Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་དགུ་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་དྲུག་པ། ལེའུ་བཞི་པ་ལས་གསུངས་པའི་ཐུགས་ཀྱི་དཀྱིལ་འཁོར་རྫོགས་པར་བྱ་བའི་ཕྱིར་དང་སྐུ་དང་གསུང་གི་དཀྱིལ་འཁོར་གཉིས་གཙོ་བོར་བཤད་པ།
   
   


 
previousལེའུ་བཅུ་དྲུག་པ། ལེའུ་བཞི་པ་ལས་གསུངས་པའི་ཐུགས་ཀྱི་དཀྱིལ་འཁོར་རྫོགས་པར་བྱ་བའི་ཕྱིར་དང་སྐུ་དང་གསུང་གི་དཀྱིལ་འཁོར་གཉིས་གཙོ་བོར་བཤད་པ།next

ལེའུ་བཅུ་དྲུག་པ། ལེའུ་བཞི་པ་ལས་གསུངས་པའི་ཐུགས་ཀྱི་དཀྱིལ་འཁོར་རྫོགས་པར་བྱ་བའི་ཕྱིར་དང་སྐུ་དང་གསུང་གི་དཀྱིལ་འཁོར་གཉིས་གཙོ་བོར་བཤད་པ།


DTG029_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེའུ་བཞི་པ་ལས་གསུངས་པའི་ཐུགས་ཀྱི་དཀྱིལ་འཁོར་རྫོགས་པར་བྱ་བའི་ཕྱིར་དང༌། སྐུ་དང་གསུང་གི་དཀྱིལ་འཁོར་གཉིས་གཙོ་བོར་གྱུར་པ་ལེའུ་བཅུ་དྲུག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལའང་འདུས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཚིག་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་བཏབ་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རིན་ཆེན་གྱི་མཆོད་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པ་རྣམས་ཏེ། དེ་དག་གི་ཚོགས་ནི་རེ་རེའི་འཁོར་དུ་མ་རྣམས་ཀྱིས་མཆོད་པ་བྱས་ཏེ། ལས་ཀྱི་རྒྱལ་བ་མཆོག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱིས་གང་ཞིག་རྡོ་རྗེ་ཐམས་ཅད་ཀྱི་དཀྱིལ་འཁོར་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཏེ། དེ་དག་གི་སེང་གེ་ནི་དཀྱིལ་འཁོར་གྱི་བདག་པོ་རྣམས་ཏེ། དེ་དག་མཆོད་པར་བྱ་བའི་ཕྱིར་དམ་ཚིག་ནི་ཕྱི་དང་གསང་བ་ལ་སོགས་པའི་མཆོད་པ་རྣམས་ཏེ། དེ་དག་ཉིད་དག་པ་ཐོབ་པར་བྱེད་པའི་ཕྱིར་མཛེས་པས་ན་རྒྱལ་པོ་སྟེ། ཚོགས་ནི་སློབ་མ་འཇུག་པ་ལ་སོགས་པ་སྟེ། དེ་དག་གི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ། སྙོམས་པར་ཞུགས་ནས་རྡོ་རྗེའི་སྐུ་ནི་རྣམ་པར་སྣང་མཛད་དེ། དེའི་དཀྱིལ་འཁོར་སངས་རྒྱས་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོ་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་གསོལ་བ་གདབ་པ་དང༌། མཆོད་པའི་འོག་ཏུ། སྐུའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རབ་ཏུ་བཤད་པ་ནི་ཕུལ་དུ་བྱུང་བས་ཕྱེ་ཞིང་བཤད་པར་བྱའོ། །ཇི་ལྟ་བུ་ཞེ་ན། མཆོག་ནི་མེ་ལོང་ལྟ་བུའི་


DTG029_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡེ་ཤེས་ཐོབ་པར་བྱེད་པའོ། །དེ་བཞིན་དུ་ཐུགས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེའི་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པའི་ཡོན་ཏན་དང་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་འདྲ་བའོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་དཀྱིལ་འཁོར་དག་སྟེ་གང་དང་གང་དེ་རུ་བདག་པོ་གཉིས་སུ་གྱུར་པ་དེ་དག་དེའི་དཀྱིལ་འཁོར་ཡིན་ནོ་ཞེས་འོག་ནས་གསུངས་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ཞེ་ན། ཁྲུ་ནི་བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་ལ་ཕྱོགས་བཞི་ཡིན་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ནི་གཟུགས་ཀྱི་རང་བཞིན་ཡིན་ལ། གཟུགས་ཀྱང་སའི་རང་བཞིན་ཡིན་པ་སྟེ། ས་ཡང་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཡིན་པས་ཕྱོགས་རེ་རེ་ཁམས་བཞི་བཞི་ཡིན་པའི་ཕྱིར་རོ་ཞེས་རྣམ་པར་དག་པའོ། །གྲུ་བཞི་ཞེས་པ་ནི་ཕྱི་དང་ནང་དུའོ། །རབ་ཏུ་མཛེས་པ་ནི་དྲི་མ་མེད་པ་དང་གསལ་བའི་ཚོན་གྱི་རི་མོ་དང་ལྡན་པའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་ཏེ། དེ་དག་གི་དཀྱིལ་འཁོར་ནི་བཞིར་གྱུར་པའོ། །སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དེ། དེ་ཉིད་ཀྱི་དབུས་ཀྱི་གཙོ་བོ་ཉིད་དུ་རབ་ཏུ་གནས་པ་ནི་དབུས་སུ་བཞུགས་པར་མཛད་པའོ། །དེའི་ནང་དུ་ཞེས་བྱ་བ་ལ་སོགས་པ་ལ། འདས་མ་ཐག་ཏུ་བཤད་པའི་དཀྱིལ་འཁོར་དེའི་དབུས་སུ་འཁོར་ལོ་ནི་འཁོར་ལོའི་ཕྲེང་བ་བྲི་བ་ནི་དགོད་པར་བྱའོ། །གང་གིས་ཤེ་ན། ཆོ་གའི་རྡོ་རྗེ་ཞེས་པ་ལ། ཆོ་ག་ནི་དཀྱིལ་འཁོར་གྱི་ཆོ་ག་སྟེ། དེ་ཉིད་རྡོ་རྗེ་བཞིན་དུ་བརྟན་པ་གང་ལ་ཡོད་པ་དེ་ནི་སྒྲུབ་པའི་བློས་བྲི་བར་བྱའོ། །འདིར་ནི་ཆོ་གའི་སྒྲའི་དོན་ཡིན་ཏེ། རེ་ཞིག་དང་པོ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི། ཕྱི་ཡི་རྣམ་རྟོག་ངན་འདྲ་བ། །རྣམ་པར་དབེན་པའི་ཡིད་ལས་སྤངས། །རྡོ་རྗེ་པདྨའི་དབང་བསྐུར་གྱིས། །གནང་བ་ཐོབ་དང་བློ་ལྡན་པས། །ཟླ་བ་ཉི་མ་ཆུ་སྨན་དང༌། །དེ་བཞིན་དྲི་ཡང་སྔགས་བྱས་པ། །འབད་པས་བྲི་བའི་དཀྱིལ་འཁོར་ལ། །དམ་ཚིག་གསང་བ་བསྙེན་པར་བྱ། །ལན་ནི་གཉིས་གསུམ་སློབ་དཔོན་ལ། །གསོལ་བཏབ་གསང་བའི་བདུད་རྩི་སྣོད། །ཐར་པ་འདོད་དང་དད་པ་ཅན། །


DTG029_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སློབ་མ་དམ་པ་བལྟས་ནས་ནི། །དཔལ་ལྡན་གསང་བ་འདུས་ཚུལ་གྱིས། །འདི་རྣམས་བདག་གིས་བྱང་ཆུབ་ལ། །གཞག་པར་བྱ་ཞེས་རྗེས་གཟུང་བ། །དེ་ལྟར་རྣལ་འབྱོར་པ་ཡིས་བསམ། །དེ་ལ་རེ་ཞིག་དང་པོ་སློབ་དཔོན་ནི་ཐེག་པ་ཆེན་པོའི་ཚུལ་ལ་མཁས་པ་དང༌། འགྲོ་བ་མ་ལུས་པ་གདོན་པ་ལ་ཐུགས་རྗེ་དང་ལྡན་པ་དང༌། དད་པ་དང་ཐོས་པ་ལ་སོགས་པའི་སྟོབས་ཀྱིས་འབྱུང་བའི་འོད་གསལ་བ་རྟོགས་པས་མ་ལུས་པའི་ཡུལ་ཉེ་བར་སྤྱོད་པ་དྲི་མ་མེད་པར་མཛད་པ་དང༌། ཀུན་དུ་འགྲོ་བའི་ཆོས་ཀྱི་དབྱིངས་སོ་སོར་རྟོག་པའི་བསམ་པས་སྤྱོད་པ་རྣམ་པར་དག་པ་ལ་གནས་པ་དང༌། ཡེ་ཤེས་ཀྱི་ཚོགས་འཕེལ་པས་དྲི་མ་དང་བཅས་པའི་བག་ཆགས་དང་གཏི་མུག་གི་རབ་རིབ་ཡུན་རིང་དུ་གདོན་ནུས་པའོ། །དེ་ལྟ་བུའི་སློབ་དཔོན་ལ་གང་གི་ཚེ་སློབ་མས་དཀྱིལ་འཁོར་བྲི་བའི་ཕྱིར་ལན་གཉིས་ལན་གསུམ་དུ་གསོལ་བ་བཏབ་ན། དེའི་ཚེ་དེས་ཀྱང་དེ་ལ་དྲི་བ་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་ཁྱོད་ཀྱིས་རྫོགས་སམ་མ་རྫོགས། གལ་ཏེ་ཅུང་ཟད་རྫོགས་པ་དང་ཅུང་ཟད་མ་རྫོགས་སོ་ཞེས་ཟེར་ན་དེའི་ཚེ། ཡི་གེ་ཧཱུཾ་ལས་བྱུང་བའི་སྟེང་དུ་ཁྲོ་བོའི་གཟུགས་དང་འོག་ཏུ་རྩེ་གཅིག་པའི་རྣམ་པའི་ཁྲོ་བོས་དེའི་སེམས་ཀྱི་བགེགས་རྣམས་ཕུར་བུས་བཏབ་ལ། དེའི་འོད་ཟེར་གྱི་འཁོར་ལས་ཀྱང་གདུག་པ་དེ་རྣམས་བསྲེགས་ནས་སློབ་མའི་སེམས་བསྲུང་བར་བྱ་བའི་ཕྱིར་དབྱངས་ཐ་མ་ལས་བྱུང་བའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ལས་ཀྱི་རྡོ་རྗེ་ཡང་བསམ་པར་བྱའོ། །བདེན་པ་ཇི་བཞིན་དཀྱིལ་འཁོར་རྣམས། །བར་བརྟགས་གང་གིས་ནུས་པའོ། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །དཀྱིལ་འཁོར་བརྟགས་པས་བསྒྲུབ་པའོ། །དེ་བས་ན་རང་གི་ལྷའི་རྣལ་འབྱོར་གྱིས་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱི་མཐར་ཕྲ་མོ་རྡོ་རྗེ་བསྒོམ་པ་དང༌། རྡོ་རྗེ་ཐིག་ལེ་བསྒོམ་པས་སེམས་བརྟན་པར་བྱས་ལ་དཀྱིལ་འཁོར་པ་རྣམས་ཀྱི་སྔགས་རེ་རེ་འབུམ་བཟླས་ཏེ། རང་གི་སྙིང་གའི་རྡོ་རྗེའི་ལྟེ་བར་གནས་པའི་དཀྱིལ་འཁོར་བསྒོམ་པས་ངེས་པར་བྱས་ལ། དེ་བཞིན་གཤེགས་པའི་


DTG029_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཀའ་སྔོན་དུ་འགྲོ་བ་རིམ་པ་འདིས་དཀྱིལ་འཁོར་བྲི་བར་བྱ་སྟེ། རེ་ཞིག་དང་པོ་ཨོཾ་བྷུ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་ནམ་མཁར་གྱུར་པའི་ས་གཞི་ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་ཟླ་བ་རྡོ་རྗེའི་རང་བཞིན་དུ་བསམས་ལ། ཨོཾ་མེ་དེ་ནཱི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། སྔར་བཤད་པའི་བསམ་གཏན་གྱིས་ཕུར་བུས་འདེབས་ཤིང་ཡི་གེ་ཧྲིཿལས་བྱུང་བའི་ནམ་མཁའི་ཁམས་ཁྱབ་པར་བྱེད་པའི་ཆོས་འབྱུང་གི་ཕྱག་རྒྱའི་ནང་དུ་ཨཱ་ལི་དང་ཀཱ་ལི་ལས་སྐྱེས་པའི་སྔར་བཤད་པའི་གནས་པ་རྫོགས་པའི་ས་གཞི་བསྒོམས་ལ། དེ་ཉིད་ལག་པ་གཡས་པས་རེག་ཅིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ། །ས་གཞི་ཇི་ལྟ་བུ་ཞེ་ན་གྲུ་བཞི་དང་སྒོ་བཞི་དང་རྡོ་རྗེའི་ཀ་བས་རྣམ་པར་བརྒྱན་པ་དང༌། ཕྱོགས་བཞི་ལ་སྒོ་དང་རྟ་བབས་དང༌། རྒྱལ་མཚན་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པས་བརྒྱན་པ་དམིགས་ཏེ། ལྷ་ཐམས་ཅད་ཀྱི་གནས་རྣམས་ལ་གནས་པའི་ཟླ་བ་དང་ཉི་མའི་གདན་རྣམས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བསམས་ལ། དེའི་དབུས་ཀྱི་གཙོ་བོའི་ང་རྒྱལ་གྱིས་ཕྱི་རོལ་གྱི་བུད་མེད་རིགས་ཀྱི་དབྱེ་བས་ལྷ་མོ་སྤྱན་ལ་སོགས་པའི་རང་བཞིན་དེ་རིགས་ཀྱི་ས་བོན་ལྔས་བྱིན་གྱིས་བརླབས་ཤིང་དེའི་པདྨར་ཡང་ཡི་གེ་ཨ་ལ་སོགས་པ་དགོད་ཅིང་སྔ་མ་བཞིན་དུ་དམ་ཚིག་ནི་དཀྱིལ་འཁོར་གྱི་ལྷ་རྣམས་འབྱུང་བར་བྱའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རེ་རེ་ལྷ་མོ་བཞི་དང་ལྡན་པ་དང༌། ཁྲོ་བོ་རྣམས་ཀྱང་རང་རང་གི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་བཅས་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་དང་གཟུགས་རྡོ་རྗེ་མ་ལ་སོགས་པ་དང་བཅས་པ་སྤྲོ་བ་དང་བསྡུ་བ་དང་གནས་པ་དང༌། བརྟན་པར་བྱ་བ་དང༌། རྗེས་སུ་ཆགས་པས་ལས་ལ་གནས་པར་བྱས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་བརྗོད་ཅིང་བདག་ཉིད་དང་རང་བཞིན་གྱིས་དག་པའི་ལྷ་ཐམས་ཅད་ཀྱི་ངོ་བོ་རང་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་ང་རྒྱལ་བྱས་པའི་སྔོན་དུ་འགྲོ་བའི་སློབ་མ་རྣམས་ཀྱིས་རྡོ་རྗེ་དང་དྲིལ་བུ་ལག་ན་ཐོགས་ཤིང་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ།


DTG029_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་མཆོག་ཀུན་གྱི་བདག་མེད་པ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་གདབ་པར་བྱའོ། །དེའི་འོག་ཏུ་སློབ་དཔོན་གྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་ལ། ཧཱུཾ་བཛྲོ་ཏིཥྛ་ཞེས་བྱ་བ་ལ་དཀྱིལ་འཁོར་གྱི་འཁོར་ལོ་བཏེག་ཅིང་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་ཡི་གེ་ཊ་དང་མ་དག་ལས་བྱུང་བའི་མིག་གཉིས་ནི་ཟླ་བ་དང་ཉི་མར་བསམས་ཏེ། ཕྱོགས་ཐམས་ཅད་ལ་ཡང་དེ་ཉིད་ལས་རྡོ་རྗེ་ར་བ་ལ་སོགས་པ་བསམས་ཏེ། རྐང་པའི་འོག་ཏུ་སྣ་ཚོགས་རྡོ་རྗེ་བཀོད་ལ། ང་རྒྱལ་དང་བཅས་པའི་གར་གྱིས་དཀྱིལ་འཁོར་གྱིས་གཞི་ལ་ཡི་གེ་གསུམ་བརྗོད་ཅིང་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་བཅག་པར་བྱའོ། །རྡོར་སེམས་ཡང་དག་སྦྱོར་བ་ཡིས། །མཆུ་གཉིས་ཡང་དག་གཟུང་བྱས་ཏེ། །དཔལ་ལྡན་གཡོན་ཕྱོགས་ང་རྒྱལ་འཛིན། །ཕྱོགས་ཀྱི་འཁོར་ལོ་བཅས་པར་བྱ། །ས་འོག་ས་བླ་ས་སྟེང་རྣམས། །འོག་དང་སྟེང་ནི་བཅིངས་བྱས་ཏེ། །གདུག་པ་རྣམས་ཀྱིས་མི་ཐུབ་པས། །ཡི་གེ་ཧཱུཾ་ནི་བརྗོད་པར་བྱ། །དེ་ནས་རྡོ་རྗེ་རྒྱུའི་རང་བཞིན་གྱི་གསང་བའི་དཀྱིལ་འཁོར། ཨོཾ་བཛྲ་མཎྜལ་ཧཱུཾ་ཛཿཞེས་བྱ་བས་བཀུག་ཅིང་ཨོཾ་མ་ཧཱ་བཛྲ་ཙ་ཀྲ་ཨ་དྷི་ཏིཥྛ་སིདྡྷི་ཧཱུཾ་ཞེས་བྱ་བས་དབྱེར་མེད་པར་བྱས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་བྱ་བས་ཕུར་བུས་བཏབ་ལས་གཞི་དེ་བདུད་རྩི་ལྔའི་ཆུས་བྱུགས་ཤིང་ལྷ་ཐམས་ཅད་ཀྱི་གནས་རྣམས་ལ་ཙནྡན་དང་བདུད་རྩི་ལྔའི་ཆུས་ཐིག་ལེ་རྣམས་བྱས་ཤིང་མེ་ཏོག་གཏོར་ཏེ། ལྷའི་དཀྱིལ་འཁོར་དང་རང་གི་གནས་སུ་ཞུགས་པར་བྱས་ལ། གསང་བ་དང་དེ་ལས་གཞན་པའི་མཆོད་པས་མཆོད་ཅིང་གསེར་དང་དངུལ་དང་ཟངས་ལ་སོགས་པའི་ངོ་བོ་མཚན་ཉིད་དང་ལྡན་པ་རྣམ་པར་རྒྱལ་བའི་བུམ་པ་ཧ་ས་དེ་བ་དང༌། བ་ཧུ་པུ་ཀྲི་ཏ་དང་པྲྀ་ཧ་ཏི་དང༌། དཎྜོཏྤ་ལ་དང་ཨ་པ་རཱ་ཛི་ཏ་ཞེས་བྱ་བ་སྨན་ཆེན་པོ་དང་ལྡན་པ་དང༌། ཤེལ་དང༌། དངུལ་དང༌། མུ་ཏིག་དང༌། དུང་དང༌། བྱེ་རུ་སྟེ་རིན་པོ་ཆེ་དང་བཅས་པ་དང༌། ཏིལ་དང༌།


DTG029_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་དང༌། མ་ཤ་དང༌། གྲོ་དང༌། འབྲས་དང་ལྡན་པ་དང༌། ཅུང་ཟད་བདུད་རྩི་ལྔའི་ཆུ་དང་བཅས་པ་རིགས་ཀྱི་བདག་པོའི་སྔགས་ཀྱིས་བཟླས་ལ། འཁོར་ལོའི་རྩིབས་ཀྱི་དབུས་ན་བཞག་ནས་སྤོས་གཏུལ་ཞིང་མཆོད་པར་བྱའོ། །ལས་ཐམས་ཅད་པའི་བུམ་པ་ཡང་རང་གི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་ཤར་ཕྱོགས་ཀྱི་སྒོའི་ཕྱི་རོལ་དུ་བཞག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྤོས་གཏུལ་བས་ཞུ་བར་བྱའོ། །ཁྱེད་རྣམས་མཆོད་པར་བྱ་ཕྱིར་དང༌། །སློབ་མ་རྣམས་ཀྱང་རྗེས་གཟུང་ཕྱིར། །སྙིང་རྗེའི་བདག་ཉིད་བདག་དེ་ཡིས། །དཀྱིལ་འཁོར་བྲི་བར་འདོད་པའོ། །དེ་ཕྱིར་དང་ལྡན་བདག་ལ་ནི། །བཅོམ་ལྡན་བཀའ་དྲིན་མཛད་དུ་གསོལ། །འཇིག་རྟེན་མགོན་པོ་ཐུགས་རྗེ་ཅན། །ཁྱེད་རྣམས་བདག་ལ་དངོས་སུ་གསོལ། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང༌། སྔགས་ཀྱི་ལྷ་མོ་གཞན་གང་རྣམས། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །མཐུ་ཆེན་གང་ཞིག་འབྱུང་པོ་རྣམས། །གང་ཞིག་ལྷ་ཡི་སྤྱན་ལྡན་པ། །བསྟན་པ་ལ་དགའ་དེ་རྣམས་ཀུན། །བདག་མིང་འདི་ཞེས་བགྱི་པ་ཡིས། །དཀྱིལ་འཁོར་ཆེན་པོ་འདི་ཞེས་པ། །ཅི་ནུས་པ་ཡི་ཉེར་སྤྱོད་པས། །ནང་པར་བྲི་བར་བྱ་བའོ། །དེ་ཕྱིར་སློབ་མ་ནང་བཅས་པ། །བདག་ནི་སྙིང་རྗེས་བཟུང་ནས་ནི། །ཐམས་ཅད་བཅས་པ་དཀྱིལ་འཁོར་ལ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཞེས་བྱ་བ་ལན་གསུམ་བརྗོད་པར་བྱའོ། །དེའི་འོག་ཏུ་སློབ་མ་རྣམས་བཀུག་ཅིང་མོའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་རའི་མེས་དེ་རྣམས་རེ་རེ་ཐལ་བར་བྱས་ལ། ཡི་གེ་གསུམ་གྱི་རང་བཞིན་རང་གི་ཁ་ནས་ཞུགས་ཏེ། བདེ་བ་ཆེན་པོའི་ངོ་བོ་དེ་ཉིད་རྡོ་རྗེ་ནས་སྤྲོ་བར་བྱས་ལ། དེ་ཉིད་སྐུ་ལ་སོགས་པས་བྱིན་གྱིས་བརླབས་ལ། ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེས་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་གྱི་རྩ་བའི་སྒོའི་ངོས་སུ་བཞག་ནས་འདི་ཡིས་ལྷག་པར་གནས་པར་བྱའོ། །སྡིག་པ་བདག་གིས་གང་བྱས་པ། །བྱེད་དུ་བཅུག་དང་རྗེས་ཡི་རང༌། །སླར་ཡང་དེ་ཉིད་མི་བྱའི་ཕྱིར། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་མགོན་པོའི་བསོད་ནམས་དང༌།།


DTG029_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་རྒྱལ་སློབ་མ་ལས་བྱུང་དང༌། །འགྲོ་བའི་བསམ་པ་ལས་སྐྱེས་གང༌། །ཐམས་ཅད་བདག་ནི་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །བླ་མེད་ཆོས་ནི་རིན་པོ་ཆེ། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །རིན་ཆེན་མཆོག་གསུམ་བླ་མེད་པ། །སྡོམ་པ་སངས་རྒྱས་སྦྱོར་སྐྱེད་པ། །དེ་རིང་བདག་གིས་མཆོག་ཏུ་གཟུང༌། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བདག་གིས་ཡང་དག་གཟུང་བར་བགྱི། །སློབ་དཔོན་ཡང་ནི་གཟུང་བྱ་སྟེ། །རྡོ་རྗེ་རིན་ཆེན་བསྡུས་པའོ། །ཉིན་དང་མཚན་དུ་ལན་གསུམ་དུ། །སྦྱིན་པ་བཞི་དག་རབ་ཏུ་སྦྱིན། །རིན་ཆེན་ཆེན་པོའི་རིགས་མཆོག་ལ། །དེ་ནི་དམ་ཚིག་ཡིད་དུ་འོང༌། །ཕྱི་ནང་གསང་བ་ཐེག་གསུམ་གྱི། །དམ་པའི་ཆོས་ནི་བླང་བར་བགྱི། །བྱང་ཆུབ་ཆེན་པོའི་ལས་བྱུང་བའི། །པདྨ་ཆེན་པོའི་རིགས་དག་པའོ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །ཡང་དག་ཏུ་ནི་བླང་བར་བགྱི། །མཆོད་པའི་ལས་ནི་ཅི་ནུས་པས། །ལས་ཀྱི་རིགས་ཆེན་བསྡུ་བའོ། །ཚུལ་ཁྲིམས་གསུམ་པོའི་རྣམ་དག་དང༌། །ཏིང་འཛིན་དེ་བཞིན་སྡོམ་པ་རྣམས། །བྱང་ཆུབ་སེམས་དཔའ་སློབ་དཔོན་ལ། །བདག་གིས་སྐྱབས་སུ་འགྲོ་བའོ། །སངས་རྒྱས་དེ་ཡི་སྲས་རྣམས་ཀྱིས། །ཤེས་རབ་ཆེན་པོས་ཇི་བཞིན་བསྐྱེད། །བྱང་ཆུབ་སེམས་ནི་ཆེ་མཆོག་གོ །དེ་བཞིན་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་དང་ནི་དེ་སྲས་རྣམས། །མགོན་པོ་བདག་ལ་དགོངས་སུ་གསོལ། །དེང་ནས་བརྩམས་ཏེ་ཇི་སྲིད་དུ། །བླ་མེད་བྱང་ཆུབ་ཐོབ་ཀྱི་བར། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྡོམ་པ་ཆོས་དག་བསྡུ་བ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང༌། །བདག་གིས་བརྟན་པོར་བླང་བར་བྱ། །དགེ་བ་འདི་ཡིས་བདག་གིས་ནི། །སངས་རྒྱས་ཉིད་དུ་ཐོབ་པ་སྟེ། །གཏིང་མེད་སྲིད་པའི་རྒྱ་མཚོ་ལས། །འགྲོ་བ་ཐམས་ཅད་བདག་གིས་བསྒྲལ། །ཞེས་བྱ་བ་ལན་གསུམ་དུ་བཅུག་ལ། དེ་ཉིད་ཀྱི་སྙིང་ག་དང་སྤྱི་བོ་དང་ལྐོག་མ་རྣམས་ལ་རྡོ་རྗེ་དང་འཁོར་ལོ་དང་པདྨ་བསམས་ལ། ཡི་གེ་གསུམ་བརྗོད་ལ་རེག་ཅིང་དེའི་ལག་པ་ལ་དྲི་དང་མེ་ཏོག་སྦྱིན་ཏེ། ཡི་གེ་གསུམ་གྱིས་བྱིན་གྱིས་


DTG029_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརླབས་ལ་སོགས་ཀྱིས་གཏུལ་བར་བྱ་བ་དང༌། མར་མེས་ཀྱང་སྣང་བར་བྱས་ཤིང་དེ་ཉིད་ལྷ་བཤོས་བྱིན་ཏེ། བདུད་རྩི་འཁྱིལ་པས་བཟླས་པའི་སོ་ཤིང་དང༌། འཐིང་ཐུང་བྱིན་ལ་ཀུ་ཤ་ཡང་སྦྱིན་ཏེ། དབུག་པ་གཡས་པ་ལ་མདུད་པ་གསུམ་བྱས་པའི་སྲུང་སྐུད་བཅིངས་ཤིང་ཨོཾ་གི་ཤུདྡྷ་དྷརྨྨཿསརྦ་པཱ་པཾ་ནི་ཙ་ཨ་སྱ་ཤོ་དྷ་ཡ། སརྦ་བི་ཀ་ཝཱ་ན་ཨ་པ་ན་ཡ་ཧཱུཾ་ཞེས་བྱས་པས་དྲི་ཆུ་འཐུང་དུ་བཅུག་ལ། ཅི་ནུས་པས་ཟབ་པ་དང་རྒྱ་ཆེ་པའི་ཆོས་བསྟན་ཅིང༌། ཀྱེ་བཞིན་བཟངས་རྣམས་སོང་ཤིག །ནང་པར་དཀྱིལ་འཁོར་ཆེན་པོ་རྡོ་རྗེ་སེམས་དཔའི་དྲིན་གྱིས་མཐོང་བར་གྱིས་ཤིག་ཅེས་སློབ་མ་རྣམས་ལ་སྨྲས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་མཆོད་ལ་ནམ་མཁའི་དབྱིངས་ལ་བཏེག་ཅིང་མཉམ་པར་བཞག་པས་དཀྱིལ་འཁོར་གྱི་གཞི་ལ་ཉལ་བར་བྱའོ། །དེ་ནས་ཞག་གཉིས་པ་ལ་ལྷའི་རྣལ་འབྱོར་གྱིས་བརླབས་ལ། བྱ་བའི་ས་བོན་རྣམས་ལས་བསྐྱེད་པའི་ཐིག་སྐུད་ནི་དཀར་པོ་དང༌། སེར་པོ་དང༌། མརྐ་ཏ་འདྲ་བ་དང༌། དམར་པོ་དང༌། ཨིནྡྲ་ནཱི་ལ་དང་འདྲ་བ་སྟེ། དཀྱིལ་འཁོར་ལས་ཉིས་འགྱུར་དུ་བྱས་ལ། ས་བོན་དེ་རྣམས་ཀྱིས་བྱིན་གྱིས་བརླབས་ལ། དམ་ཚིག་ལས་བྱུང་བའི་དེ་བཞིན་གཤེགས་པ་ལྔ་དེ་རྣམས་ལ་ཐིམ་ཞིང་ཡི་གེ་གསུམ་བརྗོད་ཅིང་བསྒྲིལ་བ་དག་སྦྱངས་ཏེ་བྱིན་གྱིས་བརླབ་པར་བྱའོ། །དེའི་འོག་ཏུ་ཡི་གེ་ཛ་ལས་བྱུང་བའི་ཟླ་བ་དག་ཉི་མ་མིག་གཉིས་སུ་བཀོད་ཅིང༌། ཧཱུཾ་པྲ་ཡཙྪ་པཻ་རོ་ཙ་ན་ཙཀྲ་སཱུ་ཏྲཱ་ཎཱ་ཡ་ཞེས་བྱ་བས་རང་གི་མདོག་དང་འདྲ་བའི་རྣམ་པར་སྣང་མཛད་ཀྱི་སྙིང་གར་ཟླ་བའི་འོད་ཟེར་ལྟ་བུའི་ལྕགས་ཀྱུ་རྣམས་ཀྱི་འོད་ཟེར་གྱི་ཐིང་སྐུད་བཀུག་ལ་ཐིང་སྐུད་དཀར་པོ་ལ་ཐིམ་པར་བྱའོ། །དེ་བཞིན་དུ་སྣང་བ་མཐའ་ཡས་ལ་སོགས་པའི་སྙིང་གའི་ཟླ་བ་རྣམས་ལས་རང་རང་གི་མདོག་དང་འདྲ་བའི་ཐིག་སྐུད་རྣམས་ཇི་བཞིན་དུ་ཐིག་སྐུད་བཞི་ལ་ཐིམ་ཞིང་སྐུ་གསུམ་གྱི་སྒོམ་པས་རང་གི་སྐུ་རྡོ་རྗེར་བསྒོམ་ཞིང༌། ཐིག་སྐུད་འཛིན་པ་གལ་ཏེ་ཤེས་རབ་མ་ཡིན་ན་དེའི་ཚེ་ལྷ་མོ་སྤྱན་དུ་བསྒོམ་པར་བྱའོ། །གལ་ཏེ་སློབ་མ་ཡིན་ན་དེའི་བདུད་རྩི་འཁྱིལ་པའམ། རྡོ་རྗེ་སེམས་དཔར་བསྒོམ་པར་བྱའོ།།


DTG029_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་བཞིན་དུ་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ལ་རང་གི་བདག་ཉིད་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེར་བསམས་ལ། ཐིག་སྐུད་འཛིན་པ་གལ་ཏེ་ཤེས་རབ་མ་ཡིན་ན་དེའི་ཚེ་གོས་དཀར་མོ་དང་མཱ་མ་ཀཱི་བསམ་པར་བྱའོ། །གལ་ཏེ་སློབ་མ་ཡིན་ན་དེའི་ཚེ་རྣམ་པར་སྣང་མཛད་དམ་བདུད་རྩི་འཁྱིལ་པའམ་རྡོ་རྗེ་སེམས་དཔར་བསམས་ལ། ཨོཾ་ཛྫ་ཛྫ་ཛྫ་ཞེས་བྱ་བས་བསྐུལ་བར་བྱའོ། །ཉེ་བའི་སྒྲུབ་པས་ཀྱང་ཨོཾ་ཛྫ་ཛྫ་ཛྫ་ཞེས་བྱ་བས་གཟུང་ཞིང་གཡོན་པའི་ཁུ་ཚུར་གྱིས་གཟུང་བས་ལྟེ་བའི་ཕྱོགས་སུ་ཐིག་སྐུད་འཛིན་པར་བྱའོ། །དེའི་འོག་ཏུ་མཐོ་རིས་དང་གནོད་སྦྱིན་གྱི་བདག་པོའི་ཕྱོགས་ཁ་བལྟས་པས་རྡོ་རྗེ་ཅན་གྱིས་ནམ་མཁའ་ལ་ཐིག་སྐུད་གདབ་པར་བྱའོ། །དེའི་འོག་ཏུ་དེ་བཞིན་དུ་རང་རང་གི་ཕྱོགས་ལ་དམིགས་ཏེ། ཚངས་པའི་ཐིག་སྐུད་གཉིས་ས་ལ་བཏབ་ཅིང་གནོད་སྦྱིན་དང༌། ཡི་དགས་དང༌། དབང་པོ་དང། ཀླུའི་ཕྱོགས་ལ་ཁ་བལྟས་ནས་ཕྱི་རོལ་དུ་ཐིག་གདབ་པར་བྱའོ། །དེའི་འོག་ཏུ་མེ་དང་བདེན་བྲལ་གྱི་མཚམས་སུ་ཁ་བལྟས་པས་ཐིག་གདབ་པར་བྱས་ཏེ། ཤར་ནུབ་བྱང་དང་ལྷོ་ཕྱོགས་སུ། །ཐིག་སྐུད་བཞི་དང་དུམ་བུ་བརྒྱད། །ཅེས་བྱ་བའི་རིམ་པས་ཐིག་གདབ་པར་བྱའོ། །ཐིག་སྐུད་ཀྱི་སྒྲས་ཀྱང༌། ཁྱེད་ལ་སེམས་ཅན་དོན་དུས་ཡིན། །ཞེས་བྱ་བས་དེ་བཞིན་གཤེགས་པ་རྣམས་བསྐུལ་བར་བྱའོ། །དེ་ལ་བླ་མ་དང་སློབ་མ་དག་གཡས་ཕྱོགས་ནས་བསྐོར་བས་འགྲོ་བ་ཤེས་པར་བྱའོ། །གྲུ་བཞི་པ་དང་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པ་སྟེ། །དར་དབྱངས་མེ་ཏོག་ཕྲེང་བས་བརྒྱན། །གྲ་ཡི་ཆ་ནི་ཐམས་ཅད་དང༌། །སྒྲོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། །ཀུན་དུ་ཡང་ནི་ཟླུམ་པོའོ། །རྡོ་རྗེ་ཀ་བ་མཆོག་གིས་སྤྲས། །རྡོ་རྗེ་ཕྲེང་བས་རྣམ་པར་བརྒྱན། །ཧི་ཡིག་ཁྲོ་བོའི་ལྟ་བ་ཡིས། །དེ་ནས་སྒོ་ནི་དབྱེ་བར་བྱ། །སྒོ་ནི་འཁོར་ལོའི་བརྒྱད་ཀྱི་ཆ། །དེ་ཡི་ཕྱེད་ནི་ཁ་ཁྱེར་རོ། །སྒོ་ཁྱུད་སྒོ་ཡི་ཚད་ལྡན་པ། །རྟ་བབས་སུ་མ་འགྱུར་འདོད་པའོ། །འགྲམ་དང་ལོགས་ནི་སྒོ་ཕྱེད་དེ། །རྡུལ་ཚོ་ནས་ནི་དེ་ཡི་ཕྱེད། །འཁོར་ལོ་ཁྲུ་ནི་བཅུ་དྲུག་པའི། །


DTG029_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷ་ཡི་སྣམ་བུ་ཁྲུ་གཉིས་པའོ། །འཕེལ་དང་མི་འཕེལ་དབྱེ་བ་ཡིས། །ལྷག་མ་རྣམས་ནི་རྟག་པར་འདོད། །དེ་ལྟར་ཐིག་བཏབ་ནས་ཡི་གེ་ཛའི་འབར་བའི་ལྟ་བས་ཁ་དོག་དཀར་པོ་ལ་སོགས་པའི་རྡུལ་ཚོན་རྣམས་བྱིན་གྱིས་བརླབས་ལ། དེ་རྣམས་ལ་རེ་རེ་ར་ལྷ་མོ་བཞིས་བསྐོར་བའི་དེ་བཞིན་གཤེགས་པ་ཐིམ་ཞིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་རང་གི་ལྷའི་རྣལ་འབྱོར་གྱིས་བླ་ན་མེད་པའི་ཤེས་རབ་ཀྱི་དྲིལ་བུའི་སྒྲས་མཚན་མ་ངན་པ་ལ་སོགས་པ་སེལ་ཞིང་ཆོས་ཀྱི་དབྱིངས་ཀྱི་རྣམ་དག་ལ་དམིགས་ཏེ། དང་པོ་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་མཉམ་པ་དང་མཚུངས་པ་དང་མ་ཆད་པས་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། ནག་པོའི་རིམ་པས་རྡུལ་ཚོན་རྣམས་དགྱེ་བར་བྱའོ། །རེ་རེའི་རྡུལ་ཚོན་གྱི་རི་མོ་ནི་སྒོའི་ཆ་ཉི་ཤུའི་རགས་པ་བྱ་སྟེ། པཉྩ་ར་རེ་ཁཱའོ། །འདྲི་བའི་དཀྱིལ་འཁོར་དེ་ལ་ཤར་ཕྱོགས་ཀྱི་ས་ནི་ནག་པོ་དང༌། གཤིན་རྗེའི་ས་ནི་སེར་པོ་དང༌། ཆུ་ལྷའི་ས་ནི་དམར་པོ་དང༌། །རྣམ་ཐོས་སྲས་ཀྱི་ས་ནི་ལྗང་གུ་དང༌། དབུས་ཀྱི་ས་ནི་དཀར་པོའོ། །དཀྱིལ་འཁོར་བྲི་བའི་དུས་སུ་གལ་ཏེ་བགེགས་བྱུང་ན་དེའི་ཚེ་སྔར་བཤད་པའི་བདུད་རྩི་འཁྱིལ་པའི་སྔགས་ཧཱུཾ་དང་ཕཊ་ཀྱི་མཐའ་ཅན་གྱིས་དེའི་རྣལ་འབྱོར་དང་ལྡན་ཞིང་དེ་རྣམས་སྐྲག་པར་བྱའོ། །ཡང་ན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ནས་ལྷ་བཞུགས་པའི་གནས་རྣམས་སུ་པདྨ་དང་ཉི་ཟླའི་གདན་རྣམས་ཇི་བཞིན་དུ་བཀོད་ལ་འཁོར་ལོ་ལ་སོགས་པའི་ཕྱག་མཚན་རྣམས་དགོད་པར་བྱའོ། །ཡང་ན་སྔར་བཤད་པའི་ལྷ་རྣམས་ཞལ་དང་ཕྱག་དང་མཚོན་ཆ་དང་སྐུ་མདོག་གིས་མཚན་པ་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པ་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །དཀྱིལ་འཁོར་གྱི་འཁོར་ལོར་ཞུགས་པ་དང་བྱུང་བ་ལ་སོགས་པའི་དུས་ཐམས་ཅད་དུ་ཡི་གེ་གསུམ་བརྗོད་པར་བྱའོ། །གལ་ཏེ་ལྷའི་གཟུགས་བྲི་བ་ཡིན་ན་དེའི་ཚེ་དབུས་སུ་རྣམ་པར་སྣང་མཛད་དང༌། ཤར་དུ་མི་བསྐྱོད་པ་དང༌། ལྷོ་རུ་རིན་


DTG029_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་འབྱུང་ལྡན་དང༌། ནུབ་ཏུ་སྣང་བ་མཐའ་ཡས་དང༌། བྱང་དུ་དོན་ཡོད་གྲུབ་པའོ། །དབང་ལྡན་གྱི་མཚམས་ལ་སོགས་པའི་གྲྭ་བཞི་པོ་ལ་ལྷ་མོ་སྤྱན་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་སོ། །དེ་ནས་ཕྱིའི་དཀྱིལ་འཁོར་ལ་སྟེ་ཤར་ལ་སོགས་པའི་སྒོ་རྣམས་སུ་གཤིན་རྗེ་གཤེད་ལ་སོགས་པ་དང༌། གྲྭ་རྣམས་ལ་མི་གཡོ་བ་ལ་སོགས་པའོ། །དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་གཟུགས་རྡོ་རྗེ་མ་ལ་སོགས་པ་བཞིའོ། །ཤར་ཕྱོགས་ཀྱི་སྣམ་བུ་ནས་ལྷོ་བྱང་གི་བར་དུ་བྱམས་པ་དང་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཉི་ས་དགོད་པར་བྱའོ། །ཤར་དང་ནུབ་ཀྱི་སྒོ་དག་ལ་གཤིན་རྗེ་མཐར་བྱེད་དང་པདྨ་མཐར་བྱེད་ཀྱི་ཅུང་ཟད་རྒྱབ་ཏུ་གནོད་མཛེས་རྒྱལ་པོ་དང་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དག་དགོད་པར་བྱའོ། །རེག་བྱ་རྡོ་རྗེ་མ་ནི་དབུས་ཀྱི་གཙོ་བོ་དང་སྙོམས་པར་ཞུགས་པར་དགོད་པར་བྱའོ། །དེ་རྣམས་ཀྱང་སྔར་བཤད་པའི་དཀྱིལ་འཁོར་ཕྱུང་པའི་སྙིང་པོ་རྣམས་ཀྱིས་བཀོད་ལ། ནམ་མཁའ་ལ་ཞུགས་པ་རྣམས་དང་དབྱེར་མེད་པར་བྱས་ཏེ། དཀྱིལ་འཁོར་གྱི་བདག་པོ་བཟླས་པའི་རྣམ་པར་རྒྱལ་བའི་བུམ་པ་དེའི་མདུན་དུ་བཞག་ཅིང༌། ལྷག་མ་ལྷའི་བུམ་པ་གཞན་རྣམས་ཀྱང་རང་རང་གི་སྔགས་རྣམས་ཀྱིས་བྱིན་གྱིས་བརླབས་ལ་དཀྱིལ་འཁོར་གྱི་མཚམས་ལ་སོགས་པར་བཞག་ཅིང་ཁྲོ་བོ་གནོད་མཛེས་ཀྱི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་པས། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱ་ན་བིདྱཱ་རཱ་ཛ་ཧཱུཾ་ཕཊ་ཅེས་བྱ་བ་བརྗོད་ཅིང༌། མེ་ཏོག་གི་ཕྲེང་བ་བླངས་ཏེ་དཀྱིལ་འཁོར་དུ་ཞུགས་ཤིང་བསྐོར་བ་གསུམ་བྱས་ལ། བཅོམ་ལྡན་འདས་ལ་ཕུལ་ཏེ་དབུས་སུ་གནས་པར་བདག་ཉིད་བསྒོམས་ལ། མཉམ་པར་གཞག་པའི་རྡོ་རྗེ་སློབ་དཔོན་གྱིས་ཡིད་ཀྱིས་སྒོ་དབྱེ་བར་བྱའོ། །དེའི་དབུས་སུ་ཡི་གེ་གསུམ་བརྗོད་པར་བྱའོ། །དེའི་འོག་ཏུ་བཅུ་དྲུག་ལོ་ལོན་པ་དང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཁྲུས་མཁན་གྱི་བུ་མོ་དམ་ཚིག་གི་རིགས་ཀྱི་བདག་པོའི་ང་རྒྱལ་དང་ལྡན་པས་བྱིན་གྱིས་བརླབས་


DTG029_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། དགའ་བའི་མཐར་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱི་ནང་དུ་གནས་པའི་དམ་ཚིག་གི་འཁོར་ལོ་ཕྲ་མོ་བློས་དམིགས་ཏེ། སྔར་བཤད་པའི་དཀྱིལ་འཁོར་ཕྱུང་པའི་སྙིང་པོ་རྣམས་བརྗོད་ཅིང་སྤྲོ་བ་དང༌། བསྡུ་བ་དང༌། གནས་པ་དང༌། བརྟན་པར་བྱ་བ་དང༌། རྗེས་སུ་ཆགས་པས་ཐབས་དང་ཤེས་རབ་ཀྱི་བསྒོམ་པའི་ལྷའི་འཁོར་ལོ་བསམས་ཏེ། ཡི་གེ་ཧཱུཾ་བཞི་པའི་སྔགས་ཛཿའི་མཐའ་ཅན་གྱིས་ཞགས་པ་དང་ལྕགས་ཀྱུ་བསྣམས་པའི་གནོད་མཛེས་ཀྱི་རྒྱལ་པོ་བསྐུལ་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་ཅིང་ཇི་བཞིན་དུ་རང་རང་གི་གཟུགས་བརྙན་རྣམས་ལ་ཕཊ་ཀྱི་མཐའ་ཅན་དེའི་སྔགས་ཀྱིས་བཅིང་བར་བྱའོ། །དེའི་འོག་ཏུ་སྙོམས་པར་ཞུགས་པ་ལས་བྱུང་བའི་འདོད་པའི་ཡོན་ཏན་ལྔ་ཉེ་བར་སྤྱད་པ་མཐའ་ཡས་པ་བཟའ་བར་བྱ་བ་དང༌། བལྡག་པར་བྱ་བ་དང༌། གཞིབས་པར་བྱ་བ་དང༌། མྱོས་པ་དང༌། མ་མྱོས་པའི་ཆང་དང་ལྡན་པའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་མཆོད་པས་མཆོད་ལ། ཧ་སྱ་དང༌། ལཱ་མྱ་མ་དང༌། དགའ་བ་དང་རྗེས་སུ་མཐུན་པའི་རོལ་མོ་ལ་སོགས་པ་སྣ་ཚོགས་པའི་ཕྱི་ནང་གི་མཆོད་པའི་ཚོགས་དབུལ་བར་བྱའོ། །འདི་ནི་མཆོད་པ་དམ་པ་སྟེ། །གང་ཞིག་ཡིད་ནི་དགའ་བར་བྱེད། །དེ་ཕྱིར་ཀུན་བདག་རྣལ་འབྱོར་པས། །རང་རང་གཞན་རྣམས་མཆོད་པར་བྱ། །དེའི་འོག་ཏུ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་པོའི་བསྟོད་པ་གཞན་གྱིས་བསྟོད་ཅིང་བཟླས་པའམ། བསྒོམ་པ་བྱས་ལ། ཟླ་བ་དང་ཉི་མ་དང་ཆུ་དང༌། སྨན་དང་དྲི་རྣམས་དུང་ཆེན་པོའི་ནང་དུ་མན་ངག་ཇི་ལྟ་བ་བཞིན་དུ་བསྒྲུབས་ཏེ། འཁོར་ལོའི་ནང་དུ་ཞུགས་ལ་དེ་ཉིད་མངོན་པར་འདུས་བྱས་ཏེ། དབང་ལྡན་གྱི་ཕྱོགས་ནས་ལྷ་དང་ལྷ་མིན་ལ་སོགས་པ་ལ་གཏོར་མ་སྦྱིན་ཞིང་ཆོ་ག་འདིས་སྦྱིན་སྲེག་བྱའོ། །སོར་བཞི་པའི་ཁ་ཁྱེར་དང་ལྡན་ཞིང་ཁྲུ་ནི་གཅིག་པ་སྟེ། འོག་ཏུ་ཁྲུ་ཕྱེད་ཆད་ལྡན་པ། །མེ་ཐབ་ཡོངས་སུ་ཟླུམ་པོ་ཡིན། །ནང་གི་ཆ་ནི་རྒྱ་ཆེ་བ། །སོར་རེ་དབངས་སུ་འཕེལ་བར་བྱ། །རིན་ཆེན་རྡོ་རྗེ་མཚོ་སྐྱེས་དང༌། །རལ་གྲི་ཡིས་ན་ཀུན་དུ་བསྐོར། །


DTG029_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབུས་སུ་འཁོར་ལོའི་ཕྱག་རྒྱ་སྟེ། །རྡོ་རྗེ་ལ་སོགས་ཕྱོགས་རྣམས་ལའོ། །ལས་ཀུན་བྱེད་པས་བཟླས་པ་ནི། །མཁས་པས་བྱས་ཏེ་ཡོ་བྱད་རྣམས། །གཡོན་དུ་བཞག་སྟེ་སྲེག་རྫས་རྣམས། །ཡང་དག་བཟླས་ཏེ་གཡས་སུ་བཞག །མངར་བ་ཤིང་དྲུང་བདུད་ཤིང་སོགས། །ཡི་གེ་གསུམ་གྱིས་གསལ་བའི་མེ། །རླུང་གཡབ་ཀྱིས་ནི་སྦར་བྱས་ནས། །གཡས་སྐོར་བས་ནི་ཀུ་ཤ་དགྲ་མ། །དེ་ནས་སྙིང་བྱུང་གྲུ་གསུམ་ནི། །པདྨ་ལ་གནས་རཾ་ལས་བྱུང༌། །ཞལ་བཞི་པ་ནི་སྐུ་མདོག་སེར། །རལ་པའི་ཅོད་པན་མཆོད་སྦྱིན་དག །གུནྡྷེ་མི་འཇིགས་དབྱིག་པ་དང༌། །ཕྲེང་འཛིན་ཞལ་དཀར་མེ་ལྷ་བསྒོམ། །ཡེ་ཤེས་མེ་ལྷ་དགུག་པར་བྱ། །བསང་གཏོར་ལ་སོགས་བྱས་ནས་ནི། །དེ་ནས་མདའ་རྣམས་གཟུགས་པར་བྱ། །རང་ལྷའི་ས་བོན་བསམས་ནས་ནི། །ཤིན་ཏུ་འབར་བའི་དགང་བླུགས་རྣམས། །དེ་ཁར་རེ་ཕ་བཀོད་ནས་ནི། །དེ་ནས་ཡམ་ཤིང་བསྲེག་པར་བྱ། །སྔགས་ཀྱིས་མངོན་པར་བཟླས་པའི་མཐར། །འབར་བའི་མེ་ལ་བསྲེག་པར་བྱ། །དེ་ནས་ཏིལ་དང་འབྲུ་ལ་སོགས། །ཆོ་ག་འདིར་ནི་མདོར་བསྡུས་པའོ། །དེ་བཞིན་ཡེ་ཤེས་མེ་ལྷ་ཡི། །སྙིང་གའི་ཟླ་བར་རང་བདག་ཡིན། །བསམས་ཏེ་དེ་སྐྱེད་དེ་འདྲ་བ། །སྙོམས་པར་ཞུགས་པས་རྣམ་པར་གནས། །ཟླ་བ་ཉི་མ་ལ་སོགས་དང༌། །རྫས་གཞན་གྱིས་ནི་མེ་ལྷ་མཆོད། །རིམ་བཞིན་འབར་བའི་ལྕེ་ལྡན་པ། །མཐར་ནི་དགང་བླུགས་བསྲེག་པར་བྱ། །ཞི་བའི་དོན་དུ་རྫས་རྣམས་ནི། །རང་ལྷ་སྦྱོར་བས་བསྲེག་པར་བྱས། །ཡིག་གསུམ་བདུད་རྩི་སྔགས་ཀྱིས་ནི། །སྔགས་པས་བསམས་ཏེ་བསྲེག་པར་བྱ། །རྫས་ནི་ཡམ་ཤིང་མར་དང་ནི། །ཏིལ་དང་འབྲས་དང་ནས་རྣམས་ནི། །གྲོ་དང་མ་ཤ་འབྲས་སོ་བ། །སྤོས་དང་སྟར་ག་བིལ་བ་དང༌། །གླ་གོར་ཞོ་ཤ་ཞོ་དང་ནི། །འོ་མ་དཱུར་བ་ཀུ་ཤ་དང༌། །འབྲས་བུ་གསུམ་དང་སླེས་ཏྲེས་དང༌། །ཁ་ར་རྒྱལ་མོ་ཁར་ལོ་མ། །གསེར་དང་ནི་ཙནྡན་དང༌། །པྲི་ཡང་ཀུ་དང་གུར་གུམ་དང༌། །སྤོས་གཉིས་དང་ནི་སྨན་རྣམས་དང༌། །ཛཱ་ཏི་ཕ་ལ་ནོར་བུ་དང༌། །དར་དང་སོ་རྩི་


DTG029_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེ་ཏོག་ཕྲེང༌། །དེ་བཞིན་མཆོད་པ་རྣམས་ལ་ལྔ། །རྣལ་འབྱོར་རྒྱུད་ལ་དེ་ཙམ་ནི། །གོ་རིམས་ཀྱིས་ནི་རྫས་རྣམས་སོ། །རྫས་རྣམས་ཏེ་ཡི་རྣམ་དག་པ། །དཀྱིལ་འཁོར་རིམ་པས་བཤད་པར་བྱ། །ཇི་ལྟར་བླ་མས་སློབ་མ་ལ། །རྗེས་སུ་གཟུང་བས་ཡང་དག་བྱ། །ཡམ་ཤིང་ནས་ནི་གྲོ་ཡི་བར། །སྲེག་པར་བྱེད་པ་དེ་མ་ཐག །མི་ག་ལ་སོགས་པ་དབང་པོ་དྲུག །ཐ་མལ་བ་དེ་སྦྱོར་བར་གྱུར། །གང་ཟད་པས་ནི་ས་སྙིང་སོགས། །བྱང་ཆུབ་སེམས་དཔའི་ཚོགས་རང་ཉིད། །སྔགས་ཀྱི་སྐུ་ཡི་སྦྱོར་བ་ཡིས། །སློབ་མའི་ལུས་ལ་འཇུག་པར་བྱ། །མ་ཤ་ནས་བརྩམས་བུ་གའི་བར། །བསྲེག་པ་དེ་མ་ཐག་ཏུ་ནི། །གཟུགས་ལ་སོགས་པས་དོན་གྲུབ་པོ། །རྨོངས་པར་བྱེད་པ་དག་པར་འགྱུར། །གང་ཟག་གཟུགས་གཏོར་ལ་སོགས་པ། །ལྷ་ཡི་རྣམ་པའི་ངོ་བོ་ཉིད། །འོད་གསལ་བ་ཡི་རང་བཞིན་གྱིས། །སློབ་མ་དེས་ན་འཇུག་པར་བྱ། །ཞོ་ནས་སླེ་ཏྲེས་ཀྱི་ནི་བར། །བསམ་གཏན་རྩོལ་པས་བསྲེག་པར་བྱ། །རྣམ་ཤེས་དྲུག་པོས་འཁོར་བ་ཡི། །མིག་འཕྲུལ་མཁན་ནི་དག་པར་འགྱུར། །གང་ཟད་པས་ནི་ཡེ་ཤེས་ལྔ། །ངོ་བོ་དེ་བཞིན་གཤེགས་པ་རྣམས། །རྡོ་རྗེ་འཆང་ཆེན་དང་བཅས་པས། །སློབ་མ་དེ་ནི་རང་བཞིན་བྱེད། །ཁ་ར་ནས་བརྩམས་སྨན་གྱི་བར། །རྩེ་གཅིག་པ་ནི་བླ་མས་བསྲེག །འདོད་ཆགས་ལ་སོགས་སོ་མ་ཉི་པ། །ལྟ་བ་ལྔ་ནི་དག་པར་འགྱུར། །གང་ཟད་པས་ནི་ཡེ་ཤེས་བཅུ། །ཡང་ན་ས་ནི་བཅུ་པོ་སྟེ། །སྐད་ཅིག་ཙམ་གྱིས་སློབ་མ་ཡིས། །ཡང་དག་པར་ནི་མངོན་དུ་གྱུར། །ཛཱ་ཏི་ཕ་ལ་ནས་དྲིའི་བར། །རྫས་བརྒྱད་པོ་ནི་བསྲེག་པར་བྱ། །འཇིག་རྟེན་ཆོས་རྣམས་འཇིག་པའི་ཕྱིར། །བློ་ལྡན་སློབ་མ་ལ་ནི་བྱ། །གང་ཟད་པས་ནི་མངོན་དུ་ནི། །ཕ་རོལ་ཕྱིན་པ་བརྒྱད་པ་སྟེ། །སློབ་དཔོན་དམ་པའི་བཀའ་དྲིན་གྱིས། །སྒྲུབ་པ་པོས་ནི་ཚེ་འདིར་ཐོབ། །ལྷ་བཤོས་གཅིག་པུ་བསྲེག་བྱས་ན། །ང་རྒྱལ་རྣམ་པར་དག་པར་འགྱུར། །གང་ཞིག་ཟད་བའི་སློབ་མ་ཡིས། །ཕ་རོལ་ཕྱིན་མཆོག་དབུ་པ་ཐོབ། །དགང་བླུགས་ཀྱི་ནི་སྦྱོར་བ་དང༌། །བུམ་པའི་ཆུ་ཡིས་བསང་གཏོར་གྱིས། །ཕ་རོལ་ཕྱིན་པ་བཅུ་ཐོབ་པ།།


DTG029_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བློ་དང་ལྡན་པས་སློབ་མ་བྱས། །སྦྱིན་སྲེག་ལས་ཀྱི་རྣམ་དག་པ། །དེ་ནི་བདག་གིས་ཡང་དག་བཤད། །རྫས་རྣམས་ཕྱི་རོལ་ཀུན་རྫོབ་ཀྱིས། །དོན་དམ་པ་ནི་རབ་སྟོན་པའོ། །དེ་ནས་ལས་ཀུན་གཏོར་མ་ནི། །མཆོག་ཏུ་གྲུབ་པ་རབ་སྟེར་བ། །ཁམས་གསུམ་པ་ནི་ཚིམ་པའི་ཕྱིར། །བློ་དག་པས་ནི་སྔགས་བརྗོད་བྱ། །ལྷག་མ་སྲེག་རྫས་བསྲེགས་ནས་ནི། །རྡོར་ཅན་རང་གི་རྣལ་འབྱོར་ལྡན། །དཀྱིལ་འཁོར་པ་ནི་རིམ་པ་བཞིན། །ཆོ་ག་འདི་ནི་ཚིམ་པར་བྱ། །སློབ་མ་གཞུག་པའི་ཆོག་བཞིན། །རང་ཉིད་ཀྱང་ནི་འཇུག་བྱ་སྟེ། །དབང་བསྐུར་མཐར་ཐུག་རྫོགས་པ་དང༌། །རིགས་བདག་པོས་ནི་གནང་བ་ཐོབ། །གཞན་ཡང་སློབ་མ་གཞུག་པའི་ཕྱིར། །དེ་ལྟར་བདེན་པས་གསོལ་གདབ་བྱ། །ཆོས་རྣམས་གཟུགས་བརྙན་དང་མཚུངས་པ། །དང་ཞིང་དག་པ་དྲི་མ་མེད། །གཟུང་བ་མེད་ཅིང་བརྗོད་དུ་མད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་བཞིན་དེ་ཉིད་ལས་བྱུང་བ། །དེ་རྣམས་བདེན་པས་དཀྱིལ་འཁོར་ནི། །དྲི་མེད་པ་ཡི་སློབ་མ་ཀུན། །གཟུགས་བརྙན་ལྟར་སྣང་མཐོང་བར་ཤོག །ནམ་མཁའ་བསྐྱེད་པའི་མཚན་མ་ཅན། །ཐོག་མཐའ་མེད་པའི་གཙོ་བོ་སྟེ། །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོར་སེམས་དེ་དང་བདག་གྲུབ་ཤོག །ཐམས་ཅད་མཆོག་ནི་དངོས་གྲུབ་ཆེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་ཀུན་འཛིན་རྒྱལ་པོ་ནི། །མི་འགྱུར་དམ་པ་བདག་གྲུབ་ཤོག །ཁྱོད་ནི་འཇིག་པ་སྐྱོན་མེད་པ། །ཆགས་པ་ཀུན་གྱིས་རྗེས་ཆགས་ཏེ། །བཅོམ་ལྡན་ཆགས་ཆེན་དགའ་བ་ཆེ། །ཡང་དག་ཏུ་ནི་བདག་གྲུབ་ཤོག །ཤིན་ཏུ་དག་པ་ཆོས་མཆོག་ནི། །ཐོག་མ་ནས་དག་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་ཤོག །ཐམས་ཅད་མཆོག་ནི་དངོས་གྲུབ་ཆེ། །ཕྱག་རྒྱ་མཆོག་གིས་དབང་བསྐུར་ཆེ། །རྡོ་རྗེ་སྒེག་གདབ་རྡོ་རྗེ་ཆེ། །འགྱིང་བ་རྡོ་རྗེ་བདག་གྲུབ་ཤོག །སེམས་ཅན་ཀུན་ལ་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡབ་གྱུར་ཅིང༌། །དམ་ཚིག་མཆོག་ལྡན་འདོད་པ་མཆོག །བདེན་པ་


DTG029_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་གིས་དམ་ཚིག་ཆེ། །ཐབས་དང་ཤེས་རབ་བདག་དཀྱིལ་འཁོར། །བདག་པོ་འདིས་ནི་མགོན་པོ་བདག །འདོད་པ་ཁྱོད་ཀྱིས་རྫོགས་པར་མཛོད། །དེ་ལྟར་དམ་ཚིག་གི་གླུ་ཡིས་མཆོད་པར་བྱའོ། །དེ་ནས་སློབ་མ་འཇུག་པའི་ཆོ་ག་འདི་ཡིན་ཏེ། ཇི་ལྟར་བཤད་པའི་ཚོ་གས་སློབ་མ་མངོན་པར་འདུས་བྱས་ལ། སྡོམ་པ་བླངས་པ་དེའི་སྙིང་གར་སྙོམས་པར་ཞུགས་པས་བདེ་བ་ཆེན་པོ་བསམས་ཏེ། དེའི་སྦྱོར་བའི་བསྐྱོད་པ་ལས་བྱུང་བ་འོད་ཟེར་གྱི་ཕྲེང་བ་ཅན་ལུས་ཀུན་སྣང་བར་བྱེད་པའི་ཡི་གེ་ཨ་བསམས་ཏེ། གོས་དམར་པོ་ཐོགས་པ་དང༌། རས་དམར་པོས་མིག་གཡོགས་པ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་ཐལ་མོས་མེ་ཏོག་ཕྲེང་བ་བླངས་པ་མགོ་རུ་བཞག་ཅིང་གསོལ་བ་གདབ་པ་ལ་འཇུག་གོ །བདེ་བ་ལ་དགའ་བ་ཁྱོད་གང་ཡིན་ཞེས་དྲིས་པ་དང༌། ཀྱེ་བ་དེ་ང་ཆེན་པོ་ང་ནི་སྐལ་པ་དང་ལྡན་པ་ཡིན་ནོ་ཞེས་ཞུ་བ་བརྗོད་པར་བྱའོ། །དེ་ནས་ཡི་གེ་ལྔ་པས་ཞུགས་ཤིང་འདི་ལྟར་སྨྲ་པར་བྱ་སྟེ། ཁྱོད་ནི་དེ་རིང་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ལ་ཞུགས་པས་དེ་བས་ན་བདག་གིས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་ན། དངོས་གྲུབ་གཞན་དག་སྨོས་ཅི་དགོས། དཀྱིལ་འཁོར་མ་མཐོང་བའི་མདུན་དུ་ཁྱོད་ཀྱིས་ཀྱང་སྨྲ་བར་མི་བྱ་སྟེ། དཀའ་བ་མ་སྤངས་པས་དུས་བྱས་ནས་དམྱལ་བར་ལྷུང་ང་རེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་གནས་པ་སྟེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་གས་ནས་འབྱུང༌། །ཞེས་སྨྲ་བར་བྱའོ། །ག་པུར་དང་ནི་ཙནྡན་བཅས། །རྡོ་རྗེ་ཡང་ནི་མངོན་བཟླས་ཏེ། །དུང་ཕོར་ལས་ནི་བདུད་རྩི་ལྔ། །དེ་ནས་དེ་ནི་འཐུང་དུ་གཞུག །གསུམ་དང་ཡི་གེ་ལྔ་སྔགས་ཀྱིས། །བློ་བརྟན་སློང་མི་བྱས་ནས་ནི། །འདི་ནི་དམྱལ་བའི་ཆུ་ཡིན་ཏེ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་པས་དངོས་གྲུབ་སྟེར། །བདུད་རྩི་ལྔ་ཆུ་བཏུང་བར་གྱིས། །ཨོཾ་བཛྲོད་ཀ་ཐ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ལག་ན་རྡོ་རྗེ་བདག་ཡིན་པས། བདག་གིས་འདི་གྱིས་ཤིག་ཅེས་ཇི་


DTG029_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྟར་སྨྲ་པ་དེ་ཁྱོད་ཀྱིས་བྱའོ། །ཁྱོད་ཀྱིས་ཀྱང་བདག་ལ་སྨོད་པར་མི་བྱ་སྟེ། གཞན་དུ་ན་དཀའ་བ་མ་སྤངས་པར་དུས་བྱས་ལ་དམྱལ་པར་ལྷུང་པར་གྱུར་ཏ་ཏེ། དེ་ནས་སློབ་མ་ལ་བསྙེན་པར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབས་ཤིག་པ་དང༌། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་མཛོད་ཅིག །ཅེས་སྨྲ་བ་འཇུག་གོ །དི་ནས་ལེའུ་བཅོ་ལྔ་ལས་གསུངས་པའི་ཆོ་གས་དབབ་ལ། དབབ་པ་དེ་ཡང་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྵ་སརྦ་སིདྷྷིཾ་མེ་པྲ་ཡ་ཙྪ། ཧ་ཧ་ཧ་ཧ་ཧོ། ཞེས་བརྗོད་པས་བརྟན་པར་བྱས་ཏེ། ཡི་གེ་ལྔ་པས་ཕྲེང་བ་དེ་དཀྱིལ་འཁོར་ལ་གཏོར་དུ་འཇུད་ཅིང་དེ་ཉིད་ཀྱིས་ཀྱང་བླངས་ཏེ་དེ་ཉིད་ཀྱིས་སྤྱི་བོར་བཅིངས་ལ། སྙིང་གའི་ཟླ་བར་བདག་པོ་དང༌། མིག་གཉིས་ལ་ཨོཾ་དང༌། དཔྲལ་བར་རཾ་བསམས་ཏེ་ཡི་གེ་ལྔ་པས་མིག་ཕྱེ་ཞིང་མན་ངག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་སྟོན་ཅིང༌། ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་སྨྲ་བར་བྱའོ། །མི་མཉམ་མེད་པས་གྲུ་བཞི་པ། །དྲན་པའི་དང་པོ་སྒོ་བཞི་ཡིན། །བསམ་གཏན་བཞི་པོ་རྟ་བབས་ལྡན། །ཁ་ཁྱེར་ཏིང་ངེ་འཛིན་དུ་བཤད། །ཁ་ཁྱེར་ལ་གནས་རྡོ་རྗེ་མཆོག །གཟུགས་ནི་ལྷ་མོ་དང་ལྡན་པ། །རྒྱན་ནི་སྣ་ཚོགས་ཐམས་ཅད་ལྡན། །བསམ་པ་ཐམས་ཅད་རྫོགས་བྱེད་པ། །ཀུན་གྱི་རྩེ་མོ་བ་དན་དང༌། །དྲིལ་བུ་སྒྲ་སྒྲོགས་གདུལ་བྱ་སྟོན། །ཡེ་ཤེས་མེ་ལོང་མེ་ཏོག་དང༌། །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང༌། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག །ཟླ་བ་ཉི་མས་ཀུན་དུ་བསྐོར། །ཀུན་གྱི་དངོས་གྲུབ་མི་འགྱུར་པ་དེ། །བདེ་བ་ཆེན་པོ་ཞེས་བསྟན་ཏོ། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་དང་མཚུངས་པ། །དེ་ནི་རྣམས་པར་ཐར་པ་བརྒྱད། །དངོས་གྲུབ་ཐམས་ཅད་བདེ་སྟེར་བ། །རྡོ་རྗེ་ཚིག་གིས་ཡོངས་སུ་བསྐོར་བ། །ཐམས་ཅད་དུ་ནི་ཡོངས་སུ་རྫོགས། །དེ་ལ་ཞུགས་པ་ཙམ་གྱིས་ནི། །ཟིལ་གྱིས་མི་གནོན་ཕྱིར་མི་ལྡོག །བདེ་བ་ཆེན་པོ་རབ་གྲུབ་ཕྱིར། །མཁས་པ་རྣམས་ནི་འབྱུང་བར་འགྱུར། །དེ་ནས་རྡོ་རྗེ་སློབ་དཔོན་ལ། །ཡོན་ནི་ཤིན་ཏུ་མཆོག་པུ་ལ་ནས། །རབ་ཏུ་འདུད་དེ་ཚིགས་བཅད་འདིས། །དབང་བསྐུར་


DTG029_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དོན་དུ་གསོལ་གདབ་བྱ། །འགྲོ་བ་སྐྱོབ་ཕྱིར་རྡོར་ཅན་གྱིས། །སངས་རྒྱས་རྣམས་ལ་དབང་བསྐུར་ནི། །ཡོན་ཏན་འབྱུང་གནས་ཇི་ལྟར་གསོལ། །དེ་བཞིན་དེང་བདག་ལ་སྩོལ་མཛོད། །ཞུགས་པའི་སྒོ་ཡི་མངོན་ཕྱོགས་སུ། །པདྨ་འདབ་བརྒྱད་ལྟེ་བ་རུ། །རང་བདག་སྦྱོར་ལྡན་སློབ་མ་ནི། །སྣ་ཚོགས་གདན་ཁྲི་ལ་བཞག་ནས། །ལུས་ལ་དཀྱིལ་འཁོར་བཀོད་ནས་ནི། །ཆོ་ག་འདིས་ནི་དབང་བསྐུར་བྱ། །གདུགས་དང་རྒྱལ་མཚན་པ་དན་དང༌། །བུམ་པ་རོལ་མོ་གོས་བཟངས་དང༌། །ལྷ་ཡི་རྒྱན་ནི་ཐོགས་པ་སྟེ། །སྔ་མའི་ཐུགས་རྗེའི་ཤུགས་ཀྱིས་ནི། །ཆགས་པ་དགུག་ཅིང་ཀུན་བྱུང་བ། དབང་གི་དུས་སུ་སློབ་དཔོན་གྱིས། །མཁའ་དབྱིངས་སེམས་ཅན་ཐམས་ཅད་ཀྱིས། །ཡོངས་སུ་གང་བར་བསྒོམ་པར་བྱ། །བུམ་པའི་ཆུ་ལ་ཐིམ་བྱས་ནས། །བདག་པོ་བདུད་རྩི་ལྡར་བཞུགས་པ། །མགྲིན་པར་གོས་བཟངས་བཅིངས་པ་ན། །སྤྱན་ལ་སོགས་པས་དེ་གཟུང་ཞིང༌། །བུམ་པས་བ་སྤུའི་བུ་གནས། །སངས་རྒྱས་ཐམས་ཅད་ཞུགས་པར་བྱ། །ཚིགས་བཅད་སྔགས་འདི་བརྗོད་བཞིན་པས། །སློབ་པའི་ལུས་ལ་དབང་བསྐུར་བྱ། །དབང་བསྐུར་བ་ནི་རྡོ་རྗེ་ཆོས། །ཁམས་གསུམ་བས་ནི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ། །གནས་ལས་བྱུང་བ་བདག་གིས་སྦྱིན། །ཞེས་བྱ་བ་ནི་ཆུའོ། །དད་པའི་བློས་ནི་ཇི་བཞིན་དུ། །ཅོད་པན་གྱིས་ཀྱང་དབང་བསྐུར་བྱ། །སྦྱོར་བ་ཡིས་ནི་བརྟན་བྱས་ཏེ། །རིམ་པས་ཇི་ལྟར་ཕྱག་མཚན་བཞིན། །དེ་ནི་ཅོད་པས་ནོ། །སངས་རྒྱས་རྡོ་རྗེ་དབང་གིས་ནི། །དེ་རིང་ཁྱོད་ནི་དབང་བསྐུར་བ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་ཕྱིར་ནི་རྡོ་རྗེ་ལོང༌། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཱཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་འགྱིང་བ་བདག་པོའི་བདག། ཅེས་པ་ནི་རྡོ་རྗེའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །རྒྱལ་པས་བྱང་ཆུབ་མཆོག་འདོད་པ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཞེས་པ་ནི་དྲིལ་བུའོ། །སྲིད་པ་རང་བཞིན་གྱིས་དག་པ། །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་


DTG029_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་དག་པའི་སེམས་དཔའ་ཡིས། །སྲིད་པ་དམ་པར་བྱེད་པའོ། །ཞེས་དཀྲོལ་བར་བྱེའོ། །སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་ཚོགས་ཡིན་ཏེ། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནང་དེ་སྐྱིད་པའོ། །འདོད་པ་ཐམས་ཅད་ལོངས་སྤྱོད་ནི། །ཅི་བདེ་བས་ནི་བསྟེན་པར་བྱ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །རང་དང་གཞན་ལ་མཆོད་པར་བྱ། །བྱང་ཆུབ་སེམས་དཔའ་རབ་ཏུ་མཆོག །ཇི་སྲིད་འཁོར་བ་ལ་གནས་པ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །བྱེད་དུ་ནུས་ཏེ་འཚང་མེ་རྒྱ། །ཤེས་རབ་ཕ་རོལ་ཕྱིན་ཐབས་དང༌། །བསོད་ནམས་བྱིན་རླབས་ལས་བྱུང་བ། །དངོས་གྲུབ་ཀུན་ནི་དབང་ཕྱུག་འགྲུབ། །སེམས་ཅན་དོན་ནི་བརྟན་པར་བྱེད། །སྔགས་ཀྱི་སྐུ་ནི་བརྟན་པའི་ཕྱིར། །སྐུ་ཀུན་རབ་ཏུ་བརྟན་པ་ནི། །དེས་ན་ཕྱག་རྒྱ་རབ་ཏུ་གྲགས། །ཞེས་བྱ་བ་ནི་དམ་ཚིག་གོ །དེ་ཉིད་ཀྱིས་ནི་རྡོ་རྗེ་བླང། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེ། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །ཞེས་བྱ་བ་གང་གསུངས་པ་དེ་སོ་སོར་བསྟན་ཏོ། །ཨོཾ་བཛྲ་ཨ་དྷཱི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མཱ་བྷི་ཥེ་ཀ་ཏ། ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་དཔལ་གྱི་སྒྲ་བརྗོད་པར་བྱའོ། །དེ་བཞིན་དུ། སྐུ་གསུམ་ས་ལ་སོགས་པ་དང༌། །སྟོབས་དང་ཕ་རོལ་ཕྱིན་ལ་སོགས། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ལག་ན་རྡོ་རྗེ་ཕྱག་ན་གནས། །ལག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བྱ་བས་ནི་རྡོ་རྗེ་བརྟུལ་ཞུགས་སོ། །དེ་ནས། སྡིག་མེད་སློབ་མ་དམ་པ་ནི། །མེ་ཏོག་སོགས་ཀྱིས་མཆོད་པར་བྱ། །པདྨའི་དཀྱིལ་འཁོར་ལ་བཞག་ནས། །དེ་ནས་དེ་ལ་དབང་བསྐུར་བྱིན། །མཱ་མ་ཀཱི་སོགས་དང་སྦྱར་ནས། །བདག་ནི་སྐལ་ལྡན་ཞེས་བརྗོད་ནས། །རྡོ་རྗེ་པདྨ་དག་བསྡུས་ཏེ། །དེ་བདེ་ལ་ནི་སྙོམས་ཞུགས་ན། །རྡོ་རྗེ་པདྨ་ལས་དགུག་ཅིང༌། །སློབ་མའི་མཁར་ནི་མཁས་པས་བཅུག །ཀྱེ་མ་བདེ་བ་ཞེས་བརྗོད་པས། །སེམས་བྱུང་བ་ནི་མྱང་བར་བྱ། །མི་མཁས་པ་ཡི་སློབ་མ་ལ། །དེ་ཉིད་འདི་ནི་བསྟན་པར་བྱ། །དབང་བསྐུར་བ་ཙམ་


DTG029_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདི་ཉིད་ཀྱིས། །སློབ་མའི་ཡོན་ཏན་འཕེལ་བར་འགྱུར། །འགྲོ་དང་མི་འགྲོ་ཐམས་ཅད་དུ། །བདེ་བས་སློབ་དཔོན་ཉིད་དུ་འགྱུར། །དེ་ནི་གསང་བའོ། །ཤེས་རབ་ཀྱི་དབང་བསྐུར་བའི་དང་པོར་དམ་ཚིག་རྣམས་སྦྱིན་པར་བྱ་སྟེ། རྡོ་རྗེ་སློབ་དཔོན་སྨོད་པ་དང༌། །ཞེས་བྱ་བ་ལ་སོགས་པ་རྩ་བའི་ལྟུང་བ་བཅུ་བཞི་དང༌། ཁ་ན་མ་ཐོ་བ་སྦམ་པོ་བཅུ་སྟེ། དེ་རྣམས་སློབ་མ་ཉན་དུ་གཞུག་བ་དང༌། ཁས་བླང་བ་བྱས་ལ། གདོལ་པ་དང་ཁྲུས་མཁན་དང་གར་མཁན་མ་རྣམས་ལས་གང་ཡང་རུང་པའི་ཕྱག་རྒྱ་མ་རིགས་ལྔས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་སློབ་དཔོན་གྱིས་མཚན་ཕྱེད་ལ་སློབ་མ་དེ་ལ་སྦྱིན་པར་བྱའོ། །དེའི་ཚེ་ཕྱག་རྒྱ་མས་སློབ་མ་ལ་འདི་སྐད་སྨྲ་བ་སྟེ། བཤང་གཅི་དང་ནི་ཁྲག་དང་ནི། །ཤུ་ཀྲ་དེ་བཞིན་ཤ་ཉིད་དང༌། །བྷ་གའི་པདྨར་ཙུམ་བ་ན། །བུད་མེད་རྣམས་ལ་དད་པའི་མཆོག །ཁྱོད་ཀྱིས་རྡོར་ཅན་ཅི་ནུས་སམ། །བདེ་ཆེན་བུ་ནི་སྨྲ་བར་གྱིས། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །བཞད་ཅིང་འདི་ལྟར་བཀའ་སྩལ་ཏེ། །ཤུ་ཀྲ་ཁྲག་ལ་སོགས་ཟ་བ། །ལྷ་མོ་ཅི་ཕྱིར་བདག་མི་ནུས། །བྷ་གའི་ཙུམ་བ་ན་དང་ནི། །རྟག་ཏུ་བུད་མེད་ལ་དད་བྱ། །དེའི་འོག་ཏུ་ལྷ་མོ་དེས། ན་བཟའ་ཕུད་ཅིང་ཉིད་ཀྱི་པདྨ་ཡང་དག་པར་བསྟན་པ་སྟེ། ཨེ་མའོ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་དང་ལྡན་པ། །ཆོ་ག་གང་གིས་སྟེན་བྱེད་ན། །དེ་ཡི་མདུན་དུ་བདག་གནས་པའོ། །སེམས་ཅན་ཁམས་ནི་རབ་གྲོལ་བ། །ཆོས་ཀྱི་དབྱིངས་ནི་དག་པ་འདི། །དངོས་པོ་ཀུན་གྱི་རང་བཞིན་ཉིད། །འདི་ལ་བདེ་ཆེན་རྒྱལ་པོ་གནས། །དེ་ན་དེའི་ནང་དུ་གནས་པའི། །རྩ་ཡི་འཁོར་ལོ་བསྟན་པ་ཡིན། །བྷ་གའི་དབུས་སུ་ནམ་མཁའ་གང༌། །ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ། །ཟེ་བ་གེ་སར་དང་ལྡན་པ། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཤུ་ཀྲའི་རང་བཞིན་བདུད་རྩི་ནི། །དེ་ལ་གནས་པ་རྟག་ཏུ་འཛག ། དེ་ནས་སློབ་མ་བཀའ་སྩལ་ཏེ། །བྷཉྫ་མོ་ཀྵ་ཧོ་ཞེས་བྱའོ། །དེ་ནས་སྔགས་བཤད་པས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །བྷ་གའི་དབུས་སུ་རྩ་གང་གནས། །སུམ་ཅུ་རྩ་གཉིས་རྩ་གཞན་རྣམས། །དེ་ཡི་ནང་ན་དེ་གཙོ་བོ། །གོམས་དང་བླ་མའི་ཞལ་ནས་ནི། །བཙལ་བས་དེ་ཉིད་


DTG029_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྙེད་ནས་ནི། །ཅུང་ཟད་སོར་མོས་བསྐུལ་བ་དང༌། །སླར་ཡང་ལྕེ་ཡི་རྩེ་མོས་བསྐུལ། །དཀར་མཆོག་རབ་ཏུ་རྒྱུ་བ་ནི། །དེ་ནས་རྩ་དེ་ཁ་ཕྱེད་གྱུར། །ཕ་རོལ་ཕྱིན་པ་བཅུ་སྟོབས་ནས། །དེ་བཞིན་སྟོབས་དང་དབང་ཉིད་བཅུ། །ས་ནི་བཅུ་ལ་འདས་ནས་ནི། །དེ་ནས་རྡོ་རྗེ་རེངས་པར་གྱུར། །དེ་ཉིད་ཀྱི་ཕྱིར་ལེའུ་བཅོ་བརྒྱད་པ་ལས་ཀྱང༌། བསྒྲུབ་བྱ་སྒྲུབ་བྱེད་སྦྱོར་བ་ནི། །གང་ཕྱིར་བསྙེན་པ་བཤད་པ་དང༌། །རྡོ་རྗེ་པདྨ་སྦྱོར་བས་ནི། །ཉེ་བར་བསྒྲུབ་པར་འདོད་པ་ཡིན། །ཧཱུཾ་དང་ཕཊ་གཉིས་ལྡན་པ་ནི། །བསྐྱོད་པ་སྒྲུབ་པར་རབ་བཤད་པའོ། །རང་ངོ་རང་བདེ་བཞི་པ་ནི། །སྒྲུབ་པ་ཆེན་པོར་བཤད་པ་ཡིན། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་ཆེན་གྱི་གོ་འཕང༌། །སངས་རྒྱས་ཀུན་གྱི་ཐབས་འབྱུང་བ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་གསུངས་སོ། །དེ་ཁོ་ན་ཉིད་དོ། །དེ་ནས་ལྷ་མོ་དེས་རེངས་པ་རྡོ་རྗེའི་སྟེང་དུ་བཞུགས་ལ་བསྒྲུབ་པ་བྱའོ། །སློབ་མས་ཀྱང་ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨཱ་ནུ་ར་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ལ་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ཀྱང་རྡོ་རྗེ་དཔང་ཕྱུག་མ་དང་སྙོམས་པར་ཞུགས་པའི་སློབ་མ་གཟིགས་ཏེ་རང་གི་ཐུགས་ཀ་ནས་མོ་ཧ་ར་ཏི་ལ་སོགས་པ་ལྷ་མོ་བཞི་པོ་སློབ་མའི་སྙིང་གར་ཞུགས་པར་བྱའོ། །མཁའ་དབྱིངས་རྡོ་རྗེ་སྤྱོར་བ་ཡིས། །ཡང་དག་རིག་པས་རྨད་བྱུང་ཆེ། །མཆོག་ཏུ་དགའ་བ་སྐྱེད་བྱེད་པའི། །གང་ཞིག་བདེ་བ་དེ་སྐྱེ་འགྱུར། །བྲལ་དང་དགའ་བའི་དབུས་སུ་ནི། །མཚོན་ཆ་བལྟས་ནས་བརྟན་པར་གྱིས། །པདྨ་ཡིན་ནི་མཁའ་དང༌། །རྡོ་རྗེ་ནོར་བུའི་ལྟེ་བ་དག །བཙིར་བས་རྡོ་རྗེ་སྐྱིལ་ཀྲུང་གིས། །ནོར་བུའི་ནང་འགྲོའི་སེམས་བལྟ་བྱ། །གང་ཞིག་ཡེ་ཤེས་སྐྱེ་འགྱུར་ཏེ། །ཡེ་ཤེས་དེ་ངོ་སྨྲ་མི་ནུས། །ཆགས་པ་མ་ཡིན་ཆགས་བྲལ་མིན། །བར་པ་ཡང་ནི་མི་དམིགས་སོ། །གང་ཚོ་ཡེ་ཤེས་ལྟ་བ་ཡིས། །རྣལ་འབྱོར་པ་ཡིས་སྐད་ཅིག་གམ། །ཡང་ན་ཐུན་གཅིག་གམ་བདུན་ནམ། །ཟླ་ཕྱེད་ཟླ་གཅིག་ལོ་གཅིག་གམ། །བསྐལ་པ་བསྐལ་པ་སྟོང་གི་ཕྲག །ཡེ་ཤེས་སྦྱོར་བས་གནས་འགྱུར་རོ། །དེ་ནས་ཅི་ནུས་པས་སློབ་མ་ཕྱུང་ཞིང་རིག་མའི་པདྨར་གནས་


DTG029_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་བྱང་ཆུབ་ཀྱི་སེམས། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་ཀྱི་བློས་ལྕེ་བསྐུལ་བས་བཏུང་བར་བྱའོ། །དེའི་དུས་སུ་ཡང་ལྷ་མོ་དེ་ལ་བྷཉྫ་མོ་ཀྵ་ཧོ་ཞེས་བྱ་བའི་སྔགས་ཀྱིས་བཀའ་སྩལ་པ་ཡིན་ཏེ། ཤེས་རབ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ནས་དོན་དམ་པའི་ཡུམ་དང་ཆོས་ཀྱི་སྐུ་སྐྱེད་པར་བྱེད་པའི་རིག་མའི་བརྟུལ་ཞུགས་ཀྱི་ངོ་བོ་ཚིགས་སུ་བཅད་པ་རྣམས་ཀྱིས་བསྐུལ་ཞིང༌། སློབ་མའི་ལག་ཏུ་དེ་གཏད་ནས། །བླ་མ་རྡོ་རྗེ་ཅན་གྱིས་སྨྲ། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །དེ་ཕྱིར་རིག་མའི་ཕྱོགས་ཟུང་ཤིག །ཆོས་ཀུན་གཉིས་སུ་མེད་པ་སྟེ། །ཚུལ་ནི་གཉིས་ཀྱིས་བརྟན་པ་ཡིན། །དེ་ཕྱིར་འཁོར་བ་འདི་ཉིད་དང༌། །ཁྱོད་ཀྱིས་བྲལ་བར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །རིག་མའི་བརྟུལ་ཞུགས་བླ་མེད་པ། །རྨོངས་པ་གང་གེས་འདའ་བྱེད་པ། །མཆོག་གི་དངོས་གྲུབ་དེས་མི་འཐོབ། །ཅེས་བྱ་བ་ས་ཕྱག་རྒྱ་མ་དེས་སློབ་མ་དེ་ལ་གཏན་དུ་སྦྱིན་པར་བྱ་སྟེ། རིག་མའི་བརྟུལ་ཞུགས་སོ། །སྙིང་དང་སྤྱི་པོར་སངས་རྒྱས་དགོད། །ཧཱུཾ་ཡིག་མཆོག་གི་ཚུལ་བརྗོད་རྣམས། །སངས་རྒྱས་ཀུན་གྱིས་དེ་བསྟེན་པའི། །དམ་ཚིག་དེ་ནི་ཉན་འཇུག་བྱ། །ཐབས་དང་ཤེས་རབ་བསམ་པ་ཡིས། །ཅུང་ཟད་མི་བྱར་མེད་པ་སྟེ། །རྟག་ཏུ་རྟོག་པ་མེད་འགྱུར་ཞིང༌། །འདོད་པའི་ཡོན་ཏན་ལྔ་སྤྱོད་ཅིག །ཇི་བཞིན་རང་བཞིན་ཉིད་ཀྱིས་ནི། །སེམས་ཅན་འདུལ་བར་འགྱུར་བ་ཡིན། །འདོད་ཆགས་ལ་སོགས་རྣམ་དག་པས། །དེ་བཞིན་སེམས་ཅན་གྱི་དོན་བྱ། །ཆགས་པ་མཉམ་པ་མེད་པ་སྟེ། །རྒྱལ་བ་རྣམས་ལ་དེ་དབུལ་བྱ། །སེམས་ཅན་དོན་ཕྱིར་གཞན་བུད་མེད། །བསྟེན་ན་བསོད་ནམས་ཐོབ་པར་འགྱུར། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སངས་རྒྱས་སྐུ་ཡི་སྦྱོར་བ་ཡིས། །གཞན་གྱི་ནོར་རྣམས་འཕྲོག་བྱེད་ན། །སྡིག་པས་གོས་པར་མི་འགྱུར་རོ། །གང་ཞིག་དམ་ཚིག་ལ་སྡང་དང༌། །གང་ཞིག་སྐྱེ་བོ་དམ་ཚིག་ཉམས། །སངས་རྒྱས་བསྟན་པའི་རྒྱུ་ཡིས་ནི། །རྩོལ་བས་དེ་རྣམས་གསད་པར་བྱ། །གདོན་མི་ཇ་ཡི་ཏིང་འཛིན་གྱིས། །བརྫུན་དག་རྡོ་རྗེ་ཚིག་རྣམས་ནི། །རྒྱུད་ལས་གསུངས་པའི་ཆོ་ག་ཡིས། །མཁས་


DTG029_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་དམ་ཚིག་མཆོག་བསྟེན་བྱ། །དེ་ནས་དེ་བཞིན་གཤེགས་པ་ཉིད་དུ་གྱུར་ཅིང་གཟེངས་བསྟོད་ཀྱིས་གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་ཀྱི་དབུས་ནས་གཟུང་བ་དང༌། གཡས་པས་ཀྱང་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ལ་ལུང་བསྟན་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་ལ་ལུང་བསྟན་བྱ། །སྲིད་པའི་ངན་འགྲོ་ལས་བཏོན་ཞིང༌། །ཡང་དག་སྲིད་པ་སྒྲུབ་ཕྱིར་རོ། །ཀྱེ་ཡི་རྡོ་རྗེ་ཆེ་གེ་མོ། །ཞེས་བྱ་བའི་དེ་བཞིན་གཤེགས་པར་གང་ལ་གཟེངས་བསྟོད་པ་འདི་ཡིས་ལུང་བསྟན་པར་བྱས་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱད་ཆུབ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་དཔོན་ཉིད་དུ་ལུང་བསྟན་པ་སྟེ། ལུང་དུ་བསྟན་པའོ། །དེ་ནས་དབུགས་དབྱུང་བར་བྱས་ལ། སྔགས་དང་བསམ་གཏན་བྱིན་པར་བྱའོ། །དེ་ལ་སྔགས་ནི་ཡི་གེ་གསུམ་གྱིས་སྤེལ་བའི་ཛིན་ཛི་ཀ་ཅེས་བྱ་བ་ལ་སོགས་པ་སྟེ། སྭཱ་ཧཱའི་མཐའ་ཅན་གྱི་བཟླས་པའི་སྔགས་རྣམས་སོ། །དེའི་མོས་པའི་དབྱེ་བས་སྔ་མ་བཞིན་ལྷའི་དཀྱིལ་འཁོར་བསམ་གཏན་ནོ། །དེ་ནས་སློབ་མ་མཆོད་པ་རྣམ་པ་ལྔས་དཀྱིལ་འཁོར་མཆོད་དུ་བཅུག་ལ་རང་གིས་ཀྱང་མཆོད་ཅིང་གཏོར་མའི་ཆོ་གའི་རིམ་པས་རྒྱལ་པོ་བཞིའི་གཏོར་མ་དང༌། འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་དང༌། ཁྲོ་བོའི་གཏོར་མ་བྱའོ། །དེ་ནས་ཞི་བའི་དོན་དུ་སྔ་མ་བཞིན་དུ་སྦྱིན་སྲེག་ཀྱང་བྱའོ། །དེ་ནས་སློབ་མ་གདུགས་དང་བཅས་པ་མཐེ་པོ་གཡས་པ་ལ་གཟུང་ཞིང་དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱེད་དུ་བཅུག་ཅིང་གདུགས་དང་བཅས་པ་དེ་ཉིད་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོ་ལ་དབུལ་བར་བྱ་སྟེ། སློབ་མ་འདི་ནི་དད་པ་ཡིས། །དམ་ཚིག་དཀྱིལ་འཁོར་ལ་ཕུལ་ཏེ། །མགོན་པོ་དེ་ནི་རབ་བསྒྲུབ་ཕྱིར། །རྗེས་སུ་བརྩེ་བར་མཛད་དུ་གསོལ། །ཞེས་བརྗོད་པར་བྱའོ། །དེ་ནས་ཡི་གེ་མུའི་མཐའ་ཅན་གྱི་ཡི་གེ་བརྒྱ་པས་གཤེགས་སུ་གསོལ་ཞིང་དཀྱིལ་འཁོར་གྱི་རྡུལ་ཚོན་བསྡུས་ཏེ་གཙང་པོ་ལ་གཏོར་རོ། །ཕུར་བུ་རྣམས་ཀྱང་བཏོན་ཏེའོ་མས་བཀྲུས་ཤིང་སྤོས་ཀྱིས་གདུགས་ལ། མེ་ཏོག་སྤྱིན་ཞིང་གཞག་པར་བྱའོ། །དཀྱིལ་འཁོར་གྱིས་གཞི་ཡང་བ་ཆུས་བྱུགས་ལ། མེ་ཏོག་གིས་དགྲམ་པར་བྱའོ། །འཕགས་པ་བརྒྱད་སྟོང་པ་ཀླ་གཅིང་བསོད་ནམས་


DTG029_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྔོ་བ་དང༌། སྨོན་ལམ་དང༌། བསྟོད་པ་དང༌། བསྐོར་བ་བྱས་ནས་བཟོད་པར་གསོལ་ཞིང་ལངས་ཏེ་རང་གི་གནས་སུ་ཕྱིན་ནས་མཉམ་པར་གཞག་པར་བྱ་ཞིང་ཡིད་ལ་བྱེད་པ་དེ་ཉིད་ཀྱིས་སྤྱོད་ལམ་བཞི་པོས་ཅི་འདོད་པས་གནས་པར་བྱའོ། །དེས་ནི་ཆོ་གའི་སྒྲས་ནི་བསྟན་པ་ཡིན་ཏེ། དང་པོའི་སྦྱོར་བ་ལ་སོགས་པའོ། །དེ་ཉིད་བསྟན་པའི་ཕྱིར་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་དེ་ལ་ཕྱག་རྒྱ་ནི་འཁོར་ལོ་ལ་སོགས་པ་དང༌། རྡོ་རྗེ་དེ་བཞིན་གཤེགས་པའི་སྐུ་དང༌། གནས་ནི་ཡིག་འབྲུ་སྟེ། དེ་རྣམས་བསམ་པ་ཇི་བཞིན་བྱ་བ་ནི་བྲི་བར་བྱའོ། །སྔགས་ནི་སྒྲུབ་པ་པོ་རྣམས་ཀྱིས་གསང་བ་མཆོག་དེ་ནི་བསྟན་པར་བྱ་བ་མ་ཡིན་པའོ། །དབུས་སུ་རྣམ་པར་སྣང་མཛད་གནས། །ཞེས་བྱ་བ་ལ། དཀྱིལ་འཁོར་གྱི་དབུས་སུ་དེའི་ས་བོན་ནམ། ཕྱག་མཚན་ནམ་སྐུ་བྲི་བར་བྱའོ། །མི་བསྐྱོད་པ་ལ་སོགས་པ་ཡང༌། །ཞེས་པ་ནི་ཤར་ལ་སོགས་པ་ཕྱོགས་བཞི་ལ་དེ་རྣམས་བྲི་བར་བྱའོ། །སྐུ་གསུང་ཐུགས་རྡོ་རྗེ་མཆོག་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་གྲྭ་རྣམས་སུ་བྲི་བར་བྱའོ། །ཁྲོ་བོ་རྣམས་ནི་སྒོ་རྣམས་དང་དེའི་གྲྭ་རྣམས་དང༌། སྟེང་འོག་ཏུ་བྲི་བར་བྱའོ། །རྡོ་རྗེ་གསང་བ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཞེས་པ་ནི་རྣལ་འབྱོར་བས་དེ་ནས་མཆོད་པར་བྱའོ། །ཇི་ལྟ་བུ་ཞེ་ན། གསང་བ་དང་རྡོ་རྗེ་ནི་གསང་བ་རྡོ་རྗེ་སྟེ། པདྨ་དང་རྡོ་རྗེའོ། །དེ་དག་གིས་རབ་བསྒོམས་པ་ནི་ཁྲུས་མཁན་མ་དང་སྙོམས་པར་ཞུགས་པར་བྱའོ་ཞེས་སྟོན་ཏོ། །སྔགས་རྣམས་ཐམས་ཅད་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་པ་རྣམས་ཀྱི་དམ་ཚིག་ནི་མཆོད་པ་སྟེ། འདའ་དཀའ་བ་ནི་སྤང་བར་མི་བྱའོ་ཞེས་སྟོན་ཏོ། །བཤང་དང་གཅི་བཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་དེ་ཉིད་དུ་བ་ཤང་གཅི་ལ་སོགས་པའི་བདུད་རྩི་རྣམས་རྣལ་འབྱོར་བ་ཉིད་ཀྱིས་སྤྱོད་པ་དང༌། སློབ་མ་རྣམས་ལ་ཡང་སྦྱིན་པར་བྱའོ། །སྔགས་རྣམས་ཐམས་ཅད་ནི་སྔ་མ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རིགས་ཅན་གྱི་དམ་ཚིག་འདི་ཡིན་ཏེ་བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ །དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་རྣམས་ཀྱི་རང་བཞིན་གྱི་སྐུ་ནི་རྣམ་པར་སྣང་མཛད་དེ། དེའི་དཀྱིལ་འཁོར་རོ་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །དེ་ནས་ཞེས་བྱ་


DTG029_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ལ་སོགས་པ་ལ། གསུང་རྡོ་རྗེ་ཐམས་ཅད་ཀྱི་དམ་ཚིག་ནི་པདྨའི་རིགས་ཅན་རྣམས་ཏེ། དེ་དག་གི་སྤྲིན་ནི་ཚོགས་ཏེ། དེ་ཉིད་བཀོད་པ་ནི་གནས་ཇི་ལྟ་བ་བཞིན་དུ་བཞག་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསུང་རྡོ་རྗེའི་དཀྱིལ་འཁོར་ནི་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཁྲུ་ནི་ཉི་ཤུའི་ཚད་དུ་བྱ། །ཞེས་བྱ་བ་ལ་སོགས་པ་ལ། ཁྲུ་ཉི་ཤུའི་ཚད་ནི་ཕྱོགས་རེ་རེ་ཁྲུ་ལྔ་ལྔ་ཡིན་པའི་ཕྱིར་རོ། །འདིར་ཡང་སྒྲ་རླུང་ལྔའི་བདག་ཉིད་ཡིན་པ་དང༌། དེ་ཉིད་གསང་བ་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་ཞུགས་པའི་ཕྱིར་རོ་ཞེས་རྣམ་པར་དག་པའོ། །དེ་བཞིན་དུ་སྔ་མ་བཞིན་དུ་གྲུ་བཞི་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་ཉིད་རྡོ་རྗེ་སྒོམ་པ་ནི་བརྟན་པའི་ཏིང་ངེ་འཛིན་དང་ལྡན་པའི་སྒྲུབ་པ་པོ་རྣམས་ཀྱིས་བྲི་བར་བྱའོ། །ཉིད་ཀྱི་སྐུའི་དཀྱིལ་འཁོར་ནི་ནམ་མཁའི་དཀྱིལ་འཁོར་ཏེ། དེའི་གནས་ནི་དེ་དང་དབྱེར་མེད་པར་བྱའོ། །སྐུའི་རྡོ་རྗེ་ནི་སྙིད་གའི་པདྨ་སྟེ། དེའི་ཡོན་ཏན་ནི་ཕྲེང་བ་ཡིན་ལ། དེ་སྐྱེད་པ་ནི་དེ་འཛིན་པ་སྟེ་པདྨའི་ཕྲེང་བས་རྣམ་པར་བརྒྱན་པའོ་ཞེས་སྟོན་ཏོ། །རྒྱལ་པོ་ཆེན་པོ་རྡོ་རྗེ་ཆོས། །ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་དེ་ཉིད་དུ་རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་པ་དང༌། རྒྱལ་པོ་ཆེན་པོ་ནི་དེ་བཞིན་གཤེགས་པ་རྣམས་དང༌། རིག་པ་ནི་ལྷ་མོ་རྣམས་དང༌། དབང་པོ་ནི་ཁོར་བོ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་དབབ་པར་བྱ་བ་ནི་བྲི་བར་བྱའོ། །དེའི་དབུས་སུ་འཁོར་ལོ་ཆེན་པོ་ནི་འཁོར་ལོའི་ཚུལ་གྱིས་ཟླ་བ་དང་ཉི་མའི་གདན་རྣམས་དང༌། ཀུན་དུ་ཟླུམ་པོ་ནི་སྣ་ཚོགས་པདྨ་རྣམས་ཀྱང་བྲི་བར་བྱའོ། །ཕྱག་རྒྱ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་མཚན་ཕྱག་རྒྱ་ལ་སོགས་པ་བྲི་བར་བྱའོ། །ཇི་ལྟར་ཞེ་ན། ཆོ་ག་བཞིན་དུ་ཞེས་པ་ནི་དཀྱིལ་འཁོར་གྱི་ཆོ་ག་ལས་འབྱུང་བའི་རིམ་པས་སོ། །ཚེ་དཔག་མེད་ཀྱི་ཕྱག་རྒྱ་ཆེ། །ཞེས་བྱ་བ་ལ་དཀྱིལ་འཁོར་དེ་ཉིད་ཀྱི་དབུས་སུ་སྣང་བ་མཐའ་ཡས་ཀྱི་ཕྱག་མཚན་གྱི་ཕྱག་རྒྱ་ལས་གང་ཡང་རུང་བ་བྲི་བར་བྱའོ། །སྣང་བ་མཐའ་ཡས་དེ་ཉིད་ཀྱི་གང་ཞིག་རྡོ་རྗེའི་གནས་ནི་དཀྱིལ་འཁོར་པ་རྣམས་ཏེ། དེ་རྣམས་ཐམས་


DTG029_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅད་སྔ་མ་བཞིན་དུ་བྲི་བར་བྱའོ། །ཡོངས་སུ་གསལ་བ་དང་ཆོ་ག་བཞིན་དུ་རྫོགས་པའི་དཀྱིལ་འཁོར་བྲིས་ལ། དེའི་དབུས་སུ་གསང་བའི་མཆོད་པ་བྱ་བ་ནི་ཤིན་ཏུ་བསླབས་པ་དང་འདུས་བྱས་པའི་གར་མཁན་གྱི་བུ་མོ་དང་སྙོམས་པར་ཞུགས་པར་བྱའོ། །དེ་ལྟར་བྱས་ན་རྡོ་རྗེ་ཅན་ནི་གསུང་རྡོ་རྗེའི་རིགས་ཅན་རྣམས་མཉེས་པར་འགྱུར་རོ། །དེ་བཞིན་དུ་བཤང་བ་ལ་སོགས་པའི་བདུད་རྩི་ལྔས་མཆོད་པར་བྱས་ན། དངོས་གྲུབ་ནི་གསུང་རྡོ་རྗེ་འཛིན་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ནི་གསུང་རྡོ་རྗེའི་རྣལ་འབྱོར་པ་རྣམས་ཏེ། དེ་དག་གི་དམ་ཚིག་མཆོད་པ་སྟེ། འདའ་དཀའ་བ་ནི་སྤང་བར་མི་བྱའོ་ཞེས་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནི་གསུང་གི་སྣང་བ་མཐའ་ཡས་ཏེ། དེའི་དཀྱིལ་འཁོར་ཡིན་ནོ་ཞེས་ཉེ་བར་བསྡུ་བ་སྟེ། བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་སྤྲི་ན་ནི་རིན་ཆེན་དཔལ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ཚོགས་ནི་དཀྱིལ་འཁོར་པ་རྣམས་ཏེ། དེ་རྣམས་བཀོད་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་གནས་པ་སྟེ། དེ་ཉིད་རྡོ་རྗེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས། རབ་ཏུ་གསང་བ་ནི་བྱ་བའི་ཚུལ་ལ་གནས་པ་རྣམས་ལ་བསྟན་པར་མི་བྱ་བ་དང༌། གསང་བ་ནི་དེ་བཞིན་གཤེགས་པ་གཙོ་བོར་གྱུར་པ་ས་དེའི་རང་བཞིན་ཏེ། དཀྱིལ་འཁོར་ནི་རིན་ཆེན་དཔལ་ལ་སོགས་པའི་དཀྱིལ་འཁོར་དག་སྟེ། དེ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་འཛིན་མཆོག་གང་ཡིན་པ། །ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག་ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་གསུམ་བསྟན་པ་ཡིན་ལ། དེའི་ནང་ན་རྡོ་རྗེ་འཛིན་མཆོག་ནི་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་ལ་སོགས་པའི་སྒོམ་པ་ལ་སོགས་པ་བྱེད་ན། དེའི་ཚེ་དེ་ཉིད་ཀྱི་གཟུགས་སམ་ཕྱག་མཚན་གྱི་ཕྱག་རྒྱལ་སོགས་པ་བྲི་བའོ། །དེ་བཞིན་གཤེགས་པ་དེ་ཉིད་ཀྱི་དཀྱིལ་འཁོར་དེ་ཤེས་པར་བྱའོ། །ཇི་ལྟ་བུ་ཞེ་ན། སྐུ་གསུང་ཐུགས་ནི་རིགས་གསུམ་སྟེ། དེ་རྣམས་ཀྱི་གསང་བ་བསྡུ་བ་སྟེ། དེ་ལས་བྱུང་བ་ནི་རིན་ཆེན་ལ་སོགས་པའི་རིགས་རྫོགས་པ་སྟེ། དེ་ཡང་སྔར་བཤད་ཟིན་


DTG029_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རིགས་གསུམ་གྱི་སྐུ་གསུང་ཐུགས་རྣམས་ཡིན་ལ། གསང་བ་ནི་བསྡུ་པའི་རང་བཞིན་ཏེ། ཉིད་ཀྱི་སྐུ་ལ་སོགས་པའི་རྡོ་རྗེ་ནི་དཀྱིལ་འཁོར་པ་རྣམས་ཀྱི་གང་ཞིག་གནས་ནི་དཀྱིལ་འཁོར་ཏེ། དེ་ཉིད་ཀྱི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་གཞན་དག་སྟེ། དེའི་གསང་བ་ནི་དེའི་བདག་པོ་ཉིད་ད། དེའི་དངོས་གྲུབ་སྟེར་བའོ་ཞེས་པ་བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཐམས་ཅད་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་ཏེ། དེ་རྣམས་འབྱུང་བ་ནི་གང་ལས་སྐྱེས་པ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དཀྱིལ་འཁོར་ཐམས་ཅད་ནི་སྔར་བཤད་པའི་སྐུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཏེ། དེ་དག་གི་གསང་བ་ནི་ས་བོན་རྣམས་ཉིད་ཀྱི་སྐུ་ལས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་ཏེ། དེའི་སྔགས་ནི་གསང་བར་སྨྲ་བ་དང༌། སྙིང་པོ་ནི་དེ་དག་ཉིད་བསྐྱེད་པའི་ས་བོན་དང༌། མདོར་ན་ཐིག་སྐུད་བྱིན་གྱིས་བརླབ་པའི་ཕྱིར་ཏེ། ཡི་གེའི་ཚིག་ནི་དཀྱིལ་འཁོར་བསྐྱེད་པ་བསྟན་པ་ཉིད་ཀྱི་ཕྱིར་རོ། །ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བ་ནི་ཡི་གེ་རྣམས་ཀྱིས་རྡོ་རྗེ་ཐིག་ནི་དེ་བཞིན་གཤེགས་པའི་ཐིག་སྐུད་དང༌། ཚོན་རྩི་ནི་ཚོན་རྣམས་པ་ལྔ་སྟེ། དེ་དག་བྱིན་གྱིས་བརླབས་པ་ལ་གང་བ་པར་བྱའོ། །སྔགས་ཀྱི་སེམས་དཔའ་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པས་གལ་ཏེ་དེ་ལྟར་བྱེད་ན། དེའི་ཚེ་བྱང་ཆུབ་རྙེད་པར་མི་དཀའ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དངོས་གྲུབ་རྙེད་པར་སླ་བའི་ཞེས་སྟོན་ཏོ། །དེའི་ཕྱིར་དམ་ཚིག་ནི་དཀྱིལ་འཁོར་ཏེ། དེ་ཉིད་ཀྱི་ཚུལ་ནི་ཐིག་གདབ་པ་ལ་སོགས་པའི་ལས་གང་གིས་ཤེས་པ་དེས་བདག་ཉིད་སྔགས་ཀྱི་ལྷ་ནི་རང་གི་ཡི་དམ་གྱི་ལྷ་བསྒོམ་པ་དང༌། སྒྲུབ་པ་པོ་ལ་ཡང་རྣམ་སྣང་ལ་སོགས་པས་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་རྣམ་པར་བརྟག་པ་ནི་བྲི་བར་བྱའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། རྒྱལ་ཆེན་རྣམ་པར་སྣང་མཛད་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམས་ལ། ཁྲུས་མཁན་མོ་ཡང་ལྷ་མོ་སྤྱན་གྱི་རང་བཞིན་དུ་བསྒོམ་པར་བྱ་བ་གང་ཡིན་པ་དེ་ནི་སྐུའི་


DTG029_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་བསྐྱེད་པ་ཡིན་ལ། གནས་ནི་གནས་པར་གྱུར་པའི་བསམ་གཏན་ནོ། །གང་གི་ཕྱིར་སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དང་ལྷ་མོ་སྤྱན་གྱི་བདག་ཉིད་དེ། དེའི་ཡོན་ཏན་ནི་དེ་ཉིད་ཀྱི་ས་བོན་བྱིན་གྱིས་བརླབས་བ་ལ་སོགས་པ་སྟེ། དེ་རྣམས་ཐོབ་པར་བྱེད་པས་ན་དེ་བཞིན་དུ་ཤེས་པར་བྱའོ། གསུང་གི་དཀྱིལ་འཁོར་བྲི་བར་འདོད་ན། དེའི་རང་གི་བདག་ཉིད་རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་བསམས་ལ། རང་གི་ཆོས་མ་ནི་གར་མཁན་གྱི་བུ་མོ་གོས་དཀར་མོའི་རང་བཞིན་དུ་བསྒོམས་ལ། ཐིག་སྐུད་འཛིན་པ་དེ་ཉིད་ཀྱིས་བྱའོ། །སྔགས་རྣམས་ཐམས་ཅད་ནི་པདྨའི་རིགས་ཅན་ཏེ། དེ་དག་གི་གསང་བ་ནི་གསང་བའི་སྒོམ་པ་སྟེ། དེ་ཉིད་རབ་ཏུ་རྟག་པ་ནི་མི་འགྱུར་བའི་འབྲས་བུ་སྟེར་བར་བྱེད་པའོ། ཐུགས་ཀྱི་དཀྱིལ་འཁོར་བྲི་བར་འདོད་ན། དེའི་ཚེ་རྡོ་རྗེ་སེམས་དཔའ་ནི་རིགས་བདག་ཉིད་མི་བསྐྱོད་པར་བསམ་ལ། གདོལ་པའི་བུ་མོ་མཱ་མ་ཀཱིའི་རང་བཞིན་དུ་བསམས་ཏེ་དེ་ཉིད་ཀྱིས་ཐིག་སྐུད་འཛིན་པར་བྱའོ། །སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལྟར་བྱས་ནས་ཡིད་ལ་དབང་བ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་ཉིད་གཤེགས་ནས་དཀྱིལ་འཁོར་བྲི་བ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། རབ་ཏུ་དགྱེས་པར་གྱུར་པ་ནི་སྒྲུབ་པ་པོ་ལ་དགྱེས་པར་གྱུར་པ་སྟེ། ཕུལ་དུ་བྱུང་བའི་ཚིག་གོ །སྔགས་ཀྱི་སེམས་དཔས་བྱ་བ་ནི། །ཞེས་བྱ་བ་ལ་སོགས་པ་ནི་དེའི་རྗེས་ལ་རང་གི་སྙིང་ག་ལས་གནོད་མཛེས་ཀྱི་རྒྱལ་པོ་སྤྲོས་ཏེ། ཁྲོ་བོའི་རྒྱལ་པོ་དེ་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ནི་ནམ་མཁའ་ལ་བཞུགས་པ་རྣམས་དགུག་ཅིང་དཀྱིལ་འཁོར་ལ་ཞུགས་ཏེ། དེ་རྣམས་ཀྱིས་བཞུགས་ལ་ཙནྡན་ལ་སོགས་པས་ཐིག་ལེའི་ངོ་བོར་བྱས་ལ་དེ་རྣམས་མཆོད་པར་བྱའོ། །དེ་ལ་དུས་གསུམ་ནི་དུས་མཚམས་གསུམ་ལ་ཐིག་གདབ་པ་དང་དམ་ཚིག་མཆོད་པ་ནི་བླ་ན་མེད་པའི་མཆོད་པ་བྱའོ། །གང་ལ་ཞེ་ན། རྡོ་རྗེ་གསུམ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་དྲི་མ་མེད་པའི་དཀྱིལ་འཁོར་ལའོ་ཞེས་སྟོན་ཏོ། །གང་གིས་ཤེ་ན། རྡོ་རྗེ་གསུམ་གྱི་སྦྱོར་བ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་སྒྲུབ་པ་པོས་སོ། །དེ་ལྟར་བྱས་ན་སྔགས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་དཀྱིལ་འཁོར་དེ་ལ་རབ་ཏུ་ཞུགས་པ་ནི་བྱིན་གྱིས་བརླབས་པར་


DTG029_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྱུར་རོ། །སྔགས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། མཆོད་པའི་འོག་ཏུ་དཀྱིལ་འཁོར་གྱི་འཁོར་ལོ་ཚིམ་པར་བྱ་བའི་ཕྱིར། གཏོར་མ་ནི་ལྷ་བཤོས་དབུལ་བར་བྱའོ། །དེ་གང་ཡིན་ཞེ་ན། བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ་བཤང་གཅི་ལ་སོགས་པ་ནི་བདུད་རྩི་ལྔས་དབུལ་བར་བྱའོ། །དེ་ལ་ཤུ་ཀྲ་ནི་ཐོ་རངས་ཀྱི་སྐར་མ་བཞིན་དུ་ཁ་དོག་དཀར་པོའི་ལྷ་བཤོས་དང༌། མེ་ཏོག་ལ་སོགས་པ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དབུལ་བར་བྱའོ། །སྔགས་རྣམས་ཀུན་ནི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་ཁ་དོག་ནག་པོ་ལ་སོགས་པའི་ལྷ་བཤོས་ལ་སོགས་པ་དབུལ་བ་ཡིན་ནོ་ཞེས་འདིར་བཤད་པར་བྱའོ། །ཚིམ་པར་གྱུར་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཚིམ་པ་ཀུན་དུ་བཤད་པ་ནི་བཤད་པའི་རྒྱུད་ལས་གསུངས་ཏེ། མ་ལི་ཀ་དང་མལ་ཏི། །ཀུནད་སངས་རྒྱས་ལ་དབུལ་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་དམ་ཚིག་མཆོག་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། གཏོར་མའི་ཆོ་གའི་དམ་ཚིག་འདི་ནི་མཆོད་པའི་བྱ་བ་སྟེ། མཆོག་ནི་ཕུལ་དུ་བྱུང་བ་དང༌། སངས་རྒྱས་བྱང་ཆུབ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་སྟེ། དེ་ཡང་རྫོགས་པར་བྱེད་པའོ། །ཐིག་གདབ་ཅེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཤིན་ཏུ་བསླབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་གདོལ་པ་མོ་དང་ཁྲུས་མཁན་དང་གར་མཁན་གྱི་བུ་མོ་རྣམས་མི་རྙེད་ན་དེའི་ཚེ། བདག་ཉིད་ནི་རྣལ་འབྱོར་པ་ཉིད་ཀྱིས་རང་གི་བདག་ཉིད་རྣམ་པར་སྣང་མཛད་དང༌། སློབ་མ་ཡང་རྡོ་རྗེ་སེམས་དཔའ་འམ། བདུད་རྩི་འཁྱིལ་པར་བསམས་ལ་ཐིག་གདབ་པར་བྱའོ། །དེ་བཞིན་དུ་བདག་ཉིད་ནི་མི་བསྐྱོད་པ་ལ་སོགས་པ་བསྒོམ་པ་དང༌། །སློབ་མ་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོར་བསྒོམ་པར་བྱའོ་ཞེས་དགོངས་པའོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ། ལས་ནི་དོན་ཡོད་གྲུབ་པ་སྟེ། དེའི་གོ་འཕང་ནི་དེའི་རིགས་ཅན་གྱི་བདུད་རྩི་འཁྱིལ་པ་སྟེ་སློབ་མ་དེར་བསམ་པར་བྱའོ། །རང་གི་བདག་ཉིད་ཀྱང་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལས་གང་ཡང་རུང་བའི་རིགས་དང་མཐུན་པའི་སྐུས། དེས་བསྟན་པ་ནི་


DTG029_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱིན་གྱིས་བརླབ་པར་བསམ་པར་བྱའོ། །དེའི་རྗེས་ལ་སངས་རྒྱས་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང༌། རྒྱལ་ཆེན་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་རྡོ་རྗེ་ཐིག་སྐུད་ལ་དགོད་པར་བྱ་སྟེ། ལྷ་མོ་བཞིས་བསྐོར་བའི་དེ་བཞིན་གཤེགས་པ་རེ་རེ་ཐིག་སྐུད་རེ་རེ་ལ་དགོད་པར་བྱའོ་ཞེས་སྟོན་ཏོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཐམས་ཅད་ནི་བྱ་བའི་རྒྱུད་ལ་ཞུགས་པ་རྣམས་ལ་འདི་གསང་བ་ནི་སྦས་པར་བྱའོ། །བགེགས་མེད་པར་དཀྱིལ་འཁོར་བསྒྲུབ་པར་བྱ་བའི་ཕྱིར་རབ་ཏུ་རྨད་དུ་བྱུང་བའོ། །ཐིག་སྐུད་གཅིག་བུ་རྣམས་ཉི་ཤུ་རྩ་ལྔའི་དབྱེ་བས་བསྒོམས་པ་མ་ཡིན་ཏེ། འོན་ཀྱང་ཚོན་རྩི་ཡང་དེ་བཞིན་དུ་བསམ་པར་བྱ་སྟེ། མདོག་གི་དབྱེ་བས་དེ་བཞིན་གཤེགས་པ་རྣམས་ཞུགས་པའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བ་ནི་ཚོན་རྩི་ལ་དེ་རྣམས་དགོད་པ་སྟེ། དེ་ཉིད་བྱང་ཆུབ་བསྒྲུབ་པ་ནི་དཀྱིལ་འཁོར་ལ་བྱིན་གྱིས་བརླབས་པར་བྱའོ་ཞེས་དགོངས་པ་སྟེ་བསྐྱེད་པའི་རིམ་པའོ། །ཡང་ན་དཀྱིལ་འཁོར་བྲི་བའི་དུས་ལ་ནི་འཇུག་པ་ལ་སོགས་པ་སྟེ། དེ་ཉིད་ཀྱི་གོ་འཕང་ནི་གནས་སུ་གྱུར་པའི་ཡི་གེ་གསུམ་སྟེ། དེ་ཉིད་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པས། དེས་བསྟན་པ་ནི་དེའི་རང་བཞིན་ནོ། །སངས་རྒྱས་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་རྒྱལ་མཚན་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྡོ་རྗེའི་ཐིག་སྐུད་ནི་དཀྱིལ་འཁོར་བཞིན་ལ། དགོད་པ་ནི་བརྟག་པར་བྱའོ། །སངས་རྒྱས་ཐམས་ཅད་ནི་རྣལ་འབྱོར་པ་རྣམས་ཏེ། དེ་དག་གི་གསང་བ་ནི་སྦས་པར་བྱའོ། །རབ་ཏུ་རྨད་དུ་བྱུང་བ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་ཀྱི་བཟླས་པའོ། །ཇི་ལྟར་ཞེ་ན། རྣམ་པ་ཉི་ཤུ་རྩ་ལྔ་ནི་དཀྱིལ་འཁོར་རེ་རེ་ལ་ཉིས་བརྒྱ་ཉི་ཤུ་རྩ་ལྔའི་དབྱེ་བས་དགུ་བརྒྱར་བརྟགས་པས་སོ། །སྔགས་ཐམས་ཅད་དེ་ཡི་གེ་གསུམ་གྱི་གསང་བ་ནི་དེ་ཁོ་ན་ཉིད་དོ། །བྱང་ཆུབ་ནི་བྱང་ཆུབ་བསྒྲུབ་པར་བྱེད་པ་སྟེ། ཉིན་མོ་དང་མཚན་མོའི་དབྱེ་བས་བཟླས་ན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །རབ་ཏུ་བྱེད་པ་ལས་ཀྱང༌། ཉིས་བརྒྱ་ཉི་ཤུ་རྩ་ལྔ་ནི། །གོས་དཀར་ལ་སོགས་སླར་བཤད་པའོ། །སྔགས་


DTG029_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སྔགས་རྣམས་ཐམས་ཅད་ནི་དཀྱིལ་འཁོར་རྣམས་ཏེ། དེ་དག་བྲི་བའི་དུས་སུ་རྡོ་རྗེ་ཧཱུཾ་མཛད་ནི་གནོད་མཛེས་ཀྱི་རྒྱལ་པོ་སྟེ། དེ་ཉིད་བསྐུལ་ནས་སྐུ་གསུང་ཐུགས་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གནས་ལྔ་ནི་ཐིག་སྐུད་དང་ཚོན་རྩི་རྣམས་ལ་བསྒོམ་པ་ནི་ཐིམ་པར་བྱའོ། །དེ་ལྟར་བྱས་ནས་རྡོ་རྗེ་མི་ཕྱེད་གསུམ་ནི་སངས་རྒྱས་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་མཛད་པའོ། །གང་ལས་ཤེ་ན་རྡོ་རྗེ་སེམས་དཔའ་ནི་དེས་མཚོན་པའི་དཀྱིལ་འཁོར་དང་བློ་ལྡན་པ་ལ་ནི་རྣལ་འབྱོར་པའོ། །སངས་རྒྱས་ཇི་ལྟ་བུ་ཞེ་ན། འཇིགས་ཤིང་སྐྲག་པ་ནི་ཐུགས་རྗེ་འཁྲུགས་པ་སྟེ། བསྐྱེད་པའི་རིམ་པའོ། །རྡོ་རྗེ་བུམ་པ་ཞེས་བྱ་བ་ལ་སོགས་པ་ལ། ཐིག་གདབ་པ་དང་དཀྱིལ་འཁོར་བྲིས་མ་ཐག་ཏུ་དཀྱིལ་འཁོར་པའི་གྲངས་ཀྱིས་བུམ་པ་རྣམས་གཞག་པར་བྱའོ། །ཡང་ན་བཅུ་ལས་ཉུང་བར་མི་བྱའོ་ཞེས་བྱ་བའི་ཚིག་གིས་བུམ་པ་བཅུ་གཞག་པར་བྱའོ། །ཕྱོགས་དེ་ལ་རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པ་རྣམས་དང༌། ལྷ་མོ་རྣམས་དང༌། བདུད་རྩི་འཁྱིལ་པ་སྟེ། དེ་རྣམས་ཞགས་པ་དང་ལྕགས་ཀྱུ་བསྣམས་པའི་གནོད་མཛེས་ཀྱི་རྒྱལ་པོས་འགུགས་ཤིང་ལྷའི་སྐུའི་ངོ་བོས་བུམ་པའི་ནང་དུ་དགོད་པར་བྱའོ། །དེའི་རྗེས་ལ་སྔགས་ནི་སྐུ་ལ་སོགས་པའི་བྱིན་གྱིས་བརླབས་པ་དང༌། རྒྱུད་ནི་སོ་ཤིང་དང་དབབ་པ་དང་བསྲུང་བ་ལ་སོགས་པས། བདག་པོ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལས་གང་ཡང་རུང་བའི་སློབ་མ་བྱའོ། །རྡོ་རྗེ་སེམས་དཔའ་ནི་དཀྱིལ་འཁོར་པ་ལ་སོགས་པ་ལས་གང་ཡང་རུང་བའི་ལྷའི་སྐུ་སྟེ། དེའི་ཏིང་ངེ་འཛིན་གྱིས་བྱ་བའོ། །གང་གིས་ཤེ་ན། བརྟན་པའི་བློ་ནི་རྡོ་རྗེ་སློབ་དཔོན་གྱིས་སོ། །སྦྱིན་སྲེག་ནི་རྨི་ལམ་མཐོང་བའི་འོག་ཏུ་ཞག་གཉིས་པ་ལ་སྔ་མ་བཞིན་དུ་ཞི་བའི་དོན་དུ་སྦྱིན་སྲེག་བྱའོ། །བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་ཐམས་ཅད་འདོད་པའི་རྣལ་འབྱོར་པས་བདུད་རྩི་ལྔ་ཡང་བསྲེག་པར་བྱའོ་ཞེས་སྟོན་ཏོ། །དེའི་རྗེས་ལ་རྫས་ཐམས་ཅད་ཉེ་བར་བསྡུས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་མོའི་སྙིང་གར་བསམས་ལ། དེའི་ཞལ་ལ། དགང་བླུགས་ཕུལ་ན་དེའི་ཚེ་ཞི་བ་ལ་སོགས་པའི་དངོས་གྲུབ་ཐོབ་པར་


DTG029_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྱུར་རོ། །འདི་སྐད་ཀྱང་གསུངས་སོ་ཞེས་པ་ནི་སྡུད་པ་པོའི་ཚིག་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ །དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། དབང་པོ་ལ་སོགས་སྦྱོར་བ་ནི་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་རྩ་བའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བཟླས་ཤིང་བསྲེག་པར་བྱའོ། །སངས་རྒྱས་ཐམས་ཅད་ནི་སྔགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་ཤིན་ཏུ་འདའ་དཀའ་བ་སྟེ་སྒྲུབ་པའོ། །ཡང་ན་དབང་པོ་གཉིས་ཀྱི་སྦྱོར་བ་ནི་དེ་སྲོག་དང་རྩོལ་བ་སྦྱོར་བ་སྟེ། དེ་ཉིད་ཀྱིས་བརྒྱ་རྩ་བརྒྱད་ནི་བརྒྱད་བརྒྱད་དང་བཅས་པའི་བརྒྱད་དེ་དགུ་བརྒྱའོ། །དེ་ཉིད་དཀྱིལ་འཁོར་རེ་རེ་ལ་སྦྱིན་སྲེག་བྱ་བ་ནི་བཟླས་པར་བྱའོ། །སངས་རྒྱས་ཐམས་ཅད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ནི་བསྒོམ་པའི་རིམ་པ་སྟེ། འདའ་དཀའ་བ་ནི་རྟག་ཏུ་བྱའོ་ཞེས་སྟོན་ཏེ། རྡོ་རྗེ་བཟླས་པའི་རིམ་པའོ། །རྣམ་པར་སྣང་མཛད་སྦྱོར་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། སྐུའི་དཀྱིལ་འཁོར་ལ་རང་གི་བདག་ཉིད་རྣམ་པར་སྣང་མཛད་བསྒོམས་ཏེ། སློབ་མ་ཡང་རྡོ་རྗེ་གསུམ་ལས་བྱུང་བ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་དང༌། ཡི་གེ་ཨཱཿལས་བྱུང་བའི་སྣང་བ་མཐའ་ཡས་བསྒོམས་ལ། ལུས་ངག་སེམས་ནི་དེ་ཉིད་སྐུ་ལ་སོགས་པས་བྱིན་གྱིས་བརླབས་ཤིང༌། རྡོ་རྗེ་ནི་ལེའུ་བཅོ་ལྔ་པ་ལས་གསུངས་པའི་རྡོ་རྗེ་དབབ་པ་ལས། གཟུང་བར་བྱ་བ་ནི་སློབ་མ་དེ་ལ་དེ་ཉིད་བསྐྱེད་པར་བྱའོ། །ཇི་ལྟར་ཞེ་ན། རྡོ་རྗེ་སེམས་དཔའ་ནི་ཡི་གེ་ཧཱུཾ་དང༌། རྣམ་པར་སྣང་མཛད་ནི་ཡི་གེ་ཧ་དང༌། གྲགས་ཆེན་ནི་ཡི་གེ་ཨཱཿ་སྟེ། དེ་རྣམས་སྐུ་གསུང་ཐུགས་ནི་སྙིང་ག་དང་སྤྱི་བོ་དང་ལྐོག་མར་དགོད་པར་བྱའོ། །དམ་ཚིག་ནི་དབབ་པར་བྱེད་པའི་ཡི་གེ་ཛྷཻཾ། དེ་གཉིས་ནི་རྐང་པ་གཉིས་ཀྱི་འོག་ཏུ་དགོད་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་དབབ་པ་དེ་ལ། དཀྱིལ་འཁོར་ཆེན་པོ་ནི་སྐུ་ལ་སོགས་པ་འཇུག་པ་ལ། དམ་ཚིག་གི་རིམ་པ་འདི་ཡིན་ཏེ། རས་དམར་པོས་སློབ་མའི་མིག་བཀབ་པ་ལ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་དེ་ཉིད་ཞུགས་ཤིང་ཁྱོད་གང་ཡིན་ཞེས་བྱ་བ་ལ་སོགས་པས་དྲིས་ལ། རྡོ་རྗེ་སེམས་དཔའ་མངོན་དུ་ཉིད། །ཅེས་བྱ་བ་ལ་སོགས་པས་མིག་ཕྱེ་ལ། དེའི་འོག་ཏུ་སྐུ་གསུང་


DTG029_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་གསོལ་བ་བཏབ་པའི་སློབ་མ་ལ་དབང་བསྐུར་བའི་ཕྱིར་དང༌། རྡོ་རྗེ་སློབ་དཔོན་གྱིས་བསྒོམ་པ་བཤད་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱི་ནམ་མཁའི་ཁམས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དང་པོ་ནམ་མཁའི་ཁམས་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གང་བར་བསམས་ལ། རོལ་མོ་ལ་སོགས་པ་སྣ་ཚོགས་པའི་མཆོད་པ་རྣམས་ཀྱིས་དེ་རྣམས་མཆོད་པར་བྱའོ། །དེའི་རྗེས་ལ་བགེགས་བསྐྲད་པའི་ཕྱིར། ཨོཾ་སརྦྦ་པཱ་པཾ་ད་ཧ་ན་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཡུངས་ཀར་བྱིན་གྱིས་བརླབས་ལ། ཨོཾ་རེ་རེ་ཊི་ཊི་ཕཊ་ཅེས་བྱ་བའི་སྔགས་ཀྱིས་སློབ་མ་ལ་བརྡེགས་ཏེ་རྡུལ་སྤྲོ་བའི་ཆོ་ག་བྱའོ། །དེའི་ཚེ་བདག་ཉིད་ནི་སངས་རྒྱས་ཉིད་ཀྱིས་སློབ་མ་ལ་དབང་བསྐུར་བ་སྟེ། བྱིན་གྱིས་བརླབས་པའི་བདག་ཉིད་ཆེ་བ་བསྟན་ཏོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ལ་སོགས་པ་ལ། དེའི་རྗེས་ལ་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་བུམ་པ་རྣམས་སངས་རྒྱས་ཀྱི་ངོ་བོར་བསྒོམས་ལ། དམ་ཚིག་ནི་ཉེ་བར་སྒྲུབ་པ་པོ་བརྒྱད་པོ་དེ་བཞིན་གཤེགས་པའི་རང་བཞིན་ཅན་རྣམས་ཀྱིས་བུམ་པ་དེ་རྣམས་གཟུང་བར་བསམས་ལ། རྣམ་པར་སྣང་མཛད་ཀྱི་ངོ་བོ་སློབ་མ་ལ་སྐུ་ལ་སོགས་པའི་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་སའི་སྙིང་པོ་ལ་སོགས་པའི་ས་བོན་རྣམས་མིག་ལ་སོགས་པ་ལ་དགོད་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཞེས་བྱ་བ་ནི་བཀོད་མ་ཐག་ཏུའོ། །དབང་བསྐུར་བ་ཐམས་ཅད་ཀྱི་གསང་བ་ནི་སྦ་བར་བྱའོ། །སློབ་དཔོན་ཐམས་ཅད་ནི་སྐུ་རྡོ་རྗེ་འཛིན་པ་ལ་སོགས་པའི་ངོ་བོའི་སློབ་དཔོན་རྣམས་ཀྱི་ཚིག་ཏུ་སྨྲ་བ་ནི་ཚིགས་སུ་བཅད་པའོ། །སངས་རྒྱས་རྣམས་ཞེས་བྱ་བ་ལ་སོགས་པ་ལ། དབང་བསྐུར་ཁྱོད་ལ་སྦྱིན་པར་བྱའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ནོ། །ཡང་ཇི་ལྟ་བུ་ཞེ་ན། ཁམས་གསུམ་དག་ནི་ཁམས་གསུམ་ན་བཞུགས་པའི་དེ་བཞིན་གཤེགས་པའི་ཚོགས་ཀྱིས་ཕྱག་བྱས་པ་ནི་མངོན་དུ་འདུད་པའོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསང་བ་གསུམ་ནི་སྐུ་ལ་སོགས་པ་ལས་འབྱུང་བ་ནི་བསྐྱེད་པའོ་ཞེས་སྟོན་ཏོ། །དེ་ལ་ཞེས་


DTG029_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་བླ་མས་གསུངས་མ་ཐག་ཏུའོ། །སློབ་མ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ལ་ཞུགས་པའི་བསྒྲུབ་བྱ་རྣམས་ཀྱིས་རྡོ་རྗེ་ཆེན་པོ་ནི་བླ་མ་ལ། གསོལ་བ་ནི་དབང་བསྐུར་བའི་ཕྱིར་གསོལ་བ་གདབ་པ་སྟེ། དེ་ཉིད་ཀྱི་ཕྱིར་ཆོ་ག་ནི་ཚིག་སྟེ། དེ་ཉིད་སྒྲས་པའི་ཕྱིར་གསང་བའོ། །བྱང་ཆུབ་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས། སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པ་ལ། མཆོད་ཆེན་ནི་དབང་བསྐུར་བ་ཇི་ལྟར་སྩལ་པ་དེ་བཞིན་དུ། ནམ་མཁའ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གྱི་སློབ་མ་ལ། བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ཞེས་པ་ནི་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་དེ་ཉིད་བདག་ལ་སྩོལ་ཅིག་པའོ། །དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ལ་སློབ་མ་དེས་གསོལ་བ་བཏབ་པས། རབ་ཏུ་དགྱེས་པ་ནི་བླ་མ་དེས་རབ་ཏུ་དགྱེས་ཤིང་སློབ་མ་དེ་ལ་དབང་བསྐུར་བ་སྩོལ་པའོ། །དབང་བསྐུར་མ་ཐག་ཏུ་ཚངས་པའི་བུ་ག་ལས་ཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚོགས་ཞུ་ཞིང༌། ལྷའི་གཟུགས་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་སེམས་དཔའ་སྟེ། དེའི་སྙིང་གར་བསྒོམ་པར་བྱའོ། །དེའི་རྗེས་ལ་གཞི་དང་གཞི་ཅན་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་མཉམ་པ་ཉིད་ཀྱིས་གྲུ་བཞི་པ་ཞེས་བྱ་བ་ལ་སོགས་པས་བསྟན་པར་བྱའོ། །གང་ལ། རྡོ་རྗེའི་སློབ་མ་བློ་ལྡན་ལ། །ཞེས་པ་ནི་ཏིང་ངེ་འཛིན་དང་ལྡན་པའི་སློབ་མ་ལའོ། །དེའི་རྗེས་ལ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་སྟེ་དེའི་རང་བཞིན་གྱི་དམ་ཚིག་རྣམས་ནི་སྔར་བཤད་པའི། ཁྱེད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་བྱ་བ་ལ་སོགས་པས་དམ་ཚིག་བཞི་པོ་བསྒྲང་པར་བྱ་བ་ནི་ཉན་དུ་གཞུག་པར་བྱའོ། །རྡོ་རྗེའི་ལམ་ནི་འདི་དག་གིས། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་ལམ་ནི་རྡོ་རྗེ་ཚུལ་ལས་གསུངས་པའི་དམ་ཚིག་གི་ཚོགས་ཀྱིས། སེམས་ཅན་ཐམས་ཅད་ནི་སློབ་མ་རྣམས་བསྐུལ་བ་ནི་ཉན་དུ་གཞུག་པར་བྱའོ། །དེའི་ཚེ་སངས་རྒྱས་ཐམས་ཅད་ནི་དེ་དག་གི་ངོ་བོ་དང༌། མཆོག་ཏུ་བརྟག་པ་ནི་ཕྱིར་མི་ལྡོག་པར་འགྱུར་རོ། །སྔགས་ཀྱིས་བསྐུལ་བ་ཞེས་བྱ་བ་ལ་སོགས་པ་ལ། ཕྱིར་མི་ལྡོག་པའི་འོག་ཏུ་སློབ་མ་དེ་ལ་སྔགས་ཀྱང་སྦྱིན་པར་བྱའོ། །


DTG029_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟར་ཞེ་ན། སྔགས་ཀྱིས་བསྐུལ་བ་སྨྲ་བ་ཡིས། །ཞེས་པ་ལ་སྔགས་ནི་སྙིང་པོ་དང༌། བསྐུལ་བ་ནི་ཉེ་བའི་སྙིང་པོ་དང༌། སྨྲས་པ་ནི་ཕྲེང་བའི་སྔགས་ཏེ། དེ་རྣམས་ཀྱང་སྦྱིན་པར་བྱའོ། །སྔགས་ཀྱི་རྒྱལ་པོས་ཏིང་འཛིན་དང༌། ཞེས་བྱ་བ་ལ་སོགས་པ་ལ། སྔགས་དང་མཐུན་པའི་ཏིང་ངེ་འཛིན་ནི་ལྷའི་སྐུ་སྒོམ་པ་སྦྱིན་ལ། གསང་བའི་དབང་སྦྱིན་པའི་ཕྱིར་བརྩམ་པར་བྱའོ། །ཁུ་བ་བཤང་གཅི་ལ་སོགས་ནི་བདུད་རྩི་རྣམས་ཀྱང་སྔ་མ་བཞིན་དུ་བྱིན་གྱིས་བརླབས་ལ་སློབ་མ་ཟ་རུ་གཞུ་ག་པར་བྱའོ། དེ་ལྟར་བྱས་ན་དངོས་གྲུབ་རྙེད་མི་དཀའ་ནི་དེའི་དུས་སུ་བརྩམས་ཏེ་དེ་ནི་རྟོགས་པ་མེད་པས་ཞེས་བྱ་བ་ལ་སོགས་པ་བཞིན་དུའོ། །རྣམ་པ་འདི་བཞི་ཞེས་བྱ་བ་ལ་སོགས་པ་ལ། དེའི་རྗེས་ལ་གསང་བའི་དབང་ཐོབ་པས་ཤེས་རབ་དང་ཤེས་རབ་ཡེ་ཤེས་སྟེར་བར་བྱའོ། །གསང་ཆེན་ནི་ཤིན་ཏུ་བསླབས་པ་དང་འདུས་བྱས་པའི་ཕྱག་རྒྱ་མ་དེ་ཉིད་དོ། །དེའི་རྗེས་ལ་དེ་དང་སྙོམས་པར་ཞུགས་པ་ལས་བྱུང་པའི་བདེ་བ་ཆེན་པོ་ཉེ་བར་མཚོན་པའི་ཕྱིར། རྡོ་རྗེ་ཅན་ཀུན་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་པ་རྣམས་ཀྱི་གསང་བ་ནི་རོ་གཅིག་པར་གྱུར་པའི་དེ་ཁོ་ན་ཉིད་བསྟན་པར་བྱའོ། །དེ་ནས་རིག་པའི་བརྟུལ་ཞུགས་སྦྱིན་པར་བྱ་བའི་དོན་དུའོ། །བུད་མེད་ཀྱི་གཟུགས་ནི་རིག་མ་སྟེ། བླ་མའི་གཡོན་ཕྱོགས་སུ་བཞག་ཅིང༌། སློབ་མ་གཡས་ཕྱོགས་སུ་བཞག་ལ། དེ་དག་གི་དབུས་སུ་གནས་པས། སྔགས་ཀྱི་འཁོར་ལོ་ནི་སྔགས་ཀྱི་སྐུ་དང་ལྡན་པ་དེས་གཉིས་ཀའི་ལག་པ་གཟུང་ཞིང་སེམས་ཅན་གྱི་དོན་གྱི་སྤྱོད་པ་བྱ་བའི་ཕྱིར་གནང་བ་ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་ལྷ་མོ་འདི་དག་ལྷན་ཅིག་གནས་པར་གྱིས་ཤིག་ཅེས་བསྟན་པར་བྱའོ། །དེ་ནས་དམ་ཚིག་ཆེན་པོ་རྟག་ཏུ་སྤྱོད་པའི་ཕྱིར་སྦྱིན་པར་བྱ་སྟེ། གླང་པོའི་ལྕགས་ཀྱུ་ལ་སོགས་པ་ལྔ་དཀྱིལ་འཁོར་ལ་ཕུལ་ཞིང་བཟའ་བར་བྱའོ། །དེ་ལྟར་ན་སྔ་མ་བཞིན་དུ་དངོས་གྲུབ་ཐོབ་བོ། །དེ་ནས་སློབ་མ་ལ་ཡིད་ཆེས་པ་བསྟན་པར་བྱ་སྟེ། ཨོཾ་ལ་སོགས་པ་ཡི་གེ་གསུམ་གྱིས་བཤང་གཅི་ལ་སོགས་པ་དཀྱིལ་འཁོར་ལ་བཞག་ཅིང་སྦྱང་བ་ལ་སོགས་པའི་རིམ་གྱིས་འབར་བ་བསྟན་ལ། དེའི་ཚེ་སློབ་མ་ཡིད་ཆེས་པར་གྱུར་པས་དེ་བཞིན་དུ་སྤྱད་དོ། །སྔགས་


DTG029_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་རིགས་ཆེན་པོ་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཏེ། དེ་རྣམས་ཀྱི་སྐྱེས་བུ་ནི་བདག་པོ་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་གསུངས་སོ། །དེ་བཞིན་དུ་ཀྱེ་བུ་དེ་རིང་ནས་བརྩམས་ཏེ་སྔར་བཤད་པའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དང༌། དེ་རྣམས་ཀྱི་རྒྱུར་གྱུར་པའི་དམ་ཚིག་ཆེན་པོ་ནི་བདུད་རྩི་བཟའ་བ་ལ་སོགས་པ་སྟེ། དེ་རྣམས་ཐམས་ཅད་ནན་ཏན་གྱིས་ཁྱོད་ཀྱིས་བསྒྲུབ་པར་བྱའོ། །དེ་ལྟར་བྱས་ན་ཉིད་ཅེས་པ་ནི་མངོན་སུམ་དུ་ཚེ་འདི་ཉིད་ལ། སངས་རྒྱས་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །གཅིག་པུ་དེ་རྣམས་སྒྲུབ་པ་མ་ཡིན་གྱི། འོན་ཀྱང་འཇིག་རྟེན་གྱི་དངོས་གྲུབ་རྣམས་ཀྱང་འགྲུབ་པར་འགྱུར་ཏེ། དཔེར་ན་མི་སྣང་བ་ནི་སྣང་བར་མི་འགྱུར་བ་དང༌། སྟོབས་ནི་གླང་པོ་ཆེ་དགུ་སྟོང་གི་སྟོབས་དང༌། བརྩོན་འགྲུས་ནི་ས་འགུལ་བ་ལ་སོགས་པ་དང༌། རྡོ་རྗེ་དགུག་པ་ནི་ལྷའི་བུ་མོ་ལ་སོགས་པ་དགུག་པ་སྟེ། དེའི་ལྷའི་བུ་ལ་སོགས་པའི་དངོས་གྲུབ་རྣམས། དཀྱིལ་འཁོར་ནི་སེམས་ཅན་གྱི་ཁམས་ལ་ཁྱོད་ཀྱིས་འགྲུབ་པར་འགྱུར་རོ། །རྡོ་རྗེ་སྐུ་ཡི་བཀའ་བཞིན་དུ། །ཞེས་པ་ནི་བདེན་པའི་ཚིག་གོ །བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་རི་ལུའི་དངོས་གྲུབ་ཀྱང་ཁྱེད་ཀྱིས་བསྒྲུབ་པར་བྱའོ། །ཚེས་བརྒྱད་པའམ་བཅུ་བཞི་ལ་སོགས་པའི་བཤང་བ་ལ་བདུད་རྩི་ལྔའི་རི་ལུ་ཁམ་ཕོར་ཁ་སྦྱོར་གྱི་ནང་དུ་བསྒྲུབས་ལ། རྒྱ་ཤུག་གི་འབྲས་བུའི་ཚད་ཙམ་དེ་ཉིད་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཡི་གེ་དགུ་པ་བཟླས་ཤིང་ཉིན་རེའམ་ཟླ་བ་རེ་རེའམ་ལོ་རེ་རེ་ཟོས་ན་དེའི་ཚེ། སངས་རྒྱས་ཀུན་དང་ལྷན་ཅིག་ཏུ་འཁོད་པར་འགྱུར་བ་ནི་མཁའ་སྤྱོད་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ །ཏིང་ངེ་འཛིན་གཞན་གྱིས་ཀྱང་དངོས་གྲུབ་སྒྲུབ་པའི་ཐབས་བཤད་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་པ་ནི་དཀྱིལ་འཁོར་གྱི་ལས་རྫོགས་པ་དང༌། དབང་བསྐུར་གྱི་བྱ་བ་རྫོགས་པས། གསང་བ་ཐམས་ཅད་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་ཀྱི་གང་ཞིག་མངག་གཞུག་པ་ནི་གཤིན་རྗེ་གཤེད་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྒྲུབ་པ་ཆེན་པོ་བསྒོམ་


DTG029_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་སྔོན་དུ་འགྲོ་བའི་བསྐུལ་བ་སྟེ། དེའི་ཚིག་ནི་ས་བོན་གྱི་ཡི་གེ་རྣམས་ཏེ། དེ་ལ་སྒྲུབ་པའི་མཆོག་ནི་མངག་གཞུག་པའི་གཟུགས་སོ། །དེ་ཉིད་བཤད་པར་བྱ་སྟེ། ཧྲཱིཿནི་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ལ་འབར་བས་འཁྲུག་པའི་ཡི་གེ་ཧྲཱིཿབྶམྶ་ལ། །དེའི་རྗེས་ལ་ནམ་མཁའི་དབྱིངས་དེ་ཉིད་སངས་རྒྱས་ཀུན་གྱིས་ཡོངས་སུ་གང་བ་བསྒོམས་ཏེ། སྐུ་གསུང་ཐུགས་ཀྱི་ངོ་བོ་སངས་རྒྱས་དེ་རྣམས་ཡི་གེ་ཧྲཱིཿདེ་ལ་འཇུག་པར་བྱ་སྟེ། དེའི་སེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་གྱུར་པའོ། །དེ་ལ་ཞེས་པ་ནི་སྔགས་ཐམས་ཅད་ཀྱི་བདག་ཉིད་ས་བོན་དེ་ལ་སྐུ་གསུང་ཐུགས་ཀྱི་སྔགས་བྱིན་གྱིས་བརླབས་པ་ལ། གནས་ནི་གཡོ་བར་མི་འགྱུར་བ་དེ་རྣམས་འཇུག་པར་བྱའོ། །ཨ་ཁཾ་དྷཱི། དེ་རྣམས་ཞུགས་ཤིང་ས་བོན་དེ་ཡོངས་སུ་གྱུར་པས། ཕྱག་ན་རྡོ་རྗེ་ལ་སོགས་པ་ནི་བདུད་རྩི་འཁྱིལ་པ་ལ་སོགས་པའི་མངག་གཞུག་རྣམས་རིགས་དང་མཐུན་པར་བསྒོམ་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་མངག་གཞུག་པ་དེ་རྣམས་བསྐྱེད་པས། གསང་བའི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་གནས་སུ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་ས་བོན་རྣམས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་སོགས་པ་ལ་བཞུགས་པའི་རྡོ་རྗེ་ལ་སོགས་པའི་སྐུའི་རང་བཞིན་གྱི་རང་གི་བདག་ཉིད་བསྒོམ་པར་བྱའོ། །དེའི་རྗེས་ལ་སྡུག་བསྔལ་ཆེན་པོ་ནི་སྙིང་རྗེ་དང་ལྡན་པའི་རང་གི་སེམས་ཀྱིས་མངག་གཞུག་པ་དེ་རྣམས་བསྐུལ་བར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་ལྷའི་སྐུ་དེ་རྣམས་རྫོགས་པས། རྡོ་རྗེ་སེམས་ནི་མངག་གཞུག་པ་དེ་རྣམས་བསྐུལ་བ་ནི་དགུག་པའི་ཕྱིར། སྙིང་པོའི་ས་བོན་ཏེ་ཡི་གེ་ཨཱའོ། །གསུང་གི་དབང་ཕྱུག་གི་ས་བོན་དེས་བཀའ་འཇུག་པ་རྣམས་བསྐུལ་བར་བྱའོ། །དེའི་ཚེ་དེ་རྣམས་རྩེ་གསུམ་ལ་སོགས་པའི་སྣ་ཚོགས་པའི་མཚོན་ཆ་འཛིན་ཅིང་འགྲོ་བས་ལྷའི་བུ་མོ་ལ་སོགས་པ་དང༌། རྫུ་འཕྲུལ་བརྒྱད་སྒྲུབ་པ་པོ་ལ་སྒྲུབ་པར་བྱེད་དོ། །གཞན་ཡང་ཇི་སྲིད་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་འགྲུབ་པར་བྱེད་པ་སྟེ། ཕུལ་དུ་བྱུང་བའི་ཚིག་གོ །དེ་སྐད་ཅེས་ཀྱང་གསུངས་སོ་ཞེས་ཉེ་བར་བསྡུ་བས་ཏེ། བསྐྱེད་པའི་རིམ་པའོ། །


DTG029_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཡུལ་དང་དུས་ཀྱི་བྱེ་བྲག་བཤད་པར་བྱ་བའི་ཕྱིར། ཉམས་དགའ་བ་ཡི་རི་དག་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་བོ་ལ་སོགས་པའི་གནས་དེ་རྣམས་རྣམ་པར་དབེན་པའི་ཕྱིར་དངོས་གྲུབ་ཀྱི་གནས་ཡིན་ཏེ། དེ་རྣམས་དངོས་གྲུབ་བསྒྲུབ་པར་བྱའོ། །མངག་གཞུག་པའི་དངོས་གྲུབ་འདི་ནི་ཟླ་བ་ཕྱེད་ཀྱི་བར་རམ། ཟླ་བ་ཕྱེད་པོ་རྫོགས་པས་འགྲུབ་པ་སྟེ། སངས་རྒྱས་ཀྱང་ཐོབ་པར་འགྱུར་རོ། །འདིས་ནི་འདི་བཤད་པ་ཡིན་ཏེ། མངག་གཞུག་པའི་སྒྲུབ་པ་པོས་རེ་ཞིག་འཇིག་རྟེན་པའི་དངོས་གྲུབ་མངོན་དུ་འགྱུར་ཏེ། གང་གི་ཚེ་ལེའུ་བཅུ་པ་ལས་གསུངས་པའི་རིག་པས་དྲག་ཤུལ་གྱི་རྣལ་འབྱོར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནུས་པས་དགུག་ཅིང་རང་གི་བདག་ཉིད་ལ་ཞུགས་པར་གྱུར་པ་དེའི་ཚེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པའི་རྡུལ་ཕྲ་རབ་ཀྱིས་ཡོངས་སུ་རྫོགས་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་ཕན་ཡོན་བཤད་པར་བྱ་སྟེ། རི་རབ་སུམ་ཅུ་རྩ་དྲུག་གི །ཞེས་བྱ་བ་ལ་སོགས་པ་ལ། རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲ་རབ་དང་མཉམ་པའི་འཁོར་གྱི་ཚོགས་ནི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་བུ་མོ་རྣམས་རྣལ་འབྱོར་པ་དེའི་བཀའ་བཞིན་བྱེད་ཅིང་ཡོངས་སུ་བསྐོར་ནས་གནས་པར་འགྱུར་རོ། །དེ་བཞིན་དུ་འདོད་པ་ཇི་ལྟ་བ་བཞིན་དུ་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་ཞིང་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལས། ཟབ་མོའི་ཆོས་ནི་སྔགས་ཀྱི་ཚུལ་གྱིས་ཆོས་ཐོས་ནས་སངས་རྒྱས་ཀྱིས་ཐོབ་པར་འགྱུར་རོ། །དམ་ཚིག་ཆེན་པོ་ནི་མངག་གཞུག་པའི་སྒྲུབ་པ་སྟེ། དེ་ཉིད་རྡོ་རྗེ་ནི་བསྟན་པ་སྟེ། དེ་ཉིད་བཤད་པ་ནི་ངོ་མཚར་བར་བྱེད་པའི་ལས་གང་ལས་བྱུང་བ་དེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏེ་ཞེས་པ་དང་སྦྱར་ཏེ་བསྐྱེད་པའི་རིམ་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་མངག་གཞུག་པའི་སྒྲུབ་པ་ལ། མངག་གཞུག་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ནི་རིགས་ཀྱི་དབྱེ་བ་ལ་གནས་པ་དེ་རྣམས་ཀྱི་རང་རང་གི་བདག་པོ་དེ་རྣམས་ལས་འབྱུང་བའི་གསང་བ་ནི་བཀའ་སྩལ་པའི་རྣམ་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་


DTG029_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་དེ་བཞིན་གཤེགས་པའི་རིགས་དང་རྗེས་སུ་འགྲོ་བས་རང་གི་བདག་ཉིད་བསམས་ཏེ། དེ་རྣམས་ཀྱི་རིགས་དང་མཐུན་པའི་མངག་གཞུག་པ་རྣམས་བསྐུལ་བར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞིས་པ་ནི་སྐུ་དེ་རྣམས་རྫོགས་པས། རྡོ་རྗེ་ནི་མི་སྐྱོད་པ་དང༌། ཡེ་ཤེས་ནི་སྣང་བ་མཐའ་ཡས་དང༌། འཁོར་ལོ་ནི་རྣམ་པར་སྣང་མཛད་དང༌། སྔགས་ནི་རིན་ཆེན་འབྱུང་ལྡན་དང༌། དམ་ཚིག་ནི་དོ་ཉོད་གྲུབ་པ་སྟེ། བདག་པོ་ཉིད་དུ་གྱུར་པ་དེ་རྣམས་ཀྱི་གནས་ནི་བཀའ་སྩལ་པའི་རང་བཞིན་གྱིས་གསུང་ངོ༌། །དམ་ཚིག་མངག་གཞུག་པ་སྐྱེད་པར་བྱེད་པའི་ས་བོན་ཏེ་ཡེ་གེ་ཨཱོ། །དེ་ཉིད་བསྐུལ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པར་བྱས་ལ། མངག་གཞུག་པའི་རྣམ་པ་མཐོང་པའོ། །མངག་གཞུག་པའི་རྣམ་པ་མཐོང་པས་དམ་ཚིག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ངོ་བོ་དགུག་པ་བརྩམས་པར་བྱ་བའི་ཕྱིར་གཏོང་པ་ནི་དེ་རྣམས་ལ་བཀའ་སྩལ་པ་སྟེ། སྒྲུབ་པ་པོའི་ལས་གཉིས་སོ། །དེའི་རྗེས་ལ་མངག་གཞུག་པ་དེ་རྣམས་ཀྱིས་སྒྲུབ་པ་པོའི་བཀའ་ཉན་བྱེད་ཅིང༌། བསྒྲུབ་བྱ་དེ་རྣམས་ལ་དམ་ཚིག་འབོད་པའི་འདུམ་པས་དངོས་གྲུབ་གཉེར་པ་སྟེ། བདག་ཅག་ལ་འདོད་པ་གསོལ་ཅིག་ཅེས་ཚིག་གིས་སོ། །གལ་ཏེ་དེ་རྣམས་ཀྱིས་མངག་གཟུག་པའི་ཚིག་མི་ཉན་ན་དེའི་ཚེ། དྲག་ཤུལ་གྱིས་ཚིག་ནི་བསྒྲུབ་པ་དེ་རྣམས། །བཅིངས་པ་ནི་དགུག་པ་སྔོན་དུ་འགྲོ་བར་བཅིངས་ཤིང་བདག་པོའི་མདུན་དུ་ཕྱིན་པར་བྱེད་པ་སྟེ། མངག་གཞུག་པའི་ལས་གཉིས་སོ། །མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་བྱས་ནས་མཁའ་དབྱིངས་ནི་མཁའ་དབྱིངས་ནི་ནམ་མཁའི་དབྱིངས་ཏེ། རྒྱ་ཆེན་ནི་ས་ལ་སོགས་པའི་བྱེ་བྲག་དང་བྲལ་པ་དང༌། དག་པ་ནི་གཟུགས་མེད་པ་དང༌། ཆོས་རྣམས་ཐམས་ཅད་ནི་ཐོགས་པ་དང་བཅས་པ་ལ་སོགས་པའི་ཆོས་དང་སྤངས་པ་སྟེ། དེ་ཡང་མངག་གཞུག་པ་དེ་རྣམས་ཀྱིས་གོང་བུའི་ཚུལ་དུ་བྱེད་པ་ནི་རི་བོ་བཞིན་དུ་བྱེད་པ་སྟེ། དངོས་གྲུབ་གཞན་རྣམས་སྨོས་ཅིང་དགོས་ཞེས་ངོ་མཚར་པ་གསུངས་པས་བདག་ཉིད་ཆེ་པ་བསྟན་ཏོ། །སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་


DTG029_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་བུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ངོ་བོ་གཅིག་པའི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་སྡུད་པ་པོའི་ཚིག་སྟེ་སྐྱེད་པའི་རིམ་པའོ། །ད་ནི་དབང་དུ་བྱེད་པ་བཤད་པར་བྱ་བའི་ཕྱིར། སངས་རྒྱས་རྡོ་རྗེ་སེམས་དཔའ་རུང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་དང༌། རྡོ་རྗེ་མི་བསྐྱོད་པའི་རྣལ་འབྱོར་པ་དང༌། སེམས་དཔའ་ནི་སྣང་བ་མཐའ་ཡས་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་གལ་ཏེ་བསྒྲུབ་བྱ་དབང་དུ་གྱུར་པར་འདོད་ན་དེའི་ཚེ། །རྡོ་རྗེ་གསུམ་ནི་སངས་རྒྱས་གསུམ་སྟེ། དེ་དག་གི་མཆོག་འཛིན་ནི་མི་བསྐྱོད་པའི་རིགས་ཏེ། དབང་དུ་བྱེད་པ་ལ་ནུས་པ་དང་ལྡན་པའི་ཕྱིར་ཕྱེ་པ་དང༌། བསྟན་པར་མི་བྱ་བའི་ཕྱིར་གསང་པ་ཆེན་པོ་སྟེ། རྡོ་རྗེ་འཆང་པ་ནི་དེ་ཉིད་རྡོ་རྗེ་ལུས་མེད་པ་ཞེས་བྱ་བའི་རྣམ་གྲགས་གཞན་ཡོད་པ་བསམ་པར་བྱའོ། །དེ་ལ་ནམ་མཁའི་རྡོ་རྗེ་ནི་རང་གི་རིག་མའི་པདྨའི་ལྟེ་པ་སྟེ། དེའི་དབུས་སུ་ཡི་གེ་མཾ་ལས་བྱུང་པའི་རང་གི་བདག་ཉིད་འཇམ་པའི་རྡོ་རྗེ་བསམ་པར་བྱ་སྟེ། སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་པ་དང་གྱོན་པ་ནི་ནག་པོ་དང་དཀར་པོ་སྟེ། ཕྱག་ལྔ་ལ་སྨྱོ་བྱེད་དང༌། མྱོས་བྱེད་དང༌། རྨོངས་བྱེད་དང༌། གདུང་བྱེད་དང༌། སྐེམ་བྱེད་དེ་མདའ་ལྔ་འཛིན་པ་དང༌། མདའ་དེ་རྣམས་ཀྱང་གྲོ་ནི་ཡི་གེ་ཨོཾ་གྱིས་བརྒྱན་པ་དང༌། བར་སྨྱུག་མ་ནི་ཡི་གེ་ཨཱཿ་ཡིས་བསྐྱེད་པ་དང༌། མདེའུ་ནི་ཡི་གེ་ཧཱུཾ་གྱིས་སྐྱེད་པ་སྟེ། ཁ་དོག་དམར་པོ་དང་ཡི་གེ་གསུམ་གྱིས་གསུམ་ལ་བྱིན་གྱིས་བརླབས་པ་དེ་རྣམས་འཛིན་པ་དང༌། ཕྱག་གྱོན་པའི་གཅོ་པོས་དེ་བཞིན་དུ་བསྐྱེད་པའི་གཞུ་འཛིན་པ་དང༌། སྤྱི་བོར་མི་བསྐྱོད་པས་བྱིན་གྱིས་བརླབས་པ་སྟེ། དེ་ལྟ་བུའི་རང་གི་བདག་ཉིད་བསམས་ལ། གཞུའི་མཐའ་གཉིར་བར་གྱི་ཆ་རྣམས་མདའ་ལྔ་པོ་དེ་རྣམས་འདྲེན་ཅིང༌། རྒྱལ་པོ་ལ་སོགས་པའི་བསྒྲུབ་བྱའི་སྤྱི་བོ་དང༌། ཀློག་མ་དང༌། སྙིང་ག་དང༌། གསང་པའི་གནས་རྣམས་ལ་ཨོཾ་ཨཱཿཧཱུཾ་སྭཱཧཱ། །ཞེས་བྱ་བའི་ས་བོན་གྱི་རྣམ་པའི་མདའ་ལྔ་པོ་ཕོག་པ་དང་ས་བོན་དེ་རྣམས་ཀྱང་ཀློག་ཅིང་མདའ་དེ་རྣམས་ཀྱིས་བསྒྲུབ་བྱའི་ཕུང་པོ་ལྔ་དབང་དུ་གྱུར་པར་བསམ་པར་བྱའོ།།མདའ་ལྔ་པོ་དེ་ཉིད་ཡང་དང་


DTG029_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་དུ་བསྒྲུབ་བྱ་ལ་ཕོག་པ་ཇི་སྲིད་བསྒོམ་པར་བྱ་བ་དེ་སྲིད་བསྒྲུབ་བྱ་དེ་བདག་ཉིད་དང་ནོར་གྱི་དབང་དུ་གྱུར་རོ། །དེ་བཤད་པར་བྱ་སྟེ། བརྒྱལ་བ་ནི་དབང་དུ་གྱུར་པ་དང༌། སྐྲག་པ་ནི་སྐྱབས་གཞན་མེད་པ་དང༌། བྱིས་པའི་བློ་ནི་མཁས་པ་ཡིན་ན་ཡང་བྱིས་པ་ཉིད་དུ་གྱུར་པའོ། །དེ་གང་ཞེ་ན། གྲགས་ཆེན་ནི་རྒྱལ་པོ་ལ་སོགས་པ་སྟེ། དེ་ལྟ་བུའི་བསྒྲུབ་བྱ་བསྒོམ་པ་ནི་བསྒྲུབ་པར་བྱའོ། །བསམ་གཏན་འདི་གསང་བའི་བསྐུལ་བ་དག་ནི་བདག་གིས་ཆེ་གེ་མོ་འདི་ཞེས་བྱ་བ་དབང་དུ་བྱེད་པའོ་ཞེས་བྱ་བ་སྔོན་དུ་དེ་བཞིན་གཤེགས་པ་རྣམས་ལ་ཞུས་ཏེ། ཟླ་བ་ཕྱེད་ཀྱིས་འགྲུབ་པར་འགྱུར་རོ། །སྔགས་རྣམས་ཀུན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དོན་གྱི་བློ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་སྔགས་རྣམས་ཀུན་གྱི་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་གསུངས་ཏེ་བསྐྱེད་པའི་རིམ་པའོ། །ཏིང་ངེ་འཛིན་གཞན་བཤད་པར་བྱ་སྟེ། སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་རྡོ་རྗེ་ནི་ཕྱི་རོལ་གྱི་ནམ་མཁའ་ལ་ཡི་གེ་ཧཱུཾ་ལ་སོགས་པ་ལྔ་པོ་ལས། སངས་རྒྱས་དཀྱིལ་འཁོར་ནི་ཐུགས་རྡོ་རྗེ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོ་འཁོར་དང་བཅས་པས་བསྒོམས་ལ། གདུག་པ་རྣམས་ཀྱང་དེ་བཞིན་དུ་ཡོངས་སུ་གྱུར་པས་སངས་རྒྱས་ཉིད་དུ་བསམས་ཏེ། དེ་རྣམས་ཀྱི་མིག་གི་དབང་པོ་ལ་ཡི་གེ་ཨོཾ་བཀོད་ལ། ཁྱེད་རྣམས་ཀྱིས་ནམ་མཁའ་ལྟོས་ཤིག་ཅེས་བྱ་བས་དེ་རྣམས་ལ་རྣལ་འབྱོར་བས་ནམ་མཁའི་དབྱིངས་བསྟན་པར་བྱའོ། །དེའི་འོག་ཏུ་དེ་རྣམས་ཀྱང་སྔགས་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་སྐུ་གསུམ་གྱི་རང་བཞིན་གྱི་སྐུ་མཐོང་བར་འགྱུར་ཏེ། བསྒྲུབ་བྱེད་དེ་རྣམས་འདུལ་བར་འགྱུར་ཏེ། དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་རྣམས་སོ། །བཀྲེས་སྐོམ་ལ་སོགས་ཞེས་བྱ་བ་ལ་སོགས་པ་ལ། བཀྲེས་པ་དང་སྐོམ་པ་སྒོམ་པ་ལ་སོགས་པའི་སྡུག་བསྔལ་འབྱུང་བའི་དུས་སུ་གསལ་ཏེ་བསམ་གཏན་འདི་བསྒོམས་ན་དེའི་ཚེ། སྡུག་བསྔལ་ཐམས་ཅད་ནི་དེ་རྣམས་ཉིད་འཇིག་པར་འགྱུར་རོ། །རྡོ་རྗེ་ཐུགས་ཀྱི་བཀའ་བཞིན་དུ། །ཞེས་པ་


DTG029_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་བདེན་པའི་དོན་དུའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ། རེ་ཞིག་དང་པོ་ཅིག་ཅར་དུ་དོན་རྣམས་ཐམས་ཅད་ནི་དཀྱིལ་འཁོར་བ་རྣམས་ཀྱི་ཕུན་སུམ་ཚོགས་པ་གང་ལ་ཡོད་པ་དེ་ལྟ་བུའི་སྐུ་རྣམ་པར་སྣང་མཛད་ཀྱི་སྐུ་བསྒོམས་ལ། རྐན་གྱི་བུ་ག་ལ་བདུད་རྩིའི་ས་བོན་ཡི་གེ་ཝ་བཀོད་ཅིང་ལྕེའི་རྩེ་མོར་ཡང་ཡི་གེ་ཨོཾ་བཀོད་ལ་ལྕེ་དེ་ཉིད་བཟློག་པས་ཟ་བར་བྱེད་པ་ཐམས་ཅད་ཀྱི་གནས་དང༌། བདུད་རྩིའི་རང་བཞིན་གྱི་ཡི་གེ་ཝ་འཛིན་ལ། དེའི་ཚེ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་རྩོལ་བ་མེད་པས་རྒྱས་པ་ནི་ཚིམ་པར་འགྱུར་རོ། །སྡུག་བསྔལ་ཐམས་ཅད་ནི་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམས་སེལ་བར་འགྱུར་རོ། །དེའི་ཚེ་ཞི་བ་ནི་ཡོངས་སུ་འཚོ་བའི་ལུས་སུ་འགྱུར་རོ། །ཡེ་ཤེས་རྡོ་རྗེ་ནི་རྣམ་པར་སྣང་མཛད་ཀྱི་སྐུ་སྟེ། དེའི་ཚེ་ནས་དེ་བསྒོམ་པར་བྱའོ། །ཡིད་བཞིན་གྱི་ནོར་བུ་རྩོལ་བ་མེད་པས་རྒྱས་པར་མཛད་པས་ན་ཡིད་བཞིན་གྱི་ནོར་བུ་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །ལས་ཀྱི་རྒྱལ་བ་མཆོག་དང་སྦྱར་རོ། །ཡང་ན་རྣམ་པར་སྣང་མཛད་ནི་ཁྱད་པར་དུ་མཛེས་པའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་ཀྱི་གཟུགས་ཆེན་པོ་ནི་གཞིར་གྱུར་པའི་རྡོ་རྗེ་སྟེ། དོན་རྣམས་ཐམས་ཅད་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཏེ། དེ་དག་འགྲོ་བ་དང་འོད་པའི་སྦྱོར་བས་སྲོག་དང་རྩོལ་བ་དག་གིས་འགགས་ཤིང་རྡོ་རྗེ་དེ་ཉིད་ཀྱི་ནང་གི་ཆ་རུ་ཆུའི་ཁམས་ཀྱི་ས་བོན་ཡི་གེ་ཝཾ་དགོད་ལ། ཕྱི་རོལ་གྱི་ལྕེ་ལ་ཆར་རེངས་པའི་ཕྱིར་ཡི་གེ་ཨོཾ་བཀོད་ཅིང་དེའི་རྗེས་ལ་ཀུན་ནི་རླུང་བཅུ་སྟེ། དེ་རྣམས་ཟ་བར་བྱེད་པ་དང༌། བཟའ་བར་བྱ་བ་ཀུན་ནི་སྲོག་དང་རྩོལ་བ་སྟེ། དེ་དག་གི་གནས་ནི་གཡོན་དང་གཡས་པའི་རྡོ་རྗེ་རྩེ་གཉིས་ཏེ། དེ་དག་གིས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ཕྲེང་བ་བརྒྱན་པར་འགྱུར་པའོ། །དེ་ནས་འགྲོ་བ་དང་འོད་པས་ཡོངས་སུ་བསྐོར་ཏེ། དེ་སྲིད་དུ་འཛིན་པར་བྱ་བ་ཇི་སྲིད་དུ་བརྟན་པར་འགྱུར་རོ། །དེ་ལྟར་བྱས་ན་སྡུག་བསྔལ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་སྟེ། དེ་རྣམས་སེལ་བ་ནི་འཇིག་པར་བྱེད་པས་ན་སྡུག་བསྔལ་ཐམས་ཅད་སེལ་བ་སྟེ་བསམ་གཏན་ནོ། །དེ་བས་ན་འཛིན་པའི་རང་བཞིན་ཡིན་པའི་ཕྱིར་ཞི་བའོ། །


DTG029_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡེ་ཤེས་ནི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་ནི་གསང་བའི་རྡོ་རྗེ་སྟེ། གནས་དེ་ལ་བསྒོམ་པར་བྱའོ། །འདིར་དོན་འདི་ཡིན་ཏེ། ཨཱ་ལི་དང་ཀཱ་ལིའི་བདག་ཉིད་ཀྱི་ཡི་གེལ་ད་བཅུའི་རང་བཞིན་གྱི་ཡི་གེའི་ཕྱི་མོའི་ཕྲེང་བ་ལས་བྱང་ཆུབ་ཀྱི་ཐིག་ལེ་ཕྲེང་བ་རླུང་གཉིས་པོས་ཡོངས་སུ་བསྐོར་བ་དང༌། རྡོ་རྗེའི་རྩེ་མོར་གནས་པའི་ཡེ་གེ་ཨོཾ་གྱིས་རི་རབ་ཀྱི་རྣམ་པར་བརྒྱན་པ་སྟེ། དེ་མི་ལྷུང་བའི་ཏིང་ངེ་འཛིན་བརྟན་པར་བྱེད་པས་མ་ནིང་གི་བཟླས་པའི་རང་བཞིན་གྱིས་རྡོ་རྗེ་བཟླས་པ་བྱེད་པ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་ས་འོག་གི་རྒྱུད་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལིངྒ་ལ་ཕྲེང་བ་འཕྱང་བ་མཐོང་བ་སྟེ། རྡོ་རྗེ་བཟླས་པའི་རིམ་པ་དང་ལས་དང་རྣལ་འབྱོར་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་ཆེན་པོ་ནི་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར། རྡོ་རྗེ་འཆང་ངོ༌། །རྡོ་རྗེ་ནི་ནོར་རྒྱུན་མ་སྟེ། དེ་བསྒོམ་པར་བྱ་བའི་ཕྱིར་ཚིག་གི་མཆོག་ནི་ས་བོན་ཏེ། དེ་ཉིད་རྡོ་རྗེ་གསུམ་ནི་གསུང་གི་སྒོ་ནས་ཕྱུང་ངོ༌། །རི་དྷ་ཞེས་པ་ནི་ནོར་དང་འབྲུ་སྟེར་བའི་ཕྱིར་ཡི་གེ་དྷའོ། །ཡི་གེ་ཨི་ནི་དཔལ་མོའི་ས་བོན་ནོ། །ཚེག་དྲག་ནི་རྒྱས་པའི་དོན་དུའོ། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་རང་གི་རིག་མའི་པདྨར་ཡི་གེ་དྷི་ཡོངས་སུ་གྱུར་པ་ལས་སྐྱེས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་བསྒོམས་ཏེ། དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རྡོ་རྗེ་སྐུ་གསུམ་སྦྱོར་བ་ཡིས་ཞེས་པ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་དང༌། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་དང༌། རལ་བའི་ཅོད་པན་གྱིས་དབུལ་བརྒྱན་པ་དང༌། ཞི་བའི་བདག་ཉིད་དང༌། སྐུ་མདོག་སེར་པོ་དང༌། ཞལ་གསུམ་ཕྱག་དྲུག་པ་དང༌། ཞལ་གཡས་པ་དང་གཡོན་པ་ནི་ནག་པོ་དང་དམར་པོ་སྟེ། རྡོ་རྗེ་དང་འཁོར་ལོ་དང་རིན་ཆེན་གྱི་མཆོག་སྦྱིན་ཕྱག་གཡས་པ་རྣམས་ལ་བསྣམས་པ་དང༌། ཕྱག་གཡོན་པ་དང་རྣམས་ལ་པདྨ་དང་རལ་གྲི་དང་འབྲས་ཀྱི་ཡལ་ག་བསྣམས་པ་སྟེ། པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་ལྷ་མོ་ནོར་རྒྱུན་མ་བསམས་ཏེ། དེའི་རྗེས་ལ་ཐམས་ཅད་བརྩམ་པར་བྱ་བ་ནི་དེ་ཉིད་ཀྱིས་དབུལ་པོ་རྣམས་ལ་རིན་ཆེན་གྱི་ཆར་ཕབ་པར་བྱས་ཏེ། སླར་ཡང་བྱོན་ཏེ། རང་གི་བདག་


DTG029_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་དེ་དང་དབྱེར་མེད་པར་བསྒོམ་པར་བྱའོ། །རྡོ་རྗེ་དཔའ་བོ་ནི་ལྷ་མོ་ནོར་རྒྱུན་ཏེ། དེ་ཉིད་ཀྱི་དཔའ་རླབས་ཀྱི་ཕྲེང་བ་ནི་འོད་ཟེར་གྱི་སྦྱོར་བས་རྒྱས་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་དབྱངས་ནི་གྲགས་པ་མཉམས་པའི་ལྷ་མོ་སྐུལ་བྱེད་མའི་སྐུ་སྟེ། དེ་ཉིད་ཞི་བ་ལ་སོགས་པ་བསྒྲུབ་པ་ལ་ནུས་པ་ལྡན་པའི་ཕྱིར་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ཆེན་པོ་མི་བསྐྱོད་པ་སྟེ། དེ་ཉིད་བསྒོམ་པ་ནི་ཅོད་པ་ན་ལ་ཞུགས་པ་གནས་གང་ཡང་ཡོད་པ་དེ་ནི་ལྷ་མོ་སྐུལ་བྱེད་མའི་སྐུ་སྟེ། དེ་ཉིད་དབྱེར་མེད་པས་དེའི་ས་བོན་ཡང་དེ་བཞིན་དུ་བཤད་པ་སྟེ། དེ་ཉིད་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཙུཾ་ཞེས་བ་ནི་གདུག་པ་ཐམས་ཅད་ཕྱེ་མར་བརླག་པར་མཛད་པའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རང་གི་རིག་མའི་ཆོས་འབྱུང་གི་ནམ་མཁར། ཡི་གེ་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཙུམ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་སངས་རྒྱས་ཐམས་ཅད་རྗེས་སུ་ཞུགས་པ་ལས་བྱུང་བའི་སེམས་དཔའ་གསུམ་གྱི་བདག་ཉིད་སྐུ་མདོག་དཀར་པོ་དབུལ་རྡོ་རྗེ་སེམས་དཔས་བརྒྱན་པ། ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་དང་གཡོན་ནི་ནག་པོ་སྟེ། ཕྱག་གཡས་པ་རྣམས་ལ་རྡོ་རྗེ་དང་འཁོར་ལོ་དང་རིན་ཆེན་བསྣམས་པ། ཕྱག་གཡོན་པ་རྣམས་ན་པདྨ་དང་རལ་གྲི་དང་དྲིལ་བུ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལྷ་མོ་སྐུལ་བྱེད་མ་བསྒོམས་ལ། དེའི་འོག་ཏུ་ཕྱི་རོལ་དུ་སྤྲོས་ཏེ་ལས་ཐམས་ཅད་མཛད་ནས་སླར་ཡང་བྱོན་ཏེ། བདག་ཉིད་དེ་དང་དབྱེར་མེད་པར་བསྒོམ་པར་བྱའོ། །རྡོ་རྗེ་དམ་ཚིག་ནི་མི་བསྐྱོད་པ་སྟེ། དེ་ལས་བྱུང་བའི་ཡི་ཤེས་ཀྱི་འོད་ཟེར་ནི་ལྷ་མོ་སྐུལ་བྱེད་མའི་སྐུ་སྟེ་ཏིང་ངེ་འཛིན་གང་ལ་ཡོད་པ་ནི་དེ་བཞིན་དུ་བཤད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བསམ་པ་ཐམས་ཅད་ནི་འབྲུ་དང་ནོར་ལ་སོགས་པའི་འདོད་པ་སྟེ། དེ་རྣམས་ཉིད་མི་ཟད་པའི་ཕྱིར་རྡོ་རྗེ་སྟེ། དེ་རྣམས་ཀྱི་ལོངས་སྤྱོད་ནི་ཉེ་བར་སྤྱོད་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས་ཏིང་ངེ་འཛིན་ནི་གང་བ་བཟང་པོ་ལ་སོགས་པའི་གནོད་སྦྱིན་ཆེན་པོ་བརྒྱད་དེ། དེ་རྣམས་


DTG029_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་འཁོར་ལོ་ནི་དཀྱིལ་འཁོར་ཏེ། དེ་ཉིད་འདུལ་བས་བདག་པོ་ཉིད་དུ་དབང་དུ་བྱེད་པས་ན། ཏིང་ངེ་འཛིན་འཁོར་ལོའི་ཚུལ་ནི་ལྷ་ཛཾ་བྷ་ལ་སྟེ། དེ་དང་དབྱེར་མེད་པས་དེའི་ས་བོན་ཡང་དེ་བཞིན་དུ་བཤད་པ་སྟེ། ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཛཾ་ཞེས་པ་ནི་ཛཾ་ནི་འབྱུང་བ་ལའོ། །ན་ནི་རྗེས་སུ་འཇུག་པའི་དབྱིངས་སུ་འགྱུར་རོ། །དེ་བས་ན་འབྲུ་དང་ནོར་རིན་པོ་ཆེ་ལ་སོགས་པ་འབྱུང་བར་བྱེད་པས་ན་ཛཾ་ཞེས་བྱའོ། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་རང་གི་རིག་མའི་པདྨར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཛཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་སངས་རྒྱས་ཐམས་ཅད་རྗེས་སུ་ཞུགས་པ་ལས་སྐྱེས་པ། རལ་བའི་ཅོད་པན་ཅན་ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་སེར་པོ་ཞལ་གཡས་པ་དང་གཡོན་པ་ནི་ནག་པོ་དང་དམར་པོ་སྟེ། ཕྱག་གཡས་པ་རྣམས་ལ་མངའ་དང་ཀྱོ་བ་དང་བི་ཛ་བུ་ར་ཀ་བསྣམས་པ། ཕྱག་གཡོན་པ་རྣམས་ལ་གཞུ་དང་ཞགས་པ་དང༌། ནེའུ་ལེའི་གཏེར་བསྣམས་པ། སྔར་བཤད་པའི་ལྷ་མོ་ནོར་རྒྱུན་མས་འཁྱུད་པ་དང༌། ཨོཾ་ལ་སོགས་པའི་ས་བོན་ལྔ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རྣམ་པར་སྣང་མཛད་ལ་སོགས་པས་སྤྱི་བོ་ལ་སོགས་པར་བྱིན་གྱིས་བརླབས་ལ། རྡོ་རྗེ་སེམས་དཔའི་ཅོད་ཅན་དང་ལྡན་པའི་གནོད་སྦྱིན་ཆེན་པོ་ནི་འཕགས་པ་ཛཾ་བྷ་ལ་བསྒོམས་ཏེ། དེའི་འོག་ཏུ་སྤྲོས་ནས་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐམས་ཅད་རྫོགས་པར་མཛད་ལ། སླར་ཡང་བྱོན་ཏེ། བདག་ཉིད་དེ་དང་དབྱེར་མེད་པར་བསམས་ལ། དེ་དང་འདྲ་བའི་ཡེ་ཤེས་ཀྱི་ཛཾ་བྷ་ལ་སྙིང་ག་ལས་སྤྲོས་ཏེ། དེའི་སྤྱི་བོར་བཞུགས་བའི་རྡོ་རྗེ་སེམས་དཔའ་དང་མཱ་མ་ཀཱི་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས། ཨོཾ་ཛཾ་བྷ་ལ་ཛ་ལེན་དྲཱ་ཡ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དེའི་སྤྱི་བོ་ལ་དབང་བསྐུར་གསོལ་བར་བྱའོ། །དེ་ལྟར་བྱས་ན་གནོད་སྦྱིན་གྱི་དབང་ནི་འཕགས་པ་ཛཾ་བྷ་ལ་མཉེས་པར་འགྱུར་རོ། །འོད་ཆེན་པོ་ནི་རྣལ་འབྱོར་པ་ཡང་དེ་དང་འདྲ་བར་འགྱུར་རོ། །རྡོ་རྗེ་དམ་ཚིག་ནི་རྡོ་རྗེ་སེམས་དཔའ་སྟེ། སྔགས་དེ་ཉིད་ཀྱི་ཕྱག་རྒྱ་ནི་མཱ་མ་ཀཱི་སྟེ། དེ་དག་དཔལ་ནི་སྤྱི་བོར་མཚན་པ་སྟེ། དེ་ཉིད་དཔལ་ནི་མཛེས་པ་ཉིད་གང་ལ་


DTG029_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོད་པ་དེ་ནི་ཛཾ་བྷ་ལ་སྟེ། དེའི་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་པ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བཞིན་དུ་མི་ཕྱེད་པའི་འདོད་པའི་ལྷ་དང་འདྲ་བའི་གཟུགས་དང་ལྡན་པའི་གནོད་མཛེས་མེ་རྣམས་ཏེ། དེ་དག་ཉེ་བར་སྤྱོད་པ་ནི་བསྟེན་པ་དང༌། དཔལ་ནི་འབྲུ་དང་གསེར་ལ་སོགས་པའི་མཚན་ཉིད་ཅན་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་བཞུགས་ནས། གནོད་སྦྱིན་མོ་ནི་ཟླ་བའི་འོད་མ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་ནི་སྙོམས་པར་ཞུགས་པའམ་སྐྱེད་པར་བྱེད་པའི་ཕྱིར། རྡོ་རྗེ་ཚིག་ནི་ས་བོན་ཏེ་དེ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཀྵཾ་ཞེས་པ་ནི་གནོད་སྦྱིན་མོའི་སྒྲའི་ཐ་མའི་ཡི་གེ་ཏེ། ཚོགས་པ་ལ་འཇུག་པའི་སྦྲ་རྣམས་ཆ་ཤས་ལ་ཡང་འཇུག་པ་སྟེ། དཔེར་ན་ཡུལ་ཚིག་པ་དང༌། སྣམ་བུ་ཚིག་པ་བཞིན་ནོ། །ཚིག་རྣམས་ལ་ཚིག་གི་ཕྱོགས་གཅིག་ཀྱང་ཡོད་པ་དེ། དཔེར་ན་འཇིགས་སྡེ་ནི་འཇིགས་པ་དང༌། བདེན་པར་ཁྲོས་མ་ནི་ཁྲོས་མ་བཞིན་ནོ། །མཁའ་དབྱིངས་དབུས་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའི་ཁམས་ཀྱི་དབུས་སུ་ཡི་གེ་བྷྲཱུཾ་ལས་སྐྱེས་པའི་གཞལ་ཡས་ཁང་པ་གྲུབ་བཞི་པ། དྲ་བ་དང་དྲ་བ་ཕྱེད་པས་རྣམ་པར་སྦྲས་པ། འོད་ཟེར་ཐམས་ཅད་ཀྱིས་ཕྱོགས་བཅུ་རྣམ་པར་བརྒྱན་པ། དྲི་དང་མེ་ཏོག་ལ་སོགས་པ་འདོད་པའི་ཡོན་ཏན་སྣ་ཚོགས་པས་བྱིན་གྱིས་བརླབས་ནས་དེའི་དབུས་སུ་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཡོངས་སུ་བསྡུས་པའི་ཤིང་གི་ཡལ་ག་ལག་པ་གཡོན་པས་འཛིན་ཅིང་ལག་པ་གཡས་པས་ནི་རོལ་བའི་པདྨ་གཅོད་པར་བྱེད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྨད་ཡངས་པ་གསེར་གྱི་མདོག་ལྟ་བུའི་སྨད་གཡོགས་ཀྱིས་མཛེས་པ། རྒྱས་པ་དང་མཐོ་བ་གསེར་ལྟ་བུའི་ནུ་མ་གཉིས་དང་ལྡན་པ། བུང་བ་དང་མིག་སྨན་དང་འདྲ་བའི་སྐྲའི་ཚོགས་ཀྱི་ནང་ན་ཡོངས་སུ་བསྡུས་པའི་མེ་ཏོག་བཏགས་པ། དྲི་ལ་ཆགས་པས་འོང་པའི་བུང་བའི་སྐད་ཀྱིས་ཡིད་འཕྲོག་པ། རྐང་གདུབ་དང་སྐ་རགས་ཀྱི་སྒྲ་སྙན་པས་དང་བའི་རྒྱལ་པོ་ལས་རྒྱལ་བར་འདོད་པའི་ལྷའི་མདོའི་ཚོགས་ཀྱིས་སྙིང་མནན་པ། ཟུར་དང་བཅས་པའི་གཡོན་པས་ལྟ་བ། ལོ་བཅུ་དྲུག་ལོན་པ། ཡི་གེ་ཀྵཾ་ལས་སྐྱེས་པའི་གནོད་


DTG029_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྦྱིན་མོ་བསམས་ཏེ། དེ་དང་འདྲ་བའི་གནོད་སྦྱིན་མོའི་རིགས་སྣ་ཚོགས་པས་ནམ་མཁའི་ཁམས་གང་བར་བསམས་ལ། དེའི་བདག་ཉིད་གཅིག་པུ་བསྒོམ་པར་བྱའོ། །ལས་གསུམ་རྡོ་རྗེ་ནི་དེ་བཞིན་གཤེགས་པ་གསུམ་སྟེ། དེ་རྣམས་ཀྱི་བྱེ་བྲག་ནི་དེ་བཞིན་གཤེགས་པ་གསུམ་གྱི་ཏིང་ངེ་འཛིན་གྱིས་དེ་ཉིད་བསྒོམ་པར་བྱ་སྟེ། དེ་བཞིན་གཤེགས་པའི་ས་བོན་རྣམས་དེའི་ལུས་ལ་སོགས་པ་ལ་དགོད་པར་བྱའོ། །དེའི་འོག་ཏུ་རང་གི་བདག་ཉིད་གསང་བའི་བདག་པོ་ནི་ཕྱག་ན་རྡོ་རྗེ་བསྒོམས་ཏེ། གནོད་སྦྱིན་མོ་དེའི་སྤྱི་བོར་རེངས་པའི་ཕྱིར། ཁྲོ་བོ་ནི་གནོད་མཛེས་ཀྱི་རྒྱལ་པོ་འམ་བདུད་རྩི་འཁྱིལ་པ་དགོད་པར་བྱའོ། །དེ་ནས་སྙིང་ག་ནི་རང་གི་སྙིང་གར་སྔགས་ཀྱི་ཚོགས་ནི་ཡི་གེ་ཧཱུཾ་བསྒོམས་ལ། སྦྱོར་བ་ནི་གནོད་སྦྱིན་མོ་དེ་དང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པར་བྱ་སྟེ། དེ་ལྟར་བྱས་ན་གནོད་སྦྱིན་མོ་རྣམས་འགྲུབ་པར་འགྱུར་རོ་། །གནོད་སྦྱིན་མོ་བསྒྲུབ་པའི་སྤྲོས་པ་ནི་འབྱུང་པོ་འདུལ་པའི་རྒྱུད་དང་རིག་པ་འཛིན་པའི་སྡེ་སྣོད་ལས་ཤེས་པར་བྱའོ། །གནོད་སྦྱིན་མོ་ཐམས་ཅད་དང་མཉམ་པ་ནི་གནོད་སྦྱིན་མོ་གཅིག་ལ་ཐིམ་པ་སྟེ། དེ་ཉིད་བསྒོམ་པ་ནི་བསམ་གཏན་ཏེ། དེ་ཡང་ངེས་པར་འགྲུབ་པའི་ཕྱིར་རྡོ་ཇེ་སྟེ། ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྔགས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལྔ་སྟེ། དེ་རྣམས་ཀྱི་དངོས་གཞུག་པས། ཐམས་ཅད་འགྲུབ་པ་ནི་གནོད་སྦྱིན་མོ་ལ་སོགས་འགྲུབ་པ་སྟེ། དེའི་རྣམ་པར་འཕྲུལ་པ་ནི་འདོད་པ་རྣམ་པ་ལྔ་ཉེ་བར་སྤྱོད་པ་སྟེ། དེ་ཉིད་བརྟན་པའི་ཕྱིར་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས། དངོས་གྲུབ་ཕྲ་མོ་ནི་འདོད་པ་རྣམ་པ་ལྔ་ཉེ་བར་སྤྱོད་པའི་དངོས་གྲུབ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སྐུ་དང་གསུང་ཐུགས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ནི་རྣམ་པར་སྣང་མཛད་དང་སྣང་མཐའ་ཡས་དང་མི་བསྐྱོད་པ་གསུམ་སྟེ། དེ་དག་གི་གཟུགས་ཀྱི་དག་པ་ནི་གནོད་སྦྱིན་མོ་རྣམས་ཡང་དག་པར་སྦྱང་ཞིང་བྱིན་གྱིས་བརླབས་ཏེ་བསྒྲུབ་པར་བྱའོ། །དེ་བཞིན་དུ་སངས་རྒྱས་གཟུགས་ནི་དོན་ཡོད་གྲུབ་པའི་གཟུགས་བླངས་ཏེ། འོད་བཟང་པོ་ནི་འོད་དང་ལྡན་པ་དེ་རྣམས་ཉིད་བསྒྲུབ་པར་བྱའོ། །དེ་བཞིན་


DTG029_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་འཛམ་བུ་ཆུའི་གསེར་འོད་འདྲ་ནི་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་བ་རྣམས་ཀྱིས་ཀྱང་གནོད་སྦྱིན་མོ་དེ་རྣམས་བསྒྲུབ་པར་བྱའོ། །དེ་རྣམས་ཇི་ལྟ་བུ་ཞེས་ན། དངོས་གྲུབ་ཕྲ་མོ་ནི་མཁའ་སྤྱོད་དང་ས་སྤྱོད་ལ་སོགས་པའི་དངོས་གྲུབ་རྣམས་ལ་གནས་པ་དེ་དག་གལ་ཏེ་བསྒྲུབས་ན། དེའི་ཚེ་རྣལ་འབྱོར་པ་མི་སྣང་བ་ལ་བདག་པོ་ཉིད་དུ་འགྱུར་པ་དང༌། དེ་ཉིད་ཀྱི་མཐུས་འཇམ་པའི་ཕྱིར་ཟླ་བ་སྟེ། དེའི་འོད་དང་འདྲ་བར་གྱུར་ཏེ། གནོད་སྦྱིན་མོས་སྦྱར་བའི་ལོངས་སྤྱོད་ཉེ་བར་སྤྱོད་པའི་ཕྱིར་རོ། །གནོད་སྦྱིན་མོའི་རྒྱལ་པོ་རྣམས་གྲུབ་པས་རིག་པ་འཛིན་པ་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དབང་པོ་སྟེ་བདག་པོ་ཉིད་དུ་འགྱུར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་གནོད་སྦྱིན་མོ་རྣམས་ཏེ། འཁོར་ལོ་ཐམས་ཅད་ནི་རྣམ་པར་སྣང་མཛད་དང༌། དངོས་གྲུབ་ནི་མི་བསྐྱོད་པ་དང༌། གཟུགས་ནི་རིན་ཆེན་འབྱུང་ལྡན་དང༌། གསང་བ་ནི་སྣང་བ་མཐའ་ཡས་དང༌། སྔགས་ཀྱི་དངོས་གྲུབ་ནི་དོན་ཡོད་གྲུབ་པ་སྟེ། དེ་རྣམས་ཀྱི་གཟུགས་ཀྱིས་གནོད་སྦྱིན་མོ་དེ་རྣམས་ཐམས་ཅད། མཛེས་པའི་གཟུགས་ནི་ཤིན་ཏུ་མཛེས་པའི་གཟུགས་དང་ལྡན་པ་དང༌། སྔགས་ཀྱི་དངོས་གྲུབ་ཀྱིས་འགྲུབ་པ་དེ་རྣམས། ཐམས་ཅད་ནི་འདོད་པའི་ཡོན་ཏན་ལྔས་སྒྲུབ་པ་པོ་དགའ་བར་བྱེད་པའོ། །འོ་ན་ཀྱང་དེ་རྣམས་དེ་བཞིན་གཤེགས་པ་ལྔའི་གཟུགས་ཀྱིས་འགྲུབ་པར་འགྱུར་པ་དང༌། ཡང་ན་གཙུག་ཧོར་འཁོར་ལོས་སྒྱུར་པའི་གཟུགས་ཀྱི་མངག་གཞུག་པས། ཐམས་ཅད་འགྲུབ་པ་ནི་གནོད་སྦྱིན་མོ་དེ་རྣམས་ཏེ། ཡིད་བཞིན་གྱི་ནོར་བུ་བཞིན་དུ་མངོན་པར་འདོད་པ་སྟེར་བར་འགྱུར་རོ། །བདག་པོ་ནི་སྒྲུབ་པ་པོ་དེ་ཡང་དེ་རྣམས་ཀྱི་བདག་པོར་གྱུར་ཏེ། གཙུག་ཏོར་མ་ནི་མཁའ་སྤྱོད་ཡིན་པས་ཐམས་ཅད་ལ་དབང་བྱེད་པའི་ཕྱིར་རོ་ཞེས་དགོས་པའོ། །སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། ཇི་སྲིད་འགྲུབ་པས་འགྲུབ་པའི་གནོད་སྦྱིན་མོ་དེ་རྣམས་དང་ལྷན་ཅིག་ཏུ་རོལ་པ་དང༌། འདོད་ཆགས་ལ་སོགས་པའི་རྒྱ་ཆེ་བས་སྤྲོས་པ་དང་བཅས་པའི་སྤྱོད་པས་རྣལ་འབྱོར་པ་སྤྱོད་ན། དེའི་ཚེ་སངས་རྒྱས་བྱང་ཆུབ་ནི་ཆོས་འབྱུང་གི་མངོན་པར་བྱང་ཆུབ་བྱེད་པ་ནི་མངོན་དུ་བྱེད་པའོ། །བསམ་པ་ཐམས་ཅད་ནི་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་སྤྱོད་པ་སྟེ། དེ་ཉིད་གནོད་སྦྱིན་མོ་སྒྲུབ་པའི་སྒོ་ནས།


DTG029_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོངས་སུ་རྫོགས་པར་མཛད་པའི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་སྦྱར་ཏེ། བསྐྱེད་པའི་རིམ་པ་དང་སྒྲུབ་པའོ། །སྤྲོས་པ་དང་བཅས་པའི་སྤྱོད་པ་བཤད་ཟིན་ཏོ། །ད་ནི་བརྟུལ་ཞུགས་ཀྱི་སྒོ་ནས་སྤྲོས་པ་མེད་པའི་སྤྱོད་པ་བཤད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེག་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་རྣལ་འབྱོར་པ་གསུམ་སྟེ། དེ་རྣམས་ཀྱི་རིག་པའི་བརྟུལ་ཞུགས་ཉིད་སྤྱོད་པ་སྟེ། །སྤྲོས་པ་མེད་པའི་སྤྱོད་པའོ། །ཡང་དག་པར་ལེན་པ་ནི་དེ་ཉིད་བླང་བ་སྟེ། དེ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་གསུམ་སྟེ། དེ་རྣམས་སྒོམ་པ་ནི་དེ་དག་གི་རྣམ་པ། ངང་ཚུལ་ནི་ཤིང་ལ་སོགས་པ་ལས་སྦྱར་བ་དང་བརྡུངས་པ་དང་བྲིས་པ་ལ་སོགས་པའི་གཟུགས་ཀྱི་ངོ་བོ་ཉིད་དུ་བྱས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཞེས་པ་ནི་གཟུགས་བྱ་བ་ལ། སྐུ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱི་རིག་པའི་བརྟུལ་ཞུགས་འདི་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་རང་གི་བདག་ཉིད་རལ་པའི་ཅོད་པན་འཛིན་པ་དང༌། ཐལ་བ་ལ་སོགས་པས་ཁ་དོག་དཀར་པོ་སྔགས་ཀྱི་སྤྱོད་པ་ལ་གནས་པས་བྱའོ། །རིག་མ་ཡང་ལོ་གྲངས་བཅུ་དྲུག་ལོན་པའི་ཁྲུས་མཁན་གྱི་བུ་མོ་སྟེ། བཞིན་སྡུག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང༌། སྔགས་དང་རྒྱུད་ལ་སོགས་པ་ལ་མཁས་པ་རྙེད་ནས་རིག་པའི་བརྟུལ་ཞུགས་བྱའོ། །དེ་ཡང་སྤྱན་གྱི་གོ་འཕང་ལོངས་སྤྱོད་ནི་ལྷ་མོ་སྤྱན་གྱི་ཞལ་དང་ཕྱག་དང་སྐུ་མདོག་ལ་སོགས་པ་ངང༌། མཚན་མ་ནི་དེའི་ཕྱག་མཚན་འཁོར་ལ་སོགས་པ་བསྒོམ་པར་བྱ་བ་ནི་ངོ་བོ་ཉིད་དུ་བྱའོ། །དེ་ཡང་སྔགས་དང་ཕྱག་རྒྱའི་ཆོ་ག་ལ་མཁས་པར་བྱའོ། །སྔགས་དང་རྒྱུད་ལེགས་པར་བསླབས་པ་ལ་རང་བཞིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །དེ་བཞིན་གཤེགས་པའི་བཙུན་མོའི་སྐུ་རྡོ་རྗེ་འཛིན་པའི་ལྷ་མོའོ། །སངས་རྒྱས་བྱང་ཆུབ་ནི་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་སྟེ། དེའི་གནས་ནི་དེ་ཉིད་ཐོབ་པའི་རྒྱུར་གྱུར་པ་སྟེ། དེ་དང་ལྷན་ཅིག་ཏུ་གསང་བའི་མཆོད་པ་བྱའོ། །ནམ་ཞེས་དུས་བཞི་ནི་ཉིན་མོ་དང་མཚན་མོའོ། །གང་


DTG029_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གིས་ཤེ་ན། བརྟུལ་ཞུགས་ཆེན་པོ་ནི་རྣམ་པར་སྣང་མཛད་ཀྱི་བརྟུལ་ཞུགས་འཛིན་པའི་རྣལ་འབྱོར་པས་སོ། །སྡོང་བུ་དང་རྩ་བ་དང་འབྲས་བུ་རྣམས་ཤིང་ལས་བླངས་ཏེ་བཟའ་བའོ། །ཡང་ན་དགོངས་པས་བཤད་པའི། སྡོང་བུ་ལ་སོགས་པ་ནི་བདུད་རྩི་ལྔ་སྟེ། དེ་རྣམས་བཟའ་བར་བྱའོ། །དེ་ལྟར་བྱས་ན་སངས་རྒྱས་ཏེ་རྣམ་པར་སྣང་མཛད་དུ་འགྱུར་རོ། །ཡེ་ཤེས་ཆེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ཉིད་ཟབ་ཕྱིར་རྒྱ་མཚོ་སྟེ་དེ་ཡོད་པས་བདག་པོ་ནི་གཙོ་བོར་གྱུར་པའོ། །དེ་བཞིན་དུ་ཟླ་བ་དྲུག་གི་བར་དུ་རིག་པའི་བརྟུལ་ཞུགས་སྤྱོད་ན་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། འདིར་ནི་ཐེ་ཚོམ་མི་བྱའོ། །རྟག་ཏུ་གཞན་གྱི་ནོར་རྐུ་ཞིང༌། །ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་དེའི་སྒྲུབ་པ་ཡང་ལེའུ་ལྔ་པ་ལས་གསུངས་པའི་རིག་པས་གཞན་གྱི་ནོར་འཕྲོག་པ་ལ་སོགས་པ་དམ་ཚིག་རྣམས་ཤེས་པར་བྱའོ། །འདོད་ཆགས་རྡོ་རྗེ་ཞེས་བྱ་བ་ལ་སོགས་བ་ལ། འདོད་ཆགས་རྡོ་རྗེ་ནི་སྣང་བ་མཐའ་ཡས་ཏེ། དེ་ཉིད་ཀྱི་ལྕགས་ཀྱུ་མོ་དང་འདྲ་བས་ལྕགས་ཀྱུ་མོ་དང་གོས་དཀར་མོའི་རང་བཞིན་གྱི་གར་མཁན་མའི་བུ་མོ་སྔ་མ་བཞིན་དུ་གསུང་རྡོ་རྗེའི་རྣལ་འབྱོར་པས་རྒྱན་ལ་སོགས་པ་དང་ལྡན་པར་བྱའོ། །དེ་བཞིན་དུ་མཱ་མ་ཀཱིའི་རང་བཞིན་གྱི་གདོལ་བའི་བུ་མོ་ཡང༌། ཡོན་ཏན་སྐ་རགས་ནི་སྔགས་དང་རྒྱུད་ལ་སོགས་པ་རྟོགས་པའི་ཡོན་ཏན་དང་ལྡན་པ་ཐུགས་རྡོ་རྗེའི་རྣལ་འབྱོར་པས་བྱའོ། །སྤྱོད་པ་ཡང་སྔ་མ་བཞིན་དུ་སྤྱད་པར་བྱ་སྟེ། བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ །དེ་ནི་སྤྲོས་པ་མེད་པའི་སྤྱོད་པའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བཤད་པར་བྱ་བའི་ཕྱིར། བསམ་གཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ན་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའི་རྣལ་འབྱོར་པ་རྣམས། ཡི་གེ་གསུམ་བསྒོམས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས། རང་གི་ཕྱག་རྒྱ་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་བསམ་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མའི་རྣམ་པས་བསྒོམ་པར་བྱའོ། །དེ་ལྟར་བྱས་ནས་དེ་རྣམས་སངས་རྒྱས་ཀུན་མཁྱེན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་ཏེ། འདིར་ནི་ཐེ་ཚོམ་མི་བྱའོ། །རྣལ་འབྱོར་དེ་རྣམས་ཀྱང༌། བློ་བརྟན་པ་ནི་བརྟན་པའི་ཏིང་ངེ་འཛིན་དང་ལྡན་པས་


DTG029_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནགས་ཚལ་ལ་བསོད་སྙོམས་བླང་བར་བྱའོ། །དེ་རྣམས་ལ་ནགས་ཚལ་གྱི་ལྷ་མོ་རྣམས། ཁ་ཟས་ནི་བཟའ་བ་སྟེར་བར་བྱེད་པའོ། །ལྷ་མོ་ཇི་ལྟ་བུ་ཞེ་ན། སྐྲག་པ་ནི་རྡོ་རྗེ་འཆང་ཆེན་པོའི་བཀས་འཇིགས་པར་གྱུར་པའོ། །གལ་ཏེ་འདས་པ་ནི་བསོད་སྙོམས་རྣལ་འབྱོར་པ་རྣམས་ལ་མི་སྟེར་ན། དེའི་ཚེ་འཇིགས་པར་འགྱུར་པ་ནི་དེ་རྣམས་ཀྱི་རང་གི་དངོས་གྲུབ་ཉམས་པར་འགྱུར་ཏེ། རྣལ་འབྱོར་པའི་མཐུས་སོ། །རྡོ་རྗེ་ཡི་གེ་ནི་རྡོ་རྗེ་བཞིན་དུ་མི་ཕྱེད་པའི་གསུང་འདི་ཡིན་ནོ་ཞེས་སྟོན་ཏེ། རྫོགས་པའི་རིམ་པ་དང་སྒྲུབ་པ་དག་གོ །དེ་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའོ། །སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པའི་རྣལ་འབྱོར་པ་དག་གི་ཁྱད་པར་བཤད་པར་བྱ་སྟེ། ལྷ་མོ་ཀླུ་མོ་ཞེས་བྱ་བ་ལ་སོགས་པ་ལ། ལྷ་མོ་ལ་སོགས་པ་རྣམས་སྔར་བཤད་པའི་རིམ་པ་བཞིན་དུ་དགུག་སྟེ། རིགས་པའི་བརྟུལ་ཞུགས་བྱའོ། །གང་ཞེ་ན། རྡོ་རྗེ་གསུམ་གྱི་ཡེ་ཤེས་བསྟེན། །ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །འདི་ཡང་སྔགས་རྣམས་ཐམས་ཅད་ནི་སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པའི་སྤྱོད་པ་དག་གིས་གསང་བའི་ཚུལ་ནི་སྦས་པར་བྱ་བའི་སྙོམས་པར་ཞུགས་པའོ། །ཐེག་པ་ཆེན་པོ་ལ་གསུངས་པའི་ཕྱིར་ཚུལ་ཆེན་ནོ། །རྡོ་རྗེ་གསུམ་གྱི་འཁོར་ལོ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པའི་ཚོགས་ལ། སངས་རྒྱས་བྱང་ཆུབ་ནི་ཆོས་འབྱུང་དང༌། ཆོས་ཀྱི་དབྱིངས་དང༌། བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་རྣམས་ཏེ། དེ་རྣམས་འཇུག་པ་ནི་ཐོབ་པར་བྱེད་པ་སྟེ། སྤྱོད་པའི་བརྟུལ་ཞུགས་སོ་ཞེས་པ་ཚིག་གི་ལྷག་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཏེ། དེ་དག་གི་གང་ཞིག་རིག་པའི་བརྟུལ་ཞུགས་ནི་རྣམ་པ་གསུམ་གྱི་རིག་པའི་བརྟུལ་ཞུགས་ཏེ། དེའི་དམ་ཚིག་ནི་སྤྱོད་པ་སྟེ། དེ་ཁོ་ན་ཉིད་ནི་བྱང་ཆུབ་རྣམ་པ་གསུམ་སྟེ། དེ་ཉིད་རྡོ་རྗེ་ནི་མི་གཡོ་བ་གང་ལས་འབྱུང་བ་དེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་སྦྱར་ཏེ་སྒྲུབ་པའོ། །ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་གསུམ་མོ། །དེ་བཞིན་དུ་རྡོ་རྗེ་དཀྱིལ་འཁོར་དེ་


DTG029_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ལ་ཞུགས་པའི་སློབ་མ་སྟེ། དེའི་མངོན་པར་བྱང་ཆུབ་ནི་རིག་པའི་བརྟུལ་ཞུགས་མཐར་ཡོད་པའི་དབང་བསྐུར་བས། བྱང་ཆུབ་ཐོབ་པ་ལེའུ་གང་ལ་ཡོད་པ་དེ་སྟོན་པར་བྱེད་པའི་གཞུང་གིས་ཚོགས་ཀྱང་དེ་བཞིན་དུ་བཤད་པའོ། །རྒྱུད་འགྲེལ་ལས་ལེའུ་བཅུ་དྲུག་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་བཅུ་དྲུག་པའི་ཚིགས་སུ་བཅད་པའི་གྲངས་ནི་དྲུག་བརྒྱ་བཅུའོ།། །།


previousལེའུ་བཅུ་དྲུག་པ། ལེའུ་བཞི་པ་ལས་གསུངས་པའི་ཐུགས་ཀྱི་དཀྱིལ་འཁོར་རྫོགས་པར་བྱ་བའི་ཕྱིར་དང་སྐུ་དང་གསུང་གི་དཀྱིལ་འཁོར་གཉིས་གཙོ་བོར་བཤད་པ།next