Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སུམ་ཅུ་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅོ་ལྔ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཐའ་དྲུག་གིས་བཤད་པ།
   
   
   
  collapse section
   


 
previousལེའུ་བཅོ་ལྔ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཐའ་དྲུག་གིས་བཤད་པ།next

ལེའུ་བཅོ་ལྔ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཐའ་དྲུག་གིས་བཤད་པ།


DTG030_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དང་མ་བཤད་པའི་ཞི་བ་ལ་སོགས་པའི་ལས་རྣམས་ཀྱི་དངོས་གྲུབ་ནི། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པ་དང་བྲལ་བས་འགྲུབ་པར་མི་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅོ་ལྔ་པ་གསུངས་ཏེ། རྒྱལ་པོ་རྡོ་རྗེ་འཛིན་ཞེས་བྱ་བ་ནི། རྡོ་རྗེ་འཛིན་པ་ཆེན་པོའོ། །ཐམས་ཅད་ནམ་མཁའ་ནི་སྟོང་པ་ཉིད་བཞིའི་བདག་ཉིད་ཅན་ནོ། །མི་འགྱུར་ཆེ་ནི་རྣམ་པར་མི་འཇིག་པའོ། །ཐམས་ཅད་དབང་བསྐུར་བ་ནི་དབང་བསྐུར་བ་ཐམས་ཅད་ཀྱིས་ཀྱང་དབང་བསྐུར་བའོ། །ཀུན་མཁྱེན་ནི་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན་དུ་གྱུར་པས་སོ། །རྡོ་རྗེ་གསུམ་ནི་མི་ཕྱེད་པའི་གསུང་ངོ༌། །བཀའ་སྩལ་པ་ནི་གསུངས་པར་གྱུར་པ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། །སྤྲོས་པ་མེད་པའི་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། སྨེ་ཤ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨེ་ཤ་ཅན་གྱི་བུ་མོ་ནི་རིགས་ངན་གྱི་བུ་མོའོ། །དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ན་བདག་ཉིད་ཆེའོ། །བུ་མོ་ལོ་གྲངས་བཅུ་གཉིས་པ་ནི་ལོ་བཅུ་གཉིས་ལོན་པའི་ན་ཚོད་དོ། །དབེན་པའི་གནས་སུ་ཁྱད་པར་དུ། །ཞེས་བྱ་བ་ནི། སྐྱེ་བོ་འདུས་པ་དང་ཤིན་ཏུ་བྲལ་བས་དབེན་པའི་གནས་དག་ཏུ་བསླབ་པར་བྱའོ། །སྒྲུབ་པ་པོས་ནི་ཞེས་བྱ་བ་ནི་རྒྱུད་དང་སྔགས་ལེགས་པར་སློབ་ཏུ་གཞུག་པའོ། །རྟག་ཏུ་ཞེས་བྱ་བ་ནི། དུས་ཐམས་ཅད་དུ་ལེགས་པར་བསླབས་པ་སྟེ། བརྗེད་དས་པའི་འཇིགས་པ་ཡོད་པའི་ཕྱིར་རོ། །བསྒྲུབ་ཅེས་བྱ་བ་ནི། སྔགས་དང་རྒྱུད་ལ་ལེགས་པར་བྱང་བར་བསླབས་པའོ། །གནས་ཡོངས་སུ་སྦྱང་བ་བསྟན་པར་བྱ་བའི་ཕྱིར། བཤད་གཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་པ་ནི་བསེར་སྐྱའི་ལྕི་བའོ། །གཅི་བ་ཞེས་བྱ་བ་ནི་བའི་གཅིན་ནོ། །


DTG030_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཉིད་བསྒྲུབ་པའི་ཡན་ལག་ཉིད་དུ་ཡང་དག་པར་གྱུར་པས་ན། དམ་ཚིག་སྟེ་དེ་ལ་སོགས་པ་གང་ཡིན་པ་ནི། བཤད་གཅི་དམ་ཚིག་ལ་སོགས་པ། །ཞེས་བྱ་སྟེ། སོགས་པའི་སྒྲས་ནི་ཙནྡན་ལ་སོགས་པ་ཡང་ཡོངས་སུ་གཟུང་ངོ༌། །དེ་རུ་ཆོ་ག་བཞིན་དུ་ནི། །ཞེས་བྱ་བ་ནི། འདིར་དཀྱིལ་འཁོར་གྱི་ཆོ་ག་སྟེ། དེའི་ཆོ་གས་སོ། །དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ། །ཞེས་བྱ་བ་ནི། གྲུ་བཞི་ཞེས་བྱ་བའི་ཉེ་བར་མཚོན་པས་སྒོ་བཞི་ལ་སོགས་པ་དང་ཡང་དག་པར་ལྡན་པ་ཡིན་པར་གཟུང་བར་བྱའོ། །ཇི་ལྟ་ཞེ་ན། རྡོ་རྗེ་དཀྱིལ་འཁོར་བསྒོམ་པ་ཡིས། །ཞེས་བྱ་བ་སྟེ། རྡོ་རྗེའི་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །དེ་བསྒོམ་ཞིང་གསལ་བར་བྱེད་པས་ན། རྡོ་རྗེའི་དཀྱིལ་འཁོར་བསྒོམ་པ་ཡིས་ཏེ། དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་གཟུགས་དེ་རྣམས་ཀྱིས་དཀྱིལ་འཁོར་བརྒྱན་པར་བྱའོ་ཞེས་བྱ་བར་དགོངས་སོ། །མཚན་ཉིད་ཐམས་ཅད་ནི་ཞབས་ལ་སོགས་པ་ནས། དབུ་སྐྲའི་བར་གྱི་མཚན་མ་བཟང་པོ་གང་ཡིན་པ་སྟེ། དེས་ཡོངས་སུ་དག་ཅིང་ཉེ་བར་འབར་བའོ། །རབ་ཏུ་བཟང་བ་ནི་གཞན་རྣམས་ལ་མ་ཆགས་པའོ། །བཞིན་ཡང་མཛེས་ཞེས་བྱ་བ་ནི་སྒྲུབ་པ་པོ་ལ་ཉེ་བར་ལྟ་བའོ། །རྒྱན་རྣམས་ཐམས་ཅད་ནི་དགའ་བ་ལ་མཁས་པ་སྟེ། དེ་ཡོངས་སུ་རྫོགས་པ་ནི་མ་ཚད་པ་མེད་པ་སྟེ། འདི་ལྟ་བུའི་སྨེ་ཤ་ཅན་གྱི་བུ་མོ་ལེགས་པར་བསླབས་པ། པང་པར་ཏེ། བདག་དང་ལྷན་ཅིག་ཏུ་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས་རྣམ་པར་བསྒོམ་པ་སྟེ། མངོན་པར་འདོད་པའི་དོན་རྫོགས་པར་བྱའོ། །དཀྱིལ་འཁོར་ལྔ་ཡི་ཞེས་བྱ་བ་རིགས་ལྔའིའོ། །འཁོར་ལོ་ཡེས་ཞེས་བྱ་བ་ནི་དེ་རྣམས་ཀྱི་འཁོར་རྣམས་ཀྱིས་སོ། །སངས་རྒྱས་གཟུགས་སུ་ཞེས་བྱ་བ་ནི། སྒྲུབ་པ་པོའི་ལུས་ཏེ། དེ་རྣམ་པར་སྒོམ་པ་ནི་བསྐྱེད་པའོ། །སྔགས་ཀྱི་འཁོར་ལོ་ཅན་གྱི་ཞེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ཀྱི་གསང་བའི་མཆོད་པའི་གནས་ནི་ཉམས་དགའ་ཞིང༌། བླ་ན་མེད་པའི་མཆོད་པའི་བྱ་བ་འདི་དག་བསྒོམ་པར་བྱའོ། །དེ་ལྟར་སྒྲུབ་པ་པོ་སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན་གྱི། བདག་ཉིད་རྣམ་པར་སྣང་མཛད་ཆེན་པོའི་སྐུར་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམ་མོ། །ཇི་ལྟ་ཞེ་ན། བསམ་གཏན་སྔགས་ཀྱི་སྟེ་མི་བསྐྱོད་པ་ལ་སོགས་


DTG030_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་རྣམས་ཀྱི་སྦྱོར་བ་ནི་ཇི་ལྟ་བ་བཞིན་དུ་གཞག་པའོ། །དེས་ནི་སངས་རྒྱས་ཀྱི་ནི་འོད་དང་འདྲ་བར་འགྱུར་བ་སྟེ། རྣམ་པར་སྣང་མཛད་དུ་གྱུར་པར་བསྒྲུབ་པར་བྱའོ། །བུ་མོ་ཨུཏྤལ་མཐིང་ཀའི་མདོག །ཅེས་བྱ་བའི་མཚན་ཉིད་ཐམས་ཅད་ཡོངས་སུ་དག །བཞིན་རབ་མཛེས་པ་ཞེས་བྱ་བ་འདི་དང༌། འོག་ནས་འབྱུང་བའི་མི་བསྐྱོད་པར་སྦྱར་ལ། བཙོ་བླག་མཁན་ཞེས་བྱ་བ་ལ་སོགས་པ་ལྷག་མ་རྣམས་ནི། བཤད་མ་ཐག་པའི་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་དང་སྦྱར་བར་བྱ་སྟེ། གཙོ་བླག་མཁན་གྱི་བུ་མོ་མདོག་དཀར་བ་བསྒྲུབ་ཅིང་ལེགས་པར་བསླབ་པར་བྱའོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་སོ། །སྦྱོར་བའི་ཆོ་ག་འདི་ཉིད་ནི། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་སྦྱོར་བ་དེ་ཉིད་ནི་ཆོ་ག་སྟེ། སྦྱོར་བ་དེ་ཉིད་བྱས་ནས་ལས་རྣམས་བརྩམ་པར་བྱ་ཞེས་བྱ་སྟེ། དེ་དང་ལྷན་ཅིག་ཇི་ལྟར་འདོད་པའི་ལས་རྣམས་བྱ་བའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། སྔགས་རྣམས་ཐམས་ཅད་ཅེས་བྱ་བ་ནི། རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པའིའོ། །དམ་ཚིག་ནི་སྒྲུབ་པའི་ཆོ་གའོ། །ཤིན་ཏུ་འདའ་དཀའ་བའོ་ཞེས་བྱ་བ་ནི། སྒྲུབ་པ་པོ་དེས་འདའ་བར་བྱ་བ་མ་ཡིན་པའོ། །དེ་ནི་དེ་མ་ཐག་ཏུ་ཡང༌། །ཞེས་བྱ་བ་ནི། བསྒོམས་པ་ཉིད་དུ། རྡོ་རྗེ་སེམས་དཔའི་འོད་འདྲར་འགྱུར། །ཞེས་བྱ་བ་ནི། རིན་ཆེན་དཔལ་དང་འདྲ་བར་འགྱུར་བ་སྟེ་དེའི་རྣལ་འབྱོར་དང་ལྡན་པའོ། །རྒྱལ་པོ་ཆོས་རྣམས་ཀུན་དང་མཚུངས། །ཞེས་བྱ་བ་ནི་སྦྱོར་བ་དེ་དང་ལྡན་པས་ཆོས་ཐམས་ཅད་འཛིན་པའི་རྒྱལ་པོ་འོད་དཔག་ཏུ་མེད་པ་དང་མཚུངས་པར་འགྱུར་བའོ། །འོད་དང་ཐར་པ་རབ་སྒྲུབ་པ། །ཞེས་བྱ་བ་ནི། ལས་ཀྱི་རིགས་ཀྱི་རྣལ་འབྱོར་པ་སྦྱོར་བ་དེ་དང་ལྡན་པས། འདོད་པ་དང་ཐར་པ་རབ་ཏུ་སྒྲུབ་པར་བྱེད་པ་དོན་ཡོད་པར་གྲུབ་པ་དང་འདྲ་བར་འགྱུར་བའོ། །རྡོ་རྗེ་ཆོས་ནི་ཞེས་བྱ་བ་ལ་སོགས་པས་ནི། འོད་དཔག་ཏུ་མེད་པའི་རྣལ་འབྱོར་པའི་ཁྱད་པར་གྱི་ཆོ་ག་སྟོན་པ་ཡིན་ཏེ། རྡོ་རྗེ་ཆོས་ནི་རྣམ་བསྒོམ་པས། །ཞེས་བྱ་བ་ནི། འོད་དཔག་ཏུ་མེད་པའི་སྦྱོར་བས་སོ། །རབ་མཛེས་ཤིང་ཞེས་བྱ་བ་ནི་དམར་


DTG030_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐྱའོ། །བཞིན་བཟང་ནི་སྒྲུབ་པ་པོ་ལ་དགའ་བས་ལྟ་བའོ། །མིག་ནི་དཀྱུས་རིང་བ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པའོ། །སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ། །ཅེས་བྱ་བ་ནི་རྟག་ཏུ་བསླབ་པའོ། །དེ་ནི་ཞེས་བྱ་བ་ནི་དེ་ལྟར་ཞུགས་པའི་སྒྲུབ་པ་པོའོ། །རྡོ་རྗེ་ཆོས་ཀྱི་བདག་ཉིད་ཅན་ནི་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དེ། ས་བཅུ་ལ་གནས་པར་འགྱུར་བའོ། །རྒྱལ་པོ་གསུང་གི་དམ་ཚིག་འཛིན། །ཞེས་བྱ་བ་ནི། ངག་གི་དབང་ཕྱུག་སྟེ་དེ་འཛིན་པའོ། །མངའ་བདག་དམ་པ་ཀུན་གྱི་མཆོག །ཅེས་བྱ་བ་ནི། དབང་ཕྱུག་དམ་པ་དང་ལྡན་པའི་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་གྱུར་པ་ལི་བོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་སྟེ། རྟོག་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །དེ་ལྟར་རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་ཕྱག་རྒྱའི་དབྱེ་བ་རབ་ཏུ་བསྟན་ནས། རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་བཞི་པོ་རྣམས་ལས་གང་ཡང་རུང་བའི་བུ་མོ་བླངས་ནས་རྡོ་རྗེ་ཆོས་བདག་སྟེ། རྡོ་རྗེ་དང་འདྲ་བར་མི་ཕྱེད་པའི་ཆོས་རྣམས་ནི། རྫོགས་པའི་རྣལ་འབྱོར་ཏེ། དེའི་བདག་ཉིད་ནི་དེ་རྟོགས་པ་དང་ལྡན་པའོ། །འདི་ནི་གསང་བ་ཐོབ་བྱེད་པའོ། །ཞེས་བྱ་བ་ལ། གསང་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟོ། དེ་ཐོབ་པར་བྱེད་པ་ནི་དེ་སྐྱེད་པར་བྱེད་པ་སྒྲུབ་པར་བྱེད་པའོ། །དེ་ཡང་མངོན་པར་བྱང་ཆུབ་པའི་རིམ་པས་རྫོགས་པར་བྱ་སྟེ། དེའི་ཐབས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཉི་མ་ནི་ཉི་མ་ཉིད་དོ། །ནུབ་ནས་ནི་ཞེས་བྱ་བ་ནི་དམར་ཐག་ཆད་ཅིང་འདས་པར་གྱུར་ཏེ། མེད་པ་ན་ཡོ་བྱད་ཅི་རྙེད་པས་བླ་མ་མཉེས་པར་བྱའོ། །དེ་ནས་བླ་མའི་དྲིན་གྱི་མཚན་ཕྱེད་ན་དབང་བསྐུར་བ་ཐོབ་ནས། སྐྱ་རེངས་འཆར་བའི་དུས་སུ་ནི་སྟེ། མཚན་མོའི་ཆ་འདས་ནས་ཉི་མ་མ་ཤར་བའི་དུས་སུ་བསྒོམ་པའི་མཆོག་སྟེ། མངོན་པར་བྱང་ཆུབ་པའི་རིམ་པ་ལུང་ཕོག་པས་ཀྱང་འགྲུབ་པར་འགྱུར་ཞིང་རྣམ་པར་དག་པར་འགྱུར་ཏེ། འདི་ནི་ཕྱིའི་མངོན་པར་བྱང་ཆུབ་པའི་རིམ་པའོ། །ནང་གི་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།


DTG030_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཉི་མ་སྟེ་ཐབས་ཀྱི་ཡེ་ཤེས་སྙོམས་པར་འཇུག་པའི་མཚན་ཉིད་བྱུང་བར་གྱུར་ནས། ནུབ་པ་སྟེ་ཤེས་རབ་ཀྱི་ངོ་བོ་ཉིད་དུ་གྱུར་པ་སྟེ་ངེས་པར་འགགས་ནས་སྒྲུབ་པ་སྟེ། འོད་གསལ་བའི་སྔོན་དུ་འགྲོ་བས། འོད་གསལ་བ་སྒྲུབ་པར་བྱེད་པའི་ཀུན་དུ་སྣང་བ་ཉེ་བར་ཐོབ་པ་ཀུན་དུ་བརྩམ་པ་སྟེ། འབྱུང་བར་འགྱུར་ཏེ། སྐྱ་རེངས་འཆར་བ་ནི་མ་རིག་པ་སྟེ། དེ་འདས་ཤིང་སོང་བར་གྱུར་པའི་དུས་སུ་སྒྲུབ་པ་པོས་བསྒོམ་པའི་མཆོག་གི་སྟེ་སྟོང་པ་ཉིད་དང་ཤིན་ཏུ་སྟོང་པ་ཉིད་དང་ཆེན་པོ་སྟོང་པ་ཉིད་ཀྱི་རྒྱུ་དང་རྐྱེན་གྱིས་འགྲུབ་པར་འགྱུར་ཞིང་འོད་གསལ་བ་མངོན་སུམ་དུ་བྱེད་པས་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །དེ་ཇི་ལྟ་བུ་ཞེ་ན། རྒྱན་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཞེས་བྱ་བ་ནི། མཚན་ཐམས་ཅད་ཀྱིས་བརྒྱན་པའོ། །སྤོས་དང་མེ་ཏོག་རྣམས་ཀྱིས་བརྒྱན། །ཞེས་བྱ་བ་ནི། སྟོབས་བཅུ་དད་མི་འཇིགས་ལ་སོགས་པ་དང་ཉེ་བར་ལྡན་པའོ། །རྡོ་རྗེ་སེམས་དཔའ་ནི་སྒྲུབ་པ་པོ་རྣམས་ཏེ། དེ་རྣམས་ཀྱི་མཆོག་བསྒོམས་ནའོ། །གྲུབ་པ་ནི་ཕྱག་རྒྱ་ཆེན་པོ་རྫོགས་པ་མྱུར་དུ་སྟེ། རིང་པོ་མི་ཐོགས་པར་འཐོབ་པར་འགྱུར་རོ། །དེ་ལྟར་གྲུབ་པར་གྱུར་པ་འདི་ནི་སྐུ་གསུམ་མཆོག་སྦྱིན་པ་སྟེ། ཁམས་གསུམ་གྱི་མངོན་པར་འདོད་པའི་དོན་གྱི་འབྲས་བུ་རབ་ཏུ་སྟེར་བའོ། །སངས་རྒྱས་མཚན་གྱིས་ཞེས་པ་ནི་རབ་ཏུ་གྲགས་པའི་མཚན་རྣམས་ཀྱིས་སོ། །དེ་རྣམས་ཀྱིས་མཚན་པར་གྱུར་པ་ནི་དེ་རྣམས་དང་ཉེ་བར་ལྡན་པའོ། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །ཞེས་བྱ་བའི་ཉེ་བར་མཚོན་པའི་དོན་གྱིས་ན། སྟོང་གསུམ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ། དེའི་འོད་ཀྱང་སྣང་བར་བྱེད་པར་འགྱུར་རོ། །དབང་པོ་གཉིས་ནི་སྦྱོར་བ་ཡིས། །ཞེས་བྱ་བ་ནི། བདེན་པ་གཉིས་གཉིས་སུ་མེད་པར་བྱས་པས། རྡོ་རྗེ་འཆང་ཆེན་པོ་སྐྱེས་པ་སྟེ། །དེས་སྦྱོར་བ་ཐམས་ཅད་ཅེས་བྱ་བ་ཞི་བ་ལ་སོགས་པ་རྣམས་བརྩམ་པར་བྱ་སྟེ། བཤད་མ་ཐག་པའི་ཏིང་ངེ་འཛིན་འདི་ནི། དངོས་གྲུབ་ཐམས་ཅད་ཀྱི་ཞེས་བྱ་བ་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པ་རྣམས་ཀྱི་དམ་ཚིག་སྟེ། རྫོགས་པར་བྱེད་པ་དང་ཤིན་ཏུ་འདའ་བར་


DTG030_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀའ་ཞིང་འདའ་བར་མི་རུང་བའོ། །རྡོ་རྗེ་ཅན་གྱིས་གྲུབ་འདོད་ན། །ཞེས་བྱ་བ་ནི་སྒྲུབ་པ་པོའོ། །དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། དེ་གལ་ཏེ་འདོད་ན། བཤད་གཅིའི་དམ་ཚིག་བཟའ་བར་བྱ། །ཞེས་བྱ་བ་སྟེ། བཤད་པ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །ག་ཅི་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཏེ། དེ་དག་གི་དམ་ཚིག་ནི་ཡུལ་དང་ཡུལ་ཅན་དུ་གྱུར་པས་འདུས་པ་སྟེ། དེ་བཟའ་ད་ནི་སོ་སོར་སྡུད་པ་ལ་སོགས་པའི་རིམ་པས་ཉམས་སུ་མྱོང་བ་འདི་ཉིད་ནི། དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཤིན་ཏུ་འདའ་དཀའ་བ་སྟེ། འདའ་བར་དཀའ་བའི་ལམ་ཡིན་ནོ། །བཤད་གཅིའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོས་བཤད་མ་ཐག་པའི་ཡུལ་དང་དབང་པོ་སྔོན་དུ་འགྲོ་བས། དབང་པོ་གཉིས་ཀྱི་སྦྱོར་བ་སྟེ་བདེ་ན་པ་གཉིས་གཉིས་སུ་མེད་པར་བྱས་པའི་སྦྱོར་བས། སངས་རྒྱས་བྱང་ཆུབ་ཀྱི་གནས་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་དགེ་ཞིང་ཞིག་དེ་ཉིད་མི་སླུ་བ་བླ་ན་མེད་པ་སྟེ། དངོས་གྲུབ་ཐམས་ཅད་ལས་ཕུལ་དུ་བྱུང་བ་འགྲུབ་པར་འགྱུར་ཞིང་འཐེབ་པར་འགྱུར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི། སྡུད་པར་བྱེད་པའི་ཚིག་ཡིན་ཏེ། འདོད་པ་ནི་འཁོར་བའོ། །ཐར་པ་ནི་མྱ་ངན་ལས་འདས་པའོ། །དེ་དག་མཉམ་ཞིང་གཅིག་ཏུ་བྱས་པ་མཁྱེན་པས་ན། འདོད་པ་དང་ཐར་པའི་དམ་ཚིག་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དགོངས་པས་བཤད་པའོ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོ་བསྒྲུབ་བཤད་ནས། ཡང་འཇིག་རྟེན་པའི་དངོས་གྲུབ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །དམ་ཚིག་ཆེན་པོ་ཞེས་བྱ་བའི་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེ། བསྒྲུབ་པར་བྱ་བའི་ཐམས་ཅད་དོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཀུན་དུ་སྐྲག་པར་བྱེད་པ་ནི། ཁྲོ་བོ་སྔགས་ཀྱི་བདག་ཉིད་ཅན་ཏེ། འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཏེ། མིང་སྤྲུལ་ཞེས་བྱའོ། །དེ་ཡང་ཨོཾ་ཞེས་བྱ་བ་ནི་སྔགས་ཀྱི་ལྷ་རྣམས་


DTG030_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱག་རྒྱ་ཆེན་པོ་རབ་ཏུ་བསྟན་པའོ། །ཧྲཱིཿ་ཞེས་བྱ་བ་ནི་བོད་པའོ། །ཥྚྲཱྀཿ་ཞེས་བྱ་བ་ནི་རྣམ་པར་འགྱུར་བ་ལྟ་བུར་རང་གི་ངོ་བོ་ཉིད་སྟོན་པའོ། །ཝི་ཀྲྀ་ཏཱ་ནན་ཞེས་བྱ་བ་ནི་ཞལ་འཇིགས་སུ་རུང་བའོ། །སརྦ་ཤ་ཏྲའུཾ་ཞེས་བྱ་བ་ནི་ཕྱིར་རྒོལ་བ་ཐམས་ཅད་དོ། །ནཱ་ཤ་ཡ་སྟ་མྦྷ་ཡ་ཞེས་བྱ་བ་ནི་བྲོས་པ་རྣམས་ཀྱང་ཁུག་ལ་བརླག་པར་གྱིས་ཤིག་པའོ། །ཧཱུཾ་ཧཱུཾ་ཞེས་བྱ་བ་ནི་དོན་འདི་གསལ་བར་བྱེད་པའི་ས་བོན་ནོ། །ཕཊ་ཅེས་བྱ་བ་ནི་གསོད་པ་གསལ་བར་བྱེད་པའི་ས་བོན་ནོ། །སྭཱ་ཧཱ་ཞེས་བྱ་བ་ནི་སྔགས་ཀྱི་ལྷ་རྣམས་དབུགས་དབྱུང་བའོ། །འདིའི་སྤེལ་བ་ནི་སྔ་མ་བཞིན་ནོ། །དུག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སྡོང་བུ་དང་ལོ་མ་ལ་སོགས་པའི་དུག་གམ་སྦྱར་བའི་དུག་དང་ཁྲག་སྟེ་ཅི་རིགས་པར་རྙེད་པ་དང་ལན་ཚྭ་དང་ཡུངས་མར་དང་སྐེ་ཚེ་སྟེ། དངོས་སུ་གྲགས་པ་དེ་དག་ཐམས་ཅད་གཅིག་ཏུ་བྱས་ལ། ཏིལ་མར་ལ་སོགས་པས་བསྒོས་ནས་ཚེར་མའི་མེ་སྟེ། པོ་སོ་ཆ་ལ་སོགས་པ་ཚེར་མ་ཅན་གྱི་ཤིང་གི་མེ་རབ་ཏུ་འབར་བ་ལ། ཁྲོས་ཤིང་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་དང་ལྡན་པས། བུ་མོའི་མིང་དང་ཚིག་ཏུ་བཅས། །ཞེས་བྱ་བ་སྟེ། མངོན་པར་འདོད་པའི་མིང་གི་ཡི་གེ་དང་སྔགས་སུ་སྤེལ་ཏེ། འདོན་ཞིང་འོག་ནས་བཤད་པའི་རིམ་གྱིས་སྦྱིན་སྲེག་བྱ་སྟེ། ཉི་མ་གུང་ངམ་ནམ་ཕྱེད་ན་གནོན་པའི་ལས་འདི་ནི་དཔུང་པ་ལ་སོགས་པ་གནོན་པ་ལ་ཡང་ཤིས་ཤིང་བསྔགས་པ་ཡིན་ནོ། །གྲུ་གསུམ་དུ་ཞེས་བྱ་བ་ནི་ཐབ་ཁུང་ཟུར་གསུམ་པར་དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོ་རྡོ་རྗེ་ཞལ་གདངས་པ་མཆེ་བ་གཙིགས་ཤིང་ལྗགས་བསྐྱོད་པར་རྣམ་པར་བསྒོམས་ལ། སྟོང་རྩ་བརྒྱད་ནི་ཚུལ་བཞིན་དུ་བསྲེག་ཅེས་པ་སྟེ། དཔུང་གནོན་པ་ལ་སོགས་པ་ལ་རང་རང་གི་ཆོ་གས་སྦྱར་ཏེ། ཆོ་ག་འདི་ཉི་མ་གསུམ་གྱི་བར་དུ་སྦྱར་ན། བུ་མོ་དག་དང་འབྲེལ་པའི་ལོངས་སྤྱོད་ཆེན་པོ་འཐོབ་པའི་རྒྱུར་བུ་མོ་གནོན་པ་སྟེ། སྒྲུབ་པ་པོ་གཞན་ལས་ལེན་པ་ནི་སྦྱོར་བ་དེས་འགྲུབ་པར་འགྱུར་རོ། །དུས་ཇི་སྲིད་ཅིག་ན་ཞེ་ན། བསྐལ་པ་གྲངས་མེད་པ་གསུམ་སྟེ། བྱིས་པ་དང་ལང་ཚོ་དང་བར་མ་དེ་དག་འདས་ཀྱི་བར་དུ་སྟེ། ཇི་སྲིད་གྲངས་མེད་པ་ཞེས་བྱ་བ་


DTG030_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བགྲང་དུ་མེད་པ་ཉིད་དེ། རྒས་འཁོགས་པ་དེ་སྲིད་དུ་གནས་པར་འགྱུར་རོ། །རྟག་ཏུ་ཞེས་བྱ་བ་ནི་བར་དུ་ཡང་ངོ༌། །སྐྱེས་པའི་སྦྱོར་བའི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཏེ། སྔ་མ་བཞིན་དུ་བཟླས་པའི་སོལ་བས་དུར་ཁྲོད་ཀྱི་རས་ལ་མཛད་ཀྱི་རྣལ་འབྱོར་པའོ། །ཆོས་འཛིན་པ་ནི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའི་རྣལ་འབྱོར་པའོ། །གཞན་ཡང་རིན་པོ་ཆེའི་རྣལ་འབྱོར་པ་དང༌། ལས་ཀྱི་རྣལ་འབྱོར་པའམ། ཁྲོ་བོའི་རྣལ་འབྱོར་པ་གང་ཡང་རུང་བའོ། །གལ་ཏེ་རྨོངས་པས་འདས་ན་ནི། །ཞེས་བྱ་བ་ནི། གནོན་པ་འདི་གཅོད་པར་འདོད་ན་སྒྲུབ་པ་པོའི་དེའི་ཚེ་ནི་དེང་ཟད་ལས་འགྱུར་ཞེས་བྱ་བ་སྟེ། ལས་དེ་བརྩམས་པ་ནས་བཟུང་ནས་ཟང་ཅིང་མཐར་ཐུག་པར་འགྱུར་རོ། །སྔགས་འདི་ཉིད་ཀྱི་སྦྱོར་བ་གཞན་པ་བསྟན་པར་བྱ་བའི་ཕྱིར། བཅུ་བཞིའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་བ་མར་གྱི་ངོའི་བཅུ་བཞིའམ་ཡང་ན་ཚེས་བརྒྱད་དག་ལ། མཚོན་གྱིས་གསད་པའི་སྐྱེས་བུའི་རོ་བསྲེགས་པའི་སོལ་བ་བླངས་ནས་ཐོད་པ་ཁ་སྦྱར་གྱི་ནང་དུ་བཞག་སྟེ་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ལ། དུར་ཁྲོད་ཀྱི་རས་རིན་ལ་མ་བརྩེགས་པར་ཉོས་པ་ལ། དེས་དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོའི་གཟུགས་གཤིན་རྗེ་གཤེད་ལྟ་བུར་བྲིས་ལ། སྤྱན་དྲངས་ཏེ་སྙིང་གར་ལག་པས་བྲ་བ་སྟེ། བཤད་མ་ཐག་པའི་སྔགས་བཏབ་ནས། ཕཊ་ཀྱི་འོག་ཏུ་ཆེ་གེ་མོ་ཨི་དཾ་དཱ་པ་ཡ་ཧྲི་སྭཱ་ཧཱ་ཞེས་བྱ་བའི་སྔགས་མཚན་ཕྱེད་དམ། ཉི་མའི་གུང་ལ་སྟོང་རྩ་བརྒྱད་བཟླས་ན། སྒྲུབ་པ་པོ་དེ་སེམས་ཅན་རྣམས་ཀྱིས་མངོན་པར་འདོད་པའི་འབྲས་བུ་རྟག་ཏུ་སྟེར་བར་འགྱུར་ར། །སྔགས་འདི་ཉིད་ཀྱི་སྦྱོར་བ་གཞན་བསྟན་པར་བྱ་བའི་ཕྱིར། སྔགས་ཤེས་པ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་དུ་བཟླས་པའི་སོལ་བས་དུར་ཁྲོད་ཀྱི་རས་ལ་དགྲ་གང་ཡང་རུང་བའི་གཟུགས་བརྙན་བྲིས་ལ། སྙིང་གར་སྔགས་དར་སྤེལ་བས་མིང་བྲས་ལ། ཟླ་བ་མར་གྱི་ངོའི་ཉི་མ་ལ་མངོན་སྤྱོད་ཀྱི་དུས་སུ། གང་ལ་དགའ་བའི་ཁྲོ་བོའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས། ཨོཾ་ཧྲའྀཿཥྚཱིཿབིཀྲ་ཏཱ་ན་ན་ཆེ་གེ་མོའི་ཧྲི་ད་ཡཾ་སཱ་དཱ་ཡ་ཞེས་བརྗོད་ལ། ལྷག་མ་


DTG030_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་བཟླས་ཏེ་སོལ་བ་དེ་མཚོན་ཆ་ལྟ་བུར་བསམས་ལ། སྤྱི་བོ་ནས་བརྩམས་ནས་གཉིས་སུ་བྱ་བའི་བསམ་པས་དབུས་སུ་རི་མོ་བྱས་ན་བྲིས་པ་ཙམ་གྱི་མོད་ལ་སྙིང་གས་ནས་འཆི་བར་འགྱུར་རོ། །ཐོ་བ་ཞེས་བྱ་བ་ལ་སོགས་པ་ལ། གཤིན་རྗེ་གཤེད་ཀྱི་སྦྱོར་བ་དང་ལྡན་པས། ཆུ་ངོགས་གཉིས་ཀྱིས་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱིས་དང་བཅས་པ་ལ། དགྲ་བོའི་གཟུགས་བརྙན་བྱས་ལ་རྣམ་པར་ཤེས་པ་བཀུག་སྟེ། དེའི་ནང་དུ་བཅུག་ནས་ཁྲོས་པས་ཕཊ་ཅེས་བརྗོད་ཅིང་རྡོ་རྗེ་ཐོ་བས་སྤྱི་བོར་བསྣུན་ཏེ་དེ་ལྟར་བྱས་ན་ངེས་པར་ལྟུང་ཞེས་བྱ་བ་སྟེ། བསྒྲུབ་པར་བྱ་བའི་མགོ་ལ་ཐོ་བ་མངོན་དུ་འབབ་པར་འགྱུར་རོ། །ཡང་ན་བསམ་གཏན་གྱིས་ཀྱང་འདི་དག་ཐམས་ཅད་རྫོགས་པར་བྱའོ། །ཧཱུཾ་ནི་ཞེས་བྱ་བ་ལ་སོགས་པ་ལ། གནོད་མཛེས་ཀྱི་སྦྱོར་བ་དང་ལྡན་པས། བཤད་མ་ཐག་པའི་སྦྱར་བས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ལ། །རང་གི་ལག་ན་གནས་པའི་རྡོ་རྗེ་ཁ་རྣམ་པར་གྱེས་ཤིང༌། འབར་བ་དང་བཅས་པའི་ཡི་གེ་ཧཱུཾ་གི་ཡེ་ཤེས་དང་ལྡན་པ། ཧཱུཾ་ལས་བྱུང་བའི་འོད་ཟེར་འབར་བ་ནག་པོས་ཀུན་ནས་ཁྱབ་པར་བསམས་ལ། བསྒྲུབ་པར་བྱ་བའི་མགོ་ལ་བསྒོམས་ཏེ་ལྟུང་བར་གྱུར་པར་བསྒོམ་མོ། །སྒྲུབ་པ་པོས་དེ་ལྟར་བྱས་ནས་གདུག་པ་ཐམས་ཅད་འཇིག་པར་བྱེད་ཅིང་ལྟུང་བར་བྱེད་པར་འགྱུར་རོ། །སྦྱོར་བ་གང་ལ་གནས་ན་སྦྱོར་བའི་འདི་བྱ་ཞེ་ན། ཕྱག་ན་རྡོ་རྗེའི་རིགས་དྲན་ཏེ། །ཞེས་བྱ་བ་གསུངས་ཏེ། ཕྱག་ན་རྡོ་རྗེའི་རིགས་ཏེ། རིགས་དེའི་ཁྲོ་བོ་གནོད་མཛེས་རྒྱལ་པོ་ཡིན་པས་ན། །གནོད་མཛེས་ཀྱི་སྦྱོར་བ་དང་ལྡན་པས་ལས་འདི་ལ། ཕྱག་ན་རྡོ་རྗེ་དྲན་ཞིང་རྗེས་སུ་གནང་བའོ་ཞེས་བྱ་བའི་བར་དུ་སྟེ། དེ་དག་ཐམས་ཅད་ནི་ནང་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱིས་བསམ་གཏན་ཉིད་ཀྱིས་ཐམས་ཅད་རྫོགས་པར་བྱའོ། །རྡོ་རྒྱུས་ཞེས་བྱ་བ་ལ་སོགས་པ་ལ། ཚོན་རྩི་གང་ཡང་རུང་བས་སྐྱེས་པའམ་བུད་མེད་ཀྱི་གཟུགས་སུ་དུར་ཁྲོད་ཀྱི་རས་ལ་བྲིས་ལ། གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་ལ་གནས་པས། རང་གི་ལག་པར་ཡི་གེ་ཧཱུཾ་རིང་པོ་ཡོངས་སུ་གྱུར་པ་ལས་བྱུང་བའི་སྟ་རེ་བསམས་ནས། ཕཊ་ཅེས་བརྗོད་ལ་དེས་མིད་པ་བཅད་པར་


DTG030_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་པ་བསྒོམས་ན་སངས་རྒྱས་ཏེ་བསྒྲུབ་པར་བྱ་བ་ཉིད་དུ་ཤེས་པ་དང༌། སྐུ་གསུམ་རིན་ཆེན་མཆོག་སྟེ་ཁྱད་པར་ཅན་གྱི་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཅན་དང༌། སེམས་ཅན་ཐམས་ཅད་དེ། མཆོག་དང་འབྲིང་དང་ཐ་མ་སྟེ། དེ་རྣམས་མ་ལུས་པའི་ཡང་ཕན་པ་ཡང་དག་པར་སྐྱེད་པས་ན། སེམས་ཅན་ཀུན་ལ་ཕན་འདོད་པ་སྟེ། དད་ཅིང་མཛེས་པར་གནས་པའོ། །འདི་ཡིས་སྣང་བར་འགྱུར་བའམ། །ཞེས་པ་ནི། སྦྱོར་བ་འདི་ཡིས་བསྣུན་ན་རབ་ཏུ་སྣང་བར་འགྱུར་བའམ་ཡང་ན་འཆི་བ་ཉིད་དུ་འགྱུར་བར་འདི་ལ་གདོན་མི་ཟའོ། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། བདུད་རྩི་ཐབ་སྦྱོར་གྱི་ཏིང་ངེ་འཛིན་ལ་གནས་པས། སྣ་ཚོགས་རྡོ་རྗེ་སེར་པོ་རབ་ཏུ་འབར་བ་ཆེན་པོ་མངོན་པར་འདོད་པའི་ཕྱོགས་ན་གནས་པར་གྱུར་པར་བསམས་ལ། དེའི་དབུས་སུ་ཡང་མེ་སྟག་མང་པོ་འཁྲིགས་པས་བསྐལ་པའི་མེ་ལྟ་བུར་རྣམ་པར་གྱེས་པའི་དབུས་སུ་རྡོ་རྗེ་རྩེ་མོ་གྱེན་དུ་བལྟས་པ་བསྒོམས་ནས། དེའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས། ཆར་གྱི་རྒྱུན་གྱི་ཚོགས་ཐམས་ཅད་རེངས་པར་བསམས་པ་ནི་ཆུ་གནོན་པ་སྟེ། ཆར་གནོན་པ་ལ་མཆོག་ཏུ་ཁྱད་པར་དུ་འཕགས་པའོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་སློབ་དཔོན་འདྲི་བར་བྱེད་པ་ན། རླུང་ལ་སོགས་པ་སྟེ་རླུང་ནི་རླུང་གི་ཚོགས་སོ། །སོགས་པའི་སྒྲས་ནི་ཐོག་འབབ་པ་དང༌། རྡོ་ཆར་འབབ་པ་དང༌། དཀྱིལ་འཁོར་གྱི་འོག་ཏུ་ཆུ་དང་སྤྲུལ་བྱུང་བ་ལ་སོགས་པ་ཡང་གཟུང་ངོ༌། །དེ་ལྟར་རླུང་ལ་སོགས་པའི་བགེགས་རྣམས་གཞན་གྱིས་རབ་ཏུ་སྦྱར་བའམ་གནོད་པ་བྱེད་པ་དུས་ཀྱིས་བྱུང་བ་དག་གལ་ཏེ་བག་མེད་པས་བྱུང་བར་གྱུར་ན། དེའི་ཚེ་མཆེ་བའི་ཕྱག་རྒྱ་ཞེས་བྱ་བ་སྟེ། མཆེ་བ་ནི་ནོར་རྒྱས་ལ་སོགས་པའི་ཀླུ་རྣམས་སོ། །དེ་ཚར་གཅད་པར་བྱ་བའི་ཕྱག་རྒྱ་ནི་མཆེ་བའི་ཕྱག་རྒྱ་སྟེ། དེ་བཅིངས་ཤིང་བདག་གིར་བྱས་ནས་སོ། །གདུག་པ་ནི་བགེགས་རྣམས་ཏེ། དེ་རྣམས་ཀྱི་དགྲ་ནི་རྟ་མགྲིན་ཡིན་ལ། དེ་རྗེས་སུ་དྲན་པར་བྱ་བ་ནི་ཡིད་ཀྱིས་བསྒོམ་པ་སྟེ། རང་གི་ལག་གནས་པའི་མཚོན་གྱིས་བགེགས་རྣམས་བཟློག་པར་བྱའོ། །སངས་རྒྱས་ནི་


DTG030_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྡེ་བའི་སྔགས་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་ནི་གཞན་གྱི་སྡེ་པ་རྣམས་ཏེ། དེ་དག་གིས་ཀྱང་གང་ཞིག་སྤྲུལ་བར་གྱུར་ཅིང་སྦྱོར་བའི་བགེགས་ཀྱི་རིགས་གལ་ཏེ་བྱུང་བར་གྱུར་ན་མཐོང་བ་ཙམ་གྱིས་ཏེ། ཕྱག་རྒྱ་མཐོང་བ་ཙམ་གྱིས་འགག་པར་འགྱུར་ཞིང་མི་སྣང་བར་འགྱུར་རོ། །གཞན་དུ་བྱས་ན་ཞེས་བྱ་བ་ལ། རང་བཞིན་གྱིས་དེ་ལྟར་མི་བྱེད་ན་འཇིགས་བར་འགྱུར་ཞིང་བརྩམས་པའི་ལས་འགྲུབ་པར་མི་འགྱུར་རོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། གང་བདག་དང་གཞན་གྱི་སྡེ་བའི་སྔགས་པ་རྣམས་དང༌། སྐྱེ་བོ་གདུག་པ་གཞན་དག་ཀྱང་སྟེ། སེམས་ཅན་ཐ་མལ་པ་རྣམས་སྔགས་ཀྱི་རྣམ་པར་འཕྲུལ་བ་འདིས་སྐྲག་པར་བྱས་ཤིང༌། སྡིགས་མཛུབ་བྱས་ན་འཆི་བར་འགྱུར་བར་གདོན་མི་ཟའོ། །དྲག་པོའི་ལས་རྣམས་ལ་འོག་ནས་བཤད་པ་འདི་ནི། སྔགས་ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་བ་ཐམས་ཅད་དེ་དེ་རྣམས་ཀྱི་གསང་བའོ། །སྙིང་པོ་ནི་གདུག་པའི་སྔགས་ཏེ་ཆེ་གེ་མོའི་སྲོག་འཕྲོག་པའོ། །གང་ཡིན་ཞེ་ན། ཕཊ་ཅེས་བྱ་བ་སྟེ་ཕཊ་ནི་གསོད་པའོ། །ད་ནི་གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོའི་ངོ་བོ་ཉིད་བསྟན་བར་བྱ་བའི་ཕྱིར། ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཀྱི་རིམ་པས་བསྐྱེད་པའི་སེམས་དཔའ་ནི་ཡེ་ཤེས་སེམས་དཔའ་སྟེ། དེའི་སྦྱོར་བ་ནི་སྐད་ཅིག་གིས་དམིགས་པ་སྟེ། དེའི་ཐབས་དེས་དབུས་སུ་སྟེ། གདན་རྣམ་པ་བཞིའི་དབུས་སུ་གྱུར་པའི་སྟན་ལ། གཟུགས་ཏེ་རྡོ་རྗེ་འཆང་ཆེན་པོའི་སྐུ་རབ་ཏུ་བསྒོམ་པར་བྱའོ། །སྔགས་ཤེས་པ་ཡིས་ཞེས་པ་ནི་ལྔའི་དེ་ཁོ་ན་ཉིད་ཤེས་པས་སོ། །གནས་བཞི་རུ་ཞེས་བྱ་བ་ནི་སྤྱན་ལ་སོགས་པའི་གནས་རྣམས་སུ་བུད་མེད་དེ་སྔགས་དང་ཕྱག་རྒྱ་ལེགས་པར་བསླབས་པའི་བུད་མེད་བཞི་སྤྱན་ལ་སོགས་པའི་དངོས་པོར་ཡོངས་སུ་བརྟགས་ལ། རྟག་ཏུ་སྟེ་ཉིན་མཚན་དུ་གཞག་བར་བྱའོ། །ཇི་ལྟ་བུར་ཞེ་ན། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །མཚན་རྣམས་ཐམས་ཅད་ཀྱིས་མཚན་ཞིང༌། །ཞེས་བྱ་བ་སྟེ། ཇི་སྐད་དུ་བཤད་པའི་བུད་མེད་ཀྱི་མཚན་ཉིད་དང་ལྡན་པའོ། །དེ་ནས། པདྨོ་


DTG030_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རབ་ཏུ་རྒྱས་བྱས་ནས། །ཞེས་བྱ་བ་ནི། རང་གི་སྙིང་གའི་པདྨ་དང་སྒོའི་པདྨ་རྒྱས་ཤིང་བྱེ་བར་བྱས་ནས། འཁོར་ལོའི་སྔགས་ཧཱུཾ་ཞེས་བྱ་བ་ལྔའི་བདག་ཉིད་ཅན་འདི་རྣམ་པར་བསྒོམ་པར་བྱ་ཞིང་ཤེས་པར་བྱ་སྟེ། སེམས་ཙམ་ཡིན་པར་ཤེས་པ་ལ་འབད་པར་བྱའོ་ཞེས་བྱ་བའི་བར་དུའོ། །འོད་ཟེར་ལྔ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཅན་གྱི་སྦྱོར་བ་ཞེས་བྱ་བ་ནི་ཡུལ་ལྟ་བུར་གནས་པའི་རྡོ་རྗེ་འཆང་ཆེན་པོའོ། །འོད་ཟེར་ལྔ་ནི་མིག་ལ་སོགས་པ་སྟེ། དེ་རྣམས་ཀྱི་འོད་ཡུལ་རྣམ་པ་གསུམ་འཛིན་པའོ། །དེ་རབ་ཏུ་འབར་བ་ནི་རབ་ཏུ་གསལ་བར་བསྒོམ་ཞིང་བསླབ་པར་བྱ་བའོ། །དེ་ལྟར་བསླབས་ནས་རང་གི་ལུས་ལ་སོགས་པ་རྣམས་ལ། ཡུལ་གྱི་ངོ་བོ་རྡོ་རྗེ་ཅན་ཕབ་ཅིང་བསྲེས་ན་བྱང་ཆུབ་སྟེ། མཆོག་ཏུ་དགའ་བའི་བདེ་བ་ཐོབ་པར་འགྱུར་ཞིང་རྟོགས་པར་འགྱུར་རོ། །དེ་ལྟར་སྤྱོད་པའི་རྣལ་འབྱོར་བ་དེ་ནི་དེ་མ་ཐག་ཏུ་སྟེ་རིང་པོར་མི་ཐོགས་པར། རྣམ་པར་སྣང་མཛད་འོད་འདྲ་ཞིང༌། །ཞེས་བྱ་བ་སྟེ། སྐུ་རྡོ་རྗེ་དང་འདྲ་བར་འགྱུར་བའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །རྒྱལ་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་ནོ། །སངས་རྒྱས་ནི་འོད་དཔག་ཏུ་མེད་པའོ། །སྐུ་གསུམ་རྡོ་རྗེ་འཛིན་ནི་དོན་ཡོད་པར་གྲུབ་པ་སྟེ། དེ་དག་དང་ཡང་མཉམ་པར་འགྱུར་རོ། །སེམས་དཔའ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །སྐྱེད་པ་ནི་འབྱུང་བར་བྱེད་པ་སྟེ། རྡོ་རྗེའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ། སེམས་དཔའ་ཐམས་ཅད་སྐྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱའོ། །ད་ནི་ཕྱག་རྒྱ་གཅིག་དང་ཡང་ལྷན་ཅིག་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། བཞིན་བཟང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞིན་བཟང་ཞེས་བྱ་བ་ནི་བཞིན་རབ་ཏུ་དང་བའོ། །ཕན་བར་འདོད་པ་ཡི་ཞེས་བྱ་བ་ནི། སྒྲུབ་པ་པོ་ལ་ཕན་པར་འདོད་པའོ། །གང་ཞིག་ཅེ་ན། བུད་མེད་དེ་བྲམ་ཟེ་ལ་སོགས་པའི་རིགས་གང་ཡང་རུང་བའི་བུ་མོ་རྙེད་པ་ནི་ཐོབ་པའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་འདི་ལས་གསུངས་པའི་ཆོ་གས་སོ། །དབེན་པར་ནི་སྐྱེ་བོ་མེད་ཅིང་ཡིད་དུ་འོང་བའོ། །མཆོད་པ་ནི་སྙོམས་པར་འཇུག་པ་སྟེ། དེ་བརྩམ་པར་བྱའོ། །གསང་བ་ནི་


DTG030_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་ལ་སོགས་པ་གསུམ་མོ། །བླངས་ནས་ནི་ངེས་པར་བྱས་པའོ། །བཟའ་བར་བྱ་བ་ནི་འོད་གསལ་བས་རྣམ་པར་སྦྱང་བའོ། །དེ་ལྟར་སྦྱངས་པའི་རྣལ་འབྱོར་བ་དེ་ནི་དེ་མ་ཐག་ཏུ་ཡང་སྟེ་རིང་པོ་མི་ཐོགས་པ་ཉིད་དུ། འཇམ་དཔལ་དང་ནི་སྟེ་རྡོ་རྗེ་འཆང་ཆེན་པོ་དང༌། གཟི་བརྗིད་མཉམ་པ་སྟེ། དེ་དང་མཉམ་པའི་མཐུ་དང་ལྡན་པར་འགྱུར་ཞིང་མི་སྣང་བ་སྟེ། ཐ་མལ་པའི་བདག་གི་རང་བཞིན་ཡོངས་སུ་སྤངས་ནས། དེའི་འོག་ཏུ་བདག་པོ་སྟེ་གཙོ་བོར་འགྱུར་ཞིང༌། ཕྱག་རྒྱ་དང་བཅས་པར་དངོས་གྲུབ་ཐོབ་པས་ན་དཔལ་དང་ལྡན་པའོ། །འཛམ་བུ་གསེར་གྱི་མངགས་འདྲར་འགྱུར། །ཞེས་བྱ་བ་ནི། རིན་ཆེན་ཏོག་དང་མཉམ་པར་འགྱུར་ཞིང༌། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་སེམས་ཅན་གྱི་དོན་རྫོགས་པར་བྱེད་དོ། །ད་ནི་སྒྲུབ་པ་པོའི་ཟས་ཀྱི་བྱ་བ་བསྟན་པར་བྱ་བའི་ཕྱིར། བཤད་བའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །བཤང་བ་ནི་བ་ལང་གི་ལྕི་བ་ལ་སོགས་པའོ། །ཡང་ན་བཟའ་བའམ་ཞེས་པ་ནི། འཇིག་རྟེན་པ་དང་ཐུན་མོང་དུ་གྱུར་པ་ཟན་དང་འབྲས་ཆེན་ལ་སོགས་པའོ། །ཤ་ནི་ཅི་རིགས་པར་རྙེད་པ་དང༌། གཞན་ངག་གང་ཅི་ཡང་རུང་བ་ཆོ་ག་བཞིན་དུ་སྟེ། ཆོ་ག་ཤེས་པའི་མཁས་པས་ཆོ་ག་ལྟར་བསྔགས་ནས་ནི་ཞེས་པ་སྟེ། སྤྱོང་བ་ལ་སོགས་པའི་རིམ་པས་མངོན་པར་འདུས་བྱས་ནས། སྙིང་ག་དང་ལྐོག་མ་ཡང་སྦྱངས་ནས་ཁར་གཞུག་པར་བྱས་ཤིང་ཟོས་ནས། སངས་རྒྱས་ཏེ་མཁས་པ་རྣམས་སམ། སྐལ་བ་ངན་བ་གཞན་དག་གིས་ཀྱང་ཤེས་ཤིང་མཐོང་བར་མི་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་འོག་ནས་བཤད་པ་ལ་ལྟོས་པ་ཡིན་ནོ། །བཤང་བ་ནི་ཉིན་ཞག་དེ་ལ་སྐྱེས་པའི་བདག་ཉིད་ཅན་གྱི་བཤད་པའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་ས་ལ་མ་རེག་པར་བླངས་ནས། ཁོམ་ཕོར་ཏེ་ཐོད་པ་ཁ་སྦྱར་གྱི་ནང་དུ་བཞག་ལ། དེ་ནས་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཡི་གེ་གསུམ་བཟླས་ཤིང་ཡང་དག་པར་བསྐུལ་ནས། རི་ལུ་བྱས་ལ་ལྕགས་གསུམ་གྱིས་དཀྲིས་ཏེ་ཁར་བཅུག་ནས། སངས་རྒྱས་ཉི་མས་ཏེ་སྒྲུབ་པ་པོའི་རིག་པ་འཛིན་པ་རྣམས་ཀྱིས་


DTG030_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱང༌། མི་མཐོང་ངོ་ཞེས་པ་སྟེ་སྦྱོར་བའི་ཕན་ཡོན་ནོ། །ཁྱིའི་ཤ་དང་ཞེས་བྱ་བ་ལ་སོགས་པ་ལ། ཁྱི་དང་རྟ་ཤ་དང་མི་ཤི་བའི་ཤ་ཆེན་དག་ནི་ཆོ་ག་བཞིན་ཏེ། བཤད་མ་ཐག་པའི་ཆོ་གས་བླངས་ནས་ཐོད་པ་ཁ་སྦྱར་གྱི་ནང་དུ་གཞག་སྟེ། དེ་བཞིན་དུ་བཟླས་བརྗོད་བྱས་ནས། རི་ལུ་བྱས་ཏེ་ཟོས་ཤིང་ཁར་བཅུག་ན། དེ་ཡིས་གྲུབ་པ་ལ་སོགས་པ་རྣམས་ཀྱིས་མི་མཐོང་ངོ༌། །བཤད་དང་ཞེས་བྱ་བ་ལ་སོགས་པ་ལ། བཤད་བ་དང་ལྷན་ཅིག་བདུད་རྩི་བཞི་པོ་སྦྱར་ནས་རི་ལུ་བྱས་ལ་ལྕགས་གསུམ་གྱིས་དཀྲིས་པ་སྟེ། གསེར་ལ་སོགས་པས་ལེགས་པར་དཀྲིས་པའོ། །དབང་པོ་གཉིས་ཀྱིས་སྦྱོར་བ་ཡིས། །ཞེས་བྱ་བ་ནི། ཟླ་བ་གཟས་ཟིན་པའི་དུས་སུ་དང་པོར་འཛིན་པ་ནས་བཟུང་སྟེ། ཆོས་འབྱུང་བའི་ནང་དུ་བཅུག་ལ། ཇི་སྲིད་བཏང་གི་བར་དུ་སྙོམས་པར་འཇུག་པར་བྱའོ། །དེ་ནས་བཏོན་ལ་མཚན་མ་བལྟས་ཏེ། གལ་ཏེ་དུ་བ་ལ་སོགས་པ་བྱུང་ན། གྲུབ་པ་ཡིན་པར་ཤེས་པར་བྱ་སྟེ་ཁར་བཅུག་ན། དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་མཐོང་ངོ༌། །ཤ་ཆེན་དང་བ་ལང་ཤ་ལ་སོགས་པ་ཡང༌། སྔར་བཤད་མ་ཐག་པའི་མན་ངག་གིས་སྦྱར་བར་བྱའོ། །བཤད་བ་ལས་བྱུང་བའི་སྲོག་ཆགས་ཞེས་བྱ་བ་བཤད་བ་དང་ལྷན་ཅིག་ཕྱིར་བྱུང་བའི་སེམས་ཅན་དང༌། བདུད་རྩི་ལྔ་དང་བཅས་པ་ལས་བརྟུལ་ཞུགས་ཅན་ཏེ་བརྟུལ་ཞུགས་སྤྱོད་པས་རི་ལུ་བྱས་ལ། དབང་པོ་གཉིས་ཀྱི་སྦྱོར་བས་སྔ་མ་བཞིན་དུ་བསྒྲུབ་པར་བྱའོ། །ག་པུར་ཙནྡན་ཞེས་པ་ཙནྡན་དམར་པོ་དང་ལྷན་ཅིག་བདུད་རྩི་ལྔ་དང་རི་ལུ་བྱས་ལ་སྔ་མ་བཞིན་དུ་བསྒྲུབ་པར་བྱས་ལ། གི་ཝང་དང་ཨ་ཀ་རུ་ནག་པོ་གཉིས་བདུད་རྩི་ལྔ་དང་བཅས་པ་ལས། རི་ལུ་བྱས་ལ་སྔ་མ་བཞིན་དུ་བསྒྲུབས་ནས་ཁར་བཅུག་སྟེ་འཆག་ན། སྟོབས་པོ་ཆེ་སྟེ་ཐོགས་པ་མེད་པའི་བརྩོན་འགྲུས་དང་ལྡན་པར་འགྱུར་རོ། །ག་པུར་དང་གུར་ཀུམ་དང་སྐྱར་བའི་བདུད་རྩི་ལྡས་ཀྱང༌། དེ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་གསུངས་སོ། །དེ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རབ་ཏུ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་འཛིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་དབུས་སུ། གཤིན་རྗེ་གཤེད་ལ་


DTG030_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོ་དྲག་པོའམ། ཞི་བར་བྱིན་གྱིས་བརླབས་ཤིང་བསྐྱེད་ནས། གདུལ་བྱའི་སྐྱེ་བོ་རྣམས་སྨིན་པར་བྱ་བའི་ཕྱིར། ཞི་བ་ལ་སོགས་པའི་ལས་བསྒྲུབ་ན་དེ་ལྟ་བུར་འགྱུར་ཏེ། དེར་ཡང་མ་ཟད་ཀྱི་རྣལ་འབྱོར་པ་དེ་རྡོ་རྗེ་འཆང་ཆེན་པོ་ཅི་འདྲ་བ་དེ་དང་འདྲ་བར་འབྱུང་བར་འགྱུར་རོ། །ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པས་ན། དེ་ནི་དཔལ་དང་ལྡན་པའོ། །ཁམས་གསུམ་འདུལ་བས་ན། སྟོབས་ཆེན་ཕ་རོལ་གནོན་པར་འགྱུར། །ཞེས་བྱའོ། །གཞན་ཡང་སྐད་ཅིག་མ་གཅིག་གིས། དཔག་ཚད་བྱེ་བ་རྫོགས་པ་ཡི། ཚད་ཙམ་གྱི་སའི་སྟེང་དུ་འགྲོ་བར་འགྱུར་རོ། །སའི་འོག་ཏུ་ཡང་དེ་ཉིད་ཀྱི་ཚད་ཙམ་གྱི་རྡོ་རྗེ་གདན་ལྟ་བུར་འགྲོ་བ་དང༌། དེ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་མཚམས་རྣམས་དང༌། སྐད་ཅིག་གིས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐོགས་པ་མེད་པར་བགྲོད་པར་འགྱུར་ལ། ཕྱག་རྒྱའི་ཚོགས་དཔག་ཏུ་མེད་པ་དང་ལྡན་པས་ན་དཔལ་དང་ལྡན་པའོ། །སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་སངས་རྒྱས་ཏེ་འདི་ཡང་དེ་དང་འདྲ་བར་འགྱུར་བ་སྟེ། དེ་དང་མཚུངས་སོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཐོགས་པ་མེད་པར་འགྲོ་བས་ཇི་ལྟར་དགའ་བར་འོག་བའི་ཕྱིར། འདོད་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་ཆེན་རིགས་བཞི་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དེ། རྣམ་པ་དྲུག་ནི་འདོད་པའི་ཁམས་ཏེ། དེ་ན་གནས་པའི་ལྷའི་བུ་མོ་རྣམས་དང༌། ལྷའི་ལོངས་སྤྱོད་ཅེས་བྱ་བ་ལྷ་རྣམས་ཀྱི་ལོངས་སྤྱོད་དང་འདྲ་བ་གང་ཡིན་པ་དེ་ནི། ལྷའི་ལོངས་སྤྱོད་དེ་འཁོར་ལོས་སྒྱུར་བ་ལ་སོགས་པའི་བུ་མོར་གྲགས་པ་བཀུག་པ་དང༌། རིགས་ཞེས་པ་ནི་ལྷ་དང་ཧ་མ་ཡིན་ལ་སོགས་པའི་རིགས་སོ། །དེ་རྣམས་ཀྱི་བརྟུལ་ཞུགས་ནི་དེ་དང་འབྲེལ་པའི་བུ་མོ་རྣམས་སོ། །འདོད་པའི་ཁམས་ན་གནས་པ་འབའ་ཞིག་ལ་འདོད་པ་སྤྱོད་པར་མ་ཟད་ཀྱི། གལ་ཏེ་གཟུགས་ཀྱི་ཁམས་ན་བུད་མེད་ཡོད་ན་དེ་ལ་ཡང་སྤྱོད་པར་བྱེད་དོ་ཞེས་ཕུལ་དུ་བྱུང་བའི་ཁྱད་པར་


DTG030_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཤད་པ་གསུངས་པ་ཡིན་ནོ། །དམ་ཚིག་སེམས་དཔའ་ཞེས་བྱ་བ་ཐ་མལ་པའི་ལུས་ཏེ། རྡོ་རྗེ་ཆེན་པོ་ཞེས་བྱ་བའི་སེམས་དཔའ་མི་སྣང་བར་བྱས་པ་གང་ཡིན་པ་དེ་ནི། དམ་ཚིག་མི་སྣང་བའི་རྡོ་རྗེ་ཆེན་པོ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྡུད་པར་བྱེད་པའི་ཚིག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་གོ །དང་པོ་ཐོས་པ་ཙམ་གྱིས་ནི་སེམས་འཁྲུལ་བ་སྟེ། དོན་ཤིན་ཏུ་ཡང་ངོ་མཚར་དུ་གྱུར་པའི་ཕྱིར་རོ། །ཕྱི་ནས་བསམས་པ་དང་བསྒོམས་པའི་ངོ་བོ་ཉིད་ཀྱིས་རྟོགས་པར་གྱུར་པའི་ཕྱིར། ཡིད་ལ་དབང་བ་སྟེ་ཡེ་ཤེས་ཤར་པའོ། །དེའི་འོག་ཏུ་ནི་རབ་དགྱེས་བདག་སྟེ་སྟོན་པ་པོ་ལ་དད་པས་སོ། །དེ་ཉིད་ཀྱི་ངོ་མཚར་དུ་གྱུར་ཅིང་སྤྱན་དྲངས་ནས། རབ་ཏུ་མཉེས་པར་སྟོན་པའི་གསུང་གི་ཚིག་འོག་ནས་བཤད་པ། འདི་སྐད་བཀའ་སྩལ་ཞིང་གསུངས་པར་གྱུར་པ་ནི། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་སྟེ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་སྐྱེས་པར་གྱུར་པ་ཡིན་ཏེ། སྔགས་གཅིག་བུ་ཉིད་ཀྱི་ལས་དཔག་ཏུ་མེད་པ་རབ་ཏུ་སྒྲུབ་པ་གང་ཡིན་པ་དེ་ནི་འདི་རབ་ཏུ་ངོ་མཚར་ཆེ་སྟེ། ཤིན་ཏུ་ཡང་རྨད་དུ་བྱུང་བར་གྱུར་པ་དང༌། བུད་མེད་དང་ལྷན་ཅིག་རོལ་པས་ཀྱང་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་བྱ་བའི་གསང་བའི་གནས་མི་འགྱུར་བ་དེ་གང་ཡིན་པ་དེ་ཡང་ངོ་མཚར་ཆེ་བ་དང་གང་བདུད་རྩི་ལྔ་དང་ཤ་ལ་སོགས་བའི་རི་ལུ་རྣམས་ཀྱིས་ཀྱང༌། གང་གི་ཕྱིར་དངོས་གྲུབ་ཕུན་སུམ་ཚོགས་པ་དེ་ནི། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱིས་དག་པ་སྟེ། འདི་ཡང་ངོ་མཚར་ཆེ་བ་དང༌། གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོ་ལ་དམིགས་ནས་ལས་བསྒྲུབས་ན། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་གང་ཡིན་པ་ཐོབ་པར་འགྱུར་བ་དེ་ལ། གོས་པ་མེད་ཅིང་ཤིན་ཏུ་དྲི་མ་མེད་པའི་ཆོས་དེ་ཡང་ངོ་མཚར་ཆེ་སྟེ། དགོངས་པས་བཤད་པའོ། །དེ་ནི་རིགས་ཀྱི་དབྱེ་བས་རང་གི་ལྷའི་དབང་བསྐུར་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོན་པ་རྡོ་རྗེ་འཛིན་ཞེས་བྱ་བ་ནི་གདུག་པ་ཐམས་ཅད་འདུལ་བར་མཛད་པས་ན་སྟོན་པའོ། །རྣམ་པར་སྣང་མཛད་


DTG030_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་འབྱིན་པས་ན་སྐྱེད་པའོ། །འཇིག་རྟེན་པ་ལ་སོགས་པའི་དངོས་གྲུབ་སྐྱེད་པར་མཛད་པས་ན་བྱེད་པའོ། །གཞན་ཡང་དྲུག་པའི་ངོ་བོ་ཉིད་དུ་གྱུར་པས་མི་འགྱུར་ཆོས། སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་ནི་མི་བསྐྱོད་པའོ། །ཆོས་ཆེན་པོ་ནི་འོད་དཔག་ཏུ་མེད་པ་སྟེ། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱི་རྡོ་རྗེའི་གསུང་དུ་བཀའ་སྩལ་ཞིང་གསུངས་པའོ། །སེམས་དཔའ་རྡོ་རྗེ་ནི་མི་བསྐྱོད་པའོ། །དེའི་སྦྱོར་བ་ནི་སྤྱི་བོར་འཇོག་པའོ། །དེས་རྡོ་རྗེ་འཛིན་རྣམས་ཏེ་མི་བསྐྱོད་པའི་རིགས་དང་ལྡན་པ་རྣམས་སོ། །མཉེས་པར་བྱ་བ་ནི་དབང་བསྐུར་བའོ། །སངས་རྒྱས་བྱང་ཆུབ་ནི་རྣམ་པར་སྣང་མཛད་དོ། །དེའི་རབ་ཏུ་དབྱེ་བ་ནི་རང་གི་རིགས་དང་ལྡན་པ་རྣམས་ཀྱི་སྤྱི་བོར་སོ་སོར་བཞུགས་པས། སངས་རྒྱས་རྡོ་རྗེ་ཅན་ཏེ་རྣམ་པར་སྣང་མཛད་ཀྱི་རིགས་དང་ལྡན་པ་རྣམས་མཉེས་པར་འགྱུར་ཞིང་གསལ་བར་འགྱུར་རོ། །རྡོ་རྗེ་སྤྱན་ཞེས་བྱ་བ་ནི་རྡོ་རྗེ་སྤྱན་ལ་སོགས་པའི་ཞེས་བྱ་བར་གཟུང་ངོ༌། །གཟུགས་ལ་སོགས་པ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཀྱིས། གཙུག་ཏོར་འཇོག་པར་བྱེད་པར་བཤད། །ཅེས་བྱ་བ་སྟེ། དབུ་རྒྱན་དུ་བྱ་བ་ཡིན་པར་ཤེས་པར་བྱའོ། །ཁྲོ་བོའི་ནང་ན་དེ་མཆོག་སྟེ། ཤིན་ཏུ་དགའ་བར་གྱུར་པ་རྣམས་ཀྱི་ཡང་རིགས་དེ་དང་འབྲེལ་བའི་སངས་རྒྱས་རྡོ་རྗེ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་དབུ་རྒྱན་དུ་བྱས་པར་རབ་ཏུ་བསྒོམ་པར་བྱ་ཞིང་དེས་ཉེ་བར་གསལ་བར་བྱའོ། །རིག་པ་ནི་མཱ་མ་ཀཱི་སྟེ་དེའི་རྒྱལ་པོ་ནི་འདིར་རིན་ཆེན་འབྱུང་ལྡན་ནོ། །དེ་ནི་ཆོས་མཆོག་རྣམས་ཏེ། གཙོ་བོར་གྱུར་པ་གང་ཡིན་པ་དེ་ནི་རིག་པའི་རྒྱལ་པོ་ཆོས་མཆོག་སྟེ། རིན་པོ་ཆེའི་རིགས་དེ་རྣམས་ཀྱི་ནི། དཀོན་མཆོག་དཔལ་ནི་རྣམ་པར་བསྒོམ། །ཞེས་བྱ་བ་སྟེ། དབུ་རྒྱན་དུ་དཀོན་མཆོག་དཔལ་གྱིས་དབང་བསྐུར་བར་བྱའོ། །རིག་པའི་རྒྱལ་མོ་ནི་གོས་དཀར་མོ་སྟེ། དེའི་སྦྱོར་བ་ལ་ཞེས་བྱ་བས་ནི་འབྲེལ་པས་འབྲེལ་པ་གང་ཡིན་པ་དེ་ནི། རིག་པའི་རྒྱལ་པོ་སྦྱོར་བ་སྟེ། པདྨའི་རིགས་དེ་རྣམས་ཀྱི་ནི། ཚེ་དཔག་མེད་པ་རབ་ཏུ་བསྒོམས་པ་ཞེས་བྱ་བ་སྟེ། དབུ་རྒྱན་དུ་ཚེ་དཔག་མེད་གཞག་པར་བྱའོ། །ཐམས་


DTG030_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅད་ལས་བྱེད་སྔགས་རྣམས་ལ། །ཞེས་བྱ་བ་ནི། ལས་ཀྱི་རིགས་རྣམས་ཏེ་དེ་རྣམས་ཀྱི་ནི། གདོན་མི་ཟ་བའི་ཡེ་ཤེས་བསྒོམ། །ཞེས་བྱ་བ་སྟེ་དབུ་རྒྱན་ལའོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ནི། །ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་ལ་ནི། རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ཞེས་བྱ་སྟེ། དབུ་རྒྱན་ལ་མི་བསྐྱོད་པ་རྣམ་པར་བསྒོམ་པར་བྱའོ། །གནོད་སྦྱིན་མོ་ནི་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྔགས་ནི་བསྐྱེད་པའི་ས་བོན་ལ་སོགས་པའོ། །དེའི་རྒྱུད་ནི་སྒྲུབ་པའི་ཕྱག་རྒྱའི་གཟུགས་གང་ཡིན་པ་སྟེ། གནོད་སྦྱིན་མོ་དེ་རྣམས་ཀྱི་སྔགས་དང་རྒྱུད་ཀྱི་དབང་བསྐུར་བའི་གནས་སུ་ནི། གཤིན་རྗེ་གཤེད་ཉིད་བརྟག་པར་བྱ་ཞིང་གཞག་པར་བྱའོ། །སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་ལ། བཤད་མ་ཐག་པའི་དབང་བསྐུར་བ་ཐམས་ཅད་ལ་སྦྱོར་བས་ན་སྦྱོར་བ་སྟེ། དེ་རྣམས་ཀྱི་སྦྱོར་བའི་སྔགས་རྣམས་ལ་ནི། །སྤྱི་བོར་གནས་པའི་བསྐུལ་བ་སྟེ། རང་རང་གི་ཕྱག་རྒྱ་དང་བཅས་པར། བདེ་བ་ཆེན་པོ་རྗེས་སུ་མྱོང་བ་ཤིས་ཏེ་ཚིམ་པར་བྱེད་པ་ཡིན་ནོ་ཞེས། བཅོམ་ལྡན་འདས་དམ་ཚིག་ཆེན་པོ་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པ་ལ། དབང་བསྐུར་བའི་བསམ་གཏན་བཤད་མ་ཐག་པ་འདི་ཡིས་སོ། །སྔགས་ནི་ལྷ་རྣམས་ཏེ་དེ་རྣམས་མ་ཉེས་པ་དང༌། དཀྱིལ་འཁོར་ནི་མཉེས་པར་བྱེད་པའི་སྔགས་ཏེ་སྙིང་པོའོ། །དེ་ལེན་ཅིང་འཛིན་པར་བྱེད་པས་ན་དཀྱིལ་འཁོར་རོ་དམ་ཚིག་ཆེན་པོ་སྒྲུབ་བྱེད་པ་ལ་ཞེས་བྱ་བ་ལ། དམ་ཚིག་ཆེན་པོ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་སྒྲུབ་ཅིང་སྐྱེད་པར་བྱེད་པའོ། །སྒྲུབ་པ་པོ་རྣམས་ནི་སློབ་པར་བྱེད་པ་རྣམས་སོ། །ཕན་པ་ནི་ཕན་པ་སྐྱེད་པར་བྱེད་པ་སྟེ་དེ་གསུངས་པའོ། །སྣོད་ལ་དབབ་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་པ་ལ་སོགས་པ་ལ་གསུངས་ཏེ། བགེགས་ཐམས་ཅད་ཉེ་བར་ཞི་བར་མཛད་པས་ན་སྟོན་པའོ། །ཁམས་གསུམ་གྱི་བདག་པོར་གྱུར་པས་ན་གཙོ་བོའོ། །ཆོས་རྣམས་ཀུན་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་སྟེ། དེ་རྣམས་ཀྱི་གཙོ་བོ་ཡིན་པས་ན་ཆོས་རྣམས་ཀུན་གྱི་དབང་ཕྱུག་གོ །


DTG030_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གསུམ་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་བདག་ཉིད་ཅན་ཡིན་པས་ན། སྐུ་དང་གསུང་དང་ཐུགས་ཡོངས་སུ་དག་པས་སོ། །ཡེ་ཤེས་རྡོ་རྗེ་ནི་འདས་པ་ལ་སོགས་པ་ཡོངས་སུ་མཁྱེན་པའི་ཆོ་ག་མི་ཕྱེད་པ་སྟེ། དེ་གསུངས་པ་ནི་བཀའ་སྩལ་པའོ། །རི་རྩེ་ཞེས་བྱ་བ་ལ་སོགས་པ་ལ་རི་བོ་དང་འདྲ་བས་ན་རི་སྟེ་ཁང་བ་བརྩེགས་པ་ཆེན་པོའོ། །དེའི་རྩེ་མོ་སྟེ་སྟེང་གིས་ཕྱོགས་དང༌། ཉམས་ནི་དགའ་བ་དང་ཞེས་བྱ་སྟེ་གནས་དག་དང༌། ནགས་ཚལ་ཏེ་སྐྱེད་མོས་ཚལ་ལ་སོགས་པ་རྣམས་དང༌། དབེན་པར་ནི་ཞེས་བྱ་བ་ནི་སྐྱེ་བོའི་འདུ་འཛི་དང་བྲལ་བ་རྣམས་ཏེ་དེ་དག་དང་ཡིད་དང་རྗེས་སུ་མཐུན་པའི་གནས་གཞན་གང་ཡང་རུང་བར་སྒྲུབ་པ་པོས་མངོན་སུམ་དུ་བྱ་བའི་ཕྱིར། བསམ་གཏན་རྡོ་རྗེ་སྟེ་ཕྱག་རྒྱ་ཆེན་པོ་རྣམ་པ་གཉིས་ལ་དམིགས་པར་བྱའོ། །སྔགས་དང་བཟླས་པའི་སྦྱོར་བས་སོ། །ཞེས་བྱ་བ་ལ། སྔགས་ནི་དག་གི་བཟླས་བརྗོད་དོ། །བཟླས་པ་ནི་རྡོ་རྗེའི་བཟླས་པའོ། །གཉི་གའི་སྦྱོར་བ་ནི་ཉམས་སུ་བླངས་པའོ། །ཅིའི་ཕྱིར་འདི་ལྟར་བྱ་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཀུན་ཞེས་བྱ་བ་མི་བསྐྱོད་པ་ལ་སོགས་པའོ། །སྔགས་ཀྱི་བསམ་གཏན་གྱིས་བསྐུལ་བས་ཞེས་བྱ་བ་ནི། རང་གི་སྔགས་དང་རང་གི་ཕྱག་རྒྱལ་དམིགས་པས་རབ་ཏུ་བསྐུལ་ཞིང་སྤྱོད་པས་སོ། །གསུང་གི་ལས་ཀྱི་བཀའ་བཞིན་དུ། །ཞེས་བྱ་བ་ནི། གསུང་གི་ལས་ཀྱི་བྱ་བ་གང་དང་འབྲེལ་བ་དེ་ནི་གསུང་གི་ལས་ཏེ། འོད་དཔག་ཏུ་མེད་པ་སྟེ། དེའི་བཀའ་ཇི་བཞིན་དུའོ། །ལས་རྣམས་སྣ་ཚོགས་བྱེད་པར་འགྱུར། །ཞེས་བྱ་བ་ནི། ལས་ཀྱི་ལམ་རྣམ་པ་སྣ་ཚོགས་བྱེད་ཅིང་སྒྲུབ་པར་འགྱུར་བའོ། །དེ་ལྟར་སྔོན་དུ་བྱས་པ་ལ་སྤྱོད་པའི་སྒྲུབ་པ་པོས། བདག་ཉིད་མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས་དེ་བཞིན་ཉིད་དང༌། ཟླ་བ་དང་ས་བོན་དང་མཚན་མའི་རིམ་གྱིས་རྡོ་རྗེ་ཆོས་ཀྱི་གཟུགས་ཆེན་པོ། པདྨ་རཱ་གའི་འོད་དང་འདྲ་བར་བསམས་ལ། མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་རྣམས་སུ་ཡི་གེ་གསུམ་བཀོད་ནས། དེར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། ཞེས་བྱ་བའི་དགོངས་པ་གསུམ་ནང་དུ་བསམས་ཏེ། འདི་ནི་གནས་གསུམ་དུ་ནི་རིགས་


DTG030_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྟག་གོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་སྣོད་ཡོངས་སུ་སྦྱང་བ་བྱས་ནས། དབབ་པའི་ཆོ་ག་འོག་ནས་བཤད་པ་ཐམས་ཅད་ནི་བྱས་ཤིང་བསྒྲུབས་ན། གདོན་མི་ཟ་བར་གཅིག་ཏུ་འགྲུབ་པར་འགྱུར་ཞིང་རབ་ཏུ་འགྲུབ་བར་ཉེ་བར་འགྲོའོ། །བསྐུལ་དང་ཞེས་བྱ་བ་ལ། བསལ་བ་ནི་འགུལ་བ་དང་གཡོ་བ་བསྐྱེད་པའོ། །རེངས་པ་ཞེས་བྱ་བ་ནི་ལྷའི་བཀས་དང་པོ་སྣོད་ཀྱི་ཐ་མལ་པའི་ང་རྒྱལ་བསལ་ནས། ཤིང་ལྟར་མི་གཡོ་བར་བྱས་པའི་གནས་སྐབས་སོ། །ལྷ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ལྷ་རྣམས་རབ་ཏུ་ཞུགས་ནས་བབ་བའི་སྐད་ཅིག་ལ་ཞུགས་པའོ། །ལྷ་ཆེན་པོ་དེས་འདས་པ་ལ་སོགས་པའི་དོན་ཇི་ལྟ་བ་བཞིན་དུ་སྟོན་པ་ནི། འཕགས་པའི་ལམ་སྟེ་དབབ་པ་བཞི་པོ་དེ་དག་ནི། གང་ཞིག་རྡོ་རྗེ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པའི་རྡོ་རྗེ་གྲུབ་པ་དེས། སྤྱོད་པ་བྱང་བར་འགྱུར་པས་དེ་ལྟར་བྱས་ན་རྟག་པར་འགྲུབ་པར་འགྱུར་ཞིང༌། རབ་ཏུ་འགྲུབ་པར་ཉེ་བར་འགྲོ་བར་འགྱུར་རོ། །འོག་གི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། བུ་མོ་ལ་སོགས་པ་གསུངས་ཏེ། བུ་མོ་ལོ་གྲངས་བཅུ་གཉིས་ཀྱི་ཚད་ལ་གཞོན་ནུའི་ཚུལ་མ་ཉམས་ཤིང་གཙང་བའམ། ཁྱེའུ་ལོ་དེའི་ཚད་ཙམ་ལ་བུད་མེད་ཀྱི་ཡུལ་དང་མ་ཕྲད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། ཡན་ལག་དང་ཉིད་ལག་མཚང་བ་མེད་པ་བཟུང་ནས། སྔར་བཤད་པའི་རིམ་གྱིས་མངོན་པར་སྦྱངས་ལ། དབབ་པ་བཞི་པོ་རབ་ཏུ་བརྟག་པར་བྱའོ། །ཆོ་ག་ཐམས་ཅད་བྱས་ནས་ནི། །ཞེས་བྱ་བ་ནི། སྣོད་མངོན་པར་སྦྱང་བ་ལ་སོགས་པ་དང་པོ་བྱས་ཤིང་རྫོགས་ནས་སོ། །ལས་རྣམས་རབ་ཏུ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི། དེའི་འོག་ཏུ་དབབ་པའི་ལས་རབ་ཏུ་བསྒྲུབ་པར་བྱ་བའོ། །རྣམ་པ་གཞན་དུ་བྱས་ན་ནི། །ཁམས་གསུམ་སྐྱེ་བོས་སྤྱད་པར་འགྱུར། །ཞེས་བྱ་བ་སྟེ། དེ་ལྟར་མ་བྱས་ན་མཆོག་དང་འབྲིང་དང་ཐ་མའི་ཁམས་གསུམ་པའི་སྐྱེ་བོས་དཔྱས་ཤིང་སྨད་པར་འགྱུར་རོ། །དབབ་པའི་ཆོ་ག་དེ་ལ་ནི་སྙིང་པོའི་སྔགས་ཀྱི་ཚིག་འདི་དག་ཡིན་ཏེ་ཞེས་བྱ་བ་ནི། ཐུགས་ལས་བྱུང་བའི་ཕྱིར་སྙིང་པོའོ། །གསང་བ་ཡིན་པས་ན་སྔགས་སོ། །ཡི་གེ་ནི་ཧཱུཾ་ལ་སོགས་པ་


DTG030_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའོ། །དེ་རྣམས་ཉིད་ཚིག་སྟེ་དབབ་པའི་གཞིར་གྱུར་པས་སོ། །སྒྲུབ་པ་པོས་རིམ་པ་འདིས་དབབ་པར་བྱའོ། །ནམ་མཁའི་ཁམས་ནི་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་ཤེས་པ་དང་བྲལ་བས་ནམ་མཁའི་ཁམས་ལྟར་སྟོང་པར་གྱུར་ལ། སེམས་མེད་ཅིང་སྟེ་ཤི་བའི་ལུས་ལྟ་བུའོ། །རྟོག་པ་ཐམས་ཅད་རྣམ་སྤངས་དང༌། །ཞེས་པ་ནི། རྟོག་པ་དང་བྲལ་བའོ། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང༌། །ཞེས་པ་ནི། རྡོ་རྗེ་སེམས་དཔའ་འང་མངོན་སུམ་དུ་བབ་པར་འགྱུར་རོ་ཞེས་སྒོམ་པའི་ཆེ་བའི་བདག་ཉིད་གསལ་བར་བྱས་པ་ཡིན་ནོ། །ཆོ་ག་བཞིན་དུ་བྱས་ན་འབབ། །ཅེས་བྱ་བ་ནི་དབབ་པའི་ཆོ་གས་འབབ་པའོ། །ཡི་གེ་བཞིའི་དགོས་པ་བསྟན་པར་བྱ་བའི་ཕྱིར། ཧཱུཾ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧཱུཾ་ནི་རྡོ་རྗེ་སེམས་དཔའི་བདག་ཉིད་དེ། ཐུགས་རྡོ་རྗེ་བཞུགས་ལ། ཧཱ་ལ་ནི་སྐུ་རྡོ་རྗེ་བཞུགས་ལ། ཨཱཿལ་ནི་ཆོས་འཛིན་པའི་རྒྱལ་པོ་སྟེ་འོད་དཔག་ཏུ་མེད་པ་བཞུགས་ཏེ། འདི་ནི་གསང་ཚིག་བསྟན་པའོ། །ཞེས་བྱ་བ་ལ། གསང་ཚིག་བསྟན་པ་ནི་དབབ་པའི་ཡུལ་ལོ། །ཛྷཻཿནི་སྐུལ་བར་བྱེད་པར་བཤད། །ཅེས་བྱ་བ་སྟེ། བསྐུལ་བ་སྐྱེད་ཅེས་བྱ་བར་བཤད་དོ། །འགུལ་པ་ནི་འཁོར་ལོ་བཞིན་དུ་འཁོར་བའོ། །གཡོ་བ་ནི་བསྐྱོད་པ་སྟེ་དེ་ལ་ཡང་ཛྷཻཿཞེས་པ་ཉིད་བསྐུལ་བ་ཡིན་པར་བཤད་དེ། ཛྷེཿཞེས་བྱ་བ་འདི་ཉིད་ཀྱིས་བསྐུལ་བ་ཐམས་ཅད་ནི་སྟེ། བསྐུལ་བ་ལ་སོགས་པ་གསུམ་ལ་ཡང་གསང་བ་སྟེ། སྙིང་པོར་གྱུར་པ་ཡིན་པར་བཤད་དོ། །དེ་ལྟར་བཤད་པའི་ཆོ་གས་བབ་པར་གྱུར་ནས། ས་གཞི་ལས་ཁྲུ་གང་ཙམ་མམ་དེ་ལས་ལྷག་པར་ནམ་མཁའ་ལ་འཕགས་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་ཏིང་ངེ་འཛིན་དང༌། ཡི་གེ་ཧཱུཾ་གིས་རབ་ཏུ་བསྐུལ་ཞིང་གསལ་བར་བྱས་པས། རྡོ་རྗེ་སེམས་དཔའི་བཀའ་ལས་འདས་པས་འཇིགས་ཤིང་སྐྲག་ལ་འཁྲུལ་པས་འཕར་བར་འགྱུར་རོ། །སྔ་མ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། ས་བོན་ཐ་མ་འདིའི་ཇི་ལྟར་རྣམ་པ་གང་གིས་གསང་བ་ཐོབ་པ་སྟེ། འབེབས་པར་བྱེད་པ་དེ་བཞིན་དུ། ས་བོན་ལྷག་མ་གསུམ་ཡང་ཇི་ལྟར་


DTG030_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐ་མ་ནས་བརྩམས་ཏེ། ས་བོན་དང་པོའི་བར་དུ་དེ་དང་འདྲ་བར་འབེབས་པར་བྱེད་པའོ། །འདིར་མདོར་བསྡུས་པ་ནི་འདི་དག་ཡིན་ཏེ། དེ་ལ་ངང་པོར་སྒྲུབ་པ་པོས་རི་བོ་ལ་སོགས་པ་ཡིད་དུ་འོང་བའི་གནས་སུ་སྔོན་དུ་བྱ་བའི་སྤྱོད་པ་བྱས་ཤིང་སེམས་བརྟན་བས་སྣོད་ལ་དབབ་པར་འདོད་པས། མི་བསྐྱོད་པའི་ཏིང་ངེ་འཛིན་ཇི་ལྟ་བ་བཞིན་དུ་དམིགས་ཏེ། མཚན་དང་ལྡན་པའི་སྣོད་ལྷག་པར་གནས་པའི་ཆོ་ག་བྱས་ནས། འོད་དཔག་ཏུ་མེད་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། སྤྱི་བོ་དང་ལྐོག་མ་དང་སྙིང་ག་རྣམས་སུ་ཡི་གེ་གསུམ་བཀོད་ནས། དེར་དགོད་པ་གསུམ་ནང་དུ་བསྟིམས་ཏེ། སྣོད་ཀྱི་རྐང་པའི་མཐིལ་ནས་ཁོང་སྟོང་ལྟ་བུར་བསམས་ལ། འོག་ཏུ་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་ན། གནས་པའི་ཡི་གེ་ཛྷཻཿདྨར་པོ་ལས་བྱུང་བའི་འོད་ཟེར་ཁ་གྱེན་དུ་བལྟས་པའི་ཚོགས་རྣམས་རྐང་པའི་མཐིལ་གྱི་དབུས་སུ་ཞུགས་ནས། སྤྱི་བོའི་གཙུག་ཏུ་ཕྱིན་པས་ལུས་ཡང་དག་པར་སྦྱངས་ནས། ཡེ་ཤེས་སེམས་དཔའ་འོད་གསལ་བར་གཞུག་པར་བྱའོ། །དེ་ནས་ནི་འགུལ་བར་འགྱུར་ཏི། ཡང་ལྡང་བར་བྱ་བའི་ཕྱིར་སྣོད་ཀྱི་སྙིང་གའི་པདྨའི་སྟེང་དུ་ཡི་གེ་ཧཱུཾ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ། །དེ་བཞིན་དུ་མགོ་ལ་ཧཱ་ཡོངས་སུ་གྱུར་པ་ལས་བྱུང་བའི་སྐུ་རྡོ་རྗེའོ། །ཡང་ལྐོག་མར་ཨཱཿལས་བྱུང་བའི་འོད་དཔག་ཏུ་མེད་པ་བསྒོམས་ལ། ཡང་དྷཻཿའི་འོད་ཀྱིས་ཡང་དག་པར་བསྐུལ་ལ་ཐབས་ཀྱི་ཡེ་ཤེས་འབྱུང་བར་བྱས་ན། ལྷ་ཆེན་པོའི་གནས་སྐབས་འཐོབ་པར་འགྱུར་རོ། །སྣོད་ལ་བབ་བར་ཤེས་ནས་བསྐུལ་བ་ལ་སོགས་པ་བྱ་བའི་ཕྱིར། ས་བོན་བཞི་དྲིལ་བུ་དཀྲོལ་བ་དང་བཅས་པས་བརྗོད་པར་བྱས་ལ་བརྩལ་ལོ། །དེ་ནས་འགུལ་བ་ལ་སོགས་པས་སྣོད་ལ་བབས་པ་བརྟན་པོར་གྱུར་པར་རྟོགས་ནས། འཕགས་པའི་ལམ་གྱི་གནས་སྐབས་འཐོབ་པར་བྱ་བའི་ཕྱིར། ལྐོག་མའི་ཕྱོགས་ན་གནས་པའི་གསུང་གི་རྡོ་རྗེ་སྙིང་གའི་ཕྱོགས་ལས་བྱུང་བའི་འོད་ཀྱི་ཚོགས་སྟེང་དུ་འགྲོ་བས། ཡང་དག་པར་བསྐུལ་བར་གྱུར་བར་བསམས་ལ། བྲཱུ་ཧི་བཛྲ་ཞེས་བ་རྗོད་ན་བདེན་པ་གང་ཡིན་པ་དེ་སྟོན་པར་


DTG030_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ལྟར་བྱས་ནས་མེ་ཏོག་དོར་བ་ལ་སོགས་པའི་དགོས་པ་བསྒྲུབས་ཏེ། ཧཱུཾཿཧཿཨཱཿམུཿཞེས་བརྗོད་ལ་སྣོད་རང་གི་གནས་སུ་བཞག་སྟེ། གོ་ཆ་ལ་སོགས་པས་བསྲུང་བར་བྱའོ། །དེ་ལྟར་སྣོད་ལ་དབབ་པས་རང་གི་བྱ་བ་དང༌། གཞན་གྱི་བྱ་བ་ངེས་པར་བྱས་ནས། གདུག་པ་འདུལ་བ་ལ་ཞུགས་པའི་བསྒྲུབ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཀུན་གྱི་སྤྱན་ལ་སོགས་པ་སྟེ། དེ་རྣམས་ཀྱི་བདག་པོའོ། །སྐུ་གསུམ་ནི་སྐུ་དང་གསུང་དང་ཐུགས་སོ། །དེའི་གནས་ནི་འོད་གསལ་བ་སྟེ། དེས་ཡོངས་སུ་དག་ཡས་གསུང་ནི་འདི་སྐད་བཀའ་སྩལ་པའོ། །རྩེ་གཅིག་མ་གྱུར་པ་ཡིས་ཀྱང༌། །ཞེས་བྱ་བ་ནི། ཞིང་དང་ཚོང་དང་བསྙེན་བཀུར་ལ་སོགས་པ་ལ་ཞུགས་པ་རྣམས་ཀྱིས་ཀྱང་བརྟུལ་ཞུགས་བརྟན་པས་ཏེ་དགྲ་བོ་ཚར་གཅོད་པ་ལ་བརྩོན་པས་འདི་དག་བྱའོ། །སྦྱོར་བ་གཞན་མིན་པས་བྱ་བ། །ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་ནས། གནོད་མཛེས་ལ་ཐུག་པའི་བར་དེ་རྣམས་ཀྱི་སྦྱོར་བ་ནི་སྦྱོར་བ་གཞན་ཡིན་ཏེ། དེ་བས་ན་མི་བསྐྱོད་པའི་སྦྱོར་བས་གདུག་པ་རྣམ་པར་གཞིག་པ་འདི་བྱའོ་ཞེས་བྱ་བའི་བར་དུའོ། །དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་ལ། དགྲ་བོའི་གཟུགས་བརྙན་དུར་ཁྲོད་ཀྱི་སོལ་བ་དང༌། དུག་དང་ཏེ་ར་ཀ་དང་སྐེ་ཚེ་ལན་ཚྭ་དང་ཡུངས་མར་ལ་སོགས་པ་ལས་བྱས་ནས་བཞག་སྟེ། མངོན་སྤྱོད་ཀྱི་རྫས་ཉིད་ཀྱིས་དུར་ཁྲོད་ཀྱི་རས་ལ་བསྒྲུབ་པར་བྱ་བའི་མིང་བྲིས་ཏེ། བསྒྲུབ་པར་བྱ་བའི་སྙིང་གར་བཅུག་ལ། རྫས་ལ་རྣམ་ཤེས་དགུག་པ་སྔོན་དུ་འགྲོ་བས། ལྷོ་ཕྱོགས་སུ་ཁ་བལྟས་ལ་སྐྲ་བཤིག་ཅིང་གཅེར་བུར་བྱུང་ནས། གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་གང་ཡང་རུང་བའི་སྔགས་བཏོན་ན། ཁམས་གསུམ་དག་ཀྱང་འཇིག་པར་བྱེད་དོ་ཞེས་བྱ་བ་ནི། ཤིན་ཏུ་ཁྱད་པར་དུ་འཕགས་པར་གསུངས་པའོ། །དུར་ཁྲོད་རོ་བསྲེགས་ཞེས་བྱ་བ་ལ་སོགས་པ་ལ། རོ་བསྲེགས་པའི་ཐལ་བ་ཡུངས་མར་དང་སྦྲུས་པ་ལས་དགྲའི་གཟུགས་བརྙན་བྱས་ནས། དེའི་རྣམ་པར་ཤེས་པ་ནང་དུ་བཅུག་ལ། དེ་བཞིན་དུ་མི་བསྐྱོད་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་


DTG030_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱོར་པས་ཁྲོ་བོའི་སྔགས་སྟོང་ངམ་བརྒྱ་རྩ་བརྒྱད་དུ་བཟླས་པས་ཀྱང་ངེས་པར་འཆི་བར་འགྱུར་རོ། །དཀྱིལ་འཁོར་གྲུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། རོ་བསྲེགས་པའི་ཐལ་བ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དུར་ཁྲོད་དུ་བྲིས་ལ། དེར་ཤིང་ཚེར་མ་ཅན་གྱིས་མེ་སྤར་ལ་བ་ལང་གི་ཤ་ལ་སོགས་པ་ལས། དགྲ་བོའི་གཟུགས་བརྙན་ཇི་ལྟ་བ་བཞིན་དུ་བྱས་ཏེ། དགུག་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྔ་མ་བཞིན་དུ་བཟླས་ལ་གཏུབ་ཅིང་མེ་ལ་སྦྱིན་སྲེག་བྱའོ། །རྡོ་རྗེའང་གདོན་མི་ཟ་བར་འཇིག་ཅེས་བྱ་བ་ནི། ལས་ཀྱི་ཆེ་བའི་བདག་ཉིད་བསྟན་པའོ། །ཤ་ཆེན་ཞེས་བྱ་བ་ལ་སོགས་པ། འཇིག་པའི་ལས་གང་ཡིན་པ་ལ་ཤ་ཆེན་པོ་ལས་སྔ་མ་བཞིན་དུ་བྱ་སྟེ། ཤ་ལས་བྱས་པའི་སྦྱོར་བ་ཐམས་ཅད་ཀྱི་ནང་ན་རྡོ་རྗེ་ལས་བྱུང་བ་ནི་ཤིན་ཏུ་མི་བཟད་པ་ཡིན་པར་བཤད་དོ། །དེ་ཉིད་ཀྱི་ཕྱིར་འདི་ནི་དགྲ་ཐམས་ཅད་ཀྱི། འཇིགས་པ་ཤིན་ཏུ་མི་བཟད་ཡིན། །ཞེས་བྱ་བ་གསུངས་སོ། །དགྲའི་ཞེས་བྱ་བ་ལ་སོགས་པ་ལ། ཆོས་མཆོག་ཅན་ཏེ་སྨེ་ཤ་ཅན་ལ་སོགས་པའི་བཤད་བ་དང༌། གཅི་བ་ལས་དགྲའི་གཟུགས་བརྙན་བྱས་ལ། དགུག་པ་སྔོན་དུ་འགྲོ་བས་སྔགས་བཟླས་ཏེ། ཐབ་ཁུང་གྲུ་གསུམ་པའི་ནང་དུ་ཚེར་མའི་མེ་ལ་གཏུབས་ཤིང་གཏུབས་ཤིང་བསྲེགས་ན། སངས་རྒྱས་དག་ཀྱང་ངེས་པར་འཇིག་པར་འགྱུར་རོ་ཞེས་གསུངས་སོ། །དགྲའི་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་ལ། ཆུ་བོ་འབབ་པའི་འགྲམ་གཉིས་སོ། །ཞེས་བྱ་བ་ནི། ནུབ་ཕྱོགས་ཀྱི་རྒྱ་མཚོ་འབབ་པའི་ཆུ་བོ་སྟེ། དེའི་འགྲམ་གཉིས་ཀྱིས་བླངས་ལ་དགྲའི་གཟུགས་བརྙན་བྱས་ཏེ། ཤྲིང་གི་ལ་སོགས་པའི་དུག་དང༌། པོ་སོ་ཆའི་ཚེར་མ་དང༌། སང་གོ་ཙ་ལ་སོགས་པའི་དུག་གམ། སརྦཾ་ཀ་ན་ཊ་ཀའི་དུག་ཏིལ་གྱི་འབྲས་བུ་ཙམ་གྱིས་གཟུགས་བརྙན་གྱི་ལུས་བཀང་ལ། སྦས་ནས་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་བྱ་བས་བསྐུལ་ན། སངས་རྒྱས་ཀྱང་ངེས་པར་འཇིག་པར་འགྱུར་རོ་ཞེས་གསུངས་སོ། །སྐེ་ཚེ་ཞེས་བྱ་བ་ལ་སོགས་པ་ལ། སྐེ་ཚེ་ལ་སོགས་པའི་རྫས་རྣམས་ལས་དགྲའི་གཟུགས་བརྙན་བྱས་ལ། དེ་བཞིན་དུ་ཚེར་མ་ཅན་གྱི་མེ་ལ་སྦྱིན་སྲེག་


DTG030_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། འདི་ནི་སངས་རྒྱས་ཐམས་ཅད་དེ། བསྒྲུབ་པར་བྱ་བ་ཉིད་དུ་མངོན་པར་འདོད་པ་རྣམས་ཀྱི་གསད་པར་བྱ་བ་དང༌། འདི་དག་ཉིད་གཙོ་བོ་ཡིན་པར་བཤད་དོ། །གསོད་པའི་ལས་འདི་དག་ཐམས་ཅད་ཀྱང༌། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་རྣམས་བཟློག་པར་བྱ་བའི་ཕྱིར། བསྐྱེད་པའི་རིམ་པ་དང་ལྡན་པ་རྣམས་ཀྱི་གསུངས་པ་ཡིན་ནོ། །རྫོགས་པའི་རིམ་པ་ལ་གནས་པའི་གསོད་པའི་ལས་ཀྱང༌། ལེའུ་དགུ་པ་ལས་གསུངས་པའི་ཚུལ་དུ་བྱ་བར་ཤེས་པར་བྱའོ། །སོལ་ཁུས་ཞེས་བྱ་བ་ལ་སོགས་པ་ལ། དུར་ཁྲོད་ཀྱི་སོལ་བའི་ཁུ་བས་གཤེར་བར་བྱས་པའི་གོས་གྱོན་ལ། ལིང་ག་སྟེ་སེམས་ཁྲོས་པས། སྐེ་ཚེ་ལ་སོགས་པ་ལས་བྱས་པའི་དགྲ་བོའི་གཟུགས་བརྙན་མི་བསྐྱོད་པའི་སྦྱོར་བ་དང་ལྡན་པའི་རྐང་པས་མནན་ནས། ཆེ་གེ་མོ་སྲིན་པོ་རྣམས་ཀྱིས་ཁྱེར་དུ་ཆུག་ཤིག་ཅེས་བྱ་བའི་བསྐུལ་བའི་ཚིག་དང་ལྡན་པར་གནོད་མཛེས་ཀྱི་སྔགས་བཟླས་ན་སྲིན་པོས་འཁྱེར་བར་འགྱུར་རོ། །རུས་ཕྱེ་ཞེས་བྱ་བ་ལ་སོགས་པ་ལ། མི་རུས་ཀྱི་ཕྱེ་མ་དང་ཁྲག་དང་དུག་རྣམས་ལས་དགྲའི་གཟུགས་བརྙན་བྱས་ནས། བཤད་མ་ཐག་པའི་ཆོ་ག་བཞིན་དུ་མནན་ནས་བཟླས་བརྗོད་བྱའོ། །དེ་ལྟར་བྱས་པའི་སྦྱོར་བའི་ཆེ་བའི་མཐུ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་འང་སྲིན་པོས་འཁྱེར་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྐེ་ཚེ་ཞེས་བྱ་བ་ལ་སོགས་པ་ལ། སྐེ་ཚེ་དང་བཤད་གཅི་ལ་སོགས་པ་ལས་དགྲ་བོའི་གཟུགས་བརྙན་བྱས་ནས། དེ་བཞིན་དུ་རྐང་པས་ཡོངས་སུ་མནན་ལ། ཆེ་གེ་མོ་རབ་ཏུ་ཚ་བས་འཁྱེར་དུ་ཆུག་ཅིག་ཅེས་པ་དང༌། བདུད་རྩི་ཐབ་སྦྱོར་གྱི་སྔགས་བརྗོད་ལ། བསྒྲུབ་པར་བྱ་བའི་རིམས་དང་ཚ་བ་བསྐྱེད་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། གང་བཤད་མ་ཐག་པའི་དྲག་པོའི་ལས་དེ་དག་ཐམས་ཅད་ལ། འོག་ནས་འཆད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་བདུད་རྩི་ཐབ་སྦྱོར་ཏེ། དེའི་སྙིང་པོ་ནི་གསོད་པའི་ཡུལ་ལ་ཕྲེང་བའི་སྔགས་ཤིན་ཏུ་དམ་པར་གྱུར་པ་ཡིན་ཏེ། ན་མཿཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་


DTG030_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་སོ། །སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་ལ། སྦྱིན་སྲེག་གི་རྣམ་པ་ནི་བཤད་ཟིན་ཏོ། །བསམ་གཏན་ནི་འོག་ནས་བཤད་པའི་མཚན་ཉིད་ཅན་ཏེ། སྦྱིན་སྲེག་དེའམ། བསམ་གཏན་དེ་ནི་ལུས་དང་ངག་སེམས་འཇིག་པ་སྟེ། དགྲ་བོའི་ལུས་ལ་སོགས་པ་འཇིག་པའོ། །མ་ཡེངས་པ་ཡིས་སེམས་ཀྱིས་བྱ། །ཞེས་བྱ་བ་ནི། རྩེ་གཅིག་པའི་ཡིད་ཀྱིས་གསོད་པའི་ལས་ཀྱི་མཆོག་འདི་བྱའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་སྟོབས་ཆེ་ཞིང་ཕ་རོལ་གནོན་པ་ལ། རྣམ་པར་བགྲད་པ་འཇིགས་འཇིགས་ལྟ་བུ་སྟེ། སྨིན་མ་བསྐྱོད་པ་ལ་སོགས་པ་དང་ལྡན་ཞིང༌། རྣམ་པར་འཚེ་བ་ལ་བརྩོན་པ་སྟ་རེ་དང་ཐོ་བ་ཕྱག་ན་བསྣམས་པར་བསྒྲུབ་པར་བྱ་བ་འདི་ལྟ་བུར་དད་པོར་བསམས་ནས། འོག་ནས་བཤད་པའི་བསམ་གཏན་འདི་རབ་ཏུ་བརྟག་པར་བྱའོ། །དེ་ལ་ནི་གསོད་པའི་ལས་ལའོ། །འདི་ནི་དྲག་པོ་ཆེན་པོའི་ཁྲོ་བོ་ནི་མི་བསྐྱོད་པའོ། །དེའི་དམ་ཚིག་ནི་འདའ་བར་མི་བྱ་བའི་གསུང་ངོ༌། །ནམ་མཁའི་དབྱིངས་ནི་ནམ་མཁའི་གཏོས་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་གང་བར་རབ་ཏུ་བསྒོམས་ལ། གདུག་པ་སྟེ་བསྒྲུབ་པར་བྱ་བ་དེ་ཡིས་ཐོ་བས་བསྣུན་ཅིང༌། སྟ་རེས་བཅད་ནས་གསད་ཅིང་བཅོམ་པར་བསམས་ལ། འདས་པ་དང་མ་འོངས་པའི་ལས་རྣམས་བྱ་སྟེ། དེ་ལྟར་བྱས་ན་དེ་མ་ཐག་ཏུ་འཆི་བར་འགྱུར་རོ། །སངས་རྒྱས་ནི་བསྟན་པ་ལ་གནས་ཤིང༌། ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་ནི་དེ་དང་རྗེས་སུ་འབྲེལ་པ་བསླབ་པ་ལྔ་ལ་སོགས་པ་དང་ལྡན་པ་སྟེ། དེས་ཡོངས་སུ་གང་བའི་མིའི་འཇིག་རྟེན་བསྒོམས་ནས། གདུག་བ་དེས་གསད་པར་བསམས་ནས་ལས་རྣམས་བྱའོ། །རང་ཉིད་ཀྱང་འཆིའོ་ཞེས་བྱ་བ་ནི་ཤིན་ཏུ་ཁྱད་པར་གསུངས་པའོ། །སངས་རྒྱས་གནོད་བྱེད་ཅེས་བྱ་བ་ལ་སོགས་པ་ལ། བཤད་མ་ཐག་པའི་རྣམ་པས་སྡིག་པའི་དྲི་མ་བསགས་པར་གྱུར་ལ། འགྱོད་པས་སྐྲག་ཅིང་དེ་ཉིད་ཀྱིས་ན་འཇིགས་པས་དཀྲུགས་ལ་སྐྱབས་མེད་པར་བསམས་ནས། ལས་


DTG030_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་འཆི་བར་འགྱུར་བར་འདི་ལ་གདོན་མི་ཟའོ། །བསམ་གཏན་གྱིས་གསོད་པ་བསྟན་པར་བྱ་བའི་ཕྱིར། སྲིན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་ཞིང་འཚོ་བའི་བདག་ཉིད་ཅན། ཤ་དང་ཁྲག་དང་ཚིལ་དང་ཞག་ཟ་བ་རྣམ་པ་སྣ་ཚོགས་པ་གཏུམ་ཞིང་ཤིན་ཏུ་འཇིགས་སུ་རུང་བ་དང༌། ཁྲོ་བ་མི་བཟད་དེ་ཁྲོ་བོའི་མེ་དང་དུ་བས་བལྟ་བར་དཀའ་བ་རྣམས་ཀྱིས་བསྒྲུབ་པར་བྱ་བ་སྐྲག་པར་བྱས་པར་བསམས་ན། བསམ་གཏན་དེས་ནི་འཆི་བར་འགྱུར་རོ། །རྡོ་རྗེ་འཛིན་པ་ཉིད་ཀྱང་འཆི། །ཞེས་བྱ་བ་ནི་ཁྱད་པར་གསུངས་པའོ། །འུག་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྦྲུལ་གནག་ཅེས་བྱ་བ་ལ་སོགས་པ་ལ། དུག་དང་ངེས་པར་ལྡན་པས་མདོག་གནག་པ་ནི་སྤྲུལ་གནག་གོ །རབ་ཏུ་ཁྲོ་བ་ནི་ཤིན་ཏུ་འཇིགས་སུ་རུང་བའོ། །འཇིགས་པ་དག་ཀྱང་འཇིགས་པར་བྱེད་པའི་གདེངས་ཀ་ལྔ་དང༌། ལྕེ་གཉིས་ཡོད་ཅིང་མཆེ་བ་གཙིགས་པ་བྲིས་ལ། དུག་གི་མཆོག་གི་དམ་ཚིག་འདི་སྟེ། རྒྱུ་བ་དང་མི་རྒྱུ་བའི་དུག་རྣམས་ཡི་གེ་ཧྲཱིཿའི་འོད་ཟེར་གྱིས་ནག་པོར་དྲངས་ལ། དཔྲལ་བར་ཁཾ་དང་ལྡན་པའི་ཁར་བསམ་མོ། །དེ་ནས་སྤྲུལ་གྱི་གཟུགས་འདི་ཁྱད་པར་དུ་འགྱུར་ཞིང་འགྲོ་བར་འགྱུར་རོ། །དེ་ནས་དེ་ལ་ཆེ་གེ་མོ་ཟོ་ཤིག་ཅེས་བསྐུལ་ན་དེ་ཟ་བར་འགྱུར་ཏེ། དེ་ཡང་ངེས་པར་འཆི་བར་འགྱུར་རོ། །སྡིག་པ་ལ་སོགས་པ་ལ་ཡང་ཆོ་ག་འདི་ཉིད་དོ། །ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་ཐམས་ཅད་དང་འབྲེལ་པའི་འཚེ་བ་སྟེ། སྤྲུལ་དང་གདུག་པ་ལ་སོགས་པས་བྱས་པའི་འཇིགས་པ། ཁམས་འཁྲུག་པ་བསྐྱེད་པའི་རྣམ་པར་འགྱུར་བ་དེ་རྣམས་ལས་དྲངས་ནས། འབྱུང་བོ་ནག་པོའི་གཟུགས་སུ་བསམས་ནས་དགྲ་རྣམས་ཏེ། དགྲ་པོའི་རྒྱུད་ལ་ངེས་པར་དབབ་ཅིང་གཞག་པར་བྱ་སྟེ། འདི་ནི་བསྐུལ་བ་ཞེས་བྱ་བ་བསྒོམ་པའོ། །མཆོག་ཡིན་ནོ་ཞེས་བྱ་ནི་གདུག་པ་འདུལ་བ་ལས་ཤིན་ཏུ་སྟོབས་དང་ལྡན་པ་སྟེ། མཆོག་ཅེས་པ་ནི་བསྐུལ་བའི་ལས་གཞན་ལ་ལྟོས་པས་སོ། །དེ་ལྟ་བུའི་སྡིག་པའི་དྲི་མ་བསགས་པའི་བསྒྲུབ་པར་བྱ་བ་མདུན་དུ་བསམས་ལ། གཤིན་རྗེ་


DTG030_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཤེད་ཀྱི་སྦྱོར་བས་ཐོབས་བསྒྲུབ་པར་བྱ་བའི་སྙིང་གར་བརྡེགས་ཏེ། དེ་ལྟར་བྱས་ན་རྡོ་རྗེ་འཛིན་པ་ཆེན་པོའི་བཀའ་བཞིན་དུ་དགྲའི་སྲོག་མེད་པར་འགྱུར་རོ། །རྡོ་རྗེ་ཅན་ཏེ་སྒྲུབ་པ་པོས་བསྒྲུབ་པར་བྱ་བ་དེ་ཉིད་ལ། ཐག་མདུང་ལ་སོགས་པ་བཤད་པས་གཤེགས་པ་དང༌། སྟ་རེ་ལ་སོགས་པས་གཤེག་ཅིང་གཏུབ་པར་བསམ་མོ། །དེ་ལྟར་བྱས་པས། སྐུ་གསུམ་གྱི་ནི་མཆོག་སྦྱིན་པ། །ཞེས་བྱ་བ་སྟེ། སེམས་ཅན་རྣམ་པ་གསུམ་ལ་ཡིད་དུ་འོང་བའི་འབྲས་བུ་སྟེར་བ་དང༌། རྡོ་རྗེ་སེམས་དཔའ་སྟེ་བརྩོན་འགྲུས་བརྟན་པ་དང༌། དྲག་པོ་སྟེ་སྡིག་པའི་དྲི་མ་ཉེ་བར་བསགས་པའི་བསྒྲུབ་པར་བྱ་བ་འཆི་བར་འགྱུར་རོ། །བསྲུང་བ་ཞེས་བྱ་བ་ལ་སོགས་པ་ལ། བསྒྲུབ་པར་བྱ་བའི་ནད་མེད་པ་རྒྱས་པར་བཟླས་བརྗོད་དང༌། སྦྱིན་སྲེག་ལ་སོགས་པ་དེ་ལ་ཕན་པར་འདོད་པས་བྱེད་བཞིན་པ་དང༌། བསྲུང་བ་བྱས་པ་དེ་ལ་སོགས་པའི་སྲུང་བར་བྱེད་བའི་སྔགས་རྣམས་ཏེ། བསྒྲུབ་པར་བྱ་བ་ཟློག་པར་གྱུར་པའི་ཕྲེང་བའི་སྔགས་ལ་སོགས་པ་རྣམས་དང༌། ལྷ་རྣམས་ཀྱང་སྟེ་བསྒྲུབ་པར་བྱ་བསམ་ཉེ་པར་བྱས་པའང་ཕུར་བུས་གདབ་ཅེས་པ་སྟེ། ཕུར་བུས་འདེབས་པར་བྱེད་དོ། །འདི་ནི་གཞན་གྱི་རིག་པ་གཅོད་པར་བྱེད་པ་དང༌། གསོད་པར་བྱེད་པའི་ཆོ་ག་སྟེ། རིམ་པ་འདི་ནི་གསོད་པར་བྱེད་པའི་ཡུལ་ལ་མཆོག་ཏུ་གྱུར་ཅིང་ཁྱད་པར་རུ་འཕགས་པ་དང༌། དམ་ཚིག་ཤིན་ཏུ་འདའ་བར་དཀའ་བ་སྟེ། འདའ་བར་མི་བྱ་བའི་དམ་ཚིག་ཏུ་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ། །གསོད་པའི་ཡུལ་འདི་ལ་རྣམ་པར་དག་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཕུང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་ཕུང་པོས་ཞེས་བྱ་བ་ཕུང་པོ་ལྔའི་བདག་ཉིད་ཀྱིས། འཇིག་རྟེན་གསུམ་པོ་འདི་དག་གི་ནང་གི་དཀྱིལ་འཁོར་དུ་སེམས་ཅན་སྒོ་ང་ལས་སྐྱེས་པ་ལ་སོགས་པ་ཅི་ཙམ་གནས་པ་དེ་དག་ཐམས་ཅད་གསད་ཅིང་གཞོམ་པས་བདག་ཏུ་གཏོགས་པ་ཞེས་པ་སྟེ། རང་གི་བདག་ཉིད་དུ་གཏོགས་ཤིང་རྡོ་རྗེ་སེམས་དཔའ་ཉིད་དུ་གྱུར་པར་བསམས་ཤིང་ཤེས་ན་མཉེས་པར་འགྱུར་ཏེ་ཞེས་བྱ་བ་སྟེ། གསད་པར་གྱུར་པའི་སེམས་ཅན་དེ་རྣམས་


DTG030_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་པས་རྣམ་པ་འདི་ལྟ་བུས་བསྒྲུབས་ན། དགའ་བར་འགྱུར་ཞང་མི་བསྐྱོད་པའི་འཇིག་རྟེན་ཁམས་སུ་རོལ་པར་འགྱུར་གྱི། གཞན་དུ་མཚོན་ཆ་ལ་སོགས་པས་ཉེ་བར་བཅོམ་ནས་གསད་པ་འདི་ནི་འདི་ལྟར་མི་འགྱུར་རོ། །རྣམ་པར་དག་པ་དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། སྟོན་པ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་སྐུ་རྡོ་རྗེའོ། །རྡོ་རྗེ་འཛིན་པ་ནི་ཐུགས་རྡོ་རྗེའོ། །རྡོ་རྗེ་ཅན་ནི་སྐུ་རྡོ་རྗེ་ལ་སོགས་པ་གསུམ་པོ་དེ་དག་རིལ་པོར་འཛིན་པ་དང༌། ཕྲ་རབ་ཏུ་སོ་སོར་གཞིག་པས་དེ་བཞིན་ཉིད་དུ་དམིགས་པས། འཆི་བར་འགྱུར་པ་ཇི་ལྟར་གཞན་གྱི་རྒྱུད་དུ་གནས་པ་འཇིག་པར་སྣང་བ་དེ་བཞིན་དུ། བདག་གི་རྒྱུད་ལ་གནས་པའང་གསད་པར་བསྟན་པས་ནི། དོན་དམ་པ་ལ་དམིགས་པ་ཉིད་བསྟན་པ་ཡིན་ཏེ། གསད་པའི་ཆོ་ག་འདི་ནི་རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཡིན་ཏེ། འདི་ནི་རྡོ་རྗེ་འཆང་ཆེན་པོའི་བཀའོ། །ཁྲོ་བོ་ཆེན་པོའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ནས་བྱུང་ནས་དེ་དང་གཅིག་ཏུ་གྱུར་པ་རྡོ་རྗེ་ནི་རྡོ་རྗེ་ཁྲོ་བོའོ། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྡུད་པར་བྱེད་པའི་ཚིག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། །རྒྱལ་པོ་ནི་འབར་བར་གྱུར་པའོ། །རྡོ་རྗེ་འཛིན་ནི་ཞེ་སྡང་རྡོ་རྗེའོ། །ཐམས་ཅད་ནམ་མཁའ་ནི་ཐམས་ཅད་སྟོང་པའི་བདག་ཉིད་དེ། དེ་ཉིད་ཀྱིས་ན་ཐུབ་པ་ཆེན་པོའོ། །ཐམས་ཅད་དབང་བསྐུར་ནི་ཟད་ཅིང་འཇིག་པའོ། །རྫོགས་སངས་རྒྱས་ནི་དེ་ཤེས་པའོ། །ཡེ་ཤེས་རྡོ་རྗེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་འདོད་པའི་འབྲས་བུ་རབ་ཏུ་སྟེར་བའི་མི་འཇིགས་པའི་ངོ་བོ་ཉིད། འོག་ནས་བཤད་པའི་ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པས་བཀའ་སྩལ་ཅིང་གསལ་བར་མཛད་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ངོ་བོ་ཉིད་ཀྱིས་དག་པ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །རྡོ་རྗེ་ཐེག་པ་བླ་ན་མེད་པ་ནི་ངོ་བོ་ཉིད་དང་བྲལ་བའི་འོད་གསལ་བ་བླ་ན་མེད་པ་སྟེ། གང་བསྒོམ་བས་མ་སྐྱེས་པའི་ཆོས་རྣམས་ལ་སྟེ། རྒྱུ་དང་བྲལ་བའི་ཕྱིར་སྐྱེ་བ་མེད་པའི་ཆོས་རྣམས་ཟིན་པར་གྱུར་པ་


DTG030_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ལ། དུས་གསུམ་དུ་འབྱུང་བའི་རྒྱལ་བ་རྣམས་ཀྱིས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་རྣམས་ཀྱིས་སྐྱེ་བ་འབྱུང་བ་བསྟན་ཅིང་གསུངས་སོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་བདག་མེད་པ་ལ་གནས་པ་ལ་འོག་ནས་བཤད་པ་འདི་ནི་ཕྲན་ཚེགས་ཏེ། ཡོ་བྱད་ཉུང་ཟད་ཙམ་གྱིས་བསྒྲུབ་པར་བྱ་བ་ཡིན་པས་ན་ལས་ཕྲན་ཚེགས་སོ། །འོན་ཀྱང་སྙིང་པོར་གྱུར་པས་ན་རྡོ་རྗེའོ། །དེ་ཉིད་ཀྱིས་ན་སྦ་བར་བྱ་བ་ཡིན་པས་ན་གསད་པའོ། །སྤྲུལ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྤྲུལ་གདེངས་ཀ་གཅིག་པའམ། གདེངས་ཀ་གསུམ་ལ་སོགས་པ་དང་ལྡན་པ་མི་སྡུག་ཅིང་གཟུགས་ངན་པ་དང༌། འཇིགས་པར་བྱེད་ཅིང་རྣམ་པར་འགྱུར་བ། འོད་ནག་པོ་འབར་བ་འཁྲུག་ཅིང་ཁྲོ་བ་ལ་ལྕེ་གཉིས་ཀུན་ཏུ་བསྐྱོད་པ་ཁ་རེ་རེ་ཞིང་མཆེ་བའི་ཕྲེང་བས་གཏམས་པ། རྡོ་རྗེ་རྒྱུས་སམ་སོལ་བའམ། གང་ཡང་རུང་བའི་ཚོན་གྱིས་བྲི་ཞིང་བསམས་ལ་དེ་ལ་སྟེ། དེར་འདི་ནི་སྟེང་འོག་ནས་བཤད་པའི་ཀླུ་ཁྲོ་བོ་བསྐུལ་བའི་སྙིང་པོ་སྟེ། ས་བོན་བསམ་པར་བྱའོ། །ཁཾ་ཀླུའི་ཁའི་ནང་དུ་ཁཾ་ནག་པོ་བཀོད་པ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་དུག་ཧ་ལ་ཧ་ལ་དང་འདྲ་བར་གནག་པ། མེ་ཏོག་སྲེག་པ་བཟོད་པར་དཀའ་བ་བསྒོམས་ལ། ནོར་རྒྱས་ལ་སོགས་པ་གང་ཡང་རུང་བའི་རྣམ་པར་ཤེས་པ། ཧྲཱིཿལས་བྱུང་བའི་ལྕགས་ཀྱུས་དྲངས་ལ་བཅུག་པས། སྦྲུལ་རྣམ་པར་གཡོ་བར་བསྒོམ་ན། འགུལ་བར་འགྱུར་བར་གདོན་མི་ཟའོ། །དེ་ལ་སྟེ་སྦྲུལ་དེ་ལ་རྒྱུ་བ་དང་མི་རྒྱུ་བ་རྣམས་ལས། དུག་ཐམས་ཅད་འབྱིན་པའི་སྙིང་པོ་སྟེ། དེ་གང་ཞེ་ན། ཡི་གེ་ཧྲཱིཿཞེས་བྱ་བའོ། །རྣམ་པ་སྣ་ཚོགས་ལས་བྱུང་དུག །ཅེས་བྱ་བ་ནི། རྒྱུ་བ་དང་མི་རྒྱུ་བ་ལས་བྱུང་བའི་བདག་ཉིད་ཅན་ནོ། །ཁམས་གསུམ་ན་ནི་གནས་པ་ཀུན། །ཞེས་པ་ནི་མཆོག་དང་འབྲིང་དང་ཐ་མའི་སྣོད་ན་གནས་པ་མ་ལུས་པ་ཀུན། ཧྲཱིཿདེ་ཡིས་ཁྱེར་ཞིང་དྲངས་པར་བསྒོམས་ལ། དེ་ནས་སྦྲུལ་གྱི་ལུས་ལ་འབབ་པར་གྱུར་ཅིང༌། རབ་ཏུ་ཞུགས་པར་བསམས་ན་སྤྲུལ་དེ་དེ་མ་ཐག་ཏུ་སྟེ། བསམས་པ་ཙམ་གྱིས་དུག་གི་རྒྱ་མཚོ་ལྟར་ཤིན་ཏུ་མི་བཟད་པར་འགྱུར་རོ། །རེག་མ་ཐག་ཏུ་ཞེས་


DTG030_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྔགས་འདིས་བསྐུལ་བས་ཟིན་པ་ཙམ་གྱིས་སམ། རེག་པ་ཙམ་གྱིས་འགྲོ་བ་ཐམས་ཅད་དུག་གིས་ཕོག་པས་འཆི་བར་འགྱུར་བར་གདོན་མི་ཟའོ། །སྡིག་པ་ཞེས་བྱ་བ་ལ་སོགས་པ་ལ། བཤད་མ་ཐག་པའི་ཆོ་ག་ཉིད་ཀྱིས། རུས་སྦལ་ལ་སོགས་པའི་སེམས་ཅན་གྱི་བྱེ་བྲག་རྣམས་ལའང་བྱའོ། །གང་གིས་ཤེ་ན། སྦྱོར་བ་འབྱུང་བའི་མཚན་ཉིད་ཀྱིས། །ཞེས་བྱ་བ་སྟེ། སྦྱོར་བ་ནི་དུག་གོ །དེའི་འབྱུང་བ་ནི་སྡིག་པ་ལ་སོགས་པ་བྲི་བ་སྟེ། དེའི་མཚན་ཉིད་ལ་མཁས་པས་སོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི། དུག་གི་གནས་གཞན་ནས་གཞན་དུ་འཕོ་བ་གསུངས་པ་ཡིན་ཏེ། ལྟ་བ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ལྟ་བའི་དུག་དང་མཆེ་བའི་དུག་ལ་སོགས་པའི་དུག་དང༌། སེམས་ཅན་གཞན་ཡང་མི་བཟད་པའི་དུག་དང་ལྡན་པ་དེ་རྣམས་ཀྱི་དུག་སྣོད་ཀྱི་ལུས་ལ། སྟེང་དང་འོག་ན་གནས་པའི་ཨོཾ་དཀར་པོ་འོད་གཏོང་བར་བྱེད་པས། རྐང་པའི་འོག་ན་གནག་ཅིང་རྣམ་པར་འཕྲོ་བའི་གཟུགས་སུ་གནས་པར་བསམས་ལ། ནམ་མཁའ་རྡོ་རྗེའི་དཀྱིལ་འཁོར་ཏེ། སྣོད་ཀྱི་སྙིང་གར་བསམས་པའི་ཡི་གེ་ཁཾ་གི་སྟེང་དུ། ཡེ་ཤེས་རྡོ་རྗེ་སྟེ་ཡི་གེ་ཧྲཱིཿའི་ལྕགས་ཀྱུས་དྲངས་ནས། སྔགས་པས་འཛུད་པར་བྱེད་དོ། །བཅོམ་ལྡན་འདས་དུག་གི་དམ་ཚིག་ཆེན་པོ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི། དུག་བསལ་བའི་ཆོ་ག་རྩོམ་པ་ཡིན་ཏེ། དུག་གསོ་བའི་སྙིང་པོ་གང་ཡིན་ཞེ་ན། ཡི་གེ་ཧཱུཾ་ཞེས་བྱ་བ་སྟེ་ཧཱུཾ་འདི་རྡོ་རྗེ་ཆེན་པོའི་སྙིང་པོ་འདི་སྟེ། རྐང་པའི་འོག་ཏུ་རྡོ་རྗེ་ཆེན་པོའི་འོད་ཀྱི་ཚོགས་ཀྱི་བདག་ཉིད་ཅན། ཟླ་བའི་འོད་ཟེར་བཞིན་དུ་བསིལ་ཞིང་གསལ་བར་རྣམ་པར་བསམ་མོ། །གནས་བཞི་དག་ཏུ་སྦྱོར་བ་ཡིས། །ཞེས་བྱ་བ་ནི། རྐང་པའི་མཐིལ་ནས་ཁོང་སྟོང་ལས་གྱེན་དུ་འབྱུང་བ་སྟེ། དུག་རང་གི་འོད་ཀྱི་ཚོགས་ཀྱིས་གྱེན་དུ་ཕུལ་བས་མདོམས་ཀྱི་པདྨར་ཕྱིན་པ་དང༌། དེ་ལས་ཀྱང་བཅད་ཅིང་བཏོན་པས་དེ་ལས་བྱུང་སྟེ། དེ་བཞིན་དུ་ལྟེ་བའི་པདྨར་ཕྱིན་པར་བསམས་ལ། དེ་ལས་ཀྱང་སྙིང་གའི་པདྨར་ཕྱིན་པར་རྣམ་པར་བསམས་ཏེ། དེ་


DTG030_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་ཀྱང་ལྐོག་མའི་པདྨར་ཕྱིན་པར་བསྒོམས་ཏེ། དེ་ལྟར་སྡུད་པའི་ཚུལ་གྱིས་ལངས་ནས་དུག་སྟེང་དུ་འགྲོའོ། །དེ་བཞིན་དུ་ལན་གཉིས་སམ་གསུམ་དུ་བསམས་ནས་ནད་པ་ནག་པོའི་གཟུགས་ཅན་སྐྱུགས་པར་བསམས་ན་བདེ་བར་གནས་པར་འགྱུར་རོ། །རིམ་པ་འདི་ཉིད་ཀྱིས་སྤྱི་བོ་ནས་བརྩམས་ཏེ། རྐང་པའི་མཐར་ཐུག་པའི་བར་དུ་བུ་ག་དེ་ལས་ངེས་པར་འབྱུང་བར་བསམ་པར་བྱའོ་ཞེས་ལ་ལ་དག་འདོད་དོ། །ནམ་མཁའི་ཁམས་ནི་ནམ་མཁའི་གཏོས་ཏེ། དུག་གིས་བཀང་བར་གྱུར་པ་ཡང་སྦྱོར་བ་འདིས། དེ་མ་ཐག་ཏུ་དུག་མེད་པར་འགྱུར་རོ་ཞེས་དེ་སྐད་བཀའ་སྩལ་ཏོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། འོག་ནས་བཤད་པ་ལ་ལྟོས་ནས་དུག་བསལ་བ་དེ་ལ། ཉེ་བའི་དུག་སྟེ། ད་དུ་ར་དང་ལངྒ་ལི་ལ་སོགས་པ་དང་སྦྱར་བའི་དུག་རྣམས་ཏེ། དུག་དེ་དག་ཐམས་ཅད་ཀྱི་གསོ་བའི་སྙིང་པོའོ། །དེ་གང་ཞེ་ན། ཨ་ཞེས་བྱ་བའོ། །ཉེ་བའི་དུག་འབའ་ཞིག་གི་གཉེན་པོར་གྱུར་པར་མ་ཟད་ཀྱི། འབྲས་དང་ཕོལ་མིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲས་ནི་བྱ་ལ་དང་གརྡྷ་བྷ་ལ་སོགས་པའོ། །ཕོལ་མིག་ནི་འབྲུམ་ཕྲན་ལ་སོགས་པའོ། །འབྲུམ་བུ་ནི་ཨེ་ཎཱི་པཪྻ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ནུས་པ་གང་ཡིན་པ་དང༌། གང་གཞན་ནང་དུ་བཤད་པ་རྣམས་ཏེ། རིམས་དང་འགོ་བའི་ནད་ལ་སོགས་པ་དག་ཀྱང༌། ཕྱག་ན་རྡོ་རྗེའི་བཀའ་བསྟན་པ་ཇི་ལྟ་བ་བཞིན་དུ་བསམས་པ་ཙམ་གྱིས་ཏེ། འོག་ནས་བཤད་པའི་བསམ་གཏན་གྱིས་མེད་པར་འགྱུར་ཏེ། ནད་པའི་ལུས་ལས་རིང་དུ་འགྱུར་རོ། །པདྨོ་ཞེས་བྱ་བ་ལ་སོགས་པ་ལ། པདྨ་ཆེན་པོ་འདབ་མ་བརྒྱད་པ་དཀར་པོ་ལག་པའི་མཐིལ་དུ་བསམས་ནས། དེའི་ལྟེ་བ་ལ་ཡི་གེ་ཨཱཿ་འོད་ཟེར་ལྔ་རབ་ཏུ་རྫོགས་པ་བསམ་ཞིང་འདབ་མ་རྣམས་སུ་ཧྲཱིཿ་བསྒོམས་ནས་ཡི་གེ་ཧྲཱིཿ་འདོན་ཞིང་བྱབས་ལ་དུག་ལ་སོགས་པ་དྲངས་ཏེ། ཡི་གེ་ཨཱཿ་ལ་བཅུག་ནས་ཁུ་ཚུར་སྡུད་པས་ས་ལ་སོང་བར་བྱའོ། །ཨཱཿའི་ས་བོན་དེ་ཉིད་བསམ་གཏན་གྱི་ཁྱད་པར་གྱིས་ཁྱད་དུ་གྱུར་པར་བྱ་བའི་ཕྱིར། སྡུད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུད་པ་ན་དཀར་པོའི་མདོག་ལྟ་བུ་ཞེས་བྱ་བར་


DTG030_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཏེ། དུག་བསལ་བ་ལ་ནི་དཀར་པོར་བསམ་པར་བྱའོ། །བསྐུལ་བ་སྟེ་དུག་བསླང་བ་ལ་ནི་ཁ་དོག་ནག་པོར་བསམ་པར་བྱའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། སྔར་བཤད་པའི་བསམ་གཏན་གྱི་གནས་ས་བོན་གྱི་རྣམ་པ་འདི་ནི། ཡེ་ཤེས་དྲི་མ་མེད་པ་སྟེ། འོད་གསལ་བས་ཡོངས་སུ་སྦྱངས་པའི་ཕྱིར་དང༌། གསང་བ་སྟེ་སྐལ་པ་ངན་པ་རྣམས་ལ་སྦ་བར་བྱའོ། །དེ་བས་ན་གསང་ཆེན་ཏེ་སངས་རྒྱས་རྣམས་ཀྱི་གསང་བའོ། །དང་པོར་གནས་སྐབས་ཀྱི་འབྲེལ་པས་ཉེ་བའི་དུག་གསོ་བ་བཤད་ནས། །ཁྱད་པར་དུ་ནད་ཀྱི་གསོ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཁྱད་པར་གྱི་ཆོ་ག་ལ་མཚོན་ཆ་ལ་སོགས་པ་གློ་བུར་བའི་རྒྱུ་ལས་བྱུང་བ་དང༌། མངོན་སྤྱོད་ཀྱི་རྒྱུ་ལས་བྱུང་བ་ནི་ཕྱིའོ། །ནད་གཞི་རྣམས་དང་ཁམས་དང་དྲི་མ་དང་ཁ་ཟས་ཀྱི་མི་མཐུན་པའི་རྒྱུ་ལས་བྱུང་བ་ནི་ནང་གི་སྟེ། ཕྱི་དང་ནང་གི་ནད་དེ་རྣམས་ཀྱི་གསོ་བ་ནི་གཉེན་པོར་གྱུར་པའོ། །དེའི་དོན་རྡོ་རྗེ་ལྟར་མི་ཕྱེད་ཅིང་སྙིང་པོར་གྱུར་པའི་སྔགས་ཀྱི་ཡེ་གེའི་ཚིག་རྣམས་ཏེ། ཛི་ན་ཛི་ཀ་ཅེས་བྱ་བ་ལ་སོགས་པ་གསུམ་གྱིས་སོ། །ནད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ནད་ཀྱི་རྡོ་རྗེ་ནི་གསོ་བར་དཀའ་བའི་ནད་དེ། དེ་བསྐུལ་བ་ཡིས་ཞེས་བྱ་བ་ནི་དེ་དབྱུང་བའི་བསམ་པས་སོ། །ཡི་གེའི་ཚིག་ནི་གང་འདོད་པ། །ཞེས་པ་ནི། འདི་རྣམས་ལས་སྔགས་ཀྱི་ཚིག་གང་འདོད་ཅིང་མངོན་པར་དགའ་བས་དད་པས་ཏེ། མོས་པས་བསྟེན་ན་དེས་ཡོན་ཏན་ཐོབ་པར་འགྱུར་བ་སྟེ་འབྲས་བུ་འཐོབ་པར་འགྱུར་བ་དེ་དང་འདྲ་བའི་སྟེ། དེ་དང་རྗེས་སུ་མཐུན་པའི་གཟུགས་ནི་ལྷའི་སྐུ་བསྒོམ་ཞིང་བསམ་པར་བྱའོ། །ཇི་ལྟར་ཞེ་ན། དམ་ཚིག་སྤྲེའུ་དང་འདྲ་བའམ། །ཞེས་བྱ་བ་སྟེ། ནད་སྤྲེའུ་དང་འདྲ་བའམ། ཡང་ན་ཁྱི་ལས་བྱུང་བའང་དུང༌། །ཞེས་བྱ་བ་སྟེ། ཁྱི་དང་འདྲ་བའོ། །དེ་ལྟ་བུའི་གཟུགས་ཅན་གྱི་ནད་རང་གི་ལུས་དང་ངག་སེམས་ལ་གནས་ལས་ཞེས་པ་སྟེ། ལུས་དང་ངག་དང་སེམས་ལ་ཀུན་ནས་བརྟེན་པ་སྟེ། བྱུང་བ་དག་ཏུ་རྣམ་པར་བསམ། །ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ལུས་ལས་བྱུང་བར་རྣམ་པར་བརྟག་


DTG030_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅིང་བསྒོམ་པར་བྱའོ། །དེ་ནས་འཁོར་ལོའམ་རྡོ་རྗེ་ཁ་གྱེས་པ་རྡོ་རྗེའི་གོ་འཕང་སྟེ། ལག་པ་གཡས་པར་བསྒོམས་པ། དེ་འཕངས་པས་ལུས་དང་ངག་སེམས་དམ་ཚིག་རྣམས་ཏེ། ལུས་ལ་སོགས་པ་ལ་གནོད་པར་བྱེད་པའི་ནད་ཕྱེ་མར་བརླག་ཅིང་ཐལ་བར་གྱུར་པར་བསྒོམ་པར་བྱའོ། །དེ་ནས་བརྩམས་ཏེ་ཞེས་པ་དུས་དེ་ནས་བཟུང་སྟེ། རྫོགས་པའི་སངས་རྒྱས་ཞེས་བྱ་བ་མི་བསྐྱོད་པ་ལ་སོགས་པ་དང༌། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་བྱམས་པ་དང༌། གྲགས་ཆེན་རྣམས་ཞེས་བྱ་བ་རང་གི་ལུས་ལ་གནས་པ་རྣམས་ནད་པ་དེ་ལ། བྱིན་བརླབས་གོ་འཕང་དམ་པ་དག །ཅེས་བྱ་གནད་ལས་ངེས་པར་རྒྱལ་བ་རབ་ཏུ་གནས་པ་དགྱེས་པའི་སྤྱན་གྱིས་ཏེ། སྤྱན་གདངས་ནས་རབ་ཏུ་སྩོལ་ཅིང་སྟེར་བར་འགྱུར་རོ། །འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ་ཞེས་བྱ་བ་ནི། སྡུད་པར་བྱེད་པས་འོག་ནས་བཤད་པ་ལ་ལྟོས་པའོ། །ཇི་ལྟ་ཞེ་ན། རང་ལུས་ངག་སེམས་རྡོ་རྗེ་ལ། །ཞེས་བྱ་བ་སྟེ། ནད་པ་ལ་སངས་རྒྱས་ཀྱི་སྤྲིན་ནི། སྤྱན་དང་སྙོམས་པར་ཞུགས་པའི་རྣམ་པར་སྣང་མཛད་ཀྱི་ཚོགས་རྣམས་དང༌། དེ་བཞིན་དུ་རྡོ་རྗེ་རྒྱལ་པོ་སྤྲིན་ཆེན་པོ་སྟེ། ཇི་ལྟ་བ་བཞིན་དུ་བྱུང་བའི་མི་བསྐྱོད་པའི་སྤྲིན་རྣམས་དང༌། འོད་དཔག་ཏུ་མེད་པའི་སྤྲིན་རྣམས་གཞག་སྟེ། དེ་ལྟར་བྱས་པས་ནད་ལས་ཐར་བར་འགྱུར་རོ། །རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ནད་ཚར་གཅད་པ་བསྟན་པར་བྱ་བའི་ཕྱིར། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ཅེས་བྱ་བ་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དོ། །བློ་ལྡན་ནི་རང་གི་རྣམ་པར་ཤེས་པ་དང་ལྡན་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་དག་ནི་མིག་ལ་སོགས་པ་རྣམས་སོ། །དེ་ལ་ནི་ནད་པ་ལའོ། །ཁྲོས་པས་ནི་སྡང་བས་བསྐྱོད་པས་ཏེ་དེ་དག་གི །འཆི་བར་བྱེད་པ་དམ་པ་ཡིན། །ཞེས་བྱ་བ་ནི་འོད་གསལ་བར་འཇུག་པའི་མཚན་ཉིད་ཅན་དུ་བྱ་བའོ། །བསམ་གཏན་སྦྱོར་བ་དེ་དག་གིས། །ཞེས་བྱ་བ་ནི། འོད་གསལ་བ་ལ་དམིགས་པ་འདིས་ནི། ནད་ཀྱི་རིགས་གང་ཡིན་པ་ལས་ལས་སྐྱེས་པའམ་སྟེ། ལས་ལས་བྱུང་བར་གྲགས་ཤིང་ཤེས་པ་དེ་ཉི་མ་བདུན་


DTG030_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འཇིག་པར་འགྱུར་རོ། །ཡང་ཟློས་པ་སྟེ་རྡོ་རྗེ་བཟླས་པས་རྗེས་སུ་དྲན་པས་ཀྱང་རྣམ་པར་འཇིག་པར་འགྱུར་རོ། །དེ་བཤད་པ་ནི་བརྒྱ་རྩ་བརྒྱད་ཀྱིས་ཞེས་བྱ་བ་ནི། བརྒྱ་དང་བཅས་པའི་བརྒྱད་བརྒྱ་སྟེ། དཀྱིལ་འཁོར་བཞིར་བརྒྱ་ཕྲག་དགུ་ཟློས་པ་ནི་བརྒྱ་རྩ་བརྒྱད་དུ་ཟློས་པ་སྟེ། དེའི་སྦྱོར་བས་ཀྱང་ནད་རྣམས་འཇིག་པར་འགྱུར་རོ། །ཡང་ན་བདག་གིས་སྔགས་རྒྱལ་གྱིས། །ཞེས་བྱ་བ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་སྦྱོར་བས་རྡོ་རྗེ་བསམ་གཏན་ཏེ། ནད་རྣམ་པར་འཇིག་པའི་བསམ་གཏན་ནོ། །ཆོ་གས་བསམ་ཞེས་བྱ་བ་ནི་དེའི་ཆོ་ག་དྲན་པར་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཆོ་ག་ཐམས་ཅད་དོ། །ནད་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཕྱི་དང་ནང་གིའོ། །དམ་ཚིག་ནི་རྡོ་རྗེ་སེམས་དཔས་གསུངས་པའོ། །ཤིན་ཏུ་འདའ་བར་དཀའ་བ་ནི་འདའ་བར་མི་བྱ་བའོ། །དེ་ལྟར་ལས་ཀྱི་ཚོགས་རྣམས་བཤད་ནས། ད་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱག་རྒྱ་ཆེན་པོ་སྒྲུབ་པ་ལ་ཞུགས་པ་རྣམས་ཀྱིས་འདོད་པའི་རྨི་ལམ་བསྟན་པར་བྱ་བའི་ཕྱིར། དེ་ནས་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཀྱོ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་ནང་ན་འོད་པོ་ཆེ་ནི་གཙོ་བོའོ། །འདོད་པས་ཐར་པ་རབ་ཏུ་སྩོལ་པས་ན་འདོད་དང་ཐར་པའོ། །རྡོ་རྗེ་ཆོས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་གསུང་འདི་སྐད་བཀའ་སྩལ་པའོ། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ཞེས་བྱ་བ་ནི། དངོས་པོའི་ཆོས་རྣམས་རྨི་ལམ་དང་འདྲ་བ་རྣམས་ལའོ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང༌། །ཞེས་བྱ་བ་ནི། སྐྱེད་པའི་རྒྱུ་མེད་པའི་ཕྱིར་རོ། །རང་བཞིན་དག་པའི་དེ་ཉིད་ལ། །ཞེས་བྱ་བ་ལ། རང་བཞིན་ནི་འོད་གསལ་བའོ། །དེས་དག་པ་ནི་རྙོག་པ་རྣམས་དང་བྲལ་བའོ། །དེ་ཁོ་ན་ཉིད་ལྷའི་སྐུ་གང་ཡིན་པ་སྟེ་དེ་ནི་ངོ་བོ་ཉིད་ཀྱིས་དག་པའི་དེ་ཁོ་ན་ཡིན་ནོ། །འཁྲུལ་པའི་རྡོ་རྗེ་རབ་ཏུ་གསུང༌། །ཞེས་བྱ་བ་ལ། འཁྲུལ་བ་ནི་སེམས་རྣམ་པར་འཁོར་བའོ། །དེའི་རྡོ་རྗེ་ནི་ཉེ་བར་ཞི་བ་སྟེ། རྨི་ལམ་གྱི་དཔེས་ཆོས་ཐམས་ཅད་ཀྱང་རྨི་ལམ་དང་མཚུངས་པར་ཤེས་ནས། རྟག་པ་དང་ཆད་པའི་འཁྲུལ་པ་ཤེས་


DTG030_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ་ཞེས་བྱ་བར་དགོངས་སོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་དང་བཟླས་པ་ལ་རྟག་ཏུ་བརྩོན་པའི་སྒྲུབ་པ་པོ་རྣམ་པ་གཉིས་ཀྱིས་རྟག་ཏུ་སྟེ་རྒྱུན་དུ་བསླབས་ན་མཐོང་བའོ། །སངས་རྒྱས་ནི་ནང་གི་བདག་ཉིད་ལ་མཆོག་ཏུ་གཞོལ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྔགས་ལ་མཆོག་ཏུ་གཞོལ་བའོ། །དབྱེ་བ་རྣམ་པ་གཉིས་སུ་མཐོང༌། །ཞེས་བྱ་བ་ནི། མཚན་མ་དང་བཅས་པ་དང་མཚན་མ་མེད་པའི་དབྱེ་བ་རྣམ་པ་གཉིས་ཀྱིས་རྨི་ལམ་སྣང་ཞིང་མཐོང་བར་འགྱུར་རོ། །དེ་ལ་སྒྲུབ་པ་པོ་རྣམ་པ་གཉིས་ལ་འོག་ནས་བཤད་པ་འདི་ནི། འབྲས་བུ་ཆེན་པོ་སྟོན་པའི་རྨི་ལམ་ཡིན་པས་རྨི་ལམ་ཆེན་པོ་སྟེ། དེ་ཉིད་མི་སླུ་བ་ཡིན་པའི་ཕྱིར་དམ་ཚིག་གི་གནས་སོ། །བྱང་ཆུབ་ཡེ་ཤེས་མཆོག་ནི་འོད་གསལ་བ་སྟེ། དེར་ཞུགས་པར་བདག་ཉིད་མཐོང་བ་དང༌། རྫོགས་པའི་སངས་རྒྱས་འོད་ནི་བཟང་པོར་ཏེ། ཡེ་ཤེས་ཀྱི་སྐུར་མཐོང་བ་དང༌། བརྒྱ་ལམ་ན་སངས་རྒྱས་ཀྱི་རྫོགས་ལོངས་སྤྱོད་པའི་སྐུ་ཐོབ་པར་རྣལ་འབྱོར་པ་དེ། བདག་ཉིད་མྱུར་དུ་མཐོང་ན་རིང་པོར་མི་ཐོགས་པར་མངོན་སུམ་དུ་བྱེད་པར་འགྱུར་རོ། །སེམས་ཅན་ཆེན་པོ་ཁམས་གསུམ་པས། །ཞེས་བྱ་བ་སྟེ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་མཆོད་པ་བྱེད་པར་སྒྲུབ་པ་པོ་དེ་བདག་ཉིད་མཐོང་བ་དང༌། ཡེ་ཤེས་ཆེན་པོ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པར་འགྱུར་བ་དང༌། གཟུགས་ཏེ་རང་གི་ལུས་མཐོང་ཞིང་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྱད་པར་ཅན་གྱི། གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས་རྟག་ཏུ་ངེས་པར་མཆོད་པ་བྱེད་བཞིན་པར་མཐོང་ནས། རིང་པོར་མི་ཐོགས་པར་སྒྲུབ་པ་པོ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའི་སྐུའོ། །གཟུགས་ཆེན་དང་ནི་རྣམ་པར་སྣང་མཛད་ཀྱི་སྐུའོ། །གྲགས་པ་ཆེན་པོ་སྟེ་རིན་ཆེན་འབྱུང་ལྡན་དུའམ། རྡོ་རྗེ་ཆོས་ཏེ་འོད་དཔག་ཏུ་མེད་པར་རམ། རྡོ་རྗེ་གསང་བ་སྟེ་དོན་ཡོད་པར་གྲུབ་པའི་སྐུར་རང་གི་གཟུགས་ཏེ་བདག་གི་ལུས་སྒྲུབ་པ་པོ་དེས་


DTG030_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་དང༌། བྱང་ཆུབ་སེམས་དཔའ་ནི་ཡེ་ཤེས་མཉམ་པའི་ངོ་བོ་ཉིད་དོ། །རྡོ་རྗེ་ཅན་ནི་སློབ་བཞིན་པའི་རྣལ་འབྱོར་པའོ། །སངས་རྒྱས་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཕྱག་འཚལ་ན་ཡང་དེ་བཞིན་དུ་སྒྲུབ་པ་པོས། འདི་ལྟ་བུའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་གཞན་རྣམས་ལ། སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་སྩོལ་བར་མཛད་ཅིང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བ་རིང་པོར་མི་ཐོགས་པར་མཐོང་བར་འགྱུར་རོ་ཞེས་བྱ་བ་ནི་རྨི་ལམ་གྱི་འབྲས་བུའོ། །རྒྱན་རྣམས་ཐམ་ཅད་ཡོངས་སུ་རྫོགས་པའི་ལྷའི་བུ་མོ་ཡིད་དུ་འོང་བ་སྟེ། ལྷ་དབང་ལ་སོགས་པ་ལྷའི་བུ་མོ་རྣམས་མཐོང་བ་དང༌། ཡང་ན་མིའི་བུ་མོ་འམ་ཁྱེའུ་མཚན་ཐམས་ཅད་དང་ལྡན་པའི་ཁྱེའུ་དང༌། བུ་མོ་གང་གིས་མཐོང་བ་དེ་ནི་འཇིག་རྟེན་པའི་དངོས་གྲུབ་རྣམས་འཐོབ་ཅིང་རེག་པར་འགྱུར་རོ། །ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་རང་གི་སངས་རྒྱས་ཀྱི་ཞིང་ན་བཞུགས་པ་རྣམས་སྒྲུབ་པ་པོ་གང་གིས་ངེས་པར་མཐོང་ན། གང་ལ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཐུགས་དགྱེས་པར་གྱུར་ནས། ཆོས་ཀྱི་མཛོད་དེ་དམ་པའི་ཆོས་ཀྱི་རྒྱལ་པོ་གླེགས་བམ་དུ་ཆུད་པ་ཡིད་དུ་འོང་ཞིང་དགའ་བར་བྱེད་པ་སྩོལ་བར་འགྱུར་རོ། །གང་ཆོས་ཀྱི་འཁོར་ལོས་སྒྱུར་བའི་སྟེ་ཆོས་ཀྱི་སྟན་ལ་བཞུགས་པའི་ལུས་ཏེ་བདག་གི་ལུས་སངས་རྒྱས་ཀུན་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །བསམ་གཏན་རྡོ་རྗེ་ལ་གནས་པའི། །ཞེས་པ་ནི་རྫོགས་པའི་རིམ་པ་ལ་གནས་པའི་དམ་ཚིག་སྦྱོར་བས་ཏེ། སྒྲུབ་པ་པོས་མཐོང་བར་གྱུར་ན་དེ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་རྨི་ལམ་མཐོང་བའི་འབྲས་བུ་ཡིན་ནོ། །ཀུན་དགའ་ར་བ་ནི་དཀའ་ཐུབ་ཀྱི་གནས་སོ། །སྐྱེད་མོས་ཚལ་ནི་རྒྱལ་པོའི་རྩེད་མོ་བྱེད་པའི་ཚལ་ཏེ། དེ་དག་ལ་སོགས་པ་ཡིད་ཉམས་དགའ་བའི་ས་ཕྱོགས་རྣམ་པ་སྣ་ཚོགས་པ་ལ། ལྷ་དང་མི་ལ་སོགས་པའི་བུ་མོས་བརྒྱན་པར་བསམ་གཏན་གྱི་དམ་ཚིག་ཅན་ཏེ་ཡོངས་སུ་རྟོག་པའི་རྣལ་འབྱོར་ལ་གནས་པ་གང་གིས་མཐོང་བ་དེ་ནི། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་


DTG030_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡིད་དུ་འོང་བའི་དངོས་གྲུབ་འཐོབ་པར་འགྱུར་ཏེ། དེ་ཉིད་ལས་འཇིག་རྟེན་བའི་བདེ་བ་ཡིད་ལ་འདོད་པ་ཡང་འཐོབ་པར་འགྱུར་པ་ནི་རྨི་ལམ་གྱི་རྣམ་པར་སྨིན་པའོ། །བདག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དབང་བསྐུར་བར་གྱུར་པ་གང་གིས་རྨི་ལམ་དུ་མཐོང་བ་དེ་ནི། རིག་འཛིན་རྒྱལ་པོ་ཆེན་པོ་ཡིས་ཏེ། རིག་པ་འཛིན་པའི་གཙོ་བོ་རྣམས་ཀྱིས་བདག་ཉིད་ལ་མཆོད་པ་བྱས་པར་མཐོང་ན་རྨི་ལམ་གྱི་འབྲས་བུ་འཐོབ་པར་འགྱུར་རོ་ཞེས་ཀྱང་གསུངས་སོ། །མངོན་པར་འདོད་པའི་རྨི་ལམ་ཉེ་བར་བསྡུ་བར་བྱ་བའི་ཕྱིར། རྡོ་རྗེ་ལས་བྱུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་བསྟན་པའོ། །སྣ་ཚོགས་པ་ནི་དེ་ལྟར་གསུངས་པ་རྣམས་དང༌། མ་གསུངས་པའི་རྨི་ལམ་དྲི་མ་མེད་པས་ཏེ། རྨི་ལམ་བཟང་པོ་གང་གིས་མཐོང་པ་དེས་ནི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ལས་སྐྱེས་པ་སྟེ། ཐ་མལ་པའི་ལུས་དང་ངག་དང་ཡིད་ལས་བྱུང་བ་བླ་ན་མེད་པའི་དེ་ཁོ་ན་ཉིད་རྫོགས་པར་གྱུར་པའི་ཡོངས་སུ་དག་པའི་ལྷའི་སྐུ་འགྲུབ་ཅིང་འཐོབ་པར་འགྱུར་རོ། །གདོལ་བ་ཞེས་བྱ་བ་ལ་སོགས་པ་ནི། དམ་ཚིག་ཉམས་པས་རྨི་ལམ་ངན་པ་མཐོང་བ་ནི། གདོལ་པ་དང་ཁྱི་ལ་སོགས་པ་ཞེས་བྱ་བར་སྦྱར་ཏེ། སོགས་པའི་སྒྲས་ནི་སྤྲེའུ་དང་ཡི་དགས་ལ་སོགས་པ་གཟུགས་ངན་པ་རྣམས་ཀྱང་གཟུང་ངོ༌། །རྡོ་རྗེ་བློས་ཞེས་བྱ་བ་ནི་སྒྲུབ་པ་པོས་ཏེ། གལ་ཏེ་འདི་ལྟ་བུ་མཐོང་ན་ནི་བློ་དང་ལྡན་པ་བདེན་པ་མཐོང་ཞིང༌། རྡོ་རྗེ་སེམས་དཔའ་སྟེ། བརྩོན་འགྲུས་བརྟན་པ་ཡིན་ཡང་སེམས་ཀྱི་གནས་ཏེ། ལུས་འགྲུབ་པར་འགྱུར་བ་སྟེ། སྡིག་པར་ཉེ་བར་འགྱུར་ཏེ། དམ་ཚིག་ལས་འདས་པར་བྱས་ཤིང་དམ་ཚིག་ཡོངས་སུ་སྤངས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ལ་རབ་ཏུ་ཞུགས་པར་གྱུར་ཀྱང༌། ཡང་བ་མ་སྤངས་པས་དུས་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་དེ་ཁོ་ན་ཉིད་སྒྲུབ་པར་འོག་ནས་བཤད་པ་འདི་ནི་རྨི་ལམ་འདི་ནི་རྣམ་པར་དཔྱད་པའི་དམ་ཚིག་སྟེ། དེ་རྣམ་པར་དཔྱོད་པའི་དུས་དེའི་ཚེ་སྙིང་


DTG030_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གྱུར་ཅིང་ཐེ་ཚོམ་གཅོད་པར་བྱེད་པའི་སྙིང་པོའི་ཚིག་གོ །རང་སེམས་དམིགས་པ་ནི་སེམས་དཔྱད་པ་སྟེ། སེམས་ཀྱི་ངོ་བོ་ཉིད་ཡོངས་སུ་ཤེས་པའོ། །ཆོས་ཐམས་ཅད་རྨི་ལམ་མཐོང་བའི་དུས་སུ་སེམས་ལས་ཕྱི་རོལ་ན་མི་གནས་ཏེ། མི་གཡོར་ཙམ་དུ་སྣང་བ་གང་ཡིན་པ་དེ་ཐམས་ཅད་ནི་རང་གི་སེམས་ཏེ། རང་གི་སེམས་ཉིད་ལས་གཞན་ན་ཅི་ཡང་མེད་དོ། །སེམས་དེ་གང་ན་གནས་ཤེ་ན། །ནམ་མཁའ་རྡོ་རྗེ་གནས་སེམས་འདི། །ཞེས་བྱ་བ་སྟེ། ནམ་མཁའ་རྡོ་རྗེ་ནི་འོད་གསལ་བའོ། །དེ་ལ་གནས་པའི་སེམས་ནི་ནམ་མཁའ་རྡོ་རྗེའི་སེམས་ཏེ། དངོས་པོ་འདི་དག་ཀྱང་གཉིད་ཀྱིས་ལོག་པའམ། མ་ལོག་པའི་གནས་སྐབས་ན་དེ་ལ་གནས་སོ། །སེམས་ལས་དངོས་པོ་ཐ་དད་པར་གནས་པ་ཡོད་དམ་ཞེ་ན། ཆོས་མེད་ཅེས་གསུངས་ཏེ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པའོ། །ཆོས་ཉིད་འབའ་ཞིག་ཡོད་དམ་ཞེ་ན། ཆོས་ཉིད་མེད་པའོ་ཞེས་བྱ་བར་གསུངས་སོ། །འདིར་གསུངས་པ། ཕུང་པོ་ཁམས་དང་སྐྱེ་མཆེད་དབང་སོགས་རྣམས། །ཤེས་པ་གཉིས་པོ་དེ་འདིར་ལེགས་འདུས་ནས། །སྟོང་ཆེན་གྱུར་པས་གང་ཞིག་གཉིད་ལོག་པ། །རླུང་ལ་བརྟེན་པས་ངེས་པར་རྨི་ལམ་མཐོང༌། །རྨི་ལམ་འབྲས་བུ་འདོད་པས་ཀུན་བརྟགས་པ། །གཉིད་ལོག་སད་ལ་དབྱེ་བ་ཡོད་མ་ཡིན། །ཆོས་རྣམས་དེ་ཀུན་རྨི་ལམ་ལྟ་བུ་སྟེ། །བརྫུན་དང་བདེན་པ་དག་ཀྱང་ཡོད་མ་ཡིན། །ཞེས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་བསྐྱོད་པ་ལ་སོགས་པའོ། །ངོ་མཚར་དུ་གྱུར་པ་ནི་རྨི་ལམ་བསྟན་པའོ། །རྨད་དུ་གྱུར་པ་ནི་རྨི་ལམ་གྱི་འབྲས་བུ་ཐོབ་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ། དེའི་ཐེ་ཚོམ་གཅོད་པ་རྡོ་རྗེ་སེམས་དཔའ་ལ་ཞུས་པའོ། །འདི་ཅི་ཞིག་ལགས་ཞེས་བྱ་བ་ནི་ཞུས་པ་སྟེ། འདི་དག་ནི་དཀའོ་ཞེས་བྱ་བར་དགོངས་སོ། །ཆོས་རྣམས་ངོ་བོ་མེད་པ་ལ། །ཞེས་པ་ནི། དངོས་པོ་མེད་པའི་ཆོས་རྣམས་ཀྱི་འབྲས་བུ་སྟོན་པ་ལ་ཆོས་ཀྱི་དེ་ཉིད་དེ་འབྲས་བུ་ཐོབ་པའི་དེ་ཁོ་ན་ཉིད་ཀུན་དུ་བཤད་དོ། །དེ་བས་ན་ནམ་མཁའ་ལ་སྟེ་གཞིར་གྱུར་


DTG030_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ལ་ནམ་མཁའ་སྒོམ་པ་སྟེ། ནམ་མཁའ་རྟེན་པ་པོར་བྱས་པ་ནི་ཇི་སྲིད་དུ་ངོ་མཚར་ལས་བྱུང་བ་ནི་ངོ་མཚར་བསྟན་པའོ། །དེ་བཞིན་གཤེགས་པའི་དགོངས་པ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་རྣམས་ལ་འདི་སྐད་ཅེས་གསུངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་བོད་པའོ། །ནམ་མཁའི་ནི་ཆོས་གང་དང་མང་སྟེ། བུམ་པ་དང་སྣམ་བུ་ལ་སོགས་པ་གང་དང་ཡང་མི་ལྡན་ཏེ། ཐ་དད་པར་ཡང་མི་སྣང་པའི་ཕྱིར་རོ། །མི་ལྡན་པ་མ་ཡིན་ཏེ། དངོས་པོ་ཐམས་ཅད་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཐམས་ཅད་དུ་གཏོགས་པ་ནི་ཡོད་པའི་ཆོས་རྣམས་ལ་ཡང་ཁྱབ་པ་ཉིད་ཡིན་ལ། དེ་རྣམས་ཀྱི་ངོ་བོ་ཉིད་ལ་གནས་པའང་རྗེས་སུ་བལྟར་མེད་པ་སྟེ། གཉིས་པོ་དེ་དག་བདག་ལ་ཡོད་དོ་ཞེས་བྱ་བའི་མངོན་པའི་ང་རྒྱལ་ཡང་འདི་ལ་མེད་པས་ན། ནམ་མཁའ་སྟེང་ནི་ཆོས་ཐམས་ཅད་དུ་གཏོགས་ལ་ཐམས་ཅད་ཀྱི་རྗེས་སུ་བལྟའོ་སྙམ་དུ་ཡང་མི་སེམས་སོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་དཔེ་གསུངས་ནས། དེ་དང་ཡང་དག་པར་སྦྱར་བ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ནམ་མཁའ་ཆོས་གང་དང་ཡང་མི་ལྡན་པས་ཏེ། མི་ལྡན་པ་ཡང་མ་ཡིན་པ་དེ་བཞིན་དུ་རྨི་ལམ་དང༌། རྨི་ལམ་གྱི་འབྲས་བུ་དག་གིས་ལྡན་པ་དང་བྲལ་བ་དག་ཀྱང་བལྟ་བར་བྱའོ། །ཇི་ལྟར་ནམ་མཁའ་ཆོས་ཐམས་ཅད་དུ་གཏོགས་པ་དང༌། ཐམས་ཅད་ཀྱི་རྗེས་སུ་བལྟའོ་སྙམ་དུ་མི་སེམས་པ་དེ་བཞིན་དུ། རྨི་ལམ་དང་དེའི་འབྲས་བུ་ཡང་དེ་དང་འདྲའོ་ཞེས་བསྟན་པར་བྱ་བའི་ཕྱིར། རྨི་ལམ་ལྟ་བུ་དང་རྨི་ལམ་གྱི་དམ་ཚིག་ལས་བྱུང་བར་རྗེས་སུ་གཏོགས་པར་བྱའོ་ཞེས་བྱ་བ་གསུངས་སོ། །དེ་ཉིད་ཀྱི་རྣམ་པར་དག་པ་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ནམ་མཁའ་བརྟག་ཏུ་མེད་ཅིང་བལྟར་མི་སྣང་བ་དེ་བཞིན་དུ། རྨི་ལམ་གྱི་ངོ་བོ་ཉིད་ཀྱང་དེ་དང་འདྲ་སྟེ། བརྟག་ཏུ་མེད་པ་ནི་མིག་ལ་སོགས་པའི་དབང་པོས་གང་ཡུལ་དུ་བྱར་མེད་པའོ། །ཐོགས་པ་མེད་པ་ནི་རྩིག་


DTG030_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་ལ་རྡུགས་པ་མེད་དོ། །དེ་བཞིན་དུ་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་ཡོངས་སུ་ཤེས་པར་བྱ་ན། རྨི་ལམ་དང་རྨི་ལམ་གྱི་འབྲས་བུ་ལྟ་སྨོས་ཀྱང་ཅི་དགོས། ཡང་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ལུས་དང་ངག་དང་སེམས་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །ཆོས་ཐམས་ཅད་ནི་སྣོད་ཀྱི་འཇིག་རྟེན་ནོ། །རྡོ་རྗེ་གནས་པའི་དམ་ཚིག་ནི་ངག་གི་རང་བཞིན་མ་ལུས་པའོ། །ཐམས་ཅད་ཀྱི་རྗེས་སུ་སོང་བ་ནི། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་ཁྱབ་པའོ། །ངོ་བོ་ཉིད་གཅིག་པ་ནི་མཚན་ཉིད་གཅིག་པར་ཤེས་པར་བྱའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཇི་ལྟ་བུ་ཡིན་པའོ། །སེམས་ཀྱི་ངོ་བོ་ཉིད་ནི་སེམས་ཀྱི་རང་བཞིན་ནོ། །ལུས་དང་ངག་དང་སེམས་ཀྱི་ཁམས་གང་ཡིན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ། དེ་དང་ནམ་མཁའི་ཁམས་ཏེ་གཉིས་པོ་དེ་དག་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པས། ཐ་དད་མེད་པའི་མཚན་ཉིད་ཅན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི། དོན་འདི་ཉིད་རྣམ་པར་འབྲེལ་ཏེ། སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་སྒོ་ང་ལས་སྐྱེས་པ་ལ་སོགས་པའོ། །དེ་ནི་ནམ་མཁའ་ལ་གནས་ཏེ་ནམ་མཁའི་ཁམས་དེ་ནི། འདོད་པའི་ཁམས་ལ་སོགས་པ་ལ་གནས་པ་མ་ཡིན་ནོ། །དེ་བས་ན་ཆོས་གང་ཁམས་གསུམ་ན་མི་གནས་པ་དེ་ནི་སྐྱེ་བ་མེད་དོ། །གང་ལ་སྐྱེ་བ་མེད་པའི་ཆོས་འདི་ནི་ཆོས་གང་གིས་ཀྱང་སྟེ། ངོ་བོ་ཉིད་གང་གིས་ཀྱང་བརྟག་པར་མི་ནུས་ཤིང་འཇོག་པར་མི་ནུས་ཏེ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པའི་ཕྱིར་ཤིན་ཏུ་དབྱེར་མེད་པའོ། །དེ་བས་ན་སྟེ་ཚུལ་དེ་ལྟར་བྱས་ན་ཆོས་ཐམས་ཅད་ནི། ངོ་བོ་ཉིད་མེད་པ་སྟེ་འོད་གསལ་བའི་ངོ་བོ་ཉིད་དོ། །ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དུས་གསུམ་དུ་གཤེགས་པའོ། །དེ་རྣམས་ཀྱི་ཡེ་ཤེས་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུའོ། །དེའི་འབྱུང་བར་བྱེད་པ་རྡོ་རྗེའི་གནས་ལྟ་བུ་ནི། རྡོ་རྗེའི་གནས་ལྟ་བུའི་རང་བཞིན་ཏེ། བྱང་ཆུབ་ཀྱི་སེམས་ཉིད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་ལུས་ལ་མི་གནས་ཏེ། འདོད་པའི་ཁམས་ན་མི་གནས་


DTG030_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ། །ངག་ལ་མི་གནས་ཏེ་གཟུགས་ཀྱི་ཁམས་ན་མི་གནས་སོ། །སེམས་ལ་མི་གནས་པ་སྟེ་གཟུགས་མེད་པའི་ཁམས་ན་ཡང་མི་གནས་སོ། །དེ་ལྟར་ཆོས་གང་ཁམས་གསུམ་ན་མི་གནས་པ་དེ་ནི་སྐྱེ་བ་མེད་དོ། །གང་ཁམས་གསུམ་ན་མི་གནས་པའི་མཚན་ཉིད་ཅན་ཡོངས་སུ་ཤེས་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བར་བྱེད་པ་རྡོ་རྗེའི་གནས་ཏེ། མི་ཕྱེད་ཅིང་མི་སླུ་བའི་འབྱུང་གནས་སོ། །དེ་ལྟར་རྨི་ལམ་ངོ་བོ་ཉིད་མེད་པས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པར་ངེས་པར་བརྟགས་ནས། གཞན་ཡང་རྨི་ལམ་ལ་དམིགས་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་ཁམས་གསུམ་དུ་ཞེས་པ་སྟེ། སེམས་ཅན་རྣམ་པ་གསུམ་ལ་རྨི་ལམ་མཐོང་བར་བྱའོ་ཞེས་པ་སྟེ། རྨི་ལམ་གྱི་འབྲས་བུ་བརྟག་པར་བྱའོ་སྙམ་པ་རྨི་ལམ་ཀུན་ཏུ་རྟོག་པར་མི་འགྱུར་རོ། །མི་ཡང་བདག་གིས་རྨི་ལམ་མཐོང་ངོ་སྙམ་དུ་གསོལ་བ་འདེབས་པར་མི་འགྱུར་རོ། །དེ་བས་ན་ཁམས་གསུམ་གྱི་བྱ་བ་སྟ་སེམས་ཅན་གྱི་ཚོགས་རྣམ་པ་གསུམ་གྱི་གཉིད་མ་ལོག་པའི་གནས་སྐབས་ཀྱི་དགེ་བ་དང་མི་དགེ་བའི་བྱ་བ་རྣམས་ཀྱང་རྨི་ལམ་ལྟ་བུ་སྟེ། རྨི་ལམ་དང་མཚུངས་པར་མི་བདེན་པ་དང༌། རྨི་ལམ་དང་འདྲ་བ་སྟེ་དེ་ནི་རྨི་ལམ་ལྟར་སྣ་ཚོགས་པ་དང༌། རྨི་ལམ་ལས་བྱུང་བ་སྟེ་རྨི་ལམ་གྱི་ངོ་བོ་ཉིད་དུ་སྟོན་ཏོ། །དཔེ་དེ་བཞིན་དུ་རྣམ་པ་འདིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཏེ། རྫོགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་སྟེ་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པ་རྣམས་དང༌། སེམས་ཅན་ཇི་སྙེད་པ་ཐམས་ཅད་ཀྱང་སྟེ། སྒོ་ང་ལས་སྐྱེས་པ་དང༌། མངལ་ལས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་ཏེ་སྐྱེས་པ་རྣམས་ཏེ། དེ་དག་ཀྱང་རྨི་ལམ་ལ་བདག་མེད་པའི་གནས་སུ་རྗེས་སུ་རྟོགས་པར་བྱ་སྟེ། རྨི་ལམ་དང་འདྲ་བར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུས་ཁྱབ་པར་རབ་ཏུ་བསྟན་ནས། དེའི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།


DTG030_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི། འཇིག་རྟེན་པའི་རིན་པོ་ཆེ་ཐམས་ཅད་ཀྱི་ནང་ན་ཤིན་ཏུ་ཁྱད་པར་དུ་འཕགས་པ་སྟེ། མངོན་པར་འདོད་པ་སྟེར་བའི་ཕྱིར་ལྷ་དང་མི་དང་མི་མ་ཡིན་པའི་ཡོན་ཏན་ཐམས་ཅད་དང་ལྡན་ཞིང༌། སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་བཏབ་ན་གསེར་ལ་སོགས་པ་དེ་བསམས་པ་ཙམ་གྱིས་ཏེ་མངོན་པར་འདོད་པ་ཙམ་གྱིས་གང་འབྱོར་པར་བྱེད་དེ། རིན་པོ་ཆེ་ལ་སོགས་པ་དེ་དག་ནི། སེམས་ཅན་རྣམས་ཀྱི་སེམས་ལས་ཀྱང་མ་བྱུང༌། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཀྱང་མ་འོངས་སོ། །དཔེ་དེ་བཞིན་དུ་ཆོས་ཐམས་ཅད་དེ་སྒྱུ་མའི་མཚན་ཉིད་ཅན་དང་སངས་རྒྱས་ཏེ་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་གྱི་ཚོགས་སོ། །དེ་རྣམས་ཀྱི་ཆོས་ནི་རྒྱུར་གྱུར་པ་དྲུག་པ་སྟེ། དེ་ལས་དངོས་གྲུབ་ཐམས་ཅད་རྗེས་སུ་གཏོགས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །རབ་ཏུ་དགྱེས་པའི་སྤྱན་གདངས་ནས། །ཞེས་བྱ་བ་ནི། དགའ་བ་རྒྱ་ཆེན་པོ་དང་ལྡན་པས་སྤྱན་རྒྱས་པར་འགྱུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི། རྡོ་རྗེ་འཆང་ཆེན་པོ་སྟེ་དེ་ལ་འདི་སྐད་ཅེས་གསོལ་པའོ། །བཅོམ་ལྡན་འདས་གང་ཞེས་པ་ནི་གང་ངོ་མཚར་དུ་གྱུར་པའོ། །ནམ་མཁའི་རྗེས་སུ་འབྲང་བའི་ཆོས་རྣམས་ཐམས་ཅད་ལ་ཞེས་པ་ནི། ནམ་མཁའ་ཁྱབ་པའི་ཆོས་མི་གནས་པ་ཐམས་ཅད་ལའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་ཡེ་ཤེས་ཀྱི་སྐུ་སྟེ། དེ་རྣམས་བསྡུ་བའི་རྗེས་སུ་འབྲང་བར་འགྱུར་ཞིང་འགྲོ་བར་འགྱུར་རོ། །ངོ་མཚར་དུ་གྱུར་པ་ནི་རྨད་དུ་བྱུང་བའོ། །དེ་ལྟར་སྤྲོ་བ་སྐྱེས་ནས་དེའི་འོག་ཏུ་ཅི་ཞིག་བྱས་པར་འགྱུར་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ། རྡོ་རྗེ་འཆང་ཆེན་པོའི་ཞབས་གཉིས་ལ་བཏུད་ཅིང་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཁྱེད་ཀྱིས་སྔགས་ཐམས་ཅད་ཀྱི་རྡོ་རྗེའི་དངོས་གྲུབ་མདོར་བསྡུས་ཏེ་གསུངས་


DTG030_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཞེས་བྱ་བ་སྟེ། སྔགས་ནི་ཕྲེང་བའི་སྔགས་ལ་སོགས་པའོ། །རྡོ་རྗེ་ནི་བསམ་གཏན་ཏེ་དེས་བྱས་པའི་དངོས་གྲུབ་རྣམས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་རྣམས་ཀྱི་མདོར་བསྡུས་པ་སྟེ། ཚོགས་གང་གསུངས་ཤིང་བཤད་པའི་སྔགས་ཐམས་ཅད་ཀྱི་རྡོ་རྗེའི་མདོ་བསྡུས་པའི་དངོས་གྲུབ་དེ་དག་གང་ལ་གནས་ཞེས་བྱ་བ་ནི་ཞུས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ལན་ཏེ། ཕྱག་ན་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། དེ་ལ་འདི་སྐད་ཅེས་གསུངས་ཏེ། བཅོམ་ལྡན་འདས་གང་ན་ཡང་མི་གནས་སོ་ཞེས་བྱ་བ་ལ་སོགས་པའོ། །སྔགས་ཐམས་ཅད་ཀྱི་རྡོ་རྗེའི་མདོ་བཏུས་པའི་དངོས་གྲུབ་ཅེས་བྱ་བ་ལ། སྔགས་ཐམས་ཅད་ནི་སྒྲུབ་པ་པོ་རྣམས་ཏེ། དེ་རྣམས་ཀྱི་ལུས་དང་ངག་སེམས་ལ་ཡང་རེ་ཞིག་གནས་པར་མི་འགྱུར་རོ། །དེ་བས་ན་གང་ན་ཡང་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནི། རྒྱུ་གང་གི་ཕྱིར་ཞེས་པ་སྟེ། དོན་དམ་པར་བདག་གི་ལུས་ལ་སོགས་པ་དང༌། སྔགས་ལ་སོགས་པའི་དངོས་གྲུབ་དོན་དམ་པར་ངོ་བོ་ཉིད་མེད་པར་རང་གྲུབ་པའོ། །གསང་བ་ནི་རྣམ་པ་ཐམས་ཅད་དུ་མེད་པར་གསུངས་པའོ། །འོན་ཀྱང་ཞེས་བྱ་པ་ལ་སོགས་པ་ལ། ཀུན་རྫོབ་ཀྱི་བདེན་པ་དངོས་གྲུབ་ཐམས་ཅད་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་བདག་གི་ལུས་དང་ངག་དང༌། སེམས་རྡོ་རྗེ་ལ་ནི་གནས་ཏེ། རང་གི་ལུས་དང་ངག་དང་སེམས་རྡོ་རྗེའི་ངོ་བོ་ཉིད་ནི་ཡོད་དོ། །དེ་ལྟ་ན་ནི་ལུས་ལ་སོགས་པ་ཡོད་པ་ཉིད་པས་དེ་ལ་བརྟེན་པའི་དངོས་གྲུབ་རྣམས་དམིགས་སུ་ཡོད་དོ་ཞེ་ན། དེ་ལ་བཟློག་པར་བྱ་བའི་ཕྱིར། དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ལ་སོགས་པ་དེ་དག་ཀྱང་འདོད་པའི་ཁམས་ལ་སོགས་པ་ལ་མི་གནས་སོ། །ཁམས་གསུམ་ན་གནས་པ་ཉིད་དུ་བསྟན་ནས། ཕན་ཚུན་བསྟེན་པར་གྱུར་པ་དག་ཀྱང་དགག་པར་བྱ་བའི་ཕྱིར། སེམས་ཀྱང་ལུས་ལ་མི་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སེམས་ཀྱང་ལུས་ལ་མི་གནས་ཏེ། ལུས་ཀྱང་སེམས་ལ་མི་གནས་ཞེས་པ་ནི། གཉི་ག་


DTG030_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྟེན་དང་བརྟེན་པ་དགག་པའོ། །དེ་བཞིན་དུ་ངག་ཀྱང་སེམས་ལ་མི་གནས་ལ། སེམས་ཀྱང་ངག་ལ་མི་གནས་སོ། །དེ་བཞིན་དུ་ངག་ཀྱང་ལུས་ལ་མི་གནས་ལ། ལུས་ཀྱང་ངག་ལ་མི་གནས་སོ་ཞེས་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ལྟར་ངོ་བོ་ཉིད་དག་པའི་ཕྱིར། གསུམ་པོ་དེ་དག་ཀྱང་ཕན་ཚུན་རྟེན་དང་བརྟེན་པ་ཉིད་དུ་མེད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཛིན་པ་དེ་ལ་འདི་སྐད་ཅེས་གསོལ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་འཛིན་པར་བྱེད་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཏེ་དྲུག་པའོ། །དེ་གང་ན་གནས། གང་ནས་བྱུང་ཞེས་བྱ་བ་ནི་ཞུས་པའོ། །རང་གི་ལུས་དང་ངག་དང་སེམས་ལས་བྱུང་ངོ་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོས་གསུངས་པ་སྟེ། རང་གི་ལུས་དང་ངག་དང་སེམས་ལས་བྱུང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམས་གང་ན་གནས་ཞེས་གསོལ་བ་ནི་ཞུས་པ་སྟེ། ཐུགས་རྡོ་རྗེ་གང་ན་གནས་ཞེས་པའོ། །ནམ་མཁའ་ལ་གནས་སོ་ཞེས་བྱ་བ་ནི། རྡོ་རྗེ་འཆང་བས་ལན་གསུངས་པ་སྟེ། འོད་གསལ་བ་ལ་གནས་པའོ། །ནམ་མཁའ་སྟེ་འོད་གསལ་བ་གང་ན་གནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བའོ། །གང་ན་ཡང་མི་གནས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། འོད་གསལ་བ་དེ་ནི་གང་ན་ཡང་མི་གནས་ཏེ། བདག་ཉིད་ལ་གནས་སོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྡུད་པར་བྱེད་པའི་ཚིག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར་པ་ནི་རྒྱུ་ལའོ། །རྨད་དུ་གྱུར་པ་ནི་འབྲས་བུ་ལའོ། །རང་གི་སེམས་ཀྱི་ཆོས་ཉིད་ལ་གནས་པ་ནི་རང་གི་སེམས་ཀྱི་རོལ་བའོ། །སེམས་ཤིང་ཞེས་པ་ནི་དམིགས་པའོ། ཐེ་ཚོམ་ཆོད་པའི་ཕྱིར་ཅང་མི་སྨྲ་བར་འཁོད་པ་ནི་ཅང་མི་སྨྲ་བར་གྱུར་པའོ། །གྱུར་ཏོ་ཞེས་བྱ་བ་ནི་བྱུང་བའོ། །རྒྱུ་བ་དང་མི་རྒྱུ་བའི་བདག་ཉིད་ཅན་གྱི་སེམས་ནི་སེམས་ཐམས་ཅད་དོ། །དེའི་བདག་ཉིད་ཅན་གྱི་དམ་ཚིག་ནི། སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་


DTG030_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའོ། །སྙིང་པོ་ནི་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྟེ། དེ་འདི་ལྟར་བསྒོམ་པ་རྣམས་ཀྱི་རྡོ་རྗེ་འབྱུང་བ་ནི་བསྟན་པ་ཡིན་ཏེ་དེ་སྟོན་པའི་གཞུང་གི་ཚོགས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དགོངས་པས་བཤད་པའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བཅོ་ལྔ་པ་མཐའ་དྲུག་གིས་བཤད་པའོ།། །།


previousལེའུ་བཅོ་ལྔ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཐའ་དྲུག་གིས་བཤད་པ།next