Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་གཉིས་པ།


  collapse section
   
   
   
ལེའུ་གསུམ་པ། རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་ཞེས་བྱ་བའི་རྒྱ་ཆེར་བཤད་པ།
   
   
   
   
   


 
previousལེའུ་གསུམ་པ། རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་ཞེས་བྱ་བའི་རྒྱ་ཆེར་བཤད་པ།next

ལེའུ་གསུམ་པ། རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་ཞེས་བྱ་བའི་རྒྱ་ཆེར་བཤད་པ།


DTG032_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་པ་རྣམ་པ་གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པས་ལྷའི་ལེའུ་གསུམ་པ་བསྟན་པར་བྱ་སྟེ། གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་ལས་སྟོང་པ་ཉིད་ཐོབ་ནས་དེ་ནས་བསྐྱེད་པའི་རིམ་པས་ལྷའི་འཁོར་ལོ་བསྒོམ་པར་བྱའོ། །དེ་བཞིན་དུ་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་


DTG032_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཡོངས་སུ་རྫོགས་ནས་ལས་ཀྱི་རྒྱལ་བ་མཆོག་གསལ་བར་བྱ་བའི་ཕྱིར་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པས་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱ་བའི་ཕྱིར་རྡོ་རྗེ་བཟླས་པའི་རིམ་པ་བསྟན་པར་བྱའོ། །རྣལ་འབྱོར་པ་གཉིས་ཀྱི་ནི་བསྐྱེད་པ་དང་རྫོགས་པའི་རིམ་པའི་རྣལ་འབྱོར་བ་དག་གིས་སོ། །ཕྲ་མོའི་རྣལ་འབྱོར་བསྒོམ་པ་གཉིས་བྱའོ་ཞེས་པ་ལ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་རྡོ་རྗེ་ལ་སོགས་པ་ཕྲ་མོའི་རྣལ་འབྱོར་བསྒོམ་པ་དང༌། རྫོགས་པའི་རིམ་པའི་རྣལ་འབྱོར་པས་ཀྱང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ཀྱི་དབྱེ་བས་གསང་བ་དང་སྙིང་ག་དང་གདོང་གི་སྣ་རྩེར་ཕྲ་མོའི་ཐིག་ལེ་བསྒོམ་པར་བྱའོ། །དེ་ལ་འདོད་ཆགས་ཀྱི་རིགས་ཅན་གྱི་རྣལ་འབྱོར་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩའི་ཁོང་སྟོང་ནས་རྒྱུ་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྡོ་རྗེ་ནོར་བུའི་རྩེའམ། །པདྨའི་ལྟེ་བའི་རྩེར་ཡུངས་ཀར་གྱི་འབྲུའི་ཚད་ཙམ་གྱི་ཐིག་ལེ་བསྒོམ་པར་བྱའོ། །ཞེ་སྡང་གི་རིགས་ཀྱི་རྣལ་འབྱོར་པས་ཡི་གེ་གསུམ་ཆ་ཤས་བསྡུས་ནས་ཐུགས་རྡོ་རྗེ་འཆང་གི་ས་བོན་གྱི་ཐིག་ལེ་ཙམ་སྙིང་གར་དམིགས་ལ་སྔགས་ཀྱི་ཐིག་ལེ་བསྒོམ་པར་བྱའོ། །གཏི་མུག་གི་རིགས་ཅན་གྱིས་དཀྱིལ་འཁོར་བཞི་པོ་ལས་གཡས་དང་གཡོན་དང་དམན་པ་དང་དལ་བུས་རྒྱུ་བའི་དབྱེ་བས་སྤྲོས་པའི་འོད་ཟེར་གྱི་ཚོགས་ཀུན་རྫོབ་ཀྱི་སྣ་རྩེར་ཐིག་ལེའི་གཟུགས་བསྒོམ་པར་བྱའོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའི་རྣལ་འབྱོར་པ་དག་གིས་ཀྱང་སྨིན་མཚམས་དང་ལྟེ་བའི་དཀྱིལ་དུ་ཐིག་ལེ་བསྒོམ་པར་བྱ་བ་ནི་ཕྲ་མོའི་རྣལ་འབྱོར་རྟོགས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཞེས་པ་ལ་ཕུང་པོ་ལྔ་དང་དེ་རྣམས་བསྡུ་བར་བྱེད་པ་སྐུ་ལ་སོགས་པའོ། །དེ་དག་ཉེ་བར་སྡུད་པར་བྱེད་པའི་ཕྱིར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དྲུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ་ཕྱག་རྒྱ་ལེགས་པར་སྦྱང་བའི་སྔོན་དུ་འགྲོ་བར་ཕྱུང་བའི་སྔགས་ཀྱི་རིམ་པས་དམ་ཚིག་གི་དཀྱིལ་འཁོར་དང་སྒྲུབ་པའི་དཀྱིལ་འཁོར་སྤྲོས་ལ་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་


DTG032_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྲོ་བོ་རྣམས་སོ། །དེ་རྣམས་ཀྱིས་སེམས་ཅན་གྱི་དོན་གྱི་ཕྱིར་ཞེས་པ་ནི་དེ་དག་གིས་འགྲོ་བའི་དོན་མཛད་པའི་ཕྱིར་རོ། །ཕྱོགས་བཅུར་ཁྱབ་པ་ཞེས་པ་ལ་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བའི་ནང་ནས་ཕྱི་རོལ་དུ་སྤྲོས་ཏེ་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་དུ་འཇུག་པར་བྱ་བའི་ཕྱིར་ཕྱོགས་བཅུར་གཤེགས་པའོ། །དེ་ཉིད་ནི་ཆོས་ཀྱི་ཆར་འབེབས་པས་ན་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། །བརྟན་པ་དང་སྨིན་པ་དང་གྲོལ་བ་དང་སངས་རྒྱས་ཀྱི་ཞིང་ལ་འཇུག་པའི་ཕྱིར་རོ། །དེ་ཉིད་ནི་སེམས་ཅན་བསམ་པ་སྣ་ཚོགས་པས་ཕྱེ་བ་ལ་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་རིགས་ཅན་རྣམས་ཀྱིས་སེམས་ཅན་གྱི་བསམ་པའི་རྗེས་སུ་འབྲངས་ནས་བུད་མེད་དང་སྐྱེས་པའི་དབྱེ་བས་སྤྲོ་བ་དང་ཞི་བ་དང་དྲག་པོའི་གཟུགས་དང་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པའི་སྐུའི་དབྱེ་བས་ཀྱང་སྤྲོ་བ་ཞེས་བྱ་བའི་ཐ་ཚིག་གོ །སྐུ་དུ་མར་སྟོན་པའི་ཕྱིར་བཀོད་པའོ་ཞེས་པ་ནི་ཞལ་གསུམ་པ་ལ་སོགས་པ་དང་རིགས་སྣ་ཚོགས་པའི་རང་གི་སྐུ་བསྟན་པའི་ཕྱིར་རོ། །གང་གི་ཕྱིར་རྡོ་རྗེ་འཆང་ཆེན་པོ་གཅིག་པུ་ཁོ་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ན་ཡང་ཁ་དོག་ལྔ་དང་ཞི་བ་དང་དྲག་པོ་དང་ཕོ་དང་མོའི་དབྱེ་བས་རབ་ཏུ་སྣང་སྟེ། དེ་དོན་དམ་པར་དབྱེ་བ་ནི་མེད་དེ། །འོད་གསལ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་ནི་དང་པོའི་སྦྱོར་བ་ལ་སོགས་པའི་མཚན་ཉིད་ཅན་ཞེས་བྱ་བའི་ཐ་ཚིག་གོ །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ་ཞེས་པ་ལ་རྡོ་རྗེ་བཞིན་དུ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རོ། །འདིར་དེ་བཞིན་གཤེགས་པའི་སྒྲ་ནི་ཉེ་བར་མཚོན་པ་ཡིན་ཏེ་དེས་ན་དེའི་རིགས་ལས་བྱུང་བའི་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་ཀྱང་གཟུང་ངོ༌། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གྱི་གཞིའི་ལེའུ་ཞེས་བྱ་བ་ལ། །ཏིང་ངེ་འཛིན་ནི་གཞི་ཅན་ནོ། །ལེའུ་ནི་གཞིའོ། །གཞི་དང་གཞི་ཅན་གྱི་དབྱེར་མེད་པར་བྱས་ནས་ཏིང་ངེ་འཛིན་གྱི་ལེའུ་ཞེས་བསྟན་ཏེ། ཚེམ་བུ་དུ་བ་བཞིན་ནོ། །ཚེམ་བུ་ལ་གནས་པའི་བུ་ཆུང་དུ་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལེའུའི་མིང་དོན་དང་ལྡན་པས་བསྟན་ཏོ། །ལྷ་རྣམས་བསྐྱེད་པའི་ཡན་ལག་དག་ཏུ་གྱུར་པའི་གསང་སྔགས་དང་


DTG032_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པོར་སྟོན་པ་ནི་ཞེས་པ་ལ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་གྱུར་པའི་རྣལ་འབྱོར་གྱི་ཕྱོགས་གཅིག་པ་སྟོང་པ་ཉིད་བསྒོམ་པ་བརྟན་པར་བྱེད་པའི་མཚན་ཉིད་ཀྱི་སྔགས་དང་པོ་བསྟན་པར་བྱའོ་ཞེས་པའི་དོན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ་དོན་དམ་པའི་དཀྱིལ་འཁོར་བསྒོམས་པའི་འོག་ཏུ་སྔགས་འདི་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཆོས་འབྱུང་བ་ལ་གནས་པའོ་ཞེས་པ་ནི་བགེགས་བསྐྲད་པ་དང་སྟོང་པ་ཉིད་བསྒོམས་པའི་འོག་ཏུ་ཡི་གེ་ཧཱུཾ་གི་ས་བོན་ལས་བསྐྱེད་པའི་གཞིའི་དཀྱིལ་འཁོར་གྱི་རང་བཞིན་གྱི་ཆོས་འབྱུང་གི་ཕྱག་རྒྱའི་སྟེང་དུ་ཡི་ཤེས་ཀྱི་ས་གཞི་འབྱུང་བ་ཆེན་པོ་བཞིའི་རང་བཞིན་དང་རི་རབ་ཡོངས་སུ་གྱུར་པ་ལས། །རིན་ཆེན་སྣ་བདུན་གྱི་གཞལ་ཡས་ཁང་པའི་ནང་ན་སྣ་ཚོགས་པདྨ་དང༌། ཟླ་བ་དང༌། ཉི་མའི་དཀྱིལ་འཁོར་དུ་སྐད་ཅིག་གིས་རྫོགས་པའི་ལྷ་སུམ་ཅུ་རྩ་གཉིས་ཀྱིས་ལྷག་པར་མོས་པའི་དཀྱིལ་འཁོར་རྣམ་པར་བསྒོམ་པ་ལ། དེ་ཉིད་རྡོ་རྗེ་ཕྲེང་བ་ལས་གསུངས་པའི་གཟུགས་ཕུང་གཏོགས་པ་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་དཀྱིལ་འཁོར་དུ་བྱས་ལ། ཡབ་ཡུམ་རོ་གཅིག་པར་གྱུར་ནས་སྔགས་འདིར་བརྟན་པར་བྱས་ཏེ། ཡང་ཡི་གེ་གསུམ་ལས་བྱུང་བའི་པདྨ་དང་ཟླ་བ་དང་ཉི་མའི་སྟེང་དུ་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ལ་སྔ་མའི་པདྨ་ལ་སོགས་པ་གསུམ་ཞུགས་ཏེ་ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱིས་རང་གི་སེམས་བརྟན་པར་བྱས་ལ། དེའི་སྟེང་དུ་ཡི་གེ་གསུམ་རྣམ་པར་བཀོད་ལ་དེ་ནས་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བར་རྡོ་རྗེ་བསྐྱེད་ལ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ལྷའི་འཁོར་ལོ་གང་ཡང་རུང་བ་རྣམ་པར་བསྒོམས་ཏེ། ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་དགོད་པའི་མཚན་ཉིད་ཀྱི་རྗེས་སུ་རྣལ་འབྱོར་བྱས་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་ཡིག་འབྲུ་དགོད་པའི་མཚན་ཉིད་ཀྱི་ཤིན་ཏུ་རྣལ་འབྱོར་རྫོགས་ནས་སྐུ་ལ་སོགས་པ་ལ་བྱིན་གྱིས་བརླབ་པའི་རྣལ་འབྱོར་ཆེན་པོ་བྱས་ཏེ། ཕྱག་རྒྱ་འདུས་ནས་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་གི་ནང་དུ་ཕྱུང་བའི་སྔགས་ཀྱིས་དཀྱིལ་འཁོར་པ་རྣམས་སྤྲུལ་ཏེ། དེ་ལས་ཕྱི་རོལ་དུ་སྤྲོས་ལ་འགྲོ་བའི་དོན་བྱས་ནས་སླར་ཡང་


DTG032_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཏེ། ཤར་ལ་སོགས་པའི་ཕྱོགས་དང་མཚམས་སུ་དཀྱིལ་འཁོར་པ་རྣམས་རིམ་གྱིས་བཞུགས་པར་བསམས་ལ། དབང་བསྐུར་བ་དང་རྒྱས་བཏབ་ཅིང་དེའི་འོག་ཏུ་འཆད་པར་འགྱུར་བའི་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་ཡན་ལག་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ཀྱི་འཁོར་ལོ་ཞེས་སྨོས་ཏེ། ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་འཁོར་ལོའི་ཕྱག་མཚན་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་སྤྲུལ་པའི་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །རིགས་དང་དེར་འབྲེལ་བའི་ལྷ་རྣམས་ཏེ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་འབྲེལ་བ་དང་ལྡན་པའི་ལྷ་རྣམས་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་གནས་ཇི་ལྟ་བ་བཞིན་དུ་ཡང་དག་པར་གནས་པས་ན་ཞེས་པ་ལ་ཤར་ཕྱོགས་ལ་སོགས་པའི་གནས་ལ་ཉེ་བར་བཀོད་པས་སོ། །རང་གི་བདག་པོའི་སྐུ་མདོག་དང་འདྲ་བའོ་ཞེས་པ་ནི་དབུས་ཀྱི་གཙོ་བོ་ལ་ལྟོས་པས་དབུས་ཀྱི་སའི་ཆ་ནི་བདག་པོ་དང་མཚུངས་པ་ཞེས་པའི་དོན་ཏོ། །དེ་ལྟར་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དབུས་ཀྱི་སའི་ཆ་ནི་དཀར་པོའོ། །ཤར་དང་ལྷོ་དང་ནུབ་དང་བྱང་གི་སའི་ཆ་རྣམས་ནི་ནག་པོ་དང་སེར་པོ་དང༌། དམར་པོ་དང་ལྗང་གུའོ། །དེ་བཞིན་དུ་མི་བསྐྱོད་པའི་དཀྱིལ་འཁོར་གྱི་དབུས་ཀྱི་སའི་ཆ་ནི་ཁ་དོག་ནག་པོ་དང་ཤར་ལ་སོགས་པ་དཀར་པོ་དང་སེར་པོ་དང༌། དམར་པོ་དང་ལྗང་གུའོ། །རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་གྱི་དབུས་ཀྱི་སའི་ཆ་ནི་སེར་པོ་དང༌། ཤར་ལ་སོགས་པ་དཀར་པོ་དང་ནག་པོ་དང༌། དམར་པོ་དང༌། ལྗང་གུའོ། །སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་གྱི་དབུས་ཀྱི་སའི་ཆ་ནི་དམར་པོ་དང་ཤར་ལ་སོགས་པ་སྔ་མ་བཞིན་ནོ། །འོན་ཀྱང་ནུབ་ནི་ནག་པོའོ། །དོན་ཡོད་གྲུབ་པའི་དཀྱིལ་འཁོར་གྱི་སའི་ཆ་ནི་ལྗང་གུ་དང་། ཤར་ལ་སོགས་པ་སྔ་མ་བཞིན་ནོ། །འོན་ཀྱང་བྱང་ནི་ནག་པོའོ། །དེ་ལྟར་སངས་རྒྱས་སྤྱན་མ་ནས་བརྩམས་ཏེ་གནོད་མཛེས་ཀྱི་རྒྱལ་པོའི་བར་དུ་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་སུ་ཤེས་པར་བྱའོ། །དེ་རྣམས་མདོར་བསྡུས་ན་སྟོང་ཕྲག་གཅིག་དང་ཉི་ཤུ་རྩ་


DTG032_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ལྷ་རྣམས་སུ་འགྱུར་རོ། །དེ་རྣམས་བདག་པོ་ལ་ལྟོས་ཏེ་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །ཁ་དོག་སྣ་ལྔའི་སའི་ཆ་དང་ལྡན་པའོ་ཞེས་པ་ལ། བདག་པོ་ལ་ལྟོས་ཏེ་ཤར་ལ་སོགས་པའི་ཕྱོགས་སུ་ཁ་དོག་ལྔ་དང་ལྡན་པའོ། །ཐམས་ཅད་དུ་བཟང་པོའི་ཞེས་པ་ནི་ནང་གི་དཀྱིལ་འཁོར་གྱི་ཁྱད་པར་རོ། །ཕྱིའི་དཀྱིལ་འཁོར་ནི་གྲུ་བཞི་པ་ཉིད་དོ། །གཟུགས་རྡོ་རྗེ་ལ་སོགས་པ་དང་ལྡན་པའོ་ཞེས་པ་ནི་ལྷའི་སྣམ་བུ་དང་དྲ་བ་ཕྱེད་པ་དང་རིན་པོ་ཆེའི་ཕ་གུ་དང་པ་ཉྩ་རཱ་ག་ལ་སོགས་པ་དང་ལྡན་པའོ། །ལྷ་ལ་སོགས་པ་ཉེ་བར་བསྟན་པའི་མཆོད་པ་རྣམ་པ་ལྔ་དང་བཅས་པའོ་ཞེས་པ་ལ། ཤིན་ཏུ་དད་པ་ལས་འོངས་པའི་བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་ཀྱི་ལག་པས་འབུལ་བ་རྣམ་པ་སྣ་ཚོགས་པའི་མཆོད་པ་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ །མདོར་ན་ཞེས་པ་ནི་སྔར་བཤད་པའི་བསྐྱེད་པའི་རིམ་པས་སོ། །ལྷའི་འཁོར་ལོ་འདི་ལྟར་བསམ་པར་བྱའོ་ཞེས་བྱ་བ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་སྒོ་ནས་བསྐྱེད་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་ལྷའི་འཁོར་ལོ་བསྒོམ་པར་བྱའོ། །བདག་ཉིད་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལས་ལོགས་སུ་བདག་ཉིད་ཀྱང་ཐ་དད་པར་བསྒོམ་པར་མི་བྱའི། འོན་ཀྱང་དཀྱིལ་འཁོར་གྱི་བདག་པོའི་རང་བཞིན་དུ་བཞུགས་པར་བདག་ཉིད་བསམ་པར་བྱ་བའི་དོན་ཏོ། །འཁོར་ལོའི་དཀྱིལ་དུ་ཞེས་པ་ལ་ལྷ་སུམ་ཅུ་རྩ་གཉིས་ཀྱི་ལྷའི་འཁོར་ལོའི་དབུས་སུའོ། །བདག་པོར་གྱུར་པ་ཉིད་ཀྱིས་གཞག་གོ་ཞེས་པ་ནི་རྣལ་འབྱོར་བཞིས་བདག་ཉིད་ཀྱི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་ཞེས་བྱ་བའི་དོན་ཏོ། །སྐད་ཀྱི་བྱིངས་བརྗོད་པ་ནི་དོན་དུ་མ་ཡིན་པས་བསྒོམ་པའི་སྒྲ་ནི་གཞག་པའི་དོན་ལ་འཇུག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་ཆེན་པོ་ལ་རྗེས་སུ་འཇུག་པས་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བསྒོམ་པ་བསྟན་ཏོ། །གང་གི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནི། ཤེས་པ་དང་ཤེས་བྱ་ཉེ་བར་བསྡུས་པའི་ངོ་བོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་རང་བཞིན་ནོ། །དེ་བས་ན་དེས་བྱིན་གྱིས་བརླབས་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སྟེར་པར་འགྱུར་རོ། །གཞན་དུ་ན་བརྟག་པར་བྱ་བ་ཙམ་དེ་རྣམས་ཀྱི་


DTG032_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་གང་ཡང་སྟེར་བར་མི་འགྱུར་རོ། །དེ་ལ་རྗེས་སུ་ཞུགས་པའི་ལྷའི་སྐུ་བརྟགས་པ་ཡང་ཡོངས་སུ་དག་པའི་སྐུར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ལེའུ་བཅུ་གསུམ་པ་ལས་ཀྱང༌། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །དེ་ནི་སྔགས་རྣམས་ཐམས་ཅད་ཀྱི། །རྒྱལ་པོ་རྟག་པ་མཆོག་ཡིན་ནོ། །ཞེས་འབྱུང་ངོ༌། །རབ་ཏུ་བྱེད་པ་ལས་ཀྱང༌། །དེ་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུའི་བདག་ཉིད་ཆེ་བའི་ལྷ། །མན་ངག་རྣམས་ནི་རབ་སྟེར་བས། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་འབྱུང་ངོ༌། །རྡོ་རྗེ་འཆང་གི་སྤྲུལ་པ་ཡི། །ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོས་བསྐྱེད་ཅིང༌། དེ་ལ་རྗེས་སུ་ཞུགས་ཏེ་དེའི་རྣམ་པ་ཉིད་དུ་འགྱུར་པའོ། །བརྟན་པ་དང་གཡོ་བའི་བདག་ཉིད་འཇིག་རྟེན་པ་འདི་ཇི་སྲིད་དེ་དག་ཐམས་ཅད་རྡོ་རྗེ་འཆང་བ་ལས་བསྐྱེད་ཅིང་དེ་ཉིད་དུ་ཐིམ་མོ། །ཇི་སྐད་དུ། ཕ་རོལ་འགྲོ་བ་ཁ་ཅིག་གང༌། །རྟགས་ཀྱི་དབྱེ་བས་རྣམ་པར་གནས། །དེ་རྣམས་ཀྱང་འདིས་སྨོད་མི་བྱ། །རྡོ་རྗེ་སེམས་དཔས་སྤྲུལ་པ་ཡིན། །ཞེས་འབྱུང་ངོ༌། །ནམ་མཁའི་དབྱིངས་ནི་ཐམས་ཅད་ལ། །རྡོ་རྗེ་སེམས་དཔའ་དཔལ་ལྡན་བཞུགས། ཞེས་བདེ་མཆོག་ལས་འབྱུང་ངོ༌། །རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའི་ལྷག་པར་མོས་པས། བསྒོམ་པའི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་ཞེས་བྱ་བའི་ཐ་ཚིག་གོ །སྐུ་རྡོ་རྗེ་ཉིད་དུ་གྱུར་པ་ཡིན་ཡང༌། །ཞེས་པ་ནི་སྐུ་རྣམ་པར་དག་པའི་རང་བཞིན་ཉིད་དུ་གྱུར་པའོ། །ཡོན་ཏན་གྱི་ངོ་བོ་ཉིད་ཀྱང་མངའ་བས་ཞེས་པ་ནི་ནང་དུ་ཆུད་པའི་གསུང་དང་ཐུགས་ཀྱི་ནུས་པས་སོ། །གང་གི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་སྐུ་རྡོ་རྗེ་རྣམ་པར་དག་པ་ཡིན་པར་མ་ཟད་ཀྱི། འོན་ཀྱང་གསུང་དང་ཐུགས་རྣམ་པར་དག་པའི་ངོ་བོ་ཡང་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་གཙོ་བོར་གྱུར་པའི་ཆ་གཅིག་གིས་མཚན་གྱི་ཐ་སྙད་བྱ་བ་ཡིན་ཏེ། དཔེར་ན་སྙིང་རྗེའི་རང་བཞིན་འཇིག་རྟེན་དབང་ཕྱུག་བཞིན་ནོ། །དེ་ལ་སྙིང་རྗེ་གཅིག་པུ་ཡོད་ཀྱི་ཤེས་རབ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གཞན་མེད་པ་མ་ཡིན་ནོ། །གཙོ་བོ་དང་གཙོ་བོ་མ་ཡིན་པའི་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིན་


DTG032_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དཔེར་ན་ཞི་བའི་རང་བཞིན་རྣམ་པར་སྣང་མཛད་ཡིན་ནོ་ཞེས་ཞི་བ་ཙམ་གྱི་ངོ་བོ་ཡང་མ་ཡིན་ཏེ། རྒྱས་པ་ལ་སོགས་པ་ཡང་མཛད་པའི་ཕྱིར་རོ། །དེ་བཞིན་དུ་རྒྱས་པ་ལ་སོགས་པའི་རང་བཞིན་རིན་ཆེན་འབྱུང་ལྡན་ལ་སོགས་པ་ཡང་ཤེས་པར་བྱའོ། །སེམས་ཅན་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་དང་བག་ཆགས་དང་རིགས་ཀྱི་དབྱེ་བས་དེ་དང་རྗེས་སུ་མཐུན་པའི་གཙོ་བོར་གྱུར་པའི་ཡོན་ཏན་གྱི་ཁྱད་པར་དམིགས་ཏེ། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་རང་བཞིན་བསྟན་ཏོ། །དེ་བཞིན་དུ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པ་རེ་རེ་ལ་ཡོད་ན་ཡང་མོས་པའི་དབྱེ་བས་ཡེ་ཤེས་རེ་རེའི་རང་བཞིན་དུ་བསྟན་ཏོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེ་བཞིན་གཤེགས་པ་རྣམས་ལ་བར་ཆོད་མེད་དེ་གང་གིས་དེ་རྣམས་རེ་རེས་མིང་ཐོབ་པ་ཡིན་གྱི་ཚང་པས་ནི་མ་ཡིན་ནོ། །ལས་དང་པོ་པ་འཇུག་པར་བྱ་བའི་ཕྱིར་རིམ་གྱིས་ཡེ་ཤེས་ཐོབ་པ་ཡིན་ནོ་ཞེས་མེ་ལོང་ལྟ་བུ་ལ་སོགས་པའི་རང་བཞིན་བསྟན་ཏོ། །ཆོས་དང་ཆོས་མིན་དཀའ་ཐུབ་སྟོང༌། །བསྡམས་དང་ངེས་བསྡམས་འདུལ་བ་དང༌། །དུད་འགྲོ་དམྱལ་བ་ཡི་དགས་དང༌། །ལྷ་དང་བཅས་པའི་མི་རྣམས་དང༌། །སྟོན་པ་དང་ནི་ཉན་ཐོས་དང༌། །ཐམས་ཅད་དེ་དག་ཀུན་རྫོབ་སྟོན། །ལས་དང་པོ་ཡི་འཇིག་རྟེན་པ། །དོན་དམ་པ་ལ་འཇུག་པའི་ཕྱིར། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །དེ་ལྟར་བྱིས་པའི་སྨྲ་བ་འདི། །མཐར་ནི་ཐམས་ཅད་འཇིག་པར་འགྱུར། །བརྗོད་དུ་མེད་ཅིང་བརྗོད་མེད་པའི། །གང་ཡང་དེ་ཉིད་སྣང་བའོ། །ཞེས་འབྱུང་ངོ༌། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་རྣམ་པར་དག་པའི་རང་བཞིན་ཡང་གདུལ་བྱའི་དབང་གིས་ངོ་བོ་གཅིག་ཡིན་ནོ་ཞེས་བསྟན་ཏོ། །རྒྱུ་དུ་མ་ཚོགས་པ་ལས་སྐྱེས་པའི་འབྲས་བུ་གང་ལས་དེ་མ་ཐག་ཏུ་སྐྱེས་པ་དེ་དེས་མིང་གི་ཐ་སྙད་དུ་བྱས་ཏེ། དཔེར་ན་རྔ་བོ་ཆེའི་སྒྲ་དང་ནས་ཀྱི་མྱུ་གུ་བཞིན་ནོ། །དེ་བཞིན་དུ་གང་ལ་དམིགས་ནས་རྣམ་པར་དག་པ་འབྱུང་བ་གང་ཡིན་


DTG032_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ། དེའི་མིང་གིས་བསྟན་པ་ཡིན་ཏེ། དཔེར་ན་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་ལ་སོགས་པ་བཞིན་ནོ། །འདི་ལ་ལྷ་རྣམས་ཀྱི་འཁོར་ལོ་བསྡུས་པས་ན་ཞེས་པ་ལ། རྡོ་རྗེ་འཆང་ཆེན་པོ་ཉིད་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཡོངས་སུ་བསྡུ་བར་འགྱུར་ཏེ། གང་གི་ཕྱིར་ཟུང་དུ་འཇུག་པའི་རིམ་པས་ཐོབ་པར་བྱ་བའི་རྡོ་རྗེ་འཆང་ཆེན་པོའི་སྐུ་ལ་ཕུང་པོ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐིམ་པར་སྣང་སྟེ། བདེན་པ་གཉིས་གཉིས་སུ་མེད་པའི་ཕྱིར་རོ། །དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ཁམས་གསུམ་པ་ཡང་དེ་ལ་ཐིམ་པར་འགྱུར་ཏེ། ཇི་སྐད་དུ། དབྱིབས་དང་ཁ་དོག་སྣ་ཚོགས་པའི། །ཇི་སྲིད་སྤྲིན་ནི་དུ་མ་རྣམས། །ནམ་མཁའི་ཁམས་ལས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུར་གྱུར་པ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་འཇུག་པར་འགྱུར། །ཞེས་འབྱུང་ངོ༌། །ཐེག་པ་ཆེན་པོའི་མདོ་ལས་ཀྱང༌། །སྐྲ་རྩེ་གཅིག་ལས་སངས་རྒྱས་དུ་མ་ནི། །གང་གཱའི་བྱེ་མ་སྙེད་དང་མཚུངས་པ་སྟེ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པའོ། །ཞེས་འབྱུང་ངོ༌། །རྡོ་རྗེ་འཆང་ཆེན་པོའི་སྐུ་ཞེས་པ་ནི་དྲུག་པའོ། །དེ་དང་ལྷན་ཅིག་ཏུ་སྦྱོར་བ་ཞེས་པ་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་ནི་ཏིང་ངེ་འཛིན་གྱིས་རྫོགས་ལ་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམས་པའི་འོག་ཏུ་རང་གི་ཐུགས་ཀ་ནས་མི་བསྐྱོད་པ་སྤྲོས་ཏེ། །དེས་འགྲོ་བའི་དོན་བྱས་ལ་དེ་དང་ལྷན་ཅིག་དུས་གཅིག་ཏུ་གྱུར་ནས་མི་བསྐྱོད་རྡོ་རྗེར་བདག་ཉིད་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་རིན་ཆེན་འབྱུང་ལྡན་ལ་སོགས་པའི་ཏིང་ངེ་འཛིན་བསྟན་ཏོ། །སྐུ་མདོག་ཅེས་བྱ་བ་ལ་སོགས་པས་ཞེ་སྡང་རྡོ་རྗེ་ལ་སོགས་པའི་སྐུ་མདོག་དང་ཕྱག་མཚན་དང་ཉམས་དང་རྣམ་པར་དག་པ་བསྟན་ཏེ། ཁྲོ་བ་དང་འདོད་ཆགས་ཆེན་པོ་འདྲེས་པར་གྱུར་པས་ཞེས་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ནི་འདོད་ཆགས་དང༌། ཞེ་སྡང་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་མཆེ་


DTG032_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅུང་ཟད་གཙིགས་པའོ་ཞེས་པ་ནི་ཁྲོ་བོའི་ཉམས་དང་ལྡན་པ་དང་རེག་བྱ་རྡོ་རྗེ་མས་འཁྱུད་པ་ཆགས་པའི་རོ་དང་ལྡན་པར་བསྟན་ཏོ། །ཤེལ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་དབྱིབས་དང་སྐུ་མདོག་དང་ཕྱག་མཚན་རྣམས་བསྟན་ཏོ། །གསེར་གྱི་མདོག་ཅན་ལ་ཞེས་པ་ནི་རྒྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྤྲིན་གྱིས་ཀུན་དུ་འཁྲིགས་པར་བསྒོམ་པའོ་ཞེས་པ་ནི་དབུས་ཀྱི་གཙོ་བོ་ཉིད་དུ་བཞུགས་ནས་འགྲོ་བ་དབུལ་བའི་སྡུག་བསྔལ་བཅོམ་པའི་ཕྱིར་རང་དང་རྗེས་སུ་མཐུན་པ་ཛམྦྷ་ལ་ལ་སོགས་པ་སྤྲོ་བར་མཛད་པའོ། །རྡོ་རྗེ་རྩེ་དགུ་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔ་དང་ལྷ་མོ་བཞིའི་རང་བཞིན་ཡིན་པའི་ཕྱིར་རོ། །བཤད་པའི་རྒྱུད་ལས་ཀྱང༌། དབུས་རྩེ་རྣམ་པར་སྣང་མཛད་དང༌། །ཤར་ལ་མི་བསྐྱོད་རིན་ཆེན་ལྷོར། །ནུབ་དང་བྱང་གི་རྩེ་དག་ལ། །འོད་དཔག་མེད་དང་དོན་ཡོད་གྲུབ། །པདྨ་འདབ་མ་བརྒྱད་པ་ནི། །དེ་ཡི་འདབ་མ་རེ་རེ་ལ། །ཤིན་དུ་གསལ་བའི་ཕྱག་མཚན་ཅན། །བྱང་ཆུབ་སེམས་དཔའ་བརྒྱད་ཡིན་ཏེ། །ལག་ན་པདྨ་བྱམས་པ་དང༌། །ནམ་མཁའི་སྙིང་པོ་ཀུན་དུ་བཟང༌། །གནོད་སྦྱིན་བདག་པོ་འཇམ་དཔལ་དང༌། །རྣམ་པར་སེལ་དང་ས་སྙིང་པོ། །འོག་ཏུ་ཤར་རྩེར་རྡོར་མཁའ་འགྲོ། །ལྷོར་འཇིགས་མ་ཡི་མཁའ་འགྲོ་མ། །ནུབ་ཏུ་གཏུམ་མོ་ཞེས་ནི་བྱ། །རོ་ལངས་མ་ནི་བྱང་དུ་དགོད། །དབུས་སུ་ཡེ་ཤེས་མཁའ་འགྲོ་མ། །འོག་རྩེ་རྣམ་པར་དག་པ་ཡིན། །སྤྱན་མ་དང་ནི་མཱ་མ་ཀཱི། །གོས་དཀར་མོ་དང་སྒྲོལ་མ་དང༌། །སྐུལ་བྱེད་མ་དང་རིན་ཆེན་སྒྲོན། །སྐེ་རགས་གཞན་གྱིས་མི་ཐུབ་མ།། པདྨ་ལ་གནས་མཁའ་འགྲོ་མ། །རྡོ་རྗེ་དེ་ཉིད་འདི་ཡིན་ནོ། །དབུས་ཀྱི་ཆང་ཟུང་ཡེ་ཤེས་དབྱིག །སྤྲོ་དང་བསྡུ་བ་མཛད་པའོ། །ཞེས་འབྱུང་ངོ༌། །དེ་ལྟར་ལྷ་ཉི་ཤུ་རྩ་བརྒྱད་ཀྱི་རང་བཞིན་ནི་རྡོ་རྗེ་ཡིན་ནོ། །མརྒཏ་ཞེས་བྱ་བ་ནི་ནམ་མཁའ་ལྟར་སྔོ་བ་ཞེས་བྱ་བའི་ཐ་ཚིག་གོ །རིན་ཆེན་འབྱུང་ལྡན་གྱི་ཕྱག་མཚན་གསུངས་པའོ་ཞེས་པ་ནི་ཟུར་དྲུག་པའི་རིན་པོ་ཆེ་སྟེ་འགྲོ་བ་རིགས་དྲུག་པའི་སེམས་ཅན་གྱི་ཁམས་ཀྱི་ཟུར་རེ་རེས་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་ཕྱིར་རོ། །འོད་དཔག་ཏུ་མེད་པའི་ཕྱག་མཚན་གསུངས་པའོ་ཞེས་པ་ནི་ཁ་བྱེད་པའི་ཕྱག་རྒྱ་དང་ལྡན་པའི་པདྨ་རཱ་གའི་ཁ་དོག་དང་འདྲ་བའི་


DTG032_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་པདྨ་དམར་པོ་འདི། །འདམ་གྱི་སྐྱོན་གྱིས་མ་གོས་པ། །དངོས་པོའི་སྐྱོན་ནི་སྣ་ཚོགས་པས། །དེ་བཞིན་ཁམས་གསུམ་པ་ནི་དག །ཅེས་འབྱུང་ངོ༌། །སྣ་ཚོགས་པའི་འགྲོ་བ་མ་ལུས་པའི་དོན་སྒྲུབ་པར་མཛད་པའི་ངོ་བོ་ཉིད་ཡིན་པས་ཞེས་པ་ལ། དོན་ཡོད་པ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོད་ཟེར་དཀར་པོ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་པ་དེ་ནི་དོན་ཡོད་གྲུབ་པ་ལས་ཐམས་ཅད་ཡིན་པའི་ཕྱིར་རོ། །རལ་གྲི་བསྣམས་པ་ནི་ཉོན་མོངས་པ་ཐམས་ཅད་གཅོད་པར་བྱེད་པའི་ཤེས་རབ་ཀྱི་ངོ་བོ་འཆང་བས་སོ།། དེས་ནི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་ཡེ་ཤེས་ཉིད་སྔོན་པོ་ལ་སོགས་པའི་ཁ་དོག་གི་ཁྱད་པར་གྱི་རྣམ་པ་ཉིད་དུ་བསྟན་ཏོ། །ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཀྱིས་ཀྱང༌། །ཤིན་ཏུ་རྣམ་དག་ངོ་བོའི་ཕྱིར། །ཁ་དོག་དཀར་པོས་རབ་ཏུ་བསྟན། །ཀུན་ལ་གཏོང་བས་སེར་པོ་ཉིད། །རྟག་ཏུ་བརྩེ་བས་དམར་པོ་ཡིན། །དཀོན་མཆོག་གསུམ་ལ་གནོད་བྱེད་སོགས། །འདུལ་བར་བྱེད་པ་ལ་བརྩོན་པ། །འགྲོ་བའི་དོན་ལ་མཛད་པའི་མཆོག །ཡེ་ཤེས་དེ་ནི་ནག་པོར་བཤད། །སྣ་ཚོགས་ཐབས་ཀྱིས་གདུལ་བའི་ཕྱིར། །ཁ་དོག་ལྗང་གུ་རབ་བསྟན་པའོ། །ཞེས་གསུངས་སོ། །དེ་བཞིན་དུ་ཐུགས་རྡོ་རྗེ་འཆང་བ་ལ་སོགས་པའི་རྡོ་རྗེ་ལ་སོགས་པ་ཕྱག་མཚན་གང་ཡིན་པ་དེ་རྣམས་ཡེ་ཤེས་ཀྱི་ཁྱད་པར་ཉིད་ཡིན་ནོ། །ཇི་སྐད་དུ། གཟུགས་ལ་སོགས་པ་སྐྱེ་མཆེད་རྣམས། །གང་ཕྱིར་རང་ཉིད་ཀྱིས་བརྗོད་པ། །དེས་ན་སངས་རྒྱས་ཡེ་ཤེས་ནི། །དེ་བཞིན་གཤེགས་པས་ཕྱག་དྲུག་གསུངས། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤེས་རབ་དྲིལ་བུ་མངོན་པར་བརྗོད། །མ་རིག་གཅོད་བྱེད་འཁོར་ལོ་སྟེ། །རིན་ཆེན་རིན་ཐང་མེད་པའི་ཕྱིར། །སྲིད་པའི་སྐྱོན་གྱིས་མ་གོས་པས། །ཡེ་ཤེས་དེ་ནི་པདྨར་བཤད། །རལ་གྲི་ཉོན་མོངས་དགྲ་གཅོད་པ། །ཨུཏྤལ་དེ་ལས་སྐྱོབ་པའི་ཕྱིར། །འཁོར་པའི་དྲ་བ་ངེས་ཚིག་པའི། །གང་ཕྱིར་ཡེ་ཤེས་ཉིད་སྐྱེས་པ། །སངས་རྒྱས་རྗེས་གནང་སེམས་ཅན་གྱིས། །རྡེག་པར་བྱེད་པ་ཐོབ་པར་བཤད། །ཆད་པས་གདུལ་ཕྱིར་དབྱུག་པ་སྟེ། །སེམས་ཅན་འདུལ་བྱེད་དེ་ཤེས་ཡིན། །ཕན་ཚུན་ཁྱབ་པ་མི་


DTG032_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཕྱིར། །སྣ་ཚོགས་རྡོ་རྗེ་ཡིན་པར་བཤད། །སྐུ་མདོག་དང་ཕྱག་མཚན་དང་ཡེ་ཤེས་ཀྱི་རང་བཞིན་འབའ་ཞིག་ཏུ་མ་ཟད་ཀྱི། །འོན་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་ཡང་དེའི་ངོ་བོ་ཉིད་དོ། །སེམས་ཅན་ཀུན་ལ་སྣང་བྱེད་ཕྱིར། །རང་གི་རང་བཞིན་སྣང་བྱེད་པས། །དེ་བཞིན་གཤེགས་ཞེས་དག་པ་ནི། །དེ་ནི་རྣམ་པར་སྣང་མཛད་བཤད། །མ་རུངས་ཐམས་ཅད་སྐྱེ་བོ་དང༌། །བླ་མ་ལ་ནི་ལོག་པ་རྣམས། །མི་སྟོན་པ་ཡི་རང་བཞིན་ཕྱིར། །དེ་ནི་མི་བསྐྱོད་རབ་ཏུ་བཤད། །གང་ཕྱིར་སངས་རྒྱས་ལ་སོགས་པ། །རིན་པོ་ཆེ་རྣམས་རབ་བྱུང་པས། །སེམས་ཅན་དོན་ལྡན་ཡེ་ཤེས་ནི། །རིན་ཆེན་འབྱུང་ལྡན་བཤད་པ་ཡིན། །མི་གནས་མྱ་ངན་ལས་འདས་པའི། །སྲིད་དང་ཐར་པ་མི་དམིགས་པ། །མཐའ་ཡས་ཡོན་ཏན་དང་ལྡན་པས། །དེ་ནི་སྣང་བ་མཐའ་ཡས་བཤད། །སེམས་ཅན་ཀུན་གྱི་དོན་མཛད་པའི། །གང་ཕྱིར་རང་ཉིད་གྲུབ་པས་ན། །དོན་དང་བཅས་པའི་ཡེ་ཤེས་ཏེ། །དོན་ཡོད་གྲུབ་བར་བཤད་པ་ཡིན། །ཁམས་གསུམ་པས་ནི་ཡོངས་བསྒོམས་པས། །ཕྲ་བ་དང་ནི་རགས་པའི་གཟུགས། །ཞིང་ཀུན་ལ་གནས་གཟིགས་པའི་ཕྱིར། །དེས་ན་སངས་རྒྱས་སྤྱན་མར་བཤད། །གང་ཕྱིར་བདག་དང་བདག་གིར་ནི། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ཏེ། །ཕན་ཚུན་ཁྱབ་པར་བྱེད་པ་ན། །དེས་ནི་མཱ་མ་ཀཱི་རུ་བཤད། །སྐྱོན་ཀུན་འཕྲོགས་པའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་མཆོག །སེམས་ཅན་སྦྱང་བ་ལ་བརྩོན་པའི། །གོས་དཀར་མོར་ནི་བཤད་པ་ཡིན། །རྟག་ཏུ་ཐུགས་རྗེ་ཆེན་པོ་ཡིས། །འགྲོ་བ་འདོན་པའི་བསམ་པ་ཅན། །སེམས་ཅན་སྒྲོལ་པ་ལ་བརྩོན་པ། །སྒྲོལ་མ་ཤེས་རབ་ཏུ་ནི་གྲགས། །ས་ལ་སོགས་པའི་ཁམས་གྱུར་པ། །སངས་རྒྱས་ཡེ་ཤེས་ཀྱིས་བརྗོད་པས། །འདོད་པ་ཐམས་ཅད་ལོངས་སྤྱོད་ཕྱིར། །སྤྱན་མ་ལ་སོགས་རབ་ཏུ་གྲགས། །འཆི་སོགས་འཇིགས་པ་ལས་གྲོལ་བའི། །དེ་བཞིན་གཤེགས་པ་ཀུན་གྱི་མཆོག །གདུལ་དཀའ་འདུལ་བའི་ཡེ་ཤེས་ནི། །དེ་ཕྱིར་སྙིང་རྗེ་མཐར་བྱེད་བཤད། །དག་པས་སྤྱད་ན་འགྲོ་བ་ནི། །ཐམས་ཅད་དགའ་བའི་རང་བཞིན་འགྱུར། །སྲིད་པས་མི་གོས་རྟོགས་པའི་ཕྱིར། །དེ་ནི་པདྨ་མཐར་བྱེད་བཤད། །ཡེ་ཤེས་དོན་ཀུན་སྒྲུབ་བྱེད་པ། །སངས་རྒྱས་ཀུན་གྱི་རང་བཞིན་གྲུབ།།


DTG032_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ལ་སོགས་པས་མི་གནོད་པ། །དེ་ཕྱིར་བགེགས་ནི་མཐར་བྱེད་བཤད། །རྨོངས་པའི་སེམས་ཅན་གྱིས་སྨྲས་པ། །ལོག་པའི་ཤེས་པ་རྣམ་སྤྱད་ནས། །ཡང་དག་ཡེ་ཤེས་ལ་འཇོག་པས། །ཤེས་རབ་མཐར་བྱེད་བཤད་པ་ཡིན། །ཤེས་བྱ་མེད་པས་ཤེས་པ་མིན། །སྙོམས་པར་ཞུགས་པ་བཤད་པ་ཡིན། །ཆགས་པ་ལ་སོགས་གསུམ་སྦྱངས་པས། །སྲིད་གསུམ་མངོན་འགྱུར་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱི་རང་བཞིན་འགྲུབ། །དེས་ནི་ཞལ་གསུམ་བཤད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དེས་ནི་དེ་བཞིན་གཤེགས་པ་ལྔ་ཡེ་ཤེས་ལྔའི་རང་བཞིན་ཉིད་དུ་བསྟན་ཏོ། །དེ་རྣམས་ཀྱི་ངེས་ཚིག་ནི། དེ་ལས་ཀྱང་ཇི་སྐད་དུ། ཇི་ལྟར་གཟུགས་བརྙན་མེ་ལོང་ལ། །རང་གི་གཟུགས་ནི་གཉིས་སྣང་བ། །ཆོས་སྐུར་དེ་བཞིན་ཡེ་ཤེས་ནི། །མེ་ལོང་ཤེས་བྱ་སྣང་བ་ཡིན། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །སྲོག་ཆགས་རྣམས་ཀྱི་རང་ལྷ་ཉིད། །རང་ཉིད་གཅིག་ཏུ་རྟོགས་པའི་ཕྱིར། །མཉམ་ཉིད་ཡེ་ཤེས་བཤད་པ་ཡིན། །གཟོད་མ་ནས་དག་མ་སྐྱེས་པའི། །རང་བཞིན་ཉིད་ཀྱིས་འོད་གསལ་བ། །ཕན་ཚུན་ཁྱབ་པར་བྱེད་པས་ན། །སོ་སོར་རྟོག་པའི་ཡེ་ཤེས་བཤད། །ཀུན་དུ་རྟག་ཏུ་ཀུན་ནས་ནི། །སངས་རྒྱས་མཛད་པ་རབ་འཇུག་པ། །སངས་རྒྱས་ཀུན་མཛད་གཅིག་ཡིན་ཕྱིར། །བྱ་བ་ནན་ཏན་གྲུབ་པར་བཤད། །ཉོན་མོངས་ཤེས་བྱའི་སྒྲིབ་པ་ཀུན། །གང་ཚེ་གྲོལ་ན་དེ་ཚེ་ཡི། །རྣལ་འབྱོར་པ་མཆོག་རྡོ་རྗེ་ཅན། །ཤིན་ཏུ་རྣམ་པར་དག་ཅེས་བཤད། །ཅེས་འབྱུང་ངོ༌། །དེ་རྣམས་བསྐྱེད་པའི་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནི། དང་པོའི་སྦྱོར་བའི་ཕྱོགས་གཅིག་ཏུ་གྱུར་པའི་དོན་དམ་པའི་དཀྱིལ་འཁོར་གྱི་འོག་ཏུ་པདྨ་ལ་སོགས་པ་བསྡུ་བར་བྱེད་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའི་སེམས་བརྟན་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་སྔགས་བརྗོད་པའི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །གང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །སྐྱེད་པར་མཛད་པ་སྟེ་ཞེས་པ་ནི་དོན་དམ་པའི་དཀྱིལ་འཁོར་གྱི་རིམ་པས་འོད་གསལ་བར་བྱས་ལ་ཡང་དེའི་ངོ་བོ་ཉིད་དུ་སྐུ་གསུང་ཐུགས་བསྐྱེད་པར་བྱའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་ངོ་བོ་ནི་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་ཞེས་བྱ་བའོ། །ཨོཾ་ཞེས་བྱ་བ་ལ་


DTG032_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ། ཨོཾ་ནི་སྐུ་གསུང་ཐུགས་ཉེ་བར་སྡུད་པར་བྱེད་པའི་ངོ་བོ་དོན་དམ་པའི་བདེན་པའི་རྣམ་པ་ཅན་རྡོ་རྗེ་འཆང་ཆེན་པོའོ། །དྷརྨ་དྷཱ་ཏུ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྭ་བྷཱ་བ་ནི་རང་བཞིན་གང་ལ་ཡོད་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཁམས་གསུམ་གྱི་བདག་ཉིད་གཡོ་བ་དང་བརྟན་པའི་འགྲོ་བ་སྟེ། །དེའི་རྣམ་པ་བདག་ཡིན་ནོ་ཞེས་རྣལ་འབྱོར་པས་ང་རྒྱལ་བསྐྱེད་པར་བྱའོ། །འདིས་ནི་བདག་ཉིད་ཟླ་བའི་དཀྱིལ་འཁོར་དང་འདྲ་བར་བྱིན་གྱིས་བརླབས་ལ་ཞེས་པ་ནི་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་པདྨ་ལ་སོགས་པ་གསུམ་གྱི་སྟེང་དུ་ཡི་གེ། གསུམ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཟླ་བ་ལ་སྔར་བསྒོམས་པའི་པདྨ་ལ་སོགས་པ་གསུམ་དང་རོ་གཅིག་པར་གྱུར་པའི་ཟླ་བའི་དཀྱིལ་འཁོར་དང་འདྲ་བའི་སེམས་ཉིད་བྱིན་གྱིས་བརླབས་ནས་ཞེས་བྱ་བའི་དོན་ཏོ། །ཡིད་མི་བདེ་བ་ལས་གྲོལ་བའི། །རྣམ་རྟོག་མུན་པ་སེལ་བྱེད་ཅིང༌། །ཉོན་མོངས་དྲི་མ་ཀུན་ལས་དག །ཟླ་བ་བཞིན་དུ་སེམས་ཟླ་བའོ། །ཞེས་འབྱུང་ངོ༌། །རྩ་བའི་རྒྱུད་ལས་ཀྱང༌། བཅོམ་ལྡན་འདས་ཟླ་བའི་དཀྱིལ་འཁོར་དང་འདྲ་བའི་སེམས་མཐོང་ངོ་ཞེས་འབྱུང་ངོ༌། །དེའི་སྟེང་དུ་ཡི་གེ་གསུམ་ལ་སོགས་པའི་ལྷའི་སྐུར་བསྐྱེད་དེ་ཞེས་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡང་ཡི་གེ་གསུམ་བཀོད་པ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་འམ་འཁོར་ལོ་ལ་སོགས་པ་བསྒོམས་ལ། །དེ་ལ་ཡང་ཡིག་འབྲུ་དགོད་ཅིང་སྤྲོ་བ་དང་བསྡུ་བའི་རིམ་པའི་གྲོ་བའི་དོན་བྱས་ལ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་ང་རྒྱལ་བྱས་ལ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་ཆེན་པོའི་སྐུ་དང་གཅིག་ཏུ་གྱུར་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་ཕྱག་རྒྱའི་སྐུ་བསྒོམས་ལ། ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་དགོད་ཅིང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པར་བྱ་སྟེ། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་མཚན་ཉིད་ཀྱི་རྣལ་འབྱོར་ཆེན་པོ་ཡོངས་སུ་རྫོགས་ཤིང་དབུས་ཀྱི་གཙོ་བོར་གྱུར་ནས། དང་པོ་སྦྱོར་བའི་འོག་ཏུ་ཕྱག་རྒྱ་ལེགས་པར་སྦྱང་ཞིང་དཀྱིལ་འཁོར་པ་རྣམས་སྤྲུལ་ལ་དཀྱིལ་འཁོར་ལ་དགོད་དེ། དབང་བསྐུར་བ་དང་རྒྱས་གདབ་པའི་བར་དུ་དཀྱིལ་འཁོར་རྒྱལ་བ་མཆོག་ཡོངས་སུ་རྫོགས་ཏེ་ལས་ཀྱི་རྒྱ་བ་མཆོག་གི་


DTG032_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་པ་འཆད་པར་འགྱུར་བའི་རིམ་པས། ཕྲ་མོའི་རྣལ་འབྱོར་ཞེས་པ་ནི་འོག་ནས་འཆད་པར་འགྱུར་བའི་རིམ་པས་བསྒོམ་པར་བྱའོ། །དྲང་བའི་དོན་ཏོ་ཞེས་པ་ནི་ཏིང་ངེ་འཛིན་གཉིས་འཆད་པར་འདོད་པའི་ཕྱིར་རོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཏོ་ཞེས་སྨྲས་པ་ལ། འཆད་པར་འགྱུར་བའི་ཕྲ་མོའི་རྣལ་འབྱོར་དང་ལྷན་ཅིག་ཏུ་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ད་ནི་ལེའུ་བརྩམ་པ་ནས་བརྩམས་ཏེ་ཚིག་དེ་རྣམས་ཉིད་རྡོ་རྗེ་བཟླས་པ་ལ་སོགས་པ་རྫོགས་པའི་རིམ་པའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར་འོད་ཟེར་ལྔ་པོ་ཞེས་སྨོས་པ་ལ། མེ་ལ་སོགས་པའི་དཀྱིལ་འཁོར་བཞི་པོ་ལས་འབྱུང་བའོ། །སྟེང་གི་སྒོ་ནས་འབྱུང་བ་ཞེས་བྱ་བ་ནི་གདོང་གི་སྣ་ཁུང་གཉིས་ཀྱི་ལམ་ནས་སོ། །ཚོགས་སོ་ཞེས་པ་ནི་ཉིན་མོ་དང་མཚན་མོར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྲོག་དང་རྩོལ་བ་འབྱུང་བའོ། །དཀྱིལ་འཁོར་རེ་རེ་ལ་དཀྱིལ་འཁོར་བཞི་རབ་ཏུ་འབྱུང་ཞིང་ཞེས་པ་ལ་ལྐོག་མའི་གནས་སུ་མེའི་དཀྱིལ་འཁོར་ཡིན་ན་ཡངས་དང་ཆུ་དང་རླུང་གི་ཁམས་ཀྱི་རང་བཞིན་གྱི་ཆ་གསུམ་གྱིས་ཁྱབ་པའོ། །དེ་བཞིན་དུ་སྙིང་ག་ཆུའི་དཀྱིལ་འཁོར་ཡང་ས་དང་མེ་དང་རླུང་གི་དཀྱིལ་འཁོར་གྱི་ཆུས་ཁྱབ་པའོ། །དེ་བཞིན་དུ་ལྟེ་བར་རླུང་གི་དཀྱིལ་འཁོར་ཡངས་དང་ཆུ་དང་མེའི་ཁམས་ཀྱི་ཆས་ཁྱབ་པའོ། །དེ་བཞིན་དུ་གསང་པའི་གནས་སུ་སའི་དཀྱིལ་འཁོར་ཡང་ཆུ་དང་མེ་དང་རླུང་གི་ཁམས་ཀྱི་ཆས་ཁྱབ་པའོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་ཆ་རེ་རེ་ལ་ཉིས་བརྒྱ་དང་ཉི་ཤུ་རྩ་ལྔའི་གྲངས་ཀྱིས་ཆ་བཞི་པོ་ལ་དགུ་བརྒྱར་འགྱུར་རོ། །འཇུག་པ་དང་ལྡང་བ་དང་གནས་པའི་རིམ་པས་དཀྱིལ་འཁོར་གཅིག་ལ་ཉིས་སྟོང་བདུན་བརྒྱར་འགྱུར་རོ། །ཆུ་དང་རླུང་དང་སའི་དཀྱིལ་འཁོར་རྣམས་སུ་ཡང་ཉིས་སྟོང་བདུན་བརྒྱ་དང་ཉིས་སྟོང་བདུན་བརྒྱའི་གྲངས་ཀྱིས་སྟོང་ཕྲག་བཅུ་དང་བརྒྱད་བརྒྱར་འགྱུར་རོ། །དེ་བཞིན་དུ་མཚན་མོར་ཡང་སྟོང་ཕྲག་བཅུ་དང་བརྒྱད་འགྱུར་རོ། །གཅིག་ཏུ་བསྡུས་ཏེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་བཞི་པོ་ལ་འཇུག་པ་ལ་སོགས་པའི་རིམ་གྱིས་ཉིན་མོར་རྒྱུ་བ་བཅུ་གཉིས་དང་མཚན་མོར་རྒྱུ་བ་བཅུ་གཉིས་


DTG032_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གཅིག་ཏུ་བསྡུས་ནས་ཉི་ཤུ་རྩ་བཞིར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་བཞི་པོ་ལ་འཇུག་པ་ལ་སོགས་པའི་རིམ་གྱིས་དགོངས་པ་ལུང་བསྟན་པའི་བཤད་པའི་རྒྱུད་ལས་ཀྱང༌། གོས་དཀར་མོ་ལ་སོགས་པར་བཤད། །བརྒྱ་ཕྲག་གཉིས་དང་ཉེ་ཤུ་ལྔ། །བཞི་པོ་ལེགས་པར་བསྒྲེས་པས་ནི། །སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་པ་ཡིས། །ལེགས་པར་བསྡུས་ཏེ་དེ་དག་ནི། །ཉི་ཁྲི་ཚིག་སྟོང་དྲུག་བརྒྱར་འགྱུར། །ཞེས་འབྱུང་ངོ༌། །དཀར་པོ་ལ་སོགས་པ་ཁ་དོག་རྣམས་ཀྱིས་ཕྱེ་བས་ན་བཀོད་པ་སྟེ་ཞེས་པ་ནི། འདིར་དཀྱིལ་འཁོར་རེ་རེ་གལ་ཏེ་རིགས་དང་རྗེས་སུ་མཐུན་པས་ཁ་དོག་དམར་པོ་ལ་སོགས་པ་དང་ལྡན་པ་ཡིན་ན་ཡང་དེ་བཞིན་དུ་ཁ་དོག་ལྔའི་འོད་ཟེར་གྱི་ཚོགས་དང་ལྡན་པ་དེ་དག་ཤེས་པར་བྱའོ། །གཡས་པ་ལས་བྱུང་འོད་ཟེར་ནི། །དེ་ཉིད་མེ་ཡི་དཀྱིལ་འཁོར་ཏེ། །ཁ་དོག་དམར་པོ་དེ་གསལ་བས། །དེར་ནི་པདྨའི་མགོན་པོ་ལྷ། །གཡོན་པ་ལས་བྱུང་འོད་ཟེར་ནི། །རླུང་གི་དཀྱིལ་འཁོར་ཞེས་བྱ་བའི། །ལྗང་སེར་ཁ་དོག་དང་མཚུངས་པའི། །དེར་ནི་ལས་ཀྱི་མགོན་པོ་ལྷ། །གཉི་ག་ལས་བྱུང་འོད་ཟེར་ནི། །ཁ་དོག་སེར་པོ་འོད་ཆེན་པོ། །དབང་ཆེན་དཀྱིལ་འཁོར་དེ་ཉིད་དེ། །དེར་ནི་རིན་ཆེན་མགོན་པོ་ལྷ། །དལ་བུས་དམན་པར་རྒྱུ་བ་ནི། །དཀར་བ་ཀུན་ད་ཟླ་བ་མཚུངས། །དེ་ཉིད་ཆུ་ཡི་དཀྱིལ་འཁོར་ཏེ། །དེར་ནི་རྡོ་རྗེ་མགོན་པོ་ལྷ། །རླུང་ནི་ལུས་ཀུན་རྗེས་འགྲོ་བའི། །བྱ་བ་ཀུན་ལ་རབ་འཇུག་པ། །རྣམ་པར་སྣང་མཛད་རང་བཞིན་ཏེ། །འཆི་བའི་ལུས་ལས་འབྱུང་བར་འགྱུར། །ཞེས་འབྱུང་ངོ༌། །ཏིང་ངེ་འཛིན་ལ་ཡང་དག་པར་དམིགས་པའོ་ཞེས་པ་ནི་རྡོ་རྗེ་བཟླས་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་ལ་དམིགས་ནས་སོ། །རྡོ་རྗེ་ཡི་གེ་གསུམ་མོ་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ས་བོན་ཡིན་པའི་ཕྱིར་རོ། །དེའི་བཀོད་པ་ནི་ཚོགས་ཏེ་ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་སེམས་ཅན་རྣམས་ཀྱི་བསམ་པ་དང་བག་ཆགས་དང་བག་ལ་ཉལ་དང་རིགས་ཀྱི་དབྱེ་བས་སྔགས་ཀྱི་དབྱེ་བ་བདུན་ཁྲི་ཉིས་སྟོང་གསུངས་སོ། །དེ་དག་ཐམས་ཅད་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་ཡི་གེ་གསུམ་ལ་བསྡུ་བར་འགྱུར་ཏེ། །དེ་ལ་འབྱུང་བའི་རིམ་པ་ནི་ལྟེ་བའི་ཕྱོགས་ནས་སྲོག་ཅེས་བྱ་བའི་


DTG032_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གི་གནས་བརྒྱད་ལ་རེག་པས་ཡི་གེ་རྣམས་འབྱུང་ངོ༌། །དེ་རྣམས་ཀྱིས་ཚིག་དང་དེས་ཀྱང་ངག་ཆེན་པོ་སྐྱེ་བར་འགྱུར་རོ། །དེ་རྣམས་ཀྱིས་ཀྱང་བྱ་བ་དང་བྱེད་པ་པོ་དང་རྟགས་དང་བསྡུ་བ་དང་བདག་གི་ཚིག་དང་གཞན་གྱི་ཚིག་དང་བྱེད་པ་དང་དེ་ལ་ཕན་པ་དང་ཀུན་དུ་བཤད་པ་དང་ཚིག་ཕྲད་དང་ཉེ་བར་བསྒྱུར་བ་དང་ལས་རབ་ཏུ་བརྗོད་པ་ལ་སོགས་པའི་དབྱེ་བས་རོལ་མོ་དང་ཚིག་ལྷུག་པ་ལ་སོགས་པ་དང༌། །བྱ་བ་དང་སྤྱོད་པ་ལ་སོགས་པའི་དབྱེ་བས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འབྱུང་བར་འགྱུར་རོ། །དེ་ལྟར་ངག་གི་སྤྲོས་པ་ཐམས་ཅད་ཀྱི་ཡི་གེ་ཕྱི་མོ་གཅིག་པུ་ཉིད་རྩ་བ་ཡིན་ཏེ། དེ་ལ་སྡེ་ཚན་བརྒྱད་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་རང་བཞིན་ནོ། །དབྱངས་ཀྱི་སྡེ་ཚན་གཅིག་དང་ཀ་ལ་སོགས་པ་དུ་མའི་བར་དུ་རེག་པའི་སྡེ་ཚན་ལྔ་དང༌། མཐར་གནས་པ་དང་དྲོད་ཀྱི་སྡེ་ཚན་གཉིས་སོ། །དེ་རྣམས་ཀྱང་ཨ་ལ་སོགས་པ་དང་པོའི་ཡི་གེ་རྣམས་ལ་བསྡུ་བར་འགྱུར་རོ། །དེ་རྣམས་ཀྱང་ཨ་ཀ་ཡ་ཤའི་ཡི་གེ་བཞི་པོ་ལ་ཐིམ་པར་འགྱུར་ཏེ། ཁམས་བཞིའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡི་གེ་བཞི་པོ་ཡང་ཨ་ཀ་ཡ་ཡི་གེ་གསུམ་ལ་ཐིམ་པར་གྱུར་ཏོ། །དེ་རྣམས་ལས་ཤེས་རབ་ཀྱི་རང་བཞིན་ཡི་གེ་ཨ་ཡོངས་སུ་གྱུར་པ་འོད་དཔག་ཏུ་མེད་པའི་རང་བཞིན་གྱི་ཡི་གེ་ཨ་འགྱུར་ཏེ། དབྱངས་ཀྱི་སྡེ་ཚན་ནི་མོ་རྟགས་ཡིན་པས་སོ། །ཐབས་ཀྱི་རང་བཞིན་ཡི་གེ་ཀ་ཡོངས་སུ་གྱུར་པ་ལས་ཧཱུཾ་བྱུང་བར་གྱུར་ཏེ། དེ་ནི་ཕོ་རྟགས་ཡིན་པའི་ཕྱིར་རོ། །གཉིས་ཀའི་རང་བཞིན་གྱི་ཡི་གེ་ཡ་ཡོངས་སུ་གྱུར་པ་ལས་ཡི་གེ་ཨོཾ་བྱུང་བར་གྱུར་ཏེ། དེ་ནི་མ་ནིང་གི་རྟགས་ཡིན་པའི་ཕྱིར་རོ། །དེ་ལྟར་ཡི་གེ་ཨོཾ་ཨཱཿཧཱུཾ་ཡི་གེ་གསུམ་པོ་ནི་སྐུ་གསུང་ཐུགས་ལ་སོགས་པའི་རང་བཞིན་དུ་ཤེས་པར་བྱའོ། །དགོངས་པ་ལུང་བསྟན་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང༌། །དང་པོ་གཅིག་ནི་དགུ་དབུས་ན། །གང་ཞིག་བཅུ་ཡིས་མ་བཅིངས་པ།། དེ་ནི་བཅིངས་མེད་ཅེས་བྱ་སྟེ། །དེ་ཡིས་མཆོག་གི་གནས་ཤེས་སོ། །དབྱངས་དང་གསལ་བྱེད་ཡི་གེ་སྟེ། །གྲངས་དགུ་རུ་ནི་རྗེས་འཇུག་པ། །ཨས་བཅིངས་ཕན་ཚུན་ཡང་དག་སྦྱོར། །གང་གིས་ཤེས་ཏེ་འགྲོ་བའི་བླ། །འབྱུང་བའི་མཐའ་དང་ཡང་དག་ལྡན། །ཚ་ལ་སོགས་པ་བཅུ་


DTG032_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གནས། །ལྔ་པ་ལྔ་དང་ཡང་དག་ལྡན། །བཞི་ནི་གསུམ་དུ་ངེས་པར་སྦྱར། །ཡི་གེ་ཨོཾ་བཅས་རིང་བོར་བཅས། །ཡོན་ཏན་སྦྱོར་སོགས་ཕྱིས་དང་མཚུངས། །ཐུང་དུ་མ་ལུས་དག་ཏུ་འགྱུར། །གཅིག་མིན་དུ་མའང་མ་ཡིན་ནོ། །དྲུག་བཤད་བཞི་དང་གསུམ་གཅིག་དང༌། །ངོ་བོ་ཉིད་མེད་རང་བཞིན་ཅན། །དེ་དག་དང་པོའི་དོན་སྦྱར་ནས། །དུས་གསུམ་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །ཡི་གེ་གསུམ་པོ་དེ་དག་འཇུག་པ་ལ་སོགས་པའི་རིམ་གྱིས་ཉིན་མཚན་ཏུ་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱའི་རླུང་རྣམས་རྒྱུའོ། །དེ་ཉིད་ཡན་ལག་མ་ཉམས་པའི་བཟླས་པས་ངག་རྣམ་པར་དག་པ་བྱེད་དེ། །དེ་ཉིད་ཆ་ཤས་སུ་ཐིམ་པས་མ་ནིང་གི་བཟླས་པའི་མཐར་འོད་གསལ་བ་ཉིད་ཐོབ་པར་བྱེད་དོ། །དེ་ཉིད་ཁྲོ་བོའི་བཟླས་པའི་དུས་སུ་བཟླས་པར་གྱུར་པས་ཞི་བ་ལ་སོགས་པའི་ལས་བྱེད་པར་འགྱུར་རོ། །དེ་ཉིད་ཀྱིས་ཀྱང་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་རྡོ་རྗེ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ལྷའི་སྐུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཉིད་ཀྱིས་ཀྱང་དེ་བཞིན་གཤེགས་པའི་ཐུགས་བསྐུལ་བའི་སྒོ་ནས་དེ་རྣམས་ཀྱི་ནུས་པ་འགུགས་པར་བྱེད་དོ།། དེ་ཉིད་གྱེན་དུ་རྒྱུ་བས་སྔགས་ཐམས་ཅད་ཀྱི་རྒྱུར་གྱུར་པའི་ཨཱ་ལི་དང་ཀཱ་ལིའི་ཚུལ་དུ་རྣམ་པར་འཇུག་གོ །དེ་ཉིད་ཐབས་དང་ཤེས་རབ་ཀྱི་སྙོམས་པར་ཞུགས་པས་ཐུར་དུ་རྒྱུ་བ་ཅན་ཁུ་བ་དང་ཁྲག་དང་ཆུའི་ངོ་བོ་ཉིད་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་མི་བསྐྱོད་པའི་གཟུགས་སུ་རྗེས་སུ་འཇུག་གོ །དེ་ཉིད་ཆོས་འབྱུང་བའི་ནང་དུ་སྤྲོས་པས་བུ་དང་ཚ་བོ་ལ་སོགས་པའི་ཚུལ་དུ་ཁམས་གསུམ་པ་དང་དེའི་རྣམ་པར་དག་པའི་ངོ་བོ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ཡང་སྐྱེད་པར་བྱེད་དོ། །མཐའ་མར་འོད་གསལ་བ་ལ་ཞུགས་ནས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་དོ། །དེའི་ཕྱིར་ཁམས་གསུམ་ཁྱབ་པར་བྱེད་པ་ལ་ལོངས་སྤྱོད་དང་གྲོལ་བའི་འབྲས་བུ་སྟེར་བ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་གསུམ་གྱི་བདག་ཉིད་ཡི་གེ་གསུམ་པོ་ཁོ་ན་སྔགས་ཐམས་ཅད་ཀྱི་ཚུལ་དུ་གྲགས་པས་ཚོགས་ཞེས་བཤད་དོ། །དེ་བས་ན་སྔགས་པ་ཏུ་བ་ལ་སོགས་པ་


DTG032_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་གོང་དུ་བཤད་པ་གང་ཡིན་པ་དེ་དག་ཡི་གེ་གསུམ་པོ་ཁོ་ན་ལ་བརྟེན་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཇི་སྐད་དུ། བརྗོད་དང་དམིགས་པར་གྲགས་པ་དང༌། །བརྡར་གྱུར་དང་ནི་དོན་དམ་མོ། །ཚིག་གི་བརྗོད་པ་ཐུན་མོང་སྟེ། །དམིགས་པར་བཅས་པ་སངས་རྒྱས་ཉིད། །སྔགས་ཀྱི་དེ་ཉིད་བརྡ་རུ་བཤད། །དོན་དམ་དེ་བཞིན་ཉིད་ཡིན་ནོ། །ཞེས་འབྱུང་ངོ༌། །གཏན་ཚིགས་བཤད་པར་བྱ་བའི་ཕྱིར་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨ་ལ་སོགས་པའི་ཕྲེང་བ་ནི་ཨཱ་ལིའོ། །ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཟླ་བའི་ཆའི་ངོ་བོ་ཉིད་གང་ཡིན་པ་དེ་རྣམས་ཀྱི་རྩ་བ་ནི་ཨ་ཉིད་དོ། །ཇི་སྐད་དུ། སྙིང་གི་དཀྱིལ་ནི་མི་ཤིགས་པའི། །འབར་བའི་མར་མེ་ལྟ་བུ་ནི། །ཡི་གེ་དམ་པ་ཕྲ་བ་ནི། །ཨ་ཡིག་གསལ་བའི་གཙོ་བོར་གནས། །ཞེས་འབྱུང་ངོ༌། །དབྱངས་ཡིག་གི་ཕྲེང་བ་དེ་ཉིད་ཐབས་དང་ཤེས་རབ་ཉིས་འགྱུར་དུ་བྱས་ཏེ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་ཉིད་དུ་འགྱུར་རོ། །དེ་ཉིད་ཚེག་དྲག་དང་རྗེས་སུ་འཇུག་པའི་དབྱངས་དང་ལྕེའི་རྩ་བའི་ཡི་གེ་དང་བུང་བའི་ཡི་གེ་དང་རྗེས་སུ་དབྱངས་དང་བཅས་པའི་མཐར་གནས་པའི་ཡི་གེ་གསུམ་དང་བཅས་པར་གསལ་བྱ་སུམ་ཅུ་རྩ་གསུམ་ཉིས་འགྱུར་གྱིས་དཔེ་བྱད་བརྒྱད་ཅུའི་རང་བཞིན་དུ་འགྱུར་རོ། །དེ་ཉིད་ཐུང་དུ་ལྔའི་བདག་ཉིད་ཀྱིས་ཕུང་པོ་ལྔའི་ངོ་བོ་ཉིད་ཡེ་ཤེས་ལྔའི་མཚན་ཉིད་ཅན་ཐབས་ཀྱི་རང་བཞིན་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་འགྱུར་རོ། །དེ་ཉིད་རིང་པོ་ལྔ་དང་འབྲེལ་པའི་ཡི་གེ་བཞིའི་ཚུལ་གྱིས་ཤེས་རབ་ཀྱི་རང་བཞིན་གྱི་སངས་རྒྱས་སྤྱན་མ་ལ་སོགས་པའི་ཡུམ་བཞི་དང་གཟུགས་རྡོ་རྗེ་མ་ལ་སོགས་པ་མཆོད་པའི་ལྷ་མོ་ལྔར་ཤེས་པར་བྱའོ། །མ་ནིང་གི་ཡི་གེ་བཞི་ཡོངས་སུ་སྤངས་ནས་དབྱངས་བཅུ་གཉིས་ཀྱི་ཚུལ་དུ་ཕྱི་དང་ནང་གི་སྐྱེ་མཆེད་ཀྱི་རང་བཞིན་དུ་འགྱུར་རོ། །ཐུང་བ་དང་རིང་བ་གཉིས་ཀྱི་ཚུལ་དུ་འབྲེལ་བའི་ཡི་གེ་བཞི་དང་ལྷན་ཅིག་སྤྱན་མ་ལ་སོགས་པས་འཁྱུད་པ་དེ་བཞིན་གཤེགས་པ་ལྔ་དང་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཞི་སྟེ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་ཉིད་དུ་འགྱུར་རོ། །དེ་ཉིད་ཀ་ལ་སོགས་པའི་ཡི་གེ་ལྔ་ལྔ་


DTG032_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡེ་ཚན་ལྔའི་རང་བཞིན་གྱི་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་ལྔ་མཐར་གནས་པ་དང་དྲོད་ཀྱི་ཡི་གེ་དང་ཚེག་དྲག་དང་རྗེས་སུ་འཇུག་པའི་དབྱངས་དང་ལྷན་ཅིག་ཏུ་ཁྲོ་བོའི་རྒྱལ་པོ་བཅུས་བསྐོར་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཉིད་དུ་འགྱུར་རོ། །དེ་ནི་ཐུང་བ་དང་རིང་བ་དང་འཕར་བའི་དབྱེ་བས་རྣམ་པ་བཅོ་བརྒྱད་ཀྱི་ཚུལ་གྱིས་ཁམས་བཅོ་བརྒྱད་ཀྱི་ངོ་བོ་ཉིད་དུ་འགྱུར་རོ། །དེ་ལ་ཐུང་བ་དང་རིང་བ་དང་འཕར་བ་སྟེ་རེ་རེ་ལ་རྗེས་སུ་འཇུག་པའི་དབྱངས་དང་བཅས་པ་དང་རྗེས་སུ་འཇུག་པའི་དབྱངས་མེད་པ་དང་མཐོ་བ་དང་དམའ་བ་དང་བར་མའོ། །ཇི་སྐད་དུ། ཐུང་དང་རིང་དང་འཕར་མ་དང༌། །དབྱངས་ནི་གསུམ་པོ་དང་སྦྱར་དང༌། །སྣ་རྗེས་འགྲོ་བའི་མེད་པ་ཡིས། །གྲངས་སུ་རྣམ་པ་བཅོ་བརྒྱད་ཡིན། །ཞེས་འབྱུང་ངོ༌། །དེ་ལྟར་གྱུར་པའི་ཡི་གེ་ཨའི་འབྲེལ་བ་དང་ལྡན་པའི་ཕྲེང་བ་ནི་ཨཱ་ལི་ཞེས་བྱའོ། །དེ་བཞིན་དུ་ཀའི་འབྲེལ་བ་དང་ལྡན་པའི་ཕྲེང་བ་ནི་ཀཱ་ལི་ཞེས་བྱའོ། །ཨཱ་ལི་དང་ཀཱ་ལི་དེ་དག་ཡི་གེ་བཞི་བཅུ་རྩ་དགུའི་ཡི་གེ་ནི་ཕྱི་མོའི་རང་བཞིན་ནོ། །མ་ནིང་ལ་སོགས་པའི་གཟུགས་ཅན་རྣམས་ནི་ཞེས་པ་ནི་དེ་ལ་བུད་མེད་ཀྱི་རང་བཞིན་ནི་ཡི་གེ་ཨ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཕོ་རྟགས་ཀྱི་རང་བཞིན་ནི་ཀ་ལ་སོགས་པ་སྟེ། ཐབས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །གཉིས་ཀ་དང་སྙོམས་པར་ཞུགས་པའི་རང་བཞིན་ཡ་ལ་སོགས་པ་སྟེ་མ་ནིང་གི་རྟགས་ཀྱི་ངོ་བོར་ཤེས་པར་བྱའོ། །ཡི་གེ་གསུམ་དུ་ཞུགས་པས་མོ་རྟགས་ལ་སོགས་པའི་རང་བཞིན་གྱི་ཨ་ལ་སོགས་པ་དེ་རྣམས་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱི་ཡི་གེ་གསུམ་ལ་བསྡུས་པའི་ཕྱིར་རོ། །ད་ནི་འདི་ལྟར་དཔྱད་པར་བྱ་སྟེ། མོ་རྟགས་དང་ཕོ་རྟགས་དང་མ་ནིང་གི་རྟགས་ནི་ཇི་ལྟ་བུ་ཡིན་ཞེ་ན། དེ་ལ་ཁ་ཅིག་ན་རེ། ནུ་མ་སྐྲ་ཅན་བུད་མེད་ཡིན། ཁ་སྤུ་དང་ལྡན་སྐྱེས་པར་བཤད། །གང་ཞིག་གཉིས་ཀ་ལས་འདས་པའི། །དེ་ནི་མ་ནིང་བཤད་པ་ཡིན། ཞེས་ཟེར་རོ། །དེ་ཡང་མི་རིགས་ཏེ། གལ་ཏེ་ནུ་མ་དང་སྐྲ་ཅན་མོ་རྟགས་ཡིན་ན། དེའི་ཚེ་ཕྲེང་བ་དང་ཉལ་ཁྲི་ལ་སོགས་པ་དག་མོ་རྟགས་སུ་མི་འགྱུར་ཏེ། དེ་རྣམས་ནུ་མ་དང་སྐར་མི་ལྡན་པའི་ཕྱིར་རོ། །འབྲེག་པའི་སྐྲ་དང་ལྡན་པའི་ས་ཕྱོགས་དག་ཀྱང་མོ་རྟགས་སུ་འགྱུར་རོ། །སྦྱར་བའི་ནུ་མ་


DTG032_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྲའི་ཆ་ལུགས་འཛིན་པའི་གར་མཁན་སྐྱེས་པ་ཡང་མོ་རྟགས་ཉིད་དུ་ཐལ་བར་འགྱུར་རོ། །དེ་བཞིན་དུ། ཁ་སྤུ་དང་ལྡན་པ་ཕོ་རྟགས་ཡིན་ན་སྒོག་པ་ལ་སོགས་པ་ཡང་དེ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་རྣམས་ནི་སྒྲའི་གཟུགས་ལ་ལྟོས་པས་མ་ནིང་གི་རྟགས་ཡིན་པའི་ཕྱིར་རོ། །གནས་ལ་སོགས་པ་གནས་པའི་རྣལ་འབྱོར་མ་རྣམས་ཁ་སྤུ་དང་ལྡན་པས་ཕོ་རྟགས་སུ་འགྱུར་བ་དང༌། སྐྱེས་པ་ཁ་ཅིག་ཁ་སྤུ་དང་མི་ལྡན་པས་མོ་རྟགས་སུ་ཐལ་བར་འགྱུར་རོ། །དེ་ཡང་མི་འཐད་དེ། གཉིས་ཀའི་རང་བཞིན་གྱི་རྟགས་མ་ནིང་ཡིན་ནས་ལ་སོགས་པ་རྣམས་ཀྱང་མ་ནིང་ཉིད་དུ་ཐལ་བར་འགྱུར་རོ། །དེ་ཡང་མི་འཐད་དེ། དེ་རྣམས་མོ་རྟགས་ཡིན་པའི་ཕྱིར་རོ། །གཞན་ན་རེ་འཕེལ་བ་དང་འགྲིབ་པ་དང༌། བར་མ་ནི་ཕོ་རྟགས་ལ་སོགས་པའི་མཚན་ཉིད་ཡིན་ནོ་ཞེས་ཟེར་རོ། །དེ་ལ་འཕེལ་བ་ནི་ནུས་པ་དང་པོ་དང་ལྡན་པའོ། །འགྲིབ་པ་ནི་ནུས་པ་ཆུང་བ་དང་ལྡན་པའོ། །བར་མ་ནི་ནུས་པ་བར་མ་དང་ལྡན་པའོ་ཞེ་ན། དེ་ཡང་མ་ཡིན་ཏེ། གང་གི་ཕྱིར་གལ་ཏེ་འགྲིབ་པ་ནི་མོ་རྟགས་ཀྱི་མཚན་ཉིད་ཡིན་ན་དེའི་ཚེ་བུ་མོ་སྐྱེ་ན་དེའི་ཚེ་ནུས་པ་འཕེལ་བས་ཕོ་རྟགས་སུ་ཐལ་བར་འགྱུར་རོ། །དེ་ཡང་མི་འཐད་དེ། དེ་བཞིན་དུ་འཕེལ་བ་ཞེས་བྱ་བ་ཕོ་རྟགས་ཀྱི་མཚན་ཉིད་ཡིན་ན་དེའི་ཚེ་སྐྱེས་བུ་རྒས་པས་དེའི་ནུས་པ་འགྲིབ་པར་འགྱུར་ན་མོ་རྟགས་སུ་ཐལ་བར་འགྱུར་རོ། །དེ་ཡང་མི་འཐད་དེ། སྐྱེས་པ་དང་མ་བྲལ་བའི་ཕྱིར་རོ། །ནུས་པ་བར་མ་མ་ནིང་གི་རྟགས་ཀྱི་མཚན་ཉིད་ཡིན་ན་དེའི་ཚེ་སྐྱེས་པའམ་བུད་མེད་ནུས་པ་བར་མ་དང་ལྡན་པས་མ་ནིང་ཉིད་དུ་ཐལ་བར་འགྱུར་རོ། །དེ་བས་ན་མཚན་ཉིད་དེ་དག་ནི་མ་ངེས་པ་ཡིན་ནོ། །ཁ་ཅིག་ན་རེ་སྐད་རགས་པ་ལ་སོགས་པ་ཕོ་རྟགས་ཀྱི་མཚན་ཉིད་ཡིན་ལ། །སྐད་ཕྲ་བ་ལ་སོགས་པ་ནི་མོ་རྟགས་ཀྱི་མཚན་ཉིད་ཡིན་ནོ། །དེ་དག་མེད་ན་ནི་མ་ནིང་གི་མཚན་ཉིད་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། གལ་ཏེ་སྐད་རགས་པ་ལ་སོགས་པ་ཕོ་རྟགས་ཀྱི་མཚན་ཉིད་ཡིན་ན། དེའི་ཚེ་མཛེས་ཟིན་པའི་སྐྱེས་པ་རྣམས་སྐད་ཕྲ་བ་ཡིན་པས་མོ་རྟགས་སུ་ཐལ་བར་འགྱུར་བ་དང༌། དབྱངས་རགས་པའི་མོ་རྣམས་ཀྱང་ཕོ་རྟགས་སུ་ཐལ་བར་འགྱུར་རོ། །གཉིས་ཀ་མེད་པ་མ་ནིང་ཡིན་ན་ཕྲེང་བ་དང་ཉལ་


DTG032_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ལ་སོགས་པ་མ་ནིང་དུ་ཐལ་བར་འགྱུར་རོ། །དེ་ཡང་མི་འཐད་དེ། དེ་རྣམས་མོ་རྟགས་ཡིན་པའི་ཕྱིར་རོ། །སྐད་རགས་པ་དང་ལྡན་པའི་རྫ་རྔ་ལ་སོགས་པ་ཡང་ཕོ་རྟགས་སུ་ཐལ་བར་འགྱུར་རོ། །དེ་ཡང་མི་འཐད་དེ། མ་ནིང་ཡིན་པས་སོ། །དེ་བས་ན་མཚན་ཉིད་དེ་ཡང་མ་ངེས་པའོ། །བུ་ཆུང་ཆགས་པ་ལ་སོགས་པ་ཡང་མོ་རྟགས་ཀྱི་མཚན་ཉིད་དུ་མི་རིགས་ཏེ། མོ་བཤམ་ལ་དེ་མེད་པས་སྐྱེས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཤེས་རབ་དང་ལྡན་པ་ཕོ་རྟགས་ཀྱི་མཚན་ཉིད་དུ་མི་རིགས་ཏེ། དེ་དང་ལྡན་པའི་མོ་རྣམས་ཀྱང་སྐྱེས་པ་ཉིད་དུ་ཐལ་བར་འགྱུར་རོ། །ཆགས་པའི་ཆ་ཆེ་བ་དང་ཆུང་བས་མོ་རྟགས་དང་ཕོ་རྟགས་ཡིན་ན་དེའི་ཆགས་པ་ཆེ་བའི་སྐྱེས་པ་ཡང་མོ་རྟགས་ཉིད་དུ་ཐལ་བར་འགྱུར་བ་དང༌། ཆགས་པ་ཆུང་བའི་བུད་མེད་ཀྱང་སྐྱེས་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་བས་ན་མཚན་ཉིད་དེ་ཡང་མ་ངེས་པའོ། །ཕོའི་དབང་པོ་དང་མོའི་དབང་པོ་དང་ལྡན་པ་ཡང་ཕོ་རྟགས་དང་མོ་རྟགས་ཀྱི་མཚན་ཉིད་དང་ལྡན་པ་མ་ཡིན་ཏེ། །ནང་དུ་ཆུད་པས་ཕོའི་དབང་པོ་མི་མངོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མོ་རྟགས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །མོའི་དབང་པོ་དང་ལྡན་པ་ཡང་མོ་རྟགས་མ་ཡིན་ཏེ། མ་ནིང་ལ་དེ་ཡོད་པའི་ཕྱིར་རོ། །དེ་བས་ན་མཚན་ཉིད་དེ་ཡང་མ་ངེས་སོ། །རྟགས་ནི་ཁྱད་པར་མེད་པ་སྟེ། །འཇིག་རྟེན་ལ་བརྟེན་པའི་ཕྱིར་རོ་ཞེས་བྱ་བར་བརྡ་སྤྲོད་པ་རྣམས་ཀྱིས་སྨྲ་བ་དེ་ནི་མ་ཡིན་ཏེ། གལ་ཏེ་འཇིག་རྟེན་ལ་བརྟེན་པའི་རྟགས་ཡིན་ན། དེའི་ཚེ་དངོས་པོ་ཐམས་ཅད་ནི་རྟགས་ཐམས་ཅན་དང་ལྡན་པར་ཐལ་བར་འགྱུར་ཏེ། འགྲམ་དང་ཁང་པ་ལ་སོགས་པའི་སྒྲ་བཞིན་ནོ། །དེ་བས་ན་ཕོ་རྟགས་ལ་སོགས་པའི་མཚན་ཉིད་ནི་རིགས་པས་གྲུབ་པ་མ་ཡིན་ནོ། །འདིར་སྨྲས་པ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་དང་གཉིས་ཀ་དང་བྲལ་བ་ནི་ཕོ་རྟགས་དང་མོ་རྟགས་དང་མ་ནིང་གི་རྟགས་ཡིན་ཏེ། གང་གི་ཕྱིར་སྙོམས་པར་ཞུགས་པའི་དུས་སུ་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བ་ཆེན་པོས་གང་གིས་ཁྱབ་པར་བྱེད་པ་ནི་སེམས་ཀྱི་རྒྱུད་དེའི་རང་བཞིན་དུ་བྱེད་པ་ཁྱབ་པར་བྱེད་པ་དེ་ནི་མོ་རྟགས་ཡིན་ནོ། །བདེ་བ་ཆེན་པོས་ཁྱབ་པར་བྱ་བ་ནི་ཕོ་རྟགས་ཡིན་ནོ། །བདེ་བ་ཆེན་པོས་ཁྱབ་པ་དང་ཁྱབ་པར་བྱེད་པ་མེད་པས་


DTG032_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་དང་བྲལ་བ་ནི་མ་ནིང་གི་རྟགས་ཡིན་ཏེ། སྣོད་ཀྱི་འཇིག་རྟེན་ནོ། །སྣོད་ཀྱི་འཇིག་རྟེན་གྱི་དངོས་པོ་རྣམས་ལ་མོ་རྟགས་ལ་སོགས་པ་གང་ཡོད་པ་དེ་ནི་བརྟགས་པ་བ་ཡིན་ཏེ། དོན་དམ་པར་དེ་མེད་པའི་ཕྱིར་རོ། །དེ་བཞིན་དུ་དབྱངས་ཀྱི་སྡེ་ཚན་ཟླ་བའི་ཆ་བཅུ་དྲུག་གི་རང་བཞིན་གྱིས་གསལ་བྱའི་སྡེ་ཚན་ཁྱབ་པར་བྱེད་པས་ནི་ཚིམ་པར་བྱེད་པ་ཤེས་རབ་ཀྱི་རང་བཞིན་ནི་ཨཱ་ལི་སྟེ་མོ་རྟགས་སོ། །ཁྱབ་པར་བྱ་བ་ནི་དེ་རྣམས་ཀྱིས་བརྗོད་པར་བྱ་བ་དེ་ནི་ཀཱ་ལི་སྟེ་ཐབས་ཀྱི་རང་བཞིན་གྱི་ཕོ་རྟགས་ཡིན་ནོ། །ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་གཉིས་ཀའི་རང་བཞིན་ནི་ཡ་ལ་སོགས་པའི་སྡེ་ཚན་ཏེ་མ་ནིང་གི་རྟགས་སོ། །དེ་ཉིད་ཀྱི་ཕྱིར་མོ་རྟགས་ཀྱི་རང་བཞིན་དབྱངས་ཀྱི་སྡེ་ཚན་གྱི་ཐོག་མ་དང་ཐ་མའི་ཡི་གེ་གཉིས་ཡང་དག་པར་སྦྱར་ནས་ཤེས་རབ་ཀྱི་རང་བཞིན་གྱི་ཡི་གེ་ཨ་རུ་འགྱུར་རོ། །ཡི་གེ་ཀ་ལ་སོགས་པ་ཡང་དག་པར་སྦྱོར་བས་ཐབས་ཀྱི་རང་བཞིན་ནི་ཡི་གེ་ཧཱུཾ་སྟེ་ཕོ་རྟགས་ཡིན་ནོ། །ཡ་ལ་སོགས་པ་སྡེ་ཚན་ཡོངས་སུ་གྱུར་པ་ལས་ཡི་གེ་ཨོཾ་དུ་འགྱུར་རོ། །དེ་ལ་ཨ་ཨུ་མ་ཞེས་ཡང་དག་པར་སྦྱོར་བས་ཨོཾ་དུ་འགྱུར་རོ། །ཡི་གེ་ཨ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །ཡི་གེ་མ་ནི་ཐབས་ཀྱི་རང་བཞིན་ཏེ། །གསལ་བྱ་ཡིན་པའི་ཕྱིར་རོ། །ཡི་གེ་ཨོཾ་ནི་དེ་དང་སྦྱོར་བའི་རང་བཞིན་ཏེ་མ་ནིང་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་དང་ཐབས་གཉིས་ཀ་ཡང་དག་པར་སྦྱོར་བའི་རང་བཞིན་གྱི་མ་ནིང་གི་རྟགས་སོ། །དེ་ལྟར་ཕོ་རྟགས་དང་མོ་རྟགས་གཉིས་ཀའི་རང་བཞིན་ནི་ཨོཾ་ལ་སོགས་པའི་ཡི་གེ་གསུམ་ཡིན་ནོ། །མཉམ་པར་གཞག་ཅིང་ཞེས་པ་ནི་སྐད་ཀྱི་བྱིངས་དོན་དུ་མ་ཡིན་པའི་ཕྱིར་མཉམ་པར་གཞག་པའི་སྒྲ་ནི་བཟླས་པའི་དོན་ལ་འཇུག་པའོ། །དེ་ཉིན་དང་མཚན་དུ་ལྡང་བ་དང་འཇུག་པ་དང༌། གནས་པ་དང་ཞེས་པ་ནི་སྲོག་གི་རླུང་ནང་དུ་ཞུགས་པ་ནི་འཇུག་པའོ། །མེ་དང་མཉམ་པའི་རླུང་བར་དུ་གཞག་པ་ནི་གནས་པའོ། །སྲོག་གི་རླུང་གྱེན་དུ་རྒྱུ་བ་ནི་ལྡང་བ་ཡིན་ནོ། །དེ་བས་ན་རླུང་གི་བྱ་བ་དེ་དག་གསུམ་ནི་འགུགས་པ་དང༌། བཞུགས་སུ་གསོལ་བ་དང༌། གཤེགས་སུ་གསོལ་བའི་རང་བཞིན་དུ་ཤེས་པར་བྱའོ། །གང་གི་ཕྱིར་ཡི་གེ་ཨོཾ་བརྗོད་པའི་


DTG032_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ནང་གི་ཚུལ་དུ་རླུང་འཇུག་པར་འགྱུར་རོ། །ཡི་གེ་ཧཱུཾ་བརྗོད་པའི་དུས་སུ་ཕྱིའི་ཚུལ་དུ་རླུང་འབྱུང་བར་མཚོན་པའོ། །ཡི་གེ་ཨ་བརྗོད་པའི་དུས་སུ་རླུང་ནི་བར་ན་གནས་པ་མཚོན་པར་འགྱུར་ཏེ། རླུང་དང་ཡི་གེ་ཐ་མི་དད་པའི་ཕྱིར་རོ། །དེ་ལ་རླུང་རྒྱུ་བས་ཡི་གེ་རྣམས་འབྱུང་བ་ཡིན་ཏེ། ཡི་གེ་བརྗོད་པའི་དུས་སུ་རླུང་ཉིད་ཀྱིས་རྩོལ་བར་བྱེད་པའི་ཕྱིར་རོ། །དེ་བས་ན་བྱ་བ་དང་བྱེད་པའི་འབྲེལ་བའམ་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པའི་འབྲེལ་པས་རླུང་དང་ཡི་གེ་དབྱེར་མེད་པ་ཡིན་ནོ། །རླུང་གི་ལས་ཀྱི་བདག་ཉིད་ཀྱི་འཇུག་པ་ལ་སོགས་པའི་བྱ་བ་ནི་རླུང་དང་དེའི་བདག་ཉིད་དུ་འཇུག་པས་རླུང་ལས་ཐ་དད་པ་མ་ཡིན་ཏེ། འགྲོ་བ་དང་བསྐུམ་པ་དང་བརྐྱང་བའི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཡི་གེ་ཨོཾ་གྱི་དབུགས་ནི་ནང་དུ་འཇུག་པ་དང༌། ཡི་གེ་ཨའི་སྔགས་ནི་བར་དུ་གནས་པ་དང༌། ཡི་གེ་ཧཱུཾ་གྱི་སྔགས་ནི་ལྡང་བར་གྱུར་པ་སྟེ། རྐན་དང་མཆུ་དག་འབྲེལ་མེད་གསང་སྔགས་བཟླ། །ཞེས་འབྱུང་ངོ༌། །དེར་ནི་འགྲོ་བ་དང་འོང་བ་དང་བར་དུ་གནས་པའི་འཇུག་པ་དང་གནས་པ་དང་ལྡང་བ་དེ་རྣམ་པ་གསུམ་གྱིས་བཟླས་པས་ན་ཞེས་པ་ནི་ཡན་ལག་མ་ཉམས་པའི་བཟླས་པས་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣམ་པ་བཅུ་གཅིག་པའི་རྡོ་རྗེ་བཟླས་པ་ཏིང་ངེ་འཛིན་གང་གིས་བྱེད་པ་དེ་ལ་དེ་སྐད་ཅེས་བཤད་དོ། །ཡན་ལག་མ་ཉམས་པའི་བཟླས་པ་ནི་སྔགས་དང་རླུང་དང་ལྷའི་རྣམ་པར་དག་པའི་ངོ་བོ་ཡེ་ཤེས་གསུམ་དང་ཁམས་གསུམ་དང་རྩ་གསུམ་དང་དེ་ཁོ་ན་ཉིད་གསུམ་དང་རྣམ་པར་ཐར་པའི་སྒོ་གསུམ་དང་སྐུ་གསུང་ཐུགས་དང་སྐུ་གསུམ་དང་རྫས་གསུམ་དང་སྲིད་པ་གསུམ་དང་འཇིག་རྟེན་གསུམ་ལ་སོགས་པ་གཅིག་ཏུ་བྱས་པའི་ཡིད་ལ་བྱེད་པའི་མོས་པས་རྡོ་རྗེ་ཚིག་གིས་སེམས་རྩེ་གཅིག་པ་ཐོབ་པའི་བར་དུ་རྡོ་རྗེ་བཟླས་པ་བྱ་བ་ཡིན་གྱི། ཕྱི་རོལ་གྱི་བཟླས་པ་བརྗོད་པའམ་ཐོས་པ་ངག་གི་བཟླས་པའི་རང་བཞིན་བརྟག་པར་བྱ་བ་མ་ཡིན་ནོ། །རྐན་དང་མཆུ་དང་ལྕེ་སོགས་ཀྱི། །གང་ཞིག་གཡོ་བར་གྱུར་པ་ནི། །དེ་ཉིད་མི་འགྱུར་ག་ལས་ཏེ། །འགྱུར་བ་ཉིད་དུ་གནས་པའི་ཕྱིར། །ཞེས་ཀམ་པ་ལའི་ཞལ་སྔ་ནས་ཀྱིས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། ཡི་གེ་རང་བཞིན་སྔགས་རྣམས་


DTG032_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དེ་ཉིད་ཀྱི་ཕྱིར་མི་འཐད་དེ། །གང་ཕྱིར་རྩྭ་མཆོག་ཙམ་ཉིད་ནི། །འགུགས་པར་བྱེད་པར་མི་ནུས་སོ། །ཞེས་གསུངས་སོ། །རབ་ཏུ་བྱེད་པ་ལས་ཀྱང༌། དེ་ཡི་བརྟུལ་ཞུགས་མ་བཤད་ཅིང༌། །བགྲང་ཕྲེང་མ་ཡིན་འདས་པ་མིན། །འཛིན་དང་སྦྱིན་སྲེག་ལས་རྣམས་ནི། །ཡང་དང་ཡང་དུ་འཇུག་པ་མིན། །ཞེས་འབྱུང་ངོ༌། །རྩ་བའི་རྒྱུད་ལས་ཀྱང༌། །སློང་མོ་ཟ་ཞིང་མི་བཟླ་སྟེ། །མ་བླངས་པ་ལ་འང་ཆགས་མི་བྱ། །ཐབས་དང་ཤེས་རབ་ལ་གནས་པས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །དེ་བཞིན་དུ་དེ་ཉིད་ལས་ཀྱང༌། །དོན་རྟོགས་པ་ཡིས་བཟླས་པ་ནི། །ངོ་བོ་ཉིད་མེད་མཛེས་པ་སྟེ། །དུས་གསུམ་སངས་རྒྱས་རྣམ་དཔྱོད་པས། དེ་ནི་རྡོ་རྗེ་བཟླས་པར་བཤད། ཅེས་གསུངས་སོ། །དེ་ལྟ་བུ་ཏིང་ངེ་འཛིན་ཞེས་པ་ནི་རླུང་གི་དེ་ཁོ་ན་ཉིད་དང་སྔགས་ཀྱི་དེ་ཁོ་ན་ཉིད་རྗེས་སུ་རྟོགས་པ་སྔོན་དུ་འགྲོ་བར་རྡོ་རྗེ་བཟླས་པའི་མཚན་ཉིད་ཅན་གྱི་སེམས་རྩེ་གཅིག་པ་ཉིད་དོ། །གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་ཞེས་པ་ལ། བརྗོད་པར་བྱ་བའི་སྒོ་ནས་ལེའུ་གང་དུ་ཡོད་པ་ཞེས་ཚིག་གི་དོན་ཏོ། །དོན་འདི་ཉིད་ནི་ཞེས་པ་ནི་གཙོ་བོར་གྱུར་པའི་དང་པོ་རྡོ་རྗེ་བཟླས་པ་དང༌། དེའི་འོག་ཏུ་སེམས་རྣམ་པར་དག་པ་ལ་སོགས་པའི་རིམ་པ་གཞན་རྣམས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ །ཨོཾ་ནི་དང་པོ་གཅིག་དང་ལྡན་པ་ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། དེའི་ཡི་གེ་འབྲུ་ཡིན་པའི་ཕྱིར་རོ། །ཤཱུ་ནྱ་ཏཱ་ནི་གཉིས་པ་སྟེ་ཞེས་པ་ནི་ནམ་མཁའི་དབྱིངས་ནི་སྟོང་པ་ཉིད་དེ་དེའི་རང་བཞིན་ནི་རིན་ཆེན་འབྱུང་ལྡན་ཏེ་གཉིས་པའོ། །ཛྙཱ་ན་ཞེས་པ་གསུམ་པ་ཉིད་ཅེས་པ་ནི་མཁྱེན་པས་ན་ཡེ་ཤེས་སོ། །དེ་བས་ན་དངོས་པོ་ཐམས་ཅད་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཏེ་གསུམ་པའོ། །བཛྲ་ཞེས་བྱ་བ་ནི་བཞི་པའོ་ཞེས་པ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི་བཞི་པ་སྟེ་མི་བསྐྱོད་པའོ། །སྭ་བྷཱ་བ་ཨཱཏྨ་ཀོ྅ ལྔ་པ་ཞེས་པ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནམ། རླུང་གི་ཁམས་ཀྱི་རང་བཞིན་ཏེ། ལྔ་པ་དེ་དོན་ཡོད་གྲུབ་པའོ། །ཨ་ཧཾ་ཞེས་པ་དྲུག་པར་བརྗོད། །ཅེས་པ་ནི་དེ་བཞིན་གཤེགས་པ་ལྔ་སྡུད་པར་བྱེད་པ་ཐམས་ཅད་


DTG032_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བདེ་གཤེགས་དྲུག་པོ་ནི། །རྣམ་པར་སྣང་མཛད་ལ་སོགས་པ་དྲུག་པོ་རྫོགས་པའི་རིམ་པ་སྒོམ་པར་བྱེད་པའི་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་བསྟན་ཏོ། །དེས་ན་དོན་འདི་ཡིན་ཏེ། རྡོ་རྗེ་བཟླས་པ་བསྒོམ་པར་བྱ་བར་འདོད་པའི་རྣལ་འབྱོར་པས་དང་པོར་ཅིག་ཅར་དུ་ལྷའི་སྐུ་བསྐྱེད་ཅིང་དེ་བཞིན་གཤེགས་པ་དྲུག་གི་རང་བཞིན་བསྒོམས་ལ། དེ་ནས་རྣམ་པ་བཅུ་གཅིག་བཟླས་པར་བྱའོ། །ཡང་ན་སྒྲ་ཇི་བཞིན་མ་ཡིན་པ་བཤད་པའི་རིམ་པས་ཡི་གེ་དྲུག་གིས་མཚོན་པའི་རྣམ་པར་སྣང་མཛད་ལ་སོགས་པ་དྲུག་གི་རྣལ་འབྱོར་པས་ཟླ་བ་གཅིག་གིས་འབུམ་ཕྲག་དྲུག་བཟླས་པར་བྱའོ། །དེ་ལ་ཉིན་མཚན་གཅིག་གིས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར། ཞག་ལྔས་འབུམ་ཕྲག་གཅིག་དང་སྟོང་རྩ་བརྒྱད་ནི་འབུམ་ཕྲག་གཅིག་ཅེས་བསྟན་པ་ཡིན་ནོ། །གྲངས་འདི་ཉིད་ཀྱིས་མདོར་ན་ཟླ་བ་གཅིག་གིས་འབུམ་ཕྲག་དྲུག་ཏུ་འགྱུར་རོ། །ཇི་སྐད་དུ། སྔགས་ནི་རྣམ་ཤེས་ལས་འབྱུང་བའི། །འབུམ་ཕྲག་དྲུག་ཏུ་བཟླས་བྱས་ཏེ། །རྡོ་རྗེ་སེམས་ལ་ཕྱག་འཚལ་ནས། །དེ་ནི་ཉལ་འགྲུབ་པར་འགྱུར། །ཞེས་འབྱུང་ངོ༌། །རྣམ་པ་གཞན་གྱིས་ཀྱང་རྡོ་རྗེ་བཟླས་པ་བསྟན་པའི་ཕྱིར། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟུང་ནི་ཚིག་གཉིས་སོ། །དང་པོ་རྣམ་པར་སྣང་མཛད་དོ། །ཛྙཱ་ན་བཛྲ་གཉིས་པོ་ཞེས་པ་ནི་སྣང་བ་མཐའ་ཡས་སོ། །སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་གྱུར་ཞེས་པ་ནི་ཚིག་གཉིས་ཀྱིས་མི་བསྐྱོད་པ་བསྟན་ཏོ། །དེ་ཉིད་གསུམ་དུ་འདིར་བརྟགས་པའོ་ཞེས་པ་ལ་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་ཨ་ཧཾ་ཞེས་ཅིག་ཅར་དུ་ང་རྒྱལ་བསྐྱེད་ལ་སྔ་མ་བཞིན་དུ། ལྷ་ལ་སོགས་པའི་རྣལ་འབྱོར་གྱི་བཟླས་པ་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང༌། འཇུག་པ་དང་ནི་གནས་པ་དང༌། །ལྡང་བ་ཡི་ནི་རིམ་པ་ཡིས། །མཚོན་བྱ་མཚོན་བྱེད་གྲངས་ཀྱིས་ནི། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ཞེས་འབྱུང་ངོ༌། །ཡང་ན་སྐུ་རྡོ་རྗེ་ལ་སོགས་པ་རྣལ་འབྱོར་པ་གསུམ་གྱིས་སྣའི་རྩེ་མོར་ཡུངས་ཀར་གྱི་འབྲས་བུའི་ཚོད་ཙམ་གྱི་ཐིག་ལེ་ཕྲ་མོར་བསྒོམས་ལ་བརྟན་པའི་རྟགས་མཐོང་བའི་བར་དུ་བཟླས་པར་བྱའོ། །དེ་ཉིད་གསུམ་ནི་


DTG032_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གྱུར་པ། །ཞེས་པ་ནི་སྐུ་ལ་སོགས་པ་ཉེ་བར་སྡུད་པ་ལས་འབྱུང་བའི་གཟུགས་སོ། །ཡང་དག་ཅེས་པ་ནི་རྣལ་འབྱོར་པའི་མངོན་སུམ་མམ་རང་རིག་པའི་མངོན་སུམ་གྱིས་ཐོབ་པར་བྱ་བ་གསལ་བར་སྣང་བ་རྣམ་པར་མི་རྟོག་མ་འཁྲུལ་བ་ཞེས་པའི་ཐ་ཚིག་གོ །གསལ་བ་ཞེས་བྱ་བ་ནི་དག་ཅིང་ཟླ་བ་དང་ཀུན་ད་ལྟར་མཚུངས་པའི་ཕྱིར་རོ། །མི་གསལ་ཞེས་པ་ནི་ཁམས་ཉི་ཤུ་རྩ་བཞི་ཉེ་བར་བསྡུས་པ་ལས་བྱུང་བའི་ཞལ་དང་ཕྱག་དང་སྐུ་མདོག་དང་དབྱིབས་ལ་སོགས་པ་དང་བྲལ་བ་ཐིག་ལེའི་གཟུགས་ཞེས་བྱ་བའི་དོན་ཏོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པའི་བཤད་པའི་རྒྱུད་ལས་ཀྱང༌། །དེ་ཕྱིར་ལྷ་མོ་བཤད་བྱ་བ། །སྙིང་པོ་ལས་ནི་སྙིང་པོ་མཆོག །སངས་རྒྱས་ཀུན་གྱི་གསང་བ་ན། །ཐམས་ཅད་བདག་ཉིད་གང་ཞིག་གནས། །དེ་ཉིད་ཡེ་ཤེས་ལྔ་རང་བཞིན། ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཞེས་འབྱུང་ངོ༌། །རྡོ་རྗེ་བཟླས་པ་བཤད་ནས། སེམས་ལ་དམིགས་པ་ལ་སོགས་པའི་རིམ་པ་བཞི་བསྟན་པར་བྱ་བའི་ཕྱིར། །ཡང་དག་པར་སྦྱོར་བ་གསུམ་གྱི་སྐུར་བསྒོམ་ཞིང་ཞེས་པ་ནི་སྣང་བ་ལ་སོགས་པ་གསུམ་གྱིས་ཉེ་བར་མཚོན་པའི་འོད་གསལ་བའི་དེ་ཁོ་ན་ཉིད་དོ།། སྣང་བ་གསུམ་གྱི་ཚོགས་ཀྱིས་སྣང་བ་འཁྲིགས་པའོ་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་ཐོབ་པའི་ཟླ་བ་དང་ཉི་མ་དང་མཚམས་ཀྱི་སྣང་བ་དང་འདྲ་བའི་སྣང་བ་ལ་སོགས་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ་དེ་ཁོ་ན་ཉིད་བཞི་པོ་འོད་ཀྱི་ཚོགས་དང་བཅས་པ་སྤྲིན་མེད་པའི་ནམ་མཁའ་དང་མཚུངས་པ་ཐམས་ཅད་སྟོང་པ་ཞེས་བྱ་བའི་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །དེས་ནི་སེམས་ལ་དམིགས་པའི་རིམ་པ་བསྟན་ཏོ། །འཇའ་ཚོན་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ཡེ་ཤེས་ཀྱི་སྐུ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པ་བསྒོམ་པར་བྱའོ། །དཀར་པོ་ལ་སོགས་པའི་འོད་ཟེར་ལྔས་བརྒྱན་པའོ་ཞེས་པ་ནི་དཀར་པོ་ལ་སོགས་པའི་སྐུ་མདོག་ལྔས་ཉེ་བར་མཚོན་པའི་དེ་བཞིན་གཤེགས་པ་རིགས་ལྔ་ལས་འབྱུང་བ་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་དང་བཅས་པའོ། །ཁམས་ཕྲ་བ་ཞེས་པ་ལ། འོད་གསལ་བའི་དེ་ཁོ་ན་ཉིད་དོ། །སྣང་བ་མཆེད་པ་


DTG032_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་རིམ་པ་འམ་ཅིག་ཅར་གྱི་རྣལ་འབྱོར་གྱིས་དེ་ལས་འབྱུང་བའི་ཡོངས་སུ་རྫོགས་པ་ཞེས་བྱའོ། །དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དོ་ཞེས་པ་ལ་བརྟན་པ་དང་གཡོ་བའི་བདག་ཉིད་དམ། རང་དང་གཞན་གྱི་རྒྱུད་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའི་རང་བཞིན་ཡིན་ནོ། །རྒྱུ་བ་ལ་སོགས་པའི་འོད་ཟེར་ལྔ་སྟེ་ཞེས་པ་ལ་རྒྱུ་བ་དང་རྣམ་པར་རྒྱུ་བ་དང་ཡང་དག་པར་རྒྱུ་བ་དང༌། རབ་ཏུ་རྒྱུ་བ་དང་ངེས་པར་རྒྱུ་བ་དང་ཞེས་བྱ་བ་ཡན་ལག་གི་རླུང་ལྔ་སྟེ་སྒྲ་ཇི་བཞིན་མ་ཡིན་པས་རྡོ་རྗེའི་སྒོ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སྦྲུལ་དང་རུས་སྦལ་རྩངས་པ་དང༌། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ།། ཞེས་འབྱུང་ངོ༌། །དེ་རྣམས་ཀྱི་འོད་ཟེར་ནི་ཡུལ་གཟུང་བར་བྱ་བའི་ཕྱིར་མིག་ལ་སོགས་པའི་དབང་པོ་རྣམས་འཇུག་གོ །དེ་དང་ལྡན་པ་ནི་སོ་སོར་སྡུད་པ་དང་བསམ་གཏན་གྱི་ཡན་ལག་དག་གིས་ཡུལ་དང་དབང་པོའི་ཉེ་བར་སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །ཇི་སྐད་དུ། གང་ཞིག་མཐོང་བ་རེག་པ་དང༌། ཐམས་ཅད་སྒྱུ་མ་བཞིན་མཐོང་སྟེ། །ཀུན་རྫོབ་ཏུ་ནི་མི་གནས་པས། །སྒྱུ་མ་བཞིན་དུ་མཚོན་པར་བྱ། །དབང་པོ་གང་དང་གང་ལམ་གྱིས། །དེ་དང་དེ་ཡི་རང་བཞིན་འགྲོ། །མཉམ་པར་མ་བཞག་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱི་རང་བཞིན་ལྷ། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། །མིག་ལ་སོགས་པའི་འཇུག་པ་ནི། །སྒྱུ་མ་བཞིན་དུ་མཚོན་པར་བྱ། །འདིར་ནི་མང་པོ་སྨོས་ཅི་དགོས། །རྡོ་རྗེ་ཐེག་པར་དེ་ཉིད་ལ། །གང་ཡང་རྣལ་འབྱོར་པས་དམིགས་པའི། དེ་དེ་སྒྱུ་མ་བཞིན་གཞན་མིན། །ཞེས་འབྱུང་ངོ༌། །ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་ཞེས་པ་ནི་སོ་སོར་སྡུད་པའི་རིམ་པས་གཟུང་སྟེ། བསམ་གཏན་གྱི་རིམ་པས་རྣམ་པར་དག་པ་ཐོབ་པ་གང་ཡིན་པའོ། །དབང་པོ་ལྔ་རྣམས་སོ་ཞེས་པ་ནི་མིག་ལ་སོགས་པའོ། །དེ་རྣམས་ཀྱིས་བརྒྱན་པ་ཞེས་པ་ལ་སྒྱུ་མ་ལྟ་བུའི་དབང་པོ་དང་ལྡན་པ་ཡིན་གྱི། ཁྲག་དང་ཤ་ལ་སོགས་པའི་རང་བཞིན་ནི་མ་ཡིན་ནོ། །རབ་ཏུ་བྱེད་པ་ལས་ཀྱང༌། །ཁྱོད་ཀྱི་སྐུ་ལ་ཁོང་སྟོང་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའི་འཇའ་ཚོན་དང་མཚུངས་པའི། །ཁྱོད་ཀྱི་སྐུ་ནི་སྟོན་པར་བྱེད། །སྐུ་ལ་སྙུན་དང་མི་གཙང་མེད། །བཀྲེས་དང་སྐོམ་པ་མི་སྲིད་དེ། །ཁྱོད་


DTG032_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འཇིག་རྟེན་འཇུག་པའི་ཕྱིར། །འཇིག་རྟེན་བྱ་བ་བསྟན་པར་མཛད། །ཅེས་འབྱུང་ངོ༌། །དབང་པོ་ཚང་བའི་ཕྱིར་རོ་ཞེས་པ་ནི་ཇི་ལྟར་དྲི་ཟའི་སེམས་ཅན་གཟུགས་དང་དབང་པོ་ཕྲ་བ་དང་ལྡན་པ་དེ་བཞིན་དུ་སྒྱུ་མའི་སྐུ་ཡང་གཟུགས་དང་དབང་པོ་ཕྲ་བ་དང་ལྡན་པ་ཞེས་བྱའོ། །དབང་པོ་ཚང་བའི་དྲི་ཟ་ནི། །དེ་ཉིད་དྲི་ཟའི་སེམས་ཅན་ཏེ། །རྡོ་རྗེའི་སྐུ་ཡང་དེ་ཉིད་དོ། །ཞེས་འབྱུང་ངོ༌། །དེ་ལྟ་བུའི་རྣམ་པ་ཞེས་པ་ནི་སྒྱུ་མ་ལྟ་བུའི་སྐུའོ། །སངས་རྒྱས་ཀྱི་དཀྱིལ་འཁོར་གསལ་བར་འཇུག་ཅིང་ཞེས་པ་ལ། སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ལ་དཀྱིལ་ནི་སྙིང་པོའོ། །དེ་ལེན་ཞིང་འཛིན་པར་བྱེད་པས་ན་སངས་རྒྱས་ཀྱི་དཀྱིལ་འཁོར་རོ། །ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པའི་མཐའ་དང་ཆོས་ཉིད་ཀྱི་རང་བཞིན་འོད་གསལ་བ་ཞེས་པའི་ཐ་ཚིག་གོ །དེ་ལ་འཇུག་ཅིང་ཞེས་པ་ནི་ཕྱག་རྒྱའི་རིམ་པའམ་ཏིང་ངེ་འཛིན་གྱི་རིམ་པས་ཡང་དག་པའི་མཐར་འཇུག་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་བདག་ཉིད་ཅེས་བྱ་བ་ལ་སོགས་པས་བདག་ལ་བྱིན་གྱིས་བརླབ་པས་མཚན་ཉིད་ཀྱི་སྐུ་རིམ་པ་བཞི་པས་འོད་གསལ་བ་ལ་འཇུག་པར་བྱའོ། །སྐད་ཅིག་མའི་རྣམ་པར་ཤེས་པ་ནི་ཅིག་ཅར་དུ་སྤྲོ་བའོ། །རྡོ་རྗེ་འཆང་ཆེན་པོའི་སྐུ་ཞེས་པ་ལ་རྡོ་རྗེ་སྐུའི་རྣམ་གྲངས་ཅན་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་དབུས་སུ་ཞེས་པ་ནི། སྲིད་པ་དང་ཞི་བའི་རོ་མཉམ་པའི་རང་བཞིན་ཅན་ནོ། །ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ་ཞེས་པ་ལ། དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཡོད་པ་དང་མེད་པ་དང་དངོས་པོ་དང་དངོས་པོ་མ་ཡིན་པ་དང་རྟག་པ་དང་ཆད་པ་དང་ཀུན་རྫོབ་དང་དོན་དམ་པ་དང་བརྟགས་པ་དང་ཡོངས་སུ་རྫོགས་པ་དང་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་དང༌། ཐབས་དང་ཤེས་རབ་དང་སྟོང་པ་ཉིད་དང་སྙིང་རྗེ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །བདག་ཉིད་ཅེས་པ་ནི་རང་གི་སྐུའོ། །ཤེས་པར་བྱ་བ་ལ་རྗེས་སུ་དྲན་པར་བྱའོ། །དེས་ནི་ཟུང་འཇུག་གི་རིམ་པ་བསྟན་པའོ། །རིམ་པ་འདི་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པའི་མཚན་


DTG032_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཅན་གྱི་རྫོགས་པའི་རིམ་པས་སོ། །རྣམ་པར་སྣང་མཛད་ལ་སོགས་པར་ཞེས་པ་ནི་དེ་བཞིན་གཤེགས་པ་དྲུག་གི་ཕྱག་རྒྱ་ཆེན་པོའི་སྐུའོ། །བསམ་པ་ཇི་ལྟ་བའི་དབྱེ་བས་ཞེས་པ་ནི་གཏི་མུག་ལ་སོགས་པའི་ཉོན་མོངས་པའི་བག་ཆགས་ཀྱི་དབྱེ་བའི་སྒོ་ནས་སོ། །རང་གི་བདག་ཉིད་བསྐྱེད་པ་ལ། །ཞེས་པ་ནི་སྤྲོས་ནས་སོ། །བདག་གི་དོན་བྱའོ་ཞེས་པ་ལ་ཉེ་བར་མཚོན་པ་ཙམ་ཡིན་ཏེ་གཞན་གྱི་དོན་ཀྱང་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བས་ན་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་སྐུ་རྫོགས་པའི་རིམ་པས་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་ལས་འབྱུང་བའི་རྡོ་རྗེ་འཆང་ཆེན་པོའི་ལྷའི་སྐུའོ། །འདི་ཉིད་ནི་རིམ་པ་ལྔའི་སྒོ་ནས་རྫོགས་པའོ། །བརྟེན་པར་བྱ་བའི་ཕྱིར་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་དྲུག་གི་རང་བཞིན་དུ་བྱ་བའི་ཕྱིར་རོ། །གསུངས་ཏེ་ནི་སྡུད་པ་པོའི་ཚིག་ཅེས་ལྷག་མའོ། །འོད་གསལ་བའོ་ཞེས་པ་ནི་དངོས་པོ་ཐམས་ཅད་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ཏོ་ཞེས་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱ་བའམ་མངོན་པར་བྱང་ཆུབ་པའི་རིམ་པས་ཐོབ་པར་བྱའོ། །དེ་ལ་དམིགས་པའོ་ཞེས་པ་ནི་བསྒོམ་པར་བྱས་ནས་སོ། །བསྐྱེད་པ་དེ་ནི་ཞེས་པ་ལ་རྫོགས་པའི་རིམ་པས་ཡེ་ཤེས་ཀྱི་སྐུའི་རང་བཞིན་ནམ་རྡོ་རྗེའི་སྐུའི་རང་བཞིན་དུ་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིའི་དོན་ནི་བཤད་པའི་རྒྱུད་ལས་ཞེས་པ་ནི་རྡོ་རྗེ་ཕྲེང་བའི་རྒྱུད་ལས་སོ། །ཨོཾ་ནི་དང་པོར་ཤེས་པར་བྱ། །ཞེས་པ་རྣམ་པར་སྣང་མཛད་དེ། དེ་ནི་ཨོཾ་ལས་འབྱུང་བའི་ཕྱིར་རོ། །དྷརྨ་ཞེས་བྱ་གཉིས་པའོ། །ཞེས་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་རྣམ་པར་དག་པའི་རང་བཞིན་གྱི་རྡོ་རྗེ་ཆོས་ཏེ་སྣང་བ་མཐའ་ཡས་སོ། །དྷཱ་ཏུ་ཞེས་བྱ་གསུམ་པར་བཤད། །ཅེས་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངོ་བོ་ནི་མི་བསྐྱོད་པའོ། །སྭ་བྷཱ་བར་གྲགས་བཞི་པའོ། །ཞེས་པ་ནི་ནམ་མཁའི་ཁམས་ཀྱི་རང་བཞིན་རིན་ཆེན་འབྱུང་ལྡན་ནོ། །ཨཱཏྨ་ཀོ྅ ནི་ལྔ་པ་ཡིན། །ཞེས་པ་ནི་ཐམས་ཅད་ཀྱི་བདག་ཉིད་ལས་ཐམས་ཅད་པ་སྟེ་དོན་ཡོད་པར་གྲུབ་པའོ། །ཨ་ཧཾ་དུ་གྱུར་དྲུག་པར་འདོད། །ཅེས་པ་ནི་དེ་


DTG032_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་ལྔ་ཉེ་བར་སྡུད་པར་བྱེད་པའི་རྣམ་པ་ཅན་ཏེ་རྡོ་རྗེ་འཆང་ཆེན་པོའོ་ཞེས་པའི་དོན་ཏོ། །སྔགས་ནི་དབང་པོ་ཐམས་ཅད་དང་རྣམ་པར་ཤེས་པ་རྣམ་པར་དག་པའི་མཚན་ཉིད་ཅན་གྱི་བསྒོམ་པའི་རྣམ་པའོ། །འདི་བརྗོད་ནས་ཞེས་པ་ནི་དེ་བཞིན་གཤེགས་པ་དྲུག་གི་མོས་པ་བྱས་ནས་སོ། །རྒྱུད་ཕྱི་མ་ལས་ཀྱང༌། དབང་པོ་དང་ནི་ཡུལ་གྱིས་ཡིད། །རྟེན་ཏེ་བྱུང་བ་གང་ཡིན་པ། །དེ་ནི་མིན་ཞེས་བཤད་པ་སྟེ། །ཏྲ་ནི་སྐྱོབ་པའི་དོན་ཡིན་ནོ། །ཞེས་འབྱུང་ངོ༌། །དེའི་འོག་ཏུ་ཞེས་པ་ནི་དེ་དང་འདྲ་བའི་ལྷག་པར་མོས་པ་བྱས་ནས་སོ། །སྒོམ་པའི་བདག་ཉིད་ཅན་གྱིས་ཞེས་པ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་སོ། །བསྒོམ་ཞེས་པ་ནི་ཟུང་དུ་འཇུག་པའི་རིམ་པའི་ཏིང་ངེ་འཛིན་གྱི་དེ་བཞིན་གཤེགས་པ་དྲུག་གི་ང་རྒྱལ་བྱ་ཞེས་བྱ་བའི་དོན་ཏོ། །ངེས་པའི་དོན་ནི་རྫོགས་པའི་རིམ་པ་སོ་སོར་བསྟན་པའི་ཕྱིར་རོ། །དེ་ལྟར་ལེའུ་ནས་བརྩམས་ཏེ་ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་ལྷའི་སྐུའི་དབྱེ་བས་རིམ་པ་གཉིས་བསྟན་ཏོ། །བསྐྱེད་པའི་རིམ་པའི་ཕྱོགས་སུ་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་དག་གིས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་དང་དེའི་ལྷའི་དཀྱིལ་འཁོར་བསྟན་ཏོ། །རྫོགས་པའི་རིམ་པའི་ཕྱོགས་སུ་ཡང་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པས་ཟུང་དུ་འཇུག་པའི་བར་དུ་རྡོ་རྗེ་འཆང་ཆེན་པོའི་སྐུ་རྫོགས་པར་བསྟན་ཏོ། །ད་ནི་ཞེས་པ་ནི་བསྐྱེད་པའི་རིམ་པའི་ཡན་ལག་ཏུ་གྱུར་པའི་ལས་ཀྱི་རྒྱལ་བ་མཆོག་གི་ཕྱོགས་གཅིག་ཕྲ་མོའི་རྣལ་འབྱོར་ཞེས་བྱ་བ་ཡན་ལག་དང་པོ་བསྟན་པར་བྱ་བ་ཡིན་ནོ། །རང་གི་སེམས་བརྟན་པར་བྱ་བའི་ཕྱིར་ཞེས་པ་ནི་རྡུལ་ཕྲ་རབ་དང་ཤིན་ཏུ་རགས་པའི་བསྒོམ་པའི་མཐའི་བར་དུ་སེམས་དབང་དུ་འགྱུར་བའི་ཕྱིར་རོ། །དགོངས་པ་ནི་ས་འོག་བདུན་གྱི་བར་དུ་ཁྱབ་པར་བྱེད་པའི་ཞབས་ཀྱི་པདྨ་དང༌། སྲིད་པའི་རྩེ་མོའི་བར་དུ་སྤྱི་བོས་ཁྱབ་པ་ཕྱག་རྣམས་ཀྱིས་ཕྱོགས་བཅུ་དང་ནམ་མཁའི་དཀྱིལ་ཁྱབ་པར་བྱེད་པའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ལྷའི་སྐུ་སྣ་ཚོགས་པའི་རང་བཞིན་ཡིན་ནོ་ཞེས་གང་གི་ཚེ་རྣལ་འབྱོར་པས་བསྒོམས་ན་དེའི་ཚེ་རང་གི་སེམས་བརྟན་པར་འགྱུར་རོ། །གང་གི་ཚེ་ཡུངས་ཀར་གྱི་འབྲུའི་ཚད་ཙམ་གྱི་ཕྲ་བ་བརྟན་པ་དང་གཡོ་བའི་ཁམས་གསུམ་གྱི་རང་བཞིན་སྐྲའི་རྩེ་མོའི་


DTG032_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་སྟོང་གི་ཆའི་ཚད་ཙམ་ཐིག་ལེའི་བདག་ཉིད་བསྒོམས་ན་དེའི་ཚེ་རང་གི་སེམས་དབང་དུ་འགྱུར་རོ། །འདིར་ནི་རྡུལ་ཕྲ་རབ་བསྒོམ་པའི་གནས་སྐབས་ཡིན་ཏེ། ཤིན་ཏུ་རགས་པའི་བསྒོམ་པ་ནི་སྔར་བཤད་པའི་ཕྱིར་རོ། །ཕྲ་མོའི་རྣལ་འབྱོར་རྣམ་པ་གསུམ་བསྒོམ་པ་གསུངས་ཏེ་ཞེས་པ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པའི་གཅིག་དང་གཞན་མ་གཉིས་རྫོགས་པའི་རིམ་པའི་རྣལ་འབྱོར་པའོ། །འཆད་པར་འགྱུར་བའི་གསུམ་པ་ལ་ཡང་རྫོགས་པའི་རིམ་པའི་རྣལ་འབྱོར་པ་ཉིད་ཀྱིའོ། །བསྡུས་པའི་དོན་ནི་འདི་ཡིན་ཏེ། སྤྱིའི་དོན་གྱི་ཕྱོགས་སུ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་ཕྲ་མོའི་རྣལ་འབྱོར་བསྒོམ་པ་དང༌། སྦས་པ་དང་མཐར་ཐུག་པའི་བཤད་པའི་ཕྱོགས་དང་འོག་ནས་བཤད་པའི་ངེས་པའི་དོན་གྱི་ཕྱོགས་སུ་ཡང་རྫོགས་པའི་རིམ་པའི་རྣལ་འབྱོར་པས་ཕྲ་མོའི་རྣལ་འབྱོར་བསྒོམ་པའོ། །དེ་ལྟར་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་རྣལ་འབྱོར་པ་དག་ལ་ཕྲ་མོའི་རྣལ་འབྱོར་རྣམ་པ་གསུམ་གྱི་བསྒོམ་པ་བསྟན་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ཅན་གྱི་རྣལ་འབྱོར་པའི་དབྱེ་བས་སོ། །དེ་ལ་དང་པོ་བཤད་པའི་ཕྱིར། །རྡོ་རྗེ་ལ་སོགས་པའི་ཕྱག་མཚན་ཏེ་ཞེས་པ་ནི་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་ལ་སོགས་པའོ། །རིན་ཆེན་ལྟར་རིན་ཆེ་བ་ཉིད་དོ་ཞེས་པ་ནི་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ལ་གནས་པའི་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཅིག་ཅར་དུ་རྫོགས་པར་བྱེད་པའི་ཕྱིར་རོ། །རིགས་ལས་བྱུང་བས་སོ་ཞེས་པ་ནི་རིགས་ལྔའི་འབྲེལ་པ་དང་ལྡན་པའི་དེ་བཞིན་གཤེགས་པ་ལ་སོགས་པ་སྤྲོ་བའི་རྒྱུ་སྟེ་ཐིག་ལེའི་ཁྱད་པར་རོ། །དེ་ནི་ཡུངས་ཀར་གྱི་འབྲུའི་ཚད་ཙམ་ཞེས་པ་ནི་ནས་དང་ཙ་ན་ཀ་ལ་སོགས་པའི་འབྲུའི་ཚད་ཙམ་ཡང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སྣའི་རྩེ་མོར་ཞེས་པ་ནི་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བ་ལའོ། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གཟུགས་ཀྱིས་སོ། །ཉིན་མཚན་དུ་ནི་དུས་ཇི་སྲིད་ཀྱི་སེམས་རྩེ་གཅིག་ཏུ་འགྱུར་བའོ། །གང་གི་ཚེ་མཐོང་བའི་མཚན་མ་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཚེ་ཐིག་ལེ་བསྒོམ་པ་བརྟན་པར་འགྱུར་ན་དེའི་ཚེ་རྣལ་འབྱོར་པ་ལ་མཚན་མ་འདི་ལྟར་འབྱུང་སྟེ།


DTG032_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ཙམ་ལ་ཁམས་གསུམ་ཐམས་ཅད་ཀྱི་ང་རྒྱལ་དང་ཕྱིའི་སེམས་ཅན་དུ་གྱུར་པའི་རྣམ་པར་རྟོག་པ་དང་བྲལ་བ་དང༌། སེམས་དང་སེམས་ལས་བྱུང་བའི་ཆོས་མི་འབྱུང་བ་དང༌། གམ་ན་གནས་པའི་སྒྲ་ལ་སོགས་པ་མི་ཟིན་པ་དང༌། རང་གི་ལུས་མི་ཚོར་བ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཚེ་རྡོ་རྗེ་ལ་སོགས་པ་ཞེས་པ་ནི་ཐུགས་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པར་གྱུར་པའི་རང་གི་ཕྱག་མཚན་ནོ། །བསྒོམ་པས་མི་གཡོ་བར་ཤེས་ནས་ཞེས་པ་ནི་བསྒོམ་པར་བྱ་བ་དང་སྒོམ་པ་དག་གཅིག་ཏུ་གྱུར་པའི་མཚན་ཉིད་ཀྱིས་དེའི་བདག་ཉིད་དུ་ཤེས་ནས་སོ། །བསྒོམ་པ་ལ་དབང་དུ་གྱུར་པ་བསྐྱེད་པའི་ཕྱིར་ཞེས་པ་ནི་ཐིག་ལེ་བསྒོམ་པ་འདི་ནི་བརྟན་པ་ཡིན་ནམ་མི་བརྟན་པ་ཡིན་ཞེས་དབང་ཉིད་དུ་རྫོགས་པར་བྱ་བའི་ཕྱིར་རོ། །སྤྲོ་བར་བྱའོ་ཞེས་པ་ནི་འཆད་པར་འགྱུར་བའི་འོད་ཟེར་ལ་སོགས་པ་སྤྲོ་བར་བྱའོ། །བསྒོམ་པ་ལ་སློབ་བཞིན་པར་མི་སྤྲོ་བའོ་ཞེས་པ་ནི་བསྒོམ་པའི་དུས་སུ་དེ་ཉིད་མ་རྫོགས་ན་དེ་ལས་སྤྲོ་བ་ག་ལ་ཡོད་དེ། དེ་ཉིད་ཀྱི་ཕྱིར་སློབ་བཞིན་པར་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་དུས་ཀྱི་རྐྱེན་གྱིས་བསྟན་པའོ། །རྡོ་རྗེ་ལ་སོགས་པ་ཁ་དོག་སྣ་ལྔ་པའི་འོད་ཟེར་དང་ཕྱག་མཚན་རྣམས་བསྟན་པར་གྱུར་པའོ། །ཕྱག་རྒྱ་ཆེན་པོའི་གཟུགས་ཀྱང་ཞེས་པ་ནི་དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་ཚོགས་རྣམས་ཀྱང་སེམས་ཅན་གྱི་དོན་བྱ་བའི་ཕྱིར་སྤྲོ་བར་བྱའོ། །དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པའོ་ཞེས་པ་ནི་རང་གི་རིགས་དང་མཐུན་པའི་འོད་ཀྱིས་མཛེས་པའོ། །སངས་རྒྱས་ཀྱི་ཚོགས་སོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ཚོགས་སོ། །འཁོར་ལོ་དང་ཞེས་བྱ་བ་ལ་སོགས་པས་དེ་རྣམས་ཀྱི་ཕྱག་མཚན་རྣམས་བསྟན་ཏོ། །ཉེ་བར་མཚོན་པས་ཞེས་བྱ་བ་ལ་སོགས་པས་སྤྲུལ་པའི་སྐུའི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་དང་ལྷ་མོ་དང་ཁྲོ་བོ་རྣམས་ཀྱང་སྤྲོ་བར་བྱའོ་ཞེས་བསྟན་ཏོ། །ནམ་མཁའ་ཁྱབ་པར་སྤྲོ་བར་བྱ་ཞིང་གཡོགས་པར་བྱའོ་ཞེས་པ་ལ་འགྲོ་བའི་དོན་བྱ་བའི་ཕྱིར་ནམ་མཁའི་ཁམས་སྔར་བཤད་པའི་སྤྲིན་གྱིས་གཡོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྤྱི་དོན་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པའི་ཕྱོགས་གཅིག་ལས་ཀྱི་རྒྱལ་བ་མཆོག་གི་ཡན་ལག་དང་པོ་སྟེ་ཕྲ་མོའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །


DTG032_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་བསྡུས་པའི་དོན་ནི་འདི་ཡིན་ཏེ། དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་མཐར་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་རང་ལ་འཁྱུད་པའི་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བའི་ཕྱག་རྒྱའི་ནང་དུ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དཀྱིལ་འཁོར་བ་དང་ལྷན་ཅིག་དཀྱིལ་འཁོར་གྱི་བདག་པོའི་ཚུལ་དུ་བདག་ཉིད་བསྒོམས་ལ། ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའི་རྗེས་སུ་ཆགས་པའི་དམ་པའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་འགུགས་ཤིང་འཇུག་ལ། འདོད་ཆགས་ཆེན་པོའི་རང་བཞིན་གྱི་ཡེ་ཤེས་ཀྱི་མེས་བཞུས་ལ། ཐིག་ལེའི་གཟུགས་སུ་དམིགས་ལ་དེ་ཉིད་ཡུངས་ཀར་གྱི་འབྲུའི་ཚད་ཙམ་གྱི་ནང་ན་ལྷ་སུམ་ཅུ་རྩ་གཉིས་ཀྱི་ལྷའི་འཁོར་ལོ་ཅིག་ཅར་དུ་བསམས་ལ། དེ་རྣམས་ཀྱི་ཐུགས་ཀར་ཡང་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་དག་བསྒོམས་ལ། ཡེ་ཤེས་སེམས་དཔའི་ཡིག་འབྲུའི་ཐིག་ལེར་ཡང་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའམ། གསང་བ་ལྔའི་དཀྱིལ་འཁོར་ཆེན་པོ་བསམས་ལ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གཉིས་ཀྱི་རྣམ་པར་རྟོག་པ་སྤངས་ནས། གམ་ན་གནས་པའི་སྒྲ་ལ་སོགས་པ་མི་ཟིན་པས་བསྒོམ་པ་ལ་དབང་བསྐྱེད་པར་བྱ་བའི་ཕྱིར་དང་པོ་ཁ་དོག་ལྔ་པའི་འོད་ཟེར་གྱི་འཁོར་ལོ་སྤྲོ་ཞིང་དེས་སེམས་ཅན་གྱི་ཁམས་སྦྱངས་ཏེ་སླར་ཡང་བསྡུས་ལ་དེ་ཉིད་དུ་ཞུགས་ཏེ། དེ་ནས་རང་གི་རིགས་དང་རྡོ་རྗེས་སུ་མཐུན་པའི་རྡོ་རྗེ་ལ་སོགས་པ་སྤྲོ་ཞིང་ནམ་མཁའི་ཁམས་ཁྱབ་ལ་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་འགྲོ་བ་མ་ལུས་པའི་དོན་བྱས་ཏེ། སླར་ཡང་བསྡུ་ཞིང་དེ་ཉིད་དུ་འཇུག་པར་བྱས་ལ་དེ་ནས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་ཆེན་པོའི་སྐུ་ཡང་སྤྲོས་ཏེ། འགྲོ་བའི་དོན་བྱ་བ་དེ་ནི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པའི་ཕྲ་མའི་རྣལ་འབྱོར་བསྒོམ་པའི་རིམ་པའོ། །སྐུ་རྡོ་རྗེའི་རྣལ་འབྱོར་པས་སངས་རྒྱས་སྤྱན་མའི་ཆོས་འབྱུང་བའི་ནང་དུ། ཡུངས་ཀར་གྱི་འབྲུའི་ཚད་ཙམ་གྱི་འཁོར་ལོའི་ཕྱག་མཚན་བསྒོམས་ལ་དེའི་ལྟེ་བར་སྔ་མ་བཞིན་དུ་བདག་ཉིད་བསམས་ལ། བརྟེན་པའི་རྟགས་མཐོང་ནས་སྤྲོ་བ་དང་བསྡུ་བས་སྐུ་རྡོ་རྗེའི་རིགས་ཀྱིས་འགྲོ་བའི་འདོན་བྱས་ཏེ། སྐུ་རྡོ་རྗེའི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་བསྒོམ་པའི་རིམ་པའོ། །དེ་བཞིན་དུ་གསུང་རྡོ་རྗེའི་


DTG032_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་པས་གོས་དཀར་མོའི་ཆོས་འབྱུང་གི་ནང་དུ་ཙ་ན་ཀའི་འབྲུའི་ཚད་ཙམ་གྱི་པདྨ་དམར་པོ་བསམས་ལ་དེའི་ལྟེ་བར་སྔ་མ་བཞིན་དུ་བདག་ཉིད་བསམས་ཏེ། བརྟན་པའི་རྟགས་མཐོང་ཞིང་གསུང་རྡོ་རྗེའི་ལྷའི་རིགས་སྤྲོ་བ་དང་བསྡུ་བར་བྱ་བ་ནི་གསུང་རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་བའི་ཕྲ་མོའི་རྣལ་འབྱོར་བསྒོམ་པའི་རིམ་པའོ། །རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་མཱ་མ་ཀཱིའི་ཆོས་འབྱུང་བའི་ནང་དུ་ཁ་དོག་སེར་པོ་ཙ་ན་ཀའི་འབྲུའི་ཚད་ཙམ་གྱི་ཟུར་དྲུག་པའི་རིན་པོ་ཆེ་བསྒོམས་ལ། དེའི་ཆང་ཟུང་ལ་སྔ་མ་བཞིན་དུ་བདག་ཉིད་བསམས་ལ། བརྟན་པའི་རྟགས་མཐོང་བས་རིན་པོ་ཆེའི་རིགས་ཀྱི་ལྷ་རྣམས་སྤྲོ་བ་དང་བསྡུ་བ་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་བསྒོམ་པའི་རིམ་པའོ། །དམ་ཚིག་རྡོ་རྗེའི་རྣལ་འབྱོར་པས་སྒྲོལ་མའི་ཆོས་འབྱུང་བའི་ནང་དུ་ཡུངས་ཀར་གྱི་འབྲུའི་ཚོད་ཙམ་གྱི་རལ་གྲི་བསྒོམས་ལ། དེའི་ཆང་ཟུང་དུ་སྔ་མ་བཞིན་དུ་བདག་ཉིད་བསམས་ཏེ་བརྟན་པའི་རྟགས་མཐོང་ཞིང་དམ་ཚིག་གི་རིགས་ཀྱི་ལྷ་རྣམས་སྤྲོ་བ་དང་བསྡུ་བར་བྱེད་པའི་དམ་ཚིག་གི་རྡོ་རྗེའི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་བསྒོམ་པའི་རིམ་པའོ། །དེས་ནི་རིགས་དྲུག་གི་རྗེས་སུ་འབྲང་བའི་ཕྲ་མོའི་རྣལ་འབྱོར་བསྟན་ཏོ། །ཕྲ་མོའི་རྣལ་འབྱོར་དེས་ཀྱང་དཀྱིལ་འཁོར་བྲི་བ་དང་དེ་ལ་སློབ་མ་གཞུག་པ་དང༌། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་རྣམས་ཕ་རོལ་ལ་སྟོན་པ་དང༌། སྔགས་ཀྱི་ཐེག་པ་བཤད་པའི་ཕྱིར་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ལ་བཞུགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣལ་འབྱོར་པ་ལ་ལུང་སྟོན་པར་འགྱུར་རོ། །རྫོགས་པའི་རིམ་པའི་ཕྲ་མོའི་རྣལ་འབྱོར་བསྟན་པའི་ཕྱིར། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ་ཞེས་སྨོས་པ་ལ། ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལས་བྱུང་བའི་ཤུ་ཀྲའི་ཐིག་ལེའི་གཟུགས་སོ། །ཡུངས་ཀར་གྱི་འབྲུའི་ཚད་ཙམ་ཞེས་བྱ་བ་འདིས་ཤིན་ཏུ་ཕྲ་བ་ཉིད་བསྟན་ཏོ། །རང་གི་རྡོ་རྗེའི་ཁར་ཞེས་པ་ནི་རང་གི་གསང་བའི་རྡོ་རྗེའི་བུ་ག་ལའོ། །དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་བྱས་ལ་ཞེས་པ་ནི་འབྱུང་བ་ཆེན་པོ་ལྔའི་རང་བཞིན་དང་ཡེ་ཤེས་ལྔའི་ངོ་བོ་ཉིད་དུ་བྱས་ལའོ། །དེ་ལ་དེའི་སྲ་བ་ཉིད་གང་ཡིན་པ་དེ་ནི་སའི་ཁམས་སོ། །དེའི་གཤེར་བ་ཉིད་གང་ཡིན་པ་དེ་ནི་ཆུའི་ཁམས་སོ། །དེའི་དྲོ་བའི་


DTG032_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་གང་ཡིན་པ་དེ་ནི་མེའི་ཁམས་སོ། །དེའི་འགྲོ་བ་དང་ལྡོག་པ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་ནི་རླུང་གི་ཁམས་སོ། །དེའི་ནང་ན་ཁྱབ་པའི་བདེ་བ་ཆེན་པོའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་གང་ཡིན་པ་དེ་ནི་ནམ་མཁའི་ཁམས་སོ། །དེ་བཞིན་དུ་དག་པ་ཀུན་ད་དང་ཟླ་བ་དང་འདྲ་བའི་གསལ་བའི་རང་བཞིན་གྱི་ཚུལ་གང་ཡིན་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་བཞིན་དུ་དེའི་ཁམས་ཉི་ཤུ་རྩ་བཞི་སྡུད་པར་བྱེད་པའི་ཁམས་དྲུག་གི་ཚུལ་གང་ཡིན་པ་དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་རྣམ་པར་མི་རྟོག་པའི་མཚན་ཉིད་ཅན་གྱི་སྤྱོད་པ་གང་ཡིན་པ་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་བཞིན་དུ་དེའི་འོད་ཟེར་གྱི་ཚོགས་སྤྲོ་བས་སེམས་ཅན་གྱི་དོན་རྫོགས་པ་གང་ཡིན་པ་དེ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ། །དེ་བཞིན་དུ་དེའི་རྟག་པ་དྲི་མ་མེད་པ་ཟག་པ་མེད་པའི་ཆོས་ཀྱི་སྐུའི་མཚན་ཉིད་ཅན་གྱི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཇི་སྐད་དུ་བཤད་པའི་ཆོ་ག་ཞེས་བྱ་བ་ལ་སོགས་པ་ནི་ཆོ་ག་འདི་ཡིན་ཏེ། དང་པོར་རྡོ་རྗེ་དང་པདྨའི་གནས་དང་པོ་སྟོང་པ་ཉིད་དུ་བསྒོམས་ལ། །དེ་ནས་ཧཱུཾ་ཨཱཿ་ས་བོན་གཉིས་ཡོངས་སུ་གྱུར་པ་ལས་རྩེ་ལྔ་པའི་གསང་བའི་རྡོ་རྗེ་དང་པདྨ་འདབ་མ་བརྒྱད་པ་ཡང་བསྒོམས་ལ། དེ་དག་གི་རྩེ་མོར་ཚད་གཅད་པའི་དོན་དུ་ཧཱུཾ་དང་ཕཊ་བཀོད་ཅིང་རིན་ཆེན་འབྱུང་ལྡན་དང༌། དོན་ཡོད་གྲུབ་པའི་སྔགས་དག་གིས་རྡོ་རྗེ་དང་པདྨ་སྦྱོར་ཞིང་བསྐྱེད་པར་བྱ་སྟེ་རྗེས་སུ་ཆགས་པའི་མཆོག་གི་སྒྲས་དེ་བཞིན་གཤེགས་པ་བཀུག་ཅིང་འཇུག་ལ་བདུན་ཁྲི་ཉིས་སྟོང་གི་རྩ་ནས་ཆུའི་རྒྱུན་དང་འདྲ་བའི་བྱང་ཆུབ་ཀྱི་སེམས་དབུ་མའི་ལམ་ནས་རྡོ་རྗེའི་རྩེ་མོར་སྨིག་རྒྱུ་ལ་སོགས་པའི་རྟགས་ལྔ་མཚོན་པ་སྔོན་དུ་འགྲོ་བར་བྱང་ཆུབ་ཀྱི་སེམས་ལ་མཆོག་ཏུ་དགའ་བ་ཉམས་སུ་མྱོང་ཞིང་དེའི་མཐར་བྱང་ཆུབ་ཀྱི་སེམས་ལས་སྔ་མ་བཞིན་དུ་འོད་ཟེར་དང་ཕྱག་མཚན་དང༌། ཕྱག་རྒྱ་ཆེན་པོའི་གཟུགས་སྤྲོ་ཞིང༌། དེ་རྣམས་གྱིས་འགྲོ་བའི་དོན་བྱས་ལ་སླར་ཡང་བསྡུས་ཏེ་དེ་ཉིད་དུ་འཇུག་པར་བསམ་པར་བྱའོ་ཞེས་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་ཕྱུང་བ་ལས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་ཉིད་འོད་ཟེར་གྱི་ཚོགས་ཀྱི་སྒོ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚུལ་དུ་སྤྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །བུ་ནི་རྡོ་རྗེ་འཆང་ཆེན་


DTG032_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་ལྟོས་པས་དེ་བཞིན་གཤེགས་པ་ལྔའོ། །ཚ་བོ་ནི་དེ་རྣམས་ལས་ཀྱང་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་སོ། །སོགས་པའི་སྒྲས་ནི་རིགས་ཀྱི་ཡུམ་དང་མཆོད་པའི་ལྷ་མོ་དང་ཁྲོ་བོའི་འཁོར་ལོ་ཡང་བསྟན་ཏོ། །སྦས་པའོ་ཞེས་པ་ནི་འདོད་ཆགས་ཀྱི་ཆོས་ཉིད་བསྟན་པའི་ཕྱིར་རོ། །འདོད་ཆགས་ཀྱི་རིགས་ཅན་གྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་ཏེ་རྫོགས་པའི་རིམ་པའི་ཕྱོགས་སུ་ཡིན་ནོ། །ཞེ་སྡང་གི་རིགས་ཅན་གྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་གཉིས་པ་བསྟན་པར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པའི་བདག་ཉིད་ཅན། །ཞེས་སྨོས་པ་ལ་སྐུ་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་གསུམ་གྱི་ཡིག་འབྲུ་ཉེ་བར་བསྡུས་པ་ལས་འབྱུང་ངོ༌། །མི་ཤིགས་པར་གྲགས་པ་སྟེ་ཞེས་པ་ནི་འབའ་ཞིག་ཏུ་སྔགས་ཀྱི་ཐིག་ལེ་བརྗོད་དུ་མི་ནུས་པའི་ཕྱིར་རོ། །སངས་རྒྱས་ཀྱི་རིན་པོ་ཆེ་སྐྱེད་པས་སོ་ཞེས་པ་ནི་དེ་ལས་ཀྱང་སྤྲོ་བའི་སྦྱར་བས་སངས་རྒྱས་འབྱུང་བའི་ཕྱིར་རོ། །ཡུངས་ཀར་གྱི་འབྲུ་ཚད་ཙམ་ནི་རྗེས་སུ་འཇུག་པའི་དབྱངས་ཁོ་ནའོ། །ཐིག་ལེའི་གཟུགས་ཅན་ཡིན་པས་སོ་ཞེས་པ་ནི་རྗེས་སུ་འཇུག་པའི་དབྱངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྙིང་གའི་པདྨའི་ལྟེ་བར་ཞེས་པ་ནི་ཐུགས་རྡོ་རྗེ་འཆང་གི་གནས་ལའོ། །དེ་ལ་ཞེན་པས་ནི་དེ་ལ་སེམས་རྩེ་གཅིག་པས་སོ། །དེ་ཉིད་ཀྱི་བཤད་པ་ནི་འཇུག་པ་དང་ལྡང་བ་དང་། གནས་པ་དང་སྡུད་པའི་རྣལ་འབྱོར་གྱིས་སོ། །ཐུགས་རྡོ་རྗེ་འཆང་གི་ཡིག་འབྲུ་འབའ་ཞིག་ཏུ་དམིགས་ལ། དེའི་ཆ་ཤས་ཉེ་བར་བསྡུ་ཞིང་སྲོག་དང་རྩོལ་བ་དང་མེ་དང་མཉམ་པའི་རླུང་གསུམ་གྱི་བྱ་བའི་མཚན་ཉིད་ཀྱིས་འགྲོ་བ་དང་འོང་བ་དང་བར་དུ་གནས་པའི་ཚུལ་གསུམ་དུ་གནས་པར་བྱའོ། །སྡུད་པའི་རྣལ་འབྱོར་ཞེས་པ་ནི་རླུང་གི་གསུམ་པོ་ཡང་སྔགས་ཀྱི་ཐིག་ལེ་དེ་ཉིད་དུ་ཕྱིན་ནས་བསྡུ་བར་བྱའོ། །སྔ་མ་བཞིན་དུ་བརྟན་པའི་རྟགས་མཐོང་བ་སྔོན་དུ་འགྲོ་བས་སྤྲོ་བར་བྱའོ་ཞེས་བྱ་བས་རྟག་པ་སྟེ་ཞེས་སྟོན་ཏེ། ཐིག་ལེ་ཉེ་བར་སྡུད་པའི་མཚན་ཉིད་ཅན་གྱི་འོད་གསལ་བའོ། །མི་ཤིགས་པ་ཞེས་པ་ནི་རྡོ་རྗེ་འཆང་གི་ས་བོན་གྱི་ཐིག་ལེའོ། །དེ་ལ་རིན་པོ་ཆེ་སྟེ་འོད་གསལ་བའོ། །དེ་རྟོགས་ཤིང་མངོན་དུ་བྱས་ལ་དེས་ཡང་དག་པར་སྦྱོར་བ་ནི་སྤྲོ་བའི་དུས་སུ་ཡང་དེ་ཉིད་དུ་ལྷག་པར་མོས་པར་བྱའོ། །འོད་ཟེར་གྱི་ཚོགས་ཞེས་པ་ལ་ཁ་དོག་ལྔ་དང་ལྡན་པའི་དཀྱིལ་འཁོར་དེ་ལས་ཡོངས་


DTG032_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བརྟགས་ཏེ་གཡས་པ་ལ་སོགས་པའི་དབྱེ་བས་མེའི་དཀྱིལ་འཁོར་ལ་སོགས་པའི་རིམ་གྱིས་དེ་བཞིན་གཤེགས་པའི་ཚོགས་སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །མཐར་ཐུག་པའོ་ཞེས་པ་ནི། ཐུགས་ཀྱི་བཟླས་པའི་འོང་གསལ་བའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །འདིར་ནི་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཞེ་སྡང་རྡོ་རྗེའི་རྣལ་འབྱོར་པས་མགོ་བོ་ལ་སོགས་པར་ཡི་གེ་གསུམ་བཀོད་ལ་འཇུག་པ་དང་ལྡང་བ་ལ་སོགས་པའི་རིམ་གྱིས་དེ་ཉིད་བཟླ་ཞིང་ཀུན་རྫོབ་ཀྱི་ཕྱོགས་འདོར་བར་བྱ་བ་ཡིན་པས་སྐུ་རྡོ་རྗེའི་ཡིག་འབྲུ་གསུང་རྡོ་རྗེའི་ས་བོན་ལ་འཇུག་ཅིང༌། དེའི་ཆ་རྣམས་ཀྱང་སྙིང་གའི་པདྨ་ལ་གནས་པའི་ཐུགས་ཀྱི་རྡོ་རྗེའི་ཡི་གེ་འབྲུའི་ཐིག་ལེ་ལ་བསྡུས་ཏེ། དེའི་ཆ་རྣམས་ཀྱང་དེ་ཉིད་དུ་ཐིམ་ལ་འོད་གསལ་བ་ཉིད་དུ་དམིགས་ནས། དེ་ལས་སྤྲོས་པའི་དཀྱིལ་འཁོར་བཞིའི་འོད་ཟེར་གྱི་སྒོ་ནས་དེ་བཞིན་གཤེགས་པའི་ཚོགས་ཀྱིས་ནམ་མཁའི་དཀྱིལ་ཁྱབ་པར་བྱས་ལ། །དེ་རྣམས་ཀྱིས་འགྲོ་བའི་དོན་བྱས་ཏེ་དེ་ཉིད་དུ་འཇུག་པར་བྱའོ་ཞེས་པ་ནི། ཞེ་སྡང་གྱི་རིགས་ཅན་གྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་བསྟན་ཏོ། །དེ་ལྟར་ཕྲ་མོའི་རྣལ་འབྱོར་པ་རྣམ་པ་གསུམ་ལས་བསྐྱེད་པའི་རིམ་པ་གཙོ་བོར་གྱུར་པའི་རྣམ་པ་དྲུག་ནི་གཅིག་ཡིན་ཏེ་རིགས་དྲུག་ལས་བྱུང་བའི་ཕྱིར་རོ། །གཉིས་པ་དང་གསུམ་པ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་འདོད་ཆགས་དང་ཞེ་སྡང་གི་རིགས་ཅན་དག་ལ་བསྟན་ཏོ། །གཏི་མུག་གི་རིགས་ཅན་དག་ལ་ནི་འོག་ནས་འཆད་པར་འགྱུར་རོ། །ད་ནི་སྔར་བཤད་པའི་རྣམ་པར་སྣང་མཛད་ལ་སོགས་པའི་བསྐྱེད་པའི་རིམ་པའི་ཡན་ལག་ཏུ་གྱུར་པ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བསྟན་པར་བྱ་བའི་ཕྱིར་རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པ་སྨོས་ཏེ། དེ་བཞིན་ཉིད་ལ་དམིགས་པ་སྔོན་དུ་འགྲོ་བས་ཞེས་པ་ནི་དོན་དམ་པའི་དཀྱིལ་འཁོར་བསྒོམ་པ་སྔོན་དུ་འགྲོ་བས་སོ། །ཟླ་བའི་དཀྱིལ་འཁོར་བསྒོམས་ལ་ཞེས་པ་ནི་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་པདྨ་དང་ཟླ་བ་དང་ཉི་མའི་གདན་གྱི་སྟེང་དུ་ཡི་གེ་གསུམ་བཀོད་པ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་སྔར་བཤད་པའི་པདྨ་ལ་སོགས་པ་ཐིམ་ཞིང་རོ་གཅིག་པར་བྱས་ལ་ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱིས་བརྟན་པར་བྱས་པའི་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །


DTG032_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྟེང་དུ་འཁོར་ལོ་བསམས་ཏེ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་དེ་ཉིད་ལ་ཡི་གེ་གསུམ་བཀོད་ཅིང་ཡི་གེ་གཉིས་ཡི་གེ་ཨོཾ་ལ་ཞུགས་ཏེ། སྤྲོ་བ་དང་བསྡུ་བ་བྱས་ལ་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཁ་དོག་དཀར་པོ་རྩིབས་བཅུ་གཉིས་པའི་འཁོར་ལོ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བསྒོམ་མོ་ཞེས་པ་ནི་འཁོར་ལོ་དེའི་ལྟེ་བའི་དབུས་སུ་ཡང་ཡི་གེ་ཨོཾ་བཀོད་ལ། སྤྲོ་བ་དང་བསྡུ་བ་བྱས་ཏེ་ཟླ་བ་དང་འཁོར་ལོ་དང་ས་བོན་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་བཞི་པོའི་བསྐྱེད་པའི་རིམ་པ་སྟོན་ཏོ། །སྣང་བ་མཐའ་ཡས་པའི་རྣལ་འབྱོར་པས་བགེགས་བསྐྲད་པ་ནས་བརྩམས་ཏེ་ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱི་བར་དུ་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དང་འདྲ་བར་དམིགས་ལ་དེའི་སྟེང་དུ་ཡི་གེ་གསུམ་དགོད་ཅིང་ཡི་གེ་གཉིས་རང་གི་ས་བོན་ལ་ཞུགས་ཏེ། །དེ་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་ཁ་དོག་དམར་པོ་པདྨ་འདབ་མ་བརྒྱད་པ་བསམས་ལ། དེའི་ལྟེ་བར་ཡང་ཡིག་འབྲུ་དེ་ཉིད་དགོད་ཅིང་ཟླ་བ་དང་པདྨ་དང་ཡིག་འབྲུ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བསྒོམ་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་བགེགས་བསྐྲད་པ་ནས་བརྩམས་ཏེ་ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱི་བར་དུ་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དང་འདྲ་བར་ལྷག་པར་མོས་ལ། དེའི་སྟེང་དུ་ཡི་གེ་གསུམ་སྭ་དང་བཅས་པར་དགོད་ཅིང་ཡི་གེ་གསུམ་ཡང་རང་གི་ས་བོན་ལ་དགོད་དེ། དེ་ཡོངས་སུ་གྱུར་པ་ལས་ཁ་དོག་སེར་པོ་ཟུང་དྲུག་པའི་རིན་པོ་ཆེ་བསྒོམས་ལ། དེ་ལས་ས་བོན་དེ་ཉིད་དགོད་དེ་ཟླ་བ་དང་རིན་པོ་ཆེ་དང་ཡིག་འབྲུ་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་བསྒོམ་པར་བྱའོ། །དོན་ཡོད་གྲུབ་པའི་རྣལ་འབྱོར་པས་བགེགས་བསྐྲད་པ་ནས་བརྩམས་ཏེ། ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱི་བར་དུ་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དང་འདྲ་བར་བསྒོམས་ལ། ཡི་གེ་གསུམ་ཧ་དང་བཅས་པར་དགོད་དེ། ཡི་གེ་གསུམ་ཡང་རང་གི་ས་བོན་ལ་འཇུག་ཅིང་སྤྲོ་བ་དང་བསྡུ་བར་བྱས་ཏེ། དེ་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་རལ་གྲི་བསྒོམས་ལ། དེའི་ཆང་ཟུང་ལ་ཡིག་འབྲུ་དེ་ཉིད་དགོད་དེ། ཟླ་བ་དང་རལ་


DTG032_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་དང་ས་བོན་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དོན་ཡོད་གྲུབ་པར་བསྒོམ་པར་བྱའོ། །མི་བསྐྱོད་པའི་རྣལ་འབྱོར་པས་བགེགས་བསྐྲད་པ་ནས་བརྩམས་ཏེ། ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱི་བར་དུ་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དང་འདྲ་བར་བསྒོམས་ལ། དེའི་སྟེང་དུ་ཡི་གེ་གསུམ་དགོད་ཅིང་ཡི་གེ་གཉིས་ཐུགས་ཀྱི་རྡོ་རྗེའི་ས་བོན་ལ་ཞུགས་ཏེ། སྤྲོ་བ་དང་བསྡུ་བ་བྱས་ལ་དེ་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསྒོམས་ལ། དེ་ཉིད་ཀྱི་དབུས་ཀྱི་རྩེ་མོར་ཡིག་འབྲུ་དེ་ཉིད་དགོད་ཅིང་ཟླ་བ་དང་རྡོ་རྗེ་དང་ས་བོན་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་བཅོམ་ལྡན་འདས་མི་བསྐྱོད་པ་བསྒོམ་པར་བྱའོ། །དེ་ཙམ་གྱིས་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་པར་གྱུར་པའི་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བསྟན་ཏོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཕྱག་རྒྱ་ལེགས་པར་སྦྱང་བ་སྔོན་དུ་འགྲོ་བར་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཡང་བསྒོམ་པར་བྱའོ། །ལས་ཀྱི་རྒྱལ་བ་མཆོག་གི་ཕྱོགས་གཅིག་ཕྲ་མོའི་རྣལ་འབྱོར་ནི་རང་གི་ཚིག་གིས་གསུངས་སོ་ཞེས་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་ཅན་གྱི་བསྐྱེད་པའི་རིམ་པ་བསྟན་པ་དང་རྫོགས་པའི་རིམ་པ་ཡང་རྡོ་རྗེ་བཟླས་པ་ལ་སོགས་པའི་དབྱེ་བའི་སྒོ་ནས་བསྟན་ཏོ། །དེ་ལྟར་རིམ་པ་གཉིས་ནི་གསལ་བར་བཤད་པ་ཡིན་ནོ། །དེ་ལྟར་པདྨ་ཡོངས་སུ་གྱུར་པ་ལས་ཞེས་པ་ནི་ཟླ་བ་དང་པདྨ་དང་ཡིག་འབྲུ་ཡོངས་སུ་གྱུར་པ་ལས་ཞེས་བྱ་བའི་དོན་ཏོ། །པདྨ་རཱ་གའི་འོད་ཅན་ནི་དབང་གི་ལས་ལ་ནུས་པའི་ཕྱིར་རོ། །ཁ་དོག་སེར་པོ་ནི་རྒྱས་པའི་ལས་ལ་ནུས་པའི་ཕྱིར་ཏེ་གསེར་བཞིན་ནོ། །སྣ་ཚོགས་རྡོ་རྗེ་ནི་སྒྲ་ཇི་བཞིན་མ་ཡིན་པས་རལ་གྲི་འམ་རང་གི་གཟུགས་སོ། །ནམ་མཁའ་དང་འདྲ་བ་དེར་གནས་པ་ནི་ཞེས་པ་ནི་དེའི་ཁ་དོག་དང་ལྡན་པའོ། །ནམ་མཁའ་ལྟར་སྔོ་བསངས་ཞེས་བྱ་བའི་དོན་ཏོ་ཞེས་པ་ནི་དེ་ཉིད་ཀྱི་བཤད་པའོ། །སྐུ་དང་གསུང་དང་ཐུགས་སྒྲུབ་པས་མཚོན་པའི་ཞེས་པ་ནི་སྐུ་གསུང་ཐུགས་རྡོ་རྗེའི་ནང་ནས་ཐུགས་རྡོ་རྗེ་ཉིད་གཙོ་བོ་ཡིན་ཏེ། ལུས་དང་ངག་གི་རྩ་བ་དེ་ཡིན་པའི་ཕྱིར་རོ། །དེ་བས་ན་སྐུ་གསུང་ཐུགས་ཀྱི་སྒྲུབ་པ་ནི་དེ་བསྐྱེད་པ་ནི་རྒྱུར་གྱུར་པ་ཡི་གེ་གསུམ་མོ། །དེས་མཚོན་པ་ནི་ཐུགས་རྡོ་རྗེ་འཆང་ཉིད་དེ་འོད་གསལ་བའི་རང་བཞིན་གྱི་ཐུགས་ལ་ཡི་གེ་གསུམ་


DTG032_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཕྱིར་རོ། །དེ་དང་འདྲ་བ་བཅོམ་ལྡན་འདས་ནི་མི་བསྐྱོད་པའོ། །དེའི་རྡོ་རྗེ་ལས་བྱུང་བའོ་ཞེས་པ་ནི་ཟླ་བ་དང་རྡོ་རྗེ་དང་ཡིག་འབྲུ་དང་དེའི་བདག་ཉིད་ཀྱི་ང་རྒྱལ་ལས་བསྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །ཐམས་ཅད་མཁྱེན་པ་ཉིད་ནི་ཞེས་པ་ལ་རང་གི་གོ་འཕང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའོ། །སེམས་ཅན་རྣམས་དམིགས་ཤིང་ཞེས་པ་ནི་སེམས་ཅན་རྣམས་ལ་སྟེར་བར་བྱེད་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་པ་ནི་ཉེ་བར་བསྡུ་བའི་སྒོ་ནས་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བསྟན་ཏེ་དེ་ནི་སེམས་ཅན་གྱི་དོན་བྱེད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ་ཞེས་པ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་ཡེ་ཤེས་དང་ལྡན་པའོ། །འདུས་པ་མཛད་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་བདག་པོ་ཉིད་ཀྱིས་སོ། །དེ་རྣམས་ཀྱི་རེ་རེ་ལ་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ནི་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་བསྡུས་པར་མཛད་པའོ། །དྲང་བའི་དོན་ནི་བསྐྱེད་པའི་རིམ་པ་བསྟན་པའི་ཕྱིར་རོ། །གཏི་མུག་གི་རིགས་ཅན་གྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་བསྟན་པར་བྱ་བའི་ཕྱིར་འོད་གསལ་བའོ་ཞེས་སྨོས་པ་ལ། །ལུས་རྣམ་པར་དབེན་པའི་མཐར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་འོད་གསལ་བའི་དེ་ཁོ་ན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དེའི་དབུས་སུ་གནས་པའི་ཟླ་བའི་དཀྱིལ་འཁོར་དེ་མི་ཤིགས་པའོ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ལྟར་འབར་བར་འགྱུར་བའི་དབྱངས་ཀྱི་ཡི་གེ་དང་པོ་མི་ཤིགས་པ་ཞེས་བྱའོ།། རབ་དུ་བྱེད་པ་ལས་ཀྱང༌། ཐུང་དུ་ལུས་ངག་ཡིན་ཏེ། །གཅིག་མིན་དུ་མ་མ་ཡིན་ནོ། །ཞེས་འབྱུང་ངོ༌། །རྡོ་རྗེ་དཀྱིལ་འཁོར་གྱི་རྒྱན་ལས། འབར་ཞིང་མར་མེ་དང་མཚུངས་པའི། །སྙིང་གའི་དབུས་ན་མི་ཤིགས་པ། །མི་འགྱུར་པདྨ་ཕྲ་བ་སྟེ། །ཨ་ཡིག་གཙོ་བོ་མཆོག་ཡིན་ནོ། །ཞེས་འབྱུང་ངོ་། །སྒྱུ་འཕྲུལ་དྲ་བ་ལས་ཀྱང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། ཅེས་འབྱུང་ངོ༌། །མི་ཤིགས་པ་ལ་ངེས་པར་འབྱུང་བའི་


DTG032_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ཡི་གེ་ཨ་ལས་འབྱུང་ཞིང་དེའི་སྤྲུལ་པ་ལས་བསྐྱེད་པའོ། །ཆུའི་དཀྱིལ་འཁོར་ཏེ་མི་བསྐྱོད་པའི་ངོ་བོ་ཉིད་ཁ་དོག་དཀར་བ་ནི་ཞེས་པ་ལ་སྙིང་གར་གནས་པའི་ཕྱིར་དང༌། ཆུའི་ཁམས་ཁ་དོག་དཀར་བའི་ཕྱིར་དང༌། ཞི་བའི་ལས་ལ་བརྩོན་པའི་ཕྱིར་རོ། །དལ་བར་རྒྱུ་བའི་ཕྱིར་རོ་ཞེས་པ་ནི་རླུང་གི་དཀྱིལ་འཁོར་བཞིན་དུ་ཆུ་ནི་དྲག་པར་རྒྱུ་བ་མ་ཡིན་ཏེ། འོན་ཀྱང་རང་བཞིན་གྱི་ཆུའི་ཁམས་དལ་བར་རྒྱུ་བ་སྟེ། སྟེང་དང་འོག་གི་གནས་ཀྱི་འབྲེལ་པས་དེ་རྣམས་ཀྱི་མྱུར་བ་དང་དམན་པ་དང་བར་མ་རྒྱུ་བ་ཡིན་ཏེ། ཆུ་བོ་དང་རྒྱ་མཚོ་ལ་སོགས་པ་བཞིན་ནོ། །མེའི་དཀྱིལ་འཁོར་ཁ་དོག་དམར་པོའོ་ཞེས་པ་ལ་དེ་ཉིད་ཀྱི་རང་བཞིན་ལས་བྱུང་བ་གྲུ་གསུམ་པ་ལྐོག་མར་གནས་པའོ། །གཡས་ནས་འབྱུང་བ་ཞེས་པ་ནི་སྣ་ཁུང་གཡས་པ་ལས་འབྱུང་བའོ། །མེའི་དཀྱིལ་འཁོར་གྱི་རང་གི་ཁ་དོག་ནི་དམར་པོ་ཉིད་དོ་།དབང་ཆེན་གྱི་དཀྱིལ་འཁོར་ཞེས་པ་ནི་སའི་དཀྱིལ་འཁོར་ཏེ། །དེ་ཉིད་ཀྱང་ཡི་གེ་ལཾ་ལས་བྱུང་བ་གསང་བའི་གནས་སུ་གྲུ་བཞི་པར་གནས་པའོ། །གཉི་ག་ལས་འབྱུང་བར་ཞེས་པ་ནི་སྣ་ཁུང་གཉི་ག་ལས་འབྱུང་ངོ༌། །སའི་དཀྱིལ་འཁོར་ཁ་དོག་སེར་པོ་སྟེ་གསེར་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཡང་དལ་བུས་དམན་པར་རྒྱུ་བ་ཡིན་ཏེ་ས་གཞི་ནི་སྣོད་ཀྱི་འཇིག་རྟེན་ཡིན་པས་བརྟན་པའི་ཕྱིར་རོ། །རླུང་གི་དཀྱིལ་འཁོར་ཏེ་ཞེས་པ་ནི་དེ་ཉིད་ཀྱི་ཡི་གེ་ཡཾ་ལས་བྱུང་བ་གཞུའི་དབྱིབས་ཅན་ལྟེ་བར་གནས་པའོ། །ཁ་དོག་ནག་པོ་ཞེས་པ་རླུང་ནི་ངོ་བོ་ཉིད་ཀྱིས་ཁ་དོག་སྔོ་བ་ཡིན་པས་སོ། །གཡོན་ནས་རྒྱུ་བ་ཡིན་པར་ཞེས་པ་ནི་སྣ་ཁུང་གཡོན་པ་ལས་རྒྱུ་བའོ། །ཡིན་པར་ཤེས་པར་བྱ་སྟེ་ཞེས་པ་ནི་བསམ་པར་བྱའོ། །དེ་རྣམས་ནི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་འོད་ཟེར་བཞིའི་རབ་ཏུ་རྒྱུ་བ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་ངོ་བོ་ཉིད་དོ། །དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། གོས་དཀར་མོ་ལ་སོགས་པ་ལྷ་མོ་བཞིའི་རང་བཞིན་དང༌། ས་ལ་སོགས་པའི་ཁམས་བཞི་དང༌། ཞི་བ་ལ་སོགས་པ་ཕྲིན་ལས་བཞི་དང༌། དཀར་པོ་ལ་སོགས་པ་འོད་ཟེར་འབྱུང་བ། གཡས་དང་གཡོན་དང་གཉི་ག་དང་དལ་བུས་རྒྱུ་བ་དང༌། ཝ་ལ་སོགས་པའི་ཡི་གེ་ལས་བྱུང་བ་དང་གྲུ་


DTG032_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་ཟླུམ་པོ་དང་གཞུའི་དབྱིབས་དང་གྲུ་བཞི་དང་ཁ་དོག་དམར་པོ་ལ་སོགས་པ་དང་ལྡན་པར་ཤེས་པར་བྱའོ། །བཤད་པ་ཡིན་ནོ་ཞེས་པ་ནི་སྡུད་པ་པོས་བཤད་པའོ། །སྐུ་ལ་སོགས་པ་བསྐྱེད་པས་ན། །ཞེས་པ་ནི་འ་ཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྐུའི་རང་བཞིན་གྱི་སྐུ་གསུང་ཐུགས་རྫོགས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་བསྟན་པར་བྱ་བའི་ཕྱིར་འོད་གསལ་བ་ལས་བཞེངས་ཏེ་ཞེས་སྨོས་ཏེ། རིམ་པ་བཞི་པས་ཐོབ་པའི་དེ་ཁོ་ན་ཉིད་ལས་འབྱུང་བའོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རང་བཞིན་ནོ། །ལྷའི་དཀྱིལ་འཁོར་ཡིན་པར་ཤེས་པར་བྱའོ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པའི་ཚོགས་བསྒོམ་པར་བྱའོ། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པའི་ཞེས་པ་ནི་རྣལ་འབྱོར་པས་ཞེས་ཚིག་ལྷག་མའོ། །དེ་ནི་བྱེད་པའི་དྲུག་པ་ཡིན་ནོ། །དགོངས་པ་ནི་འདི་ཡིན་ཏེ། རེ་ཞིག་དང་པོའི་རྣལ་འབྱོར་པས་ཅིག་ཅར་དུ་ཡེ་ཤེས་ཀྱི་སྐུ་དམིགས་ལ། ལྟེ་བའི་ཕྱོགས་སུ་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་ཡི་གེ་ལས་ཡ་ར་ལ་ཝ་སྤྲུལ་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་ལྐོག་མ་ལ་སོགས་པའི་གནས་བཞི་ལས་གྲུ་གསུམ་དང་ཟླུམ་པོ་དང་ཟླ་གམ་གྲུ་བཞི་པའི་མེ་དང་ཆུ་དང་རླུང་དང་སའི་དཀྱིལ་འཁོར་རྣམས་བསྒོམས་ལ། །དེ་རྣམས་རེ་རེ་ལ་ཡི་གེ་གསུམ་དམིགས་པ་སྔོན་དུ་འགྲོ་བར་འཇུག་པ་ལ་སོགས་པ་གསུམ་གྱི་རིམ་པས་བཟླས་པར་བྱ་སྟེ། དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་ཕྲ་མོའི་རྣལ་འབྱོར་བསླབ་པར་བྱའོ། །དེའི་རིམ་པ་ནི་མེའི་དཀྱིལ་འཁོར་ལ་ཁ་དོག་དམར་པོ་འོད་ཟེར་སྣ་ཁུང་གཡས་པ་ལས་འབྱུང་ཞིང་གདོང་གི་སྣ་རྩེར་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་ཟིན་ན་དེའི་ཚེ་རྣལ་འབྱོར་པས་འབད་རྩོལ་མེད་པར་དབང་གི་ལས་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་རླུང་གི་དཀྱིལ་འཁོར་ལས་ཁ་དོག་ལྗང་སེར་སྣ་བུག་གཡོན་པ་ནས་འབྱུང་ཞིང་གདོང་གི་སྣ་རྩེར་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་ཟིན་ན་དེའི་ཚེ་རྣལ་འབྱོར་པས་འབད་རྩོལ་མེད་པར་དགུག་པ་དང་མངོན་སྤྱོད་དག་གྲུབ་པོ། །དེ་བཞིན་དུ་སའི་དཀྱིལ་འཁོར་


DTG032_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་སེར་པོ་སྣ་ཁུང་གཉིས་ཀ་ལས་འབྱུང་ཞིང་གདོང་གི་སྣ་རྩེར་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་ཟིན་ན། དེའི་ཚེ་རྣལ་འབྱོར་པས་འབད་རྩོལ་མེད་པར་རྒྱས་པའི་ལས་གྲུབ་བོ། །དེ་བཞིན་དུ་ཆུའི་དཀྱིལ་འཁོར་ལས་གཉི་ག་ལས་བྱུང་བའི་ཁ་དོག་དཀར་པོ་འོད་ཟེར་འབྱུང་ཞིང་གདོང་གི་སྣ་རྩེར་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་ཟིན་ན། དེའི་ཚེ་རྣལ་འབྱོར་པས་འབད་རྩོལ་མེད་པར་ཞི་བའི་ལས་གྲུབ་བོ། །འོད་ཟེར་གྱི་ཐིག་ལེ་དེ་ལས་སྔ་མ་བཞིན་དུ་བརྟན་པའི་རྟགས་མཐོང་བ་སྔོན་དུ་འགྲོ་བར་འོད་ཟེར་དང་ཕྱག་མཚན་དང་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་སླར་ཡང་དཀྱིལ་འཁོར་དེ་ཉིད་དུ་འཇུག་པ་ནི། །གཏི་མུག་གི་རིགས་ཅན་གྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་བསྒོམ་པའོ། །འདི་དང་སྔ་མ་གཉིས་བསྡུས་ཏེ་རྫོགས་པའི་རིམ་པའི་རྣལ་འབྱོར་པའི་སྐུ་རྡོ་རྗེ་ལ་སོགས་པའི་དབྱེ་བས་ཕྲ་མོའི་རྣལ་འབྱོར་རྣམ་པ་གསུམ་བསྟན་ཏོ། །རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའི་རྣལ་འབྱོར་པ་དག་གིས་ཀྱང༌། །སྨིན་མཚམས་དང་ལྟེ་བའི་དབུས་སུ་ཐིག་ལེ་ཙམ་བསྒོམ་པར་བྱའོ། །དེ་ལ་གསང་བའི་གནས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གང་ཡིན་བ་དེ་ཉིད་ཐུར་དུ་སེལ་བའི་རླུང་བཟློག་ནས་གྱེན་དུ་འདྲེན་པར་བསྒོམ་པར་བྱའོ་ཞེས་བླ་མའི་མན་ངག་གོ །ཡང་ན་སྐུའི་རིགས་ལ་སོགས་པ་ལ་བསྡུས་པའི་ཕྱིར་ལོགས་སུ་བསྒོམ་པར་མི་བྱ་སྟེ། གང་གི་ཕྱིར་རིན་ཆེན་འབྱུང་ལྡན་ནི་ང་རྒྱལ་གྱི་རང་བཞིན་ནོ། །ང་རྒྱལ་ཡང་གཏི་མུག་ལས་འབྱུང་བའམ་ཞེ་སྡང་ལས་བྱུང་བའོ། །དེ་ལ་གཏི་མུག་ལས་འབྱུང་ན་རྣམ་པར་སྣང་མཛད་ཀྱི་རིགས་ལ་བསྡུའོ། །ཞེ་སྡང་ལས་འབྱུང་ན་མི་བསྐྱོད་པའི་རིགས་ལ་བསྡུའོ། །དོན་ཡོད་གྲུབ་པ་ཡང་ཕྲག་དོག་གི་རང་བཞིན་ཏེ་ཕྲག་དོག་ཀྱང་ཞེ་སྡང་ལས་འབྱུང་བས་ན་ཐུགས་རྡོ་རྗེའི་རིགས་ཀྱི་ནང་དུ་བསྡུའོ། །དེའི་ཕྱིར་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དག་གི་ཕྲ་མོའི་རྣལ་འབྱོར་གྱི་བསྒོམ་པ་གང་ཡིན་པ་དེ་དག་ནི་དེ་ཉིད་རིན་པོ་ཆེ་དང་དོན་ཡོད་གྲུབ་པའི་རྣལ་འབྱོར་པས་བསྒོམ་པར་བྱ་ཞེས་གུད་ནས་བཤད་པར་མི་བྱའོ། །དེ་ཉིད་ཀྱི་ཕྱིར་རྒྱུད་ཕྱི་མ་ལས་ཀྱང༌། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་བྱ་མངོན་པར་བཤད། །རིགས་ནི་རྣམ་པ་


DTG032_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱར་བཤད་དེ། །མདོར་བསྡུས་པས་ནི་རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གསུམ་དུ་ཡང་ནི་བསྟན་པ་ཡིན། །ཞེས་འབྱུང་ངོ༌། །རྡོ་རྗེའི་བདག་ཉིད་ཅན་གྱི་ཚོགས་ཏེ་ཞེས་བྱ་བ་ནི་ཉེ་བར་བསྡུས་པའོ། །ཡོངས་སུ་རྫོགས་པའི་ལྷའི་སྐུ་ཡིན་ལ་ཞེས་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །དེའི་དོན་སྟོན་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ་ཞེས་པ་ནི། དེའི་དོན་སོ་སོར་སྟོན་པའི་ཚིག་གི་ཚོགས་ནི་ལེའུ་ཞེས་བྱའོ། །བཤད་པའི་རྒྱུད་ནི་ཞེས་པ་ལ། །དགོངས་པ་ལུང་བསྟན་པ་འདུས་པའི་བཤད་པའི་རྒྱུད་ལས་སོ། །གསལ་བར་སྟོན་པ་ཞེས་པ་ནི་ཐེ་ཚོམ་མེད་པའོ། །དེ་འདིར་འཇུག་པར་བྱ་སྟེ་ཞེས་པ་ནི་འགྲེལ་པ་འདིར་ཡང་བསྟན་པར་བྱའོ། །ཐོག་མཐའ་མེད་པ་ཞེས་པ་ནི། ཐོག་མ་དང་ཐ་མའི་སྐད་ཅིག་མ་དང་བྲལ་བའོ། །དེ་ལ་ཐོག་མ་ནི་སྣང་བ་དང་སྣང་བ་མཆེད་པ་དག་གོ །ཐ་མ་ནི་སྣང་བ་ཉེ་བར་ཐོབ་པའོ། །དེ་མེད་པ་ནི་ཐོག་མ་དང་ཐ་མ་མེད་པའོ། །རྣལ་འབྱོར་ཞེས་པ་ནི་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བས་ཐོབ་པར་བྱ་བ་སྟེ་རྒྱུ་ལ་འབྲས་བུའི་མིང་བཏགས་པའི་ཕྱིར་རོ། །ཕྲ་མོ་ནི་ཞེས་པ་ལ་རྣལ་འབྱོར་གྱི་མངོན་སུམ་གྱི་ཚད་མས་ལྷག་པར་རྟོགས་པར་བྱ་བ་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་ཐོབ་པས་ཏེ་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཕྲ་བར་གཟིགས་པའི་སངས་རྒྱས་ཀྱིས། །ཕྲ་ཕྱིར་རང་གི་རིག་པ་ཡིན། །རང་བཞིན་གནས་ཀྱང་བདག་འདྲ་བའི། །བློ་རགས་པ་ནི་མ་མཐོང་ངོ༌། །ཞེས་འབྱུང་ངོ༌། །དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱིས་ཀྱང༌། །རྣམ་རིག་ཙམ་ནི་གྲུབ་པ་སྟེ།། རང་ནུས་འདྲ་བ་བདག་གིས་ནི། །བྱས་པ་ཐམས་ཅད་བསམ་མི་ཁྱབ། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་འབྱུང་ངོ༌། །དེ་ལྟ་བུའི་འོད་གསལ་བའི་དེ་ཁོ་ན་ཉིད་དབྱངས་ཀྱི་ཡི་གེ་དང་པོ་གཟོད་མ་ནས་མ་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་མཚོན་པར་བྱ་བ་སྟེ། ཉེ་བར་བརྟགས་པས་ཡི་གེ་ཨ་ཡང་ཕྲ་མོའི་སྒྲས་བསྟན་ཏོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། མི་གསལ་བ་ཞེས་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བས་སོ། །གསལ་བར་ཡང་དག་སྦྱོར་ཞེས་པ་ནི་དེ་ལས་དཀྱིལ་འཁོར་བཞི་ཕྱུང་བའི་ཕྱིར་རོ། །དངོས་མེད་ཅེས་པ་ནི་གཟོད་མ་ནས་མ་སྐྱེས་པའོ། །ངོ་བོ་ཉིད་དུ་བྱུང་ཞེས་པ་ནི་འོད་གསལ་


DTG032_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་བྱུང་བའོ། །ཨ་ཡིག་ཆོས་ཀུན་སྒོ་ཡིན་ཏེ། །གཟོད་མ་ནས་མ་སྐྱེས་པའི་ཕྱིར་ཞེས་འབྱུང་ངོ༌། །རང་བཞིན་གྱིས་གྲུབ་པ་ཞེས་པ་ནི། ཆོས་ཉིད་ཀྱི་ངོ་བོ་ཡིན་པས་སོ། །དང་པོ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་གཙོ་བོར་གྱུར་པའམ། ཨཱ་ལི་དང་ཀཱ་ལིར་ཐོག་མར་དམིགས་པའི་ཕྱིར་རོ། །གཅིག་ནི་སྡེ་ཚན་བརྒྱད་སྡུད་པར་བྱེད་པའི་དངོས་པོའི་ཡི་གེ་བརྒྱད། །དེ་སྡུད་པར་བྱེད་པའི་ཡི་གེ་བཞི་ཡོངས་སུ་གྱུར་པ་ལས་ཡི་གེ་གསུམ་སྡུད་པར་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། དང་པོ་གཅིག་ནི་དགུ་དབུས་ན། །གང་ཞིག་བཅུ་ཡིས་མ་བཅིངས་པ། །དེ་ནི་བཅིངས་མེད་ཅེས་བྱ་སྟེ། །ཡེ་ཤེས་པ་ནི་མཆོག་གི་གནས། །དབྱངས་དང་གསལ་བྱེད་ཡི་གེ་སྟེ། །གྲངས་དགུ་ཡི་ནི་རྗེས་འཇུག་པ། །ཨས་བཅིངས་ཕན་ཚུན་ཡང་དག་སྦྱོར། །གང་གིས་ཤེས་ཏེ་འགྲོ་བའི་བླ། །འབྱུང་བའི་མཐའ་དང་ཡང་དག་ལྡན། །ཆ་ལ་སོགས་པ་བཅུ་དྲུག་གནས། །ལྔ་པ་ལྔ་དང་ཡང་དག་ལྡན། །བཞི་ནི་གསུམ་དུ་ངེས་པར་སྦྱར། །ཡི་གེ་ཨོཾ་བཅས་རིང་པོར་བཅས། །ཡོན་ཏན་སྦྱོར་སོགས་ཕྱིས་དང་མཚུངས། །ཐུང་དུ་མ་ལུས་ངག་ཏུ་འགྱུར། །གཅིག་མིན་དུ་མ་མ་ཡིན་ནོ། །ཡི་གེ་གང་ཞིག་སྔར་བཤད་དང༌། །གང་ཡང་མངོན་པར་ཕྱོགས་པ་རྣམས། །སྐྱེས་པ་བུད་མེད་མ་ནིང་དང༌། །ཁམས་ལ་སོགས་པ་ཡོངས་སུ་བརྟགས། །སྟེང་དང་འོག་ཏུ་བཅས་པར་ནི། །ཤེས་ནས་བློ་ནི་ངེས་པར་སྦྱར། །བརྗོད་པ་ཡི་ནི་སྔགས་འདི་དག །དངོས་མེད་ངོ་བོ་ཉིད་དུ་འབྱུང༌། །ཞེས་གསུངས་སོ། །གཅིག་དང་དུ་མ་རྣམས་སྤངས་པ། །ཞེས་པ་ནི་ཡི་གེ་ཕྱི་མོ་ཐམས་ཅད་དེ་ཉིད་ཀྱི་ནང་དུ་བསྡུས་པའི་ཕྱིར་དང༌། །དེ་ཉིད་ལ་ངག་གི་སྤྲོས་པ་ཐམས་ཅད་འབྱུང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་འབྱུང་ཆོས་སུ་གྲགས། །ཞེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་གྱིས་ལས་དང༌། ཉོན་མོངས་པ་དང༌། སྐྱེ་བའི་ངོ་བོ་སྲིད་པ་གསུམ་གྱི་བདག་ཉིད་ཅན་གྱི་འཁོར་བའི་འཁོར་ལོའི་ཆོས་ཉིད་ཡིན་ཏེ། དེ་དག་སྟོང་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ། དངོས་པོ་ཀུན་གྱི་འབྱུང་གནས་གཅིག །ཅེས་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཞེས་བྱ་བའི་འབྱུང་བའི་གནས་གཅིག་གོ །གང་ལས་འབྱུང་བ་ནི་འབྱུང་གནས་ཏེ་སྐྱེད་པའི་རྒྱུའོ། །དེ་ལ་ཁམས་གསུམ་ཐམས་ཅད་བསྐྱེད་པའོ། །བརྗོད་


DTG032_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་འབྱུང་བའི་ཕྱིར་རོ། །སྲིད་པ་གསུམ་པོ་འདི་དག་ནི། །མ་ལུས་མུན་པ་ལྟར་འགྱུར་ཏེ། །གལ་ཏེ་སྒྲ་ཞེས་སྒྲོན་མ་ཡིས། །ཐ་སྙད་འདི་དག་མི་གསལ་ན། །ཞེས་འབྱུང་བས་སོ། །བདག་ཉིད་འདི་ལྟར་བྱས་ན་ནི། །ཞེས་པ་ལ་འོད་གསལ་བ་གཅིག་པུ་ལས་འབྱུང་བའི་ཡི་གེ་ཨའི་རང་བཞིན་དུ་བྱས་ནས་སོ། །ཆོས་ཀྱི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པ་ནི་ཆོས་ཀྱི་དེ་བཞིན་གཤེགས་པ་བཞི་པོའི་དཀྱིལ་འཁོར་ནི་མེ་ལ་སོགས་པའི་དཀྱིལ་འཁོར་བཞི་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཞེས་བྱ་བ་ནི་རིགས་ཀྱི་དོན་དུ་ཚིག་གཅིག་དང་སྦྱར་རོ། །དེ་རྣམས་ཀྱི་ཁ་དོག་བཤད་པའི་ཕྱིར་དམར་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམར་པོ་ནི་མེའི་དཀྱིལ་འཁོར་ཏེ་ལྐོག་མར་རོ། །ནག་པོ་ནི་རླུང་དཀྱིལ་འཁོར་ཏེ་ལྟེ་བར་རོ། །སེར་པོ་ནི་སའི་དཀྱིལ་འཁོར་ཏེ་གསང་བར་རོ། །དཀར་པོ་ནི་ཆུའི་དཀྱིལ་འཁོར་ཏེ་སྙིང་གར་རོ། །མདོར་བསྡུས་པ་ནི་འབྱུང་བ་ཆེན་པོ་བཞིའི་ངོ་བོ་ཡིན་པས་སོ། །བཞི་བཞི་ཡི་ནི་སྦྱོར་བ་ཡིས། །ཞེས་པ་ནི་དཀྱིལ་འཁོར་རེ་རེ་ལ་ཡང་ཆ་བཞིས་ཁྱབ་པའི་ཕྱིར་རོ། །དེ་ལ་ལྐོག་མའི་དཀྱིལ་འཁོར་མེའི་ཁམས་ཀྱི་ངོ་བོ་ཡང་ས་དང་ཆུ་དང་རླུང་གི་ཁམས་ཀྱི་ཆས་ཁྱབ་པའོ། །སྙིང་གའི་དཀྱིལ་འཁོར་ཆུའི་ཁམས་ཀྱི་ངོ་བོ་ཡང་ས་དང་མེ་དང་རླུང་གི་ཁམས་ཀྱི་ཆས་ཁྱབ་པའོ། །ལྟེ་བའི་དཀྱིལ་འཁོར་རླུང་གི་རང་བཞིན་ཡང་ས་དང་མེ་དང་ཆུའི་ཁམས་ཀྱི་ཆས་ཁྱབ་པའོ། །གསང་བའི་དཀྱིལ་འཁོར་སའི་རང་བཞིན་ཡང་ཆུ་དང་མེ་དང་རླུང་གི་ཁམས་ཀྱི་ཆས་ཁྱབ་པའོ། །ས་ལ་སོགས་པ་འབྱུང་བ་ཆེན་པོ་རྣམས་ནི་ཕན་ཚུན་མེད་པར་མི་འབྱུང་བའི་འབྲེལ་པ་དང་ལྡན་པ་ཡིན་ཏེ། བྱས་པ་དང་མི་རྟག་པ་བཞིན་ནོ། །གོས་དཀར་ལ་སོགས་ལེགས་པར་བྲི། །ཞེས་པ་ནི་སྣང་བ་མཐའ་ཡས་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་པོའི་བཙུན་མོ་ཁམས་བཞིར་བྱིན་གྱིས་བརླབ་པ་ཞེས་བྱ་བའི་དོན་ཏོ། །ས་ནི་སྤྱན་མ་ཞེས་པ་སྟེ། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་དཀར་མ་ནི་མེར་བཤད་པ། །རླུང་ནི་སྒྲོལ་མར་རབ་ཏུ་གྲགས། །ཞེས་འབྱུང་ངོ༌། །དེ་ཡི་དབུས་སུ་རང་གི་ལྷ། །ཞེས་པ་ནི་དཀྱིལ་འཁོར་བཞི་པོའི་ནང་ན་རང་གི་ལྟ་སྟེ་འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པ་དང་དོན་ཡོད་གྲུབ་པ་དང༌། རིན་ཆེན་འབྱུང་


DTG032_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱི་བྱིན་གྱིས་བརླབས་པར་ཤེས་པར་བྱ་སྟེ། འདིར་ནི་པདྨའི་མགོན་པོ་ལྷ། །ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར་རོ། །སྦྱོར་བ་བཞི་ཡི་གོ་འཕང་མཆོག །ཅེས་པ་ནི་གྲུ་གསུམ་དང་ཟླུམ་པོ་དང་གཞུའི་དབྱིབས་དང་གྲུ་བཞི་པ་དང་ལྐོག་མ་དང་སྙིང་ག་དང་ལྟེ་བ་དང་གསང་བའི་གནས་དང༌། དམར་པོ་དང་ནག་པོ་དང་སེར་པོ་དང་དཀར་པོའི་ཁ་དོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །སྟེང་དང་ཟུར་དང་མཉམ་དང་འོག །ཅེས་པ་ནི་སྟེང་ནི་ལྐོག་མའོ། །ཟུར་ནི་སྙིང་གའོ། །མཉམ་པ་ནི་ལྟེ་བའོ། །འོག་ནི་གསང་བའོ། །ཡང་ན་སྟེང་ནི་མེའི་དཀྱིལ་འཁོར་གཡས་པའི་སྒོ་ནས་འབྱུང་བའོ། །ཟུར་ནི་རླུང་གི་དཀྱིལ་འཁོར་གཡོན་ནས་རྒྱུ་བའོ། །མཉམ་པ་ནི་ཆུའི་དཀྱིལ་འཁོར་གཉིས་ཀ་ལས་རྒྱུ་བའོ། །འོག་ནི་སའི་དཀྱིལ་འཁོར་གཉིས་ཀ་ཁོ་ན་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །གོས་དཀར་ལ་སོགས་ཞེས་པ་ནི་གོས་དཀར་ལ་སོགས་པའི་ལྷ་མོ་བཞིས་ཉེ་བར་མཚོན་པའི་དཀྱིལ་འཁོར་པ་བཞི་ཞེས་བྱ་བའི་ཐ་ཚིག་གོ །ཇི་བཞིན་དུ་ཞེས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །མེ་དང་རླུང་དང་དབང་ཆེན་དང་ཆུ་སྟེ་ཞེས་པ་ནི་དཀྱིལ་འཁོར་རྣམས་ཀྱི་གནས་ཀྱི་རིམ་པས་ནི་མ་ཡིན་གྱི། །འོན་ཀྱང་རླུང་རབ་ཏུ་རྒྱུ་བའི་རིམ་པས་སོ། །དེ་ལ་ཐུན་དང་པོར་མེའི་དཀྱིལ་འཁོར་གཡས་པ་ལས་རྒྱུ་བའོ། །ཐུན་གཉིས་པ་ལ་རླུང་གི་དཀྱིལ་འཁོར་ནི་གཡོན་ལས་རྒྱུ་བའོ། །ཐུན་གསུམ་པ་ལ་སའི་དཀྱིལ་འཁོར་གཉི་ག་ལས་རྒྱུ་བའོ། །ཐུན་བཞི་པ་ལ་ཆུའི་དཀྱིལ་འཁོར་དལ་བུས་དམན་པ་གཉི་ག་ལས་རྒྱུ་བའོ། །སོ་སོའི་དཀྱིལ་འཁོར་རོ་ཞེས་པ་ནི་ཉིན་མོ་དང་མཚན་མོ་འཇུག་པ་དང་གནས་པ་དང་ལྡང་བའི་རིམ་གྱིས་རྒྱུ་བའི་ཉི་ཤུ་རྩ་བཞིར་འགྱུར་རོ། །རྒྱུ་བ་དེ་རྣམས་ཀྱི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་རླུང་གི་གྲངས་སུ་འགྱུར་རོ། །གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྒྲེས་པས་ན། །སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བཤད་པ།། ཉི་ཤུ་རྩ་བཞིའི་རིམ་པ་ཡིས། །ལེགས་པར་བསྡུས་ཏེ་དེ་དག་ནི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར། །ཞེས་འབྱུང་ངོ༌། །དེ་ལ་དོན་བསྡུས་པ་ནི་གཏི་མུག་གི་རིགས་ཅན་གྱི་རྣལ་འབྱོར་པས་ཕྲ་མོའི་རྣལ་འབྱོར་བསྒོམ་པར་འདོད་པས་སེམས་རྣམ་པར་དག་པའི་རིམ་པས་འོད་གསལ་བ་ལ་འཇུག་སྟེ་


DTG032_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་བདག་བྱིན་གྱིས་བརླབ་པའི་རིམ་པས་ཡེ་ཤེས་ཀྱི་སྐུ་དམིགས་ལ། ལྟེ་བའི་ཕྱོགས་སུ་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ཅིག་ཆར་དུ་བསྒོམ་ཞིང་དེའི་ལྟེ་བར་དང་པོ་ཡི་གེ་འབར་བ་བསམས་ཏེ་དེའི་མེ་སྟག་དང་འདྲ་བའི་ར་ལ་སོགས་པ་ཡི་གེ་བཞིའི་ལྐོག་མ་ལ་སོགས་པའི་གནས་ལས་སྤྲོས་ཏེ། དེ་ཡོངས་སུ་གྱུར་པ་ལས་མེ་ལ་སོགས་པའི་དཀྱིལ་འཁོར་བཞི་བསྒོམས་ལ། ཁ་དོག་དམར་པོ་ལ་སོགས་པའི་དབྱེ་བ་དང་གཡས་པ་ལ་སོགས་པའི་སྒོའི་དབྱེ་བས་འོད་ཟེར་གྱི་ཚོགས་སྤྲོས་ཏེ། དེ་ཉིད་སྣའི་རྩེ་མོར་ཐུན་ཕྱེད་ཕྱེད་ཀྱི་དུས་འཛིན་ནས་བརྟན་པའི་རྟགས་མཐོང་བ་སྔོན་དུ་འགྲོ་བས་སྤྲོ་བ་དང་བསྡུ་བ་བྱས་ལ། འབད་རྩོལ་མེད་པར་ཞི་བ་ལ་སོགས་པ་བསྒྲུབས་ལ་ཇི་སྲིད་སེམས་རྩེ་གཅིག་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་གནས་པར་བྱའོ་ཞེས་གཏི་མུག་གི་རིགས་ཅན་གྱི་རྣལ་འབྱོར་པའི་རྫོགས་པའི་རིམ་པའི་སྒོ་ནས་ཕྲ་མོའི་རྣལ་འབྱོར་བསྒོམ་པ་བསྟན་ཏོ། །དེ་ལྟར་རྫོགས་པའི་རིམ་པའི་རྣལ་འབྱོར་པའི་རྣམ་པ་གསུམ་གྱི་ཕྲ་མོའི་རྣལ་འབྱོར་བསྒོམ་པ་བསྟན་པ་དང༌། བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་ནི་གཅིག་སྟེ། མདོར་བསྡུས་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་ཞེས་པ་ནི་སྡུད་པ་པོའི་ཆིག་གོ །ངེས་པའི་དོན་ཏོ་ཞེས་པ་ནི་རྡོ་རྗེ་བཟླས་པའི་རིམ་པའི་རྒྱུར་གྱུར་པ་ཕྲ་མོའི་རྣལ་འབྱོར་བསྟན་པའི་ཕྱིར་རོ། །རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་ཀྱི་བསྐྱེད་པ་རྟོགས་ནས་ནི། །རྡོ་རྗེ་བཟླས་པ་རྣམས་ལ་སློབ། །ཅེས་འབྱུང་ངོ༌། །སྒྲོན་མ་གསལ་བའི་ཊཱི་ཀཱ་ལས་ལེའུ་གསུམ་པའོ།། །།


previousལེའུ་གསུམ་པ། རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་ཞེས་བྱ་བའི་རྒྱ་ཆེར་བཤད་པ།next