Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།


   
   
  expand section
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
  expand section
   
   
   
   
  expand section
   
  expand section
   
   
  expand section
  expand section
  expand section
   
   
  expand section
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
མི་གཡོ་བའི་མངོན་པར་རྟོགས་པོ་རབ་ཏུ་དགའ་བར་མངོན་པར་བརྗོད་པ།  ནགས་ཀྱི་རིན་ཆེན།


 
previousམི་གཡོ་བའི་མངོན་པར་རྟོགས་པོ་རབ་ཏུ་དགའ་བར་མངོན་པར་བརྗོད་པ། ནགས་ཀྱི་རིན་ཆེན།no next

མི་གཡོ་བའི་མངོན་པར་རྟོགས་པོ་རབ་ཏུ་དགའ་བར་མངོན་པར་བརྗོད་པ།
ནགས་ཀྱི་རིན་ཆེན།

དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན།


DTG028_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཨ་ཙ་ལཱ་བྷིས་མ་ཡཿ་སུ་ར་ཏཱ་བྷི་དྷཱ་ནཿ། བོད་སྐད་དུ། མི་གཡོ་བའི་མངོན་པར་རྟོགས་པ་རབ་ཏུ་དགའ་བར་མདོན་པར་བརྗོད་པ། དཔལ་གཏུམ་ཆེན་དྲག་པོ་ལ་ཕྱག་འཚལ་ལོ། །དཔལ་དབང་དཔའ་བོའི་ཚོགས་ལ་ཕྱག་བྱས་ནས། །རང་གི་རྒྱུད་དང་གཞུང་གཞན་མཐོང་བ་ལས། །དཔལ་ལྡན་དྲག་ཆེན་སྒྲུབ་ཐབས་ཞེས་བྱ་བ། །དེ་དག་ལས་ཕྱུང་འདིར་ནི་བྲི་བར་བྱ། །དང་པོ་རེ་ཞིག་སྔགས་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་པོ་འདི་ཉིད་དུ་མངོན་སུམ་དུ་བྱ་བར་འདོད་ཅིང༌། ཡང་དག་པའི་ཕ་རོལ་ཏུ་ཕྱིན་པ་བསླབས་པ། རྡོ་རྡོ་རྗེ་བླ་མ་མཉེས་པར་བྱས་ནས་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ། ཡང་དག་པར་རྗེས་སུ་གནང་བ། རྒྱུད་ཐོས་ནས་ཟུང་དུ་འཇུག་པའི་དེ་ཁོ་ན་ཉིད་ལ་མཁས་པ། སྙིང་རྗེ་ཆེན་པོ་ཅན་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་བློས། དཔལ་དྲག་ཆེན་གཏུམ་པོ་བསྒོམ་པར་འདོད་པས། ཡིད་དང་རྗེས་སུ་མཐུན་ཞིང་ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བའི་གནས་སུ་བདེ་བའི་སྟན་ལ་འདུག་པའམ། ཡང་ན་རྡོ་རྗེས་སམ། འབྱིན་པའི་དཀྱིལ་འཁོར་གྱིས་འདི་ལ་འདུག་པ་ནི་སྟན་ཏེ་ཞེས་རབ་མ་མཆོག་གི་ལུས་སོ། །དེ་ལ་འདུག་སྟེ། དེ་ནས་བདུད་རྩི་ལྔའི་རིལ་དུ་བར་བཅུག་ནས་ཚངས་པའི་གནས་པ་བཞི་བསྒོམ་པར་བྱའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུར་བརྩེ་བ་བདེ་བ་ཉེ་བར་སྒྲུབ་པའི་རྣམ་པ་ནི་བྱམས་པ་ཆེན་པོའོ། །རྣམ་པར་རྟོག་པའི་ཆུ་གཏེར་དུ་བྱིང་ཞིང་སྐྱབས་མེད་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་འདོན་པར་འདོད་པའི་རང་བཞིན་ནི་སྙིང་རྗེ་ཆེན་པོའོ། །ཆེས་ཁྱད་པར་དུ་འཕགས་པའི་མི་གཡོ་བའི་སྒྲུབ་པའི་ཐབས་ཉེ་བར་བསྟན་པ་ལས་ཐུན་མོང་དང་མཆོག་གི་བདེ་བ་དང་ལྡན་པས་ཡོངས་སུ་ཚིམ་པའི་མཚན་


DTG028_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ནི་དགའ་བའོ། །འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་གཉེན་པོར་ལམ་ཉེ་བར་སྒྲུབ་པའི་རྣམ་པ་ནི་བཏང་སྙོམས་སོ། །དེ་ནས་རྣལ་འབྱོར་པ་བདག་ཉིད་འཆད་པར་འགྱུར་བའི་ཁ་དོག་དང༌། གཟུགས་དང༌། དབྱིབས་ཅན་གྱི་མི་གཡོ་བའི་རང་གི་སྙིང་གར་པདྨ་དང་ཟླ་བ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་སྔོན་པོ་ལས་སྤྲོས་པའི་ཡེ་ཤེས་ལྔའི་འོད་ཟེར་རྣམས་ཀྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་སྣང་བར་བྱས་ནས། བཅོམ་ལྡན་འདས་འཁོར་དང་བཅས་པ་དང༌། བླ་མ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱང་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་ཚོགས་ལ་བལྟས་ཏེ། རང་གི་སྙིང་གའི་ས་བོན་དང་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལས་བྱུང་བའི་མཆོད་པའི་རྫས་ཕྱག་ན་བསྣམས་པ་དེའི་འཁོར་ལོར་གནས་པའི་གཏི་མུག་རྡོ་རྗེ་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱིས་མངོན་པར་མཆོད་ནས། བླ་ན་མེད་པའི་མཆོད་པ་བདུན་གྱི་ཚིགས་སུ་བཅད་པ་བརྗོད་དོ། །བཅས་པ་དང་ནི་རང་བཞིན་གྱིས། །སྡིག་པ་བདག་གིས་གང་བགྱིས་དང༌། །བགྱིས་སྩལ་གང་ཡང་ཡི་རང་བ། །དེ་དག་ཐམས་ཅད་བདག་འཆགས་སོ། །སངས་རྒྱས་དེ་སྲས་འཕགས་རྣམས་ཀྱིས། །བསགས་པའི་བསོད་ནམས་ལ་ཡི་རང༌། །ཆོས་དང་ཚོགས་ཀྱི་མཆོག་བཅས་པའི། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །དཔལ་སྡུག་ཆོས་ནི་སྟོན་པ་ཡི། །སྒྲ་དབྱངས་སྒྲོགས་ཤིང་བཞུགས་སུ་གསོལ། །བདག་ཅག་རྣམས་ཀྱི་རང་གི་ལུས། །ཁྱད་པར་དུ་ནི་དབུལ་བར་བགྱི། །བསོད་ནམས་གང་བསགས་དེ་དག་ནི། །རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །དཔལ་ལྡན་གཏུམ་པོའི་དབང་ཕྱུག་ཏུ། །གྱུར་ནས་བདག་གིས་འགྲོ་ཕན་བགྱི། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པའི་སྐུ་དང་གསུང་དང་ཐུགས་ལ་མངོན་པར་དད་པས་ཕྱག་འཚལ་ཏེ། ཏིང་ངེ་འཛིན་གྱི་རང་བཞིན་དུ་ལྷག་པར་མོས་པས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་བརྗོད་པར་བྱའོ་ཞེས་པ་ནི་སྦྱོར་བའོ། །དེ་ནས་ནམ་མཁའི་དཀྱིལ་འཁོར་དུ་གནས་པའི་བདག་ཉིད་ཀྱི་ཤ་དང༌། རུས་པ་དང༌། ཁྲག་ལ་སོགས་པ་དང་བྲལ་བ། འོད་ཟེར་དཀར་པོའི་ཕུང་པོ་ལྟ་བུའི་རྡོ་རྗེ་སེམས་དཔའ་ཞི་བ་


DTG028_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གི་པདྨ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། རལ་པའི་ཅོད་པན་དང་ལྡན་པ། མཚན་སུམ་ཅུ་རྩ་གཉིས་འཛིན་ཞིང༌། དཔེ་བྱད་བརྒྱད་ཅུས་མཛེས་པ། པདྨ་དཀར་པོ་དང༌། ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བལྟ་བར་བྱའོ། །རྒྱུད་དུ་ཡང་གསུངས་པ། དྲི་མེད་དང་བའི་ཤེལ་བཞིན་དུ། །རང་ལུས་རྣམ་པར་བསྒོམ་པར་བྱ། །ཞེས་སོ་ཞེས་པ་རྗེས་སུ་རྣལ་འབྱོར་རོ། །དེ་ནས་རྡོ་རྗེ་སེམས་དཔའི་བདག་ཉིད་དུ་བརྟན་པར་གྱུར་པའི་སྙིང་གར་ཉི་མ་དང་ཟླ་བ་ཁ་སྦྱར་བའི་དབུས་སུ་ཧཱུཾ་ཡིག་སྔོན་པོ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ཉི་མ་ལ་སོགས་པ་དེ་དག་ཐམས་ཅད་ཟླ་བའི་གཟུགས་བརྙན་དུ་བསམས་ནས། དེ་ལས་འཐོན་པའི་དཔལ་གཏུམ་པོའི་དབང་ཕྱུག་འཆད་པར་འགྱུར་བ་ཤིན་ཏུ་དྲག་པོའི་གཟུགས་ཅན་མདུན་དུ་སྐད་ཅིག་ཙམ་གྱིས་བལྟས་ནས། སླར་ཡང་རང་ལ་བཅུག་སྟེ། རང་ཉིད་དེ་ལྟ་བུའི་གཏུམ་པོའི་དབང་ཕྱུག་རབ་ཏུ་གཏུམ་མར་བསྒོམ་པར་བྱའོ། །རྒྱུད་དུ་ཡང་གསུངས་པ། སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་དབང་པོ་རྣམ་པར་བསྒོམ། །ཞེས་སོ། །དེ་ནས་བདག་ཉིད་ཁྲོས་པའི་ཉམས་ཅན་གདུག་པའི་བགེགས་ཀྱི་ཚོགས་ཐམས་ཅད་རལ་གྲིས་སྐྲག་པར་མཛད་ཅིང་ཧཱུཾ་ཧཱུཾ་ཏྲཊྑེ་ད་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཏྲཊྑེ་ད་ཡ་བྷོ་ཞེས་འདོན་པར་མཛད་ཅིང༌། དེ་རྣམས་ཀྱི་མགྲིན་པ། ཕྱག་གཡོན་པར་གནས་པའི་རྡོ་རྗེ་ཞགས་པས་བཅིངས་ནས། གཡས་ཀྱི་ཕྱག་ན་གནས་པའི་རལ་གྲིས་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་གསུངས་ཤིང་བདག་ཉིད་མྱོས་པའི་སིལ་སྙན་བཞིན་དུ། བགེགས་ཀྱི་ཚོགས་ལ་ཧཱ་ཧཱའི་སྒྲ་སྒྲོགས་ཤིང་ཁ་ཅིག་ནི་ཤའོ། །དེ་ནས་བགེགས་མེད་པའི་སེམས་ཀྱིས་དགའ་བ་དང་བཅས་པའི་རྡོ་རྗེ་ཞགས་པ་ལས་སྐྱེས་པའི་འབར་ཞིང་འབར་ལ་འབར་བར་བྱེད་ཅིང༌། འབར་དུ་འཇུག་པའི་ཕུར་བུ་བགེགས་རྣམས་ཀྱི་སྤྱི་བོར་བསམས་ནས་རལ་གྲི་ལས་བྱུང་བའི་རྡོ་རྗེ་ཐོ་བས་བརྡུངས་ཏེ། ཀླད་པ་ནས་བརྩམས་ཏེ་གསང་བའི་པདྨའི་བར་དུ་ཐོན་ཞིང༌། ཕུར་བུའི་སྔགས་བརྗོད་པར་བྱའོ། །ཕུར་བུས་བཏབ་ནས་ཕྱོགས་བཅུའི་ཁྲོན་པར་གཞུག་པར་


DTG028_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱའོ། །དེ་ལ་ཤར་དུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ། གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚེ་ནྡྲོ་པོནྡྲཱན་ན། ས་པ་རི་ཝཱ་ར་ན། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། ལྷོར། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ། གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚ་ཡ་མཱ་ན་ས་པ་རི་ཝཱ་རཱ་ན། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། ནུབ་ཏུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ། གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཱ་བ་རུ་ཎཱ་ན་ས་པ་རི་ཝཱ་རཱ་ན། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། བྱང་དུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ། གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚ་ཀུ་བེ་རཱ་ན། ས་པ་རི་ཝཱ་ར་ན། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། མེར། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ། གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཱགྣཱིན་ས་པ་རི་ཝཱ་ར་ན་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། བདེན་བྲལ་དུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ། གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚ་ནཻ་རྲྀ་ཏཱིན་ས་པ་རི་ཝཱ་ར་ན། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། རླུང་དུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ། གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚ་བཱ་ཡཱུན་ས་པ་རི་ཝཱར་ན། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། དབང་ལྡན་དུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ། གྷ་གྷ་གྷཱ་ཏ་ཡ་སརྦ་དུ་ཥྚ་ཤཱནཱན་ས་པ་རི་ཝཱ་ར་ན། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། སྟེང་དུ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ། གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚ་བྲཧྨ་ཎཿ། ས་པ་རི་ཝཱ་ར་ན་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། འོག་ཏུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ། གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚ་བེ་མ་ཙི་ཏྲི་པྲྀཐྦཱི་དེ་ཝ་ཏཱ། ས་པ་རི་ཝཱ་ར་ན། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་པའོ། །དེ་ལྟར་ཕུར་བུ་བརྡུངས་པས་བགེགས་མེད་པར་ཤེས་ནས་གཏུམ་པོའི་དབང་ཕྱུག་མི་སྣང་བར་བྱས་ཏེ། སླར་ཡང་རྡོ་རྗེ་སེམས་དཔའི་བདག་ཉིད་ཅན་དུ་གྱུར་པའི་མདུན་དུ་རླུང་ལ་སོགས་པའི་དཀྱིལ་འཁོར་བསམ་པར་བྱ་སྟེ། དེ་ལ་ཡཾ་ཡིག་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་སྔོ་བསངས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ཡིག་ལས་སྐྱེས་པའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་ཟུར་རྣམས་སུ་རཾ་ཡིག་གིས་མཚན་པ། དེའི་སྟེང་དུ་བཾ་ཡིག་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་དབུས་སུ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ཡིག་ལས་སྐྱེས་པའི་སའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་ཟུར་རྣམས་སུ་རྩེ་གསུམ་པའི་རྡོ་རྗེས་མཚན་པ། དེའི་སྟེང་དུ་སུཾ་ཡིག་ལས་སྐྱེས་པའི་རི་རབ་རིན་པོ་ཆེ་བཞིའི་རང་བཞིན་བསམས་ནས། དེའི་སྟེང་དུ་ནམ་མཁའི་དབྱིངས་ཁྱབ་པའི་ཆོས་འབྱུང་དཀར་པོའི་སྙིང་པོར་བྷྲཱུཾ་སེར་པོ་ལས་སྐྱེས་པའི་རྡོ་རྗེའི་ཁང་པ་བརྩེགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ། སེམས་ཙམ་ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་བསྡུས་པའི་


DTG028_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་བཞིན། ཐར་པ་ཆེན་པའི་གྲོང་ཁྱེར་གྲུ་བཞི་པ་སྒོ་བཞི་པ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ། སྟེགས་བུ་བཞིས་ཡོངས་སུ་བསྐོར་བ། རྟ་བབས་བཞིས་བརྒྱན་པ་རིན་པོ་ཆེའི་དོ་ཤལ་དང༌། དོ་ཤལ་ཕྱེད་པ་དང༌། བ་ཀུ་ལི་དང༌། མདའ་ཡབ་དག་དང༌། དབྱངས་ཀྱིས་ཤིན་ཏུ་མཛེས་པར་བྱས་པ། གདུགས་དང༌། བླ་བྲེ་དང༌། དྲིལ་བུ་དང༌། རྔ་ཡབ་དང༌། སེང་གེ་ལ་སོགས་པས་མཚན་པ་རླུང་གིས་བསྐྱོད་པའི་བ་དན་རྣམས་ཀྱིས་བརྒྱན་པ་བསམ་པར་བྱའོ། །དེའི་སྙིང་པོར་པཾ་ལས་སྐྱེས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ། ཨཾ་ལས་སྐྱེས་པའི་ཟླ་བ་དང༌། རཾ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་དེ་བཞིན་གཤེགས་པ་མི་བསྐྱོད་པ་མཱ་མ་ཀཱིས་ཡང་དག་པར་འཁྱུད་པ་བལྟས་ནས། དེ་རྣམས་རྣལ་འབྱོར་གྱི་དབང་ཕྱུག་མི་བསྐྱོད་པའི་མགོ་བོའི་ལམ་ནས་འཕོས་ནས་མཱ་མ་ཀཱི་ལ་རྗེས་སུ་ཆགས་པར་མཛད་ཅིང༌། འདོད་ཆགས་ཆེན་པོས་ཞུ་བར་གྱུར་པ། ཨ་ཝ་དྷཱུ་ཏཱི་ཁུ་བ་མི་བསྐྱོད་པ་རྡོ་རྗེའི་བུ་ག་ལས་ལྷ་མོའི་པདྨའི་ཁོངས་སུ་ལྷུང་ནས། པདྨའི་བུག་པའི་ནང་དུ་ཞུགས་ཏེ། སྐུའི་གཡས་སུ་ཧཱུཾ་གིས་བོན་གྱིས་བརླབས་པ་དེ་ལས་ཡོངས་སུ་གྲུབ་པའི་མི་གཡོ་བའི་གཟུགས་ཀྱིས་པདྨ་ལས་ཐོན་ཏེ། སླར་ཡང་མཱ་མ་ཀཱི་ཉིད་ལ་ཤིན་ཏུ་རྗེས་སུ་ཆགས་པས་མི་བསྐྱོད་པ་ལ་ཐིམ་པར་བསམས་ལ། མཱ་མ་ཀཱི་ཡོངས་སུ་གྱུར་པའི་ཞེ་སྡང་རྡོ་རྗེ་མ་ལ་སྙོམས་པར་ཞུགས་པ་འཆད་པར་འགྱུར་བའི་གཟུགས་དང༌། ཁ་དོག་དང༌། དབྱིབས་ཅན་དཔལ་འཁོར་ལོའི་འདྲེན་པའི་བདག་ཉིད་དུ་བལྟའོ་ཞེས་པ་ཤིན་ཏུ་རྣལ་འབྱོར་རོ། །དེ་ལྟར་རྣལ་འབྱོར་གསུམ་གྱི་བདག་ཉིད་ཅན་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་པོའོ།། །།

དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན།


DTG028_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་མི་གཡོ་བའི་བདག་ཉིད་ཅན་གྱི་རྣལ་འབྱོར་བའི་ཤེས་རབ་ཞེ་སྡང་རྡོ་རྗེ་མའི་གཟུགས་སུ་བསྐྱེད་པ་དེ་རིགས་ལྔའི་ཆ་ཤས་ཅན་དུ་བྱ་བའི་དོན་དུ་སྤྱི་བོ་དང༌། སྙིང་ག་དང༌། གསང་བ་དང༌། བརླ་ཟུང་རྣམས་ལ། ཨོཾ་ཧཱུཾ་སྭཱ་ཨཱཿ་ཧཱ་རྣམས་གོ་རིམས་བཞིན་དུ་འཁོར་ལོ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། རལ་གྲི་སྟེ། །དེ་བཞིན་གཤེགས་པའི་ས་བོན་རྣམས་ལ་བཀོད་ལ། དེའི་རྗེས་སུ་ཧཱུཾ་དང་ཨཱཿ་དག་ལས་སྐྱེས་པའི་རྡོ་རྗེ་དང་པདྨ་དག་ལ། ཨཱཿ་དང་ཨོཾ་ལས་སྐྱེས་པའི་ཟེའུ་འབྲུ་དང༌། རྡོ་རྗེ་ནོར་བུའི་ཁར་ཕཊ་ཡིག་སེར་པོ་རྣམ་པར་བསྒོམས་ནས་གཡོན་དང་གཡས་ཀྱི་ཡན་ལག་ཏུ་གནས་པའི་རྩ། ཧྲཱིཿཡིག་


DTG028_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམར་པོ་རྩེ་མོར་གནས་པའི་མཛུབ་མོ་དང་ལྕེས་ཀྱང༌། ཤཱིཏ་ཡིག་སྔོན་དུ་འགྲོ་བས་ཡང་དག་པར་བསྐྱོད་ནས། ཤཱིཿ་ཤཱིཿཤཱིཿ་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཞེས་བརྗོད་དེ་དགའ་བ་བརྩམ་པར་བྱའོ། །བདེ་བས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བསྐྱེད་པའི་ཕྱིར་རིམ་པས་དེ་དང་དེ་ཉིད་ཇི་ལྟར་སྐྱེ་བ་ཡང་དག་པར་མཚོན་པར་བྱའོ། །དེ་ལ་འཁྱུང་པ་དང༌། འོ་བྱེད་པ་དང༌། ནུ་མ་ཉེད་པ་དང༌། སེན་མོ་དང་སོས་འདེབས་པ་ལ་སོགས་པ་པདྨ་དང་རྡོ་རྗེ་ཡང་དག་པར་སྦྱོར་བ་ཙམ་ལས་བྱུང་བ་དགའ་བ་འཆར་བའི་སྐད་ཅིག་གི་མཚན་ཉིད་ཀྱི་སེམས་ཤེས་རབ་མའི་ཁར་བཟུང་ནས་ཇི་ལྟར་གཡོ་བ་མེད་པ་ཡང་དག་པར་མཚོན་པར་བྱའོ། །པདྨ་རྡོ་རྗེའི་ཤིན་ཏུ་དྲུད་པ་ལས་ནོར་བུའི་རྩེ་མོར་གནས་པའི་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་མཆོག་ཏུ་དགའ་བ་འབྱུང་བའི་སྐད་ཅིག་གི་མཚན་ཉིད་ཀྱི་སེམས་ཤེས་རབ་མའི་སྙིང་ག་དང༌། ནུ་མ་ཟུང་གི་དབུས་སུ་བཟུང་ནས་ཇི་ལྟ་བ་བཞིན་དུ་གཟིར་ཞིང་གཡོ་བ་མེད་པ་སྲོག་རེངས་པར་ཡང་དག་པར་མཚོན་པར་བྱའོ། །ནོར་བུའི་རྩེ་མོར་བཞག་པའི་བྱང་ཆུབ་ཀྱི་སེམས་ལས་ཡང་དག་པར་བསྐྱེད་པ། ལྷན་ཅིག་སྐྱེས་པ་འཆར་བའི་སྐད་ཅིག་གི་མཚན་ཉིད་རང་དང་གཞན་དུ་སྣང་བ་དང་བྲལ་བ། བྱེད་པ་ཐམས་ཅད་ལས་འདས་པ། ངག་གི་རྣམ་པར་རྟོག་པ་ཤིན་ཏུ་གནོན་པའི་རང་བཞིན། རང་རིག་པ་གཅིག་པུའི་མཐར་ཐུག་པ། གཉིས་སུ་མེད་པ། ཆོས་ཀྱི་སྐུའི་རང་བཞིན་གྱི་སེམས་ཤེས་རབ་མའི་བྷ་གའི་ནང་དུ་བཟུང་ནས། ཇི་ལྟ་བ་བཞིན་དུ་ངལ་བསོ་ཞིང་གཡོ་བ་མེད་པའི་སྲོག་རེངས་པ་ཡང་དག་པར་མཚོན་པ་ལས་ཆེས་བདེ་བ་དང༌། ཤིན་ཏུ་བདེ་བའི་སྐུ་གསུམ་པོ་སོ་སོར་ཐོབ་པར་གྱུར་པ་ཡིན་ནོ། །མྱོང་ཞིང་བྱང་ཆུབ་ཀྱི་སེམས་གཡོ་བ་མེད་པར་གྱུར་བའི་བདེ་བདག་གིས་ཟོས་སོ་ཞེས་བྱ་བ་ཡང་དག་པར་རིག་པ་ཙམ་ཁྱད་པར་གྱི་དགའ་བ་འཆར་བའི་སྐད་ཅིག་གི་མཚན་ཉིད་ཀྱི་སེམས་ཇི་ལྟར་གཡོ་བ་ལྗང་གུ་དབྱུང་བར་བྱའོ། །མེར་དཀར་པོར་སྣང་བའི་གཏི་མུག་རྡོ་རྗེ་མའོ། །བདེན་བྲལ་དུ་ཕྲ་མ་རྡོ་རྗེ་མ་གསེར་ལྟ་བུའོ། །རླུང་དུ་འདོད་ཆགས་རྡོ་རྗེ་མ་དམར་མོ་དབྱུང་བར་བྱའོ། །དབང་ལྡན་དུ་ཕྲག་དོག་རྡོ་རྗེ་མ་ལྗང་གུ་དབྱུང་བར་བྱའོ་ཞེས་པ་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བ་ཏིང་ངེ་འཛིན་གཉིས་པའོ། །

ལས་རྒྱལ་མཆོག་གི་ཏིང་ངེ་འཛིན།


DTG028_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྲིད་པ་ལས་ཤིན་ཏུ་འདས་པ་མཆོག་གི་བདེ་བ་ཆེན་པོའི་རོས་རང་རིག་པ་དང༌། ལྷན་ཅིག་ཏུ་འདོད་ཆགས་ཆེན་


DTG028_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའི་རྗེས་སུ་ཐིག་ལེར་ཞུ་བར་གྱུར་པ་ས་བོན་གྱི་གཟུགས་ཀྱིས་གནས་པར་གྱུར་ཏོ། །རྒྱུད་དུ་ཡང་གསུངས་པ། ཤེས་རབ་དང་བཅས་ཞུ་བ་རྩོམ། །ཞེས་སོ། །གཏི་མུག་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་རྗེ་པོ་མེད་པར་ཡང་བལྟས་ནས་བདག་ཅག་གི་མགོན་མེད་པར་གྱུར་རོ་ཞེས་བྱ་བ་ངོ་མཚར་དུ་གྱུར་ཅིང་ཡིད་མི་བདེ་བར་གྱུར་ཏེ། རང་གི་སེམས་སད་པར་བྱེད་པའི་ཚིག་ལེའུར་བྱས་པའི་རྡོ་རྗེའི་གླུ་རྣམས་ཀྱིས་འཁོར་ལོའི་འདྲེན་པ་སློང་བར་མཛད་དེ། ཁྱབ་བདག་བྱམས་པ་རྣམ་སྤངས་ནས། །སྟོང་པའི་རང་བཞིན་དུ་མ་མཛད། །ཁྱོད་དང་རྣམ་བྲལ་བདག་འགུམ་པས། །འགྲོ་ཀུན་སྟོང་པར་མ་མཛད་ཅིག །གཏི་མུག་རྡོ་རྗེ་མས་སོ། །སྙིང་རྗེའི་སེམས་བྲལ་བདག་འགུམ་པས། །ཁྱབ་བདག་སྟོང་པར་མ་མཛད་ཅིག །བདག་གི་ལུས་འདི་སྡུག་བསྔལ་བས། །འཚོ་བ་དང་བྲལ་མ་མཛད་ཅིག །ཕྲ་མ་རྡོ་རྗེ་མས་སོ། །ཅི་སྟེ་མཁས་པ་ཁྱོད་ཉིད་ནི། །དགའ་བ་སྤངས་ནས་སྟོང་པར་འཇུག །འཇིག་རྟེན་མ་ལུས་པ་རྣམས་དང༌། །བདག་གི་ཡིད་ནི་ཁྱོད་ལ་སྡོད། །འདོད་ཆགས་རྡོ་རྗེ་མས་སོ། །ལང་ཚོ་དང་ལྡན་བཏང་སྙོམས་པའི། །མིག་ནི་སྟོང་པ་འབྲས་མེད་ཅན། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་མཉམ་ཉིད་སྦྱོར་བར་མཛོད། །ཕྲག་དོག་རྡོ་རྗེ་མས་སོ། །དེ་རྣམས་ཀྱིས་ནི་འབྱེད་པའི་ཚིག །གསན་ནས་རྨི་ལམ་བཞིན་སད་དེ། །ཞུ་བའི་གཟུགས་ལས་རབ་བཞངས་ནས། །རང་གི་ལྷ་ཡི་རྣམ་པར་སྤྲོས། །དེ་ཡང་བཅོམ་ལྡན་འདས་སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་འཁྱོག་པོའི་ཆ་བྱད་ཅན་གཡོན་གྱི་པུས་མོས་ལ་བཙུགས་པ། ཞབས་གཡས་པ་གཡས་སུ་སྟེབས་པ། ལོ་བཅུ་དྲུག་པའི་རྣམ་པར་ལང་ཚོ་གསར་པའི་གཟུགས་འཆང་བ། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་རལ་གི་འཕྱར་བ། ཕྱག་གཡོན་པས་སྡིགས་མཛུབ་དང་ལྡན་པ་རྡོ་རྗེ་ཞགས་པ་སེར་པོ་ཐུགས་ཀར་འཛིན་པ། རྣམ་པར་བཀྲ་བའི་ན་བཟའ་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཐུགས་ཀྱི་དབང་པོས་མཚན་པའི་ཅོད་པན་དང༌། ཟུར་ཕུད་ལྔ་དད་རིན་པོ་ཆེའི་ཅོད་པན་ཅན། ཚེམས་ཀྱིས་མ་མཆུ་འཚིར་བ། བདུད་བཞི་རྣམ་པར་ཉེད་པར་མཛད་པ། འཁྱོག་པོར་གཟིགས་པའི་སྤྱན་དམར་བ་འཇིགས་པར་མཛད་པའོ། །འདིའི་ཤེས་རབ་མ་ཞེ་སྡང་རྡོ་རྗེ་མ་ནི། སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པས་མཛེས་པའི་ཕྱག་ཟུང་ཅན། རྣམ་པར་བཀྲ་བའི་གོས་དང༌། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་བཅོམ་ལྡན་འདས་ལ་


DTG028_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེས་སུ་ཆགས་པ་ལ་བརྩོན་པའོ། །མི་གཡོ་བ་དཀར་པོ་ལ་སོགས་པའི་དཔའ་བོ་ཐམས་ཅད་ནི་འཁོར་ལོའི་དབང་ཕྱུག་ལྟ་བུ་དང༌། གཏི་མུག་རྡོ་རྗེ་ལ་སོགས་པའི་དཔའ་མོ་རྣམས་ནི་ཞེ་སྡང་རྡོ་རྗེ་མ་དང་འདྲ་བར་བསྒོམ་པར་བྱའོ། །དེ་ལྟར་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའི་མཐིལ་ཁྱབ་པར་བལྟས་ནས། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ལ་ང་རྒྱལ་བྱའོ། །གཟུགས་ཀྱི་ཕུང་པོ་ལ་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ལ་རྡོ་རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་ལ་པདྨ་གར་གྱི་དབང་ཕྱུག་གོ །འདུ་བྱེད་ཀྱི་ཕུང་པོ་ལ་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་རྡོ་རྗེ་སེམས་དཔའོ། །མིག་དག་ལ་གཏི་མུག་རྡོ་རྗེ་མ། རྣ་བ་དག་ལ་ཞེ་སྡང་རྡོ་རྗེ་མ། སྣ་དག་ལ་ཕྲག་དོག་རྡོ་རྗེ་མ། ཁ་དག་ལ་འདོད་ཆགས་རྡོ་རྗེ་མ། རེག་ལ་ཕྲ་མ་རྡོ་རྗེ་མའོ། །སའི་ཁམས་ནི་ལྟུང་བྱེད་མ། ཆུའི་ཁམས་ནི་གསོད་བྱེད་མ། མེའི་ཁམས་ནི་འགུགས་བྱེད་མ། རླུང་གི་ཁམས་ནི་པདྨ་གར་གྱི་དབང་ཕྱུག་མ། ནམ་མཁའི་ཁམས་ནི་པདྨའི་དྲ་བ་ཅན་མའོ། །སྤྱི་བོ་དང༌། མགྲིན་པ་དང༌། སྙིང་ག་རྣམས་སུ་དང༌། ཨོཾ་ཨཱཿ་ཧཱུཾ་ཞེས་པའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་དུ་བཀུག་ལ། ཨོཾ་ཧྲཱཾ་ཧྲཱིཾ། ཧྲཽཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བགེགས་ཐམས་ཅད་བསྐྲད་ལ། མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ནས་མངོན་པར་མཆོད་ཅིང་བསྟོད་དེ། ཨོཾ་ཤྲཱི་ཙཎྜ་མ་ཧཱ་རོ་ཥ་ཎ། ས་པ་རི་ཝཱ་ར་ས་ཧི་ཏ་ཨཱ་གཙྪ་གཙྪ་ཛཿ་ཧཱུཾ་བཾ་ཧོཿ། ཨ་ཏྲ་མཎྜ་ལེ་ཨ་དྷིཥྛཱ་ནཾ་ཀུ་རུ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ནས་འགུགས་པ་ལ་སོགས་པ་རྣམས་ཀྱི་ཡེ་ཤེས་དང༌། དམ་ཚིག་སེམས་དཔའ་བདག་གཅིག་ཉིད་དུ་རྫོགས་པར་བྱས་ཏེ། ལྷའི་ང་རྒྱལ་བྱས་པའི་སྙིང་གའི་འོད་ཟེར་རྣམས་ཀྱིས་ནམ་མཁར་བཀུག་པའི་དེ་བཞིན་གཤེགས་པ་ལྔ་དཔའ་བོ་དང་དཔའ་མོའི་ཚོགས་དང་བཅས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རིན་པོ་ཆེ་རྣམ་པར་རྒྱལ་བའི་བུམ་པ་ཕྱག་ན་བསྣམས་པ་དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཤིང་བདག་ཉིད་ལ་དབང་བསྐུར་བར་བལྟའོ། །དབང་བསྐུར་བཞིན་པ་ན་ལྷའི་དགའ་སྟོན་ཆེན་པོ་འབྱུང་བར་འགྱུར་རོ། །ཛོ་ཛོ་ཛྫོ་ཏ་རྡོ་རྗེའི་བཙུན་མོས་རྒྱལ་བ་འཁྲུ། །ཁྲོ་རྣམས་ཕྱོགས་


DTG028_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅུར་རང་གི་སྐུ་ཡིས་གཤེགས། །ནམ་མཁའི་མཐིལ་ནས་ཙནྡན་གུར་ཀུམ་སོགས། །དྲི་བཟངས་མེ་ཏོག་མཆོག་དང་རིན་ཆེན་ཆར། །སིལ་སྙན་གར་བཅས་བསྟོད་དང་བཀྲ་ཤིས་དང༌། །རྒྱལ་སྲས་ཚོགས་བཅས་དགའ་མགུ་དགའ་སྟོན་ཉིད། །ཐུབ་དབང་སྐུ་ཡི་ཡོན་ཏན་རིན་ཆེན་བརྒྱན། །མཐའ་ཡས་རབ་འབྱམ་ཁམས་རྣམས་ཀུན་དུའོ། །དབང་བསྐུར་བ་ནས། བཅོམ་ལྡན་འདས་ལ་ཐུགས་ཀྱི་དབང་པོས་རྒྱས་གདབ་ཅིང༌། དེ་ཉིད་ཀྱིས་ཞེ་སྡང་རྡོ་རྗེ་མ་ལའོ། །མི་གཡོ་བ་དཀར་པོ་ལ་སོགས་པའི་དཔའ་བོ་རྣམས་དང༌། གཏི་མུག་རྡོ་རྗེ་མ་ལ་སོགས་པ་རྟག་པ་དང༌། རིན་ཆེན་དབང་པོ་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་རྣམས་ཀྱིས་སོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་སེམས་ཅན་ཀྱི་ཁམས་མ་ལུས་པ་ཡོངས་སུ་སྨིན་པར་བྱས་ནས་མི་གཡོ་བའི་གོ་འཕང་ལ་བཀོད་དེ། སླར་ཡང་འོད་ཟེར་དེ་རྣམས་བསྡུས་ནས་ས་བོན་ལ་ཐིམ་པར་བསྒོམ་མོ། །དེ་ནས་ཁམས་གསུམ་པ་མཐའ་དག་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་ལྷག་པར་མོས་པར་བྱའོ། །འཁོར་ལོའི་དབང་ཕྱུག་ཀྱང་གཏི་མུག་རྡོ་རྗེ་མའི་ཡན་ལག་དམ་པ་ལ་རྗེས་སུ་ཆགས་པས་རེ་ཞིག་མི་གཡོ་བ་དཀར་པོ་བདག་ཉིད་ཀྱི་སྤྱི་བོའི་ལམ་ནས་ཞུགས་ཏེ། རང་ཉིད་མི་གཡོ་བ་དཀར་པོར་གྱུར་ལ། དེ་བཞིན་ཁོ་ནར་བསྡུས་ནས་ཞེས་དང་རྡོ་རྗེ་མ་ཡོངས་སུ་གྱུར་པའི་གཏི་མུག་རྡོ་རྗེ་མ་ལ་སྙོམས་པར་འཇུག་པར་བྱའོ་དེ་བཞིན་དུ་མི་གཡོ་བ་སེར་པོ་ལ་སོགས་པ་སོ་སོའི་རིམ་པས་བདག་ཉིད་ལ་བསྡུས་ནས་ཕྲ་མ་རྡོ་རྗེ་མ་ལ་སོགས་པའི་རྣལ་འབྱོར་མ་སོ་སོ་ལ་སྙོམས་པར་ཞུགས་ཏེ། ཕྱི་ནས་ཞེ་སྡང་རྡོ་རྗེ་མ་ལ་སྙོམས་པར་ཞུགས་པའི་དཔལ་མི་གཡོ་བ་ནག་པོར་གྱུར་ནས་ང་ཉིད་མི་གཡོ་བར་གྲུབ་པའོ་ཞེས་ང་རྒྱལ་བྱའོ། །རྒྱུད་དུ་ཡང་གསུངས་པ། ལྷ་མོ་བཞི་ལ་རྗེས་ཆགས་པས། དཀྱིལ་འཁོར་ཐམས་ཅད་ཡང་དག་བསྡུ། །བདག་ཉིད་གཅིག་བུའི་ཁ་སྦྱོར་དུ། །བརྟུལ་ཞུགས་ཅན་གྱིས་ཤིན་ཏུ་བསྒོམ། །ཞེས་སོ་ཞེས་པ་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ།། །།

སྔགས་བཟླས་པ།


DTG028_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་ཁམས་གསུམ་པོ་མཐའ་དག་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་གཅིག་པུའི་སྐུར་མངོན་པར་བརྟགས་ལ་དམ་ཚིག་ཇི་ལྟ་བ་བཞིན་དུ་སྔགས་བཟླ་བར་བྱ་སྟེ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་རྩ་བའི་སྔགས་སོ། །ཨོཾ་ཧྲཱཾ་ཧྲཱིཾ་ཧྲཽ་ཙནྡྲ་རུ་ཡ། ཙ་ཊ་ཙ་ཊ། པྲ་ཙ་ཊ་པྲ་ཙ་ཊ། ཀ་ཧ་ཀ་ཧ། པྲ་སྥ་ར་པྲ་སྥ་ར། པྲ་སྥཱ་ར་ཡ་པྲ་སྥཱ་ར་ཡ། ཧ་ན་ཧ་ན། གྲ་ས་གྲ་ས། བནྡྷ་བནྡྷ། ཛཾ་བྷ་ཡ་ཛཾ་བྷ་ཡ། སྟཾ་བྷ་ཡ་སྟཾ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ། སརྦ་ཤ་ཏྲཱུཾ་ཎཱཾ་


DTG028_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མུ་ཁ་བནྡྷ་ནཾ། ཀུ་རུ་ཀུ་རུ། སརྦ་ཌཱ་ཀི་ནཱི་ནཱཾ་གྲ་ཧ་བྷཱུ་ཏ་པི་ཤཱ་ཙ་བྱཱ་དྷི་ཡཀྵ་ཎཾ། ཏྲ་ས་ཡ་ཏྲ་ས་ཡ། མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། རུ་རུ་ཙཎྜ་རུ་ཀ་རཀྵ་རཀྵ། ཙཎྜ་མ་ཧཱ་སེ་ན། སརྦ་མ་ཧཱ་སེ་ན། སརྦ་མཱ་ཛྙཱ་པ་ཡ་ཡ་ཏི། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཕྲེང་བའི་སྔགས་སོ་ཞེས་པ་སྔགས་ཀྱི་བཟླས་པའོ། །

ཕྲ་མོའི་རྣལ་འབྱོར།


DTG028_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེ་སྡང་རྡོ་རྗེ་མ་གྲི་གུག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ས་བོན་ལ་བཅུག་ནས་སྤྲུལ་པའི་འཁོར་ལོར་བྱུང་སྟེ་འབར་བ་དང༌། གཏུམ་མོའི་རྩེ་མོས་རང་རང་གི་འཁོར་ལོ་དང་ལྷན་ཅིག་ཏུ་སྤྲུལ་པའི་འཁོར་ལོར་གནས་པའི་དེ་བཞིན་གཤེགས་པ་རིག་མ་དང་བཅས་པ་དང༌། ལོངས་སྤྱོད་རྫོགས་པའི་འཁོར་ལོར་གནས་པའི་ཨཱ་ལི་དང་ཀཱ་ལི་དང༌། བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་ཧ་ཡིག་ཀྱང་བསྲེགས་ནས་གཞོམ་དུ་མེད་པ་བྱང་ཆུབ་ཀྱི་སེམས་རལ་གྲིའི་མཚན་མ་ཡང་བཟུང་ལ་ཐུགས་ཀའི་ས་བོན་གྱི་ནང་དུ་རྣམ་པར་བསྒོམ་པར་བྱའོ། །ས་བོན་དེ་ཡང་སངས་རྒྱས་ལྔའི་བདག་ཉིད་ཅན་འབར་བཞིན་པར་བལྟ་སྟེ། སླར་ཡང་ཧཱུཾ་ཡིག་གི་ཕྲག་དོག་གི་རང་བཞིན་ཨཱུ་ཡིག་ནི་འདོད་ཆགས་ཧ་ཡིག་ལ་དང༌། ཧ་ཡིག་ཕྲ་མ་རེ་ཁཱ་ལ་དང༌། རེ་ཁཱ་ནི་གཏི་མུག་ཟླ་བ་ཕྱེད་པ་ལ་དང༌། ཟླ་བ་ཕྱེད་པ་ནི་ཐིག་ལེ་ཞེ་སྡང་ལ་སྟེ། ཐིག་ལེ་ནི་ཆོས་ཀྱི་དབྱིངས་ནཱ་ད་ལ་བསྡུས་ནས། དེ་ནས་ཆོས་ཐམས་ཅད་རོ་གཅིག་པའི་རང་བཞིན། རྟག་པ་དང་ཆད་པ་དང་དབུས་དང་བྲལ་བ་དང༌། ཐམས་ཅད་ལ་རབ་ཏུ་མི་གནས་པ་བདེ་བ་ཆེན་པོ་ནཱ་ད་རྣམ་པར་གནས་པར་བྱའོ་ཞེས་བྱ་བ་ཕྲ་མོའི་རྣལ་འབྱོར་རོ། །

གཏོར་མའི་རྣལ་འབྱོར་སོགས།


DTG028_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སླར་ཡང་སྨོན་ལམ་གྱིས་ཕུག་པའི་ནུས་པ་དང༌། གདུལ་བྱའི་སེམས་ཅན་གྱི་བསམ་པའི་དབང་གིས་གྲུབ་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བྱུང་བའི་དཀྱིལ་འཁོར་གྱི་དབང་ཕྱུག་འཁོར་དང་བཅས་པར་བལྟས་ནས་མི་གཡོ་བ་ལྟ་བུའི་རྣལ་འབྱོར་པས་གཏོར་མའི་དེ་ཁོ་ན་ཉིད་བརྩམ་པར་བྱའོ། །དེ་ལ་ཁཾ་ལས་བྱུང་བའི་སྣོད་ལ་སོགས་པ་བཟའ་བ་དང་ལོངས་སྤྱོད་པ་ལ་སོགས་པ་ཁྱད་པར་ཅན་གྱིས་གང་བ་མདུན་དུ་བཀོད་ནས་དེར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་སྐྱེས་པའི་མེ་ལ་ཨོཾ་ཨཱཿ་ཧཱུཾ་ལས་བྱུང་བའི་མགོ་བོའི་རྣམ་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་གནས་པའི་ཨ་ཡིག་ལས་གྲུབ་པའི་པདྨའི་སྣོད་དཀར་པོ་གང་བ་བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་བཱཾ་ལས་སྐྱེས་པ་བཟའ་བ་ལ་སོགས་པ་ཇི་སྙེད་པ་ཅིག་ཏུ་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རྣམ་པར་གྲུབ་པ་ལ། ས་བོན་དེ་དག་གིས་བྱིན་གྱིས་བརླབས་པ་མེའི་དཀྱིལ་འཁོར་གྱི་ཤུགས་ཀྱིས་འབར་ཞིང་


DTG028_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབར་བས་གདུངས་པ་ཞུ་སྟེ། ཉི་མའི་མདོག་ཏུ་བལྟས་ནས། དེའི་སྟེང་དུ་ཧཱུཾ་ལས་སྐྱེས་པ་མཐོ་གང་ཙམ་གྱི་ཚད་ཀྱི་ཡུ་བའི་རྩེ་མོར་བདུད་རྩིའི་རང་བཞིན་གྱི་རལ་གྲི། དེ་རླངས་པས་ཞུ་ཞིང་འདྲེས་པར་གྱུར་ཏེ། དངུལ་ཆུ་ལྟ་བུར་བསིལ་བར་གྱུར་བསམས་ནས། དེའི་སྟེང་དུ་དེ་ཉིད་གསུམ་གྱི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་དཔའ་པོ་དང་དཔའ་བོའི་དབང་ཕྱུག་མ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ལ་དེ་ཉིད་དུ་བཅུག་ནས། ཨོཾ་ཡིག་ལ་སོགས་པ་ཡང་རིམ་གྱིས་ཞུ་བར་བལྟས་ཏེ། དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཤྲཱི་ཙཎྜ་མ་ཧཱ་རོ་ཥ་ཎཱ་ལ་དེ་ཝཱ་སུ་ར་མཎུ་ཥྲྱ་ཏྲཱ་ས་ནཱ་ཡས་ཀཱ་ལ་མཱ་ར་ཝ་ལ་བི་ནཱ་ཥཱ་ནཱ་ཡ་རཏྣ་མུ་ཀུ་ཊ་ཀྲྀ་ཏ་ཤི་ར་སེ་ཨི་མི་བ་ལིཾ་གྲྀཧྞ་གྲྀཧྞ་མ་མ་སརྦ་བིགྷྣན་ཧ་ར་ཧ་ར་ཙ་ཏུརྨཱ་རཱནྣི་ཝཱ་ར་ཡ་ནི་ཝར་ཡ། ཏྲཱ་ས་ཏྲཱ་ས། བྷྲཱ་མ་བྷྲཱ་མ། ཙྪིཾ་ད་ཙྪིཾ་ད། བྷིཾ་ད་བྷིཾ་ད། ནཱ་ཤཱ། ཤཱ་ཏཱ་པ་ཏཱ་པ་ཤོ་ཥ་ཤོ་ཥ། ཙྪེ་ད་ཙྪེ་ད། བྷེ་ད་བྷེ་ད་དུཥྚ་སཏྭཱནྨ་མ་བི་རུདད་ཙིཏྟ་ཀནྦྷ་ཤྨཱི་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་འདིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་གཏོར་མ་དབུལ་བར་བྱའོ། །དེ་ཡང་བཅོམ་ལྡན་འདས་འཁོར་དང་བཅས་པའི་ཧཱུཾ་རྡོ་རྗེའི་ལྗགས་ཀྱི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་ཞིང་དགྱེས་པར་བ་ལྟས་ནས། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཚིམ་པར་བྱས་ནས་ཞལ་བསིལ་ལ་སོགས་བ་ཡང་ཕུལ། མངོན་པར་མཆོད་ཅིང་བསྟོད་དོ། །ཡི་གེ་བརྒྱ་པ་བརྗོད་པས་བཟོད་པར་གསོལ་ལ་གཤེགས་སུ་གསོལ་ལོ་ཞེས་པ་གཏོར་མའི་ཆོ་གའོ། །དེ་ལྟར་ཁམས་གསུམ་པོ་མཐའ་དག་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་ཆུའི་ཟླ་བ་ལྟ་བུར་རྟེན་ཅིང་འབྲེལ་པར་འབྱུང་བ་དབང་པོ་ཐམས་ཅད་མི་འགོག་ཅིང་ཐམས་ཅད་ལ་མི་གནས་པའི་རྣལ་འབྱོར་གྱིས་ཇི་ལྟར་བདེ་བར་གནས་པར་བྱའོ། །གཞན་ཡང༌། མི་གཡོའི་བདག་ཉིད་དེ་ཉིད་ཤེས། གང་དེས་ཇི་ལྟ་དེ་བཞིན་དུ། །རྣལ་འབྱོར་པས་ནི་ངེས་མེད་པར། །སེང་གེ་བཞིན་དུ་ཀུན་དུ་འཁྱམ། །དག་ལ་མི་གུས་འགྲོ་ལ་སྔགས། །རང་བཞིན་དུ་སྣང་མི་གཡོ་འདྲ། །མ་སྐྱེས་ཆོས་ཀྱི་དེ་ཉིད་ཤེས། །སྙིང་རྗེའི་ལོངས་སྤྱོད་ཅན་དུ་འགྱུར། །འདི་ན་ན་བསྟན་ལ་གནོད་བྱེད་པའི། །གདུག་པ་རྣམས་ནི་མཐར་བྱེད་ལ། །དེ་རྣམས་ཀྱི་ནི་རྫས་ཕྲོགས་ནས། །སེམས་ཅན་རྣམས་ལ་ཕན་པར་སྤྱོད། །དེ་ཕྱིར་རྟག་ཏུ་བདག་གཞན་གྱི། །སྐྱོན་ནི་བརྫུན་གྱིས་སྒྲིབ་མི་བྱེད། །དེ་


DTG028_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་དུ་ཡང་བདུད་རྩི་ལྔའི། །དམ་ཚིག་རྣམས་ནི་སྟེན་པར་བྱེད། །བཟའ་དང་བཟའ་མིན་མི་བྱ་སྟེ། །བགྲོད་དང་བགྲོད་མིན་སྤང་བར་བྱ། །བྱ་དང་བྱ་མིན་མི་བྱ་སྟེ། །བཏུང་དང་བཏུང་མིན་རྣམ་སྤང་བྱ། །མགོ་བོར་རིན་ཆེན་ཅོད་པན་ཏེ། །རྣ་བ་དག་ལ་རྣ་ཆའོ། །རྐང་པ་དག་ལ་གདུ་བུ་སྟེ། །དེ་བཞིན་རྐེད་པར་སྐ་རགས་སོ། །དེ་ཡང་དཔལ་ལྡན་མི་གཡོའི་བདག །སྣ་ཚོགས་རིན་ཆེན་གྱིས་བརྒྱན་པ། །གཡས་བའི་ཕྱག་གིས་རལ་གྲི་སྟེ། །གཡོན་པས་ཞགས་པ་གཟུང་བྱ་བ། །བཏང་ནས་གྲི་གུག་ཐོད་པར་ཡང༌། །བྱས་ནས་རིན་ཆེན་གྱིས་ནི་བརྒྱན། །ཉི་ཤུ་ལོན་པའི་ཤེས་རབ་ཀྱི། །བདེ་བས་མི་གཡོ་བསྒྲུབ་པར་བྱ། །དེ་ཉིད་གསུམ་གྱིས་བྱིན་བརླབས་པའི། །བཟའ་དང་སྟོན་མོ་སོགས་བསྒྲུབས་པ། །བླ་མ་འདོད་ལྷ་ལ་སོགས་ལ། །མགོས་བཏུད་སེང་གེ་རྒྱུ་ཞིང་གནས། །འོད་གསལ་བ་ལ་སྙོམས་ཞུགས་ཤིད། །མཉམ་པར་བཞག་པས་འགྲོ་བར་བྱ། །གླུ་རྣམས་ཀྱིས་ནི་བསྐུལ་བ་ལས། །རབ་ཏུ་སང་པས་ཡང་དག་བཞེངས། །རྣམ་པར་མི་རྟོག་བདག་ཉིད་ཅན། །གསང་སྤྱོད་རབ་སྦྱོར་གྱིས་གྲུབ་འགྱུར། །ཞེས་པའོ། །མི་ཤེས་དབང་གིས་ཉེ་བར་བསྟེན་པའམ། །བརྗེད་ངས་སྐྱོན་ལས་རབ་སྐྱེས་འདི་ཡི་གཞུང༌། །བྱས་གང་དེ་ལ་དཔལ་ལྡན་རྡོ་རྗེ་ཡི། །མཁའ་འགྲོའི་ཚོགས་བཅས་ཁྱེད་རྣམས་བཟོད་པར་མཛོད། །སྡོམ་བརྩོན་ནགས་ཀྱི་རིན་ཆེན་གྱིས་འདིར་མི་གཡོའི་མངོན་རྟོགས་ཀྱི། །སྐྱོན་མེད་གཞུང་ནི་དང་པོར་སརྦ་མི་ཏྲས་གསོལ་བཏབ་ཅིང༌། །དམ་པ་གཞན་གྱིས་ཀྱང་བསྐུལ་ལེགས་བྱས་གང་དེས་མི་གཡོ་མཆོག །མངོན་པར་ཤེས་པར་དྲུག་རྣམས་སྐྱེ་བ་འདི་ཉིད་ལ་གྱུར་ཅིག །ཅེས་པ་མི་གཡོ་བའི་མངོན་པར་རྟོགས་པ་རབ་ཏུ་དགའ་བར་མངོན་པར་བརྗོད་པ་རྫོགས་སོ།། །།སློབ་དཔོན་དཔལ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་མཛད་པའོ། །འདི་ནི་ལྷོ་ཕྱོགས་ཀྱི་སའི་ཐིག་ལེར་བློ་གྲོས་ཆེན་པོ་ཅན། དཔལ་ཨ་མོ་གྷ་སིདྡྷི་ཞེས་བྱ་བས། དཔལ་ཀུན་དུ་བཟང་པོའི་ནགས་ཀྱི་གྲུབ་བའི་རིང་ལུགས་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བའི་གཞུང་ལུགས་ཐམས་ཅད་པ་ཨཱ་ནནད་སཱ་དྷུའི་ཞབས་ཀྱི་དྲུང་དུ་གསོལ་བ་བཏབ་སྟེ། དེ་ཉིད་ཀྱིས་ཇའི་གནང་སྦྱིན་བཟང་པོ་དང་བཅས་པའི་བཀའ་གནང་བ་ལས། ལེགས་པར་སྦྱར་བའི་ཆ་ཤས་རིག་པ་ཆོས་སྨྲ་བའི་དགེ་སློང་གཞོན་ནུ་དཔལ་གྱིས་བསྒྱུར་བའོ།། །།


previousམི་གཡོ་བའི་མངོན་པར་རྟོགས་པོ་རབ་ཏུ་དགའ་བར་མངོན་པར་བརྗོད་པ། ནགས་ཀྱི་རིན་ཆེན།no next