Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་དགུ་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅོ་ལྔ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱ་བ་བཤད་པ།
   
   
   


 
previousལེའུ་བཅོ་ལྔ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱ་བ་བཤད་པ།next

ལེའུ་བཅོ་ལྔ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱ་བ་བཤད་པ།


DTG029_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གལ་ཏེ་ལས་ཀྱི་ཚོགས་ཀྱི་སྒོ་ནས་མངོན་པར་ཞེན་པར་རགས་པར་གྱུར་ན། དེའི་ཚེ་དེ་སྤང་བར་བྱ་བའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱ་སྟེ། དེའི་ཕྱིར་ལེའུ་བཅོ་ལྔ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །རྡོ་རྗེ་ནི་སྒྱུ་མའི་སྐུ་སྟེ། དེ་ཉིད་འཛིན་པ་ནི་འོད་གསལ་བ་ལས་སྤྲོ་བས་ན་རྡོ་རྗེ་འཛིན་ནོ། །འཇའ་ཚོན་དང་འདྲ་བའི་སྐུས་མཛེས་པས་ན་རྒྱལ་པོའོ། །ཐམས་


DTG029_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅད་ནམ་མཁའ་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ། དེ་གཟིགས་པས་ན་ཐམས་ཅད་ནམ་མཁའོ། །ཆེ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཏེ་དེ་དག་གི་ནང་ན། མི་འགྱུར་ནི་འཇིག་པར་མི་འགྱུར་བས་མི་འགྱུར་ཆེའོ། །ཐམས་ཅད་དབང་བསྐུར་བ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་འཇུག་པས་ཐམས་ཅད་དབང་བསྐུར་རོ། །ཀུན་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མའི་རང་བཞིན་རྣམས་ཏེ། དེ་དག་འོད་གསལ་བ་ལ་ཞུགས་པར་མཁྱེན་པས་ན་ཀུན་མཁྱེན་ནོ། །རྡོ་རྗེ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེའི་ཚུལ་ནི་ལམ་བཀའ་སྩལ་པ་སྟེ། སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པ་དང༌། མངོན་པར་བྱང་ཆུབ་པའི་རིམ་པ་རྣམས་སོ། །སྨེ་ཤ་ཅན་ནི་བདག་ཉིད་ཆེ། །ཞེས་བྱ་བ་ལ་སོགས་པ་ལ། ལོ་གྲངས་བཅུ་གཉིས་པ་ནི་ལོ་དེ་རྣམས་ལོན་པ། སྨེ་ཤ་ཅན་ནི་རིགས་ཐ་མའི་བུ་མོ། སྒྲུབ་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་ཡོན་ཏན་དང་ལྡན་པར་བྱའོ། །སྨེ་ཤ་ཅན་ཇི་ལྟ་བུ་ཞེ་ན། རབ་ཏུ་གྲགས་པའི་གདོལ་པའི་ལས་བྱེད་པའོ། །གང་དུ་བསྒྲུབ་ཅེ་ན། དབེན་པའི་སྐྱེ་བོའི་ཚོགས་དང་བྲལ་བའི་རི་བོ་ལ་སོགས་པའི་གནས་སུའོ། ཇི་ལྟར་ཞེ་ན། ཁྱད་པར་དུ་ཞེས་པ་ནི་དད་པ་ལ་སོགས་པའི་སེམས་ལས་བྱུང་བའི་ཡོན་ཏན་གྱིས་ཏེ། ཇི་སྲིད་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་ཕྱིར་རོ། །བཤང་གཅིས་ཉེ་བར་མཚོན་པའི་དམ་ཚིག་ནི་དམ་ཚིག་ལྔ་སྟེ། སོགས་པའི་སྒྲས་ནི་དེ་དང་མཚུངས་པའི་ཙནྡན་ལ་སོགས་པས་གནས་དེ་རུ་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དཀྱིལ་འཁོར་བྱའོ། །ཇི་ལྟར་ཞེ་ན། རྡོ་རྗེ་དཀྱིལ་འཁོར་བསྒོམ་པ་ནི་རྡོ་རྗེ་ཚུལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ལ་མཁས་པའི་སློབ་མ་དང་ལྷན་ཅིག་ཏུའོ། །དེའི་འོག་ཏུ་དཀྱིལ་འཁོར་གྱི་ཆོ་གའི་རིམ་པས་མཆོད་པ་བྱས་ཏེ། བུ་མོ་དེ་ཡང་སྔ་མ་བཞིན་དུ་རིགས་ལྔས་བྱིན་གྱིས་བརླབས་ལ་བདག་ཉིད་མི་བསྐྱོད་པའི་ངོ་བོ་དང་བུ་མོ་དེ་ཡང་མཱ་མ་ཀཱིའི་ངོ་བོར་བསམ་པར་བྱའོ། །བུ་མོ་དེ་ཇི་ལྟ་བུ་ཞེ་ན། མཚན་ཉིད་ཐམས་ཅད་ཡོངས་སུ་དག །ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་དམ། བྱེད་པ་དང་ཡན་ལག་འཁྲུད་པ་ལ་སོགས་པ་ལ་མཁས་པ་སྟེ། དེ་དག་དང་ལྡན་པ་དང་དེ་བཞིན་དུ་བཞིན་ཡུངས་མཛེས་པ་ནི་དགའ་བ་


DTG029_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྐྱེད་བའི་དུས་སུའོ། །རབ་ཏུ་བཟང་བ་ནི་ཁ་དོག་ལྗང་གུའོ། །རྒྱན་རྣམས་ཐམས་ཅད་ནི་བརྡུངས་པ་དང་བྲིས་པ་དང༌། སྲོག་ཆགས་དང་ཁམས་ཀྱི་རང་བཞིན་ཏེ། དེ་དག་གིས་ཡོངས་སུ་རྫོགས་པ་ནི་རྒྱན་དང་ལྡན་པར་བྱས་ནས་ཕང་བར་བཞག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་བརྗོད་ལ། སྔགས་ཀྱི་འཁོར་ལོ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་པ་ཡིན་ནོ་ཞེས་བསམས་ཏེ། རྣལ་འབྱོར་པས་གནས་པར་བྱ་སྟེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་འོད་གསལ་བ་ལས་ཅིག་ཅར་དུ་རྣམ་པར་སྣང་མཛད་ཆེན་པོའི་སྐུ་སྤྲོས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་ཅན་ནི་སྐུ་ལ་སོགས་པ་དེ་རྣམས་རྡོ་རྗེའི་རྣམ་པ་སྒྱུ་མ་ལྟ་བུ་བསམ་སྟེ། བསམ་གཏན་སྔགས་ནི་བསམ་གཏན་ཏེ་འོད་གསལ་བ་ལ་ཞུགས་པ་དང༌། སྔགས་ནི་དེ་ཉིད་ལས་ལྡང་བ་སྟེ་བསམ་གཏན་སྔགས་ནི་ཞུགས་པ་དང་སྤྲོས་པ་སྟེ། དེའི་སྦྱོར་བས་སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་འོད་དང་འདྲ་བར་གྱུར་ཅིང༌། ཨུཏྤལ་མཐིང་གའི་མདོག་དང་འདྲ་བའི་བཙོ་བླག་མ་ལན་གྱི་བུ་མོ་བདག་ཉིད་ཆེ་བ་ནི་ལོ་བཅུ་དྲུག་ལོན་བ་བླངས་ཏེ། ལྷ་མོ་སྤྱན་གྱི་རྣམ་པས། རིགས་ལྔའི་ས་བོན་གྱིས་བྱིན་གྱིས་བྱིན་རླབས་ལ། རྡོ་རྗེ་ནི་རང་གི་རྡོ་རྗེ་དང་པདྨ་ནི་དེའི་གསང་བའི་པདྨ་སྟེ། དེ་དག་སྦྱོར་བ་ནི་ཡང་དག་པར་སྦྱོར་ཞིང་དེའི་རྗེས་ལ་ཆོ་ག་དེ་ཉིད་ནི་སྔགས་ཀྱི་ཡི་གེ་དགོད་པས་སྦྱོར་བ་ནི་བསྐྱོད་པ་བྱས་ལ། ལས་རྣམས་བརྩམས་པ་ནི་གསང་བའི་མཆོད་པའི་བྱ་བ་བརྩམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ཆོ་ག་འདི་ནི་སྔགས་རྣམས་ཐམས་ཅད་དེ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ནི་མཆོད་པ་དང་པོ་སྟེ་འདའ་དཀའ་ནི་རྟག་ཏུ་སྤྱོད་པར་བྱའོ། །དེ་ལྟར་བྱེད་ན་དེ་མ་ཐག་ཏུ་ནི་སྙོམས་པར་ཞུགས་མ་ཐག་ཏུ་རྡོ་རྗེ་སེམས་དཔའ་ནི་རྣམ་པར་སྣང་མཛད་དེ། དེའི་འོད་འདྲ་བ་ནི་དེ་དང་འདྲ་བར་འགྱུར་རོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འཛིན་མས་ནི་བློ་ལ་བཞག་པས་ནི་ཆོས་རྣམས་ཀུན་དང་མཚུངས་པའོ། །དེ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེས་མཛེས་


DTG029_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་ན་རྒྱལ་པོའོ། །འདོད་དང་ཐར་པ་ནི་འོད་གསལ་བ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་སྟེ། །དེ་དག་རབ་ཏུ་བྱེད་པ་ནི་མངོན་དུ་བྱེད་པས་ན་འདོད་དང་ཐར་པར་སྒྲུབ་པ་སྟེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །རྡོ་རྗེའི་ཆོས་ནི་རྣམས་བསྒོམས་པས། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས། སྔ་མ་བཞིན་དུ་ཁྲུ་ཉི་ཤུའི་དཀྱིལ་འཁོར་ཤིན་ཏུ་འདུས་བྱས་པ་ལ་རང་བཞིན་རང་གི་བདག་ཉིད་ཅིག་ཅར་དུ་གསུང་རྡོ་རྗེར་བསྒོམས་ཏེ། གར་མཁན་གྱི་བུ་མོ་བཞིན་བཟངས་ནི། ལོ་ཉི་ཤུ་ལོན་པ་དང༌། རབ་མཛེས་ནི་ཁ་དོག་དམར་པོ་དང་སེར་པོ་སྟེ། མིག་དཀྱུས་རིང་བ་ནི་པདྨ་ཤིན་ཏུ་རྒྱ་ཆེ་བའམ། རྒྱས་པའི་པདྨ་དང་འདྲ་བའི་མིག་ཡངས་པ་སྟེ། དེ་ཉིད་གོས་དཀར་མོའི་ངོ་བོ་དང་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་ལ། རྡོ་རྗེ་ཆོས་ནི་སྔ་མ་བཞིན་དུ་རྡོ་རྗེ་དང་པདྨ་དག་སྔགས་དགོད་པ་སྔོན་དུ་འགྲོ་བ་ཡང་དག་པར་སྦྱོར་ཞིང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎཱ་ཞེས་བྱ་བ་ལ་སོགས་པའི་སྔགས་རྗེས་སུ་དྲན་པ་སྔོན་དུ་འགྲོ་བའི་སྙོམས་པར་ཞུགས་པའི་སྒོ་ནས་གནས་པར་བྱའོ། །དེའི་ཚེ་རྣལ་འབྱོར་པ་དེ་ཡང་རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་ཏེ། དེའི་བདག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པ་དང༌། ས་བཅུ་ནི་རབ་ཏུ་དགའ་བ་ལ་སོགས་པ་སྟེ། དེ་རྣམས་ལ་ཡང་གནས་པར་འགྱུར་རོ། །གསུང་གི་དམ་ཚིག་ནི་སྔ་ཚོགས་པའི་བསྟན་བཅོས་སྤྲུལ་པ་དང༌། འཛིན་པ་ནི་ལན་ཅིག་གིས་བསྟན་བཅོས་གཟུང་བའོ། །རྒྱལ་པོ་ནི་སྨྲ་བའི་སེང་གེའི་ནང་ནས་རྒྱལ་པོའོ། །ཀུན་ནི་གཅེར་བུ་པ་དང༌། གྲངས་ཅན་པ་དང༌། རིག་པ་པ་དང༌། ཁྱད་པར་བ་དང༌། དཔྱོད་པ་པ་ལ་སོགས་པ་རྣམས་ཀྱི་མཆོག་ནི་གཙོ་བོར་གྱུར་པའོ། །དམ་པ་ནི་བུད་མེད་དམ་རྒྱལ་པོའི་བུད་མེད་རྣམས་ཏེ། དེ་རྣམས་ལ་ཤིན་ཏུ་ཡིད་དུ་འོང་བའི་ཕྱིར། དབང་ཕྱུག་ནི་བདག་པོ་ཉིད་དུ་འགྱུར་ཏེ། དག་གི་དེ་ཉིད་དང་འདོད་པའི་དེ་ཉིད་དང༌། སྤྲོས་པ་མེད་པའི་དེ་དག་སྟེ། དེ་ཁོ་ན་ཉིད་གསུམ་ཐོབ་པར་འགྱུར་རོ་ཞེས་པ་ཚིག་གི་དོན་ཏོ། །རིན་ཆེན་དང་ལས་ཀྱི་རྣལ་འབྱོར་པ་དག་ཞེ་སྡང་གི་རིགས་ཀྱི་ནང་དུ་བསྡུ་བ་སྟེ། དེ་དག་གིས་སྔ་མ་བཞིན་དུ་སྨེ་ཤ་ཅན་གྱི་བུ་མོ་


DTG029_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྒྲུབ་པར་བྱ་སྟེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །ད་ནི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པའི་བསྒྲུབ་བ་བཤད་པར་བྱ་བའི་ཕྱིར། བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེ་ལ་སོགས་པ་བཞི་པོ་ལས་གང་ཡང་རུང་བ་ཐམས་ཅད་ལ་དབང་བྱེད་པའི་ཕྱིར་བུ་མོ་རྙེད་ནས་སྔ་མ་བཞིན་དུ་རྡོ་རྗེ་ཆོས་དག་ནི། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་བསྒྲུབ་པར་བྱའོ། །སྒྲུབ་པ་དེ་ལྟ་བུ་གསང་བའི་ཚུལ་འདི་སྔགས་ཀྱི་ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ནི་བཞི་པའི་དབང་བསྐུར་བ་གཙོ་བོར་གྱུར་པའི་ཕྱིར་རོ་ཞེས་སྟོན་ཏོ། །མན་ངག་བཞི་པ་དེ་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་ཉི་མ་ནུབ་ནས་ཞེས་བྱ་བ་ལ་སོགས་པ་ལ། ནུབ་པ་ནི་དུས་མཚམས་ཀྱི་སྐད་ཅིག་མ་ལ་རྡོ་རྗེ་ཉི་མ་ནི་ཉི་མ་མ་ནུབ་པའི་དུས་སུ་བླ་མ་ལ་མཆོད་པ་ཆེན་པོ་བྱས་ཏེ། དེ་ཉིད་ལ་ཕྱག་རྒྱ་མ་ཕུལ་ཞིང་དེས་གནང་བ་དེ་ཉིད་བླངས་ཏེ། མཚན་ཕྱེད་ཀྱི་དུས་སུ་སྒྲུབ་པ་ནི་གསང་བའི་མཆོད་པ་བརྩམས་ནས། སྐྱ་རེངས་འཆར་བའི་དུས་ནི་ནང་པར་གྱི་དུས་ལ་དེ་ཁོ་ན་ཉིད། ཉམས་སུ་མྱོང་ཞིང་སྒོམ་པ་མཆོག་ནི་རྣལ་འབྱོར་པ་དེས་འགྲུབ་པར་འགྱུར་བ་ནི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཡང་ན་རྡོ་རྗེ་ནི་དགའ་བ་དང་ཉི་མའི་ནི་མཆོག་ཏུ་དགའ་བ་དང༌། དེ་དག་ནུབ་པ་ནི་ཟད་པར་སྒྲུབ་པ་སྟེ་ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བའི་ཕྱིར་བརྩམ་པར་བྱའོ། །དེའི་རྗེས་ལ་སྐྱ་རེངས་འཆར་བའི་དུས་ནི་སྣང་བའི་རང་བཞིན་ཡིན་པའི་ཕྱིར་ལྷན་ཅིག་སྐྱེས་པའི་དུས་ཏེ། དུས་རེ་ལ་བསྒོམ་པ་མཆོག་ནི་འཛིན་པའི་དེ་ཁོ་ན་ཉིད་རིག་པའི་རྣལ་འབྱོར་པ་འགྲུབ་པར་འགྱུར་བ་ནི་ཕྱག་རྒྱ་ཆེན་པོ་དམིགས་པར་བྱེད་དོ། །རབ་ཏུ་བྱེད་པ་ལས་ཀྱང་བླ་མའི་ཞལ་གྱི་དྲིན་གྱིས་ནི། །དེ་ནས་དེ་ནི་གསལ་མཐོང་འགྱུར། །མ་འོངས་པ་དང་འདས་པ་དང༌། །ད་ལྟར་བྱུང་བའི་སྲིད་གསུམ་སྟེ། །འོད་གསལ་རྣམ་པར་དག་པ་ཡིས། །སྐད་ཅིག་གཅིག་གིས་ཀུན་མཐོང་འགྱུར། །ཆུ་ཟླ་སྨིག་རྒྱུ་ལ་སོགས་པའི། །སྒྱུ་མའི་ཡོན་ཏན་རྣམས་ཀྱིས་བརྒྱན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྐྱ་རེངས་ཤར་བའི་དུས་སུ་ནི། །བྱང་ཆུབ་ཤིང་དྲུང་རྩར་བཞུགས་ནས། །དེས་ན་བདུད་རྣམས་འཇོམས་པར་མཛད། །


DTG029_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་དག་ཡེ་ཤེས་བླ་ན་མེད། །ཤཱཀྱའི་མགོན་པོས་ཐོབ་ནས་ནི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དེ་ཉིད་འདིར་ནི་རབ་ཏུ་བསྟན། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །དེ་ཉིད་ཡེ་ཤེས་ཞེས་བཤད་དོ། །མཚམས་མེད་ལྔ་ནི་བྱེད་པ་དང༌། །བསོད་ནམས་དམན་པའི་མི་གང་དང། །ཡིད་བཞིན་ནོར་བུ་གཞན་འདྲ་བ། །བླ་མའི་དྲིན་གྱིས་ཐོབ་པར་འགྱུར། །རྫོགས་པའི་སངས་རྒྱས་མ་འོངས་པ། །འདི་ནི་ཅི་འདོད་ལས་བྱེད་དོ། །ཆགས་དང་ཆགས་པ་བྲལ་བ་མིན། །བར་མ་ཡང་ནི་མི་དམིགས་ཏེ། །སྟོང་དང་སྟོང་པ་མ་ཡིན་མིན། །བར་མ་ཡང་ནི་མི་དམིགས་སོ། །ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། །མངོན་པར་བྱང་ཆུབ་པའི་རིམ་པའོ། །དེའི་རྗེས་ལ་གཞན་གྱི་དོན་བྱ་བའི་ཕྱིར་རྒྱན་ཐམས་ཅད་ནི་མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན་པ་དང༌། དྲི་དང་མེ་ཏོག་ནི་སྒྱུ་མའི་དཔེ་རྣམས་ཀྱིས་བརྒྱན་པ་རྡོ་རྗེ་སེམས་དཔའ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་མཆོག་ནི་རྡོ་རྗེ་འཆང་གི་སྐུ། །སྒོམ་པ་ནི་ཅིག་ཅར་དུ་སྤྲོས་ན་གྲུབ་པ་མྱུར་དུ་ཐོབ་པར་འགྱུར་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང༌། རང་དང་གཞན་གྱི་དོན་གྱི་དངོས་གྲུབ་རྣལ་འབྱོར་པས་མྱུར་དུ་ཐོབ་པར་འགྱུར་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རྣལ་འབྱོར་པ་དེ་ནི་སྐུ་གསུམ་ནི་ཁམས་གསུམ་པ་རྣམས་ལ་མཆོག་སྦྱིན་པ་ནི་རྗེས་སུ་གཟུང་བའོ། །དེ་བཞིན་དུ་སངས་རྒྱས་མཚན་ནི་རྫུ་འཕྲུལ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་མཚན་པར་གྱུར་པ་ནི་བརྒྱན་པར་འགྱུར་རོ། །དེ་བཞིན་དུ་རང་གི་ལུས་ལས་འབྱུང་བའི་སྣང་བས། དཔག་ཚད་བརྒྱ་ནི་ཉེ་བར་མཚོན་པ་ཡིན་ཏེ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱང་སྣང་བར་བྱེད་དོ། །དབང་པོ་གཉིས་སྦྱོར་བ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་མེད་པས། སྦྱོར་བ་ཐམས་ཅད་ནི་ལྡང་བ་དང་འདུག་པ་དང་ཉལ་བ་དང་འཆག་པ་རྣམས་བརྩམ་པར་བྱ་བ་ནི་བྱ་བ་སྟེ་ཟུང་འཇུག་གི་རིམ་པའོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་འདི་དངོས་གྲུབ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཀྱི་དམ་ཚིག་གོ །དེ་ནས་དམ་ཚིག་སྟེ་དེ་རྣམས་སོ་སོར་བཤད་པར་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང༌། བརྟུལ་ཞུགས་ཕྲེང་བ་སྔངས་པ་དང༌། །དེ་ལ་གང་ཡང་མི་བཤད་དེ། །


DTG029_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ལ་རྟག་ཏུ་དམ་ཚིག་ནི་བཤང་གཅིས་ཉེ་བར་མཚོན་པའི་རྫས་ལྔ་སྟེ། དེ་རྣམས་བཟའ་བར་བྱའོ། །ཇི་ལྟར་ཞེན་རྡོ་རྗེ་གྲུབ་པ་ན་ཡེ་གེ་གསུམ་གྱིས་བརླབས་ནས་སོ། །དངོས་གྲུབ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དངོས་གྲུབ་པའི་ཕྱིར་དམ་ཚིག་ནི་སྔགས་པའི་སློབ་པ་ཤིན་ཏུ་འདའ་དཀའ་བ་ནི་སྤང་བར་མི་བྱའོ་ཞེས་སྟོན་ཏོ། །དེ་བཞིན་དུ། བཤང་གཅི་དམ་ཚིག་ལ་སོགས་ལ། །ཞེས་བྱ་བ་ལ་སོགས་པ་ལ། བཤང་གཅི་ནི་སྲོག་དང་རྩོལ་བ་སྟེ། དེ་དག་གི་དམ་ཚིག་ནི་ཡང་དག་པར་སྦྱོར་བས། དབང་པོ་གཉིས་སྦྱོར་བ་ནི་འོག་དང་སྟེང་འགོག་པ་སྟེ་མ་ནིང་གི་བཟླས་པས། བླ་ན་མེད་པའི་ཕུལ་དུ་བྱུང་བའི་དམ་ཚིག་དེ་ཁོ་ན་ཉིད་འོད་གསལ་བ་འགྲུབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། སངས་རྒྱས་ནི་ཕུང་པོ་རྣམས་ཏེ། དེ་དག་གི་བྱང་ཆུབ་ནི་རྣམ་པར་མི་རྟོག་པ་དེ་ཉིད་དེ། དེ་ཉིད་ཀྱི་གནས་སོ། །ཞི་བ་ནི་རང་བཞིན་གྱི་དོན་ཕུན་སུམ་ཚོགས་པའི་གཞིར་གྱུར་པའོ། །འདོད་པ་ནི་སྙོམས་པར་ཞུགས་པ་དང༌། ཐར་པ་ནི་བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་དང༌། དམ་ཚིག་ནི་བདུད་རྩི་མྱོང་བ་དང༌། རྡོ་རྗེ་ནི་རྡོ་རྗེ་བཟླས་པ་གང་ལས་འབྱུང་བ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེ་ནི་བསྒྲུབ་པ་དང་རྡོ་རྗེ་བཟླས་པའི་རིམ་པ་དག་གོ །ད་ནི་གཞན་ཡང་འགྲོ་བའི་དོན་བྱས་པའི་ཕྱིར་ལས་ཀྱི་ཆོགས་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ཆེན་པོ་ནི་རྣམ་པར་སྣང་མཛད་དེ། དེའི་ཁྲོ་བ་ནི་འཕགས་པ་གཤིན་རྗེ་གཤེད་དོ། །དེ་ཉིད་ཀྱི་རྡོ་རྗེ་ནི་སྔགས་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་དེ། དེ་རྣམས་སྐྲག་པར་བྱེད་པ་ནི་འཇིག་རྟེན་སྐྱོང་བ་རྣམས་སོ། །དེ་རྣམས་ཀྱི་ཡང་ཁྲོ་བོ་ནི་གཤིན་རྗེ་མཐར་བྱེད་དེ། དེ་དང་དབྱེར་མེད་པས་སྔགས་ཀྱང་དེ་བཞིན་དུ་བཤད་པ་སྟེ། དེ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཨོཾ་ནི་རྣམ་པར་སྣང་མཛད་ཀྱི་རྗེས་སུ་དྲན་པའོ། །ཧྲཱིཿ་ནི་སྒྱུ་མའི་ས་བོན་ཏེ་གསུང་གི་རང་བཞིན་ནོ། །ཥཎྲྀ་ཞེས་པ་ནི་རྣམ་པར་གཅིག་པའི་ཕྱིར་ཐུགས་ཀྱི་ས་བོན་ནོ། །དེ་བས་ན་སྐུ་གསུང་ཐུགས་ཀྱི་རང་


DTG029_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་ནོ། །བི་ཀྲྀ་ཏཱ་ན་ན་ཞེས་པ་ནི་ཞལ་དྲག་པོའོ། །སརྦྦ་ཤ་ཏྲཱུ་ན་ཞེས་པ་ནི་འཇིག་རྟེན་སྐྱོང་བ་རྣམས། ནཱ་ཤ་ཡ་ཞེས་པ་འཇིགས་ཤིག་པའོ། །འབྲོས་པ་དེ་རྣམས་ཀྱང༌། སྟྭཾ་བྷ་ཡ་ཞེས་པ་ནི་རེངས་ཤིག་པའོ། །ཧཱུཾ་ནི་བསྐུལ་བ་ལའོ། །ཕཊ་ནི་ཁྲོས་པ་ལའོ། །སྭཱ་ཧཱ་ནི་མངོན་དུ་བྱེད་པའི་ཕྱིར་རོ། །ད་ནི་སྦྱོར་བ་བཤད་པར་བྱ་བའི་ཕྱིར། དུག་ནི་ཁྲག་དང་ཀུན་དུ་སྦྱར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲུ་གསུམ་པའི་མེ་ཐབ་ལ་ཚེར་མའི་མེ་སྦར་ཞིང་མེ་དེ་ཡང་དང་པོ་རྒྱལ་རིགས་སམ་རྗེའུའི་རིགས་ཀྱི་ཁང་བ་ནས་བླངས་ཏེ། གཅེར་བུ་དང་སྐྲ་དཀྲོལ་ཞིང་གཤིན་རྗེ་གཤེད་ཀྱི་ང་རྒྱལ་དང་ལྡན་པས་དུག་དང་ཁྲག་དང་སྐེ་ཚེ་དང་ལན་ཚྭ་རྣམས་ཉི་མ་ཕྱེད་དང་མཚན་ཕྱེད་ན་བརྒྱ་རྩ་བརྒྱད་དུ་བཟླས་ཏེ། ཆེ་གེ་མོ་འདི་ཞེས་བྱ་བ་ཝ་ཤ་མཱ་ནཱ་ཡ་ཧྲཱིཿ། ཞེས་པ་བུ་མོའི་མིང་ལ་བརྟེན་ཏེ་བརྗོད་ཅིང་ཞག་གསུམ་བསྲེགས་ན་དེའི་ཚེ་བུ་མོ་དེ་རེངས་པར་འགྱུར་རོ། །བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་ཞེས་པ་ནི་གལ་ཏེ་རྣལ་འབྱོར་པ་དུས་དེ་ཙམ་གྱིས་འཆི་བར་མི་འགྱུར་ན་དེའི་ཚེ་བསྐལ་པ་དེ་ཙམ་གྱི་བར་དུ་འགྲུབ་པར་འགྱུར་རོ་ཞེས་ཕུལ་དུ་བྱུང་བའི་ཚིག་གོ །སངས་རྒྱས་ནི་ཚངས་པ་དང་ཆོས་འཛིན་པ་ནི་ཁྱབ་འཇུག་དང༌། རྡོ་རྗེ་སེམས་དཔའ་ནི་དྲག་པོ་སྟེ། གལ་ཏེ་ལྷ་རྣམས་བུ་མོ་དེ་རྣམས་ཀྱི་བདག་པོ་ཡིན་པས་སྒྲུབ་པ་པོའི་སྦྱོར་བ་ལས་འདས་པར་བྱེད་ན་དེའི་ཚེ་དེ་རྣམས་ཀྱི་སྲོག་སྦྱོར་བ་དེ་ཉིད་ཀྱིས་ཟད་པར་འགྱུར་ཏེ། མི་འཇིག་པའི་ནུས་པ་དང་ལྡན་པའི་སྔགས་འདི་ཡིན་ནོ་ཞེས་སྟོན་ཏོ། །འདི་ཉིད་ཀྱི་སྦྱོར་བ་གཞན་བཤད་པར་བྱ་སྟེ། བཅུ་བཞིའམ་ཡང་ན་ཚེས་བརྒྱད་ལ། །ཞེས་བྱ་བ་ལ་སོགས་པ་ལ། མར་ངོའི་ཚེས་བརྒྱད་པའམ་བཅུ་བཞི་ལ་བུད་མེད་ཀྱིས་རྗེས་སུ་འབྲང་བའི་སྐྱེས་བུ་བསྲེགས་པའི་སོལ་བའི་དུམ་བུ་བླངས་ཏེ། དེ་ཉིད་སྔགས་འདིས་བྱིན་གྱིས་བརླབས་ནས་བརྒྱ་རྩ་བརྒྱད་དུ་བཟླས་ཏེ། གཤིན་རྗེ་གཤེད་ཀྱི་དམིགས་པས་སོལ་བ་དེའི་ཆ་མགོ་བོ་ལ་བཏབ་མ་དེས་ནི་སྒྲུབ་པ་པོ་དེ་ལ་སྟེར་བར་འགྱུར་བ་ནི་ནོར་དང་འབྲུ་ལ་སོགས་པ་སྟེར་བར་བྱེད་པའོ། །དེ་བཞིན་དུ་སྔགས་འདི་ཉིད་ཀྱིས་དུར་ཁྲོད་ཀྱི་སོལ་བའི་དུམ་བུ་བྱིན་གྱིས་བརླབས་ལ་བསྒྲུབ་བྱའི་གཟུགས་


DTG029_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐལ་བས་བྲིས་ཏེ། འབྱུང་པོའི་ཞག་གི་ཉི་མ་ཕྱེད་དང་མཚན་ལ། སེམས་དྲག་པོས་བསྒྲུབ་བྱའི་མགོ་བོ་ལ་སོལ་བའི་དུམ་བུ་དེས་སོག་ལེའི་ཚུལ་གྱི་རི་མོ་བྲིས་ན་དགྲ་བོ་དེ་དེ་མ་ཐག་ཏུ་གཉིས་སུ་ཕྱེ་ཞིང་འཆི་བར་འགྱུར་རོ། །སྔགས་འདི་ཉིད་ཀྱིས་སལ་སོགས་པ་ལས་བྱས་པའི་གཟུགས་བརྙན་ལ། ཐོབ་ནི་རྡོ་རྗེ་ཐོབ་སྟེ་བརྒྱ་རྩ་བརྒྱད་དུ་བཟླས་ལ། དེ་ཉིད་ཧཱུཾ་ནི་རབ་ཏུ་འབར་དང་བཅས། །ཞེས་པ་ནི་འབར་བའི་རྡོ་རྗེས་མཚན་པར་བསམས་ཏེ། དེའི་མགོ་བོ་ལ་དྲག་པོའི་སེམས་ཀྱིས་མངོན་སྤྱོད་ཀྱི་ཞག་ལ་ཕབ་ན་བསྒྲུབ་བྱ་ཤི་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གདུག་པ་ཐམས་ཅད་ནི་བླ་མ་ལ་སོགས་པ་སྨོད་པ་རྣམས་རྡོ་རྗེ་ཐོ་པ་འདིས་འཇིག་པར་བྱེད་དོ། །ཕྱག་ན་རྡོ་རྗེའི་རིགས་ནི་གལ་ཏེ་དེའི་རིགས་ལ་གདུག་པ་ཡོད་ན་དེ་ཡང་འཇིག་པར་འགྱུར་ཏོ། ནུས་པ་བསྟན་ཏོ། །དེ་བཞིན་དུ་སྔགས་འདི་ཉིད་ཀྱིས་རྡོ་རྗེས་མཚན་པའི་སྟ་རེ་བྱིན་གྱི་རླབས་ཀྱིས་བརླབས་ཏེ། མངོན་སྤྱོད་ཀྱི་རྫས་རྣམས་ཀྱིས་དགྲ་བོའི་གཟུགས་བརྙན་བྲིས་ཏེ། དམར་པོ་ལ་སོགས་པའི་རྡོ་རྒྱུས་ཀྱི་སྟ་རེས་སྐྱེས་པའམ་བུད་མེད་ཀྱི་མགྲིན་པ་བཅད་ན་འཆི་བར་འགྱུར་རོ། །སྦྱོར་བ་འདིས་སངས་རྒྱས་ནི་གཞན་གྱི་སྦྱོར་བ་ལ་མཁས་པ་དང༌། སྐུ་གསུམ་ནི་ལུས་ངག་ཡིད་ཀྱི་རིན་ཆེན་མཆོག་ནི་ཕུལ་དུ་བྱུང་པའི་རང་བཞིན་དང་ལྡན་པ་སྟེ། སེམས་ཅན་ཀུན་ལ་ཕན་འདོད་པ་ནི་སེམས་ཅན་ཀུན་ནི་ནོར་ཕྲོགས་ཏེ་བདག་ལ་ཕན་འདོད་པ་གང་ཡིན་པ་དེ་ལྟ་བུའི་གདུག་པ་རྒྱལ་པོ་ལ་སོགས་པ་གལ་ཏེ་ཡིན་ན་དེའི་ཚེ་གནད་པར་འགྱུར་བའམ། ཤི་བར་འགྱུར་རོ་ཞེས་འདིར་ཐེ་ཚོམ་མེད་དོ། །སྔགས་འདི་ཉིད་ཀྱིས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་ལས་ཀྱི་རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེ་སྟེ། མེ་སྟག་མང་པོ་འཁྲིག་པ་ཅན་ནི་འོད་ཟེར་གྱི་ཚོགས་སྤྲོ་བར་བསམས་ཏེ། དེའི་དབུས་སུ་ཡང་ཡི་གེ་ཧཱུཾ་ལས་བྱུང་བའི་ཉི་མ་བཅུ་གཉིས་ཀྱི་འོད་དང་འདྲ་བའི་ཁྲོ་བོ་རྡོ་རྗེ་རྩེ་ལྔ་པ་བསྒོམ་ཞིང་དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་སྤྲིན་གྱི་རྒྱུན་རྣམས་བསྐམས་ན་ཆུ་རེངས་པར་འགྱུར་རོ། །དེ་བཞིན་དུ་སློབ་དཔོན་གྱི་རིགས་གང་ཡང་རུང་བས་དཀྱིལ་འཁོར་བྲི་བར་བརྩམས་ན་དེ་ལ་གལ་ཏེ་རླུང་ལ་སོགས་


DTG029_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་བགེགས་རྣམས་འབྱུང་ན་འདིར་མཆེ་བའི་ཕྱག་རྒྱ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བཅིངས་ནས། གདུག་པའི་དགྲ་ནི་གཤིན་རྗེ་གཤེད་དེ་ཉིད་དྲན་པར་བྱ་བ་ནི་དེའི་བསམ་གཏན་དམིགས་པར་བྱ་ཞིང་དེ་ཉིད་ཀྱི་སྔགས་ཀྱང་བརྗོད་པར་བྱའོ། །དེ་ལྟར་བྱས་ན་གལ་ཏེ་སངས་རྒྱས་ནི་ལྷ་རྣམས་དང༌། བྱང་ཆུབ་སེམས་དཔའ་ནི་ལྷ་མ་ཡིན་རྣམས་ཀྱིས་བགེགས་དེ་སྤྲུལ་པར་གྱུར་ན་ཡང་དེའི་ཚེ་མཐོང་བ་ཙམ་གྱིས་ནི་རྣལ་འབྱོར་པས་བལྟས་པ་ཙམ་གྱིས་འཇིག་པར་འགྱུར་རོ། །གཞན་ཡང་གལ་ཏེ་འབིགས་བྱེད་ལ་སོགས་པའི་དགོན་པ་རྣམས་སུ་འགྲོ་བ་ཡིན་ན། དེའི་ཚེ་སངས་རྒྱས་ནི་གཞན་གསོད་པ་ལ་མཁས་བ་སེང་གེ་ལ་སོགས་པ་དང༌། བྱང་ཆུབ་ནི་མི་སྣང་བར་བྱེད་པ། སེམས་ནི་བསམ་པ་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སྟེ། ཕྲ་མེན་མ་ལ་སོགས་པ་དང་དེ་བཞིན་གཞན་གདུག་པ་ནི་སྤྲུལ་དང་སྦྱང་ཀི་དང་ཆུ་སྲིན་ལ་སོགས་པ་སྟེ། དེ་རྣམས་སྔགས་འདི་དང་བསམ་གཏན་གྱིས་སྐྲག་པར་བྱས་ན་འཆི་བར་འགྱུར་རོ། །ཁྱད་པར་བཤད་པར་བྱ་སྟེ། སྔགས་ཐམས་ཅད་ནི་ཁོ་བོའི་སྔགས་རྣམས་ཀྱི་ས་གསང་བ་ནི་སྦ་བར་བྱ་བ་དང༌། སྙིང་པོ་ནི་དགའ་བར་བྱེད་པས་ན་ནུས་པ་སྐྱེད་པར་བྱེད་པ་ཕཊ་ཏོ། །འདི་དང་པོ་བརྗོད་ལ་ཕྱི་ནས་ཨོཾ་ཧྲི་ཞེས་བྱ་བ་ལ་སོགས་པ་བརྗོད་ན་གདུག་པ་འཆི་བར་འགྱུར་ཏེ་བསྐྱེད་པའི་རིམ་པའོ། །ད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ནི་འོད་གསལ་བ་ལས་བྱུང་བའི་སེམས་དཔའ་ནི་ཡེ་ཤེས་སེམས་དཔའ་སྟེ། ཡེ་ཤེས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །དོན་སྦྱོར་བ་ནི་དེ་ལ་དམིགས་ཤིང༌། དབུས་སུ་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སྐུའི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ལ་གང་ཡང་རུང་བའི་སྐུ་བསྒོམ་པར་བྱའོ། །གནས་བཞི་ནི་ལྐོག་མ་དང་སྙིང་ག་དང་ལྟེ་བ་དང༌། གསང་བ་རྣམས། སྔགས་ཞེས་པ་ནི་སྔགས་ཀྱི་ངོ་བོའི་དབྱེ་བ་ཤེས་པའི་རྣལ་འབྱོར་པས། བུད་མེད་ནི་སྤྱན་ལ་སོགས་པ་གཞན་པ་ནི་དེ་ལ་གནས་པར་བསྒོམ་པར་བྱའོ། །དེ་ནས་རྒྱན་རྣམས་ཐམས་ཅད་ཀྱིས་རྫོགས་པ་ནི་དམར་


DTG029_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་དང་དཀར་པོ་དང་ནག་པོ་དང་སེར་པོའི་མདོག་དང་ལྡན་པའི་རླུང་རྣམས་སོ། །མཚན་རྣམས་ཐམས་ཅད་ཀྱིས་མཚན་པ་ནི་གཡས་དང་གཡོན་དང་གཉིས་ཀ་དང་དལ་བུས་དམན་པར་གྱུར་པས་སྤྲོ་ཞིང་པདྨོ་ནི་ཡི་གེ་ཨ་དང་རྒྱས་པ་ནི་ཨོཾ་དང་སྔགས་འདི་ནི་ཐུགས་ཀྱི་ས་བོན་ཏེ། དེའི་རྗེས་ལ་བསྒོམ་པར་བྱ་སྟེ་དགོད་པར་བྱའོ། །ཨོཾ་ཨཱཿ་ཧཱུཾ་དེ་དག་འོད་ཟེར་ལྔའི་དབྱེ་བས་ནི་སྤྲོ་བ་དང་བསྡུ་བའི་རིམ་གྱིས་རྡོ་རྗེ་འཆང་གི་རང་བཞིན་བསྒོམ་ཞིང་སྤྲོས་ལ་ཡང་རང་གི་ལུས་ལ་སོགས་པ་ལ་ཕབ་པ་ནི་བསྡུ་བར་བྱའོ། །དེ་ལྟར་རྣལ་འབྱོར་པས་བྱང་ཆུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་མ་ཐག་པ་ནི་བཟླས་མ་ཐག་ཏུ་ལྡང་ན། རྣམ་པར་སྣང་མཛད་ནི་བརྟག་པ་དང་མཚུངས་པ་དང༌། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་དང༌། རྒྱལ་པོ་ཆེན་པོ་ནི་འོད་དཔག་ཏུ་མེད་པ་དང༌། སངས་རྒྱས་སྐུ་ནི་རིན་ཆེན་འབྱུང་ལྡན་དང༌། རྡོ་རྗེ་འཛིན་ནི་དོན་ཡོད་གྲུབ་པ་སྟེ་དེ་དང་འདྲ་བར་འགྱུར་རོ། །སེམས་དཔའ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སྟེ། དེ་བསྐྱེད་པ་ནི་དེའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་རྡོ་རྗེ་ལྟར་བརྟན་པར་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་བདག་ལ་བྱིན་གྱིས་བརླབས་པ་དང་རྡོ་རྗེ་བཟླས་པའི་རིམ་པ་དག་གོ །དེ་བཞིན་དུ་ཕྱག་རྒྱ་ལ་མོས་པའི་རིམ་པ་གཞན་བསྟན་པར་བྱ་བའི་ཕྱིར་བཞིན་བཟངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་རྣམས་ཀྱིས་སྔ་མ་བཞིན་དུ་བཞིན་བཟངས་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་གདོལ་བ་ལ་སོགས་པའི་བུ་མོ་རྣམས་རྙེད་ཅིང་དབེན་པའི་གནས་ལ་སྔགས་དང་ཕྱག་རྒྱའི་རིམ་པ་སྔོན་དུ་འགྲོ་བའི་མཆོད་པ་ནི་སྙོམས་པར་ཞུགས་པའི་མཚན་ཉིད་ཅན་བྱས་ཏེ། དེ་ལས་བྱུང་བའི་གསང་བ་ནི་བྱང་ཆུབ་ཀྱི་སེམས་བླངས་ཏེ། བཟའ་པར་བྱ་བ་ནི་པདྨའི་སྣོད་དུ་གནས་པ་ཁོ་ན་ལྕེས་བླང་བར་བྱའོ། །དེ་ལྟར་གསང་བའི་དབང་བསྐུར་བ་བླ་མ་ལས་རྙེད་པ་གང་ཡིན་པ་དེ་ཡང་དང་ཡང་དུ་སློབ་པའི་ཕྱིར་རིམ་པ་དེ་བསྟན་ཏོ། །འབྲས་བུ་བཤད་པར་བྱ་སྟེ། དེ་མ་ཐག་ཏུ་རྣལ་འབྱོར་པ་དེ་འཇམ་དཔལ་ནི་ལོ་བཅུ་དྲུག་ལོན་པའི་གཞོན་ནུ་སྟེ། དེ་དང་འདྲ་བའི་གཟི་


DTG029_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྗིད་ནི་མདངས་དང་ལྡན་པར་འགྱུར་རོ། །མི་སྣང་བ་ནི་སོ་དང་སྐྲ་དང་སེན་མོ་ལ་སོགས་པའི་རྙིང་པ་འཇིག་པའོ། །བདག་པོ་ནི་ངག་སྙན་པའོ། །དཔལ་དང་ལྡན་པ་ནི་སྟོབས་དང་ལྡན་པའོ། །འཛམ་བུ་གསེར་གྱི་མདངས་འདྲར་འགྱུར། །ཞེས་པ་ནི་གསེར་གྱི་མདངས་དང་འདྲ་བར་འགྱུར་རོ། །ཇི་སྐད་དུ། དུས་དེ་ནས་བརྩམས་དེ་ནི་རྣམ་མི་རྟོག །ཅེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དེ་བཞིན་དུ་བཤང་བའམ་ཡང་ན་བཟའ་བའམ་ཞེས་བྱ་བ་ལ་སོགས་པ་ལ། བཟའ་བ་དང་བཤང་བ་ནི་ཚོད་མ་དང་ཤ་སྟེ། དེ་ལ་སོགས་པ་གང་ཡང་རུང་བ་བསྔགས་ནས་ནི་ཞེས་པ་ནི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་ཟོས་ན་དེའི་ཚེ། སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣལ་འབྱོར་པ་དེ་ལ་མི་མཐོང་ནི་མི་གཟིགས་པ་ཡིན་ནོ་ཞེས་སྟོན་ཏོ། །དེ་བཞིན་དུ་བཤང་བ་ནི་རྣམ་པར་སྣང་མཛད་ཀྱི་མཐའ་མའི་དུམ་བུ་གཅིག་སྟེ། དེ་ཉིད་བྱིན་གྱིས་བརླབས་ལ་ཁམ་ཕོ་ར་ཁ་སྦྱོར་ནི། ཐོད་པའི་ཁ་སྦྱོར་ལ་བཞག་ཅིང་བརྒྱ་རྩ་བརྒྱད་དུ་བཟླས་ཏེ་ཟོས་ན། སངས་རྒྱས་ཉི་མ་ནི་རྫུ་འཕྲུལ་ཐོབ་པའི་ཁ་སྦྱོར་རྣམས་ཀྱིས་མཐོང་བར་མི་འགྱུར་རོ། །དེ་བཞིན་དུ་ཁྱི་དང་རྟ་དང་མི་ཤ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་སྔ་མ། བཞིན་དུ་ཐོད་པའི་ཁ་སྦྱོར་ལ་བསྒྲུབས་ཤིང་ཟོས་ན་མི་སྣང་བར་འགྱུར་རོ། །གཞན་ཡང་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་བཤང་བ་ལ་སོགས་པ་བདུད་རྩི་ལྔའི་རི་ལུ་ཀ་ར་ཤུས་དཀྲིས་པར་བྱས་ལ་དེ་ཉིད་རྡོ་རྗེ་དང་པདྨའི་ནང་དུ་བཅུག་ཅིང་དེ་ལས་བྱུང་སྟེ་ཟོས་ན་མི་སྣང་བར་འགྱུར་རོ། །མི་བསྐྱོད་པའི་རྣལ་འབྱོར་པས་ཤ་ཆེན་དང༌། རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་ཁྱི་ཤ་དང༌། སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས་གླང་པོའི་ཤ་དང༌། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་བ་ལང་གི་ཤ་དང༌། དོན་ཡོད་གྲུབ་པའི་རྣལ་འབྱོར་པས་ག་པུར་དང་ཙནྡན་གྱི་རི་ལུ་འཛིན་པར་བྱའོ། །དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཤང་བ་ལས་བྱུང་སྲོག་ཆགས་ལས། །ཞེས་བྱ་བ་ལ་སོགས་པ་ལ། མི་བསྐྱོད་པའི་རྣལ་འབྱོར་པས་བཤང་བ་ལས་བྱུང་བའི་སྲོག་ཆགས་ཀྱི་རི་ལུ་འཛིན་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་


DTG029_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་ག་པུར་དང་ཙནྡན་གྱི་རི་ལུ་འཛིན་པར་བྱའོ། །སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས་གི་ཝང་དང་ཨ་ཀ་རུའི་རི་ལུ་འཛིན་པར་བྱའོ། །དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ཏེ་བསྒྲུབ་པར་བྱའོ། །ད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ཁྱད་པར་བཤད་པར་བྱ་བའི་ཕྱིར། རྡོ་རྗེ་འཛིན་པ་གང་ཡང་རུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དང་པོ་རྣལ་འབྱོར་མངོན་པར་བྱང་ཆུབ་པའི་རིམ་པས་འོད་གསལ་བ་ལ་ཞུགས་ཏེ། དེའི་རྗེས་ལ་ཕྱག་རྒྱ་ཆེན་པོ་ནི་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུ་ལ་དམིགས་ཏེ། དེ་ནི་དེ་དང་འདྲ་བ་ནི་དེའི་དངོས་གྲུབ་གཙོ་བོར་གྱུར་པ་དང༌། དཔལ་ལྡན་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་ལྡན་པའི་ཕྱིར་ཏེ། སྟོབས་ཆེན་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། ཕ་རོལ་གནོན་པ་ནི་མངོན་པར་ཤེས་པ་དྲུག་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །རྫུ་འཕྲུལ་དེ་ཉིད་བཤད་པར་བྱ་སྟེ། དཔག་ཚད་བྱེ་བ་རྫོགས་པའི་ཞེས་བྱ་བ་ལ་སོགས་པ་ལ། དཔག་ཚད་བྱེ་བ་ནི་རྒྱ་ཆེ་བ་གང་ཞིག་སྟེང་དུ་ཚངས་པའི་སྒོ་སྟེ། དེའི་སྟེང་དུ་རྡོ་རྗེ་བཞིན་དུ་མཉམ་པས་འགྲོ་བར་འགྱུར་རོ། །སྟོང་གསུམ་ནི་འཇིག་རྟེན་གྱི་ཁམས་ཏེ་དེར་ཡང་དེར་ནི་འོག་དང་སྟེང་གི་དབྱེ་བས་འགྲོ་བར་འགྱུར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི་ཕྱིར་དཔལ་ལྡན་ནོ། །སངས་རྒྱས་ཀྱི་སྐུ་དང་འདྲ་བའི་འོད་གང་ལ་ཡོད་པ་དེ་ནི་བཤད་པ་སྟེ། རང་གི་ལུས་པོའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་ཀྱི་སྐུ་རྣམས་སྤྲོ་བར་བྱེད་པའོ་ཞེས་སྟོན་ཏོ། །འདོད་པ་ནི་གཟུགས་ལ་སོགས་པའི་ཡུལ་ལྔ་སྟེ། དེ་རྣམས་འཛིན་པས་ན་འདོད་ཁམས་ཏེ་དབང་པོ་རྣམས་སོ། །དེ་ལ་གནས་པའི་གང་ཞིག་བུ་མོ་ནི་ཡེ་ཤེས་སྐྱེ་བའི་རྒྱུར་གྱུར་པའི་རྣམ་པར་ཤེས་པ་དྲུག་གོ །ལྷའི་ལོངས་སྤྱོད་ནི་བདག་ཏུ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་བཞི་སྟེ། དེ་དང་ལྡན་པའི་ལྷའི་ལོངས་སྤྱོད་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པའོ། །འཁྲུགས་པ་ནི་འཁོར་བར་ལྟུང་བར་བྱེད་པའི་བརྟུལ་ཞུགས་སྤྱོད་པ་གང་ལ་ཡོད་པ་དེ་ནི་འཁྲུགས་པའི་བརྟུལ་ཞུགས་ཏེ། ཀུན་གཞི་རྣམ་པར་ཤེས་པའོ། །གཟུགས་


DTG029_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་ཆ་བྲུག་པའི་གོང་བུ་ཏེ་སྐྱེད་པར་བྱེད་པས་ན་གཟུགས་ཁམས་ནི་རང་བཞིན་རྣམས་སོ། །དེ་ལ་གནས་པའི་བུ་མོ་ནི་ཤེས་རབ་དང་ཐབས་དང་མ་རིག་པ་སྟེ། དེ་རྣམས་ཐམས་ཅད་སྟོབས་ཆེ་ནི་དྲག་ཤུལ་གྱིས་འདོད་པ་སྤྱོད་པ་ནི་མི་སྣང་བར་བྱའོ་ཞེས་སྟོན་ཏོ། །དམ་ཚིག་ནི་ཡེ་ཤེས་རྣམས་དང་ཐ་མལ་པའི་ལུས་ཏེ། དེ་རྣམས་མི་སྣང་བ་ནི་སྣང་བ་ཉིད་དུ་གང་གིས་མཛད་པ་དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་བསྡུས་པའི་ཚིག་སྟེ། ཟུང་འཇུག་དང་སེམས་རྣམ་པར་དག་པའི་རིམ་པའོ། །དེ་ནས་སངས་རྒྱས་རབ་དགྱེས་དག ། ཅེས་བྱ་བ་ལ་སོགས་པ་ལ། དེ་ནས་ནི་དེའི་འོག་ཏུའོ། །སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། གསན་པས་རབ་ཏུ་དགྱེས་པ་དང༌། སེམས་འཁྲུལ་པ་ནི་ཐུགས་འཁྲུལ་བ་ལ་ལྡོག་པས། ཡིད་ལ་དབང་བ་ནི་བསམ་པའི་སྒོ་ནས་ཡེ་ཤེས་ཀྱི་སྣང་བ་ཐོབ་པ་དང། སྤྱན་གདངས་པ་ནི་སྒོམ་པའི་སྒོ་ནས་ཏེ། གསུང་ནི་འདི་སྐད་ཅེས་པ་ནི་དགྱེས་པའི་ངག་བཀའ་སྩལ་པའོ། །དེ་ཉིད་བཤད་པར་བྱ་བ་སྟེ་ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་ཨེ་མའོ་ཞེས་པ་ནི་ངོ་མཚར་བ་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏོ། །གསང་གནས་ནི་སྔགས་ཀྱི་ཚིག་རྣམས་ཏེ། དེ་དག་གིས་འགྲུབ་པ་གང་ཞིག་མི་འགྱུར་བ་ནི་མི་འཇིགས་པའི་ལས་ཀྱི་ཚོགས་ཏེ། དེ་ཡང་ངོ་མཚར་བའོ། །ངོ་བོ་ཉིད་ཀྱིས་དག་པ་ནི་འོད་གསལ་བ་རྟོགས་པ་དང༌། ཆོས་ནི་སྔགས་ཀྱི་སྐུ་སྟེ། དེ་ཡང་ཤིན་ཏུ་དྲི་མེད་ནི་རྣམ་པར་མི་རྟོག་པ་སྟེ། དེ་ཡང་ཤིན་ཏུ་ངོ་མཚར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་ཚིག་གསན་མ་ཐག་ཏུའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་མ་རྣམས་ཏེ། དེ་ཉིད་འཛིན་པ་ནི་སྤྱི་བོར་འཛིན་པོར་འཛིན་པས་ནི་རྡོ་རྗེ་འཛིན་ནོ། །རིགས་ཀྱི་དབྱེ་བས་སྟོན་པར་མཛད་པས་ན་སྟོན་པའོ། །འགྲོ་བ་སྦྲུལ་པའི་ཕྱིར་བསྐྱེད་པའོ། །ཕྱིར་མི་ལྡོག་པའི་དབང་སོགས་པའི་ཕྱིར་མི་འགྱུར་ཆེའོ། །དག་པ་རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཉིད་ལས་ཆོས་ཆེན་པོ་ནི་ལྷ་འབྱུང་བ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །བཅོམ་ལྡན་


DTG029_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདས་དེས་རྡོ་རྗེ་གསུམ་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་མ་སྟོན་པར་བྱེད་པའི་གསུང་བཀའ་སྩལ་ཏོ། །སེམས་དཔའ་རྡོ་རྗེ་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ་སེམས་དཔའ་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེའི་སྦྱོར་བ་ནི་དེ་ཉིད་ཀྱི་དབང་བསྐུར་བས་རྡོ་རྗེ་འཛིན་རྣམས་ནི་མི་བསྐྱོད་པའི་རིགས་ཅན་རྣམས་མཉེས་པར་གྱུར་པ་ནི་ཅོད་པན་བྱའོ། །དེ་བཞིན་དུ་སངས་རྒྱས་བྱང་ཆུབ་ནི་རྣམ་པར་སྣང་མཛད་དེ། དེ་ཉིད་ཀྱི་རབ་དབྱེ་བ་ནི་བསམ་གཏན་གྱིས་རྡོ་རྗེ་ཅན་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་ལ་ཅོད་པན་བྱའོ། །རྡོ་རྗེ་སའི་སྙིང་པོ་ལ་སོགས་པ་དང༌། སྤྱན་གྱི་གཟུགས་ལ་སོགས་པ་ནི་སྤྱན་དང་གཟུགས་རྡོ་རྗེ་མ་ལ་སོགས་པ་སྟེ། དེ་རྣམས་ལ་རྣམ་པར་སྣང་མཛད་དེ་ཉིད་ཀྱིས་གཙུག་ཏོར་མཉེས་པར་བྱེད་པ་ནི་ཅོད་པན་བྱེད་པ་ཡིན་ནོ། །ཁྲོ་བོ་ནི་དེ་ཉིད་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པ་སྟེ། དེ་རྣམས་ལ་ཡང་སངས་རྒྱས་རྡོ་རྗེ་ནི་རྣམ་པར་སྣང་མཛད་དེ་ཉིད་ཀྱིས་རབ་བསྒོམ་པ་ནི་ཅོད་པན་བྱའོ། །རིག་པའི་རྒྱལ་པོ་ནི་མི་བསྐྱོད་པ་སྟེ། དེ་ཉིད་ཀྱི་མཆོག་ནི་མཱ་མ་ཀཱི་དང༌། ཆོས་རྣམས་ནི་སྒྲ་རྡོ་རྗེ་མ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་སྟེ། དེ་རྣམས་ལ་དཀོན་མཆོག་དཔལ་ནི་རིན་ཆེན་འབྱུང་ལྡན་གྱིས་ཅོད་པན་བྱའོ། །གལ་ཏེ་མཱ་མ་ཀཱི་སྐུ་མདོག་སེར་མོ་ཡིན་ན་དེའི་ཚེ། རིན་ཆེན་འབྱུང་ལྡན་གྱིས་ཅོད་པན་བྱའོ། །གང་གི་ཚེ་དེ་ཉིད་སྐུ་མདོག་ནག་མོ་ཡིན་ན་དེའི་ཚེ་ཐུགས་རྡོ་རྗེས་ཅོད་པན་དུ་བྱ་སྟེ་ཁྱད་པར་རོ། །གང་གི་ཕྱིར་མཱ་མ་ཀཱི་ནི་རིགས་གཉིས་པ་ཡིན་ནོ། །རིག་པའི་རྒྱལ་མོ་ནི་གོས་དཀར་མོ་དང་སྦྱོར་བ་ནི་འཇིག་རྟེན་དབང་ཕྱུག་དང༌། རྟ་མགྲིན་དང་དྲི་རྡོ་རྗེ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དབུ་ལ་འོད་དཔག་ཏུ་མེད་པ་བསྒོམ་པར་བྱའོ། །ཐམས་ཅད་ལས་བྱེད་པའི་ལྷ་མོ་སྒྲོལ་མ་དང༌། སྔགས་རྣམ་པར་སེལ་བ་དང༌། བདུད་རྩི་འཁྱིལ་པ་དང༌། རོ་རྡོ་རྗེ་མ་ལ་སོགས་པ་སྟེ། དེ་རྣམས་ལ་གདོན་མི་ཟ་བ་ནི་དོན་ཡོད་གྲུབ་པས་ཅོད་པན་བྱ་བ་ཡིན་ནོ། །སྔགས་རྣམས་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ལ་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོ་དང༌། མི་བསྐྱོད་པས་


DTG029_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅོད་པན་དུ་བྱའོ། །གནོད་སྦྱིན་མ་ནི་རྡོ་རྗེ་རོ་ལངས་མ་ལ་སོགས་པ་དང༌། སྔགས་རྒྱུད་ནི་ཁྲོ་གཉེར་མ་དང་རྡོ་རྗེས་འཛིན་མ་དང༌། རལ་པ་གཅིག་མ་ལ་སོགས་པ་སྟེ། དེ་རྣམས་ལ་གཤིན་རྗེ་གཤེད་ཀྱིས་ཅོད་པན་དུ་བྱའོ། །སྔགས་རྣམས་ཐམས་ཅད་ནི་ཕྱི་ནས་གསུངས་པའི་ཁྲོ་གཉེར་མ་ལ་སོགས་པའི་སྤྱི་བོར་བསྐུལ་བ་ནི་རྒྱས་གདབ་པ་སྟེ། རིགས་དང་རྗེས་སུ་མཐུན་པས་ཤིས་པ་ནི་འདོད་པ་ཡིན་ནོ། །དམ་ཚིག་ཆེན་པོ་ནི་རང་རང་གི་རིགས་ཀྱིས་རྒྱས་བཏབ་པ་ལ། རྡོ་རྗེ་ནི་དབང་དང་ལྡན་པ་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་བ་དང་སྦྱར་རོ། །བསམ་གཏན་འཁོར་ལོ་འདིས་ཞེས་པ་ནི་འདས་མ་ཐག་ཏུ་བཤད་པའི་ཅོད་པན་བྱེད་པའི་བསམ་གཏན་གྱི་ཚོགས་ཀྱིས། སྔགས་ནི་དེ་བཞིན་གཤེགས་པ་རྣམས་མཉེས་པ་ནི་དྲིན་བྱེད་པ་དང༌། དཀྱིལ་འཁོར་ནི་དེ་ཉིད་སྙིང་པོར་གྱུར་པ་དང༌། རང་གི་རིགས་རྗེས་སུ་དྲན་པའི་ཕྱིར་སྒྲུབ་པ་པོ་རྣམས་ལ་ཡང་ཕན་པའོ། །དེ་བཞིན་དུ་དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཆང༌། སྒྲུབ་པ་ནི་ཐོབ་པར་བྱེད་པ་སྟེ། ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ནོ། །ད་ནི་དབབ་པའི་ཆོ་ག་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་སྣོད་འདུས་བྱས་པ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །ལུས་ངག་ཡིད་རྣམ་པར་དག་པར་མཛད་པའི་ཕྱིར་སྟོན་པའོ། །ཆོས་རྣམས་ཀུན་ནི་རེངས་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དབང་ཕྱུག་ནི་བྱེད་པའོ། །དེ་རྣམས་བསྟན་པས་ན་གཙོ་བོའོ། །སྐུ་གསུང་ཐུགས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་སྟེ། དེ་རྣམས་ཡང་དག་པར་མཁྱེན་པས་ན་རྫོགས་སངས་རྒྱས་སོ། །བཅོམ་ལྡན་འདས་དེས་ཡེ་ཤེས་ནི་སྣོད་དེ། དེའི་རྡོ་རྗེ་ནི་དབབ་པའི་ཆོ་ག་བཀའ་སྩལ་པའོ། །དེ་ཉིད་བཤད་པར་བྱ་སྟེ། རི་རྩེ་ཉམས་ནི་དགའ་བ་དང༌། །ཞེས་བྱ་བ་ལ་སོགས་པ་ལ། རི་བོའི་རྩེ་མོ་དང་རབ་ཏུ་དབེན་པ་ནི་དགོན་པ་ཆེན་པོ་ལ་སོགས་པའི་གནས་ཏེ། ཉམས་དགའ་བ་ནི་མེ་ཏོག་དང་འབྲས་བུ་ལ་སོགས་པ་དང་ལྡན་པའི་གནས་སུ། བསམ་གཏན་རྡོ་རྗེ་ནི་མི་གཡོ་བའི་ཏིང་ངེ་འཛིན་ཏེ་དེ་བྱའོ། །ཅིའི་ཕྱིར་ཞེ་ན། བཟླས་སྔགས་ནི་དབབ་པའི་སྔགས་རྣམས་ཏེ། དེ་རྣམས་


DTG029_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་སྦྱོར་བ་ནི་ཡང་དག་པར་སྦྱོར་བ་སྟེ། དེའི་ཕྱིར་རོ་ཞེས་སྟོན་ཏོ། །གང་གི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་སྣོད་གཞན་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཏེ་དེ་དག་ཐམས་ཅད། །སྔགས་ནི་བཟླས་པའི་སྔགས་དང༌། བསམ་གཏན་ནི་ཏིང་ངེ་འཛིན་གྱིས་བསྐུལ་བ་ནི་སད་པ་ཡིན་ན། དེའི་ཚེ་ལས་རྣམས་སྣ་ཚོགས་ནི་འདས་པ་ལ་སོགས་པ་བྱེད་པར་གྱུར་པ་ནི་སློབ་མའི་སྒོ་ནས་སྨྲ་བར་བྱེད་པའོ། །གསུང་གི་ལས་ནི་སྣང་བ་མཐའ་ཡས་ཏེ། དེའི་བཀའ་བཞིན་ཞེས་པ་ནི་འདིར་ནི་ཐེ་ཚོམ་མི་བྱའོ་ཞེས་སྟོན་ཏོ། །ཏིང་ངེ་འཛིན་བཤད་པར་བྱ་སྟེ། རྡོ་རྗེ་ཆོས་ཀྱི་གཟུགས་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་ཏེ། དེའི་གཟུགས་ཆེན་པོ་ནི་དེའི་ནམ་པའི་སྣོད་དོ། །པདྨ་རཱ་གའི་འོད་འདྲ་བ། །ཞེས་པ་ནི་ཁ་དོག་དམར་པོ་དང་ཇི་ལྟར་དབྱིབས་དང༌། ཚུལ་དང་ལྡན་པར་བསྒོམས་ལ། དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་སྐུ་ལ་སོགས་པའི་གནས་ལ་རིགས་གསུམ་གྱི་ས་བོན་བཏབ་པ་ནི་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟ་བུའི་དབབ་པའི་ཆོ་ག་བྱེད་ན་འགྲུབ་པར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །དབྱེ་བ་བཤད་པར་བྱ་སྟེ། བསྐུལ་བ་ནི་མ་འོངས་པའི་ལྷའི་ནུས་པས་སྙིང་སྟོབས་ཀྱི་རྒྱལ་པོ་བརྒྱད་དོ། །དཔེར་ན། རེངས་པ་རྡུལ་དང་བ་སྤུ་ལྡང༌། །སྐད་འགྱུར་དེ་བཞིན་འདར་བ་ཉིད། །མདོག་འགྱུར་མཆི་མ་ཐིགས་བ་སྟེ། །དེ་ནི་སྙིང་སྟོབས་བརྒྱད་བསྟན་པའོ། །རེངས་པ་ནི་འཕར་བ་དང་འདར་བ་དང་འཁོར་བའོ། དེ་ལ་འཕར་བ་ནི་སྟེང་དུ་འགྲོ་བ་དང༌། འདར་བ་ནི་དབང་པོ་ཐམས་ཅད་འཁྲུགས་པས་ཡན་ལག་འདར་བའོ། །བསྐོར་བ་ནི་ཕྱོགས་དང་མཚམས་རྣམས་སུ་འཁོར་ལོ་བཞིན་དུ་འགྲོ་བའོ། །མཆོག་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྗེས་སུ་ཞུགས་པས་གར་གྱི་ཉམས་དགུའི་རྣམ་པས་གནས་པའོ། །དེ་ལ། སྒེག་པ་དཔའ་བོ་འཇིགས་སུ་རུང༌། །དགོད་པ་དྲག་པོ་འཇིགས་བྱེད་དང༌། །སྙིང་རྗེ་རྨད་བྱུང་ཞི་བ་སྟེ། །གར་གྱི་ཉམས་ནི་དགུ་ཡིན་ནོ། །འཕགས་པའི་ལམ་ནི་བླ་མས་དྲིས་པ་བསྒྲུབ་བྱ་འདས་པ་ལ་སོགས་པ་སྨྲ་བའོ། །བཞི་པོ་དེ་ལྟ་བུའི་རྡོ་


DTG029_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་གྲུབ་པ་ནི་བསྐྱེད་པའི་རིམ་པ་ལ་མཐར་ཐུག་པ་དང༌། ལས་མཐོང་བའི་བླ་མས་བྱ་བ་ཡིན་ནོ། དེ་ལྟར་ཡིན་ན་རྟག་པ་ནི་ངེས་པར་འབབ་པ་འགྲུབ་པར་འགྱུར་རོ། །སྣོད་ཀྱི་མཚན་ཉིད་བཤད་པར་བྱ་སྟེ། བུ་མོ་ལོ་གྲངས་ཞེས་བྱ་བ་ལ་སོགས་པ་ལ། ལོ་བཅུ་གཉིས་ལོན་པའི་བུ་མོ་འམ་ཁྱེའུ་མཚན་ཉིད་ཐམས་ཅད་ནི་ཡན་ལག་མ་ཉམས་པ་ལ་སོགས་པ་དང་ལྡན་པའི་སྣོད་རྙེད་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཅི་འདྲ་བའི་སློབ་མ་ཡང་བཟུང་ནས་དབབ་པའི་ཆོ་ག་བྱའོ། །ཆོ་ག་ཐམས་ཅད་ནི་བསང་གཏོར་ལ་སོགས་པ་བྱས་ནས། དེའི་རྗེས་ལ་ལས་རྣམས་ནི་དབབ་པའི་ཚེ་ག་བྱ་བ་ཡིན་ཏེ། གཞན་དུ་ན་ཁམས་གསུམ་ནི་དམན་པ་དང་བར་པ་དང་རྣོ་བའི་སྐྱེས་པ་རྣམས་ཀྱིས་སྐྱེས་བུས་དཔྱད་པར་གྱུར་པ་ནི་རྣལ་འབྱོར་པ་དེ་ལ་དེ་རྣམས་ཀྱིས་དཔྱས་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་ཞེས་པ་ནི་དབབ་པའི་ཆོ་ག་ལ། འདི་རྣམས་ཞེས་པ་ནི་འོག་ནས་འཆད་པར་འགྱུར་བའི་སྙིང་པོ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྔགས་ནི་སྦས་པའི་ཕྱིར་དང༌། ཡི་གེ་ནི་མི་གཡོ་བའི་ལས་བྱེད་པ་སྟེ། གནས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་སུ་གྱུར་པའོ། །ཧཱུཾ་ཧ་ཨཱ་ཛྷཻཾ་ཞེས་བྱ་བ་ལ། དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་སྙིང་ག་དང་སྤྱི་བོ་དང༌། ལྐོག་མ་དང་རྐང་མཐིལ་རྣམས་ལ་དགོད་པར་བྱའོ། །ནུས་པ་བཤད་པར་བྱ་སྟེ། ནམ་མཁའི་ཁམས་ནི་སེམས་མེད་ཅིང༌། །ཞེས་པ་ནི། གལ་ཏེ་སེམས་མེད་པའི་ནམ་མཁའི་ཁམས་ཡོད་པ་ཡིན་ན་དེའི་ཚེ་དེ་ཉིད་ཀྱང་འབབ་པར་འགྱུར་བ་སྟེ། གཟུགས་དང་ལྡན་པ་ནི་སྨོས་ཅི་དགོས། ཡང་ན་གཟུགས་དང་ལྡན་པ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་རོ་སྟེ་དེ་ཡང་འབབ་པར་འགྱུར་རོ། །ཇི་སྲིད་རྡོ་རྗེ་སེམས་དཔའ་ནི་འགྲོ་བའི་གཙོ་བོ་སྟེ། བདག་ཉིད་ཆེན་པོ་བསྟན་ཏོ། །ཡི་གེའི་རང་བཞིན་བཤད་པར་བྱ་སྟེ། ཧཱུཾ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་གསུམ་པོ་དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་སྣང་བ་མཐའ་ཡས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་ནི་གསང་ཚིག་བསྟན་


DTG029_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ་ཞེས་པ་ནི་ཕུལ་དུ་བྱུང་བའི་གསང་བའི་ལམ་དེ་བཤད་པའོ། །གང་ཞིག་བསྐུལ་བ་ལ་སོགས་པ་གསུམ་སྔར་བཤད་པ་དེ་རྣམས་ཡི་གེ་ཛྷཻཿཡིས་བྱའོ། །བསྐུལ་བ་ཐམས་ཅད་ནི་གསུམ་པོ་དེ་དག་གིས་གསང་བ་འདི་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ཁྲུ་གང་ཙམ་མམ་ཁྲུ་དོ་འམ། །ཞེས་བྱ་བ་ལ་སོགས་པ་ལ། དམན་པ་ནི་ཁྲུ་གང་དང་བར་པ་ནི་འཁྲུ་དོ་དང༌། རབ་ནི་ཁྲུ་ལྔ་དང༌། རབ་ཀྱི་རབ་ནི་ཁྲུ་བརྒྱད་འཕར་བར་འགྱུར་རོ། །ཇི་ལྟར་ཞེ་ན། རྡོ་རྗེ་རྒྱལ་པོ་ནི་ཆོ་ག་བཞིན་དུ་མཁས་པའི་བླ་མས་བསྐུལ་ནི་དགུག་པའོ། །དེ་རྣམས་ཇི་ལྟ་བུ་ཞེ་ན། འཇིགས་ཤིང་སྐྲག་པ་ནི། རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་པ། འཇིགས་པས་འཇིགས་པའི་སྣོད་རྣམས་སོ། །ཞེས་སྟོན་ཏོ། །སྔ་མ་བཞིན་དུ་ཐམས་ཅད་འགྱུར། །ཞེས་པ་ནི་ཡི་གེ་ཛྷཻཾ་བཞིན་དུ་ཧཱུཾ་ལ་སོགས་པ་གསུམ་པོ་ཡང་འབབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །འདི་ནི་གསང་བ་ཐོབ་པའོ་ཞེས་པ་ནི་ལུས་བསྐུལ་བ་ལ་སོགས་པ་བྱེད་པའི་ཕྱིར། འདི་གསང་བ་ཐོབ་པའོ་ཞེས་ཉེ་བར་བསྡུ་བའོ། །འདིར་ནི་བསྒོམ་པའི་རིམ་པ་འདི་ཡིན་ཏེ་རེ་ཞིག་དང་པོ་རང་གི་སྙིང་གར་འོད་ཟེར་དང་ལྡན་པའི་དབྱངས་ཀྱི་མཐའ་མ་བཀོད་ལ། སློབ་མ་ཡང་ཡི་གེ་ཧཱུཾ་ལས་རྡུལ་དང་བྲལ་ཞིང་གསལ་བའི་སྣང་བ་མཐའ་ཡས་སུ་བསམས་ཏེ། དེ་ཉིད་ཀྱི་སྙིང་གར་དང༌། སྨིན་བར་དང༌། ལྐོག་མ་དང༌། སྤྱི་བོ་རྣམས་ལ། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཡི་གེ་ཧཱུཾ་དང་ཏྲཱཾ་དང་ཧྲཱིཿདང་ཁཾ་བཀོད་ལ་སྒོ་ཕྱེ་བའི་ཕྱག་རྒྱས་རང་གི་སྙིང་ག་དང༌། སློབ་མའི་སྙིང་ག་ཕྱེ་ཞིང་རང་གི་སྙིང་ག་ལས་དབྱངས་ཐ་མ་སྤྲོས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དེ་ཉིད་སློབ་མའི་སྙིང་གར་གནས་པའི་རྡོ་རྗེའི་དཀྱིལ་དུ་བཅུག་ལ་དེའི་ལུས་ཀྱང་དེ་ཉིད་ཀྱིས་རྫོགས་པར་བསམས་ཏེ། འདི་ལྟར་སྨྲ་བ་ནི། སྨྲོས་ཤིག ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བ་རླབས་པ་དང༌། རྡོ་རྗེ་སེམས་དཔའ་ཡང་བདག་ལ་འབབ་པར་གྱུར་ཅིག་ཅེས་སློབ་མ་བརྗོད་དུ་བཅུག་ལ། དེའི་འོག་ཏུ་རང་གིས་ཀྱང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ལ་འདི་ལྟར་བརྗོད་པར་བྱ་སྟེ། འདི་ནི་དམ་ཚིག་རྡོ་རྗེ་


DTG029_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་པ། །རྡོ་རྗེ་ཡེ་ཤེས་བླ་མེད་པ། །དེ་རིང་ཁྱོད་ལ་འབབ་གྱུར་ཅིག །ཅེས་བརྗོད་པ་དང་ཨོཾ་བཛྲཱ་ཝེ་ཤ་ཨ་ཞེས་བྱ་བ་ལན་བཅུའམ། ཉི་ཤུའམ་སུམ་ཅུའམ། བཞི་བཅུ་ནས་བརྒྱའི་བར་དུ་བརྗོད་ན་ངེས་པར་འབབ་པར་འགྱུར་རོ། །གལ་ཏེ་དེས་ཀྱང་འབབ་པར་མ་གྱུར་ན་དེའི་ཚེ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཁྲོ་བོའི་ཁུ་ཚུར་གྱིས་དྲིལ་བར་བྱ་བ་དང༌། རྡོ་རྗེ་སེམས་དཔའ་ཡང་ཨའི་མཐའ་ཅན་བརྗོད་པར་བྱའོ། །དེ་ལྟར་བྱས་ཀྱང་མ་བབ་ན་དེའི་ཚེ་རྡོ་རྗེ་དང་དྲིལ་བུ་བླངས་ལ་རྐང་པ་གཡོན་པས་སློབ་མའི་རྐང་པ་གཡས་བ་མནན་ཅིང་སྟེང་དུ་ནམ་མཁའ་ལས་དཔལ་རྡོ་རྗེ་སེམས་དཔའ་དབབ་པའི་ཕྱིར་རྣམ་པར་སྣང་མཛད་ཁྲོས་པ་འོད་ཟེར་གྱི་ཚོགས་ཀྱིས་ཁྱབ་པར་བསྒོམས་ལ། འོག་ཏུ་ཡང་རླུང་གི་དཀྱིལ་འཁོར་གྱིས་བསྐུལ་བའི་ཡི་གེ་ཧཱུཾ་བསམས་ཞིང་རང་རང་གི་ཕྱོགས་ལ་བཞུགས་པའི་མི་བསྐྱོད་པ་ལ་སོགས་པས་ཀྱང་རིམ་གྱིས་ཧཱུཾ་ཏྲཱཾ་ཧྲཱིཿཨ་ཞེས་བྱ་བའི་ས་བོན་གྱི་འོད་ཟེར་གྱི་ཚོགས་ཀྱིས་སློབ་མ་བསྐུལ་བར་བསམ་པར་བྱའོ། །དེའི་ཚེ་ཡང་བཛྲ་སཏྭ་ཨཱ་ཞེས་བྱ་བ་ལན་བཅུ་བརྗོད་པར་བྱའོ། །དེ་ལྟར་བྱས་ན་ཡང་གལ་ཏེ་སྡིག་པའི་དབང་གིས་མ་བབ་ན་དེའི་ཚེ་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་དྲལ་ཞིང་ཧཱུཾ་ཨ་ཞེས་བྱ་བ་ལན་མང་དུ་བཟླས་པར་བྱའོ། །རྡོ་རྗེ་བསྡམས་པ་བརྟན་བྱས་ནས། །གུང་མོ་གཉིས་པོ་སྦྱར་བ་སྟེ། །མཐའ་མ་བཞི་པོ་རྩེ་སྦྱར་ན། །སྡིག་པ་དྲལ་བ་ཞེས་བརྗོད་དོ། །ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ། སརྦ་ཨ་བ་ཡ། བནྡྷ་ནཱ་ནི་པྲ་མོ་ཙ་ཡཾ། སརྦྦ་ཨ་པ་ཡ་ག་ཏེ་བྷྱཿ་སརྦ་ན། སརྦྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲ་ཊ་ཅེས་ཀྱང་བརྗོད་པར་བྱའོ། །ཡང་ན་དེ་བཞིན་དབབ་ཅིང་བརྗོད་དེ། དེའི་སྙིང་གར་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་དང༌། སྤྱི་བོར་ཆུའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧ་དང༌། ལྐོག་མར་རླུང་གི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཨ་དང༌། རྐང་པའི་འོག་ཏུ་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཛྷཻཾ་འབར་བ་བཀོད་ལ། ཨཱ་བེ་ཤ་ཡ་སྟཾ་བྷ་ཡ། ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུཾ་ཧ་ཨ་ཛྷཻཾ་ཞེས་བྱ་བས་བསྐུལ་ཞིང༌། སྤྱི་བོར་ཡི་གེ་ཨོཾ་ལས་རྣམ་པར་སྣང་མཛད་དང༌། ལྐོག་མར་ཡི་གེ་ཨཱཿལས་


DTG029_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྣང་བ་མཐའ་ཡས་ཏེ། སྙིང་གར་ཡི་གེ་ཧཱུཾ་ལས་མི་བསྐྱོད་པའམ། དེ་རྣམས་ཀྱི་ཡི་གེ་བསྒོམས་ལ། རྐང་པ་དག་གི་འོག་ཏུ་ཡི་གེ་ཡ་གཉིས་ལས། རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་དང༌། མཐའ་གཉིས་པོ་ལ་བ་དན་དང་ལྡན་པ་བསྒོམས་ལ། །དེའི་སྟེང་དུ་ཡི་གེ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་བསམ་ཞིང་དེ་ལ་གནས་པའི་སློབ་མ་རྡོ་རྗེ་འབར་བས་གདུངས་པར་གྱུར་པ་དང༌། སྐུལ་བྱེད་མའི་གཟུགས་ཀྱི་ངོ་བོར་བསྒོམ་ཞིང་རྡོ་རྗེ་དང་དྲིལ་བུ་བསྐྱོད་པས་ང་རྒྱལ་དང་ལྡན་པའི་སློབ་དཔོན་གྱིས་འཕགས་མ་སྐུལ་བྱེད་མའི་ཕྲེང་བའི་སྔགས་བརྗོད་པར་བྱའོ། །ན་མཿསཔྟཱ་ནཱ་ན། སམྱ་ཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། ཨོཾ་ཙ་ལེ་ཙུ་ལེ་ཙུ་ནྡེ་སྭཱ་ཧཱ། མ་ཧཱ་བིདྱཱ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནེ། མ་ཧཱ་བ་ལ་པ་ར་ཀྲ་མེ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་གྲ་ཧི་ཏ་ཧ་སྟེ། མ་ཧཱ་ཀྲོ་དྷ་ཀྲོ་དྷཱི་ཤྭ་རེ། ཨུ་གྲ་རཱུ་པི་ནི། ཨ་ན་ནྟ་མུ་ཁེ། ས་ཧ་སྲ་བྷུ་ཛེ་ཨ་ཛི་ཏེ་ཨ་བ་རཱ་ཛི་ཏི། ཨ་མོ་གྷེ། དུར་ད་མེ། ས་ཧ་སྲ་ཨ་ཀྵེ། སརྦྦ་ཏ་ཐཱ་ག་ཏ་ཨ་དྷི་ཥྠི་ཏེ། སརྦ་དེ་བ་ཏཱ་ནཱཾ། བནྡི་ཏ་པཱུ་ཛི་ཏེ་པྲ་སཱ་དྷི་ཏེ། བཛྲ་གྷོ་ཎེ་བཛྲེ་བཛྲ་ཝ་ཏེ། བཛྲ་ཨ་ཡུ་དྷེ། བཛྲ་ཀཱ་ཡི་ནི། བཛྲོ་ནྨི་ལི་ཏ་ཨ་ཀྵེ། ཨ་ཀྵ་ཡེ། ཨ་གྷོ་རེ། གྷོ་ར་རཱུ་པི་ཎི་ཝི་ཀྲཱི་ཏ་ད་ཪྵ་ནེ། བཛྲ་བིདྱ་ཨ་ལཾ་ཀྲྀ་ཏ་ཤ་རཱི་རེ། ཨོཾ་བྷ་ག་བ་ཏི་ཙུ་ནྡེ་དྲུཾ་དྲུཾ་ཀྲུཾ་ཀྲུཾ་མྲུཾ་མྲུཾ་སྲུཾ་སྲུཾ་རཱུཾ་རཱུཾ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། གྲྀ་ཧྞ་གྲྀ་ཧྞ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ། ཧ་ར་ཧ་ར། བྷཾ་ཛ་བྷཾ་ཛ། ས་ར་ས་ར། མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། པ་ཙ་པ་ཙ། ད་ཧ་ད་ཧ། གྲྀ་ཧྞ་གྲྀ་ཧྞ། ཨི་དཾ་དུ་ཥྚཱཾ་གྲ་ཧཾ་ཛྭ་རཾ། ཨེ་ཀཱ་ཧྣེ་ཀཾ། ཏྲྱ་ཧྣེ་ནེ་ཀཾ། ཙ་ཏུ་རྠི་ཀཾ། ས་མ་ནྟ་ཨ་ཧི་ཀཾ། ནི་ཏྱ་ཛྭ་རཾ། མཱ་ཧུ་ཏི་ཀཾ། གྲ་ཧཾ། བྷཱུ་ཏཾ། པྲེ་ཏཾ། པི་ཤཱ་ཙཾ། རཀྵ་སཾ། ཀུམྦྷ་ཎྜཾ། ཡཾ་ནི་ཛ་ཀ་རྨ་ཛཾ་སྠ་ཝ་རཾ། ཛཾ་གྷ་མཾ། ཡེ་མཱཾ་ཧི་སནྟི་ཀེ་ཙི་ད། དུཥྚི་ཏཾ་སརྦཱ་ན་སཱ་དྷ་ཡ་སཱ་དྷ་ཡ། མརད་ཡ་མརད་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཏ་པ་ཡ་ཏ་པ་ཡ། ཨུ་ཙྪ་ད་ཡ་ཨུ་ཙྪ་ད་ཡ། ཧ་ན་ཧ་ན་བཛྲེ་ཎ། ས་ར་ས་ར། དཎྜེ་ཎ། མཱ་ར་ཡ་མཱ་ར་ཡ་ཁ་ཌྒེ་ཎ། ཧཱུཾ་ཧཱུཾ་ཧཱུཾ། ཙུཾ་ཙུཾ་ཙུཾ། དྲུཾ་དྲུཾ་དྲུཾ། ཨོཾ་ཙ་ལེ་ཙུ་ལེ་ཙུ་ནྡེ་སརྦཱཾ་སཱ་དྷ་ཡ་སྭཱ་ཧཱ། ཞེས་བྱ་བ་འདི་བརྗོད་ན་ངེས་པར་འབབ་པར་འགྱུར་རོ། །སྣོད་ལ་དབབ་པ་ཆོ་ག་འདི་ཉིད་ཀྱིས་དཔལ་རྣམ་པར་སྣང་མཛད་ཆེན་པོའི་རྣལ་འབྱོར་རམ། འཇམ་དཔལ་


DTG029_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་རྣལ་འབྱོར་གྱིས་བྱའོ། །བབས་ན་མངོན་པར་ཤེས་པ་ལྔ་ལ་སོགས་པ་རྫོགས་པར་འགྱུར་རོ། །དེ་ནས་དེའི་ལྕེ་ལ་ཡི་གེ་ཨ་དམར་པོ་བསམས་ཏེ། བྷྲཱུཾ་ཏེ་བཛྲེ་ཞེས་བྱ་བ་བརྗོད་ན་དགེ་བ་དང་མི་དགེ་བ་ཐམས་ཅད་སྨྲ་བར་བྱེད་དོ། །དེའི་འོག་ཏུ་མངོན་པར་འདོད་པ་ཐམས་ཅད་དྲིས་ལ་བབས་པ་བརྟན་པར་བྱེད་པ་སྔོན་དུ་འགྲོ་བ་མཆོད་པ་དང་བསྟོད་པ་བྱས་ན་སྣོད་ལ་ཕབ་པའི་ལྷ་གཤེགས་སུ་གསོལ་ལོ། །དེ་ནས་སྣོད་དེ་བསྲུང་བར་བྱ་བའི་ཕྱིར་བདུད་རྩི་འཁྱིལ་པའི་ཕྲེང་བའི་སྔགས་ཀྱིས་སྲུང་སྐུད་བྱིན་གྱིས་བརླབས་ལ་དཔུང་བ་གཡས་པ་ལ་བཅིང་བར་བྱ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པས་གཞན་ཡང་ལས་ཀྱི་ཚོགས་བཤད་པར་བྱ་སྟེ། རྡོ་རྗེ་ནི་ཕྱག་མཚན་རྣོན་པོ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །གདུག་པ་འདུལ་བས་ན་རྒྱལ་པོའོ། །དེ་བཞིན་གཤེགས་པ་ཀུན་ནི་ཞི་བ་ལ་སོགས་བ་སྟེ། དེ་དེ་རྣམས་ཀྱི་བདག་པོ་ནི་བྱེད་པའོ། །སྐུ་གསུམ་གནས་ནི་གདུག་པ་རྣམས་ཏེ། དེ་དག་མངོན་སྤྱོད་ཀྱི་སྒོ་ནས་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ལ་བཞག་པས་ཡོངས་སུ་དག་པར་མཛད་པས་ན་སྐུ་གསུམ་གནས་ནི་ཡོངས་སུ་དག་པ་སྟེ། དེས་གསུང་འདི་སྐད་ནི་ཀློག་པ་ཙམ་གྱིས་འགྲུབ་པའི་ལས་ཀྱི་ཚོགས་ཀྱི་གསུང་བཀའ་སྩལ་པའོ། །རྩེ་གཅིག་ཅེས་བྱ་བ་ལ་སོགས་པ་ལ། དུ་མ་ནི་གཉེན་དང་གཡོག་པོ་དང་འཁོར་གྱི་ནང་ན། རྩེ་གཅིག་གྱུར་པ་ནི་ཕུལ་དུ་བྱུང་བར་གནས་པ་དང༌། བརྟུལ་ཞུགས་བརྟན་པ་ནི་མི་གཡོ་བའི་ཏིང་ངེ་འཛིན་དང་ལྡན་པ་དང༌། སྦྱོར་བ་ནི་ཏིང་ངེ་འཛིན་གཞན་མ་སྟེ། དེ་ཡོངས་སུ་སྤང་བས་འདི་བྱེད་ན་དེའི་ཚེ་གདུག་པ་ཐམས་ཅད་ནི་བླ་མ་སྨོད་པ་ལ་སོགས་པ་རྣམས་གཞིག་པ་ནི་གསོད་པ་གྲུབ་པོ། །དུར་ཁྲོད་སོལ་དང་ཞེས་བྱ་བ་ལ་སོགས་པ་ལ། དུར་ཁྲོད་ཀྱི་སོལ་བ་དང་ཕུབ་མ་ལ་སོགས་པའི་མངོན་སྤྱོད་ཀྱི་རྗེས་རྣམས་ཀྱིས་དགྲ་བོའི་གཟུགས་བརྙན་བྱས་ཏེ། གཅེར་བུ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང༌། ལྷོ་ཕྱོགས་སུ་ཁ་བ་ལྟས་པས་དེའི་སྙིང་གར་རྐང་པ་གཡོན་པས་གནོན་ཅིང་ཁམས་གསུམ་ཡང་འཇིག་པར་བྱེད་དོ། །ཡང་དགྲ་བོའི་


DTG029_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཟུགས་བརྙན་དུར་ཁྲོད་ཀྱི་ཐལ་བ་གཅིག་པུས་བྱས་ཏེ། སྙིང་གར་མིང་སྤེལ་ཏེ་སྟོང་ཕྲག་བརྒྱད་ཀྱི་བཟླས་པས་གསོད་པར་བྱེད་པའོ། །དཀྱིལ་འཁོར་གྲུ་གསུམ་བྱས་པ་ལ། །ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང། དོན་ཡོད་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་བ་ལང་དང་རྟ་དད་ཀྱི་ཤ་རྣམས་ཀྱིས་གཟུགས་བརྙན་བྱས་ལ། དཀྱིལ་འཁོར་གྲུ་གསུམ་ནི་གྲུ་གསུམ་པའི་མེ་ཐབ་ལ་ཚེར་མའི་མེ་ལ་སེམས་དྲག་པོས་བསྲེགས་ན་དགྲ་འཆི་བར་འགྱུར་རོ། །ཤ་ཆེན་ཞེས་བྱ་བ་ལ་སོགས་པ་ལ། མི་བསྐྱོད་པའི་རྣལ་འབྱོར་པས་ཤ་ཆེན་གྱི་གཟུགས་བརྙན་བྱས་ཏེ་སྔ་མ་བཞིན་དུ་བསྲེག་པར་བྱའོ། །དགྲ་ཐམས་ཅད་ནི་གདུག་པ་ཐམས་ཅད་ཀྱི་ཤིན་ཏུ་མི་བཟད་པ་ནི་ཤིན་ཏུ་རྣོ་བའི་འཇིགས་པ་ནི་གསོད་པ་ཡིན་ནོ། །རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་རྟ་ཤ་ལས་གཟུགས་བརྙན་བྱས་ལ་བསྲེག་པར་བྱ་སྟེ། འདིར་བརྗོད་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་བཤང་གཅིག་ལ་སོགས་པའི་བདུད་རྩི་ལྔས་གཟུགས་བརྙན་བྱས་ལ། སྔ་མ་བཞིན་དུ་ཚེར་མའི་མེ་ལ་བསྲེགས་ན། སངས་རྒྱས་ཀྱང་འཇིག་ཅེས་པ་ནི་ཕུལ་དུ་བྱུང་བའི་ཚིག་གོ །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཆུའི་འགྲམ་གྱི་ས་བསྒྲུབ་བྱའི་རྐང་རྗེས་ཀྱི་སས་བསྲེས་ལ་གཟུགས་བརྙན་བྱས་ཏེ། དེའི་ཡན་ལག་གི་ཚིགས་རྣམས་དང༌། སྒོ་རྣམས་ལ་མ་ད་ནའི་ཤིང་ལ་སོགས་པའི་ཚེར་མ་བཙུགས་ཏེ། ཁྲོ་བོའི་སྔགས་བརྗོད་ལ་སྔ་མ་བཞིན་དུ་བསྲེགས་ན་དགྲ་དེ་འཆི་བར་འགྱུར་རོ། །སྐེ་ཚེ་དང་ལན་ཚྭ་དང་འབྲུ་མར་དང་དུག་དང༌། སྨྱོ་བྱེད་ཀྱི་ཁུ་བས་སྔ་མ་བཞིན་དུ་མི་བསྐྱོད་པའི་རྣལ་འབྱོར་པས་དུར་ཁྲོད་ཀྱི་ཐལ་བས་གཟུགས་བརྙན་བྱས་ལ་བསྲེགས་ན་དགྲ་བོ་འཆི་བར་འགྱུར་རོ། །རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་སོལ་བའི་ཁུ་བས་གཤེར་བའི་གོས་གྱོན་ལ་མངོན་སྤྱོད་ཀྱི་གཟུགས་བརྙན་སེམས་ཁྲོ་བས་རྐང་པ་གཡོན་པས་མནན་ན་དེའི་ཚེ་བསྒྲུབ་བྱ་སྲིན་པོ་རྣམས་ཀྱིས་གཟུང་བ་ཡིན་ནོ། །དེ་བཞིན་དུ་སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས་མི་རུས་ཀྱི་ཕྱེ་མའི་གཟུགས་བརྙན་དུག་དང་


DTG029_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྲག་གིས་བསྲེས་པར་བྱས་ལ། སྔ་མ་བཞིན་དུ་གནོན་ན་རྡོ་རྗེ་སེམས་དཔའ་ཡང་ཁྱེར་བ་ནི་སྲིན་པོ་རྣམས་ཀྱིས་གཟུང་བར་འགྱུར་ཏེ། བདག་ཉིད་ཆེ་བ་བསྟན་ཏོ། །དོན་ཡོད་གྲུབ་པའི་རྣལ་འབྱོར་པས། བཤད་གཅི་སྦྱོར་བ་ནི་བདུད་རྩི་ལྔས་བྱས་པའི་གཟུགས་བརྙན། སྐེ་ཚེའི་ཕྱེ་དང་ལྡན་པར་བྱས་ལ་སྔ་མ་བཞིན་དུ་མནན་ན། ཚ་བ་ཆེན་པོས་དགྲ་གཟུང་བར་འགྱུར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་མངོན་སྤྱོད་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་རྣམས་ཀྱི་རང་བཞིན་གྱི་དོན་ཡོད་གྲུབ་པ་སྟེ། དེ་ཉིད་ཀྱི་དམ་ཚིག་ཆེན་པོའི་ཁྲོ་བོ་ནི་བདུད་རྩི་འཁྱིལ་པ་སྟེ། དེ་ཉིད་ཀྱི་སྙིང་པོ་ནི་སྙིང་པོའི་སྔགས་ཏེ། ལས་ཐམས་ཅད་པ་ཡིན་པའི་ཕྱིར་དམ་ཚིག་གོ །ན་མཿཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སྔགས་འདི་ཉིད་བརྗོད་ལ་མངོན་སྤྱོད་ཀྱི་རྫས་རྣམས་ཀྱིས་སྦྱིན་སྲེག་གམ། ཡང་ན་བསམ་གཏན་ནི་ཏིང་ངེ་འཛིན་གྱི་སྦྱིན་སྲེག་གང་གིས་བྱེད་པ་དེ་ནི། ལུས་ངག་སེམས་ནི་དགྲ་བོའི་ལུས་ལ་སོགས་པ་འཇིག་པར་བྱེད་དོ། །མ་ཡེངས་པའི་སེམས་ནི་རྩེ་གཅིག་པར་གྱུར་པའི་སེམས་ཀྱིས་འདི་བྱེད་ན། གསོད་པའི་མཆོག་ནི་ངེས་པར་གསོད་པ་འགྲུབ་པོ་ཞེས་སྟོན་ཏོ། །ད་ནི་མངོན་སྤྱོད་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་བཤད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་ཁྲོ་བོ་ཆེ། །ཞེས་བྱ་བ་ལ་སོགས་པ་ལ། སྟ་རེ་དང་ཐོ་བ་ཐོགས་པ་དང་རྡོ་རྗེ་བཞིན་དུ་སེམས་དྲག་པོ་གང་ལ་ཡོད་པ་དེ་ནི་སེམས་དཔའ་སྟེ། གདུག་པའི་སེམས་དང་ལྡན་པའི་བསྒྲུབ་བྱ་བསམས་ལ། དེ་ཉིད་ཀྱི་ཁྲོ་བོ་ཆེ་ནི་དེའི་རང་བཞིན་གྱི་གདུག་པའི་ལས་བསམས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཡོངས་སུ་གང་བར་བསྒོམས་ལ། སྟ་རེ་དང་ཐོབ་ཐོགས་པའི་གདུག་པ་དེས་དེ་བཞིན་གཤེགས་པ་རྣམས་དང་ས་བཅུའི་དབང་ཕྱུག་དང་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཆང་ལ་སོགས་པ་ཡང་གསོད་བར་བསྒོམས་ལ། གདུག་པ་དེ་སངས་རྒྱས་ཐམས་ཅད་ལ་གནོད་པར་བྱེད་པ་ཡིན་ནོ་ཞེས་རྣལ་འབྱོར་པས་བསམ་པར་བྱའོ། །དེའི་རྗེས་རེ་ཞིག་དང་པོ་རྩེ་གཉིས་ཀྱིས་བཙུགས་པའི་བཤང་སྒོ་དང་ཁ་ལས་བྱུང་


DTG029_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་ཁྲག་གི་རྒྱུན་སྐྱུགས་པ་དང༌། སྙིང་ག་ལས་ཀྱང་དེ་ཉིད་འཛག་པ་དང༌། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་འདྲེན་པ་དང༌། སྲིན་པོ་དང་འུག་པ་དང་ཁྱི་དང་བྱ་རོག་ལ་སོགས་པས་སྐྲག་པར་བྱས་པ་དང༌། དེ་ཉིད་ཀྱི་ཕྱིར་འཇིགས་པ་ནི་སྐྱབས་མེད་པ་སྟེ། སྲིན་པོ་ལ་སོགས་པ་དེ་རྣམས་ཀྱིས་དུམ་བུར་བྱས་ཏེ་ཟ་བར་བསམས་བར་གྱུར་ན་དེའི་ཚེ། སངས་རྒྱས་དག་ཀྱང་ངེས་པར་འཇིག །ཅེས་པ་ནི་ཕུལ་དུ་བྱུང་པའི་ཚིག་གོ །རིམ་པ་གཞན་གྱིས་མངོན་སྤྱོད་བཤད་པར་བྱ་སྟེ། སྦྲུལ་ནག་རབ་ཏུ་ཁྲོ་བ་ནི། །ཞེས་བྱ་བ་ལ་སོགས་པ་ནི། ག་པེ་ག་ཙུ་དང་དུག་དང་ཁྲག་དང༌། ལན་ཙྭས་ས་ལ་སྦྲུལ་ནག་པོ་བྲིས་ཏེ། དེའི་རྗེས་ལ་ཕྱོགས་བཅུ་ལ་གནས་པའི་སེམས་ཅན་ཐམས་ཅད་ལ་ཡམས་དང་གནོད་པ་འགྲོ་བ་དང་མི་འགྲོ་བའི་དུག་དང་ཉེ་བའི་དུག་ལ་སོགས་པ་ལ་ཡི་གེ་ཧཱུཾ་གིས་དེ་རྣམས་ཁ་དོག་ནག་པོ་དུ་བའི་ཕུང་པོ་དང་འདྲ་བ་བཀུག་ལ། སྦྲུལ་དེ་ཉིད་ཀྱི་དཔྲལ་བའི་གདེངས་ཀའི་ཚོགས་ཀྱི་ནང་དུ་འཇུག་པར་བྱའོ། །དེ་ནས་སྦྲུལ་དེ་ཉིད་ཧཱུཾ་ནཱཾ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་བསྐུལ་ཏེ། །ཨོཾ་ཊ་ཊཎྚ་ད་ར་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་ཀླུའི་རྒྱལ་པོ་བརྒྱད་ཀྱི་སྙིང་པོ་དེ་ཉིད་དུ་འཇུག་ལ། དེ་མ་ཐག་ཏུ་སྤྲུལ་བསྐྱོད་པར་འགྱུར་རོ། །དེའི་འོག་ཏུ་རྟ་མགྲིན་གྱི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་སྤྲུལ་དེ་ལ་བཀའ་སྩལ་པར་བྱ་སྟེ། སོང་ལ་ཆེ་གེ་མོ་འདི་ཟོ་ཤིག་པའོ། །དེ་ནས་སྦྲུལ་དེ་རུ་ཕྱིན་ནས་བསྒྲུབ་བྱ་དེ་ཟ་བ་ཡིན་ཏེ། འདི་ནི་ཟོས་པས་མི་སྣང་བའི་སྦྱོར་བའོ། །ཐོ་བ་རབ་ཏུ་དྲག་པོ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་མངོན་སྤྱོད་ཀྱི་རྫས་རྣམས་ཀྱིས་དགྲ་པོའི་གཟུགས་བརྙན་བྱས་ལ། གཤིན་རྫེ་གཤེད་ལ་སོགས་པ་ལས་གང་ཡང་རུང་བའི་ཁྲོ་བོའི་གཟུགས་ལ་དམིགས་ཏེ། དེ་ཉིད་ཀྱི་སྔགས་མིང་སྤེལ་བ་སྔོན་དུ་འགྲོ་བ་བརྗོད་ཅིང་རྡོ་རྗེ་ཐོ་བ་དང་སྟ་རེ་ལ་སོགས་པས་དགྲ་བོའི་སྙིང་གར་པ་རྡུངས་ན། རྡོ་རྗེ་སེམས་དཔའ་ནི་མངོན་སྤྱོད་ལ་མཁས་པ་སྟེ། དེ་ཡང་འཆི་བར་འགྱུར་རོ། །སྲུང་བ་ལ་སོགས་ཞེས་བྱ་བ་ལ་སོགས་པ་ལ། དགྲ་བོ་དེའི་ཕྱོགས་བྱེད་


DTG029_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་གང་ཞིང་སྲུང་བའི་སྔགས་དང༌། ལྷ་རྣམས་ནི་ཙཎྜི་ཀ་ལ་སོགས་པ་སྟེ། དེ་རྣམས་ཀྱང་སྦྱོར་བ་འདི་ཉིད་ཀྱིས་ཕུར་བུས་གདབ་པར་བྱའོ། །དེའི་ཕྱིར་སྦྱོར་བ་འདིས་གསོད་པར་བྱེད་པའོ། །སྔར་བཤད་པའི་སྦྱོར་བ་རྣམས་ཀྱི་ནང་ན། མཆོག་ནི་གཙོ་བོར་གྱུར་པ་སྟེ། གཞན་གྱི་ཕྱོགས་ཀྱང་འཇིག་པའི་ཕྱིར་རོ། །དམ་ཚིག་ཤིན་ཏུ་འདའ་དཀའ་བ། །ཞེས་བྱ་བ་ནི་འདི་ཉིད་དེ། གཞན་རྣལ་འབྱོར་པས་མི་ཐུབ་པའི་ཕྱིར་ཏེ། བསྐྱེད་པའི་རིམ་པའོ། །རྡོ་རྗེའི་ཕུང་པོར་ཇི་ཙམ་དུ། །ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་ཀྱི་ཇི་ཙམ་དུ་ཕུང་པོ་ནི་ཕུང་པོ་ལྔའི་རང་བཞིན་གྱིས་ལུས་ངག་ཞིག་ཡོད་པ་དེ་ཉིད། །རྡོ་རྗེ་ནི་འོད་གསལ་བས་གསད་པ་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པ་དག་གིས་བདག་ཉིད་རྟོག་པ་འོད་གསལ་བ་དེ་ཉིད་ལ་ཞུགས་པར་བསམ་པར་བྱའོ། །དེའི་ཚེ་སེམས་ཅན་དེ་རྣམས་མཉེས་པར་འགྱུར་པ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །གཞན་དུ་མིན་ཞེས་པ་ནི་འོད་གསལ་བའི་གོ་འཕང་སྤངས་ནས་མ་ཡིན་ནོ་ཞེས་སྟོན་ཏོ། །འོད་གསལ་བའི་ཏིང་ངེ་འཛིན་འདིས། །སངས་རྒྱས་ནི་གཟུགས་ཀྱི་ཕུང་པོ་དང༌། རྡོ་རྗེ་འཛིན་ནི་ཚོར་བའི་ཕུང་པོ་དང༌། སྟོན་པ་ནི་འདུ་ཤེས་ཀྱི་ཕུང་པོ་དང༌། རྡོ་རྗེ་ཆོས་ནི་འདུ་བྱེད་ཀྱི་ཕུང་པོ་དང༌། རྡོ་རྗེ་ཅན་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། ལྔ་པོ་དེ་དག་བསམ་གཏན་སྦྱོར་བ་ནི། ཏིང་ངེ་འཛིན་འདིས་འཆི་བར་གྱུར་པ་ནི་འོད་གསལ་བ་ཉིད་དུ་གྱུར་པའོ། །རྡོ་རྗེ་དུགས་ཀྱི་བཀའ་བཞིན་དུ་ཞེས་པ་ནི་ཡིད་ཆེས་པའི་ཕྱིར་རོ། །དྲག་པོ་ཆེན་པོ་ནི་གསོད་པའི་བསམ་གཏན་དང༌། དམ་ཚིག་ནི་འོད་གསལ་སྒོམ་པ་སྟེ། དེ་དག་གང་ལས་བྱུང་བ་དེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཛིན་ནི་རྡོ་རྗེའི་ཕྱག་མཚན་དང་ལྡན་པའོ། །དྲག་པོའི་ལས་ལ་མཛད་པས་ན་རྒྱལ་པོའོ། །གདུག་པ་ཐམས་ཅད་སྟོང་པ་ཉིད་དུ་མཛད་པས་ན་ཐམས་ཅད་ནམ་མཁའོ། །དེ་ལྟར་ཡིན་ན་ཡང༌། ཐུབ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་གོ་འཕང་ཐོབ་ཏུ་འཇུག་པས་ན་ཐུབ་ཆེན་


DTG029_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའོ། །ཐམས་ཅད་དབང་བསྐུར་བ་ནི་དྲག་པོའི་ལས་ལ་འཇུག་པའི་ཕྱིར་རོ། །བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་འདུལ་བར་མཛད་པས་ན་རྫོགས་སངས་རྒྱས་སོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ནི་དེ་ཁོ་ན་ཉིད་དང༌། རྡོ་རྗེ་ནི་དྲག་པོའི་ལས་བཀའ་སྩལ་པ་སྟེ་བསྐྱེད་པའི་རིམ་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་དེ་བཞིན་གཤེགས་པ་རྣམས། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །རྡོ་རྗེ་ཐེག་པ་ནི་སྔགས་ཀྱི་ཚུལ་ཏེ་རང་བཞིན་གྱིས་དག་པ་དང༌། བླ་ན་མེད་པ་ནི་ཕུལ་དུ་བྱུང་བ་སྟེ། གང་དུ་ཐོག་མ་ནས་མ་སྐྱེས་པའི་ཆོས་རྣམས་ནི་ཕུང་པོ་ལ་སོགས་པ་སྟེ། དེ་ལ་རྒྱལ་བ་རྣམས་ཀྱིས་ནི་ཁོ་བོ་ཅག་གིས་སྐྱེ་བར་བསྟན་པ་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་དང་སྒྲུབ་པའི་དབྱེ་བ་སྟེ། དེ་ལ་ཞིག་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་སྤྲོས་པ་དེ་རྣམས་ལ། ཕྲན་ཚེགས་ནི་གདུག་པའི་སེམས་ཅན་རྣམས་ཀྱི་སྒྲུབ་པ་ནི་གསོད་པ་ལ་སོགས་པ་དེ་ཉིད་ལས་ཡིན་པ་སྟེ། དེའི་འཁོར་ལོའི་ཚོགས་ཡིན་ནོ། །སྦྲུལ་ནི་མི་སྡུག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྒྱུས་ཀྱི་སོལ་བ་ནི་མཚོན་ཆས་ཤི་བའི་སྐྱེས་པའི་སོལ་བའི་རྡོ་རྒྱུས་ཀྱིས་ལྕེ་གཉིས་པ་སྟེ་སྦྲུལ་ནག་པོ་ས་ལ་བྲིས་ཏེ། དེའི་གདིངས་ཀའི་ནང་ན་ཡི་གེ་ཁཾ་བཀོད་ལ། དེ་ལ་ཀླུ་ཁྲོ་བོ་ནི་ནོར་རྒྱས་ཀྱི་བུ་ལ་སོགས་པའི་སྙིང་གར་གནས་པའི་དུག་དང༌། དེ་བསྐུལ་བ་ནི་དེ་ཉིད་དགུག་པ་བྲིས་པའི་སྦྲུལ་གྱི་ཁའི་དབུས་སུ་ཡི་གེ་ཁཾ་ལ་བཞག་ཅིང༌། །སྦྲུལ་དེ་ཉིད་ཀླུའི་རྒྱལ་པོ་ཐམས་ཅད་ཀྱི་དུག་གིས་ཡོངས་སུ་གང་བར་བསམས་ལ། དེ་ནས་སྦྲུལ་དེ་བསྐྱོད་པས་ཆེ་གེ་མོ་སོད་ཅིག་ཅེས་བསྐུལ་ན་བསྒྲུབ་བྱ་དེས་འཆི་བར་འགྱུར་རོ། །དུག་སེལ་བ་བཤད་པར་བྱ་སྟེ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དུག་ཐམས་ཅད་ན་དུག་དང་ཉེ་བའི་དུག་རྣམས་ཏེ། དེ་དག་འབྱིན་པ་ནི་དགུག་པ་སྟེ། དེ་ལ་སྙིང་པོ་ས་བོན་ཏེ་ཡི་གེ་ཧྲིའོ། །ཡི་གེ་འདིས་ཁམས་གསུམ་པར་གནས་པའི་འགྲོ་བ་དང་མི་འགྲོ་བའི་དུག་བཀུག་ལ། སྦྲུལ་གྱི་ལུས་ལ་ཞུགས་པར་བྱ་སྟེ། དེའི་ཚེ་སྦྲུལ་དེ་ཉིད་དུག་གི་རྒྱ་མཚོར་གྱུར་ཅིང་གང་


DTG029_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་རེག་པ་དེ་དང་ཇི་སྲིད་འགྲོ་བ་རྣམས་ཀྱང་འཆི་བར་འགྱུར་རོ། །དེ་བཞིན་དུ་སྡིག་པ་དང་སྦལ་པ་ལ་སོགས་པའི་སེམས་ཅན་ཕྲན་ཚིགས་བསྒྲུབ་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དུག་ནི་རྣམ་པ་གཉིས་ཏེ། སྤོ་བ་ནི་གནས་ལས་གནས་གཞན་དུ་སྤོ་བ་སྟེ། དེ་ལ་སྙིང་པོ་ནི་ས་བོན་ཏེ་ཡི་གེ་ཨོཾ་མོ། །ལྟ་བ་དང་དྲན་པ་དང་རེག་པ་ལ་སོགས་པའི་དུག་གང་ཡིན་པ་དེ་ནི་རེ་ཞིག་དང་པོར་སྔར་བཤད་པའི་རིམ་པས། ནམ་མཁའི་རྡོ་རྗེ་དཀྱིལ་འཁོར་ནི་བསྒྲུབ་བྱའི་ལུས་ལ་འཇུག་ཅིང་ཡི་གེ་ཨོཾ་གྱིས་སྤྱི་བོར་བཅིང་བར་བྱ་སྟེ། དེ་ནི་འཇུག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དུག་གི་དམ་ཚིག་ཆེན་པོ་ནི་དགུག་ཅིང་འཇུག་པ་སྟེ། དེ་ལ་རྡོ་རྗེ་ནི་བརྟན་པའི་རྡོ་རྗེ་འཆང་གིས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་སྦྱར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དུག་གསོ་བ་ནི་སེལ་བ་སྟེ། དེ་ལ་དམ་ཚིག་ནི་བསྒོམ་པ་སྟེ། རྡོ་རྗེ་སྙིང་པོ་ནི་མི་བསྐྱོད་པའི་རྡོ་རྗེ་སྟེ། ཡི་གེ་ཧཱུཾ་ངོ༌། །ཡི་གེ་འདི་དཀར་པོ་སྒྲུབ་བྱའི་སྙིང་གར་བསམས་ལ། དེ་ལས་བྱུང་བའི་ཟླ་བ་དང་འདྲ་བའི་འོད་ཟེར་གྱི་འཁོར་ལོས། གནས་བཞི་ནི་པགས་པ་དང་ཤ་དང་ཁྲག་དང་གླད་པ་སྟེ། དེ་ལ་གནས་པའི་དུག་སྦྱོར་བ་ནི་འོད་ཟེར་གྱི་སྦྱོར་བས་དགུག་སྟེ། འབྱུང་བར་གྱུར་པ་ནི། ཐམས་ཅད་བསྡུས་ནས་ལྐོག་མའི་རྩར་ཕྱིན་པའོ། །དེའི་རྗེས་ལ་ལན་གསུམ་མམ་གཉིས་ཀྱི་བར་དུ་དེ་ལས་བསྐུལ་ཞིང་ནད་པའི་ཁས་སྐྱུག་པར་བསམ་པར་བྱའོ། །ནམ་མཁའི་ཁམས་ཞེས་བྱ་བ་ལ་སོགས་པ་ནི་ཕུལ་དུ་བྱུང་བའི་ཚིག་གོ །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཉེ་བའི་དུག་ནི་ནད་ཀྱིས་བྱས་པའི་དུག་རྣམས་ཏེ། དེ་རྣམས་ཐམས་ཅད་དྲང་བ་ནི་སེལ་བ་སྟེ། དེ་ལ་སྙིང་པོ་ནི་ཡི་གེ་ཨཱཿ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་བདུད་རྩིའི་ས་བོན་ནོ། །འབྲས་དང་ཕོལ་མིག་ཅེས་བྱ་བ་ལ་སོགས་པ་ལ། འབྲས་ལ་སོགས་པའི་ནད་རྣམས་དང༌། །གཞན་ནི་མཚན་རུལ་དང་སྐྲན་དང༌། སྐྲངས་པ་ལ་སོགས་པ་དང༌། མཛེའི་རྣམ་པ་བཅོ་བརྒྱད་དེ། དེ་རྣམས་ཀྱིས་ནོན་པའི་ནད་པ་རྣམས་ཀྱི་སྙིང་གར་གསུང་གི་ས་བོན་བཀོད་ལ་དེས་ཀྱང་


DTG029_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔ་མ་བཞིན་དུ་པགས་པ་ལ་སོགས་པར་གནས་པའི་དུག་བཀུག་ཅིང་སྒོ་གཉིས་ལས་སྐྱུགས་པར་བསམ་པར་བྱའོ། །དེའི་ཆེ་དེ་རྣམས་ལས་བྱུང་བའི་དུག་མེད་པས་ལུས་ཀྱི་ནད་རྣམས་ཞི་བར་འགྱུར་རོ། །ཕྱག་ན་རྡོ་རྗེ་བཀའ་བཞིན་ཞེས་པ་ནི་ཡིད་ཆེས་པའི་ཚིག་གོ །བསྒོམ་པ་གཞན་བཤད་པར་བྱ་བའི་ཕྱིར། པདྨ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དང་པོ་རྣལ་འབྱོར་པས་ལག་པ་གཡས་པ་ལ་དག་གི་དབང་ཕྱུག་གི་ས་བོན་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ་བསྒོམས་ཏེ། དེའི་ལྟེ་བར་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡང་ངག་གི་ས་བོན་དེ་ཉིད་བཀོད་ལ། འདབ་མ་བརྒྱད་པོ་ལ་ཡང༌། འོད་ཟེར་ལྔ་རྫོགས་པ་ནི་དབྱངས་ཀྱི་སྡེ་ཚན་བཀོད་ཅིང་དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་ཆུ་བྱིན་གྱིས་བརླབས་ལ། གང་ལ་བྱིན་པ་དེ་ནི་དེ་མ་ཐག་ཏུ་དུག་དང་བྲལ་བར་འགྱུར་རོ། །ཁྱད་པར་བཤད་པར་བྱ་སྟེ། སྡུག་པ་ནི་དུག་སྦོ་བ་ལ། དམ་ཚིག་གང་ནི་ས་བོན་དང་བདག་ཉིད་བསྒྲུབ་བྱ་རྣམས་ནག་པོར་བསྒོམ་པར་བྱའོ། །བསྐུལ་བ་ནི་དུག་སེལ་བ་ལ་དེ་རྣམས་དཀར་པོར་བསྒོམ་མོ་ཞེས་དགོངས་པའོ། །བསམ་གཏན་གནས་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་ནི་ཏིང་ངེ་འཛིན་ཏོ། །ཇི་ལྟ་བུ་ཞེ་ན། གནས་ནི་སྔགས་པའི་འགྲོ་བའི་དོན་གྱི་གནས་སུ་གྱུར་པ་དང༌། གསང་བ་ནི་ཉན་ཐོས་ལ་སོགས་པ་ལ་སྦ་བར་བྱ་བ་དང༌། གསང་ཆེན་ནི་ཞལ་གྱི་མན་ངག་ལ་གནས་པ་སྟེ། ཤོ་བེ་ལ་སོགས་པ་ལ་ནི་མ་ཡིན་ནོ། །ཡེ་ཤེས་དྲི་མེད་ནི་རྣམ་པར་དཔྱད་ན་དེ་ཁོ་ན་ཉིད་མངོན་དུ་བྱེད་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཕྱི་ནི་སེམས་དང་ལྡན་པ་དང་སེམས་དང་མི་ལྡན་པ་ལ་སོགས་པས་བྱས་པའི་སྐྱོན་རྣམས་སོ། །ནང་གི་ནད་ནི་རླུང་དང་མཁྲིས་པ་དང་བད་ཀན་ཚོགས་པ་བྱས་ཏེ། དེ་རྣམས་གསོ་བ་ནི་སེལ་བ་སྟེ། དེ་ལ་སྙིང་པོ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་སྟེ། དེ་ཉིད་སྦས་པའི་རྣམ་པས་སྨྲ་བའི་ཕྱིར་སྔགས་དང༌། ཡི་གེ་ནི་ནད་སེལ་བ་ལ་བརྟེན་པའི་ནུས་པ་དང་ལྡན་པའི་ཕྱིར་རོ། །ཛི་ན་ཛི་ཀ་ཅེས་བྱ་བ་ལ་སོགས་པ་ལ།


DTG029_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔགས་དེ་རྣམས་སྐུ་གསུང་ཐུགས་ཀྱི་དེ་བཞིན་གཤེགས་པའི་རིགས་གསུམ་སྐྱེད་པར་བྱེད་པ་སྟེ། དེ་ཉིད་ཀྱི་ཕྱིར་གང་ཞིག་ཡི་གེའི་ཚིག་ནི་དེ་བཞིན་གཤེགས་པའི་སྐུ་སྟེ། དད་པས་ཡོན་ཏན་ཐོབ་འགྱུར་བ་ནི་གང་ཞིག་དད་པའི་མོས་པའི་དབང་གིས་རྣལ་འབྱོར་པས་མངོན་པར་འདོད་པ་དེ་ལྟ་བུའི་དེ་བཞིན་གཤེགས་པའི་སྐུ་བསྒོམ་པར་བྱའོ། །ཅིའི་ཕྱིར་ཞེ་ན། ནད་ཀྱི་རྡོ་རྗེ་བསྐུལ་བ་ཡིས། །ཞེས་པ་ནི་སྔར་བཤད་པའི་རྡོ་རྗེ་བཞིན་དུ་མི་ཐུབ་པའི་ནད་རྣམས་བསྐུལ་བ་ནི་སེལ་བ་སྟེ་དེའི་ཕྱིར་རོ། །དེ་ལྟར་བདག་ཉིད་ཀྱིས་བསྒོམ་པ་བྱས་ལ་ནད་ཀྱིས་ཟིན་པ་གང་ཞིག་ཡོད་པ་དེ་རྣམས་དེའི་སྙིང་ག་ལས་སྤྲེའུ་དང་འདྲ་བའམ། ཁྱི་ལ་སོགས་པ་འདྲ་བ་སྟེ། དེ་ཉིད་ཀྱི་ལུས་ངག་ཡིད་ལས་བྱུང་ཞིང་ཕྱི་རོལ་དུ་བལྟས་ཏེ། འོད་ཟེར་འབར་བའི་འཁོར་ལོ་དང་རྡོ་རྗེ་ལ་སོགས་པ་དེ་རྣམས་ཀྱི་ལུས་ལ་སོགས་པ་ཕྱེ་མར་བརླག་པར་བསྒོམ་པར་བྱའོ། །དེའི་རྗེས་ལ་ནད་རྣམས་འཇིག་པས་རྫོགས་སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་དེའི་ཕུང་པོ་རྣམས་དང༌། མིག་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་དགོད་པར་བྱའོ། །དེའི་རྗེས་ལ་ནད་པ་དེ་ཉིད་ཀྱི་ལུས་ལ་སོགས་པ་ལ། ནམ་མཁའ་ལ་བཞུགས་པའི་སངས་རྒྱས་རྡོ་རྗེ་འཆང་གི་སྤྲིན་རྣམས་འོད་ཟེར་གྱི་ངོ་བོར་ཞུགས་པར་བསྒོམས་ན་དེའི་ཚེ་ནད་ལས་ཐར་བར་འགྱུར་བ་སྟེ་བསྐྱེད་པའི་རིམ་པའོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། །ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནི་རླུང་བཅུ་དང༌། བྱང་ཆུབ་སེམས་དཔའ་ནི་རང་བཞིན་རྣམས་དང༌། བློ་ལྡན་ནི་ཡེ་ཤེས་རྣམས་ཏེ། དེ་དག་ཐམས་ཅད་ཁྲོས་པ་ནི་དེ་རྣམས་ཉེ་བར་སྡུད་པར་བྱེད་པ་ལ་རྩོལ་བ་དང་ལྡན་པའི་རྣལ་འབྱོར་པས་བསམ་པ་ནི་འོད་གསལ་བ་ཉིད་དུ་བྱའོ། །འཆི་བར་བྱེད་པ་དམ་པ་ཡིན། །ཞེས་པ་ནི། དོན་དམ་པའི་ངོ་བོ་མི་སྣང་བར་བྱེད་པ་དེ་ཡིན་ནོ་ཞེས་སྟོན་ཏོ། །བསམ་གཏན་སྦྱོར་བ་ནི་ཏིང་ངེ་འཛིན་གྱི་སྦྱོར་བ་འདིས་ལས་ལས་སྐྱེས་པ་ནི་ལས་སྐྱེས་ཏེ། ཡན་ལག་བཅུ་གཉིས་པའི་འཁོར་བའི་འཁོར་ལོ་སྟེ། གྲགས་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡིན་པ་


DTG029_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། བརྒྱ་རྩ་བརྒྱད་བཟླས་པ་ནི་བརྒྱད་ཀྱིས་ལྷག་པའི་བརྒྱའི་བཟླས་པ་སྟེ་རྡོ་རྗེ་བཟླས་པས། ཉི་མ་བདུན་གྱིས་མ་རིག་པའི་ངོ་བོའི་རང་བཞིན་རྣམས་འགགས་པས་འཇིག་པར་འགྱུར་རོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་སྔགས་རྒྱལ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་སྟེ། དེའི་སྒོ་ནས་རྡོ་རྗེ་བསམ་གཏན་ནི། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་ལས་བྱུང་བ་ནི་གང་ཞིག་སྤྲོ་བའི་རྣམ་པ་སྟེ། དེ་ཉིད་ཀྱིས། ནད་རྣམས་ཐམས་ཅད་དེ་རྣམ་པར་རྟོག་པ་ཐམས་ཅད་ཟད་པར་འགྱུར་རོ། །དེ་ཡང་ནད་རྣམས་ཐམས་ཅད་ཀྱི། དམ་ཚིག་ནི་འཁོར་བའི་ཞགས་པར་གྱུར་པའི་ནད་རྣམས་ཀྱི་དམ་ཚིག་སྟེ་ཡང་དག་པར་བྲལ་བར་བྱེད་པའོ། །གཞན་ཡང་འགའ་དཀའ་བ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤང་བར་མི་བྱ་བ་སྟེ། སེམས་རྣམ་པར་དག་པ་དང་རྡོ་རྗེ་བཟླས་པ་དང༌། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །འོད་གསལ་བ་ཉིད་དུ་མཛེས་ཤིང་སྣང་བས་ན་རྒྱལ་པོའོ། །ཡེ་ཤེས་ནི་ལྔ་སྟེ་དེ་རྣམས་ཉིད་མ་རིག་པ་འགུགས་པའི་ཕྱིར་སྐྱོ་བ་སྟེ། དེའི་སྒོ་ནས་འོད་པོ་ཆེ་ནི་ཕུལ་དུ་བྱུང་བ་ཐོབ་པའོ། །འདོད་པ་ནི་སྤྱོད་པ་རྣམ་པ་གསུམ་སྟེ། དེ་ཉིད་ཀྱིས་གང་ཞིག་རྡོ་རྗེ་ཆེ་ནི་བྱང་ཆུབ་རྣམ་པ་གསུམ་གང་གིས་ཐོབ་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བཅོམ་ལྡན་འདས་དེས་གསུང་འདི་ནི་འོག་ནས་འཆད་པར་འགྱུར་བའི་གསུང་བཀའ་སྩལ་པ་སྟེ། རྫོགས་པའི་རིམ་པ་དང་སྒྲུབ་པ་དག་གོ །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་ནི་ཕུང་པོ་ལ་སོགས་པ་སྟེ། དེ་རྣམས་རྨི་ལམ་ལྟ་བུ་ཡིན་པ་སྟེ། དེ་བཞིན་དུ་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ནི་ལྷའི་རྣམ་པ་རྣམས་སོ། །གཉི་ག་དེ་དག་ཀྱང་རང་བཞིན་དག་པ་ནི་འོད་གསལ་བའི་ངོ་བོ་དང༌། དེ་ཉིད་ནི་ངོ་བོ་དེ་ཉིད་ཀྱིས་གནས་པ་སྟེ། རྟག་པ་དང་ཆད་པ་ལ་སོགས་པ་དང་བྲལ་བ་དེ་རྣམས་ཀྱི་ནང་ན་འཁྲུལ་པ་ནི་རྨི་ལམ་སྟེ། དེ་ཉིད་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་བར་བྱེད་པའི་ཕྱིར་རམ། འབྲས་བུ་ངན་པ་རྩོལ་བའི་ཕྱིར་རྡོ་རྗེ་གསུང་པ་སྟེ་བཤད་པའོ། །དེ་བས་ན་འདི་དག་ཐམས་ཅད་


DTG029_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་སྟེ། སྒྱུ་མའི་རྣམ་པར་འཕྲུལ་པ་ཡིན་ནོ་ཞེས་ཤེས་པར་གྱིས་ཤིག་པའོ། །དེ་ཉིད་བཤད་པར་བྱ་སྟེ་བསམ་གཏན་བཟླས་པ་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་ནི་རྣལ་འབྱོར་པ་རྣམས་ཏེ། བསམ་གཏན་བཟླས་པའི་བརྩོན་པ་ནི། བསམ་གཏན་དང་བཟླས་པ་ལ་སོགས་པ་དང་ལྡན་པ་དེ་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་བར་འགྱུར་རོ། །ཇི་ལྟར་ཞེ་ན། དབྱེ་བ་རྣམ་པ་གཉིས་སུ་ཞེས་པ་ནི་རླུང་ལ་སོགས་པ་འཁྲུགས་པ། དེ་མེད་པ་མཐོང་བས་ནི་རྨི་ལམ་མཐོང་བར་འགྱུར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་འདི་ཞེས་པ་ནི་རྨི་ལམ་རྣམ་པ་གཉིས་པ་ལའོ། །རྨི་ལམ་ཆེན་པོ་ནི་བཟང་བ་དང་ངན་པའི་རྨི་ལམ་རྣམས་ཀྱི་དམ་ཚིག་ནི་དེ་རྣམས་མཐོང་བའོ། །བྱང་ཆུབ་ཡེ་ཤེས་མཆོག་ཐོབ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། འོད་ཟེར་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་གལ་ཏེ་མཐོང་བའམ། རང་གི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་གྱིས་སངས་རྒྱས་མཐོང་ན་རྣལ་འབྱོར་པ་དེ་སེམས་ཅན་ཆེན་པོ་ཁམས་གསུམ་པ་ནི་ལྷ་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པས་མཆོད་པར་འགྱུར་ཏེ། རྨི་ལམ་གྱི་རྣམ་པར་སྨིན་པའོ། །སྤྲུལ་པའི་སྐུ་བཤད་པར་བྱ་སྟེ། ཡེ་ཤེས་ཆེན་པོའི་འོད་འདྲ་བའི་གཟུགས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་བྱང་ཆུབ་སེམས་དཔའ་ནི་མི་བསྐྱོད་པ་ལ་སོགས་པ་དང༌། སའི་སྙིང་པོ་ལ་སོགས་པས་འདོད་པའི་ཡོན་ཏན་ལྔ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་པ་བྱས་པ་དང༌། ཡེ་ཤེས་ཆེན་པོ་ནི་ཉི་མ་སྟེ། དེའི་འོད་དང་འདྲ་བ་ནི་དེའི་མདངས་དང་མཉམ་པ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་དང༌། གཟུགས་ཆེན་ནི་རྣམ་པར་སྣང་མཛད་དང༌། རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་དང༌། གྲགས་པ་ཆེན་པོ་ནི་རིན་ཆེན་འབྱུང་ལྡན་དང༌། གསང་བ་རྡོ་རྗེ་ནི་དོན་ཡོད་གྲུབ་པ་དང༌། གྲགས་ཆེན་ནི་རྡོ་རྗེ་སེམས་དཔའོ། །རང་གི་གཟུགས་ནི་རང་གི་བདག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་བསྐོར་ཞིང་ཕྱག་


DTG029_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཙལ་བར་བྱས་པར་རྨི་ལམ་མཐོང་ན་དེའི་ཚེ་རྣལ་འབྱོར་པ་དེ་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཡུན་རིང་མ་ཡིན་པས་འབྱུང་བ་སྟེ་འབྲས་བུ་བསྟན་པའོ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པའི་ཞེས་བྱ་བ་ལ་སོགས་པ་ལ། རྒྱན་དང་བཅས་པའི་ལྷའི་བུ་མོའམ་ཁྱེའུ་རྨི་ལམ་དུ་གལ་ཏེ་མཐོང་ན། དེའི་ཚེ་དངོས་གྲུབ་ནི་ཞི་བ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ་འབྲས་བུ་བསྟན་པའོ། །ཕྱོགས་བཅུའི་སངས་རྒྱས་ནི་སངས་རྒྱས་ཀྱི་ཞིང་ལ་གནས་པའོ་མི་བསྐྱོད་པ་ལ་སོགས་པ་རྣམས་གང་ལ། ཆོས་མཆོག་ནི་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་སོགས་པའི་པོ་ཏི་སྩོལ་བ་མཐོང་བ་དང༌། དེ་རྣམས་ཀྱང་དེ་ལ་བཞུགས་པར་མཐོང་བ་དང༌། རང་གི་བདག་ཉིད་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། སངས་རྒྱས་ཐམས་ཅད་ཀྱིས་བསྐོར་བ་རྨི་ལམ་དུ་མཐོང་ན་དེ་ནི། དམ་ཚིག་སྦྱོར་བ་ནི་ཏིང་ངེ་འཛིན་དང་སྤོབས་པ་རྣམས་དང༌། བསམ་གཏན་རྡོ་རྗེ་ནི་མི་གཡོ་བའི་ཏིང་ངེ་འཛིན་གྱི་ངོ་བོའི་དེ་ཁོ་ན་ཉིད་ལ་ཞུགས་པར་འགྱུར་ཏེ་འབྲས་བུ་བསྟན་པའོ། །དེ་བཞིན་དུ་ཀུན་དགའ་རབ་དང༌། སྐྱེད་མོས་ཚལ་ནི་རྩྭ་མཆོག་དང༌། ཤིང་དྲུང་དང༌། མེ་ཏོག་དང༌། འབྲས་བུ་ལ་སོགས་པས་རྒྱས་པའི་ངལ་སོ་བའི་གནས་རྣམ་པ་སྣ་ཚོགས་པའི་ལྷའི་བུ་རྣམས་ཀྱིས་མི་གང་ལ་རྨི་ལམ་ན་དབང་བསྐུར་བ་སྩོལ་བ་དེ་ནི། བསམ་གཏན་དམ་ཚིག་ནི་ཏིང་ངེ་འཛིན་གྱི་དུས་སུ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ་འབྲས་བུ་བསྟན་པའོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་གང་ལ་རྨི་ལམ་ན་དབང་བསྐུར་བ་སྩལ་བ་དེ་ནི་རིག་པ་འཛིན་པའི་རྒྱལ་པོས་མཆོད་པར་འགྱུར་ཏེ་འབྲས་བུ་བསྟན་པའོ། །རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལས་བྱུང་བ་ནི་དགེ་བའི་དབང་གིས་བྱུང་བ་སྟེ། སྣ་ཚོགས་པ་ནི་རྣམ་པ་དུ་མའི་རྨི་ལམ་དྲི་མེད་ནི་དགེ་བའི་རྨི་ལམ་གལ་ཏེ་མཐོང་ན་དེའི་ཚེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ལས་བྱུང་བའི་བླ་ན་མེད་པའི་དེ་ཁོ་ན་ཉིད་འགྲུབ་པར་འགྱུར་རོ། །རྨི་ལམ་གྱི་འབྲས་བུའོ། །རྨི་ལམ་ངན་པ་བཤད་པར་བྱ་སྟེ། གདོལ་བ་ཞེས་


DTG029_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བ་ལ་སོགས་པ་ལ། གདོལ་པ་ནི་མཚོན་ཆ་འཛིན་པ་རྣམས་དང༌། ཁྱིལ་སོགས་པ་ནི་ཁྱིལ་སོགས་པའི་སྲོག་ཆགས་ངན་པ་རྣམས། གལ་ཏེ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་མཐོང་ན་དེའི་ཚེ། བློ་ལྡན་ནི་ཤེས་རབ་ཅན་དེས་དམ་ཚིག་ཉམས་པ་སེལ་ཞིང༌། ཚོགས་ཀྱི་འཁོར་ལོས་མཆོད་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ནི་རྣལ་འབྱོར་དེའི་སེམས་ཀྱི་གནས་ནི་ཞེས་པ་རྡོ་རྗེ་སེམས་དཔའ་དང་འདྲ་བའི་ལུས་འགྲུབ་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ནི་རྨི་ལམ་གྱི་སྐབས་སུའོ། །རྨི་ལམ་རྣམ་པར་དཔྱད་པ་ནི་ཡོད་པ་དང་མེད་པ་དག་ལས་གྲོལ་བ་ཉིད་དེ། དེའི་དམ་ཚིག་ནི་སྒོམ་པ་སྟེ། དེ་ཉིད་རྩེ་གཅིག་པར་གྱུར་པས་ཐོབ་པའི་ཕྱིར་སྙིང་པོའོ། །རང་སེམས་ཞེས་བྱ་བ་ལ་སོགས་པ་ལ། རང་སེམས་ནི་རྣམ་པར་ཤེས་པ་དྲུག་གི་ངོ་བོའི་སེམས་ཏེ། དེ་ཉིད་སེམས་དམིགས་པ་ནི་ཡང་དག་པར་རྣམ་པར་དཔྱད་བར་བྱ་སྟེ། གཅིག་དང་དུ་མ་བྲལ་པའོ། །དེས་བྱས་པས་ཆོས་རྣམས་ཐམས་ཅད་ནི་སེམས་ཅན་དང་སྣོད་ཀྱི་རང་བཞིན་གྱི་ཆོས་རྣམས་སེམས་དམིགས་པ་དེ་ཉིད་ཀྱི་ངོ་བོ་ལ། རབ་ཏུ་གནས་པ་ནི་དེ་ཉིད་དུ་ཐིམ་པར་འགྱུར་བའོ། །དེ་བས་ན་ནམ་མཁའི་དབྱིངས་བཞིན་དུ་དེ་རྣམས་གཟུང་བར་མི་ནུས་པ་དང༌། བརྗོད་པར་མི་ནུས་པའོ། །དེ་བས་ན་ཆོས་ནི་ཕུང་པོ་ལ་སོགས་པ་མེད་པ་དང༌། ཆོས་ཉིད་མེད་པ་ནི་སྟོང་པ་ཉིད་ལས་ཐ་དད་པ་མ་ཡིན་ནོ་ཞེས་ཚིག་གི་ལྷག་མ་སྟེ། ཇི་སྲིད་དེ་ཉིད་རྨི་ལམ་རྣམ་པར་དཔྱད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ངོ་མཚར་དུ་གྱུར་པ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཐོས་པ་དང༌། རྨང་དུ་གྱུར་པ་ནི་རྨི་ལམ་དང་དེའི་འབྲས་བུ་ཐོས་པས། ཐེ་ཚོམ་གཅོད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཞུས་པ་སྟེ། ཀྱེ་བཅོམ་ལྡན་འདས་འདི་ཅི་ཞིག་ངོ་མཚར་བ་ལགས། གང་གི་ཕྱིར། ཆོས་རྣམས་ངོ་བོ་མེད་པ་ལ། ཞེས་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཕུང་པོ་ལ་སོགས་པ་ལ། ཆོས་ནི་རྨི་ལམ་རྣམས་དང་དེ་ཉིད་ནི་དེ་རྣམས་ཀྱི་འབྲས་བུའང་བཤད་པ་དེ་ནི་ངོ་མཚར་བའོ། །ནམ་མཁའ་ལས་ནམ་མཁའ་དང་སྟོང་པ་


DTG029_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་སྟོང་པ་འབྱུང་བའོ་ཞེས་དགོངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་གིས་དེ་རྣམས་ལ་འདི་སྐད་གསུངས་པ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་དེ་བཞིན་གཤེགས་པ་རྣམས་ཉོན་ཅིག །ནམ་མཁའ་ནི་གཟུགས་ལ་སོགས་པ་ཆོས་གང་དང་ཡང་མི་ལྡན་ཏེ། ཐོགས་པ་མེད་པ་དང་བསྟན་དུ་མེད་པའི་ཕྱིར་རོ། །མི་ལྡན་པ་ཡང་མ་ཡིན་ཏེ་ཁྱབ་བྱེད་ཀྱི་ཕྱིར་རོ། །དེ་བཞིན་དུ་ནམ་མཁའ་དེ་ལ་ང་རྒྱལ་འདི་ལྟ་བུ་ཡོད་པ་མ་ཡིན་ཏེ། ང་ནི་ཐམས་ཅད་དུ་འགྲོ་བ་ནི་ཁྱབ་བྱེད་དང༌། ཐམས་ཅད་ཀྱི་རྗེས་སུ་ལྟ་བ་ནི་བསྟན་དུ་མེད་པའོ། །དེ་བཞིན་དུ་རྨི་ལམ་དང་དེའི་འབྲས་བུ་དག་ལ་ནམ་མཁའི་དཔེས་མཉམ་པ་ཉིད་དུ་ཤེས་པར་གྱིས་ཤིག་པའོ། །དཔེ་ལས་བྱུང་བ་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དཔེར་ན་ནམ་མཁའ་ནི་ཐོགས་པ་མེད་པ་དང༌། བལྟར་མི་སྣང་བ་ནི་གཟུགས་ལ་སོགས་པ་བཞིན་དུ་གནོད་པར་མི་འགྱུར་བ་སྟེ། འདིར་ནི་འདི་ཡིན་ནོ་ཞེས་ཤེས་པ་བཞིན་དུ་བསྟན་དུ་མེད་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་ཤེས་པར་གྱིས་ཤིག་པའོ། །ལུས་ལ་སོགས་པ་ཐ་དད་པས་དཔེ་བསྟན་པར་བྱ་སྟེ། ཆོས་ཐམས་ཅད་ནི་ཁམས་གསུམ་ན་གནས་པའི་སེམས་ཅན་རྣམས་ཀྱིས་ལུས་ངག་ཡིད་རྣམས་སྟོང་པའི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེ་དང༌། ཀུན་རྫོབ་ཀྱི་ངོ་བོ་ཡིན་པའི་ཕྱིར་གནས་ཏེ། དེ་རྣམས་པར་དཔྱད་ན་སེམས་ཅན་གྱི་རིགས་རྣམ་བཞི་ཁྱབ་པར་བྱེད་པའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང། འོན་ཀྱང་བདེ་བ་དང་སྡུག་བསྔལ་གྱི་རང་བཞིན་གྱིས་མཉམ་པས་རང་བཞིན་གཅིག་པའོ། །དེ་རྣམས་གཉིས་སུ་མེད་པ་ཡིན་ནམ་མ་ཡིན་ཞེ་ན། ལུས་ཀྱི་རང་བཞིན་སེམས་དེ་དང་དབྱེར་མེད་པའི་ཕྱིར་རོ། །སེམས་ཀྱི་ངོ་བོ་ཉིད་ནི་ལུས་ཏེ། དེ་མེད་པས་ན་དེ་མི་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ངག་དང་སེམས་དང་ལུས་དག་དབྱེར་མེད་པ་ཉིད་དུ་ཤེས་པར་བྱའོ། །དེ་བས་ན་ལུས་ལ་སོགས་པ་དང་ནམ་མཁའི་ཁམས་གཉིས་སུ་མེད་པ་སྟེ། འདིས་བུམ་པ་དང་སྣམ་བུ་བཞིན་དུ་ཡང་དག་པར་སྦྱོར་བའི་གཉིས་སུ་མེད་པ་སེལ་བ་སྟེ། གཉིས་སུ་མེད་པ་ནི་ཤིང་དང་


DTG029_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤ་བ་བཞིན་དུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་ཁམས་ཀྱི་རང་བཞིན་གྱི་ཕྱིར་སེམས་ཅན་ཐམས་ཅད་ནམ་མཁའི་ཁམས་ལ་གནས་པ་སྟེ་རེ་ཞིག་ཤེས་པ་ཡིན་ལ། ནམ་མཁའི་ཁམས་དེ་ཡང་འདོད་པའི་ཁམས་ལ་སོགས་པ་རྣམས་ལ་གནས་པ་མ་ཡིན་ཏེ། སོ་སོར་ངེས་པའི་གནས་མེད་པས་ཁྱབ་བྱེད་ཀྱི་ཕྱིར་རོ། ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ། ངོ་བོ་ཉིད་མེད་པ་ནི་སྐྱེད་པ་ཡང་མ་ཡིན་ཏེ། དོན་གྱིས་ཤེས་པར་བྱའོ། །དེ་བས་ན་ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ། ངོ་བོ་ཉིད་མེད་པ་ནི་སྐྱེ་བ་དང་འཇིག་པ་དང་བྲལ་བའོ་ཞེས་ཤེས་པར་བྱའོ། །རྣམ་པར་བྱང་བའི་དཔེ་བསྟན་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ནི་འོད་གསལ་བ་སྟེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་ཡེ་ཤེས་ཀྱི་སྐུ་སྐྱེད་པར་བྱེད་པ་སྟེ། རིམ་པ་གཉིས་ཀྱིས་སྐྱེས་པ་དང་སྤྲོ་བར་བྱེད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ཡང་ཞེས་པ་ནི་དེ་ཁོ་ན་ཉིད་དེ་ལུས་ལ་སོགས་པ་ལ་མི་གནས་པ་སྟེ། འདུས་བྱས་པ་མ་ཡིན་པའི་ཕྱིར་རོ། །གང་ཞིག་ལུས་ལ་སོགས་པ་ལ་མི་གནས་པ་དེ་ནི་རྟག་པ་ཡིན་པའི་ཕྱིར་སྐྱེ་བ་དང་འཇིག་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་འོད་གསལ་བ་དང༌། ཡེ་ཤེས་ཀྱི་སྐུ་འབྱུང་བའི་རྡོ་རྗེའི་གནས་ནི་མི་གཡོ་བའི་ཏིང་ངེ་འཛིན་ཏོ། །དེ་བཞིན་དུ་རྨི་ལམ་ལ་ནི་འདི་ལྟར་འབྱུང་བ་མ་ཡིན་ཏེ། བདག་གིས་སྐྱེས་བུ་ལ་སྣ་ཚོགས་པ་འདི་ལྟར་བསྟན་ཏོ། །བདག་གིས་རྨི་ལམ་མཐོང་བར་བྱའོ་ཞེས་སྐྱེས་བུ་ལ་ཡང་སེམས་པ་མི་འབྱུང་སྟེ། འདོད་དན་མི་མཐོང་བའི་ཕྱིར་དང༌། མི་འདོད་ན་ཡང་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ཁམས་གསུམ་པའི་བྱ་བ་ནི་དགེ་བའམ་མི་དགེ་བ་སྟེ། རྨི་ལམ་བཞིན་དུ་ཤེས་པར་བྱའོ། །སྒྱུ་མ་མཁན་གྱི་སྤྲུལ་པའི་སྐྱེས་པ་བསྐོར་བ་མཐོང་བ་བཞིན་དུ་འགྲོ་བ་ཐམས་ཅད་ཡིན་ནོ་ཞེས་བཤད་པར་བྱའོ། །དེ་བཞིན་དུ་ཕྱོགས་བཅུ་ན་གནས་པའི་ཕྱགས་པར་གྱུར་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ་སོའི་སྐྱེས་བོར་གྱུར་པའི་སེམས་ཅན་ཐམས་ཅད་དེ། དེ་རྣམས་རྨི་ལམ་ལ་བདག་མེད་པ་ནི་འཁྲུལ་པའི་ངོ་བོ་སྟེ། དེ་དང་


DTG029_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདྲ་བར་ཤེས་པར་བྱའོ། །འོ་ན་གལ་ཏེ་དེ་ལྟར་ཡིན་ན་གང་སྦྱིན་པ་དང༌། གང་ལ་སྦྱིན་པ་དང༌། འབྲས་བུ་གང་ལས་འབྱུང་བ་དང༌། སྒོམ་པ་གང་ཡིན་པ་དང༌། འབྲས་བུ་གང་ཡིན་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཡིད་བཞིན་གྱི་ནོར་བུ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དང༌། ཡོན་ཏན་ཐམས་ཅད་དང་ལྡན་པ་ནི་རེ་བ་ཐམས་ཅད་རྫོགས་པར་བྱེད་པའི་ཕྱིར་རོ། །འདོད་པ་པོ་རྣམས་ཀྱིས་གང་ཞིག་འདོད་པར་གྱུར་པ་གསེར་ལ་སོགས་པ། དེ་དག་ཐམས་ཅད་འདོད་པ་ཙམ་གྱིས་སྟེར་བ་སྟེ། ངག་གིས་ནི་མ་ཡིན་ནོ། །རིན་པོ་ཆེ་དེས་སྦྱིན་པའི་ནོར་ལ་སོགས་པ་དེ་སེམས་ལ་མི་གནས་པ་ནི་འདོད་པའི་སྐྱེས་པའི་ཡིད་ལ་གནས་པ་མ་ཡིན་ཏེ། སྔར་འདོད་ན་ཡང་མེད་པའི་ཕྱིར་རོ། །ཡིད་བཞིན་ནོར་བུ་ལ་གནས་པ་མ་ཡིན་ཞེས་པ་ནི། དོན་དུ་མ་གཉེར་ན་མི་སྟེར་བའི་ཕྱིར་ཏེ། བ་ལང་ལ་སོགས་པ་བཞིན་ནོ། །འོ་ན་ཀྱང་དེ་ལྟར་མ་ཡིན་ན་ཡང་རྐྱེན་གྱི་དབང་གིས་དེ་ལྟ་བུའི་འབྲས་བུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ཤེས་པ་ནི་ཡིད་བཞིན་གྱི་ནོར་བུའི་དཔེ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་འགྲོ་བ་ཐམས་ཅད་ལ་ཆོས་བསྟན་པའི་སྒོ་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ལ་ཐོབ་ཏུ་འཇིག་པའོ། །དེ་རྣམས་ལ་ཡང་རྣམ་པར་རྟོག་པ་གང་ཡང་མི་མངའ་སྟེ། རྣམས་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱིས་ཀྱང་ཐོབ་ཏུ་འཛུད་པ་མ་ཡིན་ཏེ། སྔར་ཐོབ་པའི་ཕྱིར་རོ། །འོ་ན་ཀྱང་གློ་བུར་བའི་དྲི་མ་སེལ་བའི་ཕྱིར། བསྙེན་བཀུར་བྱ་བ་དང་བསྙེན་བཀུར་བྱེད་པ་ཡིན་ནོ། །དེ་བས་ན་ཐམས་ཅད་སངས་རྒྱས་པ་ཡིན་ཏེ། རང་བཞིན་ལ་བརྟན་ནས་དེ་བཞིན་གཤེགས་པ་དང་སོ་སོར་སྐྱེས་བོ་དག་དོན་དམ་པར་བྱེར་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྦྱིན་བ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །དཔེར་ན་ངོ་བོ་ཉིད་མེད་པའི་ཕྱིར་གང་གིས་སྦྱིན་པ་དང་གང་ལ་སྦྱིན་པའོ། །འོན་ཀྱང་འདུས་བྱས་བ་ཙམ་ལ་བརྟེན་ནས་རྒྱ་སྐྱེགས་ཀྱི་ཁུ་བས་གཤེར་བའི་རས་བལ་གྱིས་བོན་ལས་དེ་དང་མཐུན་པའི་འབྲས་བུ་འབྱུང་བ་ཁོ་ན་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་སྟོང་པ་ཡིན་ན་ཡང་འདས་མ་ཐག་


DTG029_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏུ་བཤད་པའི་རིགས་པས་ལས་དང་འབྲས་བུའི་འབྲེལ་པ་འབྱུང་ངོ༌། །སངས་རྒྱས་ཀྱི་ཆོས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཏེ། དེ་རྣམས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་དབྱེ་བས་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་དུ་ཐོབ་པར་བྱེད་པ་སྟེ། འོན་ཀྱང་དོན་དམ་པར་དེ་རྣམས་དངོས་པོ་མེད་དོ། །ཐམས་ཅད་སྟོང་པ་ཉིད་ཀྱི་བདག་ཉིད་ཀྱི་སངས་རྒྱས་དག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་ཞུགས་པས་ཡིད་བཞིན་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སོགས་བསྟན་པ་ལ་སོགས་པ་མཛད་པའོ། །ཇི་སྐད་དུ། །སྐྱེས་བུ་ཡིད་བཞིན་ནོར་བུ་བཞིན། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་ཏེ། ཆོས་ཉིད་རྟོགས་པས་དགྱེས་ཤིང་སྤྱན་གདངས་ནས་རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཞུས་ཏེ། ཀྱེ་བཅོམ་ལྡན་འདས་འདི་ནི་ངོ་མཚར་བ་ཡིན་ཏེ། གང་ཞིག་ནམ་མཁའི་ཁམས་དང་འདྲ་བ་ཆོས་ཐམས་ཅད་ནི་སྦྱིན་པ་ལ་སོགས་པ་དང༌། ཕུང་པོ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་གང་ཡིན་པ་དེ་རྣམས། རྗེས་སུ་འབྲང་བ་ནི་དེ་དང་འདྲ་བ་དང་དེའི་བདག་ཉིད་དང་འབྲས་བུའི་འབྲེལ་པ་དང་ལྡན་པར་གྱུར་པ་ཞེས་བྱ་བ་འདི་ནི་ཁོ་བོ་ཅག་གིས་རྟོགས་པ་ཡིན་ཏེ། ཐེ་ཚོམ་བྲལ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་བྱམས་པ་ལ་སོགས་པས་བཅོམ་ལྡན་འདས་ནི་དཀྱིལ་འཁོར་གྱི་བདག་པོའི་ཞབས་གཉིས་ལ་ཕྱག་འཚལ་ནས་འདི་སྐད་ཞུས་སོ། །སྔགས་ཐམས་ཅད་ནི་ཞི་བ་དང་དྲག་པོ་གཙོ་བོར་གྱུར་པ་སྟེ། དེ་རྣམས་ཀྱིས་བྱས་པའི་གང་ཞིག་དངོས་གྲུབ་ནི་ཞི་བ་ལ་སོགས་པ་དང༌། འདུས་པ་ནི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་བ་སྟེ། དེ་དག་གང་ལ་གནས་པ་ལགས་ཞེས་འདྲི་བའོ། །དེའི་དགོངས་པ་འདི་ཡིན་ཏེ། རེ་ཞིག་བཅོམ་ལྡན་འདས་ཀྱིས་ཆོས་ཀུན་གྱི་རང་བཞིན་མེད་པ་ཉིད་གསུངས་པ་སྟེ། དེ་བས་ན་སྤྲོས་པ་དུ་མའི་དྲ་བ་དང་ལྡན་པའི་དངོས་གྲུབ་རྣམས་ཅུང་ཟད་ཀྱང་མ་


DTG029_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་ཏེ་ཐེ་ཚེམ་ལྡང་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཛིན་གྱིས་དེ་རྣམས་ལ་འདི་སྐད་བཀའ་སྩལ་ཏེ། དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་ནི་ཐེ་ཚོམ་ཟ་བའི་ཕྱིར་རོ། །སྔགས་ཐམས་ཅད་ཀྱི་དངོས་གྲུབ་འདི་རྣམས་སྐུ་གསུང་ཐུགས་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་བསྒྲུབ་པའི་ཡེ་ཤེས་ཀྱི་སྐུ་ལ་གནས་པ་སྟེ། དེ་ལ་བརྟེན་ནས་དེ་རྣམས་འགྲུབ་པའི་ཕྱིར་རོ། །རབ་ཏུ་བྱེད་པ་ལས་ཀྱང༌། སྔགས་དང་ཕྱག་རྒྱའི་སྦྱོར་བ་དང༌། །དཀྱིལ་འཁོར་ལ་སོགས་རྣམ་བརྟག་པ། །གཏོར་མ་སྦྱིན་སྲེག་བྱ་བ་ཀུན། །རྟག་ཏུ་སྒྱུ་མ་ལྟ་བུར་བྱ། །ཞི་བ་དང་ནི་རྒྱས་པ་དང༌། །དབང་དང་མངོན་སྤྱོད་དེ་བཞིན་དུ། །གང་ཞིག་དགུག་པ་ལ་སོགས་ཀུན། །དེ་དག་འཇའ་ཚོན་ལྟ་བུར་བྱ། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དེ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་དེ་བཞིན་གཤེགས་པ་ནི་སངས་རྒྱས་རྣམས་དང༌། དངོས་གྲུབ་ཐམས་ཅད་ནི་ཞི་བ་ལ་སོགས་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་སྟེ། དེ་རྣམས་བདག་གི་ལུས་དང་ངག་དང་སེམས་རྡོ་རྗེ་ནི་སྒྱུ་མ་དང་འདྲ་བའི་རྣམ་པར་གནས་པ་སྟེ། སྔར་བཤད་པའི་རིམ་པས་སོ་ཞེས་ཚིག་གི་ལྷག་མའོ། །སྒྱུ་མའི་རང་བཞིན་གྱི་ལྷའི་རྣམ་པའི་སྐུ་ལ་སོགས་པ་དེ་རྣམས་ཀྱང་འདོད་པའི་ཁམས་ལ་སོགས་པ་ལ་མི་གནས་པ་སྟེ། བྱེ་བྲག་མེད་པས་ཐམས་ཅད་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ལུས་ལ་སོགས་པ་དེ་རྣམས་ཀྱང་ཕན་ཚུན་དུ་གཞི་དང་གཞི་ཅན་གྱི་འབྲེལ་པས་མི་གནས་པ་སྟེ། སྒྱུ་མ་ལྟ་བུ་ཉིད་གཅིག་ཡིན་པའི་ཕྱིར་དང༌། མར་ལ་མར་བཞིན་དུ་དབྱེ་བ་མེད་པའི་ཕྱིར་ཏེ། ནམ་མཁའ་བཞིན་དུ་རང་བཞིན་གྱིས་དག་པའོ་ཞེས་པ་གཏན་ཚིགས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་པ་རྣམས་ཀྱིས་ཞུས་པ་སྟེ། ཀྱེ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཡིན་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ། དེ་རྣམས་གང་དུ་གནས་པ་སྟེ། གང་གི་དྲིན་གྱིས་སྒྱུ་མའི་རྒྱུ་ཡོངས་སུ་གཟུང་བ་སྟེ་དགོངས་


DTG029_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་ལུས་ངག་སེམས་ནི་སྒྱུ་མ་ལྟ་བུའི་སྐུ་ལ་སོགས་པའི་བདག་ཉིད་ཀྱི་ཡེ་ཤེས་ཙམ་དེ་ལ་གནས་པ། དེ་ཉིད་ལ་བརྟེན་ནས་འབྱུང་བ་ནི་ཕྱི་རོལ་དུ་སྣང་བ་ཡིན་ནོ་ཞེས་དགོངས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། དེ་ལྟ་བུའི་ཡེ་ཤེས་ཙམ་གྱི་སེམས་དེ་སྒྱུ་མའི་སྐུའི་རྣམ་པ་སྟེ་གང་དུ་གནས་ཞེས་འདྲི་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་ལ་གནས་པ་ནི་འོད་གསལ་བ་ལ་གནས་པའོ། །རབ་ཏུ་བྱེད་པ་ལས་ཀྱང༌། བདག་ལ་བྱིན་རླབས་ཏིང་འཛིན་དང༌། །འོད་གསལ་གོ་འཕང་དེ་བཞིན་དུ། །རྒྱུ་དང་འབྲས་བུའི་དབྱེ་བ་ཡིས། །བདེན་པ་གཉིས་པོ་དེ་བཤད་པའོ། །བདག་ལ་བྱིན་རླབས་གོ་རིམས་ཀྱིས། །གང་ཕྱིར་འོད་གསལ་ཐོབ་འགྱུར་ཏེ། །དེ་ཕྱིར་རྡོ་རྗེ་སློབ་དཔོན་གྱིས། །སྔོན་དུ་བདག་ལ་བྱིན་རླབས་བསྟན། །ཞེས་འབྱུང་ངོ༌། །ཡང་གསོལ་བ། ནམ་མཁའ་ནི་འོད་གསལ་བ་སྟེ། དེ་ཡང་གང་དུ་གནས་ཞེས་དྲི་བའོ། །གང་ན་ཡང་མི་གནས་ཞེས་པ་ནི་ལན་ཏེ། ཐམས་ཅད་དུ་གནས་པའོ་ཞེས་སྟོན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱི་རྣམ་འགྲེལ་ལས་ཀྱང༌། ཇི་ལྟར་བུ་རམ་མངར་བ་དང༌། །མེ་ཡི་རང་བཞིན་ཚ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དེ་ནས་ཞེས་བྱ་བ་ལ་སོགས་པ་མི་བསྐྱོད་པ་ལ་སོགས་པ་དང༌། བྱམས་པ་ལ་སོགས་པ་དེ་རྣམས་ངོ་མཚར་དུ་གྱུར་པ་ནི་ཐེ་ཚོམ་ཆོད་པ་དང༌། རྨད་དུ་གྱུར་པ་ནི་ཆོས་ཀྱི་དོན་རྟོགས་པས་སོ། །དེ་ཉིད་ཀྱི་ཕྱིར་རང་གི་སེམས་ཀྱི་ཆོས་ཉིད་ལ་གནས་པ་ནི་འོད་གསལ་བའི་ཏིང་ངེ་འཛིན་བསྒོམ་པ་སྟེ། ཅང་མི་སྨྲ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་ཟད་པས་ཞི་བའི་སེམས་ཀྱི་རང་བཞིན་དུ་འགྱུར་པ་སྟེ། སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ །སེམས་ཐམས་ཅད་ནི་རྣམ་པར་ཤེས་པ་གསུམ་སྟེ། དེ་རྣམས་ཀྱི་དམ་ཚིག་ནི་འོད་གསལ་བ་སྟེ། དེ་ཉིད་ཀྱི་སྙིང་པོ་ནི་བླང་བར་བྱ་བ་སྟེ། དེ་ལས་རྡོ་རྗེ་ནི་སྒྱུ་མའི་སྐུ་འབྱུང་བ་ལེའུ་གང་ལ་ཡོད་པ་དེ་རྗོད་པར་བྱེད་པའི་གཞུང་གི་ཚོགས་ཀྱང་དེ་བཞིན་དུ་བཤད་པའོ། །རྒྱུད་འགྲེལ་ལས་ལེའུ་བཅོ་ལྔ་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ།།


DTG029_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེའུ་བཅོ་ལྔ་པོའི་ཚིགས་སུ་བཅད་པའི་གྲངས་ནི་བཞི་བརྒྱ་དྲུག་ཅུའོ།། །།


previousལེའུ་བཅོ་ལྔ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱ་བ་བཤད་པ།next