Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་དགུ་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་བདུན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་བཤད་པ།
   


 
previousལེའུ་བཅུ་བདུན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་བཤད་པ།next

ལེའུ་བཅུ་བདུན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་བཤད་པ།


DTG029_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིག་པའི་བརྟུལ་ཞུགས་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་དམ་ཚིག་དང་སྡོམ་པ་མེད་པས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མི་ཐོབ་སྟེ། དེའི་དོན་དུ་ལེའུ་བཅུ་བདུན་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ཡང་འདུས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་གསོལ་བ་བཏབ་པ་ནི་བསྟོད་པ་མཛད་པ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ ། ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་བདུད་རྩི་ལྔ་འམ་ལྕགས་ཀྱུ་རྣམས་ཏེ། དེ་དག་འདུས་པ་ནི་གཅིག་ཏུ་གྱུར་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ནི་ཡི་གེ་གསུམ་སྟེ། དེ་ཉིད་ཀྱི་དེ་བཞིན་གཤེགས་པ་ནི་སྦྱང་བ་ལ་སོགས་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དུ་གྱུར་ནས། གསོལ་བ་གདབ་པ་ནི་སྤྱོད་པར་བྱ་སྟེ་འགྲུབ་པའོ། །གསོལ་བ་གདབ་པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་དག་པས་མི་གཡོ་བའི་རང་བཞིན་ཡིན་པའི་ཕྱིར་མི་བསྐྱོད་རྡོ་རྗེའོ། །ཡེ་ཤེས་ཀྱི་མཆོག་ཡིན་པའི་ཕྱིར་ཡེ་ཤེས་ཆེའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་འཛིན་པས་ནི་རྡོ་རྗེ་དབྱིངས་སོ། །རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པས་ནམ་མཁའ་ཆེའོ། །དཀྱིལ་འཁོར་གསུམ་དི་སྐུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཏེ། དེ་དག་གི་རྡོ་རྗེ་གསུམ་ནི་བདག་པོ་རྣམས་ཏེ། དེ་དག་གི་མཆོག་གོ །དེ་ལྟ་བུའི་བཅོམ་ལྡན་འདས་དབྱངས་ནི་གསུངས་ཤིག་པའོ། །ཕྱག་བཙལ་བ་ནི་ཁྱོད་ལ་ཕྱག་འཚལ་ལོ། །ཁྱད་པར་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྣང་བས་ན་རྣམས་པར་


DTG029_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྣང་མཛད་དོ། །ཆེ་བ་ནི་ནད་ཀྱིས་གཟུང་བ་རྣམས་ལ་ཞི་བར་མཛད་པས་ན་དག་པ་ཆེའོ། །རྡོ་རྗེའི་ནང་དུ་ཞི་བ་ནི་ཞི་བའི་རང་བཞིན་ནོ། །ཆེ་བ་ནི་སའི་ཁམས་རྣམ་པར་སྦྱང་བའི་ཕྱིར་དག་པ་ཆེའོ། །རང་བཞེན་འོད་གསལ་བ་ནི་རང་བཞིན་གྱིས་དག་པའི་ཆོས་སྟོན་པ་ནི་གསུངས་ཤིག་པའོ། །ནམ་མཁའི་མཛོད་ཀྱིས་བསམ་པ་ཐམས་ཅད་རྫོགས་པར་མཛད་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་དང་འདྲ་བས་ན་རིན་ཆེན་རྒྱལ་པོའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རབ་ཏུ་ཟབ་པའོ། །རྡོ་རྗེ་ནམ་མཁའི་ཁམས་རྣམ་པར་དག་པས་ནམ་མཁའ་བཞིན་དུ་དྲི་མེད་ནི་དག་པའོ། །རྒྱས་པ་ནི་མཛད་པའི་ཕྱིར་རང་བཞིན་དག་པའོ། །ང་རྒྱལ་གྱི་འདམ་གྱིས་མི་གོས་པའི་ཕྱིར་གོས་པ་མེད་པའོ། །གསང་བ་ནི་གསུངས་ཤིག་པའོ། །རྡོ་རྗེ་བདུད་རྩི་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཆེ་བ་ནི་མེའི་ཁམས་ཏེ་དེའི་རྣམ་པར་དག་པས་མཛེས་པས་ན་རྒྱལ་པོ་ཆེའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པའོ། །ནམ་མཁའ་རྡོ་རྗེ་ནི་རྩ་ཟླ་བ་མ་སྟེ། དེ་འཛིན་མ་ནི་ཚིམ་པར་བྱེད་པས་ན་ནམ་མཁའི་རྡོ་རྗེ་འཛིན་ནོ། །འདོད་ཆགས་ནི་འདོད་ཆགས་སྤང་པས་འཁོར་བ་པ་རྣམས་འཁོར་བ་ལས་ཕ་རོལ་ཏུ་ཕྱིན་པར་མཛད་པས་ན་འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས་སོ། །རྡོ་རྗེའི་དམ་ཚིག་གསུངས་ཤིག་པ་ནི་བཤད་དུ་གསོལ་ཅིག་པའོ། །དོན་ཐམས་ཅད་བསྒྲུབས་པའི་འབྲས་བུ་དང་ལྡན་པའི་ཕྱིར་དོན་ཡོད་རྡོ་རྗེའོ། །ཕྲག་དོག་རྣམ་པར་དག་པའི་ཕྱིར་དག་པའོ། །བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་རྫོགས་པར་མཛད་པས་ན་བསམ་པ་ཐམས་ཅད་རྫོགས་མཛད་པའོ། །དག་པའི་ངོ་བོ་ཉིད་ནི་དམ་ཚིག་རྣམ་པར་སྦྱང་བས་སླར་ཡང་རང་གི་དམ་ཚིག་ལ་བཞག་པའི་ཕྱིར། དག་པའི་ངོ་བོ་ཉིད་ལས་བྱུང་བའོ། །ཀུན་གྱི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སེམས་དཔའོ། །ཕྱག་འཚལ་བ་ནི་ཁྱོད་ལ་ཕྱག་འཚལ་ལོ་ཞེས་དང་སྦྱར་རོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ། བསྟོད་པའི་ཚིག་ལྔ་པོ་འདི་རྣམས་ཀྱིས་གང་ཡང་རུང་བའི་སྒྲུབ་པ་པོས་རྡོ་རྗེ་ལོངས་སྤྱོད་ནི་དེ་བཞིན་གཤེགས་པ་རྣམས་བསྟོད་ན། སྒྲུབ་པ་པོ་ཡང་སངས་རྒྱས་འདྲ་བར་འགྱུར་བ་ནི་རྡོ་རྗེ་


DTG029_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཆང་ཆེན་པོ་འདྲ་བར་འགྱུར་རོ། །བསྟོད་པའི་ཚིག་ཇི་ལྟ་བུ་ཞེ་ན། ཞི་བ་ནི་བླ་ན་མེད་པའི་གོ་འཕང་ཐོབ་པར་བྱེད་པ་དང༌། སངས་རྒྱས་ཀུན་གྱིས་བསྐུལ་བ་ནི་མི་བསྐྱོད་པ་ལ་སོགས་པ་གསུངས་པའོ། །འདིས་ནི་འདི་བཤད་པ་ཡིན་ཏེ། བསྟོད་པ་ཙམ་གྱིས་རྡོ་རྗེ་འཆང་དང་འདྲ་བར་གྱུར་པ་སྟེ། དོན་དཔྱད་པ་དང་སྒོམ་པའི་སྒོ་ནས་སྨོས་ཅི་དགོས་ཞེས་བསྟོད་པའི་ཕན་ཡོན་བསྟན་པ་སྟེ། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ །ཡང་མི་སྤྱོད་རྡོ་རྗེ་ནི་ཡི་གེ་ཧཱུཾ་དང༌། ཡེ་ཤེས་ཆེ་ནི་ཡི་གེ་ཨཱཿདང༌། རྡོ་རྗེ་དབྱིངས་ནི་ཡི་གེ་ཨོཾ་དང་དེ་རྣམས་ཀྱི་འཇུག་པ་ལ་སོགས་པའི་རིམ་པས། ཆེ་བ་ནི་འོད་གསལ་བ་རྟོགས་པས་མངོན་དུ་བྱེད་པས་ན་མཁས་པ་ཆེའོ། །དཀྱིལ་འཁོར་གསུམ་ནི་སྲོག་དང་རྩོལ་བ་དང་མེ་དང་མཉམ་པ་རྣམས་སོ། །དེ་དག་གི་རྡོ་རྗེ་གསུམ་ནི་དེ་བཞིན་གཤེགས་པ་གསུམ་དམིགས་པ་སྟེ། དེས་མཆོག་ནི་བྱང་ཆུབ་ཐོབ་པ་སྟེ། དེ་ལྟ་བུའི་རྡོ་རྗེ་ནི་རྡོ་རྗེའི་བཟླས་པ་གསུངས་པ་སྟེ། བཟླས་པའི་རིམ་པའོ། །རྣམ་པར་སྣང་མཛད་ནི་སྣང་བའི་ཡེ་ཤེས་དང༌། དག་པ་ཆེ་ནི་སྣང་བ་མཆེད་པའི་ཡེ་ཤེས་དང༌། རྡོ་རྗེ་ཞི་བ་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཏེ། ཆེ་བ་དེ་རྣམས་དགའ་བ་ནི་མི་སྣང་བར་བྱེད་པའོ། །དེ་བཞིན་དུ་རང་བཞིན་ནི་འདོད་ཆགས་ལ་སོགས་པ་བརྒྱ་དྲུག་བཅུའི་རང་བཞིན་རྣམ་པར་དག་པའི་ཕྱིར་འོད་གསལ་བའོ། །ཆོས་ནི་ཆོས་ཉིད་དོ། །སྟོན་པ་ནི་གསུངས་ཤིག་པའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་ནི་རྡོ་རྗེ་བཞིན་དུ་མི་ཕྱེད་པ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །བསམ་པ་ཐམས་ཅད་རྫོགས་པར་མཛད་པའི་ཕྱིར་རིན་ཆེན་དང༌། མཚན་དང་དཔེ་བྱད་རྣམས་ཀྱིས་མཛེས་པའི་ཕྱིར་རྒྱལ་པོ་དང༌། ཤིན་ཏུ་ཟབ་པའི་འོད་གསལ་བ་ལ་ཞེས་པའི་ཕྱིར་རབ་ཏུ་ཟབ་པའོ། །རྡོ་རྗེ་ནམ་མཁའ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་དང་ལྡན་པའི་ཕྱིར་རྡོ་རྗེ་ནམ་མཁའ་དང༌། ནམ་མཁའི་འཇའ་ཚོན་དང་འདྲ་བས་རྡོ་རྗེ་ནམ་མཁའོ། །ནམ་མཁའ་བཞིན་དུ་རུས་པ་དང་ཤ་ལ་སོགས་པ་དང་བྲལ་བའི་ཕྱིར་དྲི་མ་མེད་པ་སྟེ། ཡེ་ཤེས་ཀྱི་སྐུའི་རང་བཞིན་ནོ། །དེའི་ཕྱིར་སྒྱུ་མའི་རུས་པ་དང་ཤ་ལ་སོགས་པ་དང་བྲལ་བའི་ཕྱིར་དྲི་མ་མེད་པ་རང་བཞིན་དག་པ་དང༌། དེའི་བག་ཆགས་ཀྱིས་འགྲོ་བའི་དོན་མཛད་པས་ན་གོས་པ་མེད་པའོ། །དེ་ལྟ་བུའི་གསང་


DTG029_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་བཤད་དུ་གསོལ་ཅིག་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རྡོ་རྗེ་ནི་འདོད་ཆགས་དང༌། བདུད་རྩི་ནི་འདོད་ཆགས་པར་པ་དང༌། རྒྱལ་པོ་ཆེ་ནི་འདོད་ཆགས་དང་བྲལ་བ་སྟེ། དེ་རྣམས་ཀྱི་རྣམ་པར་རྟོག་པ་ནི་འདོད་ཆགས་ལ་སོགས་པ་རྣམས་དང་བྲལ་བའི་དེ་ཁོ་ན་ཉིད་དོ། །དེ་ཉིད་ནམ་མཁའ་དང་འདྲ་བས་ནམ་མཁའ་དང༌། རྡོ་རྗེ་བཞིན་དུ་མི་ཕྱེད་པ་འཛིན་པས་ན་ནམ་མཁའ་རྡོ་རྗེ་འཛིན་ནོ། །འདོད་ཆགས་ནི་དུས་མཚམས་དང་མཚན་མོ་དང་ཉིན་མོ་རྣམས་ཏེ། དེ་རྣམས་ཕྱི་དང་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པས་མཚན་མ་ཉེ་བར་མཚོན་པའི་ཕྱིར། ཕ་རོལ་ཕྱིན་པ་ནི་བཞི་པའི་སྐད་ཅིག་མ་མངོན་དུ་མཛད་པ་སྟེ། འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས་པའོ། །དེ་ལྟ་བུའི་རྡོ་རྗེ་ནི་མངོན་པར་བྱང་ཆུབ་པ་གསུངས་པ་ནི་བཀའ་སྩོལ་ཅིག་པ་སྟེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །མི་གནས་པའི་མྱ་ངན་ལས་འདས་པ་ལ་ཞུགས་པའི་ཕྱིར་དོན་ཡོད་རྡོ་རྗེ་དང༌། ཀུན་རྫོབ་དང་དོན་དམ་པ་དག་གཅིག་ཏུ་མཛད་པའི་ཕྱིར་དག་པའོ། །བསམ་པ་ཐམས་ཅད་ནི་འཇིག་རྟེན་གྱི་ཆོས་རྣམས་ཏེ། དེ་དག་བྱེ་བྲག་མེད་པས་རྫོགས་མཛད་པ་ནི་མཁྱེན་པས་ན་བསམ་པ་ཐམས་ཅད་རྫོགས་མཛད་པའོ། །དེ་བཞིན་དུ་དག་པ་ངོ་བོ་ཉིད་ནི་གཙང་བ་ལ་སོགས་པའི་དངོས་པོ་རྣམས་ཏེ། དེ་དག་བྱུང་བ་ནི་བྱེ་བྲག་མེད་པར་མཁྱེན་པས་ན་དག་པ་ངོ་བོ་ཉིད་ལས་འབྱུང་བའོ། །དེ་ཉིད་ཀྱི་ཕྱིར་དྲུག་པ་ཡིན་པས་རྡོ་རྗེ་སེམས་དཔའ་སྟེ། དེ་ལ་ཕྱག་འཚལ་བ་ནི་དེའི་བདག་ཉིད་དུ་རྗེས་སུ་ཞུགས་པར་བྱ་བ་སྟེ། ཟུང་འཇུག་གི་རིམ་པའོ། །དེ་ལྟ་བུའི་བསྟོད་པའི་ཚིག་རྣམས་ཀྱིས་གང་གིས་བསྟོད་པ་དེ་ཡང་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ། །རབ་ཏུ་བྱེད་པ་ལས་ཀྱང་ཁྱོད་ལ་ཕྱག་འཚལ་འདུད་ཅེས་པ་ལ་སོགས་པ་འབྱུང་ངོ༌། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་མ་ཐག་ཏུ་རྡོ་རྗེ་འཆང་གིས་བཀའ་སྩལ་པ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ནི་དེའི་འོག་ཏུའོ། །རྡོ་རྗེ་ནི་མི་ཕྱེད་པའི་དམ་ཚིག་སྟེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །ལམ་དེ་ཉིད་ཀྱིས་གདུལ་བྱ་རྣམས་འདུལ་བར་མཛད་པས་ན་སྟོན་པའོ། །སངས་རྒྱས་ཀུན་ནི་སྣ་ཚོགས་པའི་མོས་པ་དང་ལྡན་པའི་བསྒྲུབ་བྱ་རྣམས་ཏེ། དེ་དག་རྗེས་སུ་མཐུན་པའི་ལམ་རྣམས་ཀྱིས་རྗེས་སུ་བརྩེ་བ་ནི་རྗེས་སུ་


DTG029_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཟུང་བར་མཛད་ནས་སངས་རྒྱས་ཀུན་ལ་རྗེས་བརྩེ་བའོ། །རྡོ་རྗེ་གསང་བ་ནི་བསྲུང་བར་བྱ་བ་དང༌། བཟའ་བར་བྱ་བའི་དམ་ཚིག་རྣམས་ཏེ། དེ་དག་གི་གསུང་ནི་དེ་སྟོན་པར་བྱེད་པའི་ཚིག་གོ །ཇི་ལྟ་བུ་ཞེ་ན། དག་པ་ནི་རྣམ་པར་དག་པ་ཐོབ་པའི་ཕྱིར་རོ། །དེ་ལྟ་བུའི་རྡོ་རྗེ་གསུང་ནི་བརྟན་པའི་གསུང་རྡོ་རྗེ་འཛིན་གྱིས་བཀའ་སྩལ་པ་སྟེ། སྡུད་པ་པོའི་ཚིགས་སུ་བཅད་པ་འདི་ནི་སྒྲུབ་པའོ། །ཨེ་མ་ཧོ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གསུང་གི་གོང་དུ་ཆོས་ཉིད་བཀའ་སྩལ་པ་སྟེ། ཀྱེ་དེ་བཞིན་གཤེགས་པ་རྣམས་སངས་རྒྱས་ཐམས་ཅད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་རྣམས་ཀྱི་མི་འགྱུར་ཆེ་ནི་མི་གཡོ་བའི་ཆོས་ཉིད་དོ། །གང་གི་ཕྱིར་འཇིག་རྟེན་དང་འགལ་པའི་དམ་ཚིག་གི་སྒོ་ནས་རང་བཞིན་འོད་གསལ་བ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྟེ། དེ་ཉིད་ཡོངས་སུ་དག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་དང༌། ནམ་མཁའི་དབྱིངས་བཞིན་དུ་དྲི་མ་མེད་པ་ནི་ཡེ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་བ་སྟེ། དེ་ནི་ངོ་མཚར་བ་སྟེ། སྒྲུབ་པ་དང་རྫོགས་པའི་རིམ་པ་དང༌། བདག་ལ་བྱིན་གྱིས་བརླབས་པའི་རིམ་པ་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ལ་སོགས་པ་ནི་རྣལ་འབྱོར་པ་རྣམས་ཏེ། དེ་དག་གི་དམ་ཚིག་ནི་བསྲུང་བར་བྱ་བ་དང༌། བཟའ་བར་བྱ་བའི་མཚན་ཉིད་ཅན་ཏེ། དེ་ཉིད་སྐུ་ཞེས་བྱ་བ་ལ་སོགས་པ་ལ། ཕྱུང་བ་ནི་གསུངས་སོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་བཞི་ནི། ལེའུ་ལྔ་པ་ལས་གསུངས་པ་སྟེ། རིགས་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །ཁྱད་པར་ནི་ཤ་ཆེན་གྱིས་ཉེ་བར་མཚོན་པ་སྟེ། དོན་ཡོད་གྲུབ་པའི་དམ་ཚིག་ནང་དུ་འགྲོ་བས་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའོ། །གང་གིས་ཤེ་ན། སངས་རྒྱས་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་ནམས་ཀྱིས་སོ། །ཇི་ལྟ་བུ་ཞེ་ན། ཡེ་ཤེས་རྒྱ་མཚོ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་མོས་པ་དང་ལྡན་པ་དེ་རྣམས་ཀྱིས། འདི་མཆོག་ནི་དམ་ཚིག་གི་ནན་ཏན་བྱའོ་ཞེས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས། གསུང་གི་དམ་ཚིག་ནི་གསུང་


DTG029_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གི་རིགས་ཀྱི་དམ་ཚིག་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དམ་ཚིག་བཞི་པོ་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་བཞི་པོ་ནི་སྲོག་གཅོད་པ་ལ་སོགས་པ་དང༌། ཁྱད་པར་ནི་བཤང་གཅི་སྟེ། རྣམ་པར་སྣང་མཛད་དང་མི་བསྐྱོད་པའི་དམ་ཚིག་གོ །དེ་དག་གསུང་གི་རྡོ་རྗེ་ཡི་གེ་ཆེ་ནི་སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས་ནན་ཏན་དུ་བྱའོ། །འདི་ནི་གསང་བ་ཞེས་པ་ནི་བྱ་བ་ལ་སོགས་པའི་ཚུལ་ལ་སོགས་པ་རྣམས་ལ་བརྟེན་པར་མི་བྱའོ། །རྨད་བྱུང་ནི་སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་རྡོ་རྗེ་འཛིན་ཐམས་ཅད་མི་བསྐྱོད་པའི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་སྟེ་གསུངས་སོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་བཞི་པོ་བཤད་ཟིན་ཏོ། །ཁྲག་དང་ཤུ་ཀྲ་ནི་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་ཀྱི་དམ་ཚིག་གོ །དེ་དག་རྡོ་རྗེ་སེམས་དཔའ་རྫུ་འཕྲུལ་ཆེ་ནི་མི་བསྐྱོད་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྲུང་བར་བྱ་བ་དང་བཟའ་བར་བྱའོ། །བརྟུལ་ཞུགས་བརྟན་པ་ནི་བརྟུལ་ཞུགས་སྤྱོད་པས་སོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་གཉིས་ནང་དུ་བསྡུས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་གསུམ་གྱི་དམ་ཚིག་འདི་ནི་ཞེས་པ་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་དམ་ཚིག་ཡིན་ནོ། །ཇི་ལྟ་བུ་ཞེ་ན། རྨད་པ་ཆེ་ནི་ཡེ་ཤེས་ཐོབ་པའི་རྒྱུར་གྱུར་པའོ། །དེ་བཞིན་དུ་སངས་རྒྱས་ཀུན་ནི་ཕུང་པོ་ལ་སོགས་པ་སྟེ། དེ་དག་གི་རྒས་པ་ལ་སོགས་པའི་སྐྱོན་ཟད་པར་བྱ་བའི་ཕྱིར་རྟག་པའོ། །དེ་ལྟ་བུའི་དམ་ཚིག་རྡོ་རྗེ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཡང་དག་པར་བླངས་ཤིང་བསྲུང་བར་བྱ་བ་ནི་བསྟེན་པར་བྱའོ། །ཕན་ཡོན་བཤད་པར་བྱ་སྟེ། གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་གང་གིས་དམ་ཚིག་འདི་བསྲུངས་ན་དེ་ནི་རྣམ་པར་མི་རྟོག་པའི་གོ་འཕང་ཐོབ་ཅིང་ལུས་ངག་ཡིད་རིམ་གྱིས་སྦྱངས་ཏེ། སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་ཏེ། དབུགས་དབྱུང་


DTG029_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་གཉིས་རྙེད་པར་འགྱུར་རོ་ཞེས་སྟོན་ཏོ། །ཟབ་པ་དང་རྒྱ་ཆེ་བའི་ཚུལ་ལ་མོས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་ཚིག་དེ་ཡིན་ཏེ་སྒྲུབ་པའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རང་སངས་རྒྱས་ཀྱི་དམ་ཚིག་བཤད་པར་བྱ་སྟེ། གཟུང་བ་དང་འཛིན་པ་དག་ཕན་ཚུན་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མེད་པ་ཁས་བླངས་པ་བཞིན་དུ་དེའི་ཆོས་དང་ལྡན་པའི་ཆོས་ཐམས་ཅད་སེམས་ཅན་རྣམས་ལ་སྟོན་པར་བྱེད་དེ། རང་སངས་རྒྱས་རྣམས་ནི་ཕྱི་རོལ་གྱི་དོན་འདོད་པ་མ་ཡིན་ཏེ། ཤེས་པ་ཉིད་ནི་རྣམ་པ་དང་བཅས་པ་དོན་གྱི་ཚུལ་དུ་སྣང་བ་སྟེ། དེ་བས་ན་དེ་དག་རྣམ་པ་དང་བཅས་པའི་རྣམ་པར་ཤེས་པ་སྣང་བ་ཡིན་ནོ། །དེ་ཙམ་ལ་གནས་པ་དེ་དག་རྣམས་ཆོས་ཀྱི་སྐུ་མངོན་དུ་བྱེད་པས་ངག་གིས་སྟོན་པ་མི་བྱེད་ཀྱི། འོན་ཀྱང་འབར་དང་སྣང་བ་ལ་སོས་པས་རྫུ་འཕྲུལ་བསྟན་པས་སེམས་ཅན་འདུལ་བར་བྱེད་དེ་གང་གི་ཕྱིར་བསྟན་པ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པ་གསུམ་གསུམ་གསུངས་པ་དང་སྐུ་དང་གསུང་དང་ཐུགས་ཀྱིའོ། །ཉན་ཐོས་པ་རྣམས་ཀྱིས་རང་གི་དོན་ལ་ཞེས་པས་གསུམ་མེད་དེ། གང་གི་ཕྱིར་དེ་རྣམས་ནི་བརྟུལ་ཞུགས་དང་སྦྱངས་པའི་ཡོན་ཏན་དང་ལྡན་པ་བདག་ངལ་བ་ཉིད་དུ་བསྒོམ་ཞིང་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་ཞུགས་པ་ཐོབ་བོ། །ལུས་ཀྱི་སྟོན་པ་ནི་རང་སངས་རྒྱས་ཀྱིའོ། །ངག་གི་སྟོན་པ་ནི་བྱང་ཆུབ་སེམས་དཔའིའོ། །སྐུ་དང་གསུང་དང་ཐུགས་ཀྱི་སྟོན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིའོ། །དཔེར་ན་དེ་རྣམས་ཀྱི་སྐུའི་སྟོན་པ་ནི་སྤྲུལ་པའི་སྐུ་སྤྲོས་ཏེ་འགྲོ་བའི་དོན་མཛད་པ་དང། གསུང་གི་སྟོན་པ་ནི་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གིས་ཆོས་སྟོན་པར་མཛད་པ་དང༌། ཐུགས་ཀྱི་སྟོན་པ་ནི་ཞགས་པ་དང༌། ལྕགས་ཀྱུ་ལ་སོགས་པ་འཛིན་པའི་ཁྲོ་བོ་ལ་བཀའ་སྩལ་པས་ལྷ་ལ་སོགས་པའི་སྙིང་པོ་རྗེས་སུ་ཞུགས་པས་དྲག་ཤུལ་གྱིས་དགུག་པར་མཛད་ཅིང་དེ་རྣམས་འདུལ་བར་མཛད་པའོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་གྱི་རྒྱུད་ལས་ཀྱང༌། འདོད་པ་ཅན་ལ་འདོད་ལྷ་དང༌། །དྲག་པོ་རྣམས་ལ་དྲག་པོའི་མཆོག །ཞི་བ་རྣམས་ལ་ཞི་མཆོག་དང༌། །དྲག་ཤུལ་རྣམས་ལ་དྲག་ཤུལ་ཚུལ། །དབང་ཕྱུག་ཆེན་པོ་མ་ནན་ནས་ནི། །སྐྱོན་མེད་སྟོབས་ཀྱིས་ཅིག་


DTG029_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅར་དུ། །ལྷ་མོ་ཨུ་མ་བཀུག་ནས་ནི། །རང་ལོངས་སྤྱོད་ཀྱིས་དེ་ཉིད་སྤྱོད། །ཁྱབ་འཇུག་ཡང་དག་མནན་ནས་ནི། །སྐྱོན་མེད་སྟོབས་ཀྱིས་ཅིག་ཅར་དུ། །ལྷ་མོ་དྲུག་མིན་བཀུག་ནས་ནི། །དེ་ཉིད་རང་ལོངས་སྤྱོད་ཀྱིས་སྤྱོད། །སྐྱེ་དགུའི་བདག་པོ་མནན་ནས་ནི། །སྐྱོན་མེད་སྟོབས་ཀྱིས་ཅིག་ཅར་དུ། །ཞི་བའི་ལྷ་མོས་བཀུག་ནས་ནི། །དེ་ཉིད་རང་ལོངས་སྤྱོད་ཀྱིས་སྤྱོད། །འདོད་པའི་ལྷ་ཉིད་མནན་ནས་ནི། །སྐྱོན་མེད་སྟོབས་ཀྱིས་ཅིག་ཅར་དུ། །དགའ་དང་བདེ་མ་བཀུག་ནས་ནི། །དེ་ཉིད་རང་ལོངས་སྤྱོད་ཀྱིས་སྤྱོད། །དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་ཀྱི་དབྱིངས་དང་མཉམ་མི་མཉམ། །ནམ་མཁའི་དབྱིངས་ཀྱི་མཐའ་ཅན་ཏེ། །རྡོ་རྗེ་ལས་ཀྱི་མཆོག་གིས་གནོན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྱོད་ལམ་གྱི་ཞུགས་པ་ནི་སྐུའི་སྟོན་པ་དང༌། བསྟན་པའི་ཞུགས་པ་ནི་གསུང་གི་སྟོན་པ་དང༌། ཏིང་ངེ་འཛིན་གྱི་ཞུགས་པ་དང་སོ་སོ་ཡང་དག་པར་བཞུགས་པའི་ཞུགས་པ་ནི་ཐུགས་ཀྱི་སྟོན་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིམ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་སངས་རྒྱས་ཀྱི་རིགས་ཅན་གྱི་རྣལ་འབྱོར་པ་དེ་རྣམས་ཀྱིས་ལུས་ཀྱིས་བསྟན་པའོ། །དེ་ཇི་ལྟ་བུ་ཞེ་ན། རྡོ་རྗེ་སྐུ་ནི་ལྷའི་སྟེ། དེ་ལ་རབ་ཏུ་གནས་པའོ། །དཔེར་ན་སྙིང་གར་ཟླ་བའི་རྡོ་རྗེ་ལས་འོད་ཟེར་འཁོར་ལོ་སྤྲོས་ཏེ། དེ་ཉིད་ཀྱིས་རང་གི་ལུས་གསལ་བར་བྱས་ལ། ནམ་མཁའི་ཁམས་ཀྱང་གསལ་བར་བྱའོ། །དེ་ཉིད་ཀྱི་སེམས་ཅན་གཟུང་བ་ནི་འོད་ཟེར་སྤྲོ་བས་སེམས་རྣམས་སྣང་བར་བྱས་ལ། དེའི་མཐུས་དེ་རྣམས་ལམ་ལ་གནས་པར་འགྱུར་རོ། །དམ་ཚིག་མཆོག་ཏུ་བརྟག་པ་ནི་འབྲས་བུ་སྟེར་བར་བྱེད་པའོ་ཞེས་སྟོན་ཏེ། བསྐྱེད་པའི་རིམ་པ་དང་བསྒྲུབ་པ་དག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པས་ཉན་ཐོས་པའི་དམ་ཚིག་བཤད་པར་བྱ་སྟེ། ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དགེ་བ་བཅུའི་ལས་ནི་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པ་སྟེ། དེ་རྣམས་ཡེ་ཤེས་སྤངས་པ་རྣམས་ནི་དེ་ཁོ་ན་ཉིད་ལ་མ་ཞུགས་པ་རྣམས་ཏེ། ལས་དང་པོ་པ་དག་གིས་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་དམན་པར་མོས་པ་ཐམས་ཅད་ནི་ཉན་ཐོས་པ་རྣམས་འཇུག་པའི་ཕྱིར། དམ་ཚིག་འདི་ནི་རྨད་པོ་ཆེ་ནི་དེའི་ལམ་གྱིས་དབང་བསྐུར་ཐོབ་ནས་རྡོ་རྗེ་འཆང་ཉིད་མངོན་དུ་བྱེད་


DTG029_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །དཔེར་ན་དཀྱིལ་འཁོར་ལ་སློབ་མ་ཞུགས་པར་བྱས་ལ་རིགས་ལྔའི་དམ་ཚིག་གི་འོག་ཏུ། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །ཞེས་བྱ་བ་ལ་སོགས་པས་སོ་སོར་ཐར་པའི་སྡོམ་པ་དང་འདྲ་བའི་བསླབ་པའི་གནས་ཉན་དུ་བཅུག་ན་སྔགས་ཀྱི་ཐེག་པ་ཆེན་པོ་ལ་དེ་རྣམས་ཀྱི་དད་པ་བསྐྱེད་ཅིང་དེ་ལ་ཞུགས་ཤིང་ཐོས་པ་དང་བསམ་པ་དང་སྒོམ་པའི་རིམ་པས་ཉན་ཐོས་པའི་རིགས་ཅན་དེ་རྣམས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས། ཚངས་པ་ནི་སྐྱེ་དགུའི་བདག་པོའི་དམ་ཚིག་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་སྟེ་གསུངས་པའོ། །གཏི་མུག་ལམ་ནི་ཡི་གེ་ཨོཾ་གྱི་སྒོ་ནས་དེ་ནས་བྱིན་གྱིས་བརླབས་པའི་རྡོ་རྗེས། ལས་ནི་སྙོམས་པར་ཞུགས་པའི་མཚན་ཉིད་ཅན་བྱེད་པའོ། །ཇི་ལྟ་བུ་ཞེ་ན། འཇིགས་ཤིང་མི་སྡུག་པ་ནི་ཉན་ཐོས་པ་རྣམས་ལ་སྡོམ་པ་ཉམས་པའི་འཇིགས་པས་སྐྲག་པར་བྱེད་པ་ཡིན་ན་ཡང་སྔགས་པ་ལ་སངས་རྒྱས་བྱང་ཆུབ་ནི་རྣམ་པར་སྣང་མཛད་ཉིད་དེ་སྟོན་པ་ནི་སྟེར་བར་བྱེད་པ་སྟེ་འགྲོ་བ་རྣམས་རྣམ་པར་སྣང་མཛད་ཀྱི་ཞིང་ལ་བཞག་ཅིང་སྐུ་རྡོ་རྗེ་འཛིན་ཅིང་ཐོབ་པར་འགྱུར་རོ། །འདིར་ནི་མན་ངག་འདི་ཡིན་ཏེ། རང་གི་བདག་ཉིད་ཅིག་ཅར་དུ་རྣམ་པར་སྣང་མཛད་བསྒོམས་ལ། རང་གི་རིག་མའི་པདྨའི་ནང་དུ་ཡི་གེ་ཨོཾ་ལས་བྱུང་བ་མདོག་དཀར་པོ། གདོང་བཞི་པ་དང་ལག་པ་བཞི་པ། ཞི་བའི་རང་བཞིན་དང་རལ་པའི་ཅོད་པན་གྱིས་བརྒྱན་པ། ལག་པ་བཞི་ལ་དབྱིག་པ་དང་སྤྱི་བླུགས་དང༌། ཕྲེང་བ་དང་པདྨ་འཛིན་པ་ངང་པའི་སྟན་ལ་འདུག་པ་དང༌། ཞི་བའི་ལྷ་མོ་ཕང་པར་འཛིན་ཅིང་དེའི་ནུ་མ་རེག་པར་བྱེད་པའི་ཚངས་པ་བསྒོམས་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་དབང་བསྐུར་གསོལ་ཞིང་ཡེ་ཤེས་ཀྱི་ལྷ་མོའི་ཞལ་ནས་སྤྲོས་ཏེ། དེའི་འོད་ཟེར་རྣམས་ཀྱིས་ཚངས་པས་གདུལ་བྱ་གཏི་མུག་གི་རིགས་ཅན་འཇིག་རྟེན་གྱི་ཁམས་ཆོས་བསྟན་པས་རྣམ་པར་སྣང་མཛད་ཀྱི་ཞིང་ལ་བཞག་ཅིང་སླར་ཡང་བསྡུས་ཏེ། དེ་དབྱེར་མེད་པའི་བདག་ཉིད་བསྒོམ་པར་བྱ་སྟེ། དེ་ཉིད་སྐུའི་རྡོ་རྗེ་ཉིད་དུ་གྱུར་པ་ནི་རང་དང་གཞན་རྣམས་རྣམ་པར་སྣང་མཛད་ཉིད་དུ་བྱེད་པའོ་ཞེས་སྟོན་ཏེ་བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས། དྲག་པོས་གདུལ་བྱ་རྣམས་ལ་དྲག་པོའི་དམ་ཚིག་གསུངས་པའོ། །


DTG029_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་ཁམས་གསུམ་ལ་གནས་པའི་བུད་མེད་ཇི་སྲིད་ཡོད་པ་དེ་རྣམས་རྡོ་རྗེ་གསུམ་འབྱུང་བ་ནི་རི་དགས་མོ་དང༌། རྒོད་མ་དང༌། གླང་མོ་སྟེ་དབྱེ་བ་གསུམ་གྱི་གནས་པ་གང་ཡིན་པ་དེ་དག་རྣམ་པ་གསུམ་གྱིས་ལོངས་སྤྱོད་ནི་ལུས་ངག་ཡིད་ཀྱི་ལོངས་སྤྱོད་ཀྱིས་མཉེས་པར་བྱའོ། །དམ་ཚིག་ནི་དྲག་པོ་ལ་མོས་པ་དང་ལྡན་པ་དང་འདོད་ཆགས་ཀྱི་རིགས་ཀྱི་སེམས་ཅན་རྣམས་ཀྱི་དམ་ཚིག་འདི་ཡིན་ནོ། །ཇི་ལྟ་བུ་ཞེ་ན། རྨད་དུ་བྱུང་བ་ནི་སྣང་བ་མཐའ་ཡས་ཀྱི་གོ་འཕར་ཐོབ་པར་བྱེད་པའོ། །འདིར་ཡང་མན་ངག་འདི་ཡིན་ཏེ། རེ་ཞིག་དང་པོར་རང་གི་བདག་ཉིད་ཅིག་ཅར་དུ་ངག་གི་དབང་ཕྱུག་བསམས་ལ། རང་གི་རིག་མའི་པདྨའི་ནང་དུ་ཡི་གེ་ཨཱ་ལས་བྱུང་བའི་ཁ་དོག་དམར་པོ། གདོང་གསུམ་ལག་པ་དྲུག་པ། ཁྱུ་མཆོག་ལ་གནས་པ། ལག་པ་གཡས་པ་དང་གཡོན་པ་ན་རྩེ་གསུམ་པ་དང་ཐོད་པ་འཛིན་པ་ལག་པ་ལྷག་མ་རྣམས་རྡོ་རྗེ་དང༌། འཁོར་ལོ་དང་རིན་པོ་ཆེ་དང་པདྨ་འཛིན་པ། མགོ་བོ་ལ་ཟླ་བ་ཕྱེད་ཀྱིས་བརྒྱན་པ་དང༌། རལ་པའི་ཅོད་པན་དང་ལྡན་པ་སྒེག་པའི་རོ་དང་བཅས་པའི་ཕང་པར་ལྷ་མོ་ཨུ་མ་འཛིན་ཅིང་དེའི་ནུ་མ་རེག་པར་བྱེད་པའི་དྲག་པོ་བསམས་ལ། དེ་ལ་སྔ་མ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་དབང་བསྐུར་བ་གསོལ་ཞིང་སྤྲོས་ཏེ། དེ་ནས་གདུལ་བྱའི་འདོད་ཆགས་ཀྱི་རིགས་ཀྱི་སེམས་ཅན་གྱི་ཁམས་བསྟན་པ་དང༌། སྨིན་པ་ལ་སོགས་པས་རྣམ་པར་སྦྱངས་ལ་སྣང་བ་མཐའ་ཡས་ཀྱི་ཞིང་ལ་བཞག་ཅིང་ཁམས་གསུམ་ན་གནས་པའི་བུད་མེད་ཐམས་ཅད་ལྷ་མོ་ཨུ་མ་ལ་ཐིམ་ཞིང་དེ་ཉེ་བར་སྤྱོད་ཅིང་དེ་རྣམས་སླར་ཡང་བསྡུས་ཏེ། རང་གི་བདག་ཉིད་དེ་དང་དབྱེར་མེད་པར་བསམས་ནས། དེའི་ཚེ་གསུང་རྡོ་རྗེའི་དངོས་གྲུབ་རྙེད་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཁྱབ་འཇུག་གི་དམ་ཚིག་གསུངས་པ་སྟེ། ཞེ་སྡང་གི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་འདི་ཡིན་ཏེ། ཁམས་གསུམ་ན་གནས་པའི་ཇི་སྙེད་སེམས་ཅན་གྱི་རིགས་ཡོད་པ་དེ་རྣམས་བསམ་གཏན་རྡོ་རྗེ་ནི་ཏིང་ངེ་འཛིན་གྱིས་གསད་པར་བྱ་བ་ནི་ཉེ་བར་བསྡུ་བར་བྱའོ། །ཡང་ན་ཁམས་གསུམ་ཡང་ཅིག་ཅར་དུའོ་ཞེས་ཁྱབ་འཇུག་གི་དམ་ཚིག་གོ །འདིར་ཡང་མན་ངག་འདི་ཡིན་ཏེ། རེ་ཞིག་དང་པོ་རང་གི་བདག་ཉིད་མི་བསྐྱོད་པར་བསམས་ལ། མཱ་མ་


DTG029_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀཱིའི་པདྨའི་ནང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་ཁ་དོག་ལྗང་གུ། གདོང་གསུམ་པ་ལག་པ་བཞི་པ། གདོང་གཡས་པ་དང་གཡོན་པ་ནི་ཕག་དང་མི་དང་སེང་གེ་སྟེ། ལག་པ་བཞི་ལ་འཁོར་ལོ་དང་བེ་ཅོན་དང༌། དུང་དང་པདྨ་འཛིན་པ་ནམ་མཁའ་ལྡིང་ལ་གནས་པ། རལ་པའི་ཅོད་པན་གྱི་སྟེང་དུ་སྣ་ཚོགས་པའི་རིན་པོ་ཆེས་བྱས་པའི་རྒྱན་འཛིན་པ། ཕང་པ་གཡོན་པ་ལ་ལྷ་མོ་པདྨ་འཛིན་ཅིང་དེའི་ནུ་མ་རེག་པའི་སྦྱོར་བས་གནས་པའི་ཁྱབ་འཇུག་བསམས་ཏེ། སྔ་མ་བཞིན་དུ་དབང་བསྐུར་ཞིང་ཕྱི་རོལ་དུ་སྤྲོས་ཏེ། ཞེ་སྡང་གི་རིགས་ཀྱི་སེམས་ཅན་རྣམས་བསྟན་པ་དང༌། སྨིན་པ་ལ་སོགས་པས་རྣམ་པར་སྦྱང་ཞིང་མངོན་པར་དགའ་བའི་སངས་རྒྱས་ཀྱི་ཞིང་ལ་བཞག་ཅིང་ཁམས་གསུམ་སྐྱེ་བོ་རྣམས་དང་བྲལ་ཞིང་སྟོན་པར་བལྟས་ལ་སླར་ཡང་བསྡུས་ཏེ། དེ་དང་དབྱེར་མེད་པའི་རང་གི་བདག་ཉིད་བསྒོམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར། སྐུ་ཡི་རྡོ་རྗེ་ཚངས་པར་གྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་གནོད་སྦྱིན་མོའི་དམ་ཚིག་བཤད་པར་བྱ་སྟེ། ཁྲག་དང་ཤ་ཞེས་བྱ་བ་ལ་སོགས་པ་ལ། གནོད་སྦྱིན་མོ་རྣམས་ནི་ཁྲག་དང་ཤ་ཟ་བ་དང༌། འདོད་ཆགས་ལ་དགའ་བ་སྟེ། དེ་རྣམས་རྡོ་རྗེ་འཆང་ཆེན་པོ་ནི་རྣལ་འབྱོར་པས་དམ་ཚིག་དེ་རྣམས་ཉིད་ཀྱིས་མཉེས་པར་བྱ་སྟེ། དེ་ཡང་ལེའུ་བཅུ་དྲུག་པ་ལས་བཤད་ཟིན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཀླུ་མོའི་དམ་ཚིག་བཤད་པར་བྱ་སྟེ། འོ་མ་འཐུང་བ་ཞེས་བྱ་བ་ལ་སོགས་པ་ལ། ཀླུ་མོ་དེ་རྣམས་ནི་ཕྲ་མའི་ཚིག་གི་གཙོ་བོར་གྱུར་པ་དང༌། འོ་མ་འཐུང་བ་དང་མེ་ཏོག་དང་དྲི་ལ་སོགས་པ་ལ་དགའ་བ་སྟེ། དེ་རྣམས་འོ་མ་འཐུང་བ་ལ་སོགས་པའི་དམ་ཚིག་དེ་རྣམས་ཉིད་ཀྱིས་བསྒྲུབ་པར་བྱའོ། །གལ་ཏེ་དེ་ལྟར་མི་བྱེད་ན་དེའི་ཚེ་ཉོན་མོངས་འགྱུར་བ་ནི་རྣལ་འབྱོར་པ་དེས་ཀླུ་མོའི་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ལྷ་མ་ཡིན་གྱི་དུ་མོའི་དམ་ཚིག་བཤད་པར་བྱ་སྟེ། ཁྲོ་ཞིང་རྒྱལ་ཞེས་བྱ་བ་ལ་སོགས་པ་ལ་ལྷ་མ་ཡིན་གྱི་བུ་མོ་རྣམས་ཁྲོ་བོའི་རང་བཞིན་དང༌། བུད་མེད་གཞན་ལ་ཆགས་པ་ལ་ཕྲག་དོག་བྱེད་པ་དང༌། མེ་ཏོག་དང་དྲི་ལ་སོགས་པ་ལ་དགའ་བ་སྟེ། དེ་རྣམས་རྡོ་རྗེ་འཇིགས་བྱེད་དང༌། རྡོ་རྗེ་ས་འོག་གི་སྦྱོར་བས་


DTG029_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ས་འོག་ཏུ་ཞུགས་པས་བསྒྲུབ་པར་བྱའོ། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ལས་ཀྱང༌། ཕག་དང་འབིགས་བྱེད་རི་བོ་ལས། །འོག་དང་སྟེང་དུ་སྒོ་ཆེན་ཏེ། །འཁྲུལ་འཁོར་ཐམས་ཅད་དང་བྲལ་བ། །མདོར་བསྡུས་པས་ནི་རབ་བཤད་བྱ། །སྭི་ཏ་མཐོང་བར་འདོད་པ་ཡིས། །གང་དུ་སྤྲེའུ་རྣམས་ཞུགས་པ་སྟེ། །གང་དུ་སྤྲེའུ་ཡི་བདག་པོ་རྣམས། །མུན་པར་ཟླ་གཅིག་བསྐོར་བའོ། །ལྷ་ཡི་གཟུགས་ཅན་འོད་མོ་ཆེ། །རི་རབ་མདོག་མཚུངས་ཀྱི་བུ་མོ། །རང་སྣང་ཞེས་བྱའི་བུ་མོ་དེ། །དེ་ཚེ་དེ་རྣམས་ཀྱིས་ཐོབ་བོ། །འབྲས་བུ་ཟ་བར་འཇུག་ནས་ནི། །བུ་མོས་དེ་རྣམས་དེ་ལས་ཕྱུང། །སྒོ་ནི་གཞན་གྱིས་སྐད་ཅིག་མས། །རྒྱ་མཚོར་ཕྱིན་པར་གྱུར་པ་དང༌། །ལྷ་མིན་རྒྱལ་པོ་མ་ལ་ཡའི། །གསེར་ཞེས་བྱ་བའི་གྲོང་ཁྱེར་ཡོད། །གསེར་གྱི་ཁང་བཟངས་ཕྲེང་བ་རྣམས། །གྲོང་ཁྱེར་དེར་ནི་ཡོད་པ་དེ། །འདོད་པ་ཐམས་ཅད་འབྲས་བུ་འབྱུང༌། །ལྷ་ཡི་བཅུད་ལེན་དེ་བཞིན་དུ། །སྣ་ཚོགས་འགྲུབ་པའི་རྫས་རྣམས་ཏེ། །སྔོན་ནི་མ་ཡིན་བྱས་པའོ། །ཉི་ཁྲི་ཆིག་སྟོང་གྲངས་ལྡན་པའི། །མཆོག་གི་བུད་མེད་དེས་གནས་ཏེ། །གསེར་གྱི་མདོག་འདྲའི་མཆོག་དེ་རྣམས། །སྒྲུབ་པོ་མཆོག་གིས་ཐོབ་པར་བྱ། །དེར་ནི་སྒྲུབ་པ་པོས་བཞུགས་བྱ། །རང་སྣང་བུ་མོ་ཐོབ་པའི་ཕྱིར། །བཞིན་བཟངས་དེ་ནི་ལྷ་ཡི་ནི། །གནས་ཀྱི་མཆོག་ལ་གནས་པ་སྟེ། །སྒྲུབ་པ་པོས་ནི་དེར་ཕྱིན་ནས། །ལེགས་འོངས་དང་ནི་ཕྱག་འཚལ་བྱ། །བསྐྱེད་བཟངས་དེས་ཡང་དེ་མཆོད་ནས། །གྲོང་ཁྱེར་དེ་ནི་བསྟན་བྱེད་པའོ། །ཇི་སྲིད་ཟླ་བ་སྐར་མའི་བར། །དེ་དང་ལྷན་ཅིག་དེར་གནས་བྱས། །མར་མེ་དང་ནི་རྐང་མགྱོགས་དང༌། །བཟའ་བ་མིག་སྨན་གྱིས་ཞུགས་བྱ། །ལྷ་མིན་གསོད་པའི་དོད་པ་ཡིས། །གྲོང་ཁྱེར་དབང་པོས་སྔོན་འཇིག་སྟེ། །དེ་ནས་བརྩམས་ཏེ་གྲོང་ཁྱེར་དེ། །འཇིག་རྟེན་ལ་གྲགས་འཁྲུལ་འཁོར་མེད། །སྟར་ཀ་ཡི་ནི་པགས་པ་དང༌། བུ་མོའི་ས་བོན་དང་བཅས་ཏེ། །ཟན་དུ་གུ་གུལ་རྒྱ་སྐྱེགས་བཅས། །དེས་ནི་དབྱིག་པ་གོས་པར་བྱ། །པད་རྩའི་སྐུད་པས་བསྒྲིལ་ནས་ནི། །ཉི་འོད་དང་འདྲའི་སྡོང་བུ་དེ། །སྔགས་ཀྱིས་འབར་བར་བྱས་ནས་ནི། །ཞག་ནི་མང་པོ་ཡོངས་བསྐོར་བྱ། །ཤིང་ནི་མ་ད་ན་འབྲས་དག །ག་གཱ་ཛཱ་ང་གྷ་དཀར་པོ་དང༌། །བ་ནི་


DTG029_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀར་མོའི་མར་དང་ནི། །ཡང་ན་ཀྱེ་བུ་སེར་མོ་ཡིན། །ཀ་བ་ན་དའི་ཁུ་བ་བཅས། །དེ་ནི་རྐང་མགྱོགས་ཡང་དག་ཡིན། །རྡོ་རྗེ་སྤྲིན་ནི་ཐམས་ཅད་དང༌། །ས་ཡི་འདབ་མ་ཆུ་རྣམས་དང༌། །མེ་འོབས་ཐམས་ཅད་ཀུན་རྣམས་སུ། །འདོད་པ་བཞིན་དུ་འགྲོ་བར་འགྱུར། །རྡོ་རྗེའི་འབྲས་དག་བླངས་ནས་ནི། །ནཱ་ག་ཡི་ནི་ས་བོན་བཅས། །ཀའི་དེའི་ས་བོན་དང་བཅས་པའི། །མཁས་པས་ཐུག་པ་བསྒྲུབ་པར་བྱ། །མར་བཅས་འགྲངས་པ་དེ་ཟོས་ནས། །བཀྲེས་བྲལ་ཟླ་བ་གཉིས་ཀྱི་བར། །ས་བོན་དང་ནི་ཕུག་རྣམས་སུ། །བློ་ལྡན་སྒྲུབ་པ་པོས་འགྲོར་འགྱུར། །མིག་སྨན་རྣམས་ནི་གང་བཤད་པ། །དེ་ཡིས་དངོས་པོ་ཇི་བཞིན་གསུངས། །ཁོང་གསེང་གཙོ་བོ་རྣམས་ཞུགས་ལ། །དེ་ནི་ཆོ་ག་ཡང་དག་བཤད། །འཁྲུལ་འཁོར་ཐམས་ཅད་དང་བྲལ་བའི། །གྲོང་ཁྱེར་དེ་ནི་བཤད་པར་ཏེ། །ས་ཡི་བྱེ་བྲག་སོ་སོ་རུ། །དེར་ནི་སྒྲུབ་པ་པོས་མཐོང་འགྱུར། །ཞེས་བྱ་བ་ལ་སོགས་པའི་རིམ་པའམ་རིམ་པ་གཞན་གྱིས་ལྷ་མ་ཡིན་གྱི་བུ་མོ་རྣམས་བསྒྲུབ་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སྲིན་མོ་རྣམས་ཀྱི་དམ་ཚིག་བཤད་པར་བྱ་སྟེ། ཐོད་རུས་ཞེས་བྱ་བ་ལ། སྲིན་མོ་དེ་རྣམས་ལ་ཐོད་པའི་ནང་དུ་མིའི་རུས་པའི་ཕྱེ་མའི་སྤོས་ནི་དགུག་པར་བྱ་བའི་ཕྱིར་བྱིན་ཏེ་མིའི་མར་ཁུའི་མར་མེ་དང༌། རྐང་གི་ལྷ་བཤོས་དང༌། རང་བྱུང་བའི་མེ་ཏོག་གི་ཨརྒྷཾ་བྱིན་ཏེ་དགའ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་འབྱུང་པོ་ཀུན་ནི་སྲིན་པོ་རྣམས་ཀྱི་དམ་ཚིག་དག་བྱེད་པ་ནི། དགའ་བར་བྱེད་པ་དང༌། དོན་ཆེན་བྱེད་པ་ནི་མངོན་པར་འདོད་པའི་དངོས་གྲུབ་སྟེར་བར་བྱེད་པའོ་ཞེས་སྟོན་ཏོ། །མཁའ་འགྲོ་མ་སྒྲུབ་པ་ནི་འབྱུང་པོ་འདུལ་བའི་རྒྱུད་ལས་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས། རྡོ་རྗེ་མཁའ་འགྲོ་མའི་དམ་ཚིག་བཤད་པར་བྱ་སྟེ། བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ། བཤང་གཅི་ཞེས་བྱ་བ་ལ་སོགས་པའི་བདུད་རྩི་རྣམས་དེ་རྣམས་ལ་གཏོར་མར་ཕུལ་ཏེ། རང་གིས་ཀྱང་སྤྱད་པར་བྱའོ། །ཤ་ཆེན་དེ་ལ་ལ་སོགས་པ་ལ་ཡང་དེ་རྣམས་ལ་ཕུལ་ཏེ་རང་གིས་ཀྱང་བཏུང་བར་བྱའོ། །རྡོ་རྗེ་མཁའ་འགྲོ་མའི་སྦྱོར་བ་དེས་གསང་བྱ་ནི་བླ་མ་སྨོད་པ་ལ་སོགས་པ་ལ་མངོན་སྤྱོད་བྱའོ། །གང་གིས་ཤེ་ན་གནས་ཀྱི་མཚན་ཉིད་ནི་སྔགས་ལ་སོགས་པའི་སྒྲུབ་པ་པོ་རྣམས་ཀྱིས་


DTG029_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་འདི་རྣམས་ངོ་བོ་ཉིད་ཀྱི་ཕྱིར་སྐུ་འབྱུང་བ་ནི། རྡོ་རྗེ་འཆང་གི་བཀས་འཇིག་རྟེན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་རྒྱ་ཆེ་བའི་སྤྱོད་པ་ལ་དམིགས་ཏེ། ཁམས་གསུམ་ན་སྤྱོད་པ་ཡིན་ཏེ། དེའི་ཕྱིར་རྒྱ་ཆེ་བ་ཁོ་ནའི་སྤྱོད་པ་ལ་བརྟེན་ཏེ། དེ་རྣམས་ཀྱི་དམ་ཚིག་རང་དང་གཞན་ལ་དངོས་གྲུབ་ཐམས་ཅད་འདོད་པའི་ཕྱིར་སྤྱོད་ན་དེས་ནི་ངེས་པར་དངོས་གྲུབ་ཐོབ་པར་འགྱུར་རོ། །རྡོ་རྗེ་མཁའ་འགྲོ་མ་སྒྲུབ་པ་ནི་སངས་རྒྱས་ཐམས་ཅད་མཉམ་སྦྱོར་གྱི་རྒྱུད་ལས་ཤེས་པར་བྱའོ། །ཁམས་གསུམ་པ་ཐམས་ཅད་ཀྱི་དམ་ཚིག་ནི་ཚངས་པ་ལ་སོགས་པའི་དམ་ཚིག་རྣམས་ཏེ། དེ་རྣམས་ཀྱི་རྗེས་སུ་འབྲང་བའི་ཁྱབ་པར་བྱེད་པ་ཉིད་གང་ལ་ཡོད་པ་དེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་དང་སྦྱར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ལུས་ཀྱི་དངོས་གྲུབ་འགྲུབ་པར་བྱ་བའི་ཕྱིར། དམ་ཚིག་རྡོ་རྗེ་ནི་རྡོ་རྗེ་བཞིན་དུ་བརྟན་པའི་དམ་ཚིག་བཀའ་སྩལ་པ་སྟེ། ལུས་ཀྱི་རྣམ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། ལུས་ཀྱི་རྣམ་གསུམ་ནི་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་མཚན་ཉིད་དེ། དེ་ཉིད་རྡོ་རྗེ་ལས་བྱུང་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་གལ་ཏེ་བྱེད་ན་དེའི་ཚེ་སེམས་ཅན་གྱི་ཁམས་དང་རང་གི་བདག་ཉིད་སངས་རྒྱས་ཀྱི་སྐུ་ཉིད་དུ་ཐོབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ངག་གི་དངོས་གྲུབ་ནི་ཐ་མལ་པའི་ངག་ལོག་པས་དམ་ཚིག་ནི་འཇིག་རྟེན་ལས་འདས་པའི་རང་བཞིན་ཏེ། དེ་གསུངས་ཏེ་ཚིག་གི་ལས་གནས་ཞེས་བྱ་བ་ལ་སོགས་པ་ལ། ཚིག་གི་ལས་གནས་ནི་ངག་གི་བྱ་བ་སྟེ། མ་ལུས་པ་ནི་རྣམ་པ་བཞིའི་དགེ་བའི་རང་བཞིན་ཏེ། དེ་ཉིད་ཁམས་གསུམ་དྲི་མེད་ནི་སྣང་བ་མཐའ་ཡས་ཏེ་དེ་ཉིད་ཀྱི་དཀྱིལ་འཁོར་ནི་དེ་ཉིད་དུ་གཟུང་བར་བྱས་ན། དེ་ནི་ཚིག་གི་དངོས་གྲུབ་ནི་འཇིག་རྟེན་ལས་འདས་པའི་ངག་ཐོབ་པར་བྱེད་པ་སྟེ། དམ་ཚིག་ཤིན་ཏུ་འདའ་དཀའ་བ་ནི་སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སེམས་རྡོ་རྗེ་ནི་སེམས་ཉིད་དེ། དེའི་དངོས་གྲུབ་ནི་རྣམ་པར་མི་རྟོག་པའི་གོ་འཕང་ཐོབ་པ་སྟེ། དེའི་དོན་དུ་དམ་ཚིག་ནི་རྣམ་པ་གསུམ་གྱིས་སེམས་འདུལ་བ་སྟེ། དེ་གསུངས་


DTG029_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཡིད་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ཡིད་ཀྱི་རྡོ་རྗེ་དམ་ཚིག་ནི་རྡོ་རྗེ་བཞིན་དུ་མི་ཕྱེད་པའི་མནར་སེམས་ལ་སོགས་པ་ལས་ལྡོག་པ་སྟེ། དེ་དག་ཐམས་ཅད་བརྟན་པར་རྡོ་རྗེ་འཛིན་ནི་མི་བསྐྱེད་པས་རྣམ་པར་དག་པ་བསྒོམ་པར་བྱའོ། །རྡོ་རྗེ་གསུམ་གྱིས་མི་ཕྱེད་པའི་གཟུགས་གང་ལ་ཡོད་པ་དེ་ནི་མི་བསྐྱོད་པ་སྟེ། དེའི་དམ་ཚིག་ཡིན་ནོ། །དམ་ཚིག་ནི་ལུས་ལ་སོགས་པ་བཅུ་སྟེ། དེ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་ནི་དེ་བཞིན་གཤེགས་པ་གསུམ་གང་ལས་བྱུང་བ་དེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏེ་ཞེས་དང་སྦྱར་རོ། །སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སྔགས་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཏེ། དེ་དག་གི་རྡོ་རྗེ་དམ་ཚིག་ནི་ཕྱག་བཙལ་བ་སྟེ། དེ་ཉིད་གསུངས་པ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། བསྐྱེད་པའི་རིམ་པའི་རྣལ་འབྱོར་པས། སངས་རྒྱས་ལ་སོགས་པ་ལ་སྐུ་གསུང་ཐུགས་ནི་ཐ་མལ་པའི་ལུས་ལ་སོགས་པས་ཕྱག་མི་བྱའོ། །གལ་ཏེ་བྱེད་ན་དེའི་ཚེ་མ་རུང་བ་ནི་ཐ་མལ་པའི་སོ་སོའི་སྐྱེ་བོ་ཉིད་དུ་འགྱུར་རོ། །དེ་བས་ན་རང་གི་ལྷའི་ང་རྒྱལ་ལ་དམིགས་ཏེ། རང་དང་འདྲ་བའི་སངས་རྒྱས་ལ་སོགས་པ་དེ་རྣམས་ལ་ཕྱག་འཚལ་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྫོགས་པའི་རིམ་པའི་རྣལ་འབྱོར་པའི་བསམ་གཏན་གྱི་དམ་ཚིག་བཤད་པར་བྱ་བའི་ཕྱིར་ཀུན་དུ་རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ནི་དཀྱིལ་འཁོར་གསུམ་དང༌། དཀྱིལ་འཁོར་ནི་བཞི་པ་སྟེ། དེ་ལྟར་ན་དཀྱིལ་འཁོར་བཞི་དེ་རྣམས་རྡོ་རྗེ་སེམས་དཔའ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པར་བསྒོམས་ལ། རྡོ་རྗེ་གསུམ་སྦྱོར་བ་ནི་འཇུག་པ་ལ་སོགས་པ། བསམ་གཏན་ནི་སྣའི་རྩེ་མོར་སྤྲོ་བ་སྟེ། སྔགས་ཀྱི་འཁོར་ལོ་ནི་ཡི་གེ་གསུམ་གྱིས་བསྐོར་བར་བྱ་བ་སྟེ། གཡས་པ་ལ་སོགས་པའི་དབྱེ་བས་ཁ་དོག་དམར་པོ་ལ་སོགས་པས་བྱ་བ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཐམས་ཅད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྒྲུབ་པའི་དམ་ཚིག་ནི་སངས་རྒྱས་ལ་སོགས་པ་ལ། སྡོམ་པ་ནི་ཕྱག་འཚལ་བ་སྟེ། དེ་


DTG029_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས་པ་མདོར་ན་སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཁམས་རྣམས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཏེ། དེ་རྣམས་མདོར་བསྡུས་པས་གཅིག་ཏུ་བྱས་ན་ཡེ་ཤེས་གསུམ་འབྱུང་བ་སྟེ། དེ་རྣམ་རྡོ་རྗེ་ནི་འོད་གསལ་བས་བསྐུལ་བ་ནི་བསྡུ་བར་བྱའོ། །རྡོ་རྗེ་གསུམ་གྱིས་ཕྱག་འཚལ་བ་དེ། མཆོག་ནི་ཤིན་ཏུ་ཕུལ་དུ་བྱུང་བ་སྟེ། རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤང་བར་མི་བྱ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྙེད་པ་ལ་སོགས་པ་ལ་འཇུག་པའི་དམ་ཚིག་བཤད་པར་བྱ་སྟེ། རྡོ་རྗེ་བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའ་ནི་ཤེས་རབ་དང་དབྱིངས་ནི་ཐབས་ཏེ། དེ་དག་གི་སྦྱོར་བས་བཤང་གཅི་ནི་པདྨ་དང་རྡོ་རྗེ་སྟེ་དེ་དག་གཅིག་ཏུ་བྱའོ། །དེའི་རྗེས་ལ་རྡོ་རྗེ་ཧཱུཾ་དང༌། ཕཊ་ལ་སོགས་པའི་ས་བོན་གྱིས་ཡོངས་སུ་གང་བ་ནི་བྱིན་གྱིས་བརླབས་ལ། རྣམ་པར་བསམ་པ་ནི་བསྐྱོད་པར་བྱའོ། །དེའི་རྗེས་ལ་དུས་གསུམ་རྡོ་རྗེ་ནི་འདོད་ཆགས་ལ་སོགས་པ་གསུམ་པོ་སྟེ། དེ་རྣམས་དབུལ་བ་ནི་བཞི་པ་ལ་ཐིམ་པར་བྱའོ། །དམ་ཚིག་ནི་བསྒོམ་པའི་ཁྱད་པར་འདི། རབ་ནི་རང་རིག་པ་དང༌། རྟག་པ་ནི་མི་གཡོ་བའི་བདེ་བ་ཆེན་པོའི་རང་བཞིན་ནོ་ཞེས་སྟོན་ཏེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་མི་སྣང་བ་ནི་རྣམ་པར་རྟོག་པ་མ་ལུས་པ་དང་བྲལ་བའི་དམ་ཚིག་ནི་བསྒོམ་པའི་རིམ་པ་གསུངས་པ་སྟེ་དུས་བཞི་ཞེས་བྱ་བ་ལ་སོགས་པ་ལ། དུས་བཞི་ནི་བཅོམ་ལྡན་འདས་ཡི་གེ་ཧཱུཾ་ཆ་བཞི་དང་ལྡན་པ་སྒོམ་པར་བྱེད་པ་ནི་སྙིང་གལ་སོགས་པའི་གནས་བཞི་པོ་ལ་དགོད་ཅིང་བཟླས་པར་བྱའོ། །ཇི་ལྟར་ཞེ་ན། ཉིན་རེ་ནི་ཉིན་མོ་དང་མཚན་མའོ། །དེ་ལ་སྙིང་གར་ནི་མགོ་མེད་ཧ་དང༌། ལྐོག་མར་མགོ་བོ་དང༌། གསང་བ་ནི་ཞབས་ཀྱུ་དང༌། ལྟེ་བར་སྒྲ་མཐའ་སྟེ། དེ་ལྟ་བུའི་བསྒོམ་པ་བྱས་ནས། རྫས་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་མཚན་ཉིད་ཅན་གྱིས་སེམས་འཕྲོག་པ་ནི་འཇིག་པར་བྱའོ། །དམ་ཚིག་འདི་རྡོ་རྗེ་ནི་སྒྲུབ་པ་པོའི་རྫོགས་བྱེད་དེ་བསམ་པ་ཐམས་ཅད་རྫོགས་པར་བྱེད་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །ཡང་དུས་བཞི་


DTG029_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་སྟོང་པ་བཞི་སྟེ། ཉིན་རེ་ནི་སྐད་ཅིག་མ་ལ་སོགས་པ་ལ་སྤྱོད་པ་ནི་བསྒོམ་པར་བྱ་སྟེ། དེའི་ཚེ་རྫས་ནི་རང་བཞིན་གྱི་ཚོགས། འཕྲོག་པ་ནི་ཉེ་བར་བསྡུ་བར་བྱའོ། །དམ་ཚིག་རྡོ་རྗེ་རྫོགས་བྱེད་པ་ནི་འོད་གསལ་བའི་གོ་འཕང་ཐོབ་པར་བྱེད་པའི་དམ་ཚིག་འདི་ཡིན་ནོ་ཞེས་སྟོན་ཏེ། སེམས་རྣམ་པར་དག་པའི་རིམ་པའོ། །ཡང་ན་དུས་བཞི་ནི་གོ་བཟློག་པ་སྟེ། ཐམས་ཅད་སྟོང་པ་ནས་བརྩམས་ཏེ་སྟོང་པའི་བར་དུའོ། །མཆོག་བཞིན་ནི་སྒྱུ་མ་ལྟ་བུ་སྟེ། རྫས་ནི་ལྷའི་སྤྱོད་པ་ནི་ལྡང་བར་བྱ་བ་དང༌། འཕྲོག་པ་ནི་བསྐྱེད་པའི་རིམ་པའི་རྣམ་པར་རྟོག་པ་སྤང་བར་བྱའོ། །དམ་ཚིག་འདི་རྡོ་རྗེ་ནི་ཁམས་གསུམ་པའི་རྫོགས་བྱེད་ནི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཡང་ན་དུས་བཞི་ནི་འདོད་ཆགས་ལ་སོགས་པ་གསུམ་པོ་དང༌། འོད་གསལ་བ་སྟེ། དེ་དག་སྤྱོད་པ་ནི་འདོད་ཆགས་ལ་སོགས་པ་གསུམ་པོ་རྣམ་པར་སྦྱང་བར་བྱ་བའམ་རོ་གཅིག་པར་བྱའོ། །གལ་ཏེ་བརྟན་པར་མི་འགྱུར་ན་དེའི་ཚེ་རྫས་ནི་རིལ་པོར་འཛིན་པ་དང༌། རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གཉིས་པོ་ལ་འཕྲོག་པ་ནི་དམིགས་པར་བྱའོ། །དམ་ཚིག་རྡོ་རྗེ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་རྫོགས་པའི་བྱེད་པའོ་ཞེས་སྟོན་ཏོ། །མངོན་པར་བྱང་ཆུབ་པའི་རིམ་པའོ། །ཡང་ན་དུས་བཞི་ནི་རིམ་པ་བཞི་བསྒོམ་པར་བྱའོ། །དེ་ལྟར་བྱས་ནས་མི་གནས་པའི་མྱ་ངན་ལས་འདས་པའི་རྡོ་རྗེའི་སྐུ་བསྒོམ་པར་བྱའོ། །རྫས་ནི་ཀུན་རྫོབ་དང་དོན་དམ་པ་སྟེ། དེ་འཕྲོག་པ་ནི་གཉིས་སུ་མེད་པར་བྱའོ། །དམ་ཚིག་རྡོ་རྗེ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པའི་རྫོགས་བྱེད་ནི་མཐར་ཐོབ་པར་བྱེད་པ་སྟེ། དེའི་འོག་ཏུ་སློབ་བཞིན་པ་མ་ཡིན་པའི་ཕྱིར་རོ། །རབ་ཏུ་བྱེད་པ་ལས་ཀྱང༌། རླུང་གི་དེ་ཉིད་གོ་རིམས་ཀྱིས། །སྔགས་ཀྱི་དེ་ཉིད་ལ་འཇུག་བྱ། །ཞེས་བྱ་བ་ལ་དང༌། ཟུང་འཇུག་ཏིང་འཛིན་ལ་གནས་པས། །སླར་ཞིང་ཅུང་ཟད་མི་སློབ་པོ། །ཞེས་འབྱུང་སྟེ་ཟུང་འཇུག་གི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་རིག་འཛིན་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེ། དེའི་དམ་ཚིག་ནི་སྒོམ་པ་གསུངས་ཏེ། སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྣམ་པར་སྣང་མཛད་ལ་


DTG029_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་བའི་རྣལ་འབྱོར་བ་རྣམས་ཏེ། དེ་དག་གིས་རང་གི་བདག་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བསམ་སྟེ། དབུ་བརྒྱན་ནི་ཅོད་པན་དུ་དེ་རྣམས་བསྒོམ་པར་བྱའོ། །དེ་ལྟར་བྱེད་ན་རྡོ་རྗེ་གསུམ་གྱི་དམ་ཚིག་ནི་ཁམས་གསུམ་ན་གནས་པའི་དྲག་པོ་ལ་སོགས་པ་སྟེ། ཁྲོས་པ་དེ་རྣམས་ཀྱིས་ཀྱང་སྒྲུབ་པ་པོ་དེ་རྣམས་ཐུབ་པར་འགྱུར་ཏེ། གཙུག་ཏོར་འཁོར་ལོས་སྒྱུར་བ་ནི་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ་ཞེས་དགོངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྔགས་པ་ཐམས་ཅད་འཛིན་པ་ནི་སྒྲུབ་པ་པོ་རྣམས་ཏེ། དེ་རྣམས་ཀྱི་ལས་དང་པོའི་དམ་ཚིག་ནི་སློབ་བཞིན་པའི་བསླབ་པ་གསུངས་བ་སྟེ། སྐུ་ཡི་རྡོ་རྗེ་ཁ་ཟས་ལ། །ཞེས་བྱ་བ་ལ་སོགས་པ་ལ། ཟན་ཟ་བའི་དུས་སུ་ལུས་ཚིམ་པར་བྱ་བའི་ཕྱིར་རང་གི་བདག་ཉིད་རྣམ་པར་སྣང་མཛད་བསྒོམ་པར་བྱའོ། །དེ་བཞིན་དུ་ཕྱི་རོལ་ནི་སྣ་ཚོགས་པའི་བསམ་པ་རྣམས་ལ་རྡོ་རྗེ་འཛིན་པ་ནི་རང་གི་བདག་ཉིད་མི་བསྐྱོད་པར་བསྒོམ་པར་བྱའོ། །དེ་བཞིན་དུ་མདོ་སྡེ་ལ་སོགས་པའི་དམ་པའི་ཆོས་ཀློག་པའི་དུས་སུ། རྡོ་རྗེ་ཆོས་ནི་རང་གི་བདག་ཉིད་སྣང་བ་མཐའ་ཡས་བསྒོམ་པར་བྱའོ། །སྙོམས་པར་ཞུགས་པ་དང་མཆོད་པའི་དུས་སུ་རང་གི་བདག་ཉིད་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པར་བྱ་སྟེ། ལེའུ་དྲུག་པ་ལས་གསུངས་པའི་ཕྱིར་རོ། །ངོ་བོ་ཉིད་དག་པ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་དང་སྦྱར་ཏེ་བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། རྡོ་རྗེ་འཛིན་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་མཉམ་པ་ཉིད་ནི་སྐུ་ལ་སོགས་པའི་རོ་མཉམ་པར་འགྱུར་བ་ཉིད་བསྟན་པའི་ནུས་པ་ཐོབ་པ་གཞན་གྱི་སེམས་མཁྱེན་པའི་བདག་ཉིད་ཆེ་བས་ཐོབ་པར་དགོངས་ཏེ། ད་ནི་བསྟན་པ་གཞན་གྱིས་ཅི་བགྱིའོ་ཞེས་དགོངས་ཏེ་ཅང་མི་གསུང་བར་གྱུར་ཏེ། འོད་གསལ་བའི་ཏིང་ངེ་འཛིན་ལ་ཅིག་ཅར་དུ་ཞུགས་སོ་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་པ་ཉིད་རྟོགས་ནས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་


DTG029_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ལ་ཕྱག་འཚལ་ནས་འདི་སྐད་གསོལ་ཏོ། །བརྗོད་དུ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་བཅོམ་ལྡན་འདས་མི་བསྐྱོད་པ་ལ་སོགས་པ་རྣམས་གཞལ་བྱ་མ་རྫོགས་པས་འདི་ལྟ་བུའི་དེ་བཞིན་གཤེགས་པ་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང་ལྡན་པའི་འཁོར་གྱི་ནང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཅིའི་སླད་དུ་ཅང་མི་གསུང་བར་བཞུགས་ཏེ། གང་གི་ཕྱིར་སྟོན་པ་རྣམས་ནི་གཞལ་བྱ་ཕྱེད་གསུངས་པས་དེ་འཇོམས་པར་མཛད་པའོ་ཞེས་དགོངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་མི་བསྐྱོད་པ་ལ་སོགས་པས་འདི་སྐད་བཀའ་སྩལ་པ་སྟེ། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་བྱང་ཆུབ་སེམས་དཔའ་རྣམས་བཅོམ་ལྡན་འདས་འདི་གློ་བུར་པའི་ངལ་བ་ལ་སོགས་པ་མི་སྤྱོད་པའམ། ཕྲག་དོག་གི་དབང་གིས་ཅང་མི་གསུང་བར་གྱུར་པ་མ་ཡིན་ཏེ། འོན་ཀྱང་ལེའུ་བཅུ་གསུམ་པ་ལས་གསུངས་པས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་མི་དམིགས་པའི་ངོ་བོ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་དེ། དེ་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར། ཡི་གེ་ནི་མི་འགྱུར་བ་དང་འགྲོ་བ་དང་མི་འགྲོ་བའི་རང་བཞིན་གྱི་ཁམས་གསུམ་པའི་གནས་ཡིན་པའི་ཕྱིར་གནས་ཏེ། དེ་ལྟ་བུའི་ངོ་བོ་ཉིད་མེད་པའི་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་མཚན་ཉིད་ཅན། ཡི་གེ་ནི་མི་འགྱུར་བའི་དེ་ཁོ་ན་ཉིད་ལ་དགོངས་ནས་ཅང་མི་གསུང་བར་བཞུགས་ཏེ། དེ་ཁོ་ན་ཉིད་མངོན་དུ་མཛད་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་ཉིད་བཀའ་སྩལ་པ་སྟེ། རིགས་ཀྱི་བུའམ་ཞེས་བྱ་བ་ལ་སོགས་པ་ལ། རིགས་ཀྱི་བུ་ནི་རྡོ་རྗེའི་རིགས་ལ་སོགས་པའི་བྱམས་པ་ལ་སོགས་པ་རྣམས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོས་ཏིང་ངེ་འཛིན་འདི་དགོངས་ནས་འདི་སྙམ་དུ་གྱུར་པ་ནི་འདི་ལྟ་བུའི་འཇིག་རྟེན་ལས་འདས་པའི་རྣམ་པར་རྟོག་པ་ཞི་བ་འབྱུང་བར་འགྱུར་བ་སྟེ། རྫོགས་པའི་རིམ་པའོ། །སྐུ་མི་འགྱུར་བ་མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་ནི་ལུས་ཉིད་མི་འགྱུར་བ་ནི་ཡི་གེ་བཞིན་དུ་བརྗོད་པ་


DTG029_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཙམ་གྱིས་འཇིག་པ་སྟེ། མ་སྐྱེས་པ་ནི་འོད་གསལ་བའི་ཕྱིར་དང་པོ་ནས་མ་སྐྱེས་པའོ། །དེ་བཞིན་དུ་གསུང་དང་ཐུགས་ནི་ངག་དང་སེམས་ཀྱང་མཚན་ཉིད་དང་བྲལ་བའོ། །དེ་ལ་ངག་ནི་གཞན་རྟོག་པར་བྱེད་པ་ཉིད་དེ། བརྗོད་བྱ་དང་རྗོད་བྱེད་ཀྱི་ངོ་བོས་བརྟན་པར་བྱེད་པ་ཉིད་དང། སེམས་ནི་ཆོས་ཐམས་ཅད་རྟོགས་པར་བྱེད་པའི་མཚན་ཉིད་ཅན་ཏེ། དེ་དག་ཐམས་ཅད་དོན་དམ་པས་དཔྱད་ན་མི་རིགས་སོ། །དཔེར་ན་རེ་ཞིག་ལུས་ནི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་སྟོང་པ་ཁོ་ན་ཡིན་ནོ། །ངག་ཀྱང་སྒྲའི་བདག་ཉིད་དེ། སྒྲ་ནི་བརྗོད་པ་ཙམ་གྱིས་འཇིག་པའི་ཕྱིར་དོན་དང་དེ་དེ་ལ་འབྲེལ་བ་མེད་དོ། །གང་གི་ཕྱིར་སྒྲ་དང་དོན་ལ་དེའི་བདག་ཉིད་འབྲེལ་པའམ། དེ་ལས་བྱུང་བའི་འབྲེལ་པ་ཡོད་ཅེ་ན། རེ་ཞིག་དང་པོ་ནི་མི་རིགས་ཏེ། སྒྲ་དང་དོན་ནི་ཐ་དད་པའི་ཕྱིར་ཏེ། སྒྲ་ནི་ཁ་ལ་དམིགས་པ་དང༌། དོན་ཀྱང་ཕྱི་རོལ་དུ་སྟེ། གང་གི་ཕྱིར་ཐ་མི་དད་པས་དེའི་ཕྱིར་བདག་ཉིད་རིགས་པ་ཡིན་ཏེ། ཤིང་དང་ཤ་པ་བཞིན་དུའོ། །བསྒྲུབ་བྱ་དང་སྒྲུབ་པའི་དངོས་པོ་ནི་རྣམ་པར་རྟོག་པའི་གཞན་སེལ་གྱི་བློས་ཐ་སྙད་བྱ་བ་ཡིན་ནོ། །དེ་ལས་བྱུང་བའི་འབྲེལ་པ་ཡང་མེད་པ་སྟེ། གང་གི་ཕྱིར་དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འབྲང་བས་འབྱུང་བ་ནི་མེ་དང་དུ་བ་བཞིན་དུ་སྟེ། མེ་ཡོད་ན་དུ་བ་བྱུང་བ་དང་མེ་མེད་ན་དུ་བ་ཤི་བ་ལ་སོགས་པ། གཞན་རྣམས་ནུས་པ་སོ་སོར་འགགས་པས་དུ་བ་མི་འབྱུང་ངོ༌། །དེ་བས་ན་རྗེས་སུ་འགྲོ་བ་དང་ལྡོག་པར་གྱུར་པ་རྒྱུ་དང་འབྲས་བུའི་དངོས་པོའི་གནས་སྐབས་བསྟན་པ་ཡིན་ནོ། །འདིར་ནི་རྣམ་པ་དེང་དང་འདྲ་བ་ཡོད་པ་མ་ཡིན་ཏེ། དོན་ཡོད་ན་ཡང་གཞན་དང་འབྲེལ་པའི་སེམས་ལ་སྒྲ་མི་འབྱུང་བའི་ཕྱིར་དང༌། དོན་མེད་ན་ཡང་རྒྱ་མཚོ་ལ་སོགས་པའི་སྒྲ་རྣམས་འབྱུང་བའི་ཕྱིར་རོ། །དེ་བས་ན་དོན་དང་ལྷན་ཅིག་ཏུ་སྒྲ་རྣམས་རྒྱུ་དང་འབྲས་བུའི་འབྲེལ་པ་མེད་པ་སྟེ། སྒྲའི་ཐ་སྙད་འདི་འཁྲུལ་པ་ཡིན་ནོ། འོ་ན་རྣམ་པར་རྟོག་པ་དང་ལྷན་ཅིག་ཏུ་སྒྲ་རྣམས་ལ་དེ་ལས་བྱུང་བའི་འབྲེལ་པ་ཡོད་པ་ཁོ་ན་ཡིན་ཏེ། ཇི་སྐད་དུ། སྒྲ་ནི་རྣམ་པར་རྟོག་རྒྱུ་དང༌། །རྣམ་རྟོག་སྒྲ་ཡི་རྒྱུ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན་རྣམ་པར་རྟོག་པ་ནི་དོན་མཐོང་བ་མེད་པ་མ་ཡིན་པས་འབྱུང་བ་སྟེ། འབྲེལ་པ་


DTG029_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོད་པ་དེ་ཁོ་ན་ཡིན་ཏེ། འབྲེལ་པ་ཅན་གྱི་འབྲེལ་པས་སྒྲ་དང་དོན་ལ་འབྲེལ་པ་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། དེ་སྐད་མ་ཟེར་ཅིག །གང་གི་ཕྱིར་རྣམ་པར་རྟོག་པ་ཡང་དོན་མཐོང་བར་འབྱུང་བར་མི་འགྱུར་ཏེ། རྒྱུན་དུ་རྒྱུ་བའི་རྣམ་པར་ཤེས་པ་རྣམས་དོན་ལ་མི་ལྟོས་པས་འབྱུང་བའི་ཕྱིར་ཏེ། དྲན་པ་དང་ངོ་ཤེས་པའི་རྣམ་པར་ཤེས་པ་རྣམས་དོན་ལ་མི་ལྟོས་བས་འབྱུང་བའི་ཕྱིར་ཏེ། དྲན་པ་དང་ངོ་ཤེས་པའི་རྣམ་པར་རྟོག་པ་བཞིན་ནོ། །རྣམ་པར་རྟོག་པ་རྣམས་ནི་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱི་སྟོབས་ཀྱི་འབྱུང་བར་གྱུར་བ་སྟེ། དོན་གྱི་རྣམ་པར་རྟོག་པ་དེ་རྣམས་ལ་ཅུང་ཟད་ཀྱང་ཕན་པར་གྱུར་པ་མ་ཡིན་ནོ། །གཞན་ཡང་ན་ལེ་ཀེ་རའི་གླིང་ན་གནས་པ་རྣམས་ལ་དངོས་པོའི་དོན་མཐོང་ན་ཡང་རྣམ་པར་རྟོག་པ་གང་ཡང་མི་འབྱུང་ཞེ་ན། དེ་ཡང་མི་རིགས་ཏེ་ངེས་པར་དངོས་པོ་མ་ཡིན་པའི་ཡུལ་ཅན་ཡུལ་དང་དུས་ཀྱི་བྱེ་བྲག་མ་ངེས་པའི་དངོས་པོ་དང་འདྲ་བའི་རྣམ་པར་རྟོག་པ་འབྱུང་བ་སྟེ། སྔར་ཉམས་སུ་མྱོང་བའི་ན་ལེ་ཀེ་རའི་ཤིང་མཐོང་བའི་ཁྱད་པར་བཞིན་དུའོ། །ཅིའི་ཕྱིར་སྔར་ཉམས་སུ་མྱོང་བའི་རྣམ་པར་རྟོག་པའི་དོན་མེད་མ་ཡིན་པའི་ཡུལ་ཉིད་ཡིན་ཏེ། ངག་རྣམས་ནི་ཡུལ་མེད་པ་ཡིན་ཏེ། ཧ་ཅང་ཐལ་བར་གྱུར་པས་ཆོག་གོ །སེམས་ཀྱང་དངོས་པོ་གཟུང་བར་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་ཕྱིའི་དངོས་པོ་ནི་རེ་ཞིག་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཡོད་པ་མ་ཡིན་ནོ། །དེ་བས་ན་གཟུང་བ་མེད་ན་འཛིན་པ་ཡང་མེད་པ་སྟེ། སེམས་ནི་རིག་པར་བྱེད་པ་མ་ཡིན་ནོ། །གཞན་ཡང་གལ་ཏེ་ཕྱི་རོལ་གྱི་དངོས་པོས་སེམས་སྐྱེད་པར་བྱེད་པ་ཡིན་ན། འདས་པའམ་མ་འོངས་པའམ་ད་ལྟར་བྱུང་བ་དེས་བསྐྱེད་པ་མ་ཡིན་ཞེ་ན། འདས་པ་དང་མ་འོངས་པ་དག་ནི་མེད་པའི་ཕྱིར་དེ་དག་ལ་སྐྱེད་པར་བྱེད་པའི་ནུས་པ་མེད་དོ། །ད་ལྟར་བྱུང་བ་ཡང་སྐད་ཅིག་མ་གཉིས་ཀྱིས་གནོན་པའི་ཕྱིར་ཡོད་པ་མ་ཡིན་ཏ། དེས་ཀྱང་སེམས་བསྐྱེད་པར་མི་ནུས་སོ། །འོན་གལ་ཏེ་དུས་གཅིག་ཏུ་དོན་གྱི་སྐད་ཅིག་མས་སེམས་ཀྱི་སྐད་ཅིག་མ་སྐྱེད་པར་བྱེད་ན་དེའི་ཚེ་སེམས་དོན་གྱི་ཡུལ་ཅིའི་ཕྱིར་མ་ཡིན་ཏེ། དེ་བས་ན་སེམས་གཟུང་བ་དང་དོན་འཛིན་པར་ཐལ་བར་འགྱུར་རོ། །གལ་ཏེ་དོན་བེམས་པོ་ཡིན་པའི་ཕྱིར་འཛིན་བ་མ་ཡིན་ན་འོ་ན་དེ་རྣམས་ཐ་


DTG029_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་པ་ཡིན་ནོ། །དེ་བས་ན་བའི་རྭ་གཉིས་བཞིན་དུ་གང་ཡང་སྐྱེད་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་འཛིན་པ་ཉིད་མེད་པས་སེམས་ཀྱི་མཚན་ཉིད་མེད་པ་ཡིན་ནོ། །དེ་བས་ན་ལུས་ངག་སེམས་ཀྱི་མཚན་ཉིད་ནི་རང་བཞིན་མེད་པའོ། །ནམ་མཁའི་རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་ཉིད་རྟོག་པ་ནི་དེ་ལས་འབྱུང་བའི་ལྷའི་གཟུགས་ཏེ། ལོག་པར་གཟུང་བ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པའི་ཕྱིར་འཇའ་ཚོན་བཞིན་སྣང་བར་འགྱུར་རོ་ཞེས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་གསུང་གསན་མ་ཐག་ཏུ་འཇམ་དཔལ་ལ་སོགས་པས་འདི་སྐད་གསོལ་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་གསོལ་བ་གདབ་པ་འཇམ་དཔལ་ཉེ་བར་གཟུང་བ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པས་རྣོ་བ་ཉིད་བསྟན་པ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ནི་མི་བསྐྱོད་པ་ལ་སོགས་པའོ། །མིའི་སྒྲ་ནི་དགག་པ་ལའོ། །གསུང་རྡོ་རྗེའི་ཚིག་ནི་རྡོ་རྗེ་འཆང་ཆེན་པོའི་བསྟན་པའི་གསུང་དེ་ལྟར་ཕྱིན་ཅི་ལོག་བ་ནི་བདེན་པ་མ་ཡིན་པར། མི་རྟག་ཏུ་གསོལ་བ་ནི་རྟག་པར་མ་མཛད་ཅིག་ཅེས་པ་སྟེ། གང་ཞིག་ལུས་ལ་སོགས་པའི་མཚན་ཉིད་མེད་པ་ཞེས་བྱའོ། །དེ་ཅིའི་སླད་དུ་ཞེ་ན་པ་ནི་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྔར་བཤད་པའི་དེ་བཞིན་གཤེགས་པའི་ཚོགས་ཏེ། དེ་ཉིད་ཀྱི་གང་ཞིག་རྡོ་རྗེ་དབྱིངས་ཀྱི་ངོ་བོ་ཉིད་ནི་ཡེ་ཤེས་ལྔ་སྟེ། དེ་རྣམས་ཀྱི་སྤྱོད་པ་ནི་མངོན་དུ་བྱེད་པ་སྟེ། དེ་ལ་རྗེས་སུ་འགྲོ་བ་ནི་ཞུགས་པ་དང༌། འོང་བ་ནི་དེ་ལས་བཞེངས་ཤིང་སེམས་ཅན་གྱི་དོན་མཛད་པ་གང་ཡིན་པ་དེ་ནི་དེ་བཞིན་ཏེ། རྡོ་རྗེ་འཆང་ཆེན་པོ་རེ་ཞིག་ཁམས་གསུམ་པ་ལ་ཕན་པ་མཛད་པར་རབ་ཏུ་གྲགས་པའོ། །དེ་ཉིད་ཀྱི་ཟབ་པའི་གསུང་ཅིའི་སླད་དུ་བརྫུན་དུ་གསུང་བའོ། །དེ་ཅིའི་སླད་དུ་ཞེས་པ་ནི་ཚངས་པ་ལ་སོགས་པའི་ལྷ་རྣམས་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ས་བཅུའི་དབང་ཕྱུག་རྣམས་དང༌། མངོན་པར་ཤེས་པ་ཐོབ་པ་ནི་ལྷའི་མིག་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྣམས་ཏེ། དེ་དག་ཀྱང་རྡོ་རྗེ་འཆང་ཆེན་པོས་གསུངས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ངོ་བོ་ཉིད་ནི་དངོས་པོའི་རང་བཞིན་མི་ཤེས་པ་སྟེ། ཟབ་པའི་ཕྱིར་མི་རྟོགས་ན། བདག་ཅག་སྨོས་ཅི་


DTG029_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགོས་ཞེས་དེ་བཞིན་གཤེགས་པ་ལ་ཚུལ་གྱིས་བསྟན་པར་བྱེད་པའོ། །དེ་རྣམས་ཀྱང་རང་གི་སེམས་ལ་རྣམ་པར་རྟོག་པ་འདི་ལྟར་བྱེད་པ་སྟེ། རྡོ་རྗེ་འཆང་ཆེན་པོ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལུས་ལ་སོགས་པ་དང་ཡེ་ཤེས་རྣམས་ཏེ། དེ་དག་གི་དེ་ཁོ་ན་ཉིད་ནི་དོན་དམ་པ་སྟེ། དེ་ཉིད་ཡོངས་སུ་ཞེས་པ་ནི་ཡང་དག་པར་རྟོགས་ནས་གསང་བའི་ཡི་གེ་ནི་རྡོ་རྗེའི་ཚུལ་གྱིས་ཆོས་བསྟན་པར་མཛད་པའམ། ཡང་ན་མ་རྟོགས་ནས་མཛད་པ་སྟེ། དེ་ལྟ་བུའི་རྣམ་པར་རྟོག་པར་བྱེད་པའི་ཚངས་པ་ལ་སོགས་མཁྱེན་ནས་དེ་རྣམས་རྗེས་སུ་གཟུང་བའི་ཕྱིར་རྡོ་རྗེ་འཆང་གིས་འོད་གསལ་བའི་ཏིང་ངེ་འཛིན་ལས་ཅིག་ཅར་དུ་བཞེངས་ཏེ། སྒྱུ་མ་ལྟ་བུའི་སྐུ་བླང་བར་མཛད་པར་འགྱུར་རོ། །ཟབ་པའི་དོན་མ་རྟོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། མི་བསྐྱོད་པ་ལ་སོགས་པས་འདི་སྐད་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་བོད་པའི་ཚིག་གོ །དེ་ཉིད་རྒྱུད་ཀྱི་རིགས་པས་བསྐོར་ཏེ། བྱང་ཆུབ་སེམས་དཔའ་ནི་ཚངས་པ་ལ་སོགས་པ་སྟེ་མངོན་པར་ཤེས་པ་ལྔ་དང་ལྡན་པའོ། །དེ་རྣམས་སྨོས་ཅི་དགོས་ཏེ། ཉིད་ནི་མངོན་པར་ཤེས་པ་དྲུག་དང་ལྡན་པ་ཡང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོའོ། །གསང་བའི་མི་འགྱུར་ནི་འོད་གསལ་བའི་དེ་ཁོ་ན་ཉིད་དེ། དེ་རྙེད་པ་ནི་ཐོས་ནས་སྐུ་གསུང་ཐུགས་ཀྱི་བྱང་ཆུབ་ནི་སྒྱུ་མ་ལྟ་བུའི་སྐུ་ཡོངས་སུ་བཟུང་བ་དང༌། འོད་གསལ་བའི་དེ་ཁོ་ན་ཉིད་མི་ཤེས་ནི་མངོན་དུ་བྱེད་པར་མ་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནི་སྐྱེ་བ་མེད་པའི་ཕྱིར་རྡོ་རྗེའི་རྣམ་པར་ཤེས་པ་ཐམས་ཅད་རང་བཞིན་གྱི་ཚོགས་འགགས་པའི་མཚན་ཉིད་ཅན་གྱི་ཐམས་ཅད་སྟོང་པ་སྟེ། དེ་ཉིད་མངོན་པར་བྱང་ཆུབ་ནི་རིམ་པ་གཞན་གྱིས་ཕྱག་རྒྱ་དང༌། རིལ་པོར་འཛིན་པ་དང་རྗེས་སུ་འཇོག་པའི་ཏིང་ངེ་འཛིན་གྱིས་ཐོབ་པར་འགྱུར་བ་སྟེ། ངོ་བོ་ཉིད་མེད་པ་ནི་རྣམ་པར་རྟོག་པའི་བག་ཆགས་ཀྱི་དྲི་མ་དང་བྲལ་བར་མི་འགྱུར་བ་ལས་འབྱུང་བའི་ཆོས་ཉིད་ཀྱིས་ངོ་བོར་གྲགས་པའོ། །དེ་ལྟ་བུའི་ཆོས་ཉིད་ངེས་ཀྱིས་ཀྱང་མངོན་དུ་བྱེད་པར་དཀའ་བ་ཡིན་ན། ཚངས་པ་ལ་སོགས་པ་གཞན་རྣམས་ལྟ་སྨོས་ཅི་དགོས་ཞེས་དགོངས་པའོ། །ཇི་སྐད་དུ། དབུ་མའི་ལམ་ནི་དེ་ཉིད་དང༌། །ཆོས་


DTG029_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་བདག་མེད་དེ་ཉིད་དང༌། །ཡང་དག་མཐའ་དང་དེ་བཞིན་ཉིད། །སྟོང་པ་ཉིད་ཀྱང་དེ་ཉིད་དོ། །མཉམ་པ་ཉིད་དང་གྲོལ་བ་ཉིད། །རྣམ་པར་རིག་ཙམ་དེ་ཉིད་དོ། །ཆོས་ཀུན་ནང་དུ་འགྲོ་བའི་ཕྱིར། །ཡུན་རིང་མ་ཡིན་ཉེ་བ་མིན། །དེ་བཞིན་ཉིད་དེ་རྟོགས་དཀའི་ཕྱིར། །ཕྲ་བར་གཟིགས་པའི་སངས་རྒྱས་ཀྱི། །ཕྲ་ཕྱིར་རང་གིས་རིག་འགྱུར་ཏེ། །རགས་པའི་བློ་ཅན་ངེད་རྣམས་ཀྱིས། །རང་གནས་ན་ཡང་མཐོང་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །ཆད་པའི་ལྟ་བ་སེལ་བའི་ཕྱིར་བཤད་པར་བྱ་སྟེ། བྱང་ཆུབ་དེ་ཡང་རྙེད་པར་མི་དཀའ་སྟེ། ཅིའི་ཕྱིར་རིགས་ཀྱི་བུ་ཞེས་བྱ་ལ་སོགས་པ་ལ། ཇི་སྲིད་སེམས་ཅན་ནི་འགྲོ་བ་རྣམས་ཏེ། དེ་དག་སེམས་ཅན་གྱི་ཁོངས་སུ་གཏོགས་པ་ནི་རྣམ་པ་བཞིས་བསྡུ་བ་སྟེ། དེ་དག་ཐམས་ཅད་བྱང་ཆུབ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་དང་པོ་ནས་ཐོབ་ཅིང་གནས་པར་འགྱུར་ཏེ། ཆོས་ཉིད་ནི་རང་བཞིན་གྱིས་གྲུབ་པས་བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །བསྐྱེད་པར་བྱ་བ་ཡིན་ན་འདུས་བྱས་པ་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །འོན་ཅིའི་ཕྱིར་སེམས་ཅན་རྣམས་གྲོལ་བར་མ་གྱུར་ཞེ་ན། དེ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ནི་དེ་རྣམས་ཉེ་བར་སྡུད་པར་བྱེད་པའི་རྡོ་རྗེ་ཡེ་ཤེས་ནི་འོད་གསལ་བའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ལམ་དང་བླ་མའི་ཞལ་ལས་ཐོབ་ནས་སེམས་དེ་དག་སྐུ་གསུང་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་ཆོས་ཉིད་ནི་དོན་དམ་པའི་འོད་གསལ་བ་ཉིད་ཐོབ་པར་འགྱུར་རོ། །དེ་བས་ན་གློ་བུར་བའི་དྲི་མ་སེལ་བར་བྱ་བའི་ཕྱིར་ལམ་དང༌། བླ་མ་རྣམས་ལ་བསྙེན་བཀུར་བྱ་བ་ཡིན་ཏེ། དེ་ཁོ་ན་ཉིད་ཐོབ་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་ནི་རྙེད་པར་སླ་བ་ཡིན་པ་དང༌། རྙེད་པར་དཀའ་བ་ཡང་ངོ༌། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་མངོན་དུ་མཛད་པའི་ཕྱིར་ཅང་མི་གསུང་བར་གྱུར་ཏེ། མི་མཁྱེན་པ་ལ་སོགས་བ་གཞན་གྱིས་ཡིན་ནོ་ཞེས་ཁྱེད་རྣམས་ལ་ཐེ་ཚོམ་མ་བསྐྱེད་ཅིག་པའོ། །ཇི་སྐད་དུ། རྣལ་འབྱོར་རིག་པས་རྣམས་ཀྱང་ནི། །ཐར་པར་ཡུན་རིང་སེམས་མི་བྱ། །ཀུན་བརྟགས་ངོ་བོས་སྟོང་པ་ཡི། །བདག་ཉིད་མཐོང་བ་ཐར་པ་ཡིན། །ཞེས་འབྱུང་ངོ༌། །དེ་བཞིན་གཤེགས་པ་དང་བྱང་ཆུབ་


DTG029_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་དཔའ་རྣམས་ཀྱི་དྲིན་ལན་གསན་ནས་དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། དེ་ནས་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་པ་སྟེ། རང་བཞིན་དག་ཅིང་བདག་མེད་ལ། །ཞེས་བྱ་བ་ལ་སོགས་པ་ལ། རང་བཞིན་དག་པ་ནི་ཕུང་པོ་ལ་སོགས་པའི་ཆོས་འདི་རྣམས་ཐམས་ཅད་སྟོང་པའི་རང་བཞིན་དང༌། གནས་མེད་པ་ནི་ཡོངས་སུ་བརྟགས་པའི་སོ་སོར་ངེས་བ་དང་ལྡན་པའི་མཚན་མ་དང་བྲལ་བའོ། །དེ་བཞིན་དུ་གང་ཞིག་སངས་རྒྱས་ཀྱི་ཆོས་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་སྟེ། དེ་རྣམས་དེ་དང་འདྲ་བའོ། །འོན་བྱང་ཆུབ་སེམས་དཔའ་ནི་འགྲོ་བའི་དོན་ཇི་ལྟར་མཛད་ཅེ་ན། རྟོག་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེས་རྡོ་རྗེ་འཇའ་ཚོན་དང་འདྲ་བའི་སྐུ་བླང་བ་སྟེ། དེ་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་གྱི་བྱ་བ་རྣམས་སོ། །དེ་བས་ན་སྒྱུ་མ་ལྟ་བུའི་སྐུ་ལ་བརྟེན་ཏེ་བྱ་བ་ཐམས་ཅད་དང༌། སངས་རྒྱས་ཀྱི་ཆོས་རྣམས་སྨྲ་བར་བྱེད་པ་ནི་བརྗོད་པ་ཀུན་རྫོབ་ཀྱིས་བསྟན་པར་བྱའོ། །འོད་གསལ་བ་ལ་དམིགས་ཏེ་རང་རིག་པའི་ཕྱིར། སྨྲ་བ་ཡིན་ན་དེ་རྣམས་བརྗོད་དུ་མི་ནུས་པ་སྟེ། ལྷ་དང་དམྱལ་བ་པ་རྣམས་ཀྱིས་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བའི་ཚོར་བ་སྟོན་པ་བཞིན་དང༌། བུ་མོའི་དགའ་བ་བཞིན་དུ་སྟེ་རྫོགས་པའི་རིམ་པ་དང༌། སེམས་རྣམ་པར་དག་པ་དང་མངོན་པར་བྱང་ཆུབ་པ་དང༌། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་སྟེ། ཀྱེ་བཅོམ་ལྡན་འདས་གང་ཞིག་སྔར་ཞི་བ་ལ་སོགས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་གསུངས་པ་དེ་རྣམས་གང་ལས་བྱུང་བ་དང་གང་དུ་གནས་པ་ལགས་ཞེས་དྲིས་པ་དེའི་དགོས་པ་འདི་ཡིན་ཏེ། རེ་ཞིག་འོད་གསལ་བ་དང་སྒྱུ་མའི་སྐུ་དག་ཐ་མི་དད་པའི་ཕྱིར་རྣམ་པར་མི་རྟོག་པ་ཉིད་ཡིན་ཏེ། གང་ཞིག་དངོས་གྲུབ་འདི་རྣམས་དེ་ལྟར་སྤྲོས་པ་མང་པོས་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་རྣམས་དེ་ལས་བྱུང་བའམ་དེར་གནས་པ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ནོ་ཞེས་ཐེ་ཚོམ་གྱི་ས་བོན་ནོ། །རྡོ་རྗེ་འཛིན་པས་བཀའ་སྩལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། རང་གི་སྐུ་གསུང་


DTG029_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུགས་ཀྱི་རྡོ་རྗེ་ནི་རང་གི་འོད་གསལ་བ་དང༌། དེ་ལས་བྱུང་བའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་སྒྱུ་མའི་སྐུ་སྟེ། དངོས་གྲུབ་དེ་རྣམས་དེ་ལ་གནས་པ་དང༌། དེ་ཉིད་ལ་བརྟེན་ཏེ་འབྱུང་བར་འགྱུར་ཏེ། གཟུགས་བརྙན་བཞིན་དུའོ། །འདི་ནི་ཤིན་ཏུ་ཉུང་བ་བཤད་པ་སྟེ། ཁམས་གསུམ་པ་དེ་དག་ཀྱང་འདི་ཉིད་དུ་གནས་པ་དང་དེ་ཉིད་ལས་འབྱུང་བའོ། །རབ་ཏུ་བྱེད་པ་ལས་ཀྱང༌། རླུང་གི་སྦྱོར་བ་མེད་པ་ཡིས། །སེམས་ཀྱི་རང་བཞིན་གཟུང་མི་འགྱུར། །རང་བཞིན་རྒྱུར་གྱུར་སེམས་ལས་ནི། །ལས་དང་སྐྱེ་བ་ཡང་དག་འབྱུང༌། །རླུང་དང་བཅས་པ་དེ་ཉིད་ནི། །རྣམ་པར་ཤེས་པ་གསུམ་པོ་ལས། །རྣལ་འབྱོར་པ་ཡི་སྐུ་སྐྱེས་ཏེ། །སྒྱུ་མའི་སྐུ་ནི་དེ་བཤད་པའོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང༌། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་གང་ཞིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཐོབ་པ་དང༌། ཁམས་གསུམ་ནི་སྐུ་གསུམ་སྟེ། དེ་དག་གང་ནས་བྱུང་བ་དང་གང་དུ་གནས་ཞེས་འདྲི་བའོ། །གསུངས་པ། ནམ་མཁའ་ནི་འོད་གསལ་བ་ལ་གནས་པ་དང༌། དེ་ཉིད་ལས་བྱུང་བ་དང༌། ཐམས་ཅད་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱིས་གསོལ་པ། ནམ་མཁའ་གང་ན་གནས་ཞེས་པ་ནི་དྲི་བའོ། །གང་ན་ཡང་མ་ཡིན་ནོ་ཞེས་པ་ནི་ཁྱབ་པར་བྱེད་པའི་ཕྱིར་སོ་སོར་ངེས་པ་དང་ལྡན་པ་མེད་པས་ནམ་མཁའ་དང་འདྲ་བ་ཡིན་ནོ་ཞེས་དགོངས་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་དང༌། བྱང་ཆུབ་སེམས་དཔའ་ནི་འཇམ་དཔལ་ལ་སོགས་པ་སྟེ། དེ་རྣམས་ངོ་མཚར་དུ་གྱུར་པ་ནི་ཐོས་པ་དང༌། རྨད་དུ་གྱུར་པ་ནི་བསམས་པ་དང་དེའི་འོག་ཏུ་དོན་འདི་ཉིད་བསྒོམས་པས་འདི་ལྟར་གསུངས་པ་སྟེ། ཨེ་མ་ཧོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མ་ཧོ་རྡོ་རྗེ་ཞེས་པ་ནི་འོད་གསལ་བ་དང༌། ཡར་ཨེ་མ་ཧོ་རྡོ་རྗེ་ནི་དེ་ལས་བྱུང་བའི་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་དང༌། རྡོ་རྗེ་ནི་དེ་ལས་བྱུང་བའི་སྒྱུ་མ་ལྟ་བུའི་སྐུ་སྟེ། དེ་ཉིད་བསྟན་པ་ནི་རབ་ཏུ་བསྟན་པ་སྟེ་དེ་ནི་ངོ་མཚར་


DTG029_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའོ། །དེ་ཅིའི་ཕྱིར་ཞེ་ན། གང་དུ་ཞེས་བྱ་བ་ལ་སོགས་པ་ལ། འོད་གསལ་བ་གང་དུ་ལུས་ནི་སྣང་བའི་ཡེ་ཤེས་དང༌། ངག་ནི་སྣང་བ་མཆེད་པའི་ཡེ་ཤེས་དང༌། སེམས་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཡོད་པ་མ་ཡིན་ཏེ། དེ་རུ་ཞེས་པ་ནི་དེ་ཉིད་ལས་གཟུགས་ནི་སྒྱུ་མ་ལྟ་བུའི་སྐུའི་རྣམ་པ་རྣམ་པར་སྒོམ་པ་ནི་ཁྱད་པར་དུ་འགྲོ་བའི་དོན་དུ་སྤྲོ་བར་བྱ་བ་ཡིན་ཏེ། དེ་ནི་ཤིན་ཏུ་ངོ་མཚར་བ་སྟེ། སེམས་རྣམ་པར་དག་པ་དང༌། བདག་ལ་བྱིན་གྱིས་བརླབ་པ་དག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གཞན་གསུངས་པ་སྟེ། རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །རྣམ་པར་ཤེས་པ་གསུམ་མི་སྣང་བར་མཛད་པས་ན་སྟོན་པའོ། །སངས་རྒྱས་ཀུན་ནི་རང་བཞིན་གྱི་ཚོགས་ཏེ། དེ་དག་གིས་ཕྱག་བྱས་པ་ནི་བྲལ་བའོ། །རྡོ་རྗེ་གསུམ་ཡང་ཡིན་ལ་བླང་བར་བྱ་བའི་ཕྱིར་མཆོག་ཀྱང་ཡིན་པས་རྡོ་རྗེ་གསུམ་མཆོག་སྟེ་སྟོང་པ་དང༌། ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་སྟེ། དེ་རྣམས་ཀྱི་མཆོག་ནི་ཐམས་ཅད་སྟོད་པ་སྟེ། དེས་མཆོག་ནི་དེའི་གོ་འཕང་ཐོབ་པས་དམ་པའོ། །རྡོ་རྗེ་གསུམ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་སྟེ། དེ་རྣམས་ཀྱི་མཆོག་ནི་ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་ནོ། །དངས་གྲུབ་ཐབས་ཅད་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་བསྡུ་བ་ནི་བསྡུ་བར་གྱུར་པ། རིགས་པ་ནི་འོད་གསལ་བ། དེ་ལས་བྱུང་བའི་སྐྱེས་བུ་ནི་ཡེ་ཤེས་ཀྱི་སྐུའི་རང་བཞིན་གྱི་ལྷའི་སྐུའི་རྣམ་པར་བཤད་པར་མཛད་པ་ནི་གསུངས་ཏེ་སྡུད་པ་པོའི་ཚིག་གོ །དེ་ནི་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ །དང་པོ་རེ་ཞིག་རྣལ་འབྱོར་པས་མཁའ་དབྱིངས་ནི་འོད་གསལ་བ་སྟེ། ཐམས་ཅད་སྟོང་བའི་མཚན་ཉིད་དེ་ཉིད་ཆོས་ཐམས་ཅད་ཀྱི་ནང་དུ་ཆུད་པས་ན་རྡོ་རྗེ་དེའི་དབུས་གནས་པ་དེའི་ནང་དུ་ཉེ་བར་བསྡུས་པ། སངས་རྒྱས་དཀྱིལ་འཁོར་ནི་ཡེ་ཤེས་གསུམ་བསྒོམ་པ་ནི་བསམ་པར་བྱའོ། །དེ་བཞིན་དུ་སྐུ་དང་རྡོ་རྗེ་ནི་སྐུ་རྡོ་རྗེ་སྟེ་ལུས་དང་ངག་གོ །དེ་དག་གི་སྤྱི་བོར་ནི་དེའི་རྗེས་ལ་རྡོ་རྗེ་སྟེ་སེམས་སོ། །རབ་ཏུ་བསྒོམ་པ་ནི་ལུས་དང་ངག་དང་སེམས་ཁྱབ་པར་བྱེད་པ་རང་བཞིན་གྱི་ཚུལ་དུ་དེ་ཉིད་དུ་ཞུགས་པར་བྱའོ། །ཞལ་གསུམ་ནི་


DTG029_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པའི་ངོ་བོ་སྐུ་གསུམ་ལས་བྱུང་བ་ནི་ཁམས་གསུམ་བསྐྱེད་པའི་མཚན་ཉིད་ཅན་གྱི་རང་བཞིན་རྣམས་ཏེ། དེ་རྣམས་ཀྱང་རྣམ་པར་འཕྲོ་བ་ནི་དེ་ཉིད་དུ་གསལ་བའི་ངོ་བོར་གྱུར་པ་དྲི་མ་མེད་པར་བསམ་པར་བྱའོ། །དེ་ལྟར་འོད་གསལ་བ་ཐོབ་ཅིང་རྡོ་རྗེ་ལ་སོགས་པ་ཉིད་ཐོབ་པའི་སྒྱུ་མའི་སྐུ་བསམ་པ་ནི་སྤྲོ་ཞིང་མྱུར་དུ་ནི་ཅིག་ཅར། བྱང་ཆུབ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །རིགས་ཀྱི་བྱེ་བྲག་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས། ཐ་སྙད་ནི་གཟུགས་ལ་སོགས་པ་དང་སྤྱོད་ལམ་བཞིན་བསམ་པར་བྱའོ། །གསང་བ་ནི་རྟོག་པའི་རྣལ་འབྱོར་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པའོ། །གཞན་དུ་ནི་ཏིང་ངེ་འཛིན་སྤོང་ཞིང་རྟོགས་པའི་རྣལ་འབྱོར་གྱི་རིམ་གྱིས། མཆོག་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་མི་འགྱུར་ནི་དགའ་བས་འགྱུར་རོ་ཞེས་སྟོན་ཏོ། །རིག་པའི་སྐྱེས་བུ་རྡོ་རྗེ་འཆང་ཆེན་པོས་འདི་སྐད་བཀའ་སྩལ་ཏོ་ཞེས་བྱ་བ་དང་སྦྱར་རོ། །དེ་ནི་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ །དེ་བཞིན་དུ་རྒྱལ་པོ་ཆེ་ནི་ཡི་གེ་དང་ཚིག་དང་ངག་དང་ངག་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཡི་གེ་ཕྱི་མོ་བཞི་བཅུ་རྩ་དགུ་པའོ། །ཇི་ལྟ་བུ་ཞེ་ན། དབྱིངས་གྱུར་པ་ནི་ཁྲག་དང་ཤ་དག་གི་རང་བཞིན་གྱི་སྲོག་དང་རྩོལ་བ་དག་གི་རྒྱུར་གྱུར་པའོ། །དེ་ཉིད་ཡི་གེ་གསུམ་གྱི་བདག་ཉིད་དུ་མཉེས་པར་བྱེད་པ་ནི་འཇུག་པ་ལ་སོགས་པའི་རིམ་པས་རྒྱུ་བ་བསམས་པ་ནི་བཟླས་པར་བྱའོ། །དེ་ལྟར་བྱས་ན་ཁྱུ་མཆོག་ནི་རྫོགས་པའི་རྣལ་འབྱོར་པ་རྣམས་མཉེས་པར་གྱུར་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །རྡོ་རྗེ་སྐུ་གསུམ་ནི་ཆོས་ཀྱི་སྐུ་ལ་སོགས་པ་གསུམ་སྟེ། དེས་མཚན་པ་ནི་དེ་རྣམས་ཐོབ་པར་འགྱུར་རོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། གང་ཞིག་ཅེས་པ་ནི་རྟག་པའི་རྣལ་འབྱོར་པའམ་རྫོགས་པའི་རྣལ་འབྱོར་བ་སྟེ། བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་བསམ་པ་དང་ལྡན་པ་དང༌། གྲགས་ཆེན་ནི་མཆོག་གི་སྤྱོད་པ་རྟོགས་པས་གྲགས་པ་ཐོབ་པས་བསྒོམ་པའི་རིམ་པ་འདི་བསྒོམས་ན། དེ་ནི་ཞག་བདུན་ནི་དཀྱིལ་འཁོར་


DTG029_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞི་ལ་འཇུག་པ་ལ་སོགས་པའི་རིག་པ་གསུམ་པོས་སྐུ་གསུམ་དངོས་གྲུབ་ནི་སྔར་བཤད་པ་སྟེ། དེ་ཐོབ་པར་འགྱུར་རོ། །གཟི་ཆེ་བ་ནི་སྤྲུལ་པའི་སྐུ་རྣམས་ཀྱིས་འགྲོ་བའི་དོན་བྱེད་པ་ཡིན་ནོ་ཞེས་སྟོན་ཏོ། །རྡོ་རྗེ་བཟླས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ནི་འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་བར་པ་སྟེ་དེ་རྣམས་སྦྱངས་པའི་ཐབས་རྡོ་རྗེ་མངོན་པར་བྱང་ཆུབ་པའོ། །དེ་ཉིད་བསྡུས་པ་ནི་འདོད་ཆགས་ལ་སོགས་པ་དང་འདྲེས་པ་སྟེ། དེ་ཉིད་གསང་བ་ནི་རྟོགས་པའི་རྣལ་འབྱོར་རྣམས་ཀྱི་ཡུལ་མ་ཡིན་ཏེ། དེ་ཉིད་འབྲས་བུར་གྱུར་པ་གསུངས་པ་སྟེ། སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ནི་དུས་མཚམས་དང་མཚན་མོ་དང་ཉིན་མོའི་བདག་ཉིད་ཀྱི་ཡེ་ཤེས་རྣམས་ཏེ། དེ་དག་ཕྱིའི་མངོན་པར་བྱང་ཆུབ་པའི་རིམ་པས་གང་དུ་གཅིག་ཏུ་གྱུར་པ་དེ་ནི་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། བཞི་པའི་དེ་ཁོ་ན་ཉིད་དོ། །དེ་ཉིད་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ཕྱག་རྒྱ་ཆེན་པོ་སྟེ། དེ་ཉིད་ཀྱི་དོན་ནི་གསུམ་པ་དང་བྲལ་བའི་ཁྱད་པར་ནི་སྐད་ཅིག་མ་སྟེ། དེ་བསྟན་པ་ནི་བསྒོམ་པར་བྱའོ། །ཀུན་ནི་དེ་དག་ཐམས་ཅད་ཆོ་ག་བཞིན་ནི་སྨིག་རྒྱུ་ལ་སོགས་པའི་མཚན་མ་ལྔ་ཉེ་བར་མཚོན་པ་སྔོན་དུ་འགྲོ་བར་སྒོམ་པ་ནི་ནང་གི་བདག་ཉིད་ཀྱི་མངོན་པར་བྱང་ཆུབ་ལ་ཞུགས་པར་བྱའོ། །དེའི་ཚེ་སྐད་ཅིག་ནི་སྐད་ཅིག་མ་བཞི་བ་དེ་ཉིད་ཀྱིས་སངས་རྒྱས་ནི་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པར་འགྱུར་ཏེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སྒྲུབ་པ་པོ་ཐམས་ཅད་ནི་རྫོགས་པའི་རིམ་པ་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱི་ལུས་ངག་སེམས་གསང་བ་ནི་ཕྱི་རོལ་གྱི་ཕྱག་རྒྱ་མ་ལ་སོགས་པའི་སྤྲོས་པ་དང་བྲལ་བ་ཉིད་གསུངས་པ་སྟེ། གལ་ཏེ་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། ལག་པའི་ཕྱག་རྒྱ་ནི་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པ་འགུགས་པ་ལ་སོགས་པའི་ཕྱག་རྒྱ་སྟེ། དེ་བཅིང་པར་མི་བྱ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སྒྲུབ་པའི་རྣལ་འབྱོར་པ་ཉིད་ཀྱི་སྐུ་ནི་རྡོ་རྗེ་འཆང་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་མཆོག་ནི་རྡོ་རྗེ་འཆང་


DTG029_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་འདོད་དེའི་ཚེ་དམ་ཚིག་འདི་ནི་རྒྱལ་བའི་སྲས་ཏེ་དཔལ་གསང་བ་འདུས་པ་ལས་དབང་བསྐུར་བ་རྣམས་ཀྱིས་སྤང་བར་མི་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང༌། གླང་པོ་རྙེད་ནས་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱི་དམ་ཚིག་ནི་སྐུ་རྡོ་རྗེའི་དམ་ཚིག་གསུངས་པ་སྟེ། བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ། བཤང་གཅི་ལ་སོགས་པ་དེ་རྣམས་སྨད་པར་མི་བྱ་སྟེ། འོན་ཀྱང་ཆོ་ག་བཞི་ནི་སྔགས་དང་ཕྱག་རྒྱའི་རིམ་པས་བཟའ་བར་བྱའོ། །རྡོ་རྗེ་གསུམ་འབྱུང་ནི་ལུས་ལ་སོགས་པ་དག་པར་བྱེད་པའི་དེ་ཁོ་ན་ཉིད་དེ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་གསུང་རྡོ་རྗེའི་དམ་ཚིག་ནི་སྣང་བ་མཐའ་ཡས་ཀྱི་དམ་ཚིག་གསུངས་པ་སྟེ། ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་ལ། ཁམས་གསུམ་ཞེས་པ་བུད་མེད་རྣམས་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་གཅིག་ཏུ་བྱས་ལ་ཆོ་ག་བཞི་ནི་སྔགས་ཀྱིས་འདུས་བྱས་པ་སྔོན་དུ་འགྲོ་བར་སྤྱད་པ་ནི་ཉེ་བར་སྤྱོད་པ་བྱའོ། །གསུང་གི་རྡོ་རྗེ་ནི་དེ་ལས་བྱུང་བའི་སྣང་བ་མཐའ་ཡས་མི་སྨད་པ་ནི་ལྕེས་བལྡག་པར་བྱའོ་ཞེས་སྟོན་ཏེ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཐུགས་རྡོ་རྗེའི་དམ་ཚིག་གསུངས་པ་སྟེ། རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྲིད་སེམས་ཅན་ནི་སྒོ་ང་ལས་སྐྱེས་པ་ལ་སོགས་པའི་དབྱེ་བ་རྣམ་པ་བཞིའི་སེམས་ཅན་གྱི་རིགས་ཏེ། དེ་རྣམས་རྡོ་རྗེ་གསུམ་ལས་བྱུང་བ་ནི་རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པ་ལས་འབྱུང་བའོ། །དེ་རྣམས་རྡོ་རྗེ་གསུམ་གྱི་དམ་ཚིག་ནི་ཕྱི་དང་གསང་བ་དང་ནང་གི་བདག་ཉིད་ཀྱི་མཆོད་པ་རྣམས་ཀྱིས་མགུ་ཞིང་ཚིམ་པར་བྱའོ། །དེ་རྣམས་ཀྱི་ཐུགས་ནི་རང་གི་སེམས་ཀྱང་མི་སྨད་པ་ནི་སྨད་པར་མི་བྱ་སྟེ། འོན་ཀྱང་དེའི་བདག་ཉིད་ཀྱིས་རྡོ་རྗེ་འཆང་བཞིན་དུ་མཐོང་བར་བྱའོ། །ཇི་སྐད་དུ། ཕ་རོལ་སྨྲ་བ་ཡང་དག་རུང༌། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །རྡོ་རྗེ་གསུམ་པོ་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་གང་ལས་བྱུང་བ་དེ་ནི་རྡོ་རྗེ་འཆང་ཆེན་པོས་བཀལ་སྩལ་ཏེ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་གསང་བ་རྡོ་རྗེ་ནི་ཕུང་པོ་དང་ཁམས་དང་སྐྱེ་


DTG029_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆེད་རྣམ་པར་དག་པ་སྟེ། དེ་གསུངས་པ་མདོར་ན་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ཐ་མ་ལ་པའི་ཕུང་པོ་ནི་གཟུགས་ལ་སོགས་པ་འདི་རྣམས་སྣང་བར་གྱུར་པ་དེ་ཉིད་རྣམ་པར་དག་ན། སངས་རྒྱས་ལྔ་ནི་སངས་རྒྱས་ལྔའི་རང་བཞིན་ཏེ། རྣམ་པར་སྣང་མཛོད་ལ་སོགས་པའི་རང་བཞིན་ཤེས་པར་བྱའོ། །དེ་བཞིན་དུ་གང་ཞིག་རྡོ་རྗེ་སྐྱེ་མཆེད་ནི་མིག་ལ་སོགས་པའི་དབང་པོ་འདི་རྣམས་དྲུག་སྟེ། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ནི་སའི་སྙིང་པོ་ལ་སོགས་པའི་དཀྱིལ་འཁོར་མཆོག་ནི་ཕུལ་དུ་བྱུང་བའི་ཚོགས་སུ་ཞེས་པར་བྱ་སྟེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་རིགས་བརྒྱའི་དབྱེ་བས་རྣམ་པར་དབེན་པ་འདི་ཡིན་ནོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་སེམས་ཀྱི་མོས་པ་ནི་ཁམས་གསུམ་པ་འདི་དག་ཐམས་ཅད་སངས་རྒྱས་ཀུན་གྱི་རང་བཞིན་ཡིན་ནོ་ཞེས་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་དག་པ་ནི་རྣམ་པ་གཉིས་ཏེ་ཁྱབ་པར་བྱེད་པ་དང་ཉི་ཚེ་བའོ། །དེ་ལ་ཁྱབ་པར་བྱེད་པ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་དང༌། ཉི་ཚེ་བ་ནི་ཕྱོགས་གཅིག་པ་སྟེ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས། ཁམས་གསུམ་གྱི་དམ་ཚིག་ནི་ས་ལ་སོགས་པའི་ཁམས་རྣམས་ཏེ། དེ་རྣམས་ཀྱི་འཁོར་ལོ་རྣམ་པར་དག་པ་གསུངས་པ་སྟེ། ས་ནི་སྤྱན་ཞེས་བྱ་བ་ལ་སོགས་པ་ལ། ས་ལ་སོགས་པ་ཁམས་བཞི་པོ་འདི་རྣམས་ལྷ་མོ་སྤྱན་ལ་སོགས་པའི་རང་བཞིན་ཏེ། གང་ཞིག་ནམ་མཁའི་ཁམས་འདི་དེ་ཉིད་རྡོ་རྗེ་འཆང་ཆེན་པོར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ། དེ་རྣམས་ཀྱི་ཡང་དག་པ་ནི་དེ་ཁོ་ན་ཉིད་དེ། སངས་རྒྱས་ལ་སོགས་པའི་རང་བཞིན་དུ་ཤེས་པའོ། །དེའི་དབང་ཕྱུག་ནི་བདག་པོ་སྟེ་མངོན་དུ་བྱེད་པ་རྡོ་རྗེ་སེམས་དཔས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་སྦྱར་ཏེ་རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་སྟེ། དེ་རྣམས་ཀྱི་རྣམ་པར་དག་པ་གསུང་བ་དང་དེའི་རང་བཞིན་བསྒོམས་པས་མཉམ་པ་ཉིད་ནི་འོད་གསལ་བ་


DTG029_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་པོའི་ཆོས་ཉིད་རྟོགས་པ་སྟེ། དེ་ཉིད་སྤྱོད་པ་ནི་ཇི་ལྟ་བ་བཞིན་དུ་ཐུགས་ལ་བརྟགས་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སླར་འདི་བའི་སྐབས་གསོལ་བའི་ཕྱིར་ཅང་མི་གསུང་བར་གྱུར་པ་རྩེ་གཅིག་པ་ཉིད་ལ་ཞུགས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཅང་མི་གསུང་བས་རྒྱུད་མ་རྫོགས་པར་རྟོགས་ཤིང༌། བྱང་ཆུབ་སེམས་དཔའ་བྱམས་པས་དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་པ་ལ་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་སློབ་དཔོན་དང་གསང་བ་དང་ཤེས་རབ་ཀྱི་དབང་བསྐུར་བ་གསུམ་པོ་དང༌། རྡོ་རྗེ་གསང་བ་ནི་དེ་ཡང་དེ་བཞིན་བཞི་པའོ་ཞེས་བྱ་བས་གང་ཞིག་དཔལ་གསང་བ་འདུས་པའི་རྒྱུད་འདི་ལ་དབང་བསྐུར་བ་ནི་དབང་ཐོབ་པའི་སློབ་དཔོན་ནི་རྡོ་རྗེ་སློབ་དཔོན་ཏེ། དེ་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཇི་ལྟར་བལྟ་བ་ནི་ཇི་ལྟར་ཤེས་པར་གྱིས་ཞེས་དྲིས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ། རིགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་བཞིན་དུ་བལྟ་བར་བྱའོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་རྡོ་རྗེ་འཆད་སྟེ། དེ་དང་སློབ་དཔོན་རྡོ་རྗེའི་བླ་མ་སྟེ། དེ་དག་གཉིས་པོ་གཅིག་ཡིན་ནོ་ཞེས་ཤེས་པར་གྱིས་ཤིག་པའོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ལ། མདོར་བསྟན་པ་འདི་ཡིན་ཏེ། ཕྱོགས་བཅུ་ལ་གང་ཞིག་འཇིག་རྟེན་གྱི་ཁམས་ནི་སྐྱེ་བོའི་གནས་རྣམས་ཏེ། དེ་ཇི་སྲིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འཁོད་པ་ནི་ཐོབ་པ་དང༌། འཚོ་བ་ནི་བསམ་པ་དང༌། སྐྱོང་བ་ནི་བསྒོམས་པ་སྟེ། དེ་རྣམས་ཐམས་ཅད་དུས་གསུམ་མཚན་མོ་དང་ཉིན་མོ་ལ་མཆོད་པ་རྣམ་པ་ལྡས་སྣང་བར་མི་འགྱུར་པས་སློབ་དཔོན་དེ་ལ་མཆོད་ལ། བདག་ཅག་གི་འདི་ཕ་དང་མ་སྟེ། ཇི་སྲིད་འདི་ཉིད་སྟོན་པ་ནི་དེ་བཞིན་གཤེགས་པའོ་ཞེས་ངག་བརྗོད་ཅིང་འགྲོ་བར་འགྱུར་རོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་


DTG029_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅུའི་དེ་བཞིན་གཤེགས་པ་རྣམས་གསན་པ་ལ་སོགས་པའི་རིམ་པ་རྣམས་རང་དང་གཞན་གྱི་དོན་མཛད་པ། ཇི་སྙེད་པའི་བསོད་ནམས་ཀྱི་ཕུང་པོ་ནི་བསོད་ནམས་ཀྱི་ཚོགས། དེ་ཡང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ཙམ་དང་མཉམ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་དྲིན་གྱིས་བྱང་ཆུབ་ཀྱི་སེམས་ནི་དོན་དམ་པའི་འོད་གསལ་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྙིང་པོར་གྱུར་པ་ནི་འབྲས་བུར་གྱུར་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། སློབ་དཔོན་དེ་ཉིད་ལས་འབྱུང་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པའི་གསུང་ཐོབ་ནས་འཇིགས་ཤིང་སྐྲག་པ་ནི་ངོ་ཚ་བའི་དབང་གིས་སོ། །རྡོ་རྗེ་འཆང་དང་སློབ་དཔོན་གཅིག་ཡིན་པས་དེ་ལ་ཐེ་ཚོམ་མེད་པ་ཡིན་ན། འདྲི་བའི་རྒྱུད་གང་ཡང་མེད་པ་སྟེ། ངོ་ཚ་བའི་རྒྱུའོ། །དེ་བས་ན་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བྱམས་པ་ཅང་མི་སྨྲ་བར་གྱུར་པས་ཐེ་ཚོམ་མ་སེལ་བར་མཁྱེན་ནས། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་འཛིན་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་དངོས་གྲུབ་ནི་ཞི་བ་ལ་སོགས་པའི་འཇིག་རྟེན་པ་དང༌། འཁོར་ལོ་འཛིན་པ་ལ་སོགས་པའི་འཇིག་རྟེན་ལས་འདས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་ལ་དམིགས་པ་ནི་དབང་བསྐུར་བའི་རིམ་པ་སྟེ། དེ་ལ་རྡོ་རྗེ་ནི་རྡོ་རྗེ་སློབ་དཔོན་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱམས་པ་ལ་སོགས་པ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ཁྱེད་རྣམས་ནི་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཉོན་ཅིག་གང་ཞིག་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ་སོགས་པ་སྟེ། དེ་རྣམས་ཀྱང་རྡོ་རྗེ་སློབ་དཔོན་དེ་ལ་མཆོད་ཅིང་ཕྱག་མཛད་བའོ། །གང་གི་ཕྱིར་དེ་དང་རྡོ་རྗེ་འཆང་མཉམ་པ་ཡིན་ཏེ། སྤྲོས་པ་སྨྲ་བ་སྟེ་གཉིས་སུ་བཅིང་བ་ནི་ལེགས་པར་བཅིང་བར་འགྱུར་བའི་ཞེས་བྱ་བའི་རིགས་པས་སོ། །གདན་བཞིའི་རྒྱུད་ལས་ཀྱང༌། ལམ་བཞིན་རྡོ་རྗེ་ཁྱོད་ཉོན་ཅིག །འཁོར་ལས་རྒལ་བའི་མཚན་ཉིད་དོ། །སྔགས་


DTG029_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ཕྱག་རྒྱ་ལ་སོགས་མཁས། །སློབ་དཔོན་དག་ནི་གཟུང་བར་གྱིས། །བཅོམ་ལྡན་ཇི་ལྟར་བལྟ་བྱ་སྟེ། །སློབ་དཔོན་ཡོན་ཏན་ཇི་ལྟར་ལགས། །སློབ་དཔོན་སྦྱོར་བ་ཇི་ལྟར་དང༌། །བླ་མ་ཞེས་བྱ་ཇི་ལྟར་ལགས། །ཡང་དག་བྱང་ཆུབ་ཀུན་མཚན་ཉིད། །དེ་ཉིད་ཕྱག་ན་རྡོ་རྗེ་ཉོན། །སངས་རྒྱས་ཐམས་ཅད་འདི་ཡི་སྐུ། །བྱང་ཆུབ་ཡན་ལག་ཡན་ལག་གནས། །བ་སྦུའི་བུ་གའི་གྲངས་བཅོམ་སྟེ། །རིགས་ནི་ལྔ་པོ་དབུ་ཡིན་ནོ། །འཇིག་རྟེན་རྣམས་ནི་ཞབས་འདི་ཡི། །གཟི་བརྗིད་གནོད་སྦྱིན་བདག་པོ་ཉིད། །དེ་ལྟར་ཡོན་ཏན་རང་བཞིན་སྐུ། །རྟག་ཏུ་རྣལ་འབྱོར་པས་བལྟ་བྱ། །ཡེ་ཤེས་ཞེས་བྱ་མཚན་ཉིད་ཡིན། །གང་གི་མཚན་ཉིད་རབ་བཤད་པའོ། །དུལ་བ་དང་ནི་ཞི་བའི་ཚུལ། །སེམས་ཅན་ཀུན་ལ་མི་འཇིགས་སྩོལ། །སྔགས་དང་རྒྱུད་ཀྱི་སྦྱོར་མཁས་པས། །རྣལ་འབྱོར་སྒྱུ་རྩལ་ལ་སོགས་མཁས། །ངག་ཀུན་འཇམ་པ་ཉིད་སྨྲ་དང༌། །སེམས་ཅན་ཀུན་ལ་བུ་བཞིན་བྱེད། །སྦྱིན་པ་ལ་སོགས་ལ་དགའ་བ། །རྣལ་འབྱོར་བསམ་གཏན་ལ་སོགས་སྩོལ། །བདེན་པར་སྨྲ་དང་འཚེ་མེད་པ། །སྙིང་རྗེ་འཁྲུགས་པའི་ཐུགས་དང་ལྡན། །ཐུགས་ནི་མཉམ་པ་ཉིད་བྱུང་བ། །སེམས་ཅན་རྣམས་ཀྱི་མགོན་པོར་གྱུར། །དེ་ཉིད་བཅུ་ལ་གང་མཁས་པ། །དེ་ནི་སློབ་དཔོན་ཞེས་བཤད་པའོ། །ཞེས་གསུངས་སོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སློབ་དཔོན་ལ་སངས་རྒྱས་ལ་སོགས་པས་མཆོད་པ་མཛད་པ་ཡིན་གྱི། གཞན་ལ་མ་ཡིན་ཏེ། བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པའི་གསུང་ཐོས་མ་ཐག་ཏུ། དེ་ནས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་ཞུ་བ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་སྟེ། དེ་རྣམས་ཅི་ལ་གནས་ཞེས་འདྲི་བའོ། །དེ་རྣམས་ཀྱིས་གསུངས་པ། རྡོ་རྗེ་སློབ་དཔོན་གྱི་ལུས་ལ་སོགས་པ་ལ་གནས་པ་སྟེ། དེ་ཉིད་ལས་དེ་རྣམས་ཐོས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ། གལ་ཏེ་དེ་ལྟར་ལགས་ན་ལུས་ངག་སེམས་རྡོ་རྗེ་དེ་རྣམས་


DTG029_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་ལ་གནས་ཞེས་འདྲི་བ་སྟེ། གང་ལ་ཡང་མི་གནས་སོ་ཞེས་པ་ནི་སྔ་མ་བཞིན་དུ་ལེན་ཡིན་ཏེ་རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་འཆང་གཉིས་སུ་མེད་པར་བསྟན་ནས། དེ་བཞིན་གཤེགས་པ་རྣམས་ཅང་མི་གསུང་པར་གྱུར་ཏེ། དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་རྣམས་ཀྱང་ངོ་མཚར་དུ་གྱུར་པ་ནི་རྡོ་རྗེ་འཆང་དང་སློབ་དཔོན་དབྱེར་མེད་པའི་ཕྱིར་དང༌། རྨད་དུ་གྱུར་པ་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་རྟོགས་པའི་ཕྱིར་རོ། །ཅང་མི་སྨྲ་བར་འཁོད་པ་ནི་ཐེ་ཚོམ་སེལ་བའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་ཆེན་པོས་ཏིང་ངེ་འཛིན་གཞན་གསུངས་པ་སྟེ། གསང་བ་རྡོ་རྗེའི་ཏིང་ངེ་འཛིན་ནི་འོད་གསལ་བ་སྟེ། དེ་ཉིད་ལས་བཞེངས་པ་ནི་ཅིག་ཅར་དུ་སད་ནས་དེ་རྣམས་ལ་བཀའ་སྩལ་པ་སྟེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཆེན་པོ་ནི་ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྩ་ལྔ་དང༌། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལས་ཀུན་འབྱུང་བ་ལ་ཡོད་པ་དེ་བཞིན་གཤེགས་པའོ། །རྡོ་རྗེ་ནི་མི་འཇིགས་པ་སྟེ། རྡུལ་ཚོན་ལ་སོགས་པ་ལ་མི་ལྟོས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ལ་པ་སོགས་པས་གསོལ་བ་བཏབ་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། ནམ་མཁའི་དབྱིངས་ནི་རང་གི་རིག་མའི་པདྨ་སྟེ། དེའི་དབུས་སུ་གནས་པ་གྲུ་བཞི་པ་ནི་རྩ་བཞི་དང་ལྡན་པ་སྟེ། རབ་ཏུ་མཛེས་པ་ནི་འདོད་པའི་གདུགས་ཞེས་བྱ་བའི་དཀྱིལ་འཁོར་བསམ་པར་བྱའོ། །དེའི་རྗེས་ལ་སངས་རྒྱས་ནི་ཤུ་ཀྲ་ལ་སོགས་པའི་བདུད་རྩི་ལྔ་སྟེ་དེ་རྣམས་ཀྱི་དཀྱིལ་འཁོར་ནི་ཚོགས་ཏེ། དེ་དང་སྦྱོར་བ་ནི་གང་བ་སྟེ། བསམ་གཏན་རྡོ་རྗེ་ནི་དེ་ཉིད་དེ་བཞིན་གཤེགས་པའི་རྣམ་པའི་རབ་བསྐུལ་བ་ནི་རྡོ་རྗེས་བསྐྱོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་དཀྱིལ་འཁོར་ནི་རང་གི་རྡོ་རྗེའི་རྩ་ལྔའི་དཀྱིལ་འཁོར་ཡང་འཁོར་ལོ་ཅན་ཀུན་ནི་ཤུ་ཀྲ་ལ་སོགས་པའི་རང་བཞིན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་རྟེན་ནི་བཞི་བསམ་པར་བྱའོ། །དེ་ལྟར་ན་དཀྱིལ་འཁོར་གཉིས་ཀྱི་ཏིང་


DTG029_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངེ་འཛིན་ཡིན་ནོ། །ཁ་སྦྱོར་བཤད་པར་བྱ་སྟེ། མཆོད་པ་ཞེས་བྱ་བ་ལ་སོགས་པ་ལ། ཆོ་ག་དེ་ཉིད་ནི་འདས་མ་ཐག་ཏུ་བཤད་པའི་ཏིང་ངེ་འཛིན་དེ་ལྟ་བུའི་མཆོད་པ་ནི་སྙོམས་པར་ཞུགས་པར་བྱའོ། །གང་གིས་ཤེ་ན་བློ་དང་ལྡན་པ་ནི་ཕྱག་རྒྱ་མ་དང་བཅས་པའི་རྣལ་འབྱོར་པས་སོ། །སློབ་དཔོན་ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག་སློབ་དཔོན་གྱི་དབང་བསྐུར་བར་འདོད་པ་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་འགུགས་ཤིང་སྙིང་ག་ནི་རྡོ་རྗེ་དང་པདྨའི་ནང་དུ་བསྒོམས་ལ་དབང་བསྐུར་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་སྤྱི་བོ་དང་ཁ་ལ་དབང་བསྐུར་བར་བྱའོ། །སངས་རྒྱས་ཀུན་ནི་བཤང་བ་ལ་སོགས་པ་བདུད་རྩི་རྣམས་ཀྱིས་ནམ་མཁའ་དབྱིངས་ནི་རྡོ་རྗེ་དང་པདྨ་ཡོངས་སུ་གང་བར་བསམས་ལ། སློབ་མ་དེའི་ཁར་དབབ་པར་བྱའོ། །དབང་བསྐུར་བའི་གནས་གསུམ་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་པར་པ་གསུམ་སྟེ། དེ་རྣམས་ཀྱང་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་སྙོམས་པར་ཞུགས་པས་སྒོམ་པ་ལ་འཇུག་པར་བྱའོ། །འདི་ནི་ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་ལ་དབང་བཀུར་བས་བྱང་ཆུབ་ནི་རྡོ་རྗེ་འཆང་ཉིད་སློབ་མས་ཐོབ་པར་འགྱུར་ཏེ་རང་གི་དོན་ཏོ། །སེམས་ཅན་ཀུན་ལ་ཕན་འདོད་པ་ནི་འགྲོ་བའི་དོན་ཡང་བྱེད་པ་སྟེ་གཞན་གྱི་དོན་ཏོ། །དེ་བཞིན་དུ་དངོས་གྲུབ་ཀུན་གྱིས་ངོ་མཚར་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱིས་ངོ་མཚར་བར་འགྱུར་བའི་སྐུ་གསུང་ཐུགས་འགྲུབ་པར་འགྱུར་བ་ནི་ཐོབ་པར་འགྱུར་ཏེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །བྱང་ཆུབ་ཐམས་ཅད་ཀྱི་དོན་ནི་དམ་ཚིག་ན་ལྡི་སྟེ། དེ་རྣམས་ཀྱི་འཁོར་ལོ་ནི་རྡོ་རྗེ་དང་པདྨ་སྟེ། དེ་ལ་བསམ་གཏན་གྱི་འཁོར་ལོ་ནི་སློབ་མ་ལ་དབང་བསྐུར་བ་རེ་བྱ་བའི་ཕྱིར་ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་འདི་ཡིན་ཏེ་ལས་ཀྱི་རྒྱལ་བ་མཆོག་གོ །ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱུད་ལས་ཀྱང༌། དཀྱིལ་འཁོར་རྣམས་ཀྱི་བཤད་བྱ་བ། །ཡིད་འོད་རྩེ་གཅིག་མཉན་པར་གྱིས། །དཀྱིལ་འཁོར་ལུས་ཞེས་བཤད་པ་དང༌། །བྷ་གའི་དཀྱིལ་འཁོར་བཤད་པ་དང༌། །བྱང་ཆུབ་ཀྱི་སེམས་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་གསུམ་ནི་རབ་


DTG029_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏུ་བརྟག །རྟག་ཏུ་ཚོགས་ཀྱི་སྦྱོར་བ་ཡིས། །གང་དུ་གཙོ་བོ་ཡང་དག་སྤྱོད། །ཕུང་པོ་རྣམས་ཀྱི་སངས་རྒྱས་བཤད། །འབྱུང་བ་རིག་མ་རྣམས་བརྟན་པ། །འདོད་པ་ལྕགས་ཀྱུ་ཡིན་པ་དང༌། །ཞགས་པ་པདྨ་ལ་ཞུགས་པ། །ཁ་ལོའི་བྱེད་ལྕགས་སྒྲོག་སྟེ། །འཛག་པའི་འདྲི་ལ་བུར་བཤད་པའོ། །སྦོས་ནི་བཤད་པར་བཤད་པ་སྟེ། །ཆང་ནི་ཁྲག་ཅེས་བཤད་པ་ཡིན། །རྐང་དང་ཚིལ་ནི་མར་མེ་སྟེ། །དྲི་ནི་ཤུ་ཀྲ་ཡིན་པར་བཤད། །སྒེག་པ་མཚན་མ་བསྟན་པ་དང༌། །མེ་ཏོག་བྷ་ག་ཡིན་པར་བཤད། །རྟག་ཏུ་ཁ་སྦྱོར་སྦྱོར་བ་ཡིས། །དབུགས་དང་དབྱུང་བ་ནི་ལུང་བསྟན་ཏོ། །དེ་ཉིད་ཀུན་དུ་བརྟགས་པ་ནི། །བྷ་ག་ཀུན་དུ་བཟང་པོ་ཡིན། །བྱམས་པ་ལ་སོགས་བཅུ་དྲུག་ནི། །ཆ་ནི་བཅུ་དྲུག་རབ་ཏུ་བརྟགས། །སྔར་བཤད་པ་ཡིད་དཀྱིལ་འཁོར་ནི། །རང་གི་བདག་ཉིད་ཡིན་པར་བཤད། །ཅེས་འབྱུང་ངོ༌། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱོར་བ་ནི་འདུས་པ་ལས་སྐྱེས་པ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རེ་ཞིག་དང་པོ་རུས་པ་དང་ཤ་ལ་སོགས་པའི་དཀྱིལ་འཁོར་ཏེ་རང་གི་ལུས་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་སྟེ་རྣམ་པར་ཐར་པའི་སྒོ་ནས། ཨོཾ་ཤཱུ་ཎྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་ཀྱིས་སྟོང་བར་བསྒོམས་ལ། ཧཱུཾ་ཧྲཱིཿ་ཁཾ་ཞེས་བྱ་བ་སྐུ་རྡོ་རྗེ་ལ་སོགས་པའི་ཁ་དོག་ནག་པོ་ཡི་གེ་གསུམ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་རྡོ་ཇེ་ཧཱུཾ་མཛད། དྲག་པོ་ནི་ཐུགས་ཀྱིས་ཁྲོས་པ། མི་སྡུག་པ་ནི་སྐུ་ཡིས་འཇིགས་པ། ཁྲོས་པ་ནི་གསུང་གིས་ཧ་ཧ་དང་ཧི་ཧིའི་སྒྲ་སྒྲོགས་པ་ཨུཏྤལ་སྔོན་པོ་ནི་སྐུ་གནག་པ། ཞལ་གཅིག་པ། ཕྱག་བཞི་པ། གཡས་པ་ན་རྩེ་གསུམ་དང༌། རྡོ་རྗེ་འཛིན་པ། གཡོན་པས་རྡོ་རྗེ་ཕུར་བུ་དང་ཐོད་པ་བསྣམས་པ། ལྕེ་བསྐྱོད་པ། རྐང་བ་མཉམ་པར་གནས་པ། རྀ་རཱྀ་ལྀ་ལཱྀ་ར་ཞེས་བྱ་བ་ཡི་གེ་ལྔ་ཡོངས་སུ་གྱུར་པ་ལས་འོད་ཟེར་ལྔའི་རང་བཞིན་གྱི་ལྕེ་དང་ལྡན་པ་བསམས་ཏེ། དེ་ནས་འོད་ཟེར་གྱི་གཟུགས་ཅན་ཡི་གེ་ལྔ་སྤྲོ་ཞིང༌། བསྒྲུབ་བྱའི་ལུས་ཀྱི་མགོ་བོ་ལ་སོགས་པ་ལ་དགོད་དེ། སྦྲུལ་གྱི་ཁ་དང་འདྲ་བ་ལྕགས་ཀྱུའི་རྣམ་པ་དེས་ཡན་ལག་


DTG029_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐམས་ཅད་ཀྱི་ཚིགས་རྣམས་ཀྱི་ཁྲག་དགུག་ཅིང་ཐོད་པ་དེ་ཉིད་ལ་བཞག་སྟེ། བདག་ཉིད་བཏུང་བར་བྱེད་པར་བསམས་ན་དེའི་ཚེ་གདུག་པའི་ལུས་ཀྱི་ཁྲག་མེད་པར་འགྱུར་རོ་ཞེས་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཟ་བའི་རྣམ་པར་དག་པ་བཤད་པར་བྱ་སྟེ། བཟའ་བ་དང་བཏུང་བ་ལ་སོགས་པ་སྤྲོ་བ་དང་བཅས་པའི་སྤྱོད་པས་འགྲུབ་པ་དང་སྤྲོས་པ་མེད་པའི་སྤྱོད་པའི་སྒོ་ནས་ཅི་སྙེད་པ་དང༌། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པས་ནགས་ཚལ་གྱི་ལྷ་མོ་རྣམས་ཀྱིས་བྱིན་པ་དེ་ཐམས་ཅད་སྦྱང་བ་ལ་སོགས་པའི་རིམ་གྱིས་བདུད་རྩི་རུ་བྱས་ནས་སྤྱད་པར་བྱ་སྟེ་ལས་ཀྱི་རྒྱལ་བ་མཆོག་གོ །དེ་ཉིད་ནང་གི་སྦྱིན་སྲེག་གི་ཆོ་ག་ཡིན་ཏེ། ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་འདི་སྐད་དུ། དཀྱིལ་འཁོར་རྣམས་ནི་བཤད་ཟིན་པས། །སྦྱིན་སྲེག་ལས་ནི་མཉན་པར་གྱིས། །ཕྱི་དང་ནང་གི་དབྱེ་བ་ཡིས། །སྦྱིན་སྲེག་རྣམ་པ་གཉིས་སུ་བཤད། །ཕྱི་རོལ་གྱི་ནི་སྔར་བཤད་ཟིན། །ནང་གི་བདག་ཉིད་ཉན་པར་གྱིས། །པདྨ་བཞི་པོའི་ཁ་སྦྱོར་ནི། །ལུས་ཀྱི་ནང་དུ་རྣམ་པར་གནས། །མེ་ཉིད་དང་ནི་རླུང་ཉིད་དང༌། །དབང་ཆིན་དང་ནི་དེ་ཉིད་ཆུ། །རླུང་གིས་མེ་ནི་སྤར་བ་དང། །ཆུས་ནི་ཡོངས་སུ་སྨིན་པར་བྱེད། །དབང་ཆེན་དཀྱིལ་འཁོར་གནས་སུ་ནི། །གང་དུ་ཁྱབ་བདག་རབ་ཏུ་སྤྱོད། །བཟའ་བ་བཏུང་བ་གང་ཡང་རུང༌། །དེ་ཀུན་དེས་ནི་འཛིན་པར་བྱེད། །ཁ་ཡི་པདྨས་བཟའ་བ་དང༌། །སྙིང་གི་པདྨར་ཞུགས་པར་འགྱུར། །ལྟེ་བའི་པདྨར་གནས་པ་ནི། །ཁ་སྦྱོར་རྣམ་པའི་སྦྱོར་བ་ཡིས། །གསང་བའི་པདྨ་ལས་བྱུང་བའི། །མཐར་ནི་ཐལ་བ་བརྟན་པར་བྱ། །རྟག་ཏུ་ཉིན་རེ་བྱ་བ་ནི། །དེ་ཉིད་བདག་གིས་རབ་ཏུ་བཤད། །ཐམས་ཅད་ཟ་ཞིང་སྤྱོད་བྱེད་ན། །ཚེ་འདི་ཉིད་དུ་འགྲུབ་པར་འགྱུར། །རྒས་པ་མ་ཡིན་སྐྲ་དཀར་མིན། །འཆི་བ་མ་ཡིན་ནད་རྣམས་མིན། །དུས་མིན་འཆི་བ་མ་ཡིན་དང༌། །འཚེ་བ་ཐམས་ཅད་འཇིགས་པར་འགྱུར། །ཞེས་འབྱུང་ངོ༌། །དེ་ནས་ཞེས་བྱ་བ་ལ་སོགས་པས་སྤྲོས་པ་དང་བཅས་པའི་རྣལ་འབྱོར་པས་མཆོད་པ་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་


DTG029_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུགས་ནི་སྔགས་ཀྱི་བྱིན་གྱིས་བརླབས་པའི་མཆོད་པ་དེ་གསུངས་སོ། །མཆོད་པ་ཐམས་ཅད་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་རང་བཞིན་རྣམ་པ་ཐམས་ཅད་ཀྱིས་བརྒྱན་པ་ལས་དང་དམ་ཚིག་གི་ཕྱག་རྒྱ་རྣམས་ཏེ། དེ་དག་བསྡུ་ཞིང་ལྷ་ཁང་སུམ་བརྩེགས་ལ་མཆོད་པའི་སྤྱོད་པ་སྟེ་སྒྲུབ་པའོ། །དེ་ཉིད་ལས་གསུངས་པ། སྦྱིན་སྲེག་ལས་ནི་བཤད་ཟིན་དང༌། །མཆོད་པའི་ལས་ནི་མཉེན་པར་གྱིས། །དྲི་དང་མེ་ཏོག་གོས་དང་ནི། །སྤོས་དང་དྲི་དང་ལྷ་བཤོས་དང༌། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །རང་གི་བདག་ཉིད་མཆོད་པར་བྱ། །བདག་ཉིད་སངས་རྒྱས་ཐམས་ཅད་ཉིད། །དེ་ཡང་སྲས་ཀྱང་ཐམས་ཅད་དེ། །དེ་ཕྱིར་པདྨ་ཐམས་ཅད་ཀྱིས། །རང་གི་བདག་ཉིད་མཆོད་པར་བྱ། །བསྒོམ་པ་ལ་སོགས་རྣལ་འབྱོར་པས། །གང་ཞིག་ལས་ནི་བྱེད་པ་སྟེ། །བཟའ་བ་བཏུང་བ་གོས་རྣམས་དང༌། །དྲི་དང་ཕྲེང་བ་དེ་བཞིན་ནོ། །རིག་པའི་གནས་ཀྱིས་རྣམ་བརྒྱན་པ། །ངོ་བོ་དམ་པ་བསྒོམ་པར་བྱ། །ཞེས་འབྱུང་ངོ༌། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྤྲོས་པ་མེད་པའི་སྤྱོད་པ་དང་ལྡན་པའི་མཆོད་པ་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྤྲོས་པ་མེད་པའི་རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་རང་དང་གཞན་གྱི་འབྲེལ་པ་དང་ལྡན་པའི་མཆོད་པའི་གསང་བ་ནི་བདག་གི་མཆོད་པ་གསུངས་སོ། །མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྨེ་ཤ་ཅན་དང་ཁྲུས་མཁན་དང་གར་མཁན་གྱི་བུ་མོ་རྣམས་འདུ་བྱས་པ་ཇི་སྙེད་པའི་ཟས་ཀྱིས་ཚི་མ་ཞིང་སྦྱོར་བ་ལས་བྱུང་པའི་ཤུ་ཀྲའི་ཐིག་ལེས་མཆོད་པར་བྱ་བ་དང༌། སོགས་པའི་སྒྲས་ནི་བདུད་རྩི་ལྔ་བཏུང་བ་དང༌། གཞན་ནི་སངས་རྒྱས་རྣམས་ཀྱང་དེ་བཞིན་དུ་མཆོད་པར་བྱས་ན་མཆོད་པ་པོ་བྱང་ཆུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་ཏེ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་དང་ལྡན་པའི་མཆོད་པ་བཤད་པ་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་བསམ་གཏན་གྱི་བཟའ་བ་ཅན་གྱི་རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་སྡོམ་པ་ནི་སྐུ་ལ་སོགས་པའི་དམ་ཚིག་སྟེ། སྐུ་ལ་སོགས་པ་ལས་


DTG029_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱུང་ངོ༌། །སེམས་ཅན་གྱི་ཁམས་ནི་མཐའ་ཡས་པའི་ཁམས་གསུམ་གྱི་མ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡེ་ཤེས་ཀྱི་ཕྱག་རྒྱའི་རང་བཞིན་གྱི་ལྷ་མོ་དེ་ཉིད་དམ་ཚིག་འཛིན་པ་སྟེ། བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་སྟེར་བ་ཕྱི་རོལ་གྱི་ཟས་ལ་མ་ལྟོས་པའི་རྣལ་འབྱོར་པས་རྡོ་རྗེ་གསུམ་གྱི་དམ་ཚིག་ནི་སྐུ་གསུམ་གྱི་སྤྱད་པར་བྱ་བ་བསྟེན་པར་བྱ་བ་དེ་ནི་དམ་ཚིག་སྟེ། མཆོད་པའི་རིམ་པའི་རྨད་བྱུང་ཆེ་སྟེ། ངོ་མཚར་དུ་གྱུར་ཅིང་དངོས་གྲུབ་སྟེར་བ་ཡིན་ཞེས་སྒྲུབ་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པའི་མཆོད་པའི་རིམ་པ་བཤད་པར་བྱ་སྟེ། ལུས་ལ་སོགས་པའི་ལོངས་སྤྱོད་ནི་ཡུལ་དང་དབང་པོ་བསྡུས་པ་ལས་བྱུང་བ་སེམས་ཀྱི་དགའ་བ་གང་ཡིན་པ་དེ་དག་གསང་བ་གསུམ་གནས་ནི་དེ་བཞིན་གཤེགས་པ་ལྔ་གཅིག་ཏུ་བྱས་པ་ལས་འབྱུང་བ་བསམ་པར་བྱའོ། །བདག་རྣལ་འབྱོར་པ་བཟང་པོ་སྟེ་ཡུལ་དང་དབང་པོ་ཉེ་བར་སྤྱོད་པའི་སྒོ་ནས་རྡོ་རྗེ་འཆང་ཉིད་བསྒྲུབ་པར་བྱ་བ་ནི་ཐོབ་པར་བྱའོ་ཞེས་སེམས་ལ་བཞག་ཅིང་གང་གི་ཚེ་སྤྱོད་ན་དེའི་ཚེ་འཇིག་པ་ནི་ཐ་མལ་པའི་རྣམ་པར་རྟོག་པ་ཟད་པར་འགྱུར་རོ་ཞེས་རྣལ་འབྱོར་རོ། །རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་ཚིམ་པའི་ཆོ་ག་བཤད་པར་བྱ་སྟེ། སྤྱི་བོ་ནས་མཐོ་གང་ཙམ་གྱི་སྟེང་དུ་ཆ་བཅུ་དྲུག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡི་གེ་ཨོཾ་བཀོད་ཅིང་ཕུང་པོ་ལྔ་ལ་བདུད་རྩི་ཕབ་ན་དེའི་ཚེ་གཟི་བརྗིད་དང་ཁ་དོག་དང་ལུས་ལ་སོགས་པའི་བདེ་བ་དང་ལྡན་པར་གྱུར་ཏེ། ལས་ཀྱི་རྒྱལ་བ་མཆོག་གོ །ཡང་ན་རིག་མའི་པདྨའི་ནང་དུ་ལྟེ་བ་ནས་བརྩམས་ཏེ། མཐོ་གང་ཙམ་གྱིས་སྤགས་ཏེ་ལྟེ་བ་གང་ཡིན་པ་དེའི་སྤྱི་བོར་ནི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བྱང་ཆུབ་ཀྱི་སེམས་བརྟག་པ་ནི་གནས་སོ། །ཟླ་བའི་དཀྱིལ་འཁོར་དེ་ཨོཾ་གྱི་ངོ་བོར་མོས་ཏེ། རྩ་ལྔ་དབབ་པ་ནི་གཞིབ་པར་བྱའོ། །དེ་ལྟར་ན་གཟི་བརྗིད་ཅེས་བྱ་བ་ལ་སོགས་པ་ནི་ས་ལ་སོགས་པ་སྔ་མ་བཞིན་ཏེ་སྒྲུབ་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པ་བཤད་པར་བྱ་སྟེ། སྔགས་འཛིན་པ་ཐམས་ཅད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པའི་ལུས་ལ་སོགས་པའི་གསང་བ་ནི་ལུས་ལ་སོགས་པའི་


DTG029_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྱོད་པ་དེ་གསུངས་སོ། །མཆོད་རྟེན་གྱི་ལས་ནི་ས་ལ་སོགས་པ་ལས་བྱས་པའི་སཱཙྪ་སྟེ། དེ་མི་བྱ་སྟེ་བདག་བྱིན་གྱིས་བརླབ་པའི་རིམ་གྱིས་དཀྱིལ་འཁོར་ཡང་དང་ཡང་སྤྲོ་ཞིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྐད་ཅིག་མ་གཅིག་གིས་བྱས་པའི་ཕྱིར་རོ། །འབའ་ཞིག་ཏུ་ངག་ངལ་བར་བྱེད་པ་གླེགས་བམ་བཀླག་པར་མི་བྱ་སྟེ། མ་ནིང་གི་བཟླས་པ་ཉིད་ཀྱིས་སྔགས་ཀྱི་དབྱེ་བ་བདུན་ཁྲི་ཉིས་སྟོང་གི་དེ་ཁོ་ན་ཉིད་རྟོགས་པས་སོ། །བ་བྱུང་ལ་སོགས་པས་ཀྱང་དཀྱིལ་འཁོར་མི་བྱ་སྟེ། དཀྱིལ་འཁོར་བཞི་གནས་པ་དེ་བཞིན་གཤེགས་པ་ཀུན་གྱིས་བྱིན་གྱིས་བརླབ་པའི་ཕྱིར་རོ། །རྡོ་རྗེ་གསུམ་ལ་ཕྱག་མི་བྱ་ནི་སེམས་རྣམ་པར་དག་པའི་རིམ་པས་མར་ལ་མར་བཞུགས་པ་བཞིན་དུ་རྡོ་རྗེ་འཆང་གི་དེའི་བཀའ་ཉིད་ལ་ཞུགས་པའི་ཕྱོགས་ཡོད་པའི་ཕྱིར་རོ། །སེམས་ཅན་གྱི་དོན་དུ་དེ་བྱེད་ན་སྐྱོན་མེད་པ་དང་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་གནང་ངོ་ཞེས་ཁྱད་པར་རོ། །དེ་ནི་བདག་བྱིན་གྱིས་བརླབ་པ་དང༌། སེམས་རྣམ་པར་དག་པ་དང༌། རྡོ་རྗེའི་བཟླས་པའི་རིམ་པ་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དུག་ཐམས་ཅད་ནི་བརྟན་པ་དང་གཡོ་བའི་དུག་རྣམས་ཏེ། དེ་རྣམས་འབྱིན་པ་དང་སེལ་བ་དང་གནོན་པ་ནི་དེ་ཉིད་དུ་བཞག་པ་དང༌། འདྲེན་པ་ནི་གནས་གཞན་ལས་གཞན་དུ་སྤོ་བ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །བསྒྲུབ་བྱའི་སྙིང་གའི་དབུས་སུ་འཁོར་ལོ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དགོད་པ་འོད་ཟེར་དཀར་པོ་འབར་བའི་ཕྲེང་བ་ཅན་ཡི་གེ་ཧཱུཾ་བསམས་ཏེ། དེ་གྱེན་དུ་འདྲེན་པའི་ཚེ་དུག་དགུག་པ་ནི་བསྒོམས་ན་ནད་པ་དེ་དུག་སྐྱུག་པར་འགྱུར་རོ། །དེ་བཞིན་དུ་རྐང་གི་བུ་གར་དབང་ཆེན་གྱི་དཀྱིལ་འཁོར་རྡོ་རྗེ་ར་བས་བསྐོར་ཞིང་འོད་ཟེར་སེར་པོས་འཁྲིགས་པ་ནི་ཁྱབ་པར་བསམས་ན་དེའི་ཚེ་དུག་རེངས་པར་འགྱུར་ཏེ། དེ་བཞིན་དུ་ལེའུ་བཅོ་ལྔ་པ་ལས་གསུངས་པའི་རིམ་གྱིས་དུ་བ་དང་འདྲ་བའི་འོད་ཟེར་གྱིས་དུག་བཀུག་ལ་གདུག་པའི་ལུས་ལ་ཞུགས་པར་བྱའོ། །ཡི་གེ་ཨཱཿ་ཡང་སྙིང་གར་དགོད་པར་བྱ་སྟེ། སེར་པོ་ལྟ་བུ་ནི་སེར་ནག་བསྒོམ་པར་བྱ་སྟེ། དུག་སྤོང་བའོ། །དེ་ཉིད་བཤད་པར་བྱ་སྟེ། རྡོར་གསུམ་འོད་ཟེར་དམ་ཚིག་གིས། །ཞེས་བྱ་བ་ལ་


DTG029_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པ་ལ། ཁ་དོག་གསུམ་དང་ཡི་གེ་གསུམ་གྱིས་གསང་བ་ནི་དུག་སེལ་བ་ལ་སོགས་པ་འབྱུང་བ་ཤེས་པར་བྱ་སྟེ་བསྐྱེད་པའི་རིམ་པའོ། །ད་ནི་བསྲུང་བའི་འཁོར་ལོ་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ལུས་ངག་སེམས་ནི་བསྒྲུབ་བྱ་རྣམས་ཀྱི་ལུས་ལ་སོགས་པ་བསྲུང་བར་བྱ་བའི་ཕྱིར་འཁོར་ལོའི་ནང་དུ་བྲིས་པའི་སྔགས་གསུངས་པ་སྟེ། ཨོཾ་ཧུ་ལུ་ཧུ་ལུ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་འདི་ཉིད་སྣ་ཚོགས་རྡོ་རྗེའི་ནང་དུ་གུར་གུམ་དང་གི་ཝང་གིས་བྲིས་པའི་རྩིབས་བརྒྱད་པའི་འཁོར་ལོ་བཀྲ་ཤིས་པའི་ཞག་ལ་ཡི་གེ་ཧྲི་དགོད་ཅིང༌། ཧུ་ལུ་ཧུ་ལུ་ལ་སོགས་པའི་སྔགས་ཀྱི་ཡི་གེ་རྣམས་ཀྱིས་བསྐོར་ཏེ། ཟ་མ་ཏོག་ལ་སོགས་པར་བཞག་ཅིང་མཆོད་དེ་བསྒྲུབ་བྱའི་དཔུང་པ་ལ་བཅིང་བར་བྱའོ། །འདི་ནི་སྔགས་ཐམས་ཅད་ཀྱི་བསྒྲུབ་བྱ་རྣམས་ཏེ། དེ་དག་གི་གསང་བ་གསུམ་ནི་ལུས་ཏེ། དེའི་སྐྱོན་སེལ་བས་ཞི་བ་ལ་སོགས་པ་བསྡུས་པའི་ཕྱིར་བསྡུས་པ་ཡིན་ནོ། །འདིར་ནི་དགོངས་པ་འདི་ཡིན་ཏེ། རྩིབས་བཅུ་གཉིས་པའི་སྣ་ཚོགས་པའི་རྡོ་རྗེའི་ལྟེ་བའི་དབུས་སུ་རྩིབས་བརྒྱད་པའི་འཁོར་ལོ་བྲིས་ཏེ། འཁོར་ལོ་དབུས་མའི་རྩིབས་ལ་ཡི་གེ་ཧཾ་དགོད་ཅིང་དེའི་རྗེས་ལ་ཛིན་ཛི་ཀ་ཅེས་བྱ་བའི་སྔགས་ཀྱིས་བསྒྲུབ་བྱའི་མིང་བྲིས་ལ་འཁོར་ལོའི་ཤར་ལ་སོགས་པའི་རྩིབས་རྣམས་ལ་མི་བསྐྱོད་པ་ལ་སོགས་པའི་སྔགས་རྣམས་དགོད་ཅིང༌། གྲྭ་རྣམས་ལ་ལྷ་མོ་སྤྱན་ལ་སོགས་པའི་སྔགས་རྣམས་དགོད་དེ། ཤར་ལ་སོགས་པའི་རྩིབས་ཀྱི་གནས་རྣམས་ལ་ཅུང་ཟད་རྒྱབ་ཏུ་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཞི་པོའི་ཕྱུང་བའི་སྔགས་རྣམས་དགོད་ཅིང༌། ཕྱི་རོལ་དུ་ཧུ་ལུ་ཧུ་ལུ་ལ་སོགས་པས་བསྐོར་བར་བྱའོ། །ལ་ལ་ན་རེ་དབུས་སུ་བསྒྲུབ་བྱའི་མིང་དང་སྤེལ་བའི་ཡི་གེ་ཧཾ་དང༌། རྩིབས་རྣམས་ལ་ཧུ་ལུ་ཧུ་ལུ་ལ་སོགས་པ་བྲི་བར་བྱའོ་ཞེས་ཟེར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་མིག་སྨན་གྱི་ཆོ་ག་བཤད་པར་བྱ་སྟེ། ལམ་གྱི་བཞི་མདོ་ཞེས་བྱ་བ་ལ་སོགས་པའི་གནས་རྣམས་རབ་ཏུ་གྲགས་པའོ། །ཚིལ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། པདྨ་དང་ཨརྒའི་སྐུད་པ་བུ་མོས་བཀལ་བའི་སྡོང་བུ་བྱས་ལ། དེ་ཉིད་བདུད་རྩི་ལྔས་གཤེར་ཞིང་མར་


DTG029_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངོའི་ཚེས་བརྒྱད་པའམ་བཅུ་བཞི་པ་ལ་གཤིན་རྗེ་གཤེད་ལ་སོགས་པ་ལས་གང་ཡང་རུང་བའི་ཁྲོ་བོའི་སྐུ་འཛིན་ཅིང་ཚིལ་ཆེན་པོའི་མེས་སྤར་ཞིང་ཁྲོ་བོའི་སྔགས་ཀྱིས་ཐོད་པར་བརྒྱ་རྩ་བརྒྱད་དུ་བཟླས་ཏེ། གཅེར་བུ་དང་སྐྲ་དཀྲོལ་བས་ཕྱོགས་བཅིང་ཞིང་རྒུན་ཆང་གིས་ར་རོ་བའི་རྣལ་འབྱོར་པས་ཐོད་པའི་སྒྱེད་པུ་གསུམ་ལ་མིག་སྨན་དེ་འབབ་པར་བྱའོ། །དེ་ནས་དེ་བླངས་ཏེ་དྲོད་འབབ་པ་དང༌། དུ་བ་འབྱུང་བ་དང་འབབ་པར་གྱུར་པ་སྟེ། མཚན་མ་མཚོན་པར་བྱའོ། །དེའི་འོག་ཏུ་ཟ་མ་ཏོག་ལ་སོགས་པའི་ནང་དུ་ཁྲོ་བོའི་སྔགས་ཀྱིས་མཆོད་ཅིང་བླངས་ཏེ། མིག་གཉིས་ལ་བསྐུས་ནས་དངོས་གྲུབ་རྣམ་པ་གསུམ་ནི་མཁའ་ལ་སྤྱོད་པའི་དངོས་གྲུབ་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་དང༌། ས་སྤྱོད་ཀྱི་དངོས་གྲུབ་ནི་དབང་དང་དགུག་པ་ལ་སོགས་པ་དང༌། ས་འོག་ན་སྤྱོད་པ་ལ་སོགས་པའི་དངོས་གྲུབ་ནི་ས་འོག་ཏུ་ཞུགས་པས་ལྷ་མ་ཡིན་གྱི་བུ་མོ་ལ་སོགས་པ་ཉེ་བར་སྤྱོད་པ་སྟེ། དེ་རྣམས་འགྲུབ་པར་འགྱུར་རོ། །ཀུན་དུ་བཟང་པོ་ནི་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་སྩོལ་བའི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་གསུངས་སོ་ཞེས་པ་དང་སྦྱར་ཏེ་བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དཔལ་གསང་བ་འདུས་བའི་རྒྱུད་ལ་ཞུགས་པའི་བྱིན་གྱིས་བརླབས་པ་སངས་རྒྱས་རྣམས་ཀྱིས་ཞུས་པ་སྟེ། ཀྱེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་གསང་བའི་ཡི་གེ་དུ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་བྱིན་གྱིས་བརླབ་པར་འགྱུར། གང་གིས་དཔལ་གསང་བ་འདུས་པ་འདི་ལ་དད་པ་ནི་དད་པ་སྔོན་དུ་འགྲོ་བ་ཐོས་པ་དང་བསམ་པ་དེ་བཞིན་དུ་སྒོམ་པ་ནི་མངོན་དུ་བྱེད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། གསང་བའི་ཡི་གེ་གསུམ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབ་པའོ། །དེ་རྣམས་ཀྱིས་གསོལ་པ། གསུམ་པོ་གང་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་སོ་སོར་ནི་དགོངས་པ་འདི་ཡིན་ཏེ། ཐོས་པའི་དུས་


DTG029_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་རྣམ་པར་སྣང་མཛད་དང༌། བསམ་པའི་དུས་སུ་སྣང་བ་མཐའ་ཡས་དང༌། བསྒོམ་པའི་དུས་སུ་མི་བསྐྱོད་པ་དང༌། ཇི་སྲིད་བསྒོམ་པ་རྫོགས་པའི་དུས་སུ་རྣལ་འབྱོར་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ་ཞེས་སྟོན་ཏེ་བསྐྱེད་པའི་རིམ་པའོ། །ཡང་ན་རྡོ་རྗེའི་བཟླས་པའི་སྒོམ་པས་གསུང་རྡོ་རྗེ་དང་སེམས་རྣམ་པར་དག་པ་དང༌། མངོན་པར་བྱང་ཆུབ་པའི་སྒོམ་པས་ཐུགས་རྡོ་རྗེ་དང༌། བདག་ལ་བྱིན་གྱིས་བརླབ་པ་དང༌། ཟུང་འཇུག་སྒོམ་པས་སྐུ་རྡོ་རྗེ་བྱིན་གྱིས་བརླབ་པར་འགྱུར་ཏེ། རྡོ་རྗེ་བཟླས་པ་སེམས་རྣམ་པར་དག་པ་དང༌། མངོན་པར་བྱང་ཆུབ་པ་དང༌། བདག་ལ་བྱིན་གྱིས་བརླབ་པ་དང༌། ཟུང་འཇུག་གི་རིམ་པ་རྣམས་སོ། །ཡང་ན་རང་བཞིན་དང་རྒྱུའི་སྒོམ་པས་སྐུ་རྡོ་རྗེ་དང༌། ལམ་སྒོམ་པས་གསུང་རྡོ་རྗེ་དང༌། འབྲས་བུ་སྒོམ་པས་ཐུགས་རྡོ་རྗེས་བརླབ་པར་འགྱུར་རོ། །སོ་སོར་སྡུད་པ་དང་བསམ་གཏན་དང་འཛིན་པའི་སྒོམ་པས་ཐུགས་རྡོ་རྗེ་དང༌། སྲོག་དང་རྩོལ་བའི་སྒོམ་པས་གསུང་རྡོ་རྗེ་དང༌། ཏིང་ངེ་འཛིན་དང་རྗེས་སུ་དྲན་པའི་སྒོམ་པས་སྐུ་རྡོ་རྗེ་བྱིན་གྱིས་བརླབ་པར་འགྱུར་རོ། །ཕྲ་མོ་རྣལ་འབྱོར་གྱི་ཐིག་ལེ་སྒོམ་པས་ཐུགས་རྡོ་རྗེ་དང༌། དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་གི་སྒོམ་པས་སྐུ་རྡོ་རྗེ་དང༌། ལས་རྒྱལ་བ་མཆོག་གི་སྒོམ་པས་གསུང་རྡོ་རྗེ་བྱིན་གྱིས་བརླབ་པར་འགྱུར་ཏེ་ཚིག་གི་དོན་བཅུ་དྲུག་གོ །དེ་ནས་ཞེས་བྱ་ལ་སོགས་པས་དང་པའི་དབང་གིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཅད་མི་གསུང་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྒྱུད་ཀྱི་བདག་ཉིད་ཆེ་བ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དེ་རྣམས་དགུག་ཅིང་རྡོ་རྗེ་འཆང་གིས་བཀའ་སྩལ་པ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་བཅོམ་ལྡན་འདས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འཁོར་བའི་འཁོར་ལོ་ལ་ཐོག་མ་མེད་པའི་ཕྱིར་བསྐལ་པ་ནི་བསྐལ་བ་བཟང་པོ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་དང་མཉམ་པ་


DTG029_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བས་བསྐལ་པ་དེ་རྣམས་ཀྱི་གྲངས་མེད་པ་བསྟན་པ་ཡིན་ནོ། །བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལ་ཐིག་ལེ་བཅུ་དྲུག་ནི་བསྐལ་པ་གྲངས་མེད་པའོ་ཞེས་ཆོས་འདོན་པ་རྣམས་ཟེར་རོ། །ལ་ལ་ན་རེ་རྒས་པ་དང་འཆི་བ་མེད་པའི་སྐྱེས་བུས་མི་ཟད་པའི་གོས་ཀྱིས་རི་རབ་ཀྱི་རྒྱལ་པོ་འདར་བ་སྟེ། དེ་ཉིད་དུ་ཇི་ཙམ་གྱིས་ཟད་པར་གྱུར་པ་ནི་བསྐལ་པ་ཡིན་ནོ་ཞེས་ཟེར་རོ། །དེ་དང་འདྲ་བའི་སྐྱེས་བུས་རྒྱ་མཚོའི་འགྲམ་དུ་འདུག་ལ་ཁབ་ཀྱི་རྩེ་མོས་ཆུའི་ཐིག་ལེ་རེ་རེ་འགྲམ་དུ་གཏོར་བ་དེ་ནི་དུས་ཇི་སྲིད་ཀྱིས་ཟད་པར་གྱུར་པ་དེ་ནི་བསྐལ་པ་ཡིན་ཏེ་མདོ་སྡེ་པ་རྣམས་སོ། །སེ་གོལ་གཏོགས་པ་ནི་སྐད་ཅིག་མའོ། །སྐད་ཅིག་མ་དྲུག་ནི་ཐད་ཅིག་གོ །ཐང་ཅིག་དྲུག་ནི་ཡུད་ཙམ་མོ། །ཡུད་ཙམ་དྲུག་ནི་མིག་བཙུམས་པའོ། །མིག་བཙུམས་པ་དྲུག་ནི་ཐལ་མོ་སྦྱར་བའོ། །ཐལ་མོ་སྦྱར་བ་དྲུག་ནི་དབུགས་སོ། །དབུགས་དྲུག་ནི་ཆའོ། །ཆ་དྲུག་ཅུ་ནི་ཚ་ཤ་ཀའོ། །ཚ་ཤ་ཀ་དྲུག་ཅུ་ནི་ཆུ་ཚོད་དོ། །ཆུ་ཚོད་དྲུག་ཅུ་ནི་ཉིན་མོ་དང་མཚན་མོའོ། །དེ་རྣམས་སུམ་ཅུ་ནི་ཟླ་བ་གཅིག །དེ་རྣམས་བཅུ་གཉིས་ནི་མིའི་ལོ་གཅིག་སྟེ། དེ་ཉིད་རྒྱལ་པོ་ཆེན་པོ་བཞིའི་ཞག་གཅིག་ཡིན་ནོ། །དེའི་གྲངས་ཀྱི་ལོ་གཅིག་ནི་སུམ་ཅུ་རྩ་གསུམ་པའི་ཞག་གཅིག་གོ །དེའི་ལོ་གཅིག་ནི་འཐབ་བྲལ་བ་རྣམས་ཀྱི་ཞག་གཅིག་གོ །དེའི་ལོ་གཅིག་ནི་དགའ་ལྡན་པ་རྣམས་ཀྱི་ཞག་གཅིག་གོ །དེའི་ལོ་གཅིག་ལ་འཕྲུལ་དགའ་པ་རྣམས་ཀྱི་ཞག་གཅིག་གོ །དེའི་ལོ་གཅིག་ནི་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ཞག་གཅིག་གོ །དེའི་གྲངས་ཀྱི་ལོ་གཅིག་ནི་གཟུགས་ཀྱི་ཁམས་ཀྱི་ཞག་གཅིག་གོ །དེའི་གྲངས་ཀྱི་ལོ་གཅིག་ནི་གཟུགས་མེད་པའི་ཁམས་ཀྱི་ཞག་གཅིག་གོ །དེའི་ལོ་གཅིག་ནི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞག་གཅིག་གོ །དེའི་གྲངས་ཀྱི་ལོ་འབུམ་ཕྲག་ཉི་ཤུ་ནི་རྫོགས་ལྡན་ནོ། །ལོ་འབུམ་ཕྲག་བཅོ་ལྔ་ནི་སུམ་ལྡན་ནོ། །འབུམ་ཕྲག་བཅུ་ནི་གཉིས་ལྡན་ནོ། །འབུམ་ཕྲག་ལྔ་ནི་རྩོད་ལྡན་ནོ། །དེ་རྣམས་ཉིད་བསྐལ་བ་བཞི་ཡིན་ཏེ། དེ་ལྟ་བུའི་ཚད་དང་ལྡན་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་རབ་ཏུ་ཕྲ་བ་དང་མཉམ་པའི་བསྐལ་བ་རྣམས་ཟད་པར་འགྱུར་ཏེ། ཇི་སྲིད་བསྐལ་


DTG029_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་རེ་རེ་བཅོམ་ལྡན་འདས་མངོན་པར་རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་སྟོན་པ་དང་འགྲོ་བའི་དོན་མཛད་ནས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དེ་རྣམས་ཀྱི་གྲངས་ལྡན་པར་མི་འགྱུར་རོ། །དེ་ནས་དུས་ཕྱི་མའི་ལྔ་བརྒྱའི་བསྐལ་པ་དང་པོ་ལ་དེ་བཞིན་གཤེགས་པ་མར་མེ་མཛད་བྱུང་བ་སྟེ། བཅོམ་ལྡན་འདས་དེ་ཉིད་ཀྱི་སེམས་ཅན་ས་ཡ་ཕྲག་བཅུ་མངོན་པར་བྱང་ཆུབ་པ་ཐོབ་པར་མཛད་ཅིང་ཡོངས་སུ་མྱ་ངན་ལས་འདས་པའོ། །དེའི་རྗེས་ལ་རྣམ་པར་གཟིགས་ཞེས་བྱ་བའི་སངས་རྒྱས་དེ་གཽ་ཏ་མའི་རིགས་ཏེ་རྒྱལ་རིགས་སོ། །དེའི་གྲོང་ཁྱེར་ནི་སྐྱ་རེངས་ལྡན་མ་དང༌། ཡབ་ནི་སྐྱ་རེངས་ཅན་དང༌། ཡུམ་ནི་འོད་ལྡན་མ་དང༌། ཞབས་འབྲིང་བ་མྱ་ངན་མེད་པའོ། །བཅོམ་ལྡན་འདས་དེ་ཀུན་དུ་སྡོང་བུ་ཅན་ཞེས་བྱ་བའི་སཱ་ལའི་ཤིང་གི་རྒྱལ་པོའི་དྲུང་དུ་སངས་རྒྱས་སོ། དེ་ལ་ཚོགས་པ་བཞི་ཡོད་པ་སྟེ། དང་པོ་དྲུག་ཁྲི་མངོན་པར་སངས་རྒྱས་པ་དང༌། གཉིས་པ་ལ་བདུན་ཁྲི་དང༌། གསུམ་པ་ལ་བརྒྱད་ཁྲི་དང༌། བཞི་པ་ལ་འབུམ་དང་ཁྲི་མངོན་པར་སངས་རྒྱས་སོ། །བསྡུས་ན་འབུམ་ཕྲག་གསུམ་དང་ཉི་ཁྲིའོ། །དེའི་འོག་ཏུ་བསྐལ་པ་སུམ་ཅུ་པ་ལ་དེ་རྣམས་དང་ལྷན་ཅིག་ཡོངས་སུ་མྱ་ངན་ལས་འདས་སོ། །དུས་དེ་ལ་མིའི་ཚེ་ཚད་ནི་བརྒྱད་ཁྲིའོ། །ལོ་མའི་པཉྩི་ཀ་དེ་རྣམས་ཀྱི་བགོ་བ་ཡིན་ནོ། །དེའི་འོག་ཏུ་གཙུག་ཏོར་ཅན་ཞེས་བྱ་བ་སངས་རྒྱས་ཏེ། གཽ་ཏ་མའི་རིགས་ཏེ་རྒྱལ་རིགས་སོ། །དེའི་གྲོང་ཁྱེར་ནི་གཉེན་ཅན་དང༌། ཡབ་ནི་གཉེན་ལྡན་དང་ཡུམ་ནི་ནོར་གྱི་བློ་གྲོས་མ་དང༌། ཞབས་འབྲིང་བ་ནི་བདེ་བྱེད་དེ། པ་ཏ་ལའི་ཤིང་གི་དྲུང་དུ་མངོན་པར་སངས་རྒྱས་སོ། །སྔ་མ་བཞིན་དུ་འབུམ་ཕྲག་གསུམ་དང་ཁྲི་མངོན་པར་སངས་རྒྱས་པར་མཛད་དོ། །མིའི་ཚེའི་ཚད་ནི་དེ་བཞིན་ནོ། །དེའི་འོག་ཏུ་དུས་འདས་པ་ལ་གཙུག་ཏོར་ཅན་དེ་ཆགས་པ་དང་བྲལ་བ་རྣམས་དང་ལྷན་ཅིག་ཏུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེའི་འོག་ཏུ་ཐམས་ཅད་སྐྱོབ་ཅེས་བྱ་བའི་སངས་རྒྱས་དེ་གཽ་ཏ་མའི་རིགས་ཏེ་རྒྱལ་རིགས་སོ། །དེའི་ཡབ་ནི་ལེགས་པར་རྟོགས་པ་ཞེས་བྱ། ཡུམ་ནི་གྲགས་ཅན་མ་དང༌། གྲོང་ཁྱེར་ནི་སྐྱ་


DTG029_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རེངས་ཅན་དང༌། ཞབས་འབྲིང་བ་ནི་ཞི་བ་ཞེས་བྱ་སྟེ། པུཎྜ་རཱི་ཀིའི་ཤིང་གི་དྲུང་དུ་མངོན་པར་སངས་རྒྱས་སོ། །དེ་ལ་ཚོགས་པ་སྟོང་ཕྲག་དྲུག་ཅུ་རྩ་གཅིག་མངོན་པར་སངས་རྒྱས་སོ། །དེའི་ཚེའི་ཚད་ནི་དྲུག་ཁྲིའོ། །དེ་དང་བཅས་ཏེ་དུས་གཅིག་ཏུ་མྱ་ངན་ལས་འདས་སོ། །དེ་ནས་ལོག་པར་དད་སེལ་ཞེས་བྱ་བའི་སངས་རྒྱས་བྱུང་བ་དེ་ནི་བྲམ་ཟེའི་རིགས་ཏེ། དེའི་ཡབ་ནི་མེ་བཞིན་ཞེས་བྱ་བ་དང༌། ཡུམ་ནི་དཀར་མོ་ཞེས་བྱ་བ་དང༌། དེའི་གྲོང་ཁྱེར་བདེ་བྱེད་ཅེས་བྱ་བ་དང༌། ཞབས་འབྲིང་བ་ནི་ཐིགས་པའི་རོས་འཚོ་བ་སྟེ། ཤི་རི་ཤའི་ཤིང་གི་དྲུང་དུ་མངོན་པར་སངས་རྒྱས་སོ། །དེའི་ཚོགས་པ་དགེ་སློང་བརྒྱད་ཁྲི་མངོན་པར་སངས་རྒྱས་སོ། །དེ་ནས་གསེར་ཐུབ་ཅེས་བྱ་བ་སངས་རྒྱས་ཏེ། གཽ་ཏ་མའི་རིགས་ཏེ་རྒྱལ་རིགས་སོ། །དེའི་ཡབ་མཆོད་སྦྱིན་དང༌། ཡུམ་ནི་བླ་མ་དང༌། ཞབས་འབྲིང་བ་ནི་ཡིད་གཉིས་བྲལ་བ་སྟེ། ཨུ་དུ་མྺཱ་རའི་ཤིང་གི་དྲུང་དུ་མངོན་པར་སངས་རྒྱས་སོ། །གཅིག་ཏུ་ཚོགས་པས་ཉན་ཐོས་པ་བཞི་ཁྲི་མངོན་པར་སངས་རྒྱས་སོ། །མི་རྣམས་ཀྱི་ཚེའི་ཚད་ནི་ལོ་བཞི་ཁྲི་སྟེ། དེ་རྣམས་དང་ལྷན་ཅིག་ཏུ་མྱ་ངན་ལས་འདས་སོ། །དེ་ནས་འོད་སྲུངས་ཞེས་བྱ་བའི་སངས་རྒྱས་ཏེ། ཀ་ཤྱ་པའི་རིགས་ཏེ་བྲམ་ཟེའི་རིགས་སོ། །དེའི་གྲོང་ཁྱེར་ནི་ཝཱ་རཱ་ཎ་སཱི་དང༌། ཡབ་ནི་ཚངས་པའི་གྲགས་པ་དང༌། ཡུམ་ནི་ནོར་རྒྱལ་མ། ཞབས་འབྲིང་བ་ནི་ཀུན་གྱི་བཤེས་གཉེན་ཏེ། ཤིང་ནྱ་གྲོ་དྷའི་དྲུང་དུ་མངོན་པར་སངས་རྒྱས་སོ། །གཅིག་ཏུ་ཚོགས་པས་ཉན་ཐོས་པ་ཉི་ཁྲི་ཡང་དག་པར་སངས་རྒྱས་སོ། །སངས་རྒྱས་དེ་ནི་དེ་རྣམས་དང་ལྷན་ཅིག་ཏུ་འདས་པའི་དུས་ལ་ཡོངས་སུ་མྱ་ངན་ལས་འདས་སོ། །ཕྱི་མའི་དུས་ཀྱི་ཕྱི་མའི་ཚེ་ལོ་ལྔ་བརྒྱ་ལ་ཁྱུད་མོ་ལྕགས་རི་ནས་ཁྱུད་མོ་ལྕགས་རིའི་བར་དུ་རྫུ་འཕྲུལ་དང་དམ་པའི་ཆོས་ནུབ་པས་བསྐལ་པ་དུ་མའི་བར་དུ་སངས་རྒྱས་མེད་པར་འགྱུར་རོ། །དེའི་ཚེ་བསྐལ་པ་བཟང་པོ་འདི་ལ་ཤཱཀྱ་ཐུབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བྱུང་ངོ༌། །རྒྱལ་རིགས་དང༌། དེའི་གྲོང་ཁྱེར་ནི་སེར་སྐྱ་ཞེས་བྱ་བ་དང༌། ཡབ་ནི་ཟས་གཙང་དང༌། ཡུམ་ནི་སྒྱུ་མ་ཆེན་མོ་དང༌། ཞབས་འབྲིང་བ་ནི་ཀུན་དགའ་བོ་སྟེ། ཤིང་ཨ་ཤྭྡྠའི་དྲུང་དུ་དགེ་སློང་སྟོང་སུམ་བརྒྱ་ལྔ་བཅུ་དང་ལྷན་ཅིག་


DTG029_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་དུས་སུ་མིའི་ཚེའི་ཚད་ནི་ལོ་བརྒྱ་འཕེལ་འགྲིབ་བམ་ཅུང་ཟད་ཀྱང་མ་ཡིན་ནོ། །དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ཏེ། དེའི་འོག་ཏུ་བྱམས་པ་འཚང་རྒྱ་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྣམས་སངས་རྒྱས་ཏེ་མྱ་ངན་ལས་འདས་སོ། །གང་ཞིག་འོད་སྲུངས་ཞེས་བྱ་བ་དྲུག་པ་བསྐལ་པ་འདི་ལས་སྔོན་དུ་མངོན་པར་སངས་རྒྱས་ཏེ། དེའི་དུས་སུ་ཡང་དཔལ་གསང་པ་འདུས་པའི་རྒྱུད་འདི་མ་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་དུས་དེ་ལ་སེམས་ཅན་རྣམས་སྤྱིན་པ་དང་ཚུལ་ཁྲིམས་པ་ལ་སོགས་པ་ལ་རྩོལ་པ་དང་ལྡན་པའི་ཕྱིར་ཆགས་པ་དང་བྲལ་པའི་ལམ་ལ་བརྟེན་ནས། མགོ་བོ་ལ་སོགས་པ་སྦྱིན་པ་ལ་ཆགས་པ་སྟེ། ཕ་རོལ་དུ་ཕྱིན་པའི་ལམ་ལ་བརྟེན་ནས་འཇུག་པས་དཔལ་གསང་བ་འདུས་པའི་མན་ངག་སྒོམ་པའི་སྣོད་མ་ཡིན་པ་སྟེ། རིགས་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བསྐལ་པ་གྲངས་མེད་པ་གསུམ་གྱིས་དེ་རྣམས་ཀྱིས་བྱང་ཆུབ་ཐོབ་པར་གྱུར་པ་སྟེ། དེའི་ཕྱིར་དུས་དེ་ལ་གསང་པ་འདུས་པའི་རྒྱུད་འདི་མ་བསྟན་ཏོ། །ཇི་སྐད་དུ། དགེ་སློང་དངོས་པོར་གང་གནས་དང༌། རྟོག་གེལ་དགའི་མི་གང་རྣམས། རྒས་པའི་དངོས་པོར་གང་གནས་ཏེ། དེ་ལ་དེ་ཉིད་བརྟེན་མི་བྱ། །ཞེས་བྱ་བ་དང༌། ཉན་ཐོས་མང་དུ་ཞག་བདུན་གནས། ཞེས་བྱ་བ་ལ་སོགས་པ་རྩ་པའི་ལྷུང་པའི་རྒྱུར་གསུངས་པ་སྟེ། དེའི་དུས་སྔགས་ཀྱི་ཚུལ་བསྟན་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་ནི་བོད་པའི་ཚིག་གོ །རྩོད་ལྡན་གྱི་དུས་འདི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་འཁྲུགས་པས་སེམས་ཀྱི་རྒྱུད་ཡིན་ནའང་འོན་ཀྱང་རྣ་བར་ཞུགས་པའི་ཆུ་ཆུ་གཞན་གྱིས་སེལ་པའི་རིགས་པ་བཞིན་དུ་འདོད་ཆགས་ལ་སོགས་པ་ཁོ་ནའི་ཐབས་རྣམས་ཀྱིས་འདོད་ཆགས་ལ་སོགས་པ་སེལ་པར་གྱུར་ཏེ་ཞེས་བྱ་བའི་རིགས་པ་ལ་བརྟེན་ཅིང་སྐད་ཅིག་དང༌། ཐང་ཅིག་དང༌། ཡུད་ཙམ་གྱིས་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་ཐོས་པར་འགྱུར་རོ། །


DTG029_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔགས་ཀྱི་ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་ཕྱིར་རོ། །སྔར་བཤད་པ་རྣམས་ལ་ཁྱད་པར་བཤད་པར་བྱ་སྟེ། གངྒའི་བྱེ་མ་ཞེས་བྱ་བ་ལ་སོགས་པ་ལ་དང་པོའི་བསྐལ་པ་ལས་བྱུང་པ་ལ་གང་ཞིག་ཉན་ཐོས་ལ་སོགས་པ་ལ་མོས་པ་དང་ལྡན་པ་རྣམས་ཆུ་བོ་གྔའི་བྱེ་མ་དང་འདྲ་པ་མཐའ་ཡས་པའི་བསྐལ་པ་རྣམས་ཀྱིས་འབད་པ་ནི་ཐོས་པ་དང་བསམ་པ་དག་གིས་སོ། །བརྩལ་པའི་བསྒོམ་པ་སྟེ། བྱང་ཆུབ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཐོབ་པར་མི་འགྱུར་ཏེ། ཉན་ཐོས་པ་རྣམས་ནི་ཐབས་མེད་པ་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ནི་ཐབས་མི་མཁས་པའི་ཕྱིར་རོ། །དཔེར་ན་མི་སྡུག་པའི་སྒོམ་པས་ཐོབ་མ་ནས་མ་སྐྱེས་པའི་དེ་ཁོ་ན་ཉིད་ཐོབ་པར་མི་འགྱུར་པའི་ཕྱིར་དང༌། ཉོན་མོངས་པ་སྤངས་ན་ཡང་དེ་རྣམས་ཀྱི་གང་ཟག་བདག་མེད་པ་འགྲུབ་པར་འགྱུར་པ་ཡིན་གྱི། ཆོས་བདག་མེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཉན་ཐོས་དེ་རྣམས་ལ་ཐབས་མེད་ཅིང་ཐབས་ལས་བྱུང་པ་ཡང་མེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་གང་ཟག་དང་ཆོས་བདག་མེད་པ་ཁོ་ན་ཉིད་བསྟན་ན་ཡང་དེ་རྣམས་ཐབས་ལ་མི་མཁས་པའོ། །དཔེར་ན་དེ་རྣམས་ནི་སེམས་ཅན་གཅིག་གི་ཕྱིར་རང་གི་ལུས་བྱིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བགྱིའོ་ཞེས་རྟོགས་པ་སྟེ། དེ་ཡང་ཕ་རོལ་དུ་ཕྱིན་པར་མ་གྱུར་ཏེ། ཕྱོགས་གཅིག་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ཡང་བསྐྱེད་ཅིང་དེ་བཞིན་དུ་སྤྱོད་པ་སྟེ། བསྐལ་པ་གྲགས་མེད་པ་གསུམ་གྱིས་བྱང་ཆུབ་ཐོག་པར་འགྱུར་པ་སྟེ། དེ་པས་ན་དེ་རྣམས་ཐབས་ལ་མི་མཁས་པ་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་སྦྱར་པར་བྱའོ། །སྔགས་ཀྱི་ཐེག་པ་ཆེན་པོའི་སྤྱོད་པ་ལ་འཇུག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དང་པོར་སྤྱོར་པ་ལ་སོགས་པོའི་ཏིང་ངེ་འཛིན་གསུམ་གྱིས་རིགས་བརྒྱའི་དབྱེ་པས་ལུས་རྣམས་པར་དབེན་པར་བྱེད་པ་དང༌། རྡོ་རྗེ་བཟླས་པའི་རིམ་པས་ངག་རྣམ་པར་དབེན་པ་དང༌། སེམས་རྣམ་པར་དག་པའི་རིམ་པས་སེམས་རྣམ་པར་དབེན་པ་དང༌། བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པ་དང༌། མངོན་པར་བྱང་ཆུབ་པའི་རིམ་པས་དོན་


DTG029_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམ་པའི་བདེན་པ་རྣམ་པར་དག་པ་མངོན་དུ་བྱས་པ་ཚེ་འདི་ཉིད་དེ་མཐོང་པའི་ཆོས་ལ། གསང་པ་འདས་པ་དགའ་པ་ནི་དཔལ་ལ་གསང་པ་འདུས་པའི་མན་ངག་སྒོམ་པའི་བྱང་ཆུབ་སེམས་དཔའ་ནི་སྔགས་པ་རྣམས་འདོད་ཆགས་ཀྱིས་འདོད་ཆགས་སྤང་ལ། དེ་བཞིན་གཤེགས་པ་རྣམས་ནི་དེ་བཞིན་གཤེགས་པ་ལྔ་ཉིད་དང༌། སངས་རྒྱས་ནི་རྡོ་རྗེ་སེམས་དཔའ་ཉིད་དེ། དེ་ཞེས་བྱ་བའི་གྲངས་ནི་དེའི་གོ་འཕང་སྟེ། དབུས་སུ་བྱུང་པ་ཉིད་མངོན་དུ་བྱེད་པ་ཡིན་ནོ། །དེ་ནས་འདས་པའི་བསྐལ་པ་རྣམས་ལ་མ་བསྟན་པ་དང༌། བྱམས་པས་དབང་མཛད་པའི་མ་འོངས་པའི་བསྐལ་པ་ལ་ཡང་བསྟན་པར་མི་འགྱུར་ཏེ། ཤིན་ཏུ་དཀའ་པ་ཉིད་བསྟན་པ་ཡིན་ནོ། །དེ་བས་ན་རང་གི་སྐྱོན་རྣམས་སྤངས་ཏེ། དགེ་པའི་བཤེས་གཉེན་པ་ལ་བསྙེན་བཀུར་བྱས་ཤིང་དེ་ཁོ་ན་ཉིད་རྟོགས་པར་བྱའོ། །ཇི་སྐད་དུ། སྐྱོན་གྱི་ངོ་བོས་རང་སྐྱོན་རྣམས་ནི་མི་ཤེས་དང༌། །ཡོན་ཏན་རྣམས་ཀྱང་ལོག་ཅིང་ང་རྒྱལ་གྱིས་ཡོན་ཏན། །དགེ་བའི་བཤེས་གཉེན་རྣམས་ལ་གང་གིས་སྨོད་བྱེད་པ། དེས་ནི་དེ་ཉིད་ཇི་ལྟར་མངོན་དུ་མཐོང་པར་འགྱུར། །ཞེས་འབྱུང་སྟེ། ཚིག་གི་དོན་བཅུ་དྲུག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱི་གསུང་ཐོས་ནས་བྱམས་པ་ལ་སོགས་པས་དུས་སོ། །དེ་རྣམས་ལ་གཟིགས་ནས་མི་བསྐྱོད་པ་ལ་སོགས་པས་བཀའ་སྩལ་པ་སྟེ། མ་དུ་ཞིག་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་བོད་པའོ། །ཇི་ལྟར་མི་ངུ་པར་གྱི་ཞེས་བྱ་བ་ནི་རབ་ཏུ་དུ་པར་བགྱི་བའོ་ཞེས་སྟོན་ཏོ། །དེ་བཞིན་དུ་སྡུག་བསྔལ་གསུམ་ནི་ལུས་ལ་སོགས་པའི་སྡུག་བསྔལ་ཇི་ལྟར་མི་སྒོམ་པར་བགྱིས་ན་འཆང་པར་བགྱིའོ་ཞེས་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་དེད་རྣམས་སྔར་བཤད་པའི་རིགས་པས་གསང་པའི་ཡི་གེ་གསུམ་ནི་དཔལ་གསང་པ་འདུས་པའི་སྐལ་པ་མ་མཆིས་པ་ནི་རིགས་པ་མ་ཡིན་པའི་ཕྱིར་རོ། །དེ་ཡང་ལན་ཅིག་བཞག་སྟེ། ཇི་སྲིད་མིང་ཙམ་ཡང་ཐོས་པའི་སྣོད་དེ་རྣམས་མ་ཡིན་ནོ་ཞེས་བྱ་བ་ལ་གང་ཞིག་བཅོམ་ལྡན་འདས་


DTG029_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་གསུངས་པ་དེ་ནི་ངེད་རྣམས་ཀྱིས་ཐོས་པ་མ་ཐོས་པ་བཞིན་དང༌། བསམས་པ་མ་བསམས་པ་བཞིན་དང༌། བསྒོམས་པ་མ་བསྒོམས་པ་བཞིན་དང༌། ཇི་སྲིད་ཐམས་ཅད་བྱས་པ་མ་བྱས་དང་དང་འདྲ་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། དེ་སྐད་མ་ཟེར་ཅིག་ཅེས་བྱ་བ་ལ་སོགས་པ་ལ། གསང་པའི་ཡི་གེ་གསུམ་གྱིས་ཞེས་བྱ་བ་ལ། གསང་པ་གསུམ་ནི་སྐུ་གསུང་ཐུགས་ཏེ། དེ་རྣམས་ཀྱི་ཡི་གེ་ནི་སྟོང་པ་ཉིད་དེ། དང་པོ་སྦྱོར་པའོ། །དེའི་འོག་ཏུ་ལྷའི་སྐུ་རྫོགས་པར་བྱ་པའི་ཡི་གེ་གསུམ་གསང་པ་གསུམ་གྱིས་ཡི་གེ་སྟེ། དཀྱིལ་འཁོར་རྒྱལ་པ་མཆོག་གོ །སྐུ་ལ་སོགས་པ་གསུམ་པོ་བྱིན་གྱིས་བརླབ་པའི་ཕྱིར་ཡི་གེ་གསུམ་གསུམ་དགོད་པ་ནི་གསང་པ་གསུམ་གྱི་ཡི་གེ་སྟེ་ལས་རྒྱལ་པ་མཆོག་གོ །རྩ་པ་གསུམ་ནི་གསང་པ་གསུམ་སྟེ། དེ་ཉིད་ལས་ཡི་གེའི་རང་བཞིན་གྱི་སེམས་ཅན་གྱི་ཁམ་འབྱུང་པ་སྟེ། བསྐྱེད་པའི་རིམ་པའོ། །གསང་པ་གསུམ་ནི་སྣ་གསུམ་གྱི་རྩེ་མོར་ཡི་གེ་ཕྲ་བའི་ཐིག་ལེ་བསྒོམ་པ་སྟེ་རྫོགས་པའི་རིམ་པའོ། །འཇུག་པ་ལ་སོགས་པ་གསུམ་པོ་ནི་གསང་བ་གསུམ་པོ་སྟེ། དེ་ཐོས་པའི་ཡི་གེ་ནི་འོད་གསལ་བ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །ཡེ་ཤེས་གསུམ་པོ་སྦྱང་བར་བྱེད་པའི་ཡི་གེ་ནི་གསང་པ་གསུམ་གྱི་ཡི་གེ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དག་ཉིད་ཀྱི་སྒྱུ་མའི་སྐུ་བླང་ག་གསང་པ་གསུམ་གྱི་ཡི་གེ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །འདོད་ཆགས་དང་འདོད་ཆགས་དང་བྲལ་པ་དང། འདོད་ཆགས་པར་མ་གསུམ་པོ་བཞི་པས་སྦྱར་པར་བྱ་པའམ་འདྲེས་པ་གསང་པ་གསུམ་གྱི་ཡེ་གེ་སྟེ་མངོན་པར་བྱང་ཆུབ་པའི་རིམ་པའོ། །ཁམས་གསུམ་པའི་མཉམ་པ་ཉིད་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོའི་སྐུ་གསང་པ་གསུམ་གྱི་ཡི་གེ་སྟེ་ཟུང་འཇུག་གི་རིམ་པའོ། །གསང་པ་གསུམ་གྱི་ཡི་གེ་བྱིན་གྱིས་བརླབས་ཤིང་ཤིན་ཏུ་འདུས་བྱས་པའི་ཤེས་རབ་དང་ཐབས་གསང་པ་གསུམ་གྱི་ཡི་གེ་སྟེ་རང་བཞིན་ནོ། །སྐུ་གསུང་ཐུགས་གཅིག་ཏུ་བྱེད་པའི་རྡོ་རྗེ་དང་པདྨ་གསང་པ་གསུམ་སྟེ། དེ་དག་གི་ཡི་གེ་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་སྟེ་རྒྱུའོ། །


DTG029_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་པ་དེ་དག་ཉིད་བསྐྱེད་པ་གསང་པ་གསུམ་གྱི་ཡེ་གེ་སྟེ་ལས་སོ། །འདོད་ཆགས་ལ་སོགས་པ་གསུམ་པོའི་རྣམ་པར་རྟོག་པའི་གསང་པ་གསུམ་ནི་མི་དམིགས་པར་མི་འགྱུར་པ་གསང་པ་གསུམ་གྱི་སྟེ་འབྲས་བུའོ། །དམན་པ་དང་བར་མ་དང་གྱ་ནོམ་པའི་གཟུགས་ལ་སོགས་པའི་ཡུལ་ཉེ་པར་སྤྱོད་པའི་གསང་པ་གསུམ་གྱི་ཡེ་གེ་སྟེ་སོ་སོར་སྡུད་པའོ། །གསང་པ་གསུམ་གྱིས་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་རྣམས་མོས་པ་གསང་པ་གསུམ་གྱི་ཡི་གེ་སྟེ་བསམ་གཏན་ནོ། །ཁམས་གསུམ་པའི་བདག་ཉིད་ཀྱི་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་གྱི་ཐིག་ལེ་སྟེང་དང་འོག་ཏུ་འགྲོ་བ་དང་འོད་བ་ལ་སྦྱོར་བ་གསང་བ་གསུམ་གྱི་ཡི་གེ་སྟེ་སྲོག་དང་རྩོལ་བའོ། །སྲོག་དང་ཐུར་དུ་སེལ་བ་དང་མེ་དང་མཉམ་པ་རྣམས་ཐིག་ལེའི་རང་བཞིན་དུ་པདྨའི་ལྟེ་བར་འཛིན་པ་གསང་བ་གསུམ་གྱི་ཡི་གེ་སྟེ་འཛིན་པའོ། །རིགས་ཀྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་རྣམས་སྤྲོས་པ་གསང་པ་གསུམ་གྱི་ཡི་གེ་སྟེ་རྗེས་སུ་དྲན་པའོ། །སྐུ་གསུམ་གྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོའི་གཟུགས་རྫོགས་པ་གསང་པ་གསུམ་གྱི་ཡི་གེ་སྟེ་ཏིང་ངེ་འཛིན་ཏེ་དེ་ལྟར་རྣལ་འབྱོར་རོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྲུང་པ་གསང་པ་གསུམ་གྱི་ཡི་གེའོ། །ཡེ་གེ་གསུམ་གྱིས་སྤྱད་པའི་བདུད་རྩི་ལྔ་བཟའ་བ་གསང་པ་གསུམ་གྱི་ཡི་གེ་སྟེ་སྒྲུབ་པའོ། །དེ་ལྟར་ན་ཚིག་གི་དོན་བཅུ་དྲུག་གོ །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་རྟོགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། ཀྱེ་རིགས་ཀྱི་བུ་རྣམས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་བསྟན་པ་ནི་ཤིན་ཏུ་ཟབ་པ་སྟེ། དཔེར་ན་གསང་པའི་ཡི་གེ་ནི་དེ་ཁོ་ན་ཉིད་ཇི་ལྟར་ཁྱེད་རྣམས་ཀྱིས་མ་ཐོས་པ་དང༌། མི་ཤེས་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་རྣམ་པར་རྟོག་པ་རྣམས་ཀྱིས་རྣམ་པར་རྟོག་པའི་སྤྱོད་ཡུལ་དུ་དཔྱོད་པར་མ་གྱུར་པ་སྟེ། འོན་ཀྱང་རང་གི་དང་གིས་བཅོམ་ལྡན་འདས་ལ་མར་མེ་བཞིན་དུ་བརྗོད་པ་ཀུན་རྫོབ་ཀྱི་མངོན་དུ་བྱས་པ་བཞིན་དུ་དེ་རྣམས་ཀྱིས་ཀྱང༌། གསང་བའི་ཡི་གེ་ནི་དེ་ཁོ་ན་ཉིད་དེ་ངེ་ཉིད་མ་ཐོབ་པ་


DTG029_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་རྣམ་པར་རྟོགས་པ་དང་བཅས་པའི་དངོས་པོས་ཐོས་པ་མ་ཡིན་ནོ། །དེ་བཞིན་ཉིད་དུ་ཉན་ཐོས་ལ་སོགས་པའི་བྱང་ཆུབ་བཞིན་དུ་དུས་ཡུན་རིང་དང་བག་ཆག་དང་བཅས་པས་མངོན་པར་སངས་རྒྱས་པ་ནི་མངོན་དུ་བྱེད་པ་མ་ཡིན་ནོ། །འོན་ཀྱང་རྣམ་པར་རྟོག་པ་དང་བཅས་པའི་དཔེའི་བདེ་པ་སྤངས་ལ། རྣམ་པར་རྟོག་པ་དང་བྲལ་པ་དང༌། འདོད་ཆགས་ལ་སོགས་པ་མེད་པ་དང༌། ས་བཅུ་གཉིས་པ་ལ་གཞག་པར་བྱེད་པའི་དཔེ་ལས་བྱུང་པའི་ཁོ་ན་ཉིད་རྡོ་རྗེ་འཆང་ཆེན་པོ་ལས་ཐོབ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། །གསང་པའི་ཡི་གེ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་གསང་པ་ནི་དེ་ཁོ་ན་ཉིད་དེ། དེའི་གནས་ནི་ཁྱེད་རྣམས་དང་ངེད་རྣམས་སྣོད་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རིགས་ཡིན་པའི་ཕྱིར་དང༌། ཉན་ཐོས་པ་བཞིན་དུ་དམན་པའི་མོས་པ་མེད་པའི་ཕྱིར་རོ། །དེ་མེད་པ་ནི་སྔགས་ཀྱི་ཚུལ་ལ་ཕུལ་དུ་བྱུང་པའི་དད་པ་དང་ལྡན་པའི་ཕྱིར་རོ། །གཞན་དུ་ན་དད་པ་མེད་ན་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་ལ་ཞུགས་ཤིང་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ཅིའི་ཕྱིར་ཁྱེད་རྣམས་ཀྱི་ཐོབ་པར་འགྱུར། །ཇི་སྐད་དུ། །དུ་བ་ལས་ནི་མེར་ཤེས་དང༌། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དེ་བས་ན་ཁྱེད་རྣམས་ཆོས་ཉིད་ལ་སྐལ་པ་དང་ལྡན་པ་ཡིན་ཏེ། དེད་བཞིན་དུ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཡི་གེ་ནི་འོད་གསལ་པའི་དེ་ཁོ་ན་ཉིད་དེ། དེ་ཁྱབ་པའི་བྱེད་པའི་ཕྱིར་རྒྱལ་རྣམ་པར་དག་པ་ཡིན་པས་ཁམས་གསུམ་པ་ཡང་དེའི་རང་བཞིན་ཡིན་པའི་ཕྱིར་ཏེ། དེ་ཁོ་ན་ཉིད་རང་གིས་ཐོབ་པ་དང༌། གང་གིས་མ་ཐོབ་པ་སྟེ། ཕྲ་མོའི་ལྟ་པས་འགྲོ་པ་རྣམས་པར་དཔྱད་ན་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཀྱང་གང་ཞིག་ཉན་ཐོས་ལ་སོགས་པ་སྣོད་མ་ཡིན་པའོ་ཞེས་གསུངས་པ་དེ་དག་ཐམས་ཅད་ཀུན་རྫོབ་ཏུ་བསྟན་པ་ཡིན་ཏེ། གང་གི་ཕྱིར་དེ་རྣམས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འོད་ཟེར་གྱི་འཁོར་ལོས་བསྐུལ་ནས་སངས་རྒྱས་ཉིད་ཁོ་ན་ཐོབ་པ་ཡིན་ནོ། །ཇི་སྐད་དུ། སྙིང་རྗེ་ཆེན་པོ་མེད་པའི་ཕྱིར། འདི་རྣམས་རང་དོན་ལ་རྩོལ་པ། །རང་རྒྱལ་པ་དག་ཉན་ཐོས་རྣམས། །ཐེག་པ་ཆེན་པོའི་ནོར། །


DTG029_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་གི་ལམ་གྱིས་ངེས་ཚིག་པ། །བྱང་ཆུབ་སེམས་དཔའི་ནང་དུ་ནི། སྐྱེས་པ་དབུལ་པོ་བཞིན་ནས། །མི་ཤེས་ཉོན་མོངས་མེད་སྤོང་ཕྱིར། །ཕྱི་ནས་སངས་རྒྱས་ཀྱིས་བསྐུལ་པ། བསོད་ནམས་ཀྱི་ཚོགས་བསགས་ནས་ནི། དེ་རྣམས་འཇིག་རྟེན་འདྲེན་པར་འགྱུར། །ཞེས་འབྱུང་ངོ༌། །དེ་བས་ན་ཀུན་མཁྱེན་གྱི་ཡེ་ཤེས་ཀྱི་འོད་ཟེར་གྱིས་བསྐུལ་པ་དེ་རྣམས་ཕྱག་རྒྱ་ཆེན་པོ་འཇུག་པའི་རིམ་པའི་སངས་རྒྱས་ཉིད་མངོན་པར་རྫོགས་པར་བྱེད་པར་བྱེད་པ་སྟེ་མདོར་བསྡུས་པའོ། །དེ་བཞིན་དུ་གཞན་ལས་ཀྱང༌། ཆོས་དང་ཆོས་མིན་བརྟུལ་ཞུགས་སྟོང༌། །སྡོམ་པ་དཀའ་ཐུབ་འདུལ་བ་ཉིད། དུད་འགྲོ་དམྱལ་པ་ཡི་དགས་རྣམས། །ལྷ་དང་བཅས་པའི་མི་རྣམས་ཉིད། །འབྱུང་པ་འབྱུང་ལས་འགྱུར་ཕུང་པོ། །ཁམས་རྣམས་ཐུབ་པའི་བསྟན་པ་ཉིད། སྟོན་པ་དང་ནི་ཉན་ཐོས་ཏེ། ཐམས་ཅད་ཀུན་རྫོབ་སྟོན་པའོ། །ལས་དང་པོ་པའི་འཇིག་རྟེན་དག །དོན་དམ་པ་ལ་འཇུག་པའི་ཕྱིར། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། མཐར་ནི་ཐམས་ཅད་འཇིག་བྱ་པའི། །འདི་ནི་བྱིས་པ་འཇུག་ཕྱིར་རོ། །བརྗོད་མེད་སྣང་པར་མི་འགྱུར་པ། གང་ཡང་གཞན་དག་རབ་སྣང་གྱུར། །ཞེས་འབྱུང་ངོ༌། དེ་བཞིན་དུ་རྒྱུད་ལ་སོགས་པའི་རིགས་པ་བཞིས་འགྲོ་པ་གདུལ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་རོལ་མོ་བསྟན་པ་ཡིན་ནོ། །དཔལ་གསང་པ་ཐུན་མོང་མ་ཡིན་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང༌། ད་ནི་གཞན་ཡང་ཐམས་ཅད་མཁྱེན་པའི་འཁོར་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། དཔེར་ན་རྒྱལ་པོ་ཆེན་པོ་ཟས་ཙང་ནི་འཇམ་དཔལ་ཡིན་ནོ། །ལྷ་མོ་སྒྱུ་མ་ཆེན་མོ་ནི་འཇིག་རྟེན་དབང་ཕྱུང་ཡིན་ནོ། །གྲགས་འཛིན་མ་ནི་དཔལ་གྱི་ལྷ་མོའོ། སྒྲ་གཅན་འཛིན་ནི་རྡོ་རྗེ་སེམས་དཔའོ། །ཤ་ར་དྭ་ཏིའི་བུ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པའོ། །འཕགས་པ་གནས་བརྟན་ཀུན་དགའ་བོ་ནི་ཀུན་དུ་བཟང་པོའོ། །གནས་བརྟན་ལྷ་སྦྱིན་ནི་ལྷའི་དབང་པོའོ། །དཔལ་ཤཱཀྱ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ་རྣམ་པར་སྣང་མཛད་ཆེན་པོ་ཡིན་ནོ། །དེ་བཞིན་དུ། སངས་རྒྱས་མྱ་ངན་ལས་འདས་མིན། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། སེམས་ཅན་ཀུན་རྣམས་འདུལ་པའི་ཕྱིར། མྱ་ངན་ལས་འདས་ནེར་བསྟན་པའོ། །ཞེས་བྱ་བ་ལ་སོགས་པ་


DTG029_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས་སོ། །དེ་པས་ན་བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཀྱང་འོད་གསལ་པ་རྟོགས་པའི་ཕྱིར། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ་ཞེས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་གསུང་ཐོས་ནས་འོད་གསལ་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ། བརྗོད་དུ་མི་ནུས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མི་སྨྲ་པར་གྱུར་ཏེ་རྫོགས་པའི་རིམ་པའོ། །བསྟན་པའི་སྒོ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་བསྟན་ནས་དེ་ཉིད་མངོན་དུ་མཛད་པའི་ཕྱིར་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་བཙུན་མོའི་བྷ་ག་ནི་ལེའུ་དང་པོ་ལས་བཤད་པ་སྟེ། དེ་ལ་ཞུགས་པ་ནི་རྡོ་རྗེ་འཆང་ཆེན་པོའི་བདེ་པ་ཆེན་པོའི་ཏིང་ངེ་འཛིན་ལ་བལྟས་ཏེ། དེ་ཉིད་དུ་ཞུགས་ཤིང་མར་གྱི་བུམ་པ་བཞིན་དུ་ཆོས་འབྱུང་གི་ཕྱག་རྒྱའི་ནང་དུ་ཐིམ་པར་འགྱུར་རོ་ཞེས་སྟོན་ཏོ། བཅོམ་ལྡན་འདས་ཀྱང་བྱ་བ་རྫོགས་པའི་ཕྱིར་དང་ཀྱང་རྫོགས་པའི་ཕྱིར་འོ་མ་དང་ཆུ་བཞིན་དུ་རེ་བྷྱ་རྡོ་རྗེ་མ་དང་རོ་གཅིག་པར་གྱུར་ཅིང་ཐམས་ཅད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་ཞུགས་པར་གྱུར་ཏོ་ཞེས་འདིར་བཤད་པར་བྱའོ། །གཞན་དུ་ན་དེ་བཞིན་གཤེགས་པ་རྣམས་བཞུགས་པ་སྟེ། དཀྱིལ་འཁོར་གྱི་གཙོ་བོར་བཞུགས་ན་ལྷ་མོ་སྤྱན་ལ་སོགས་པ་གང་ལ་བཞེངས་སུ་གསོལ་པའི་ཕྱིར་བསྐུལ། །དེ་བཞིན་གཤེགས་པ་ལ་ཞེ་ན། དེ་ཡང་དག་པ་མ་ཡིན་ཏེ། གཙོ་བོ་སྤངས་ནས་གཙོ་བོ་མ་ཡིན་པ་བསྐུལ་པ་མི་རིགས་སོ། དེ་བས་ན་གཙོ་བོ་ཉིད་དུ་གྱུར་པ་གང་གིས་འགྲོ་པའི་དོན་མཛད་པ་དེ་ཉིད་ཀྱི་སྤྲོ་པ་དང་བསྡུ་པ་མཛད་པ་རིགས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་འགྲོ་པའི་དོན་ཆགས་པའི་འཇིགས་པས་ཚངས་པའི་གནས་བཞིའི་རང་བཞིན་གྱི་ལྷ་མོ་སྤྱན་ལ་སོགས་པས་ལས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་བསྐུལ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དེའི་རང་བཞིན་གྱི་རྣམ་པར་སྣང་མཛད་དེ། དེའི་སྐུ་གསུང་ཐུགས་ཀྱི་བཙུན་མོ་ནི་ལྷ་བྱམས་པའི་རང་བཞིན་གྱི་ལྷ་མོ་སྤྱན་ཏེ། དེས་བྷ་ག་ནི་སྟོང་པ་ཉིད་དེ། དེ་ལ་ཞུགས་པས་ན་བཅོམ་ལྡན་འདས་ཏེ་དེ་ལ་བསྟོད་པའོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་བཙུན་མོའི་བྷ་ག་


DTG029_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་བཞུགས་པའི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་བདག་པོ་རོ་གཅིག་པ་ཉིད་དུ་བཞུགས་པའོ། །དེ་བཞིན་དུ་རྡོ་རྗེ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཏེ། དེ་འཛིན་པ་ནི་དེའི་ངོ་བོས་བཞུས་པས་ན་རྡོ་རྗེ་འཛིན་ནོ། དེ་ལྟ་བུའི་བཅོམ་ལྡན་འདས་ལ་དགའ་བས་བསྟོད་པ་ནི་སེམས་ཅན་ཐམས་ཅད་དོན་མཛད་པ་ལ་རྗེས་སུ་ཆགས་པས་བསྐུལ་པ་སྟེ། དཀྱིལ་འཁོར་གྱི་རྒྱལ་པ་མཆོག་གོ །སེམས་ཅན་ཁམས་ཞེས་བྱ་བ་ལ་སོགས་པ་ལ་ཁྱོད་ཅེས་པ་ནི་ཡིད་ཀྱིས་བརྟགས་ནས་བོད་པ་སྟེ། ཐམས་ཅད་དུ་དེ་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ཐུགས་གང་ལ་ཡོད་དེ་རྡོ་རྗེ་ཐུགས་སོ། གནས་ནི་སའི་ཁམས་ཏེ་དེའི་དབང་ཕྱུག་ནི་དེ་རྣམས་པར་དག་པའི་རང་བཞིན་ནོ། །དེ་བཞིན་དུ་སེམས་ཅན་གྱི་ཁམས་ཀྱི་དབང་ཕྱུག་ཀྱང་ཡིན་ཏེ་ཞི་པར་མཛད་པའི་ཕྱིར་རོ། །བདག་ནི་ལྷ་མོ་སྤྱན་ལ་སྐྱབས་སུ་གསོལ་པ་ནི་སྲུང་པར་མཛོད་ཅིག་པའོ། །གང་གིས་ཤེ་ན། དགའ་བ་ནི་སེམས་ཅན་གྱི་ཁམས་ལ་བརྟེན་ཏེ་བྱམས་པས་བསྡུས་པ་སྟེ། སྒྱུར་པ་དེ་ཉིད་ཀྱིས་གང་ཞིག་དོན་ཆེན་ནི་བྱང་ཆུབ་ཐོབ་པར་བྱེད་པ་དང༌། ཡིད་འོང་ནི་བདེ་བ་སྟེར་པར་བ་སྟེ། འདོད་པ་ནི་འདོད་པའི་ཡོན་ཏན་ལྷ་ཉེ་པར་སྤྱོད་པ་སྟེ་སེམས་ཅན་གྱི་ཁམས་ལ་གསོལ་པའི་དེ་རྣམས་ཀྱིས་སོ། །དེ་བཞིན་དུ་བདག་ལ་དགྱེས་པར་མཛད་དུ་གསོལ་པ་ནི་བདག་བྱམས་པ་རྫོགས་པ་མཛོད་ཅིག་པའོ། །སེམས་ཅན་ཡབ་ནི་སྐྱེད་པར་མཛད་པའོ། །ཆེན་པོ་བྱང་ཆུབ་ཐོབ་པར་མཛད་པའི་ཕྱིར་སེམས་ཅན་དེ་ཉིད་ཀྱི་གཉེན་མཆོག་ནི་ཕན་མཛད་པའོ། །གལ་ཏེ་བདག་གསོན་པར་བཞེད་ན་དེའི་ཚེ་མགོན་པོ་ནི་བདག་པོ་ཀྱེ་བཞེངས་སུ་གསོལ་ཞེས་ཚིག་གི་ལྷག་མའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་མཱ་མ་ཀཱི་ས་བསྐུལ་པ་སྟེ། རྡོ་རྗེ་སེམས་ཅན་གྱི་ཁམས་ཏེ། དེའི་འདོད་པ་ནི་སྙིང་རྗེ་སྟེ། དེ་ཉིད་འགྲོ་པ་མཉེས་པར་བྱ་པའི་ཕྱིར་མཆོད་པ་སྟེ། དེ་གཙོ་བོར་གྱུར་པའི་མཆོག་གི་ཡི་གེའི་ཚིག་ནི་བསྟོད་པའི་ཚིག་གིས་བསྐུལ་པའོ། །རྡོ་རྗེ་སྐུ་ཁྱོད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་རྡོ་རྗེ་སྐུ་ཐོབ་པས་རྡོ་རྗེ་སྐུའོ། །སེམས་ཅན་ཀུན་ནི་ཁམས་གསུམ་པ་སྟེ། དེ་ལ་ཐུགས་རྗེས་ཡང་དག་པར་སྡུད་པར་མཛད་པའི་ཕྱིར། །སེམས་


DTG029_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན་ཀུན་ལ་ཕན་ནོ། །བཀའི་འཁོར་ལོས་འགྲོ་པའི་བསམ་པ་རྫོགས་པར་མཛད་པའི་ཕྱིར་བཀའ་འཁོར་ལོའོ། །སངས་རྒྱས་དོན་དུ་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དེ། དེས་དོན་དམ་ནི་དེ་ཁོ་ན་ཉིད་དང་ཕན་པ་ནི་བདེ་པ་རྗེས་སུ་སྟོན་པ་ནི་སེམས་ཅན་རྣམས་ལ་གང་གིས་རབ་ཏུ་སྟོན་པར་མཛད་པ་དེ་ནི་དེ་བཞིན་ནོ། །འདོད་ཆགས་ནི་ཕྱི་རོལ་གྱི་དགའ་བ་འམ་སྙིང་རྗེ་དམ་ཚིག་ཆགས་པ་ནི་འདོད་ཆགས་རྣམ་པར་དག་པའམ། །འདོད་ཆགས་ཀྱི་རང་བཞིན་འགྲོ་པ་ཡང་དག་པར་སྡུད་པར་མཛད་པ་བདག་ལ་དགྱེས་པར་མཛད་དུ་གསོལ་པ་ནི་རོལ་པའམ་བསྣམས་པར་མཛོད་ཅིག་པའོ། །མགོན་པོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་དབང་ཕྱུག་ནི་སྣང་བ་མཐའ་ཡས་ཏེ། དེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཅན་ནི་གོས་དཀར་མོས་ཏེ། དེ་པས་འདོད་པ་ལ་ཉེ་པར་ལོངས་སྤྱོད་པའི་དམ་ཚིག་ཕུལ་དུ་བྱུང་པའི་སྙོམས་པར་ཞུགས་པའི་གཙོ་བོར་གྱུར་པའི་ཚིག་གིས་བསྟོད་པ་ནི་བསྐུལ་པའོ། །ཁྱོད་ནི་རྡོ་རྗེ་གསུང་ཞེས་བྱ་བ་ལ་སོགས་པ་ལ་ཡན་ལག་དགུག་པའི་ཆོས་སྟོན་པའི་ཕྱིར་རྡོ་རྗེ་གསུང་ངོ༌། །ཀུན་ནི་འགྲོ་པ་ཀུན་ལ་དགའ་བས་ཕན་ཞིང་ཐུགས་བརྩེ་པའོ། །དེ་བཞིན་དུ་འདོད་ཆགས་ཡེ་ཤེས་ཀྱིས་འདོད་ཆགས་ཉོན་མོངས་པ་རྣམ་པར་སྦྱང་པས་རྟག་ཏུ་ནི་དུས་གསུམ་དུ་འཇིག་རྟེན་དག་གི་དགོངས་པའི་དོན་ནི་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་རྣམ་པར་སྤྱང་བམ་སྟེ། དེ་ལ་བརྩོན་པའོ། །བདག་ལ་དགྱེས་པར་མཛད་དུ་གསོལ་ཞེས་པ་ནི་དགོངས་ཤིང་སྙོམས་པར་ཞུགས་པར་མཛོད་ཅིག་པའོ། །རབ་དགའི་སྤྱོད་པ་ནི་འདོད་ཆགས་ཀྱི་སྤྱོད་པ་སྟེ། དེ་ཉིད་ཀྱིས་ཀུན་དུ་བཟང་པོ་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་མཛོད་ཅིག་པའོ། །མགོན་པོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་དམ་ཚིག་རྡོ་རྗེ་དོན་ཡོད་གྲུབ་པ་སྟེ། དེ་ཉིད་ཀྱི་བཙུན་མོ་ནི་བཏང་སྙོམས་ཀྱི་རང་བཞིན་གྱི་ལྷ་མོ་སྒྲོལ་མ་སྟེ། དེས་ཡིད་བདེ་པའི་དགའ་པའི་ཐུགས་དང་གསུང་དང་སྐུ་དགྱེས་པར་བྱེད་པའི་ཚིག་གམ། བདེ་པ་དང་ཡིད་དགའ་བ་ནི་བཏང་སྙོམས་ཀྱིས་སྟོང་པ་ནི་བསྐུལ་པའོ། །ཁྱོད་ནི་རྡོ་རྗེའི་འདོད་


DTG029_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་ཉིད་འདོད་པ་ནི་བཏང་སྙོམས་ཀྱི་ཚངས་པའི་གནས་ཀྱིས་མངོན་དུ་མཛད་པས་ན་རྡོ་རྗེ་འདོད་པའོ། །དམ་ཚིག་ནི་ལས་ཐམས་ཅད་དེ་དེ་རྣམས་ཀྱི་མཆོག་ནི་གཙོ་བོར་གྱུར་པའི་ཕྱིར་རོ། །ཆེ་བ་ནི་སེམས་ཅན་གྱི་ཁམས་ཏེ་དེའི་ཕྲག་དོག་རྣམ་པར་སྦྱང་བའི་ཕྱིར་དོན་ཆེ་བའོ། །བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ནི་དེ་བཞིན་གཤེགས་པའི་རིགས་ལ་མཆོག་ནི་མཛེས་པར་གྱུར་པའོ། །མཉམ་པ་ཉིད་ནི་བདེ་བ་དང་སྡུག་བསྔལ་གཉི་ག་དང་བྲལ་བའི་ཐུགས་ཏེ་བཏང་སྙོམས་སོ། །དེས་ཐུགས་བརྩེ་བ་ནི་འགྲོ་བ་ལ་གཟིགས་པར་མཛད་པས་ན་མཉམ་པ་ཉིད་ཐུགས་བརྩེ་བའོ། །བདག་ལ་དགྱེས་མཛོད་པ་ནི་རོལ་པར་མཛོད་ཅིག་པའོ། །ཇི་ལྟ་བུ་ཞེ་ན། ཡོན་ཏན་གཏེར་ནི་བདེ་བ་ཆེན་པོའི་རང་བཞིན་དང་རིན་ཆེན་མང་པོ་ནི་སྨིན་པ་དང་གྲོལ་བ་ལ་སོགས་པའི་བྱ་བ་རྣམས་ཏེ། དེ་དག་གི་རྒྱུར་གྱུར་པ་སྟེ། བདག་ལ་བརྟེན་ནས་འགྲོ་བའི་དོན་རྫོགས་པར་འགྱུར་རོ་ཞེས་དགོངས་པའོ། །མགོན་པོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ཏེ། དཀྱིལ་འཁོར་རྒྱལ་བ་མཆོག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྔོན་གྱི་སྨོན་ལམ་གྱི་དབང་གིས་བྱམས་པ་ལ་སོགས་པའི་ཚངས་པའི་གནས་བཞི་ལ་དབང་དུ་གྱུར་པས་དེའི་རང་བཞིན་གྱི་ལྷ་མོ་བཞིས་བསྐུལ་བ་བཅོམ་ལྡན་འདས་ཀྱིས་རྨི་ལམ་བཞིན་དུ་གསན་ཏེ། འོད་གསལ་བའི་ཏིང་ངེ་འཛིན་ལ་ཅིག་ཅར་དུ་བཞེངས་ནས། འདོད་ཆགས་ཐམས་ཅད་ནི་ཨ་ལིངྒ་ན་ལ་སོགས་པ་སྟེ། དེ་རྣམས་ཉེ་བར་ལོངས་སྤྱོད་པ་ནི་ཉམས་སུ་མྱོང་པ་སྟེ། དེ་ཉིད་རྡོ་རྗེ་ནི་མི་འཇིགས་པ་བདེ་བ་ཆེན་པོ་ཐོབ་པར་བྱེད་པ་སྟེ། དེས་དཔལ་ནི་རང་དང་གཞན་གྱི་ཕུན་སུམ་ཚོགས་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་ལ་དམ་ཚིག་གི་འཁོར་ལོ་ནི་ཨ་ལིངྒ་ན་ལ་སོགས་པའི་ཚོགས་ཀྱིས་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མའི་རིམ་པས་བཞི་པའི་དེ་ཁོ་ན་ཉིད་ཉེ་བར་མཚོན་ཅིང་ནོར་བུའི་ནང་དུ་འགྲོ་བ་དེ་ཉིད་བརྟན་པར་མཛད་


DTG029_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་དེ་ཉིད་རོ་གཅིག་པར་མཛད་ལ། འདོད་པ་སྤྱོད་པ་ནི་ཉམས་སུ་མྱོང་ཞིང་ཅང་མི་གསུང་བར་གྱུར་པ་ནི་དེ་ལ་རྩོལ་བ་མི་ལྡན་པར་གྱུར་པ་སྟེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་བཅོམ་ལྡན་འདས་བཞུགས་པས་ནམ་མཁའི་དབྱིངས་ཐམས་ཅད་ནི་ཇི་སྲིད་ཁམས་གསུམ་པའི་སྣོད་ཀྱི་འཇིག་རྟེན་ཏེ། དེ་ཉིད་རྡོ་རྗེ་འཆང་ཆེན་པོའི་མཐུས་ཨ་ལིངྒ་ན་ལ་སོགས་པ་ལ་འབྱུང་བའི་དགའ་བ་ལས་སྐྱེས་པ་ལྷ་མོའི་བདེ་བའི་སྒྲ་དང་དེའི་དགའ་བའི་རང་བཞིན་གྱི་ཐུགས་རྩེ་གཅིག་པར་གྱུར་པས་རྡོ་རྗེ་འཆང་བཞིན་དུ་སྣང་བ་དཀར་བ་དམ་ཚིག་གི་ཁུ་བས་ཆུས་བུམ་པ་བཞིན་དུ་ཡོངས་སུ་གང་བར་འགྱུར་རོ། །ནམ་མཁའི་དབྱིངས་ལ་གནས་པའི་གང་ཞིག་སེམས་ཅན་རྣམས་དེ་ཡང་དེ་ལྟ་བུའི་རྡོ་རྗེ་འཆང་གི་རྡོ་རྗེ་དཔལ་གྱིས་རེག་པ་ཙམ་གྱིས་རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུར་རོ། །དེ་གཅིག་པུ་མ་ཡིན་གྱི་དེ་ནས་བརྩམས་ཏེ་ཀུན་དུ་བཟང་པོའི་གོ་འཕང་ཐོབ་པར་གྱུར་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ཐོབ་པར་འགྱུར་རོ། །འདིར་ནི་དགོངས་པ་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་འགྲོ་བ་དང་དེ་བཞིན་དུ་དབྱེར་མེད་པར་གྱུར་ཏེ་རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བདེ་བ་ཆེན་པོའི་ཉམས་སུ་མྱོང་བའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་དང་འདྲ་བའི་ཏིང་ངེ་འཛིན་སྟོན་པར་མཛད་པ་ཡིན་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་བོད་པའོ། །ཁྱེད་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཕུང་པོ་ལ་སོགས་པ་དང་ཁམས་གསུམ་པའི་མཉམ་པ་ཉིད་ནི་བདེ་བ་ཆེན་པོའི་སྐུ་ཁོ་བོས་རོ་གཅིག་ཏུ་མཐོང་བ་ནི་ཉམས་སུ་མྱོང་བ་ཡིན་ནམ། གང་ཞིག་ང་ཡིས་རབ་དུ་སྟོན་པ་ཡིན་ནོ་ཞེས་དགོངས་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ་ལྡན་འདས་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དང་བདེ་བར་


DTG029_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཤེགས་པ་ཞེས་པ་ནི་བཀའ་དྲིན་ལ་ཚིག་གཉིས་ཏེ་མཐོང་ལགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཁྱོད་དེ། དེའི་རྡོ་རྗེ་ཡེ་ཤེས་ནི་འོད་གསལ་བ་དེའི་སྤྱོད་པ་ནི་ཤིན་ཏུ་སྤོས་པ་མེད་པའི་སྦྱོང་བ་སྟེ། གཞན་སྨ་བ་ཅང་མེད་པ་སྟེ་བདག་ཅག་རྣམས་ཐེ་ཚོམ་དང་བྲལ་བའོ་ཞེས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གང་ཞིག་མི་བསྐྱོད་པ་ལ་སོགས་པ་ཆོས་འབྱུང་ལ་ཞུགས་པ་དེ་རྣམས་ཉིད་བཅོམ་ལྡན་འདས་ཀྱིས་སྤྲོས་ཏེ། དེའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་ངོ་བོ་སྟོན་པ་ཡིན་ཏེ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་ཡིན་ཏེ། བཙུན་མོའི་བྷ་ག་ནི་བཅོམ་ལྡན་འདས་མ་རེག་བྱ་རྡོ་རྗེ་མའི་བྷ་ག་ལས་བྱུང་ཞིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ལ་ངོ་མཚར་བ་ནི་འབྲས་བུ་ལའོ། །འདོད་ཆགས་ཀྱི་ཡི་གེའི་ཚིག་ནི་འདོད་ཆགས་ཀྱི་ཆོས་སྤྱོད་པ་རྣམས་ཀྱིས་ཀྱང་གང་ཞིག་བྱང་ཆུབ་ནི་རྡོ་རྗེ་འཆང་ཉིད་ཐོབ་པར་གྱུར་པ་དེ་ནི་ངོ་མཚར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་གིས་འདོད་ཆགས་ཀྱི་ཚུལ་གྱི་ཏིང་ངེ་འཛིན་གྱི་རྣམ་པར་དག་པ་གསུངས་པའི་ཕྱིར་དེ་ཉིད་ཐེ་ཚོམ་མེད་པའི་ཕྱིར་བཤད་པར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་བོད་པའོ། །མ་ནི་དགག་པ་ལའོ། །འདོད་ཆགས་ཀྱི་སྤྱོད་པས་བྱང་ཆུབ་རྗེས་སུ་རྟོགས་པ་ཡིན་ནོ་ཞེས་དེ་སྐད་མ་ཟེར་ཅིག །འདོད་ཆགས་སྤྱོད་པ་ནི་ཇི་ལྟ་བུ་ཞེ་ན། ཕུང་པོ་ལ་སོགས་པ་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ཞིག་ཆོས་འདི་རྣམས་ནི་ནམ་མཁའི་རྡོ་རྗེའི་དམ་ཚིག་དང་མཚུངས་པ་ནི་ནམ་མཁའ་དང་འདྲ་བ་སྟེ། ཐོག་མ་ནས་མ་སྐྱེས་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་རྣམས་ཉན་ཐོས་པ་ལ་སོགས་པས་མངོན་དུ་བྱེད་པར་མི་ནུས་ཏེ། འདི་ལྟ་བུའི་སྤྱོད་པས་དེ་རྣམས་སྐད་ཅིག་མས་རྟོགས་པར་འགྱུར་ཏེ། གཟུགས་ཀྱི་ཕུང་པོ་ཆོས་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཕུང་པོ་ལྔ་རང་བཞིན་མེད་པ་དང༌། ཁམས་མ་ཡིན་ཞེས་བྱ་བ་ཁམས་བཅོ་བརྒྱད་ཀྱི་རང་བཞིན་མེད་པ་དང༌། སྐྱེ་མཆེད་མ་ཡིན་ཞེས་བྱ་བས་དབང་པོ་དང་ཡུལ་རྣམས་རང་བཞིན་མེད་པ་དང༌། འདོད་ཆགས་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་


DTG029_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་རྣམས་རང་བཞིན་མེད་པ་དང༌། ཆོས་མ་ཡིན་ཆོས་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་བས་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནམ་ཀུན་རྫོབ་དང་དོན་དམ་པ་དག་རང་བཞིན་མེད་པ་སྟོན་ཏོ། །འདི་སྐད་དུ། གཟུགས་ནི་དབུ་བ་འདྲ་བར་བཤད། །ཅེས་བྱ་བ་ལ་སོགས་པ་འབྱུང་བ་དང༌། སེམས་ནི་མ་ཡིན་ཆོས་རྣམས་མིན། །ལུས་ཀྱང་མ་ཡིན་ཁམས་རྣམས་མིན། །འདི་ནི་གཉིས་སུ་མེད་པའི་ལམ། །དེ་ཉིད་རིག་པ་ཡང་དག་བརྗོད། །ཅེས་བྱ་བ་དང༌། དབང་པོའི་ཚོགས་ལ་འདོད་ཆགས་མིན། །དོན་ལ་མ་ཡིན་སེམས་ལ་མིན། །གཞན་ལ་མི་གནས་བདག་གནས་མིན། །དེ་ནི་ཡོད་མིན་མེད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་དང༌། དངོས་པོ་རྣམས་ནི་གོས་བཞིན་དུ་ཤེས་པར་བྱ་བ་ལ་སོགས་པ་དང༌། སེམས་ཅན་སྣོད་ཅེས་མིང་ཅན་འདི། །འཇིག་རྟེན་གཉིས་པོ་བསྲེགས་ནས་ནི། །བདག་ཉིད་ཀྱང་དེར་དེ་ཉིད་འདིར། །མེ་སྒྲོན་བཞིན་དུ་ཤི་བར་འགྱུར། །སྟོང་ཉིད་མེ་ཡིས་བསྲེགས་པ་ཡི། །དེ་ལྟར་འགྲོ་བ་གསུམ་བལྟས་ཏེ། །འཁོར་བར་རྣམ་པར་སྤྱོད་ན་ཡང༌། །རྣལ་འབྱོར་བ་དེ་བཅིངས་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཐེ་ཚོམ་དང་བྲལ་བའི་ཕྱིར་ཆོས་ཉིད་ཀྱི་ངོ་བོ་དེ་ཉིད་དགོངས་ཤིང་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རྒྱུད་འདི་གཏང་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་དང༌། བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པ་སྟེ། དེ་རྣམས་ལ་བཀའ་སྩལ་པ། ཀྱེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་དེ་ཁོ་ན་ཉིད་ཐོབ་པར་བྱེད་པའི་དཔལ་གསང་བ་འདུས་པའི་རྒྱུད་གཞུང་དང་དོན་གྱི་བསྒོམ་པ་ནི་འཛིན་པ་དང་གྲགས་པར་གྱིས་ཤིག་པའོ། །གང་གི་ཕྱིར་སྔར་བཤད་པའི་རིགས་པས་སེམས་ཅན་རྣམས་སྐལ་བ་དང་ལྡན་པའི་ཕྱིར་ཡིན་ནོ། །དེ་ལྟར་སྤྱིའི་གཏད་པ་མཛད་ནས་གང་གི་ལག་ཏུ་རྒྱུད་ཀྱི་རྒྱལ་པོ་འདི་ཤིན་ཏུ་བསྲུང་བར་འགྱུར་པ་དང༌། གང་ཞིག་དབང་པོ་རྣོ་བ་ཡིན་པའི་ཕྱིར་གྲགས་པར་བྱེད་ནུས་པའི་རྡོ་རྗེ་ཆོས་དེ་ལ་རྡོ་རྗེ་འཆང་གིས་བཀའ་སྩལ་པ་


DTG029_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སྐུ་ལ་སོགས་པའི་དངོས་གྲུབ་རྣམས་དང༌། དེ་ཁོ་ན་ཉིད་དེ་དོན་དམ་པ་སྟེ། དེ་ལྟར་རིམ་པ་གཉིས་གཙོ་བོར་གྱུར་བའི་རྒྱུད་འདི་ཁྱོད་ཀྱིས་ཟུང་ཤིག་ཅེས་པ་ནི་གཞུང་དང་དོན་གྱིས་གཟུང་བར་གྱིས་ཤིག་པ་དང༌། ཇི་བཞིན་སྐལ་བ་དང་ལྡན་བ་རྣམས་ལ་བསྟན་པར་གྱིས་ཤིག་པའོ། །ཁྱོད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། དེ་རིང་ནས་བརྩམས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ཡིན་ནོ་ཞེས་གསུང་གིས་དབང་བསྐུར་བ་གསོལ་ཞིང་གླེགས་བམ་གཏང་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས་བདག་ལ་རྗེས་སུ་གཟུང་བ་དམ་པ་ཡིན་ནོ་ཞེས་ཡིད་ཀྱིས་བསམ་ཞིང་ཅང་མི་སྨྲ་བར་གྱུར་ཏེ། དེ་ཁས་བླངས་བའི་ཕྱིར་དང་འཛིན་པའི་ཕྱིར་རོ། །དེའི་ཕྱིར་ཕྱག་ན་རྡོ་རྗེ་ནི་རྒྱུད་ཐམས་ཅད་ཀྱི་སྡུད་བ་པོ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གཏད་པ་ཡོངས་སུ་རྫོགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའི་ཡི་གེ་གསུམ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ཞུགས་པར་གྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཉམ་པ་ཉིད་ནི་སྐུ་དང་དབྱེར་མེད་བ་ཉིད་ཀྱིས་ཏིང་ངེ་འཛིན་ལ་དམིགས་ཏེ་ཁམས་གསུམ་ཐམས་ཅད་ཀྱི་རྡོ་རྗེའི་གནས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ལས་སྐུའི་རང་བཞིན་དུ་ཞུགས་པར་གྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དག་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་དམིགས་ནས། སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོའི་གསུང་དང་ཐུགས་དག་ལ་དེའི་བདག་ཉིད་ཞུགས་པར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་ཁམས་གསུམ་པ་ཐམས་ཅད་དང་དཀྱིལ་འཁོར་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་དམིགས་ནས་དེའི་ངོ་བོ་ཉིད་ཀྱིས་ཅང་མི་སྨྲ་བར་གྱུར་པ་ནི་འོད་གསལ་བའི་ཏིང་ངེ་འཛིན་ཐོབ་ནས་ཆུ་བོའི་རྒྱུན་རྒྱུ་བ་བཞིན་དུ་དེ་ཉིད་ལ་དགོང་ས་ཤིང་བཞུགས་བར་གྱུར་ཏེ་རྫོགས་པའི་རིམ་པའོ། །འདི་


DTG029_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནི་ཚིག་གི་དོན་བཅུ་དྲུག་གིས་བཤད་པ་གཙོ་བོར་གྱུར་པ་བསྡུས་པས་ན་རིམ་པ་འདིས་སྟོན་པར་བྱེད་པའི་དཔལ་གསང་བ་འདུས་པའི་རྒྱུད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་མ་འོངས་པའི་སེམས་ཅན་གྱི་ཁམས་རྗེས་སུ་གཟུང་བར་མཛད་པའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་བཞིན་གཤེགས་པ་དྲུག་པས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སྡུད་པ་པོ་སྟེ་ཚིག་གི་དོན་བཅུ་དྲུག་གོ །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པས་ཏེ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ནི་རིམ་པ་གཉིས་ཀྱིས་སྒྲུབ་པ་སྟེ། དེ་གཙོ་བོར་གྱུར་པ་གང་ཞིག་གསང་བ་འདུས་པ་ཞེས་པ་ལ། གསང་བ་ནི་བྱ་བ་ལ་སོགས་པ་ལ་འཇུག་པ་རྣམས་ལ་བསྟན་པར་མི་བྱ་བ་དང༌། འདུས་པ་ནི་སངས་རྒྱས་ཐམས་ཅད་གཅིག་ཏུ་བྱེད་པའི་མཚན་ཉིད་དེ། དེ་སྟོན་པར་བྱེད་པའི་རྒྱུད་ལས་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་གང་ཞིག་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་དམ་ཚིག་དང་སྡོམ་པ་སྟེ། དེ་རྣམས་ཉིད་སྤང་བར་མི་བྱ་བའི་ཕྱིར་རྡོ་རྗེ་སྟེ། དེའི་བྱིན་གྱིས་རློབ་པ་ནི་མངོན་དུ་བྱེད་པ་སྟེ། དེ་ཉིད་ཀྱི་རྒྱལ་པོ་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བ་སྟེ། དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་རྡོ་རྗེའི་བྱིན་གྱི་རླབས་ཀྱི་རྒྱལ་པོ་ཞེས་བྱ་བའོ། །ལེའུ་ཞེས་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་རྣམས་འདོན་པར་བྱེད་པ་དང༌། རྡོ་རྗེ་འཆང་ཉིད་སྟེར་བར་བྱེད་པས་ན་ལེའུ་སྟེ་སྒྲུབ་པའོ། །རྒྱུད་འགྲེལ་ལས་ལེའུ་བཅུ་བདུན་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་བཅུ་བདུན་པའི་ཚིགས་སུ་བཅད་པའི་གྲངས་ནི་བདུན་བརྒྱ་བརྒྱད་ཅུའོ། །དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱུད་འགྲེལ་ཞེས་བྱ་བ་ལ། རྡོ་རྗེ་ཐེག་པ་ཆེན་པོ་པ་སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ཏཱ་ར་ཀ་ལ་ཤའི་སྲས་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤའི་དཔོན་པོ་མནྟྲ་ཀ་ལ་ཤ་ཞེས་བྱ་བ་ཉིད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།


previousལེའུ་བཅུ་བདུན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་བཤད་པ།next