དུ་ལག་པ་གཡོན་པ་ལ་བཅུ་དང་གཉི་ག་ལ་བདུན་སྦྱིན་པར་བྱ་བས་དག་པར་མངོན་པར་འདོད་དོ་ཞས་པའི་རིམ་པས་གཙང་སྦྲ་བྱའོ། །དེ་ནས་སླར་ཡང་ཁ་བཤལ་ནས་དལ་གྱིས་དཀྱིལ་འཁོར་གྱི་


DTG028_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁང་པར་འཇུག་པར་བྱའོ། །ཞུགས་ནས་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནཱཾ་པཱ་ད་བནད་ནཾ་ཀཱ་རོ་མི། ཨོཾ་ན་མཿསརྦ་བུ་དྡྷ་བོ་དྷི་ས་ཏྭེ་བྷྱཿད་ཤ་དིཀ་ལོ་ཀ་དྷཱ་ཏུ་བྱ་བ་སྠི་ཏེ་བྷྱཿས་སྲ་བ་ཀ་པྲ་ཏེ་ཀ་བུདྡྷེ་བྷྱ། ཞེས་པས་ཤར་དང་ལྷོ་དང་ནུབ་དང་བྱང་དུ་བསྐོར་བས་ཕྱག་བྱའོ། །དེ་ནས་འཇམ་པའི་སྟན་ལ་ཡང་དག་པར་ཉེ་བར་འདུག་ནས། བླ་མ་བདག་ཉིད་གང་དུ་བྲིས་པའི་དཀྱིལ་འཁོར་གྱི་ཤར་གྱི་ཆར་ཁ་ནུབ་ཕྱོགས་པའམ་གལ་ཏེ་མ་ཡིན་ཏེ་བྲིས་པའི་དཀྱིལ་འཁོར་མེད་ན་དེའི་ཚེ་སྟོན་པ་པོ་བློ་བཟང་པོས་གལ་ཏེ་ས་ལ་ཁ་ཤར་དུ་ཕྱོགས་པར་གྱུར་ནས་ཡེ་ཤེས་ཀྱི་ལྷ་ལ་མཆོད་པ་བྱའོ་ཞེས་གསུངས་པའི་ཕྱིར། དེ་ལ་ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ་ཞེས་ཁྱོར་བའི་ཆུ་ལ་མངོན་པར་བསྔགས་ཏེ་ཆུའི་ཉེས་པ་བསལ་ནས་ལན་གསུམ་དུ་མགོ་ལ་མངོན་པར་བསྐུར་བར་བྱའོ། །དེ་ནས་ཨོཾ་བཛྲ་ཨུ་ད་ཀ་མ་མཱ་ཤྲཱི་པདྨ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་མུ་ནེ་བ་ར་མ་པ་ར་མ་ཨ་ནུ་ཏ་ནོ་ཨཱ་ན་ན་ཨཱ་དི་ཤུདྡྷཾ་གུ་རུ་སྭཱཧཱ། ཞེས་པས་ལག་པ་དང་གདོང་ཁྲུས་བྱའོ། །དེ་ནས་བསམ་གཏན་གྱི་ཕྱག་རྒྱ་བཅིངས་ལ། བཅོམ་ལྡན་འདས་པདྨ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པས་བསྟོད་པར་བྱའོ། །སྐྱོན་མེད་ཡོན་ཏན་གྱིས་མཛེས་པ། །རྒྱལ་པ་འོད་དཔག་མེད་ཀྱིས་བརྒྱན། །ཅོད་པན་བཀྲ་ཤིས་སྤྱིན་པ་པོ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་འདུད། །པདྨ་མཆོག་གི་འོད་ཀྱི་ལུས། །པདྨ་མཆོག་གིས་འཛིན་པ་དང༌། །པདྨའི་དཔལ་གྱི་གཏེར་གྱི་ཕྱག །པདྨ་ཆེན་པོའི་གདན་ལ་བཞུགས། །རལ་པའི་དཀྱིལ་འཁོར་དམ་པ་འཆང༌། །ཐམས་ཅད་མཁྱེན་པའི་འབྱུང་གནས་འཛིན། །སེམས་ཅན་འདོན་པར་བྱེད་ལ་མཁས། །སེམས་ཅན་དབུགས་འབྱིན་མཛད་པའི་ཕྱག །དམན་དང་གཞན་ལ་རྗེས་བརྩེ་བ། །སེམས་ཅན་སྨིན་པར་མཛད་པ་ལ། །རྟག་ཏུ་སེམས་ཅན་དེས་གནས་པ། །སེམས་དཔའ་ཆེན་པོ་བསྟོད་པའི་བདག །སེམས་དཔའི་སྙིང་པོ་མཆོད་པ་ལ། །རྒྱུ་མེད་སེམས་ཅན་མཉེས་གཤིན་པ། །སྨན་གྱི་རྒྱལ་པོ་དང་མཚུངས་པ། །ཉི་མ་ཟླ་བ་མེ་ཡི་སྤྱན། །ཤིན་ཏུ་རྣམ་པར་དག་ཡོན་བདག །ཤིན་ཏུ་རྣམ་དག་གོ་འཕང་གནས། །ཤིན་ཏུ་རྣམ་དག་རབ་སྦྱིན་པ། །དམ་ཆོས་མཛོད་ཀྱི་བདག་པོ་སྟེ། །ཡིད་བཞིན་ནོར་བུ་མཉམ་


DTG028_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་འོད། །ཐར་པའི་ལམ་ལ་རབ་གནས་པ། །སྣ་ཚོགས་འཇིགས་པ་འཕྲོག་པར་བྱེད། །ཡོན་ཏན་མགོན་པོ་ཁྱོད་ལ་བསྟོང༌། །ཐུགས་རྗེ་ཆེན་པོ་ཁྱོད་ལ་འདུད། །བྱམས་དང་དགའ་བ་ལ་ཕྱག་འཚལ། །ཕ་རོལ་ཕྱིན་པ་དྲུག་ཕྱག་འཚལ། །ཁྱབ་བདག་ཆེན་པོ་ཁྱོད་ཞབས་ལ། །ས་ལ་ལྷུང་ནས་བདག་ཕྱག་འཚལ། །ས་སྟེངས་འཇིག་རྟེན་དག་བྱས་པ། །ཉེས་པ་ཟད་པར་མཛད་པ་ལ། །ཇི་ལྟར་མཁའ་ནི་ཕ་རོལ་མཐའ་མེད་ཅིང༌། །ཉི་མའི་རབ་གདུང་མཚུངས་མེད་ཇི་བཞིན་ཉིད། །ཇི་ལྟར་སངས་རྒྱས་ཡོན་ཏན་མཐའ་མེད་ཉིད། །ཁྱེད་ཀྱི་བརྩེ་ཆེན་མཐའ་མེད་དེ་བཞིན་ཉིད། །ནམ་མཁའ་མ་ལུས་ཀུན་དུ་གནས། །རྟག་ཏུ་འགྲོ་དྲུག་རྒྱུ་བྱེད་པ། །ཀུན་ནས་འདོན་པ་བྱེད་འདོད་ཁྱོད། །སྲིད་པའི་བར་དུ་བདག་ཕྱག་འཚལ། །འཇིག་རྟེན་བླ་མ་འཕགས་པ་ཁྱོད་ཞབས་པདྨ་ལ། །བདག་གིས་བསྟོད་པའི་བྱ་བ་འདི་དག་ཀུན་ཕུལ་ལས། །ཡང་དག་བྱུང་བའི་བསོད་ནམས་མངོན་བྱུང་ཉེར་ཐོབ་པ། །སྐྱེ་བོ་རྣམས་ཀྱིས་རྟག་པ་ཁོ་ནར་འབྱུང་བར་གྱིས། །ལོང་བ་མགོན་མེད་ལམ་མེད་རབ་ཞུགས་པ། །སྲིད་པའི་སྡིག་པའི་ཚོགས་སུ་ངེས་བྱིན་ལུས། །བསོད་ནམས་འདི་ཡིས་ཉེ་ས་པ་མ་ལུས་པར། །སླར་ནི་མི་སྐྱེ་མྱུར་དུ་གྲོལ་གྱུར་ཅིག །སྡུག་བསྔལ་རྣམ་པར་སྤངས་ཤིང་མུན་པའི་ཚོགས་བསལ་པ། །ཆགས་པ་ཉེ་བའི་ཆགས་བྲལ་འཁོད་པའི་རྒྱུ་ཚོགས་ཀྱིས། །འཁོར་བ་རྒྱུ་བ་པོར་རྒྱུར་ཡུལ་སྤྲུལ་མཆེ་བ་ཡི། །ཕྲག་ཏུ་ཉེར་སོན་ཉེན་པ་བདག་ལའང་རབ་སྲུངས་ཤིག །དམ་པའི་ལམ་སྟོན་མཆོག་ཏུ་ཆེ་བའི་དོན་བཅས་འཛིན། །མཆོག་གི་དབང་ཕྱུག་དང་ནི་མྱུར་དུ་ལམ་སྟོན་ཅིག །ལས་ཀྱི་ཆུ་རླབས་གཡོ་བའི་དྲག་པོའི་ཡུལ་འཛིན་པ། །འཇིགས་པའི་དབང་པོ་རབ་དྲག་ཆུ་སྲིན་འཇིགས་རུང་མཚན། །འཁོར་བའི་རྒྱ་མཚོ་སྒྲོལ་བྱེད་སྐྱ་འཛིན་བཅོམ་ལྡན་འདས། །སྙིང་རྗེའི་གཏེར་གྱིས་མྱུར་དུ་ཕ་རོལ་བདག་དྲོངས་ཤིག །འཇིག་རྟེན་ཁམས་ཀྱི་ལྷ་དབང་པདྨ་སྤྱན་རས་གཟིགས། །སེམས་ཅན་མ་ལུས་སྲིད་པའི་སྡུག་བསྔལ་ཚོགས་རྣམས་འཕྲོག །བདག་དང་འགོ་ཀུན་འཇིགས་འཕྲོག་བདག་ཉིད་ཆེན་པོ་


DTG028_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྱོད། །རྟག་ཏུ་མི་འབྲལ་མཐོང་བར་འདིར་ནི་ཡོད་གྱུར་ཅིག །སྐྱོ་དང་ཉེར་ཆགས་སྤངས་པ་མཚུངས་མེད་དྲི་བྲལ་བརྩོན་འགྲུས་ལྡན། །གཞན་ཕན་ངེས་དགའ་བདག་ནི་ངེས་པ་བདག་ལ་དོགས་པ་མེད། །རྒྱ་ཆེ་ཡོན་ཏན་རྟག་ཏུ་ཕྱུག་པ་ཉེས་པ་རབ་རྒྱས་གྲོལ། །རབ་མཆོག་པདྨའི་ཕྱག་ཁྱོད་ཇི་བཞིན་ཁོ་ནར་བདག་གྱུར་ཅིག །ཅེས་བསྟོད་པ་བྱའོ། །དེ་ནས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ལྟར་བསྒོམ་པར་བྱས་ལ་བདག་ཉིད་སྔགས་ཀྱི་དཀྱིལ་འཁོར་བསྲུང་བའི་དོན་དུ་སྡིགས་མཛུབ་དང་མཐེ་བོའི་སེ་གོལ་རྣམས་ཀྱིས་ཤར་ལ་སོགས་པའི་ཕྱོགས་དང་ཕྱགས་བྲལ་རྣམས་སུ་བགེགས་བསྐྲད་པར་བྱ་སྟེ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་སོ། །དེ་ནས་རང་གི་སྙིང་གར་པཾ་ལས་སྐྱེས་པའི་པདྨ་དམར་པོ་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧྲཱིཿཡིག་ཁ་དོག་དཀར་པོ་བསམས་ནས་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཐམས་ཅད་སྣང་བར་གྱུར་པར་རྣམ་པར་བསམ་པར་བྱའོ། །རང་གི་འདོད་པའི་ལྷའི་གཟུགས་རྣམས་དཀྱིལ་འཁོར་གྱི་འཁོར་ལོ་བླ་མ་རྣམས་དང་བཅས་པ་སྣང་བར་གྱུར་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ད་ཡ་སཾ་སྲ་བ་ཀ་པྲ་ཏྱེ་ཀ་བུདྡྷ་བོ་དྷི་སཏྭ་ཨཱཏྨ་ཀཾ་ཨ་ནུ་གྲ་ཧཱ་ཡག་ག་ན་ཏ་ལེ་ཨཱ་བིར་བྷཱ་བནྟུ་ཧཱུཾ་ཧཱུཾ་ཧཱུཾ་ཡུཥྨ་བྷྱཾ་ན་མཿསྭཱཧཱ། ཞེས་པ་སྣང་བར་གྱུར་པའི་སྔགས་སོ། །སླར་ཡང་ཧྲཱིཿཡིག་དེ་ལས་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྡོ་རྗེ་མའི་ལྷ་།མོ་རྣམས་དང་ཕྱི་རོལ་གྱི་རྣམ་པ་སྣ་ཚོགས་པའི་མེ་ཏོག་ལ་སོགས་པའི་ལྷ་མོ་རྣམས་ཀུན་དུ་སྤྲོས་ནས་དེ་ཉིད་ཡང་དག་པར་མཆོད་དེ་བདག་དེ་རྣམས་ལ་དབུལ་པར་བྱས་ནས་ཐལ་མོ་སྦྱར་ཏེ་ཕྱག་དང་བཅས་པར་བྱའོ། །དེ་བཞིན་དུ་སྔགས་ཀྱང་བཀླག་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བུ་ཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཤྲི་ཡཾ་ཧཱུཾ། དེ་བཞིན་དུ་དྷཱུ་བ་ལ་སོགས་པ་རྣམས་སོ། །འདི་ལྟར་ནམ་མཁར་སྣང་བར་གྱུར་པའི་དཀྱིལ་འཁོར་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་སྔོན་དུ་འགྲོ་བས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་བཀླག་པར་བྱའོ། །སངས་རྒྱས་


DTG028_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བླ་མ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལའང་རྟག་ཏུ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ཤོག ། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འབྱུང་གྱུར་ཅིག །སྡིག་པ་ཐམས་ཅད་བཤགས་པ་དང༌། །བསོད་ནམས་རྗེས་སུ་ཡི་རང་དང༌། །གང་འཕགས་ཡན་ལག་བརྒྱད་གསོ་སྦྱོང༌། །བྱས་སམ་ཀུན་དུ་སྤྱད་པར་བགྱིའོ། །ཞེས་སོ། །དེ་ནས་སླར་ཡང་ཚངས་པའི་གནས་བཞི་བསྒོམ་པར་བྱས་ནས་དོན་དམ་པ་ལས་ཆོས་ཐམས་ཅད་བདག་མེད་པ་འདུས་བྱས་ཐམས་ཅད་སྐད་ཅིག་པ་མྱ་ངན་ལས་འདས་པ་ཞི་བའོ་ཞེས་ཁམས་གསུམ་པ་སེམས་ཙམ་ཁོ་ནའོ་ཞེས་སྔགས་ཀྱི་དོན་བསྒོམ་པར་བྱའོ། །ཨོཾ་སྭཱ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་བ་ཤུདྡྷོཉཧཾ། ཨོཾ་སྭཱ་བྷཱ་བཤཱུ་ནྱེཿསརྦ་དྷརྨཱཿསྭཱ་བྷཱ་བ་ཤཱུ་ནྱོཉཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོཉཧཾ། ཞེས་སོ། །དེ་ནས་ནང་གི་མི་ཤེས་པའི་མུན་པ་ཡོངས་སུ་བསྐོར་བའི་སྙིང་གའི་ཁུང་བུའི་ནང་དུ་སོན་པ་སེམས་ལ་གནས་པ་རྣམས་པར་བསམས་ནས། དེའི་མུན་པའི་རྣམ་པའི་རང་གི་ངོ་བོ་མི་ཤེས་པ་བཟློག་པའི་ཕྱིར་སྙིང་གི་པདྨ་རབ་ཏུ་རྒྱས་པ་ལ་བརྒྱ་ཕྲག་བཅུར་འོད་གསལ་བའི་ཉི་མ་ལ་སོགས་པ་རྣམ་པར་བསྒོམ་པར་བྱའོ། །དེས་སེམས་དྲི་མ་མེད་པ་ཅན་དུ་བྱས་པ་ཀུན་དུ་བལྟ་བར་བྱའོ། །དེ་ལ་སེམས་ཀྱི་ནང་དུ་ཧཱུཾ་ཡོངས་སུ་གྱུར་བ་འཆད་བཞིན་པའི་རིམ་པས་རྡོ་རྗེའི་གུར་ལ་སོགས་པའི་རིམ་པའོ། །དཔེར་ན་དང་པོར་རེ་ཞིག་ཆོས་འབྱུང་གི་ཕྱག་རྒྱ་གདེངས་ཀ་གྱེན་དུ་ཕྱོགས་པ་དཀར་པོ་ཟུར་གསུམ་འོག་ཏུ་རྩེ་མོ་ཕྱོགས་པ་བསྒོམ་པར་བྱའོ། །དེའི་དབུས་སུ་སྣ་ཚོགས་པདྨ་


DTG028_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་སྣ་ཚོགས་རྡོ་རྗེའོ། །དེའི་འོག་ཏུ་ཡཾ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་ནག་པོར་སྣང་བའོ། །དེའི་སྟེང་དུ་རཾ་ལས་སྐྱེས་པའི་དཀྱིལ་འཁོར་དམར་པོ་ཟུར་གསུམ་པ། དེའི་སྟེང་དུ་བཾ་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་ལྟེང་དུ་ལཾ་ལས་སྐྱེས་པའི་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་དུ་སུཾ་ལས་སྐྱེས་པའི་ལྷུན་པོ་ཆོས་མངོན་པ་མཛོད་ཀྱིས་འཇིག་རྟེན་གྱི་ཁམས་མཉམ་པར་གཞག་པར་གསུངས་པ་བཞིན་རི་བདུན་དང་གླིང་དང་བཅས་པ་དེའི་སྟེང་དུ་ཨ་ཡོངས་སུ་གྱུར་པའི་ཟླ་བ། དེའི་སྟེང་དུ་པཾ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་བཾ་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེའོ། །དེའི་ལྟེ་བ་ལ་བྷཱུཾ་ལས་སྐྱེས་པའི་འཁོར་ལོ། དེའི་ལྟེ་བར་རྣམ་པར་སྣང་མཛད་ཀྱི་རང་གི་ངོ་བོ་ཡེ་ཤེས་ཀྱི་མཆོད་རྟེན་ཁང་པ་བརྩེགས་པ་བལྟ་བར་བྱའོ་ཞེས་པ་རྒྱུད་ཐམས་ཅད་ལ་ངེས་པའོ། །ཁང་པ་བརྩེགས་པ་དེ་ཉིད་ལ་གྲུ་བཞི་པ་སྒོ་བཞི་པ་ཞེས་དཀྱིལ་འཁོར་གྱི་ཆོ་གར་བྲིས་པ་འཆད་བཞིན་པའི་རིམ་པས་ཐམས་ཅད་རྣམ་པར་བསམས་པར་བྱས་ནས་དེའི་བདག་ཉིད་མཆོད་པའི་ཡོ་བྱང་དུ་གྱུར་པར་དབུལ་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོཉཧཾ། ཞེས་སོ། །དེ་ནས་མགོ་བོར་འཁོར་ལོ་རྩིབས་བཅུ་གཉིས་པ་དཀར་པོའི་སྟེང་དུ་ཨོཾ་ཡིག་དཀར་པོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོཉཧཾ། དེའི་རྗེས་སུ་མགྲིན་པར་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨཱཿདྨར་པོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོཉཧཾ། དེའི་རྗེས་སུ་སྙིང་གར་རྡོ་རྗེ་ནག་པོའི་སྟེང་དུ་ཧཱུཾ་ཡིག་ནག་པོ། ཨོཾ་སྭཱརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་ཨཱཿཧཱུཾ། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཞེས་བསམས་ནས། དེ་ནས་གཡས་སུ་ཞབས་བསིལ་དང་མཆོད་ཡོན་གྱི་སྣོད་མདུན་དུ་བཞག་ནས། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ་ཞེས་ཉེ་བར་རེ་གནས་སྐུའི་དབང་པོ་ལ་སོགས་པའི་ས་བོན་གསུམ་གྱིས་བྱིན་གྱིས་བརླབ་པོ། །དེ་ནས་ཞབས་བསིལ་དེས་མཆོད་རྫས་གཞན་ལ་མངོན་པར་གཏོར་བར་བྱའོ། །ཨོཾ་ཨརྒྷཾ་པྲ་ཏཱིཙྪ་བཛྲ་པ་དྱཾ་པྲ་ཏཱིཙྪ་བཛྲ་པུཥྤེ་ཨཱཿཧཱུཾ། བཛྲ་དྷཱུ་པེ་ཨཱཿཧཱུཾ་ཞེས་པ་ལ་སོགས་པ་རང་རང་


DTG028_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གི་ཕྱག་རྒྱས་དབུལ་བར་བྱའོ། །དེ་ནས་རང་གི་དོན་གྱི་ཆོ་གས་བྲིས་པ་མ་ཡིན་པའི་དཀྱིལ་འཁོར་སྔར་གྱི་རིམ་པས་ཡེ་ཤེས་སེམས་དཔའ་བཀུག་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་རིམ་པས་ནང་དུ་གཞུག་པར་བྱའོ། །སླར་ཡང་ཀུན་ཏུ་སྤྲོས་ནས་སེམས་ཅན་ལ་ཕན་པའི་དོན་བྱེད་དུ་བཅུག་ནས་དམ་ཚིག་གི་དཀྱིལ་འཁོར་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དག་གཅིག་ཉིད་དུ་བྱས་ནས་དཀྱིལ་འཁོར་དང་དཀྱིལ་འཁོར་པ་རྣམས་རང་རང་གི་སྙིང་པོའི་སྔགས་ཀྱིས་མཆོད་པར་བྱ་ཞིང་བཟླས་པ་དང་བསྟོད་པར་བྱས་ལ་མཐར་གཤེགས་སུ་གསོལ་བར་བྱའོ་ཞེས་པ་དཀྱིལ་འཁོར་དང་བྲལ་བ་རང་གི་དོན་གྱི་ཆོ་གར་མདོར་བསྡུས་པ་ལས་རྒྱས་པས་གཞན་གྱི་དོན་དུ་དཀྱིལ་འཁོར་ལ་བརྗོད་པར་བྱའོ་ཞེས་པ་དང་པོར་སྦྱོར་བ་སྒྲུབ་པ་པོ་རང་གི་དོན་ཆོས་ཀྱི་སྐུའོ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཆོ་ག་རྒྱས་པས་དཀྱིལ་འཁོར་གྱི་ཆོ་ག་བརྗོད་པར་བྱའོ། །དེ་ལ་དང་པོར་རེ་ཞིག་དཀྱིལ་འཁོར་གྱི་གནས་ཞིང་གི་བདག་པོ་ལ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཅེས་པས་གཏོར་མ་སྦྱིན་པར་བྱའོ། །དེ་ལ་དཀྱིལ་འཁོར་དུ་ཉེ་བར་རུང་བའི་ས་ལ་བ་ལས་བྱུང་བ་བཅུ་ཕྱེད་ཀྱིས་ཉེ་བར་བྱུག་པར་བྱའོ། །དེ་ལ་སྔགས་ནི་ཨོཾ་ས་མནྟ་དྷ་ར་ཤུདྡྷེ་དྷ་ར་དྷ་ར་ཧཱུཾ། ཨོཾ་ནི་རྨ་ལ་ཤུདྡྷ་ཧཱུཾ་ཞེས་སོ། །དེ་ནས་ས་གཞི་དེ་ཁོ་ནའི་བགེགས་བཟློག་པའི་དོན་དུ་ཞི་བ་ཅན་གྱི་སྦྱིན་སྲེག་བྱའོ། །དེ་ལ་དཀྱིལ་འཁོར་དུ་ཉེ་བར་བྱས་ནས་གཡས་སུ་སྤོས་ཕོར་གཡོན་དུ་དྲིལ་བུ་བཟུང་ནས་ལྷ་སྤྱན་དྲང་བ་འདི་བཀླག་པར་བྱའོ། །ད་ནི་རྡོར་སེམས་རང་ངོ་བོ། །དཀྱིལ་འཁོར་མཆོག་ནི་འདྲི་བར་བྱེད། །ལྷ་རྣམས་བདག་ལ་གྲུབ་པའི་ཕྱིར། །མྱུར་དུ་བསྙེན་པར་མཛད་དུ་གསོལ། །ཞེས་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་རྡོ་རྗེ་སེམས་དཔའི་རང་གི་གཟུགས་སུ་བསམས་ནས་གཡོན་པ་དྲིལ་བུ་ཐོགས་པ་གཡས་པ་ཁ་ཊྭཱཾ་ག་སྟེང་དུ་རྩེ་མོ་ལྔ་པའི་རྡོ་རྗེ་འཆང་བར་བསམས་ནས་བདག་དེ་དང་འདྲ་བའི་ཕྱག་རྒྱ་བཅིངས་ནས་གཞན་སློབ་མ་རྣམས་ཤར་ལ་སོགས་པའི་ཕྱོགས་སུ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་ལུས་སུ་ཡོངས་སུ་བཞག་ནས་དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་སའི་སྟེང་གི་བླ་མ་སྔགས་ཀྱིས་མཆོད་


DTG028_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱའོ། །དེ་ནས་དེ་རྣམས་རྡོ་རྗེ་དྲིལ་བུ་གསིལ་ཞིང་ཤར་དུ་མཉམ་པའི་རྐང་སྟབས་དང་རྗེས་སུ་རྐང་པ་ལ་སོགས་པ་རྐང་སྟབས་བཞིས་གར་བྱས་ནས་རང་རང་གི་གནས་སུ་ཉེ་བར་འདུག་སྟེ་དེ་རྣམས་རྣམ་པར་སྣང་མཛད་ལ་སོགས་པ་རང་རང་གི་ཁ་དོག་དང་ཕྱག་རྒྱས་མཛད་པར་བཞག་ནས་བླ་མ་རང་ཉིད་ཤར་དུ་མངོན་པར་ཕྱོགས་པ་ཇི་ལྟར་གནས་པ་དེ་བཞིན་ཁོ་ནར་འདུག་པར་བྱའོ། །དེ་ནས་སློབ་མ་དེ་རྣམས་རྡོ་རྗེ་སེམས་དཔའི་རང་གི་ངོ་བོ་བླ་མ་ལ་རྡོ་རྗེ་མེ་ཏོག་ལ་སོགས་པའི་མཆོད་པ་བཅུ་གསུམ་བྱའོ། །དེ་ལ་སྔགས་ནི། ཨོཾ་བཛྲ་པུཥྤེ་ཨཱཿ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་བེ་དྱ་ཨཱཿཧཱུཾ། ཨོཾ་བཛྲ་ཤབད་ཨཱཿཧཱུཾ། ཨོཾ་བཛྲ་ལཱ་སྱེ་ཨཱཿཧཱུཾ། ཨོཾ་བཛྲ་མཱ་ལེ་ཨཱཿཧཱུཾ། ཨོཾ་བཛྲ་གཱིརྟི་ཨཱཿཧཱུཾ། ཨོཾ་བཛྲ་ནྲྀ་ཏྱེ་ཨཱཿཧཱུཾ། ཨོཾ་རཱ་ས་བཛྲ་ཨཱཿཧཱུཾ། ཨོཾ་སྤཪྴེ་ཛཱ་ཏེ་ཨཱཿཧཱུཾ། ཨོཾ་བཛྲ་ཨརྒྷཾ་ཨཱཿ་ཧཱུཾ། ཞེས་པ་བཅུ་གསུམ་པོ་རང་རང་གི་ཕྱག་རྒྱ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུཾ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཞེས་པས་ས་རྣམ་པར་སྦྱང་བར་བྱའོ། །དེ་ནས་ཡང་སློབ་མ་དེ་རྣམས་སླར་ཡང་རྐང་སྟབས་བཞིས་གར་བྱེད་པས་རྡོ་རྗེ་དྲིལ་བུ་བཟུང་ནས་ཨི་དཾ་ཏེ་གུ་རུ་མཎྜལ་ཀཾ་ནི་ཪྻ་ཏ་ཡཱ་མི་ཞེས་པས་དབུལ་བར་བྱའོ། །ཞེས་པ་སློབ་མ་བཞིས་རིམ་པས་སོ། །མེད་ན་སློབ་དཔོན་གཅིག་པུ་ཁོ་ནས་ཐམས་ཅད་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་རང་གི་ངོ་བོ་བླ་མ་རྡོ་རྗེ་དྲིལ་བུ་དང་བཅས་པས་ཕྱག་དག་གིས་པདྨའི་བསྐོར་བས་གར་གྱི་རྣམ་པས་རྐང་སྟབས་བཞིས་རྗེས་སུཾ་རྐང་པ་ལ་སོགས་པས་ཡོངས་སུ་བསྐོར་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ནཾ་ཀ་རོ་མི། ཞེས་པས་རྡོ་རྗེ་གསོར་བར་བྱས་དྲིལ་བུ་གཡོན་དུ་ཁ་གྱེན་དུ་ཕྱོགས་པར་བྱས་ནས་གནས་པར་བྱའོ། །ཧཱུཾ་ཧཱུཾ་ཞེས་བརྗོད་ལ་བགེགས་བསྐྲད་པར་བྱའོ། །སླར་ཡང་རཀྵ་རཀྵ་ཧཱུཾ་ཞེས་བརྗོད་ནས་དབང་ལྡན་ལ་སོགས་པར་གཡོན་སྐོར་གྱིས་བལྟ་བར་བྱའོ། །སླར་ཡང་དབང་ལྡན་ལ་སོགས་པར་གཡས་སྐོར་གྱིས་བལྟ་བར་བྱའོ། །དེ་ནས་རྡོ་རྗེའི་གུར་བསྒོམ་པར་བྱ་སྟེ་སྔགས་འདི་རྣམས་ཀྱིས་སོ། །ཨོཾ་བཛྲ་མེ་དི་ནཱི་བཛྲཱི་བྷ་བ་བནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་པཉྫ་ར་ཧཱུཾ་བཾ་ཧཱུཾ་ཕཊ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་པཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཤ་


DTG028_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ར་ཛཱ་ལ་ཏྲཱཾ་སཾ་ཏྲཱཾ་ཕཊ། ཨོཾ་བཛྲ་ཨ་ཙ་ན་གྲྀ་ཧེ་ཧཱུཾ་ཕཊ། ཨོཾ་བཛྲ་བི་དཱ་ན་ཧཱུཾ་བཾ་ཧཱུཾ་ཕཊ། ཨོཾ་བཛྲ་སུ་ཁ་ཨཱ་ས་ན་ཧཱུཾ་ཕཊ། ཅེས་པས་རྡོ་རྗེའི་གུར་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་གུང་མོ་གཉིས་ས་ལ་གནས་པར་བྱས་ནས། ཨོཾ་བཛྲ་ཨུཏྟིཥྛ་ཞེས་པས་ནམ་མཁར་བཏེག་ནས་དཀྱིལ་འཁོར་གདེག་པར་བྱའོ། །དེ་ནས་རྗེས་སུ་རྐང་པ་ལ་སོགས་པའི་རིམ་པ་བཞི་པོ་བྱས་ནས་རྐང་པ་བརྡབ་པར་བྱས་ཏེ། ཧཱུཾ་ཞེས་བརྗོད་པས་ཁྲོ་བོ་སྤྲོས་ནས། ཨོཾ་བཛྲོད་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། རིམ་པས་སྒོ་བཞི་པོའི་སྒོ་གླེགས་དབྱེ་བར་བྱའོ། །དེ་ནས་སྡིགས་མཛུབ་ཕུར་པའི་ཕྱག་རྒྱས་ཨོཾ་བཛྲ་མཎྜལ་ཧཱུཾ་ཛཿ་ཞེས་བརྗོད་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་པར་བྱའོ། །དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དག་གཅིག་ཏུ་བྱའོ། །དེ་ནས་སེང་ལྡེང་གི་ཕུར་པ་ལྔ་པོ་རྣམས་འབྲུ་ལྔ་རྣམས་ལ་བཞག་ནས་ཨོཾ་ཞེས་བརྗོད་ནས་དེ་ནས་ཕྱུང་སྟེ་སོ་མ་བཏང་བའི་ཕ་གུ་རྣམས་དབང་ལྡན་ལ་སོགས་པ་རྣམས་སུ་ཡོངས་སུ་བཞག་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི་གྷྣཱཾ་བནྡྷ་ཧཱུཾ་ཕཊ། ཅེས་བརྒྱད་ལྷག་པའི་བརྒྱ་ཡོངས་སུ་བཟླས་ནས་དབང་ལྡན་ལ་སོགས་པའི་ཕྱོགས་རྣམས་སུ་ཕུར་བུས་གདབ་པོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུ་ཥྚཱན་ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་བིགྷྣཱཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བརྗོད་ནས་རྡོ་རྗེ་ཐོ་བས་ཕུར་བུས་གདབ་པར་བྱའོ། །དཀྱིལ་འཁོར་གྱི་སྙིང་པོར་རྐོ་བར་བྱེད་པ་འཇིགས་པའི་ཕྱིར་ཤར་སྒོར་ཕུར་བུས་གདབ་པོ། །འདིས་བགེགས་རྣམས་ཕུར་བུས་གདབ་པོ་ཞེས་པའི་དོན་ཏོ། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བུམ་པ་དཀར་པོ་བྱས་ནས་སྣམ་བུ་དམར་པོས་དཀྲིས་ཏེ་འབྲུ་ལྔ་ལ་སོགས་པ་དང་བཅས་པ་མཆོད་ཡོན་དང་བཅས་ཤིང་མཚན་མ་དང་བཅས་པར་བྱས་ནས། དེའི་སྟེང་དུ་པདྨ། པདྨའི་སྟེང་དུ་ཟླ་བའམ་ཉི་མ། དེའི་སྟེང་དུ་པདྨ་ལྕགས་ཀྱུའམ་བགེགས་མཐར་བྱེད་དམ་བདུད་རྩི་འཁྱིལ་པ་བསམས་ནས་དེའི་དབུས་སུ་རྡོ་རྗེ་ལྕགས་ཀྱུའི་རིམ་པས་ཡེ་ཤེས་པ་བཅུག་ནས་ཁ་བཤལ་བའི་དོན་དང་དག་པའི་དོན་དུ་དཀྱིལ་འཁོར་གྱི་ཁང་པའམ་སྒོའི་གཡོན་དུ་གཞག་


DTG028_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱའོ། །གཞན་དུ་སློབ་དཔོན་རང་ངམ་སློབ་མས་ལག་པ་གཅིག་པོ་ཞི་བ་ཅན་གྱི་སྦྱིན་སྲེག་མདོར་བསྡུས་པའི་ཆོ་ག་བྱེད་དུ་གཞུག་གོ །དེ་ལ་དཀྱིལ་འཁོར་གྱི་ཁང་པར་དབང་པོ་ལ་སོགས་པ་འཇིག་རྟེན་སྐྱོང་བ་བཅུའི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་དང༌། ཡི་དགས་ལ་སོགས་པ་དང༌། ཀླུ་རྣམས་ཀྱི་གཏོར་མ་གསུམ་གྱི་སྣོད་གསུམ་སྦྱིན་པར་དེ་ལ་རིམ་པ་ནི། ལོ་ཏོག་ནས། གྲོ། སོ་བ། འབྲས། མ་ཤ་།མོན་སྲན་སྡེའུ། སྲན་ཆེན་ཨོ་སྐྱ་ཀ །སྲན་ཅུང་མ་སྡུ་ར་བདུན་དང༌། ཆང་དང་ཤ་དང་ཉ་ལ་སོགས་པ་བླངས་ནས་སྣོད་གསུམ་པོ་རྣམས་སུ་བགོས་ནས་བཅུག་སྟེ་བྱིན་གྱིས་བརླབ་པར་བྱས་ནས་སྔགས་ཀྱིས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཨིནྡྲཱ་ཡ། ཨགྣ་ཡེ། ཡ་མ་ཡེ། ནཻརྲྀ་ཏི་ཡེ། ཐ་རུ་ཎཱ་ཡ། བཱ་ཡ་བེ། ཀུ་བེ་རཱ་ཡ། ཨཱི་ཤྭ་ནཱ་ཡ། ཨུརྡྷཾ་བྲཧྨ་ཎི། ཙནྡྲ་སཱུཪྻ་བྷྱཾཿ་ཨརྠཿ་པྲྀ་ཐི་བྱཻ་སྭཱ་ཧཱ། ནཱ་གེ་བྷྱཿ་ཨ་སུ་རེ་བྷྱཿ། དེ་བ་ཡཀྵ། གནྡྷརྦ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧོ་རག །མ་ནུ་ཥྱ། ཨ་མ་ནུ་ཥྱ་བྷྱཿ། ས་པ་རི་བཱ་རེ་བྷྱ་སྭཱ་ཧཱ། ཨོཾ་གུཾ་གུཾ་སྭཱ་ཧཱ། ཨོཾ་གུཾ་ཀ་རེ་གུཾ་ཀ་རེ་སྭཱ་ཧཱ། བགེགས་བཟློག་པའི་དོན་དུ་གཏོར་མ་སྦྱིན་པར་བྱའོ། །ཨོཾ་ཚངས་སོགས་ལྷ་མིན་ཐམས་ཅད་དང༌། །དབང་སོགས་འཇིག་རྟེན་སྲུང་བ་པོ། །ཀླུ་དང་དྲི་ཟ་གནོད་སྦྱིན་རྣམས། །གཏོར་མ་འདི་ཡིས་ཚིམ་གྱུར་ཅིག །ཅེས་སོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱ་ཨཱདྱ་ནུདྤནྣ་ཏྭཱཏ། ཅེས་དང་མཆོད་ཡོན་དང་མེ་ཏོག་ལ་སོགས་པ་སྦྱིན་ནས། ཨོཾ་བཛྲ་མུཿ་ཞེས་བཀླགས་ནས་རོལ་མོའི་སྒྲས་གཤེགས་སུ་གསོལ་ཏེ་ཕྱོགས་ཀྱི་གཏོར་མའོ། །དེ་ནས་སློབ་དཔོན་ཞལ་བསིལ་གྱི་བུམ་པས་ཁ་བཤལ་ནས་གདོང་བཀྲུས་ཏེ་ཉེ་བར་འདུག་ལ། བསྟོད་པ་ལ་སོགས་བཀླག་པར་བྱའོ། །སྔ་མ་བཞིན་དུ་རང་ངམ་གཞན་གྱི་གཏོར་མའི་ལས་ལག་པ་གཉིས་ཀྱིས་བྱས་ནས་མི་སྨྲ་བར་འདུག་པར་བྱའོ། །དེ་ནས་དབང་བསྐུར་བར་གསོལ་བ་འདེབས་བཞིན་པ་མཚན་ཉི་ཤུ་རྩ་ལྔ་དང་ལྡན་པ་ཡོངས་སུ་བརྟགས་ནས་དགུག་པར་བྱའོ། །སློབ་མ་འོངས་ནས་བླ་མ་ལ་ཕྱག་འཚལ་ཏེ་མེ་ཏོག་ཐལ་མོས་བཟུང་ནས། ཨོཾ་བཛྲ་བྷཱུ་མི་ཨཱཿ།


DTG028_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨོཾ་བཛྲ་རེ་ཁེ་ཨཱཿ་ཞེས་པས་ས་གཞི་ངེས་པར་བརྟག་པར་བྱས་ལ། དཀྱིལ་འཁོར་མཆོད་པ་དང་བླ་མ་ལ་བསྟོད་དེ་དབང་བསྐུར་བའི་དོན་དུ་གསོལ་བ་གདབ་པར་བྱའོ། །དེ་ལ་ཚིགས་སུ་བཅད་པའི། གང་གི་འོད་ཟེར་འཕྲོས་པའི་དྲིན་གྱིས་བདག་ཉིད་ཀྱི། །མུན་པ་རབ་བཅོམ་དེ་ཉིད་རིན་ཆེན་གསལ་མཛད་པ། །རང་ཉིད་རྣམ་རྒྱལ་མཐོན་པོས་མཚུངས་མེད་རྙོག་བྲལ་གཟིགས། །དེ་ཕྱིར་གསལ་མཛད་བླ་མ་འདི་ལ་ཕྱག་བྱེད་དོ། །ཞེས་བརྗོད་དོ། །བླ་མ་དེའི་ལྷ་ལྷག་པར་གནས་པར་བྱ་སྟེ་དེ་ཁོ་ནའོ། །ཨོཾ་བཛྲ་གནྡྷེ། བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ་ཞེས་བཀླགས་ནས་སྙིང་གར་དྲི་དང༌། ཁ་ལ་བདུག་པ་དང༌། ལག་པ་གཡོན་དུ་མེ་ཏོག་དང༌། མིག་དག་ལ་མར་མེ་སྦྱིན་པར་བྱའོ། །དེ་ནས་ཨ་ཤྭཏྠ་འམ། ཨུ་དུམྺཱ་རའི་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་དང་བཅས་པ་སློབ་མ་ལ་སྦྱིན་པར་བྱའོ།། དེ་སློབ་མ་དེས་སོས་ཀུན་ནས་རེག་ནས་བ་ལང་གི་ཀོ་བ་ཙམ་ཉེ་བར་བྱུགས་པའི་ས་ལ་དོར་བར་བྱའོ། །ལྷུང་བའི་དགེ་བ་དང་མི་དགེ་བ་རྣམ་པར་དཔྱད་པར་བྱས་ནས་རྡོ་རྗེ་བཞིན་དུ་ལྷུང་བ་ལས་དངོས་གྲུབ་པོ་ཞེས་རྒྱུད་ཐམས་ཅད་ནས་བཤད་པའི་ལུགས་སོ། །ཨོཾ་པདྨ་ནེ་ཏྲོ་ཧྲཱིཿ་ཞེས་པ་སོ་ཤིང་དོར་བའི་སྔགས་སོ། །དེ་ནས་གཡས་སུ་ཉི་ཤུ་རྩ་གཅིག་པའི་ཀུ་ཤའི་རྩེ་མོ་བཟུང་ནས་གཡོན་དུ་བཅུ་གཉིས་པ་བཟུང་སྟེ། ཨོཾ་པདྨ་བཛྲི་ཎི་ཧྲཱིཿ་ཞེས་པས་གློ་གཉིས་སུ་བྱིན་པར་བྱའོ། །དེ་ནས་རང་གི་ལག་པ་གཉིས་སུ་ཚད་ཀྱི་སྐུད་པ་བ་སྒྲིལ་བ་བཀུག་ནས་སུམ་སྒྲིལ་དུ་བྱས་ནས་རྡོ་རྗེའི་མདུད་པ་བྱིན་ཏེ། ཨོཾ་པདྨ་ཨཾ་ཀུ་ཤ་ཧཱུཾ་ཕཊ་ཅེས་མངོན་པར་བསྔགས་ནས་ལག་པ་དག་ལ་བཅིང་བར་བྱའོ། །གསེར་དང་བཅས་པའི་རིལ་བུ་ཡང་ངོ༌། །བཅིངས་པའི་བར་མ་ཆད་པར་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསྲུང་བར་བྱའོ། །བུདྡྷ་མཻ་ཏྲི་བཛྲ་སྔོན་མའོ་ཞེས་པའི་སྔགས་ཀྱིས་སེ་གོལ་སྦྱིན་པར་བྱའོ། །ཨོཾ་བཛྲ་ཨུཥྞཱི་ཥ་ཞེས་པས་སློབ་མའི་གཙུག་ཏོར་བཅིང་བར་བྱའོ། །སང་ཆོས་སྟོན་པར་འགྱུར་རོ་ཞེས་སློབ་མ་གཉིད་ལོག་ཏུ་གཞུག་པར་བྱའོ། །དགེ་བ་དང་མི་དགེ་བའི་རྨི་ལམ་བརྗོད་དོ་ཞེས་པ་དང་བཤད་


DTG028_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱའོ། །དེ་ནས་སློབ་དཔོན་རྡོ་རྗེ་དྲིལ་བུ་བཟུང་ནས་གསིལ་ཞིང༌། རྡོ་རྗེའི་སྟེང་དུ་བདུག་སྤོས་བཟུང་ནས་སུ། །ཆོ་ག་ཇི་བཞིན་རིམ་ཇི་བཞིན། །སང་ནི་དཀྱིལ་འཁོར་བྲི་བར་བགྱི། །ལྷ་རྣམས་ལྷ་མོ་མཉམ་པར་བཅས། །ཉེ་བར་གནས་པར་མཛད་པར་རིགས། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནཾ། པཱ་ད་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཕྱག་བྱས། སྔར་བརྗོད་པའི་བཅོམ་ལྡན་འདས་ལ་བསྟོད་པ་བཀླགས་ནས་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། ལྷ་དང་རང་གི་མིང་སྙིང་པོར་བྱས་པས་རོལ་མོའི་སྒྲ་བསྒྲགས་ནས་གཏོར་མ་བྱིན་ཏེ། བཛྲ་མུཿ་ཞེས་བཀླགས་ནས་དབང་ལྡན་གྱི་ཟུར་གྱི་ཆ་གཅིག་ཏུ་བླ་མ་རང་ཡང་ཉལ་བར་བྱའོ། །ཐོ་རངས་ལངས་ནས་སྔར་བཞིན་དུ་གཙང་སྤྲལ་སོགས་པ་བྱས་ཏེ། སློབ་མ་རྣམས་ཀྱིས་དགེ་བ་དང་མི་དགེ་བའི་རྨི་ལམ་བསྟན་ཏེ་མི་དགེ་བ་རྣམས་ལ་བགེགས་ལ་སོགས་པ་བསྲུང་བ་དང༌། ཞི་བའི་མེ་ལ་སོགས་པ་བྱས་ནས་བསྲུང་བར་བྱའོ། །དེ་ནས་དཀྱིལ་འཁོར་བྲི་བའི་ཆོ་ག་བརྗོད་པར་བྱའོ། །དེ་ལ་མཆོག་དཔག་ཚད་ཀྱི་གྲངས་སོ། །འབྲིང་རྒྱང་གྲགས་ཏེ། ཆུང་དུ་ནི་ཀུན་དུ་ཁྲུ་ཡིས་སོ། །དེ་ལ་ཡང་ཁྲུ་བརྒྱ་ཡིས་འཁོར་ལོས་སྒྱུར་པས་སོ། །སའི་བདག་པོས་དེའི་ཕྱེད་ཀྱིས་སོ། །བློན་པོ་ཆེན་པོས་ནི་དེའི་ཕྱེད་དོ། །སློབ་མ་དབང་བསྐུར་བ་ལ་དེའི་ཕྱེད་དོ། །སློབ་དཔོན་རང་གི་འདོད་པའི་ལྷ་མཉེས་པའི་དོན་དུ་དཀྱིལ་འཁོར་གྱི་ཚད་བྱའོ། །དེའི་ཚད་ཙམ་མེད་པ་ལས་ཐམས་ཅད་པ་ལ་ཁྲུ་བཞིའོ། །དེ་ལ་བཅོམ་ལྡན་འདས་དཔལ་པདྨ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་འདི་ལ་ཁྲུ་བཞི་པ་ལ་སོགས་པའི་རིམ་པ་ཇི་ལྟ་བར་ཁྲུ་བཞིར་ཐམས་ཅད་ཁྲུ་བཅུ་དྲུག་པའོ། །དེ་ལ་སྙིང་པོ་ནས་ཕྱོགས་རྣམས་སུ་ཁྲུ་གཉིས་པར་འགྱུར་རོ། །དེའི་ཁྲུ་གཉིས་པོ་ནི་ཆ་གཉིས་སུ་བྱས་ནས་དེའི་ནང་མའི་ཆ་གཅིག་ལ་ཡང་ཆ་གསུམ་གྱིས་པདྨ་རིམ་པ་གསུམ་མོ། །ནང་དུ་འདབ་མ་བརྒྱད་པའོ། །དེའི་སུམ་ཆས་ཟེའུ་འབྲུའོ། །ཕྱི་རོལ་དུ་འདབ་མ་བཅུ་གཉིས། དེའི་ཕྱི་རོལ་དུ་འདབ་མ་བཅུ་དྲུག་གོ་ཞེས་པ་སྡོང་བུ་གཅིག་ལ་རིམ་པ་གསུམ་མོ། །ཆ་གཉིས་པའི་དང་པོ་ལ་བྱང་ཆུབ་སེམས་དཔའི་སྣམ་བུའོ། །བར་མ་ལ་


DTG028_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རི་མོ་ལྔ་ཕྲ་མོའོ། །ཕྱི་མ་ལ་རི་མོ་ལྔ་སྤོམ་པོའོ། །རི་མོ་རྣམས་ཀྱི་རིམ་པ་འདི་ཡིན་ཏེ། དཀར་པོ་དང༌། སེར་པོ་དང༌། སྔོན་པོ་དང༌། ནག་པོ་དང༌། ཐམས་ཅད་ཀྱི་ནང་དུ་དམར་པོའོ། །དེ་རིགས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ་ཞེས་པ་གྲུ་བཞི་པ་སྒོ་བཞི་བ་རྟ་བབས་བཞིས་བརྒྱན། དྲ་བ་དང་དྲ་བ་ཕྱེད་པ་དང༌། མེ་ཏོག་གི་ཕྲེང་བ་དང༌། མེ་ལོང་ལ་སོགས་པས་བརྒྱན་པ། ཟླ་བ་དང་ཉི་མ་ལ་སོགས་པ་དང་ཡང་དག་པར་ལྡན་པ་བུམ་པ་དང་བཅས་པའོ། །དེ་ལྟར་དཀྱིལ་འཁོར་རྫོགས་ནས་དེའི་སྙིང་པོར་པདྨའི་མཚན་མ་དམར་པོའི་སྟེང་དུ་ཟླ་བའི་མཚན་མ་གོ་ཡུའི་འབྲས་བུའི་ཚད་དུ་བྱའོ། །དེ་ལ་ཚོན་གདབ་པའི་དུས་སུ་ཚོན་སྣ་ལྔའི་སྣོད་རྔ་ཡབ་བཀུག་སྟེ་དབུས་སུ་ཚོན་དམར་བའི་སྣོད་ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་སྔོན་པོ། བྱང་དུ་ནག་པོ་ཡོངས་སུ་བཞག་ནས་དེ་རྣམས་ལ་ཧྲཱིཿ་ཨོཾ་ཏྲཱཾ་ཨཱཿ་ཧཱུཾ་ཞེས་པ་རྣམ་པར་བྲིས་ནས། ཨོཾ་པདྨ་ཨོཾ་ཀ་ཤ་ཧཱུཾ་ཕཊ་ཀྱིས་བསྲུངས་ནས། སྭཱ་བྷཱ་བ་ཤུདྡྷཿ་སརྦ་དྷརྨཱཿ་ཞེས་བཀླགས་ནས་ནམ་མཁའ་རྣམ་པར་བལྟས་ནས་ཛཿ་ཧཱུཾ་བཾ་ཧོཿ་ཞེས་པས་ཡེ་ཤེས་པ་བཅུག་ནས། ཧྲཱིཿ་ཧྲཱིཿ་ཧྲཱིཿ་ཧྲཱིཿ་ཧྲཱིཿ་ཞེས་པས་སོ་སོ་རེ་རེའི་ས་བོན་ལྔ་པ་དགོད་པར་བྱའོ། །སྣོད་དེ་རྣམས་སུ་ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལརྐ་ཧཱུཾ་ཞེས་པས་ནང་གི་ཚོན་ལས་འོད་ཟེར་སྤྲོས་པར་བྱའོ། །ཨོཾ་བཛྲ་བེ་ག་ཞེས་བརྗོད་ནས་ཡེ་ཤེས་ཀྱི་རི་མོ་བཀུག་པར་བྱས་ནས་ཚོན་སྣ་ལྔས་རེ་ཁཱ་ལྔ་པོ་རིམ་པས་དབང་ལྡན་ལ་སོགས་པ་རི་མོ་བྱ་ཞིང་ཀུན་དུ་བསྲུང་བ་ཡང་ངོ༌། །དེ་ནས་དབུས་སུའོ། །དེ་ནས་ཐམས་ཅད་དུ་རིམ་པ་བཞིན་ནོ། །དེ་བཞིན་དུ་དཀྱིལ་འཁོར་འདིའི་ཕྱི་རོལ་དུ་པདྨའི་ཕྲེང་བ་དམར་པོ། དེའི་ཕྱི་རོལ་དུ་དུར་ཁྲོད་སྣ་ཚོགས་མདོག །དེའི་ཕྱི་རོལ་དུ་འབར་བའི་ཕྲེང་བའོ་ཞེས་པ་ཐམས་ཅད་བྱའོ། །རྒྱས་པ་ནི་དེ་ཁོ་ན་ཉིད་བསྡུས་པར་བརྗོད་དོ། །དེ་བཞིན་དུ་ཁྲུ་བཞི་ལ་སོགས་པ་ནས་ཁྲུ་བརྒྱད་པ་དེ་སྲིད་རིམ་པ་ཁོ་ནའོ་ཞེས་སོ། །དཀྱིལ་འཁོར་རྫོགས་ནས་གཏོར་མ་སྦྱིན་པར་བྱའོ། །དེ་ནས་སློབ་དཔོན་ལངས་ནས་དཀྱིལ་འཁོར་གྱི་ཤར་དུ་ཉེ་བར་འདུག་པར་བྱའོ། །ཉེ་བར་འདུག་ནས་སྔར་བརྗོད་པའི་རིམ་པས་བསྟོད་པ་ལ་སོགས་པ་བྱའོ། །དེའི་རྗེས་སུ་


DTG028_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒྲུབ་ཐབས་སུ་བརྗོད་པའི་རིམ་པས་དཀྱིལ་འཁོར་རྣམ་པར་དག་པར་བསྒོམ་པར་བྱའོ། །དེ་ནས་མཆོད་པའི་ཡོ་བྱད་མཆོག་ཏུ་གྱུར་པ་ཐམས་ཅད་ཕུལ་ནས་བསམ་གཏན་གྱི་ཕྱག་རྒྱ་བཅིངས་ཏེ་ཡིད་གཡོ་བ་མེད་པར་བྱས་ནས་ཧྲཱིཿ་ཡིག་ལས་འོད་ཟེར་ཀུན་དུ་སྤྲོས་ནས་དེའི་འོད་ཟེར་རྣམས་ཀྱིས་ཕྱོགས་ཐམས་ཅད་དུ་གནས་པའི་དེ་བཞིན་གཤེགས་པ་རྣམས་རང་གི་སྙིང་གར་རབ་ཏུ་ཞུགས་པར་བསམ་པར་བྱའོ། །རྣམ་པར་བསམས་ནས་སླར་ཡང་རྣམ་པར་སྤྲོས་ནས་སེམས་ཅན་དེ་རྣམས་ལ་ཕན་པ་བྱེད་དུ་བཅུག་ནས་སླར་ཡང་རབ་ཏུ་ཞུགས་པར་བྱའོ། །དེའི་རྗེས་སུ་གཡས་དང་གཡོན་དུ་ཞབས་བསིལ། དེ་བཞིན་དུ་སྔགས་དང་མཆོད་ཡོན་གྱི་སྣོད་གཉིས་ཕུལ་ནས་རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱས་ནས། ཨོཾ་ཨཱཿ་ཧཱུཾ་ཞེས་པས་ལྷག་པར་གནས་པར་བྱའོ། །སྔགས་དང་གཡོན་གྱི་མཆོད་ཡོན་གྱི་སྣོད་བདུད་རྩི་ལྔ་ལ་སོགས་པས་གང་བ་དེས་དམ་ཚིག་གི་མཆོད་པའི་རྫས་ལ་བསང་གཏོར་བྱའོ། །དེ་ནས་རིགས་ལྔ་པོ་དགོད་པར་བསྒོམ་པར་བྱའོ། །བྷྲཱུཾ་ཡིག་དཀར་པོ་མགོ་བོ་ལ། །ཉི་མ་དང་མཚུངས་ཧྲཱིཿ་ཞལ་ལ། །ཧཱུཾ་ཡིག་ནག་པོ་སྙིང་ག་རུ། །གསེར་གྱི་འོད་ཅན་ཨཱཿ་ལྟེ་བར། །གསང་བའི་ཕྱོགས་སུ་ཁཾ་ལྗང་གུ། །བསམ་པར་བྱའོ་ཆོག་ལས། །ཞེས་བྱས་ནས་རང་གི་ལྷའི་སྔགས་ཀྱིས་བདག་ཉིད་མཆོད་པར་བྱ་ཞིང་དབང་བསྐུར་བར་གསོལ་བ་གདབ་པར་བྱའོ། །ཨོཾ་ཨ་བྷིཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་སོ། །ཨོཾ་བཛྲ་ཨརྒྷཾ་ཨཱཿ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿ་ཧཱུཾ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱ་དྱཾ་པྲ་ཏཱིཙྪ་ཞེས་བརྗོད་ནས་དམ་ཚིག་གི་མཆོད་པའི་རྫས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཨོཾ་བཛྲ་རཱ་ཛཱ་ཧཱུཾ་ཞེས་པས་རྡོ་རྗེ་བྱིན་གྱིས་བརླབས་ནས། ཨོཾ་བཛྲ་གཎྜེ་ཨཱཿ་ཞེས་པས་དྲིལ་བུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཨོཾ་ཨཱཿ་ཡཱ་ཧཱི་བྷ་ག་བཱན། པདྨ་ཨཱ་བ་ལོ་ཀི་ཏེ་ཤྭ་ར་སྭཱ་བྷཱ་བ་པྲཛྙཱ་པཎྜ་ར་བཱ་སི་ནཱི་ཨ་ལིརྒ་ཏ་ཀནྡྷ་ར་པྲ་པཱ་དཱ་ཙ་དཱ་ཡཱན་ཙ་ཀུ་རུ་པུ་ཛཾ་གྲྀཧྞ་ཨི་ཧ་སནྣི་ཧི་ཏོ་བྷ་བ་ཨ་དྷིཥྛཱ་ནཾ་ཀུ་རུ་མེ་སྭཱ་ཧཱ། ཞེས་པ་སྤྱན་དྲངས་པའི་ཚིགས་སུ་བཅད་པ་བཀླག་གོ །ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ་བཛྲ་སཏྭ་ཏྭེ་ནོ་པ་ཏཥྛི་དྲྀ་ཌྷོ་མེ་བྷ་བ་སུ་ཏོཥྱོ་མེ་


DTG028_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་པ། སརྦ་སིདདྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙི་ཏཏཾ་ཤྲེ་ཡཿ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་བཱ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ། ཨོཾ་བཛྲ་གནྟེ་ར་ནི་ཏ་པྲ་ར་ནི་ཏ་སཾ་པྲ་ར་ནི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ་པྲ་ཛྙཱ་པ་ར་མི་ཏཱ་ནཱ་ད་སྭཱ་བྷཱ་བ་བཛྲ་དྷ་རྨ་ཧྲྀ་ད་ཡ་སནྟོ་ཥ་ནི་ཀ་རི་ཨོཾ་ཨཱཿཧཱུཾ་ཕཊ་ཅེས་དྲིལ་བུ་དང་རོལ་མོའི་སྒྲ་བྱའོ། །དེ་ནས་བདེ་བ་ཅན་གྱི་སངས་རྒྱས་ཀྱི་ཞིང་ན་གནས་པའི་ཡེ་ཤེས་ཀྱི་འཁོར་ལོ་ཡང་དག་པར་བཀུག་ནས་དཀྱིལ་འཁོར་ལ་བཅུག་པར་བསམ་སྟེ་དེ་ཡིད་ཀྱིས་ཕྱིའི་མེ་ཏོག་ལ་སོགས་པའི་མཆོད་པ་དང་གསང་བའི་མཆོད་པ་བྱའོ། །ཕྱག་བྱ་བ་ལ་སོགས་པ་ཡང་ངོ༌། །སརྦ་དེ་བ་ཏཱ་དེ་བ་ཏཱི་ནཾ་པ་ད་བནྡྷ་ནཾ་ཀ་རོ་མི། ཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྲེང་བའི་སྔགས་བཟླས་པར་བྱའོ། །ན་མོ་བྷ་ག་བ་ཏི་པདྨ་ཨ་བ་ལོ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ནི་ཀཱ་ཡ། ཙ་ཏུ་རྨུ་ཁཱ་ཡ། དྭཱ་ད་ཤ་ནེ་ཏྭཱ་ཡ། བཛྲ་པདྨ་ཨཾ་ཀུ་ཤ་པཱ་ཤ་ཀ་པཱ་སླ་ཁ་ཊྭཱཾ་ག་རཏྞ་པཱ་ན་ཡེ། སྭཱ་བྷཱ་པྲ་བྷཱ་པནྜ་ར་ནཱ་སི་ནཱི་ཨཱ་ལངྒའི་ཏ་ཀཾ་དྷ་རཱ་ཡ། པཱ་མི་རྩ་ཏུ་རྠ་བྷུ་ཛ་དེ་བི་སྟན་པ་ར་ཤ་ན་ར་ཏཱ་ཡ་བི་ཤ་ཨ་ཉྫ། ཤ་ཤི་མ་དྷྱ་སྠཱ་ཡ་ད་ཧ་སརྦ་མཱ་རཱ་ན་མ་དྷ་མ་དྷ་བྷཱུ་ཏ་བཻ་ཏཱ་ལ་ཀུ་མབྷཾ་ཊ་ཡ་ཀྵ་སཱཾ་བཛྲ་ཎ་ཙེ་ཥཱཾ་ཧྲྀ་ད་ཡཱ་ནི་བྷིཾ་ཇི་བྷཾ་ཛ། མཾ་མ་ནོ་ར་ཐཾ་པ་ནི་པཱུ་ར་ཡ་སརྦ་བྷུ་མཱི་ཤྭ་ར་ཏུ་བྷྱཾ། ཧྲཱིཿ་ཞེས་པས་རྡོ་རྗེ་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་པདྨ་ཨོཾ་ཀུ་ཤ་ཨཱཿ་ཀཪྵ་ཡ་ཛཿ། པདྨ་པཱ་ཤ་པར་བེ་ཤ་ཡ་ཧཱུཾ། པདྨ་སྥོ་ཊ་བནྡྷ་ཡ་པཾ། པདྨ་ཨ་བེ་ཤ་ཏོ་ཥ་ཡ་ཧོཿ། ཞེས་བཀླགས་ནས་དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དག་འོ་མ་བཞིན་གཅིག་ཏུ་འདྲེས་པ་ཉིད་དུ་བྱའོ། །དེ་ནས་སྒྲུབ་པའི་ཐབས་ཀྱི་རྗེས་སུ་འབྲང་བས་དཀྱིལ་འཁོར་པ་རྣམས་ཀྱི་རང་གི་གཟུགས་ཕྱག་དང་ཁ་དོག་ལ་སོགས་པ་བསམས་ནས་ཨ་རྒྷཾ་པྲ་ཏཱི་ཙྪ་ཞེས་པས་ཕུལ་ནས། མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་རང་རང་གི་མིང་ཇི་ལྟ་བ་བཞིན་དུ་མཆོད་པར་བྱའོ། །དེ་ལ་ཇི་ལྟ་བ་བཞིན་དུ་རང་ལ་ལྷ་མོའི་གླུ་རྣམས་ཀྱིས་མཆོད་བཞིན་པ་དང༌། ཕྱིའི་པི་ཝང་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་གར་གྱི་ཀུན་དུ་མཉེས་པར་


DTG028_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསམ་པར་བྱའོ། །བཅོམ་ལྡན་འདས་མ་དེའི་སྔགས་རིམ་པ་བཞིན་དུ་བཟླས་པར་བྱས་ནས་མཆོད་པ་བྱའོ། །དེ་ལ་སྔར་ནི་སྒྲུབ་པའི་ཐབས་སུ་རིམ་པ་མིན་པས་བརྗོད་པ་འདིར་རིམ་པས་བཀླག་གོ །ཨོཾ་པཱཾ་པརྣ་ཤ་བར་བཱ་སི་ནི་ར་ཧྲིཿ་ཨོཾ་པཱཾ་ཧྲཱིཾ། ཨོཾ་ཧྲིཾ། པདྨ་ཨ་བ་ལོ་ཀི་ཏེ་ཤྭ་ར་མ་ཧཱ་སུ་ཁ། པདྨོ་ཨཱཿ་ཧཱུཾ་ཧྲིཾ། ཨོཾ་ཧྲཱི་ཧཱུཾ་ཧྲཾ་ཞེས་པ་བཅོམ་ལྡན་འདས་དང༌། བཅོམ་ལྡན་འདས་མའི་རྩ་བའི་སྔགས་དང་སྙིང་པོ་རིམ་པས་སོ་ཞེས་པས་སྙིང་པོར་རོ། །ཨོཾ་པདྨ་ལོ་ཙ་ནི་ཧྲཱིཾ། ཨོཾ་རཏྣ་པདྨ་ཧྲཱིཾ། ཨོཾ་པདྨ་བཛྲ་ནི་ཧྲཱིཾ། ཨོཾ་པདྨ་ཏཱ་རེ་ཧྲཱིཾ་ཞེས་བཤར་ལ་སོགས་པའི་ཕྱོགས་སུའོ། །ཨོཾ་པདྨ་བཱ་སི་ནི་ཧཱུཾ། ཨོཾ་པདྨ་ཛཱ་ལེ་ཧྲཱིཾ། ཨོཾ་པདྨ་བྷྲྀ་ཀུ་ཊི་ཧྲཱིཾ། ཨོཾ་པདྨ་ཤེ་ཁ་རེ་ཧྲཱིཾ་ཞེས་པ་མེ་ལ་སོགས་པའི་ཕྱོགས་བྲལ་རྣམས་སུའོ་ཞེས་པ་དང་པོའི་འདབ་མ་བརྒྱད་ལའོ། །ཨོཾ་པདྨ་ཨུ་ལྐེ་ཧྲཱིཾ། ཨོཾ་པདྨ་ཡ་ཡེ་ཧྲཱིཾ། ཨོཾ་པདྨ་ཤེ་མེ་ཤྭ་རེ་ཧྲཱིཾ། ཨོཾ་པདྨ་བཱ་ཏི་ཧྲཱིཾཿ་ཨོཾ་པདྨ་ནི་བྷྱ་ཧྲཱིཾ། ཨོཾ་པདྨ་ཙཎྜེ་ཤྭ་རེ་ཧྲཱིཾ། ཨོཾ་པདྨ་གུ་ཧྲྱེ་ཧྲཱིཾ། ཨོཾ་མ་ཧཱ་པདྨེ་ཧྲཱིཾ། ཨོཾ་པདྨ་ཙནྜེ་ཧྲཱིཾ། ཨོཾ་པདྨ་ཨཱ་བྷེ་ཧྲཱིཾ། ཨོཾ་པདྨ་གཽ་རཱི་ཧྲཱིཾ། ཨོཾ་པདྨ་ཀཽ་ཥེ་ཧྲཱིཾ་ཞེས་པ་གཉིས་པ་འདབ་མ་བཅུ་གཉིས་པ་ལའོ། །ཨོཾ་པདྨེ་ཤྭ་རི་ཧྲིའིཾ། ཨོཾ་པདྨ་མུ་ཁེ་ཧྲཱིཾ། ཨོཾ་པདྨ་ཙཎྜེ་ཧྲཱིཾ། ཨོཾ་པདྨ་བི་དྷྱོ་མེ་ཧྲཱིཾ། ཨོཾ་པདྨ་སཱ་གཱ་རི་ཎི་ཧྲཱོ། ཨོཾ་པདྨ་པ་བྷ་ཀ་རི་ཧྲཱིཾ། ཨོཾ་པདྨ་ཙིནད་མ་ནི་ཧྲཱིཾ། ཨོཾ་པདྨ་ཀཱ་མེ་ཧྲཱིཾ། ཨོཾ་པདྨ་རི་ཧྲཱིཾ། ཨོཾ་པདྨ་ཨ་མྦྷི་རེ་ཧྲཱིཾ། ཨོཾ་པདྨ་ལེ་ཁི་ཧྲཱིཾ། ཨོཾ་པདྨ་ཀཱ་ལི་ཧྲཱིཾ། ཨོཾ་པདྨ་སུ་ཁེ་ཧྲཱིཾ། ཨོཾ་པདྨ་ནེ་ཏྲ་ཧྲཱིཾ། ཨོཾ་པདྨ་ནི་དྷེ་ཧྲཱིཾ། ཨོཾ་པདྨ་ཡོ་གེ་ཤྭ་རེ་ཧྲཱིཾ། ཞེས་པ་འདབ་མ་བཅུ་དྲུག་པ་ལའོ། །ཨོཾ་པདྨ་ཨོཾ་ཀུ་ཤ་ཛཿ་ཧཱུཾ་ཕཊ། ཨོཾ་ཧཱུཾ་པདྨ་པཱ་ཤ་ཧཱུཾ་ཕཊ། ཨོཾ་བཾ་པདྨ་སྥོ་ཊ་ཧཱུཾ་ཕཊ། ཨོཾ་ཧོཿ་པདྨ་ཨཱ་བེ་ཤ་ཧཱུཾ་ཕཊ་ཅེས་སྒོ་རྣམས་སུའོ། །ཨོཾ་བེཏྟཱ་ལི་ཧཱུཾ་ཕཊ། ཨོཾ་གྷོ་ར་གྷོ་ར་ཥེ་ཧཱུཾ་ཕཊ། ཨོཾ་བཛྲ་དཾ་ཥྚྲི་ཧཱུཾ་ཕཊ། ཨོཾ་མ་ཧཱ་བ་ལེ་ཧཱུཾ་ཕཊ་ཅེས་པ་གྲྭ་རྣམས་སོ། །དེ་ལྟར་བཞི་བཅུ་རྩ་དྲུག་གི་དཀྱིལ་འཁོར་དང་དཀྱིལ་འཁོར་བའི་ལྷ་རྣམས་ཤར་དང་ལྷོ་ལ་སོགས་པའི་རིམ་པས་དང༌། དེ་བཞིན་དུ་མེ་ལ་སོགས་པའི་རིམ་པས་ལུགས་དང་མཐུན་པས་མཆོད་པར་བྱའོ། །སློབ་དཔོན་གྱིས་གཡོན་སྐོར་གྱིས།


DTG028_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་གྱི་གཡས་སྐོར་གྱིས་སོ། །ལྷ་འདི་རྣམས་ཀྱི་སྐུ་མདོག་དང་ཕྱག་དང་ཕྱག་མཚན་གྱི་རྣམ་པར་དག་པ་སྒྲུབ་པའི་ཐབས་ཀྱི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །དེ་ལ་ལྷ་དང་ལྷ་མོའི་རིམ་པ་གསུམ་ལ་ཁ་དོག་དཀར་པོ། སྒོ་སྐྱོང་གི་མཁའ་འགྲོ་མ་རྣམས་སྒྲུབ་པའི་ཐབས་སུ་བརྗོད་པའི་སྐུ་མདོག་སྔགས་འདི་ལྟ་བུས་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཡང་དག་པར་མཆོད་ནས་སླར་ཡང་སྔར་བརྗོད་པའི་བསྟོད་པས་བསྟོད་པར་བྱའོ། །བསྟོད་པས་སྐྱོ་བར་གྱུར་ན་བཟླས་པ་བྱའོ། །དེ་ནས་ཡཾ་རཾ་ཨཱཿཨོཾ་ཞེས་བདུད་རྩི་ལྔ་གཡོན་ན་གནས་པའི་མཆོད་ཡོན་གྱི་སྣོད་ལྷག་པར་གནས་པ་དང༌། ཁཾ་ཏྲཱཾ། ཨོཾ་ཧྲཱིཾ་ཧཱུཾ་ཞེས་པས་བདུད་རྩི་ལྔ་པོ་གཉིས་ཀ་ཞུ་ཞིང་ལྷུང་བར་བྱས་ནས། ཧཱུཾ་ཨཱཿ་ཨོཾ་ཞེས་པ་རིམ་པ་ལས་བཟློག་པས་བདག་ཉིད་བྱིན་གྱིས་བརླབས་ནས། ཨོཾ་ཤོ་དྷ་ཡ་ཤོ་དྷ་ཡ། མཾ་ཧཱུཾ་ཨོཾ། རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་པ་ཉྩ་ཨ་མྲྀ་ཏ་མ་ད་ན་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ཉྩ་ཨ་མྲྀ་ཏ་མ་དན་པར་མ་ར་ཨཱ་ཡ་ནཾ་བྷ་བ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ཉྩ་ཨ་མྲྀ་ཏ་མ་ད་ན་མཾ་པདྨ་ཨ་བ་ལོ་ཀི་ཏེ་ཤྭ་ར། མུ་ནི་བ་རི་ས་རཱུ་པཾ་ས་མ་གྲ་དེ་བའི་བྲྀ་ནྷ་ས་ཧི་ཏེ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བཛྲ་མེ་དེ་ནཱི་ཧཱུཾ། ཨོཾ་བྷཱུཾ་ཧཱུཾ། ཨོཾ་ཏྲཻ་ལོ་ཀྱ་བཱི་ར་ཧཱུཾ། ཨོཾ་ཙཎྜ་བཛྲ་པ་ཎ་ཡེ་ཧཱུཾ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་སརྦ་ཕྲེ་ཏ་པི་ཏཏཱི་ན་སནྟ་ར་པ་ཡ་ཧཱུཾ་ཞེས་པས་བདུད་རྩི་ལྔའི་ཆུས་ཀུན་ཏུ་ཚིམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་གནས་པའི་བུམ་པ་རྣམས་ཀྱིས་མངོན་པར་གཏོར་པར་བྱའོ། །དེ་ལ་དེ་རྣམས་ཀྱི་ངེས་པ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་བདག་པོ་དང་ལྷན་ཅིག་དཀྱིལ་འཁོར་པ་རྣམས་བཞི་བཅུ་རྩ་བཞིར་འགྱུར་ཏེ། དཀྱིལ་འཁོར་གྱི་བདག་པོ་ནི་པདྨ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྟེ་ལྷ་མོ་ནི་གོས་དཀར་མོའོ་ཞེས་པས་དེ་ལ་བཞི་བཅུ་རྩ་དྲུག་སྟེ། དེའི་ཕྱིར་ཕར་ལ་བུམ་པ་ཡོངས་སུ་བརྟགས་པ་ལྷ་དང་མཚུངས་པའི་བུམ་པ་ཡོངས་སུ་གཞག་པར་བྱའོ། །ལས་ཐམས་ཅད་པ་བགེགས་མཐར་བྱེད་ཀྱི་བུམ་པ་ནི་དེའི་སྟེང་དུ་ལྷག་པའོ། །ཡང་ན་བཅུ་ཉིད་དོ། །དེ་མེད་པ་ལས་ལྔའོ་ཞེས་པ་རྒྱུད་ཐམས་ཅད་ལ་


DTG028_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངེས་པའོ། །དེ་ལ་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་ཐ་དད་པ་མེད་པའི་ཕྱིར་བུམ་པ་གཅིག་བྱིན་གྱིས་བརླབ་པ་ཁོ་ནའོ་ཞེས་པ་ཁ་ཅིག་གོ །དེ་རྣམས་ནི་ཁོ་ར་ཡུག་ཏུ་གནས་པའི་བུམ་པ་དཀར་པོ། མགྲིན་པ་གོས་དཀར་པོས་དཀྲིས་པ་འབྲུ་ལྔ་ལ་སོགས་པ་དང་ལྡན་པ་དེ་རྣམས་ཡོངས་སུ་བཞག་ནས་མཆོད་ཡོན་དང་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། སྔར་བརྗོད་པའི་བདུད་རྩི་ལྔས་ཀྱང་མངོན་པར་གཏོར་བར་བྱའོ་ཞེས་པ་དཀྱིལ་འཁོར་མཆོད་པ་ཇི་ལྟར་འབྱོར་པ་བྱས་ན་ལྷ་མོས་དཀྱིལ་འཁོར་གྱི་གཙོ་བོ་ལ་བསྟོད་པར་བྱའོ། །ཕྱག་འཚལ་ཕྱག་འཚལ་རྡོ་རྗེ་ཆེ། །ཕྱག་འཚལ་ཕྱག་འཚལ་བདེ་བ་ཆེ། །ཕྱག་འཚལ་ཕྱག་འཚལ་པདྨ་ཆེ། །ཕྱག་འཚལ་ཕྱག་འཚལ་དགའ་བ་ཆེ། །ཕྱག་འཚལ་ཕྱག་འཚལ་ཕྲིན་ལས་ཆེ། །ཕྱག་འཚལ་ཕྱག་འཚལ་ཁྱབ་བདག་ཆེ། །ཁྱོད་ལས་རྡོ་རྗེ་དང་སེམས་དཔའ། །ཁྱོད་ལས་པདྨ་དྲི་མེད་མཛེས། །ཁྱོད་ལས་རིན་ཆེན་ལྷ་མོ་ཆེ། །སྣ་ཚོགས་རྡོ་རྗེ་དེ་བཞིན་ཉིད། །ཁྱོད་ལས་སངས་རྒྱས་དཔའ་བོ་ཆེ། །ཡང་དང་ཡང་དུ་འབྱུང་བར་བྱེད། །ཁྱོད་ལས་ཆོས་དང་དགེ་འདུན་ཡང༌། །ཁྱོད་ལས་ཕ་རོལ་ཕྱིན་པའི་ཚོགས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཁྱོད་ལས་གཟུངས་ཀྱི་དཀྱིལ་འཁོར་ཏེ། །ཁྱོད་ལས་སྔགས་དང་ཕྱག་རྒྱ་དང༌། །སླར་ཡང་ཁྲོ་བོའི་རྒྱལ་པོའི་ཚོགས། །ཞེས་པ་ལ་སོགས་པས་བསྟོད་པར་བྱའོ། །སླར་ཡང་བཟླས་པ་བྱ་ཞིང་དྲིལ་བུ་དཀྲོལ་བར་བྱའོ། །སྨོན་ལམ་གདབ་པར་བྱ་སྟེ། བདག་ནི་བུད་མེད་ཉིད་མིན་བདག་ཁོལ་དངོས་མ་ཡིན། །རྨོངས་པ་ཉིད་མིན་ཡུལ་ངན་རྣམས་སུ་སྐྱེ་བ་མིན། །བདག་ནི་ལོག་ལྟ་ཅན་གྱི་སྐྱེ་བར་འབྱུང་བ་མིན། །སྐྱེ་དང་སྐྱེ་བར་སངས་རྒྱས་གུས་པར་འགྱུར་བར་ཤོག །སྐྱེས་པ་དང་ནི་སྐྱེ་བཞིན་མ། །མངལ་དུ་གནས་པའི་ལུས་སུ་ཡང། །གང་དུ་སངས་རྒྱས་ལྷ་མེད་པར། །ང་ཡི་རིགས་སུ་སྐྱེ་མི་འགྱུར། །དམ་ཚིག་རྣམ་པ་བརྒྱར་ཞིག་གུས་པ་ཅན་དང་གོས་ངན་དང༌། །དྲི་མས་གོས་པའི་ལུས་དང་བརྟེན་མེད་སྡིག་པའི་ངང་ཚུལ་ཅན། །གཤིན་རྗེ་ཁྲོ་གཉེར་འཇིགས་ཤིང་ནད་ལྡན་སྡུག་བསྔལ་རབ་ཐོབ་


DTG028_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ། །སྐྱེ་བོ་མི་བསྲུན་ཡོངས་སུ་གྱུར་ལ་འཇིག་རྟེན་མགོན་བདག་སྲུངས། །ཁྱོད་ཉིད་མ་དང་ཁྱོད་ཉིད་ཕ། །ཁྱོད་ཉིད་གཉེན་ཁྱེད་ཉིད་བླ་མ། །ཁྱོད་ཉིད་རིག་པ་ཁྱོད་ཉིད་རྫས། །ཁྱོད་ཉིད་པད་དབང་ཐམས་ཅད་ཡོད། །ཀུན་ཐོབ་ཡོད་པར་སྐྱབས་ཡོད་བྱེད། །ཀུན་ཚེ་ཐམས་ཅད་གནས་ཡོད་བྱེད། །བཅོམ་ལྡན་འདས་ཁྱོད་རབ་རྫོགས་བྱེད། །འཇིག་རྟེན་མགོན་ཀྱེ་བདག་ལ་སྲུངས། །དབུལ་བ་ཉིད་དང་འཆི་བའི་སྡུག་བསྔལ་མང་པོ་ཟློག་བྱེད་པ། །དགོངས་པའི་དོན་རྣམས་ཐམས་ཅད་སྦྱིན་པ་ཡོངས་རྫོགས་པ། །འཇིག་རྟེན་མགོན་པོ་དཔལ་ཞེས་ལྔ་པོ་འདི་ནི་རྒྱལ་བྱེད་ཀྱི། །གཞན་པའི་ཡི་གེ་བརྒྱ་ཕྲག་འབྲས་མེད་ཕལ་བས་ཆེ། །ཞེས་པ་སྨོན་ལམ་བྱས་ནས་གཏོར་མ་སྦྱིན་པར་བྱའོ། །དེ་ལ་མྱོས་བྱེད་དང་ཤ་དང་འབྲུ་བདུན་ཆུས་ཡོངས་སུ་གང་བར་བྱས་ནས་བདུད་རྩི་ལྔའི་ཆུས་མངོན་པར་གཏོར་ཏེ། ཨོཾ་ཨཱཿཧཱུཾ་གིས་བདག་ཉིད་བྱིན་གྱིས་བརླབ་པར་བྱས་ནས། གཏོར་མ་བྱིན་གྱིས་བརླབ་པར་ཡང་བྱའོ། །དེ་ལ་གཏོར་མ་ལ་ཡེ་ཤེས་པ་བཅུག་ནས་ལྷ་དང་ལྷ་མ་ཡིན་དང་ཡི་དགས་དང་ཤ་བྲ་དང་དྲི་ཟ་རྣམས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྔགས་ཀྱི་བྱིན་གྱིས་བརླབ་པར་བྱས་ནས་མཆོད་ཡོན་དང༌། མེ་ཏོག་དང༌། བདུག་པ་དང༌། མར་མེ་ལ་སོགས་པས་མཆོད་པ་བྱའོ། །དེ་ལ་སྔགས་ཀྱི་ནི། ཨོཾ་ན་མོ་བྷ་ག་བ་ཏེ། ཨཱ་ཪྻ་ཨཱ་བ་ལོ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ནི་ཀཱ་ཡ། ཏདྱ་ཐཱ། དེ་བ། ཨ་སུར། །ག་རུ་ཊ། གནྡྷ་རྦྷ། མ་ནུ་ཥྱ། ཨ་མ་ནུ་ཥྱ། པྲེ་ཏཱ་ས་པ་རི་བཱ་ར། ཏྲཻ་དྷཱ་ཏུ་ཀཱི་སྛཱི་ཏཱ། ཡེ་ཨ་ཉ་ཙ། ཛྙཱ་ཏ་ཨ་ཛྙཱ་ཏཱཿ་ཀུ་ཤ་ལ། ཨ་ཀུ་ཤ་ལཱ། ཏྲི་པྟ། ཨ་ཏྲི་པྟཱ། པཱ་པ། ཨ་པཱ་པ། ཀྲུ་དྷ། ཨ་ཀྲུ་དྷཿ་སཽ་མྱཻཿ། ཨ་སཽ་མྱཻཿ། ཤཱ་ནྟ། ཨ་ཤཱནྟཱ། མྟྡཱཿ། ཨ་མ་དྷཱཿ། ཧྲཱི་ཥྚིཾ། ཨ་ཧྲཱི་ཥཊཾ། ས་སནྟཱ་ནཱཿ་ཨ་སནྟཱ་ནཱ། སྀ་རདྡྷ་ཀཱ། ཨ་རྀ་དདྷི་ཀཱ། ས་པྲ་དྷཱ་བཿ། ཨ་པྲ་བྷཱ་བཿ། སྭཱ་སྭཱ་སྠ་ན་ནི་བཱི་ས་ནཱ་ཏྭེ། སརྦེ་པ་ར་ས་པ་ར་ཨ་བྷི་རོ་དཧཱི་ན། ཨི་མཾ་པ་ལི་མ་ཪྻ་མཱཾ་ས་ཨཱ་དི་ས་ཧི་ཏཾ་བྷུ་ཉྫ་ནྟུ་ཛཱི་གྷཾ་ཏུ། པོ་བནྟ་ས་མ་ཡཾ་ར་ཀྵཾ་ཏུ་མ་མཱ་ཏི་ཀྲ་མནྟུ་སནྟུ་ཥཋཿ་པ་རི་པཱུ་ར་ནཱ་ཨུ་དཱ་ར་བྷ་


DTG028_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཾ་ཏུ། ཨ་ཉོ་ཉ་ཀཱ་ལི་ནཱ། སརྦ་ཡ་བཱ་སུ་ཁཾ་པྲཱ་བྷུ་བནྟུ་ཀུ་ཀྵིན་པཱུ་ར་ཡཱ་ནྟུ། ཨ་ཉྫ་ཡཾ། ཨནྟ་པ་ན། ཨུ་པ་ལ། བནྡྷུ་ཡ་ཐཱ། བི་པྲཱ་བྷ་སུ་ཁཾ་པྲཾ་སྱ་སོ་ཀ་རྠཱ་ནཾ། གྩྪནྟུ་སྭཱཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ནའཾ། ཨཱ་དྱ་ནུ་ཏྤནན་ཏྭཱ་ཏ། ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་གཙོ་བོའི་གཏོར་མ་དང། ཡང༌། ཨོཾ་ཧཱ་རཱི་ཏྱཻ་ཡཀྵི་ཎྱི། ཨི་མཾ། པནྜིཾ། པ་ཡ་ཙྪ་བ་སྭཱ་ཧཱ། ཨོཾ་པྲི་ཡཾ་ཀཱ་རཱ་ཡ་སྭྰ་ཧཱ། ཨོཾ་བཛྲ་ཡ་ཀྵཱ་ཡ་སྭཱ་ཧཱ། ཞེས་པས་ཆང་བུ་དང་བཅས་པའི་གཏོར་མ་སྦྱིན་པར་བྱའོ། །དེ་ནས་སླར་ཡང་དག་པར་མཆོད་པར་བྱའོ། །དེ་ནས་གཏོར་མ་རྣམས་གཤེགས་པའམ་མི་གཤེགས་པའོ། །སློབ་མ་ལ་དབང་བསྐུར་བ་བརྩམ་པར་བྱའོ། །དེའི་རྗེས་སུ་སློབ་མ་རྣམས་བརྒྱན་པར་བྱས་ནས་མེ་ཏོག་གི་ཕྲེང་བ་རྣམས་བཟུང་སྟེ། པུས་མོ་ས་ལ་བཙུགས་ནས་སྔགས་ཀྱི་ཚུལ་བྱུང་བ་ཉིད་ལ་བསོད་ནམས་འདོད་པ་ཁ་ཅིག་དཀྱིལ་འཁོར་འདིར་རབ་ཏུ་འཇུག་པར་བྱེད་དེ། འཇིག་རྟེན་ཕ་རོལ་ཉེར་བརྟེན་པའི། །དད་པ་མང་དུ་བྱས་ནས་ནི། །བློ་ལྡན་དཀྱིལ་འཁོར་འདིར་འཇུག་བྱའི། །འདི་ཡི་འབྲས་བུ་གཉེར་མི་བྱ། །ཞེས་རྗེས་སུ་བསྟན་ནས་སངས་རྒྱས་ཀྱི་གཟུགས་སུ་བྱའོ། །དེ་ནས་དེ་རྣམས་ཁོ་ན་བླ་མ་ལ་གསོལ་བ་འདེབས་སུ་གཞུག་གོ །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དང་གསོལ་ཀྱི། །ཞེས་གསོལ་བ་གདབ་པ་དང་ལྡན་པའི་སློབ་མ་རྣམས་པར་འདུད་པ་ལ་མི་བསྐྱོད་པའི་གཟུགས་སུ་དམིགས་ནས། རང་གི་རིག་མ་སྐྱེས་བུ་རྡོ་རྗེ་ཅན་དུ་བསམས་ནས་རྡོ་རྗེས་སེམས་སུ་རབ་ཏུ་བསྒོམས་པས་ཁོར་ཡུག་གི་བུམ་པས་བརྒྱད་ཀྱི་ཆུ་གཏོར་བར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱིས་བསུམ་པའི་ཆུ་བླངས་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང༌། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱེད། །ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་སློབ་མ་འཁོར་ལོས་སྒྱུར་བ་ལྟ་བུར་དབང་བསྐུར་བར་བྱའོ། །ཆུའི་དབང་བསྐུར་བའི་ཆོ་ག་མེ་ལོང་ཡེ་ཤེས་སོ། །དེ་ནས་བཤད་མ་ཐག་པ་ལ་


DTG028_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པའི་རིམ་པས་གསེར་རམ་གོས་ལས་བྱས་པའི་ཅོད་པན་སློབ་མའི་མགོ་ལ་སྦྱིན་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་རབ་ཏུ་སྦྱོར་བ་ལས་ནམ་མཁའི་མཐིལ་དུ་སོན་པའི་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ཀྱི་བདག་པོའི་གཟུགས་ཀྱིས་ཅོད་པན་ཁོ་ནར་གནས་པར་བསམ་པར་བྱའོ། །ཨོཾ་ཨཿ་བཛྲ་མུ་ཀུ་ཊ་ཨ་བྷི་ཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་པས་ཅོད་པན་བལྟ་བར་བྱའོ། །སླར་ཡང་ཅོད་པན་གྱི་གནས་སུ་ཨོཾ་བཛྲ་རྡྷཱ་ཏྭཱ་ཤ་ཏི་ཨ་བྷི་ཥི་ཉྩ་ཧཱུཾ། ཨོཾ་སྟྭ་བྫྲཱི། །རཏྣ་བཛྲི། དྷ་རྨཱ་བྫྲི། ཀརྨ་བྫྲི། ཨ་བྷི་ཥཉྩ་ཧཱུཾ། འདིས་ནང་གི་པདྨ་འདབ་བརྒྱད་ཀྱི་ཕྱོགས་སུ་གནས་པའི་ལྷ་མོ་བརྗོད་པ་རྣམས་དང༌། དབུས་ཀྱི་གོས་དཀར་མོ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་ཤེས་པར་བྱའོ་ཞེས་པས་མཉམ་པ་ཉིད་ཡེ་ཤེས་ཏེ་ཅོད་པན་གྱི་དབང་བསྐུར་བའོ། །དེ་ནས་རྡོ་རྗེ་ཆེན་པོ་རྩེ་མོ་ལྔ་པ་སྙིང་ག་ལ་སོགས་པའི་གནས་རྣམས་སུ་བཞག་ནས་ལག་པ་གཡས་པས་གཏད་པར་བྱའོ། །སློབ་མ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་འཇིག་རྟེན་དབང་ཕྱུག་གི་རྣམ་པ་ལ་གཏད་པར་བྱའོ། །སངས་རྒྱས་རྡོ་རྗེ་དབང་བསྐུར་ལ། །དེ་རིང་ཁྱོད་ལ་དབང་བསྐུར་གྱུར། །སངས་རྒྱས་ཐམས་ཅད་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་དེ་ཁྱོད་ཀྱིས་གཟུང༌། །ཞེས་བཀླགས་ནས་ལག་པ་གཡས་སུ་རྡོ་རྗེ་སྦྱིན་པར་བྱའོ། །སོ་སོར་རྟོག་པ་ཡེ་ཤེས་རྡོ་རྗེའི་དབང་བསྐུར་བའོ། །དེ་ནས་དོན་ཡོད་གྲུབ་པའི་གཟུགས་ཀྱིས་དྲིལ་བུ་ལག་པ་གཡོན་དུ་བྱིན་ནས། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩཱ་མི་ཏི་ཥཐ་ས་མ་ཡ་སྟྭཾ། ཞེས་བཀླགས་ནས་ལག་པ་གཡོན་དུ་སྟེ་དྲིལ་བུའི་དབང་བསྐུར་བའི་ཆོ་ག་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ནས། མགོ་བོར་རྡོ་རྗེ་དྲིལ་བུ་བྱིན་ཏེ། ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥི་ཉྩའ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏཿ། ཀྱེ་དཔལ་གཏི་མུག་རྡོ་རྗེ། ཀྱེ་དཔལ་ཞེས་སྡང་རྡོ་རྗེ། ཞེས་མིང་གི་དབང་བསྐུར་བར་བྱའོ་ཞེས་པ་ལ་སོགས་པ་རིགས་དང་རྗེས་སུ་མཐུན་པའི་མིང་གི་དབང་བསྐུར་རོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མངོན་པར་


DTG028_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་བསྐུར་བ་ལྔ་པོ་འདི་རྣམས་ཀྱིས་ཀྱང་སློབ་མ་སྔགས་དང་རྒྱུད་ཉན་པ་དང་བཤད་པ་དང་སྒྲུབ་པ་ལ་དབང་བར་བྱས་པར་འགྱུར་རོ། །དབང་བསྐུར་བ་ལྔ་པོ་རིག་པའི་དབང་བསྐུར་བ་ཞེས་བརྗོད་པར་བྱ་སྟེ། ཐམས་ཅད་དུ་སྤྱན་མ་ལ་སོགས་པའི་རིག་མ་རྣམ་ཀྱིས་བྱ་བའི་ཕྱིར་རོ། །དེའི་བར་མ་ཆད་པར་འདུལ་བས་སློབ་མ་དོན་དུ་གཉེར་བ་དང་ལྡན་པ་ལ། བླ་མས་སློབ་དཔོན་གྱི་དབང་བསྐུར་བར་བྱ་སྟེ། ཇི་ལྟར། གང་གི་བདག་གི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་གསོལ་བ་འདེབས་པ་དང་ལྡན་པའི་སློབ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟེང་དུ་གདུགས་དང་རྒྱལ་མཚན་དང་བླ་རེ་ལ་སོགས་པས་བརྒྱན། ཤར་གྱི་སྒོར་སེང་གེའི་ཁྲི་ལ་གནས་པ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ་རྡོ་རྗེ་སེམས་དཔའི་གཟུགས་སུ་དམིགས་ནས་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེར་བསམས་ནས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའི་བདེ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བ་སྙེམས་པའི་བདག་པོ་བདག །དཔལ་མཆོག་དང་པོའི་སྐྱེས་བུ་ཁྱེད། །ཅེས་དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱའོ། །དེའི་རྗེས་སུ། ཨཱཿཡིག་ལས་སྐྱེས་པའི་དྲིལ་བུ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་པས་ལག་པ་གཡོན་དུ་སྦྱིན་པར་བྱའོ། །དེའི་རྗེས་སུ། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱ་རབ་ཏུ་གྲགས། །ཞེས་པ་འདིས་རང་གི་འདོད་པའི་ལྷའི་སྐུ་རུ་ནང་གི་བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོ་ལྷག་པར་གནས་པ་ལ་འཁྱུད་པར་བྱའོ། །དེའི་རྗེས་སུ་སློབ་དཔོན་རང་གི་སྙིང་གའི་ས་བོན་ལས་བྱུང་བ་ནམ་མཁའ་གནས་པའི་ལྷའི་ཚོགས་ཀྱིས་མངོན་པར་དབང་བསྐུར་བཞིན་པར་བསམ་སྣས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡི་ཕྱག་བྱས་པ། །གསང་གསུམ་


DTG028_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་ལས་ཡང་དག་བྱུང༌། །སངས་རྒྱས་ཀུན་གྱི་སྦྱིན་པར་བྱེད། །ཅེས་མངོན་པར་དབང་བསྐུར་བར་བྱའོ། །ཇི་ལྟར་གསུངས་པ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་ལས། །ཁྱོད་ནི་སློབ་དཔོན་འབྱུང་བར་འགྱུར། །ཞེས་སློབ་དཔོན་དུ་དབང་བསྐུར་བར་འདོད་དོ། །དེའི་ཆེད་དུ་སློབ་དཔོན་དུ་དབང་བསྐུར་བའི་དབང་དུ་བྱ་བ་དེའི་ཆེད་དུ་བྱིན་ནོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། དཀྱིལ་འཁོར་གྱི་རྣམ་པར་དག་པ་མདོར་བསྡུས་ནས་བཤད་པར་བྱ་སྟེ། ལྟར་དཀྱིལ་འཁོར་པདྨ་ཞེས་སུ་བརྗོད། །ཡིད་ཀྱི་དཀྱིལ་འཁོར་བཤད་པར་བྱ་སྟེ། ཁང་བརྩེགས་ཞེས་པ་ཡེ་ཤེས་ཏེ། །སེམས་ཀྱི་བརྩེགས་པ་ཡང་དག་བསྒྲེང༌། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །དེ་ཕྱིར་རྣམ་པར་སྣང་མཛད་གཟུགས་སུ་དམིགས་པའི་སློབ་མ་ལ་རྗེས་སུ་གནང་བ་སྦྱིན་པར་བྱའོ། །འཇིག་རྟེན་ཀུན་ལ་ཐམས་ཅད་ནས། །དངོས་གྲུབ་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་གནས་སུ་རྡོ་རྗེ་དང་རིན་ཆེན་དང༌། ལས་དང་ཁྲོ་བོའི་སྒྲ་གཅིག་པའི་ཚིགས་སུ་བཅད་པས་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེའི་རྗེས་སུ་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ་དང༌། །ལུང་བསྟན་པ་དང༌། དབུགས་དབྱུང་བ་སྦྱིན་ནོ་ཞེས་པ་རྒྱན་ཐམས་ཅད་ཀྱི་རྗེས་སུ་འབྲངས་པ་སྦྱིན་པར་བྱའོ། །དེ་ལྟར་སློབ་དཔོན་དུ་དབང་བསྐུར་བས་རྡོ་རྗེ་རྣམ་པར་སྦྱང་བར་བྱའོ། །གསང་བ་གསུམ་གྱི་དབང་བསྐུར་བས་གསུང་གི་རྡོ་རྗེ་ཡང་རྣམ་པར་སྦྱང་བར་བྱ་སྟེ། དེ་ལྟ་བུའི་རིམ་པས་རྒྱུད་ཐམས་ཅད་ལ་བརྗོད་པའི་ཚོགས་དབང་བསྐུར་དགུས་གྲོལ་བ་སྦྱིན་པར་བྱའོ། །དེ་ལ་རིམ་པ་ནི། ཆུ་དང་ཅོད་པན་རྡོ་རྗེ་དང་ནི་དྲིལ་བུ་ལ་སོགས་མིང༌། །རིགས་གསུམ་དམ་ཚིག་སྐལ་ལྡན་སློབ་དཔོན་གསང་བ་མཆོག་སོགས་ཀྱིས། །དབང་བསྐུར་རྣམ་པར་དགུ་པོ་གང་གི་མཚུངས་མེད་བསོད་ནམས་ཀྱིས། །སྐྱེར་འཇུག་སྲིད་པ་དག་པ་བླ་མ་ཚོགས་དེ་ལ་ཕྱག་འཚལ། །ཞེས་པ་ཕྱག་བྱས་ནས་


DTG028_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་བསྐུར་བ་ཐམས་ཅད་ཐོབ་ནས། དེ་ནས་སློབ་མས་ལུས་ལ་སོགས་པ་ཅི་རིགས་པའི་ཡོན་དབུལ་བར་བྱའོ། །བླ་མས་ཀྱང་ཞེན་པ་མེད་པའི་སེམས་ཀྱིས་བླངས་ནས་དེ་ལ་བཀྲ་ཤིས་བརྗོད་པར་བྱའོ། །དེ་ནས། བཅོམ་ལྡན་འདས་སངས་རྒྱས་བཀྲ་ཤིས་དང༌། །ཆོས་དང་དགེ་འདུན་བཀྲ་ཤིས་དང༌། །བསོད་ནམས་འདི་ཀུན་ཉིད་ཀྱིས་ནི། །སློབ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མདའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨོ་རྒྱས་པ་འདབ་འདྲའི་སྤྱན་མདའ་བ། བཀྲ་ཤིས་དེ་ནི་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམ་སླ་ཞི་བྱེད་པ། །དེ་ནི་ཁྱོད་ལ་འཇིག་རྟེན་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚར་ཤེས་དང་དཔལ་གྱི་གཞི། །དེ་ནི་ཁྱོད་ལ་འཇིག་རྟེན་བཀྲ་ཤིས་གསུམ་པའོ། །ཞེས་སློབ་མ་རྣམས་ལ་བཀྲ་ཤིས་སྦྱིན་པར་བྱའོ། །དེ་རྣམས་བསྔགས་པ་དང། །དེ་ནས་སློབ་མ་དེ་རྣམས་རེ་རེ་ནས་རིམ་པས་ཕྱག་འཚལ་ནས་འགྲོར་གཞུག་གོ །དེ་ནས་བླ་མ་སླར་ཡང་མཆོད་པ་དང་བསྟོད་པ་བརྗོད་པ་ལ་སོགས་པ་ཐམས་ཅད་བྱའོ། །གཞན་ཡང་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་བསྒོམ་པར་བྱ་བའི་ཐབས་སུ་བཤད་པའི་ཆོ་གས་བྱས་ནས་གཅིག་གམ་ལྔའམ་བདུན་ནམ་ལྔ་བཅུའམ། བརྒྱད་ལྷག་པའི་བརྒྱར་གཏོར་མ་བྱིན་ནས་མཆོད་པ་བྱས་ཏེ་དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་དབང་པོའི་ལྷ་རྣམས་བཟོད་པར་མཛོད་ཅིང་བཟོད་པར་མཛོད་ཅིག་ཅེས་བརྗོད་ནས་དཀྱིལ་འཁོར་ལ་བསྐོར་བ་བྱས་ཏེ་གཏོར་མ་ཡང་ངོ༌། །སླར་ཡང་ཉེ་བར་འདུག་སྟེ་ཡང་དག་པར་བསྟོད་ནས་བཛྲ་མུཿ་ཞེས་བཟླས་ཏེ་རོལ་མོའི་སྒྲས་གཏོར་མ་གཤེགས་སུ་གསོལ་བར་བྱའོ། །དཀྱིལ་འཁོར་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སེམས་དཔའི་རང་གི་ངོ་བོ་བྡྲ་མུཿ་ཞེས་བཀླགས་ནས། ཁྱེད་ཀྱིས་སེམས་


DTG028_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿཞེས་པས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བར་བྱའོ། །དམ་ཚིག་གི་དཀྱིལ་འཁོར་རང་གི་སྙིང་གའི་ས་བོན་ལ་རབ་ཏུ་གཞུག་པར་བྱའོ་ཞེས་སོ། །དཀྱིལ་འཁོར་གྱི་རྡུལ་ཚོན་ནི་ཀླུང་གི་གནས་སུ་རབ་ཏུ་གཞུག་པར་བྱའོ། །གཞན་ཉི་མ་གཉིས་པ་ལ་རྣམ་ཐོས་སྲས་ལ་སོགས་པའི་གཏོར་མ་སྦྱིན་པར་བྱའོ་ཞེས་པ་རྒྱུད་ལས་གསུངས་པ་ངེས་པའོ། །པདྨ་སྤྱན་རས་གཟིགས་དབང་གི །དཀྱིལ་འཁོར་མཆོད་པའི་ཆོ་ག་ནི། །འཇིག་རྟེན་རྣམས་ལ་ཕན་འདོད་པས། །རྒྱལ་དཔལ་ཡེ་ཤེས་ཀྱིས་བྱས་པའི། །བསོད་ནམས་དེ་ལས་སྐྱེ་དགུར་བཅས། །རྟག་ཏུ་སྐྱེ་དགུ་བདེ་ལྡན་འགྱུར། །བདག་ཀྱང་བསོད་ནམས་འདི་ཡིས་ནི། །ཀུན་མཁྱེན་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་པདྨ་སྤྱན་རས་གཟིགས་དབང་ཕྱུག་གི་པདྨ་དྲ་བའི་རིམ་པས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་མཆོད་པའི་ཆོ་ག་རྫོགས་སོ།། །།རྒྱལ་བ་དཔལ་ཡེ་ཤེས་མིང་གཞན་པདྨ་རྡོ་རྗེ་ཞེས་བྱ་བས་མཛད་པ་རྫོགས་སོ།། །། ཁ་ཆེའི་པཎྜི་ཏ་ཆེན་པོ་སུ་མ་ན་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousཔདྨ་སྤྱན་རས་གཟིགས་དབང་ཕྱུག་གི་པདྨ་དྲ་བའི་རིམ་པས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དུ་མཆོད་པའི་ཆོ་ག། རྒྱལ་བ་དཔལ་ཡེ་ཤེས།next