Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་གཉིས་པ།


  collapse section
   
   
   
   
ལེའུ་བཞི་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་རྒྱ་ཆེར་བཤད་པ།
   
   
   
   


 
previousལེའུ་བཞི་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་རྒྱ་ཆེར་བཤད་པ།next

ལེའུ་བཞི་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་རྒྱ་ཆེར་བཤད་པ།


DTG032_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་སྐུ་ཡང་དག་པར་ཐོབ་པས་གཞན་རྣམས་རྗེས་སུ་གཟུང་བའི་ཕྱིར་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བྱ་བས་ལྷ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པས་ལེའུ་བཞི་པའི་བཤད་པ་རྩོམ་པར་བྱེད་དེ། ལྷ་ལ་དམིགས་པ་སྔོན་དུ་འགྲོ་བས་ཞེས་པ་ནི་ལེའུ་གསུམ་པ་ནས་གསུངས་པའི་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གཉིས་ཀྱིས་བསྒྲུབ་པར་བྱ་བའི་ལྷའི་སྐུ་བསྒོམ་པ་སྔོན་དུ་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ །ཕྲ་མོའི་རྣལ་འབྱོར་བསྒོམ་པས་ཞེས་པ་ནི་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་ཏུ་གྱུར་པ། །ཕྱག་རྒྱའི་པདྨའི་ནང་དུ་ཐིག་ལེ་བསྒོམ་པ་དང་སྣ་རྩེར་གསུམ་ལ་ཐིག་ལེ་ལ་བསྒོམ་པས་སོ། །ཁྱད་པར་ཐོབ་པས་ཞེས་པ་ནི་


DTG032_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྩེ་གཅིག་པ་ཉིད་ཐོབ་པ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་འགྲོ་བའི་དོན་བྱ་བའི་ཕྱིར་ལུང་བསྟན་པ་ལའོ། །སློབ་མ་རྣམས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཕྱིར་ཞེས་པ་ནི། མཚན་མའི་ཕྱག་རྒྱ་དང་ལྡན་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རིག་པའི་དབང་ལ་སོགས་པ་བསྐུར་པའི་ཕྱིར་རོ། །དེས་ན་དོན་འདི་ཡིན་ཏེ་ཕྲ་མོའི་རྣལ་འབྱོར་བསྒོམ་པའི་སྒོ་ནས་སེམས་ལ་དབང་ཐོབ་པའི་སློབ་དཔོན་གྱིས་ཐུགས་ཀྱི་དཀྱིལ་འཁོར་དུ་སློབ་མ་ལ་དབང་བསྐུར་རོ་ཞེས་བྱ་བའི་དོན་ཏོ། །བླ་མ་ལ་གསོལ་བ་འདེབས་པའི་ཆོ་ག་ཞེས་པ་ནི་རྡོ་རྗེ་སློབ་དཔོན་ལ་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་སློབ་མས་ཞུ་བ་ཞེས་པའི་དོན་ཏོ། །སྒྲ་ཇི་བཞིན་པར་ནི་སོགས་པའི་སྒྲས་ཤེས་པར་བྱའོ། །མི་བསྐྱོད་པའི་སྒོ་ནས་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་ནང་ནས་ཐུགས་རྡོ་རྗེ་གཙོ་བོ་ཡིན་པའི་ཕྱིར་རོ། །བསྟོད་པས་ནི་བསྟོད་པ་བྱས་ནས་སོ། །མཉེས་པར་བྱེད་པ་ཞེས་པ་ནི་གསོལ་བ་འདེབས་པའོ།། རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཀྱིས་སོ་ཞེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་བའི་སྤྲོས་པ་ཞི་བའི་མཚན་ཉིད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནམ་ཞི་བའི་ཕྲིན་ལས་མཛད་པའི་རང་བཞིན་གྱིས་སོ། །དེ་བཞིན་གཤེགས་པ་ཀུན་གྱི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་གསལ་བ་ལས་བྱུང་བ་རྣམ་པར་དག་པའི་རང་བཞིན་ཏེ་འབྱུང་བ་ཆེན་པོ་བཞིའོ། །དེ་རྣམས་ཀྱི་གནས་ནི་བསྐྱེད་པའི་གནས་ཏེ་ནམ་མཁའོ། །དེའི་ངོ་བོ་ནི་རིན་ཆེན་འབྱུང་ལྡན་ཞེས་བྱ་བའི་དོན་ཏོ། །མདོ་སྡེ་ལ་སོགས་པ་ཡན་ལག་བཅུ་གཉིས་ཀྱི་གསུང་རབ་ནི་ཆོས་ཀུན་ཏེ་དེའི་རྣམ་པར་དག་པའི་རང་བཞིན་འོད་དཔག་ཏུ་མེད་པ་ཞེས་པ་ནི་ངག་རྣམ་པར་དག་པའི་ངོ་བོ་ཡིན་པས་སོ། །ཡང་ན་ཆོས་ཀུན་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་ནོ། །དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ཡིན་ཏེ་རྒྱུ་དང་འབྲས་བུ་དབྱེར་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་རྒྱུར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་འོད་དཔག་ཏུ་མེད་པ་དེ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཆོས་ཀུན་ནི་ཆོས་ཐམས་ཅད་རབ་ཏུ་བྱེད་པའི་མཚན་ཉིད་ཅན་གྱི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་དེའི་རང་བཞིན་དེ་ཉིད་ཡིན་ནོ། །བདག་མེད་པའི་ཞེས་པ་ནི་རྡོ་རྗེ་འཆང་གི་གོ་འཕང་ངོ༌། །མཆོག་གི་


DTG032_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་ལ་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱིས་དེ་ཐོབ་པར་བྱེད་པས་ན་བདག་མེད་པ་མཆོག་ནི་དོན་ཡོད་གྲུབ་པའོ། །ཡང་མཆོག་ནི་གཡོ་བའི་རང་བཞིན་གྱི་རླུང་གི་ཁམས་ཏེ། དེ་ཉིད་རྡོ་རྗེ་བཟླས་པའི་རིམ་པས་དབང་དུ་བྱེད་ཅིང་མི་སྣང་བར་བྱེད་པས་ན། བདག་མེད་དེ་བདག་མེད་མཆོག་ནི་དོན་ཡོད་གྲུབ་པ་ཉིད་དོ། །རླུང་གི་ཁམས་རྣམ་པར་དག་པའི་ཕྱིར་རོ། །རིགས་གསུམ་གྱི་ངོ་བོ་ཉིད་ཀྱིས་ཞེས་པ་ནི་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་སྔར་བཤད་པའི་རིགས་པས་རིགས་གསུམ་ལ་བསྡུས་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་ཏེ་ཞེས་པ་ནི་བྱ་བ་དང་བྱེད་པའི་ཚིག་གོ། དེ་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་མཚན་དང་ཞེས་པ་ནི་འོག་ནས་བཤད་པའི་མཚན་ཉིད་དོ། །ཆད་པ་དང་ལྷག་པའི་ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ནི་ཁྲུ་ཚད་བཅུ་གཉིས་བྱ་བ་ཡིན་གྱི་དེ་ལས་ཆད་པ་ཁྲུ་བཅུ་གཅིག་ལ་སོགས་པ་དང༌། དེ་ལས་ལྷག་པ་ཁྲུ་བཅུ་གསུམ་ལ་སོགས་པ་ཞེས་བྱ་བའོ། །ཉེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་མ་གསུངས་པའི་ཕྱིར་རོ། །བྲལ་བ་ཞེས་པ་ནི་དེ་མེད་པ་ཞེས་བྱའོ། །སྐུའི་མཆོག་ཅེས་པ་ནི་སྐུ་རྣམ་པར་དག་པའི་རང་བཞིན་རྣམ་པར་སྣང་མཛད་ཅེས་བྱ་བའི་དོན་ཏོ། །དེས་ནི་སྐུའི་རིགས་ཀྱི་གཙོ་བོས་རྡོ་རྗེ་སློབ་དཔོན་ལ་བསྟོད་པ་བསྟན་ཏོ། །དོན་དམ་པའི་བདེན་པ་ལ་ངེས་པར་འབྱུང་བ་ཞེས་པ་ནི་འོད་གསལ་བ་ལས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་འབྱུང་བའི་ཕྱིར་རོ། །ཇི་སྐད་དུ། །ཇི་ལྟར་ཆུ་ཀླུང་དང་བ་ལས། །ཉ་དག་མྱུར་དུ་ལྡང་བ་བཞིན། །ཐམས་ཅད་སྟོང་པའི་དང་བ་ལས། །སྒྱུ་འཕྲུལ་དྲ་བ་དེ་བཞིན་འབྱུང༌། ཞེས་བཤད་དོ། །སྣང་བ་གསུམ་པོ་ཞེས་པ་ནི་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱི་ཚོར་བ་གསུམ་དང་ལྡན་པའི་ཀུན་གཞི་ལ་སོགས་པའི་རྣམ་པར་ཤེས་པ་གསུམ་མོ། །འདོད་ཆགས་ལ་སོགས་པ་སྟེ་ཞེས་པ་ནི་རྣམ་པར་ཤེས་པ་དེ་རྣམས་ཀྱི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ལས་བྱུང་བའི་འདུ་བྱེད་ཀྱི་ཕུང་པོའི་ངོ་བོ་སྟེ་སྤྱོད་པའོ། །འདོད་ཆགས་ལ་སོགས་པ་ནི་ཤེས་རབ་ཀྱི་རང་བཞིན་སུམ་ཅུ་རྩ་གསུམ་གྱི་ཆོས་དང༌། ཐབས་ཀྱི་རང་བཞིན་བཅུ་དང་མ་རིག་པའི་རང་བཞིན་བདུན་ཏེ། ཉིན་དང་མཚན་དུ་བརྒྱ་བཅུ་གཉིས་གྱུར་ནས་བརྒྱ་དྲུག་ཅུར་


DTG032_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའོ། །དེ་རྣམས་ཀྱང་རང་བཞིན་ཞེས་པ་ནི་བརྒྱ་དྲུག་ཅུའི་གྲངས་དང་ལྡན་པའོ། །མངོན་པར་བྱང་ཆུབ་པར་བསྒོམས་པས་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་སེམས་རྣམ་པར་དག་པའི་རིམ་པས་སོ། །རྣམ་པར་སྦྱོང་བར་མཛད་པས་ན། །ཞེས་པ་ནི་མི་སྣང་བར་བྱེད་པའོ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བའོ། །ཞེས་པ་ནི་རང་བཞིན་གྱིས་དག་པའི་འོད་གསལ་བའི་དེ་ཁོ་ན་ཉིད་རྟོགས་པ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཀྱི་དབང་ཕྱུག་བརྙེས་པས་ན་ཞེས་པ་ནི་སྐུའི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པའི་ཕྱིར་དང་ཕྲ་བ་ལ་སོགས་པའི་སྒྱུ་འཕྲུལ་བརྒྱད་ཐོབ་པའི་ཕྱིར་རོ། །དེ་ཚེ་དབང་ཕྱུག་ཀུན་ཐོབ་ནས། །རྡོ་རྗེ་སྐུ་ནི་མགུ་བར་འགྱུར། །ཞེས་འབྱུང་ངོ༌། །ངག་གི་དབང་ཕྱུག་བརྙེས་པས་ན། །ཞེས་པ་ནི་ཡན་ལག་དྲུག་ཅུ་དང་ལྡན་པའི་ཚངས་པའི་དབྱངས་ལ་སོགས་པའི་མཚན་ཉིད་ཅན་གྱི་ངག་གི་དབང་ཕྱུག་སྟེ་དབང་དུ་གྱུར་ཅིང་མངོན་དུ་བྱས་པ་དེ་ཐོབ་པའི་ཕྱིར་རོ། །དེས་ནི་གསུང་གི་རང་བཞིན་གྱི་འོད་དཔག་ཏུ་མེད་པའི་སྒོ་ནས་རྡོ་རྗེ་སློབ་དཔོན་ལ་བསྟོད་པ་བསྟན་ཏོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ནི་རྡོ་རྗེ་ཉིད་པས་ན་ཞེས་པ་ནི་སེམས་ཅན་ཐམས་ཅད་དེ་རིགས་བཞི་ལས་བྱུང་བའི་འགྲོ་བ་རིགས་དྲུག་ལས། །རང་རིག་པའི་མངོན་སུམ་གྱིས་རྟོགས་པར་བྱ་བའི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་རྣམས་རྣམ་པར་དཔྱད་ནས་དམིགས་སུ་མེད་པས་ཞེས་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་དང༌། བདག་ཀྱང་རང་བཞིན་གྱིས་རྣམ་པར་དག་པའོ། །འདོད་ཆགས་ལ་སོགས་པའི་དྲི་མ་དང་བྲལ་བས་ནི་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་རང་བཞིན་བརྒྱ་དྲུག་ཅུ་དང་བྲལ་བའི་ཕྱིར་རོ། །དེ་ན་ཁམས་གསུམ་པ་ནི་འོད་གསལ་བའི་རང་བཞིན་ཉིད་དང་སེམས་ཀྱང་སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་དེ་མེད་པས་སེམས་ལས་བྱུང་བའི་ཆོས་ཀྱི་ངོ་བོ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ག་ལ་ཡོད་དེ། ཆོས་ཅན་ཡོད་ན་ཆོས་རྣམས་ལ་འཇིག་རྟེན་པའི་བསམ་པ་འཇུག་པ་ཞེས་བཤད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ལས་ཀྱང༌། དབང་པོའི་ཚོགས་ལ་ཆགས་པ་མེད། །དོན་ལ་མ་ཡིན་སེམས་ལ་མིན། །གཞན་དང་བདག་


DTG032_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་མི་དམིགས་ཏེ། །དེས་ན་ཡོད་མིན་མེད་མིན་ཏེ། །བསམ་གྱིས་མི་ཁྱབ་འབྲེལ་བ་ཡིས། །རྒྱུ་ཅན་སེམས་ཀྱི་འཁྲུལ་པ་ལས། །སྤྲིན་གྱི་བུ་ག་གང་ལས་ཀྱང༌། །ཐོག་ནི་མེ་ལྟར་འབྱུང་བར་འགྱུར། །ཞེས་འབྱུང་ངོ༌། །དེ་བཞིན་དུ། འདོད་ཆགས་རང་གི་སེམས་རྟོགས་ཏེ། །མུན་པ་ཞེ་སྡང་ལུས་ཅན་གྱི། །བརྫུན་པའི་བདག་ཉིད་བྱིས་པ་ཡིས། །གང་དག་ཆོས་རྣམས་བརྟག་པ་སྟེ། །དོན་དམ་རྣམ་རྟོག་ལ་ཡང་ནི། །མཁས་པས་ཞེན་པར་མི་བྱའོ། །ཞེས་འབྱུང་ངོ༌། །ཞི་བའི་ལྷའི་ཞལ་སྔ་ནས་ཀྱིས་ཀྱང༌། ཉོན་མོངས་ཡུལ་ལ་མེད་ཅིང་དབང་པོའི་ཚོགས་ལའང་མེད་ལ་བར་ཡང་མི་གནས་ཏེ། །དེ་ལས་གཞན་དུ་མ་ཡིན་གར་གནས་འོན་ཀྱང་དེ་ཡིས་འགྲོ་བ་ཐམས་ཅད་བཅོམ་པར་བྱེད། །འདི་ནི་སྒྱུ་མ་ཡིན་གྱི་དེ་ཕྱིར་སེམས་ཀྱི་འཇིགས་པ་འདོར་ཞིང་རྩོལ་བ་བརྟེན་པར་གྱིས། །ཤེས་རབ་ཀྱིས་ནི་དོན་དུ་དོན་མེད་པས་ནི་དམྱལ་བར་བདག་ཉིད་ཅི་ཕྱིར་གནོད་པར་བྱེད། །ཅེས་བཤད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་ཀུན་དུ་བཟང་པོའི་ཞེས་པ་ནི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བས་ཐོག་མ་དང་ཐ་མ་དང་བར་མར་དགེ་བ་ཞེས་པའི་དོན་ཏོ། །རང་གི་ཐུགས་སོ་སོར་ཐུགས་སུ་ཆུད་པས་ན་ཞེས་པ་ལ་རང་གི་སེམས་ཕྲ་མོའི་བསྒོམ་པ་དང་སྔགས་དང་ཕྱག་རྒྱའི་བསྒོམ་པའི་སྒོ་ནས་འོད་གསལ་བའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་ནི་རང་གི་ཐུགས་སོ་སོར་ཐུགས་སུ་ཆུད་པའོ། །རྩ་བའི་རྒྱུད་ལས་ཀྱང་རིགས་ཀྱི་བུ་རང་གི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་ཞོག་ལ་ཞེས་གསུངས་སོ། །ཡིད་མི་བདེ་ལས་རྣམ་གྲོལ་བའི། །རྣམ་རྟོག་མུན་པ་སེལ་བྱེད་པ། །ཉོན་མོངས་དྲི་མ་ལས་དག་པའི། །ཟླ་བ་བཞིན་དུ་སེམས་ཟླའོ། །ཞེས་འབྱུང་ངོ༌། །དེ་བཞིན་དུ་རྩ་བའི་རྒྱུད་ལས་ཀྱང༌། །བཅོམ་ལྡན་འདས་ཟླ་བའི་དཀྱིལ་འཁོར་དང་འདྲ་བའི་སེམས་བདག་གིས་མཐོང་ངོ་ཞེས་འབྱུང་ངོ༌། །སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ཐོབ་པར་མཛད་པས་ན་ཞེས་པ་ནི་འགྲོ་བ་རིགས་དྲུག་པའི་སེམས་ཅན་ཐམས་ཅད་བརྟན་པ་དང་སྨིན་པ་ལ་སོགས་པའི་རྣམ་པར་ཐར་པ་ཆེན་པོའི་མཚན་ཉིད་ཀྱི་གྲོང་ཁྱེར་ཆེན་པོ་ལ་འཇུག་པའི་ཕྱིར་རོ། །དགོངས་པ་མ་ཡིན་པའོ་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་


DTG032_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་གི་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །སྡུད་པ་པོ་ནི་ལག་ན་རྡོ་རྗེས་སོ། །གདུལ་བྱ་རྣམས་ལ་ཅི་རིགས་པར་རྗེས་སུ་སྟོན་པར་མཛད་པས་ན་ཞེས་པ་ལ་བསམ་པ་ཇི་ལྟ་བ་དང་རིགས་ཇི་ལྟ་བ་བཞིན་དུ་བསྟན་པ་ལ་སོགས་པས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །ཇི་སྐད་དུ། རི་བོང་སྟག་དང་སེང་གེ་དང༌། །གླང་པོ་རྣམས་ཀྱི་སྐྱེ་བར་ཡང༌། །ཐུགས་རྗེའི་ཐུགས་དང་ལྡན་པ་ཡིས། །ཕྱག་རྒྱ་གྲུབ་པར་སྐྱེ་བར་འགྱུར། །ཞེས་འབྱུང་ངོ༌། །གཉིས་སུ་མེད་པའི་ཡེ་ཤེས་ཏེ་ཞེས་པ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་བག་ཆགས་གཉིས་དང་བྲལ་བའི་དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལ་དངོས་པོ་འདི་དག་རང་བཞིན་གྱིས་སྟོང་པ་སྟེ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཏེ་གཟུགས་བརྙན་བཞིན་ནོ་ཞེས་སྦྱོར་བ་གཅིག་གོ །གཉིས་པ་ཡང་རེ་ཞིག་དང་པོ་གཅིག་དང་དུ་མ་ལ་སོགས་པས་རྣམ་པར་དཔྱད་ན་མེད་པས་འཛིན་པར་གྱུར་པའི་སེམས་ཀྱང་མེད་དེ། གཟུང་བ་མེད་པས་འཛིན་པ་མེད་པའི་ཕྱིར་རོ། །དེ་ལྟར་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་དང་བྲལ་བས་རང་བཞིན་མེད་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་ནོ། །གཟུང་བ་དང་ནི་འཛིན་པ་དག །རྣམ་པ་གཉིས་ནི་བློ་མེད་པ། །གང་ཞིག་ཐ་དད་མེད་པ་སྟེ། །དེ་ནི་ཟུང་འཇུག་བཤད་པ་ཡིན། །ཞེས་འབྱུང་ངོ༌། །དེ་ལྟར་ན་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རྣམ་གྲངས་ཅན། །གཟུང་བ་དང་འཛིན་པ་གཉིས་ཀྱི་རྣམ་པར་རྟོག་པ་དང་བྲལ་བ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་གནས་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཞེས་བྱའོ། །ས་འོག་དང་ས་སྟེང་དང་མཐོ་རིས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་ཞེས་པ་ལ་ཕ་རོལ་གྱི་བསྟན་པ་ལ་གྲགས་པས་འཇིག་རྟེན་གསུམ་པའོ། །འདོད་པའི་ཁམས་ལ་སོགས་པ་ཞེས་པ་ནི་རང་གི་བསྟན་པ་ལ་གྲགས་པས་འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ་ཁམས་གསུམ་པའོ། །དེའི་ངོ་བོ་ཉིད་ཀྱིས་ཞེས་པ་ནི་བཅོམ་ལྡན་འདས་ཏེ་འདོད་པའི་ཁམས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་བཞུགས་པས་ན་འོ། །འཇིག་རྟེན་གསུམ་གྱི་སྒྲས་ལྷའི་རིགས་དྲུག་སྟེ། དེ་རྣམས་ཀྱི་ནང་ན་


DTG032_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ནི་དྲག་པོ་དང་ཁྱབ་འཇུག་དང་དབྱིག་སྙིང་ལ་སོགས་པའོ། །དེ་རྣམས་ཀྱི་ནང་ན་ཡང་ལུང་བསྟན་པ་ཉིད་ཀྱི་རྡོ་རྗེ་དང་འདྲ་བས་ན་རྡོ་རྗེ་སྟེ། རང་སངས་རྒྱས་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་གཙོ་བོར་གྱུར་པས་སོ་ཞེས་པ་ལ་ཐམས་ཅད་ཀྱི་མཆོག་ནི་དཔལ་རྡོ་རྗེ་འཆང་ངོ༌། །འཇིག་རྟེན་གསུམ་མཆོག་ནི་ཞེས་པ་ལ་ཚངས་པ་ལ་སོགས་པ་སྟེ་མངོན་པར་ཤེས་པ་ལྔ་ཐོབ་པ་དང༌། དཔལ་རྡོ་རྗེ་འཆང་གི་སྤྲུལ་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་རྣམས་ལ་རྗེས་སུ་བརྟེན་པ་ཉིད་དེ་ཞེས་པ་ནི་རང་གི་ཕྱོགས་ལས་བཀག་ཅིང་ཐེག་པ་ཆེན་པོའི་ལམ་ལ་འཇུག་པའོ། །གང་གི་ཕྱིར་དེ་རྣམས་ཀྱི་སྐྱེས་བུ་ལ་སོགས་པའི་ཡོད་པའི་ལྟ་བ་ལོག་པར་རྟོགས་པ་གང་ཡིན་པ་དེ་ལས་ལྡོག་ཅིང་ཡང་དག་པའི་ལམ་གྱི་མཚན་ཉིད་ཀྱི་གང་དག་དང་ཆོས་ལ་བདག་མེད་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་ཕྱིར་རོ། །འཇིག་རྟེན་འདི་ལ་བདེན་པ་གང༌། །ཚངས་པ་ལ་སོགས་རྣམས་ཀྱིས་བསྟན། །འཕགས་པས་དེ་ཉིད་བརྫུན་བཤད་དེ། །དེ་ལས་ལྷག་མ་གཞན་ཅི་ཡོད། །སྲིད་པའི་ཆུ་བོའི་རྗེས་འབྲང་བའི། །མ་རིག་མུན་པ་འཇིག་རྟེན་དང༌། །སྲིད་པ་མེད་པའི་མཁས་པ་རྣམས། །དམ་པ་དང་ནི་ཇི་ལྟར་མཉམ། །ཞེས་འབྱུང་ངོ༌། །དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི། །ཕན་ཡོན་དང་བཅས་པའི་ཚིག་གོ །དེ་རྣམས་ཀྱི་བཞུགས་གནས་སུ་གྱུར་པས་སོ་ཞེས་པ་ནི་གང་གཞིའི་དཀྱིལ་འཁོར་གྱི་རང་བཞིན་ཞེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་གཤེགས་པས་ན་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་ཚོགས་ཀྱི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྐུ་དང་གསུང་གི་དཀྱིལ་འཁོར་དག་དགའ་བའོ་ཞེས་པ་ནི་སྐུ་དང་གསུང་གི་ཆ་དེ་ལ་ཡོན་ཏན་གྱི་སྒོ་ནས་ཡོད་ཀྱི་གཙོ་བོ་ནི་མ་ཡིན་ནོ། །གཙོ་བོ་ནི་ཐུགས་ཀྱི་དཀྱིལ་འཁོར་ཉིད་དེ་ཀུན་གྱི་ནང་ན་ཐུགས་མཆོག་ཡིན་པས་སོ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དག་ནི་འོག་ནས་འཆད་པར་འགྱུར་རོ། །དཀྱིལ་ནི་སྙིང་པོའོ་ཞེས་པ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དེ། མི་མཉམ་པ་མེད་པས་གྲུ་བཞི་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལེན་པས་ན་དཀྱིལ་འཁོར་


DTG032_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །དེའི་རྣམ་པ་ལྟ་བའི་དཀྱིལ་འཁོར་གང་ཡིན་པ་ཞེས་པ་ནི་འདིར་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་འདོད་ཆགས་ལ་སོགས་པའི་རིགས་ཅན་གྱི་སེམས་ཅན་གྱི་ཁམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དབང་པོ་རྣོ་བས་རྟོགས་པར་བྱ་བའི་སངས་རྒྱས་ཀྱི་ཆོས་རྣམས་ཐབས་བླ་བས་རྟོགས་པའི་དོན་དུའོ། །གྲུ་བཞི་པ་དང་ལྡན་པའི་དཀྱིལ་འཁོར་གྱི་སྒོ་ནས་བསྟན་ཏོ། །གང་གིས་དེ་དག་དཀྱིལ་འཁོར་འདྲི་བ་དང་འཇུག་པ་དང༌། དེའི་དེ་ཁོ་ན་ཉིད་ཐོབ་པས་སངས་རྒྱས་ཀྱི་ཆོས་དེ་རྣམས་ཁོང་དུ་ཆུད་ཅིང་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འགྱུར་རོ། །ཕྱི་རོལ་གྱི་དམར་པོ་ལ་སོགས་པའི་ཁ་དོག་དང་གྲུ་བཞི་པ་ལ་སོགས་པའི་དབྱིབས་དང་ལྡན་པས་དགོས་པ་ནི་ཅུང་ཟད་ཀྱང་མེད་དེ། ལས་དང་པོ་པའི་སེམས་ཅན་འཇུག་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ལ་སོགས་པ་བསྟན་ཏོ། །ཇི་སྐད་དུ། ཆེན་པོ་མ་ཡིན་ཐུང་བ་མིན། །རིང་པོ་མ་ཡིན་ཟླུམ་པོ་མིན། ཚད་དང་ལྡན་པ་ཉིད་ཐོབ་པའི། །གཞལ་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །དམར་དང་ལྗང་དང་དུད་ཀ་སྟེ། ཁྱོད་ལ་ཁ་དོག་མི་དམིགས་ཏེ། །དཀར་ནག་སེར་པོ་མ་ཡིན་པའི། །ཁ་དོག་ལས་འདས་ཁྱོད་ལ་འདུད། །ཅེས་གསུངས་སོ། །དཀྱིལ་འཁོར་འདྲ་བ་ཞེས་པ་ནི་དེ་ལྟར་གྱུར་པ་གཞིའི་དཀྱིལ་འཁོར་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་ཚོགས་དང་ལྡན་པའོ། །ཡིད་དུ་འོང་བས་ན་ཞེས་པ་ལ་རིན་པོ་ཆེ་འབར་བ་ཉིད་ཀྱི་སེམས་ལ་ཚིམ་པར་བྱེད་པའོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་དཀྱིལ་འཁོར་བཤད་པའི་ཕྱིར་རོ། །རྡོ་རྗེ་འཆང་ཆེན་པོའི་གསུང་གིས་ཞེས་པ་ནི་སྡུད་བ་པོས་རྗེས་སུ་བརྗོད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནས་ཞེས་བྱ་བ་ནི་ཚིག་གི་སྐབས་འབྱེད་པའོ་ཞེས་པ་ནི་ཚིག་ཕྲད་རྣམས་དོན་དུ་མ་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་ཞེས་པའི་སྒྲ་ནི་གཏན་ཚིགས་ཀྱི་དོན་ཏེ་ཞེས་པ་ལ་སྔ་མའི་རྣལ་མ་ལ་ལྟོས་པའོ། །བཀྲ་ཤིས་དང་ནི་དབང་ཉིད་བརྗོད།། དེ་ནས་སྒྲ་དང་དེ་ཕྱིར་སྒྲས། རིམ་དང་གཏན་ཚིགས་དོན་སྟོན་ཏོ། །ཞེས་འབྱུང་ངོ༌། །གཏན་ཚིགས་ཀྱི་དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར་སློབ་མའི་ཚོགས་ཁས་བླངས་ནས་ཞེས་སྨོས་ཏེ། སྔར་བཤད་པའི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་རྡོ་རྗེ་སློབ་དཔོན་ལ་བསྟོད་པའི་ཚིག་སྟེ་གསོལ་


DTG032_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བ་གདབ་པའི་ཚིག་ཅེས་བྱ་བའི་དོན་ཏོ། །དད་པ་ལ་སོགས་པའི་ཡོན་ཏན་རྫོགས་པ་ཡིན་པས་ན་ཞེས་པ་ལ་སོགས་པའི་སྒྲས་ཤེས་རབ་དང་ཚུལ་ཁྲིམས་དང་བརྩོན་འགྲུས་དང་ལྡན་པ་ལ་སོགས་པའི་ཡོན་ཏན་གཟུང་ངོ༌། །ཇི་སྐད་དུ། སློབ་དཔོན་བསྙེན་བཀུར་དག་གིས་ནི།། མཁས་པ་རྣམས་ཀྱིས་མགུ་བྱས་ཏེ། དཀྱིལ་འཁོར་ལག་ལེན་བསྒྲུབ་པ་རྣམས། །མཐོང་ཞིང་མཁས་པ་རྣམས་ཀྱིས་འདོད། །ཞི་དང་རྒྱས་དང་རབ་གནས་སོགས། །འདོད་ཅིང་དོན་བྱེད་ལ་ནུས་པའི། །དཀྱིལ་འཁོར་བྲི་ཕྱིར་སློབ་མ་ཡིས། །ལན་ནི་གཉིས་གསུམ་གསོལ་འདེབས་བྱ། །ཞེས་འབྱུང་ངོ༌། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ནི་ཡོན་ཏན་ཕུན་སུམ་ཚོགས་པ་དུ་མ་དང་ལྡན་པས་དེ་ལ་བཤད་པར་བྱའོ། །ཐུགས་གཙོ་བོར་བྱས་པའི་དཀྱིལ་འཁོར་ནི་ཞེས་པ་ལ་བར་མའི་ཚིག་མི་མངོན་པའི་ལས་འཛིན་པའི་བསྡུ་བའོ། །མི་བསྐྱོད་རྡོ་རྗེ་བདག་པོ་ཉིད་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེའི་རིགས་གཙོ་བོ་ཡིན་པས་ན་ཞེས་སྨོས་ཏེ་ཐུགས་ཀྱི་རིགས་ཁོ་ནས་རྡོ་རྗེའི་རིགས་ཡིན་ནོ་ཞེས་བྱའོ། །ཐུགས་གཙོ་བོར་ཡིན་ཏེ་དེ་མེད་པས་ལུས་དང་ངག་མི་གནས་པའི་ཕྱིར་རོ། །སེམས་ཀྱིས་བྱང་ཆུབ་ཐོབ་པ་དང༌། །སེམས་ཀྱིས་འགྲོ་བ་ལྔར་འགྲོ་བ། །སེམས་ལས་མ་གཏོགས་ཅུང་ཟད་ཀྱང༌། །བདེ་དང་སྡུག་བསྔལ་མཚན་ཉིད་མེད། །ཅེས་འབྱུང་ངོ༌། །དེ་བས་ན་འདི་ཉིད་ནི་དང་པོར་གསུངས་སོ་ཞེས་པ་ལ་སེམས་ནི་དང་པོ་ཉིད་དུ་དམིགས་པའི་ཕྱིར་རོ། །མི་བསྐྱོད་པའོ་ཞེས་པ་ནི་སེམས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་དང་འདྲ་བར་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་ཕུང་པོའི་བདུད་ལ་སོགས་པ་བཞི་པོས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས་པའི་བཅོམ་ལྡན་འདས་ཀྱི་ཐུགས་གཡོ་བར་ནི་ནུས་པ་དེ་བཞིན་དུ་དཀྱིལ་འཁོར་འདི་ཡང་གཡོ་བར་མི་ནུས་ཏེ་དེའི་རྟེན་ཡིན་པའི་ཕྱིར་དང་དེའི་ངོ་བོ་ཡིན་པའི་ཕྱིར་རོ། །བརྟེན་པའི་ཆོས་ནི་རྟེན་ལ་ཡང་མཐོང་སྟེ་ཉི་མའི་འོད་ཟེར་གྱིས་གསལ་བར་བྱ་བའི་དོན་ནམ་མཁའ་བཞིན་ནོ། །སྙིང་པོ་སྟེ་གསང་བའོ་ཞེས་པ་ལ་ལུས་ལ་སོགས་པའི་ཐ་མལ་པའི་ངོ་བོ་ཉིད་སྤངས་ནས་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་རྣམ་པར་


DTG032_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དུ་སྣང་བ་གང་ཡིན་པ་དེ་ནི་སྙིང་པོ་གསང་བ་སྟེ། དེ་ལེན་པས་ན་དཀྱིལ་འཁོར་རོ། །གང་གི་ཕྱིར་སྐུ་གསུང་ཐུགས་ཀྱི་རིགས་ཀྱི་ལྷ་རྣམས་ཀྱི་གཞིར་གྱུར་པ་དེ་ཉིད་ཀྱི་ཕྱིར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཏེ་ཞེས་བསྟན་པ་ཡིན་གྱིས་འདྲི་བའི་དཀྱིལ་འཁོར་ཙམ་ནི་མ་ཡིན་ནོ། །དེ་ཡང་དག་པར་ཞེས་པ་ནི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པས་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །ལུས་དང་ངག་དང་སེམས་མཉམ་པར་གཞག་པས་སོ་ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱིས་རང་གི་ལུས་ལ་སོགས་པ་ཡང་དག་པར་བསྡམས་པས་སོ། །དེ་ལ་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་བྲི་བའི་དུས་སུ་སེམས་ནི་རང་གི་ཡི་དམ་གྱི་ལྷ་བསྒོམ་པ་ལ་འཇུག་པ་དང་ངག་ཀྱང་སྔགས་བཟླས་པ་ལ་བརྩོན་པར་འགྱུར་བ་དང་ལུས་ཀྱང་དཀྱིལ་འཁོར་དྲི་བ་དང་ཐིག་གདབ་པ་དང་གཡས་བརྐྱང་བ་ལ་སོགས་པས་ཡོངས་སུ་བསྐོར་པའི་བྱ་བ་ལ་འཇུག་པར་འགྱུར་བའི་བྱ་བས་སོ། །ལས་ཀྱི་ཆོ་ག་མཐོང་བའི་སློབ་དཔོན་ཞེས་པ་ནི་གང་གི་དཀྱིལ་འཁོར་མང་པོ་འདྲི་བ་དང་དེའི་སྒོ་ནས་གྲགས་པ་ཐོབ་པ་དེ་ནི་ལས་ཀྱི་ཆོ་ག་མཐོང་བའི་སློབ་དཔོན་ནོ། །གང་གི་ཚེ་དེ་ཁོ་ན་ཉིད་བཅུ་ཤེས་པ་དང་བཟོའི་རིགས་ཐམས་ཅད་ཤེས་པའི་རྡོ་རྗེ་སློབ་དཔོན་ཡིན་ན་དེའི་ཚེ་དཀྱིལ་འཁོར་བྲི་བ་ལ་སོགས་པའི་སྣོད་དུ་གྱུར་པ་ཡིན་ནོ། །དེ་ཉིད་བཅུ་ནི་ཡོངས་ཤེས་པ། །དཀྱིལ་འཁོར་བྲི་བ་ལ་ནི་མཁས། །ཞེས་འབྱུང་ངོ༌། །དཀྱིལ་འཁོར་དང་ནི་ཏིང་ངེ་འཛིན་ཕྱག་རྒྱ་དང༌། །སྔགས་དང་བྱེད་པ་སྟང་སྟབས་བཟླས་སྦྱིན་སྲེག །ཕྱག་རྒྱ་སྔགས་དང་ངེས་སྤྱིར་བསྡུ་བ་ནི། །དེ་ཉིད་བཅུ་ནི་སྔགས་ཀྱི་ཚུལ་ལས་སོ། །ཞེས་འབྱུང་ངོ༌། །རྣམ་པར་བགོ་བའོ་ཞེས་པ་ཐིག་ཀྱང་བརྒྱ་རྩ་བརྒྱད་ཀྱིས་ཕྱེ་བར་བྱ་སྟེ་ཆ་ཅུང་ལ་སོགས་པའི་རིམ་པས་ཞེས་བྱ་བའི་ཐ་ཚིག་གོ །དཀྱིལ་འཁོར་སྟོན་པས་ཐིག་སྐུད་དོ། །ཞེས་པ་ནི་ཕྱི་དང་ནང་གི་དཀྱིལ་འཁོར་གྱི་དབྱེ་བས་ཕྱེ་བའི་དེ་ཉིད་ཐིག་སྐུད་ཀྱིས་གསལ་བར་བྱེད་པའི་ཕྱིར་རོ། །གཞན་དག་ཏུ་མ་སྤྱད་པའོ་ཞེས་པ་ནི་ཁྲུ་ཚད་དྲུག་དཀྱིལ་འཁོར་གཞན་ལ་ཐིག་མ་བཏབ་པའོ། །ཡང་དག་པར་བསྒྲིལ་བའོ་ཞེས་པ་ན་བརྟན་པར་བསྒྲིལ་བས་ཏེ་ཇི་ལྟར་ཆད་པར་མི་འགྱུར་བས་སོ། །གཞན་དུ་ན་སྐྱོན་ཆེན་པོར་འགྱུར་ཏེ། ཐིག་


DTG032_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སྐུད་ཆད་ན་བླ་མ་འཆི། །ཞེས་བཤད་པའི་ཕྱིར་རོ། །དཀྱིལ་འཁོར་གྱི་ཉིས་ལྔ་པ་བོ་ཞེས་པ་ནི་ཁྲུ་ཚད་ཉི་ཤུ་རྩ་བཞི་འམ་ཡང་ན་ཁྲུ་ཚད་དྲུག་གིས་སོ། །དེ་ཡང་ཕྱོགས་རེ་རེ་འམ་ཐམས་ཅད་དུ་དཀྱིལ་འཁོར་གྱི་དབྱིབས་ལས་ཤེས་པར་བྱའོ། །དེས་ནི་མཚམས་བཞིའི་ཐིག་ལེགས་པར་བཏབ་པར་འགྱུར་རོ། །ཚོན་སྣ་ལྔ་པ་ལ་སྟེ་ཞེས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཁ་དོག་ལྔ་དང་ལྡན་པའི་ཐིག་སྐུད་ཀྱིས་སོ། །དེས་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱིས་གསུངས་ཞེས་འབྱུང་ངོ༌། །དཀྱིལ་འཁོར་འདྲི་བ་དང་རྗེས་སུ་མཐུན་པའི་ཐིག་སྐུད་བསྟན་ཏོ། །ཤིན་དུ་ཕྲ་བ་དང་སྦོམ་པ་མ་ཡིན་པའི་ཞེས་པ་ནི་ཚད་པར་མ་ཙམ་གྱིས་ཞེས་བྱ་བའི་ཐ་ཚིག་གོ །ཐིག་སྐུད་སྦོམ་པོས་རི་མོ་སྦོམ་པོ་དང་ཕྲ་བས་ཀྱང་ཕྲ་མོར་གྱུར་ཏེ། སྦོམ་པོ་བྱུང་ན་ནད་འབྱུང་དང༌། །ཕྲ་བ་ཡིས་ནི་ནོར་འཇིག་འགྱུར། །ཞེས་བཤད་པའི་ཕྱིར་རོ། །དེ་ལྟ་བུའི་ཐིག་སྐུད་ཀྱིས་ཞེས་པ་ནི། ཐིག་སྐུད་ཀྱི་མཚན་ཉིད་དང་ལྡན་པའོ་ཞེས་བྱ་བའི་ཐ་ཚིག་གོ །དཀྱིལ་འཁོར་གྱི་ཚང་བསྟན་པ་ཡིན་ནོ་ཞེས་པ་ནི་སྡུད་པ་པོས་ཞེས་ཚིག་ལྷག་མའོ། །ཁྲུ་བཅུ་གཉིས་པ་ཞེས་པ་ནི་ཕྱོགས་རེའང་ཀུན་དུ་སྟེ། སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཉེ་བར་ཐོབ་པ་དང་འོད་གསལ་བའི་བདག་ཉིད་ཅན་གྱི་སེམས་རེ་རེའམ་ཆུང་བ་དང་འབྲིང་དང་ཆེ་བའི་དབྱེ་བས་རྣམ་པ་བཅུ་གཉིས་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྣང་བ་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་ནི་བཅོམ་ལྡན་འདས་མི་བསྐྱོད་པ་ཡིན་ནོ། །ཟུར་བཞི་དང་ལྡན་པའི་ཕྱིར་རོ་ཞེས་པ་ནི་ཀུན་ཏུ་བཟང་པོ་ཡིན་པས་སོ། །ཤར་ལ་སོགས་པའི་སྒོ་བཞི་དང་ལྡན་པ་སྟེ། །ཞེས་པ་ནི་རྟ་བབས་དང་དྲིལ་བུ་དང་བ་དན་དང་མུ་ཏིག་གི་ཕྲེང་བ་དང་རྔ་ཡབ་དང་དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པ་དང་ལྡན་པའི་ཤར་ལ་སོགས་པའི་སྒོ་བཞི་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །དོན་གྱིས་ན་ཕྱིའི་དཀྱིལ་འཁོར་ཡིན་ནོ་ཞེས་པ་ནི་ནང་གི་དཀྱིལ་འཁོར་ལ་ཁྲུ་བཞི་པ་ལ་སོགས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་སྟེ་ནང་གི་དཀྱིལ་འཁོར་ཞེས་པ་ནི་དཀྱིལ་འཁོར་འདི་ནི་རིམ་པ་གཉིས་པ་ཡིན་ནོ་ཞེས་བསྟན་ཏོ། །ནང་གི་ཟླུམ་པོ་དང༌། ཕྱིའི་གྲུ་བཞི་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཀུན་


DTG032_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡོངས་སུ་ཟླུམ་པོ་ལྟ་བུར་བྲི་བར་བྱའོ་ཞེས་པ་ནི་ནང་གི་དཀྱིལ་འཁོར་ཉིད་དོ། །ཆོ་ག་ནི་ས་སྦྱང་བ་ལ་སོགས་པའི་ཆོ་ག་ཉི་ཤུའོ་ཞེས་པ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པའི་ས་སྦྱང་བ་ལ་སོགས་པའི་ཆོ་ག་རྣམ་པ་ཉི་ཤུ་སྟོན་པར་བྱེད་པའི་ཆོ་གའོ། །ད་ནི་སེམས་ཅན་རྣམས་འཇུག་པར་བྱ་བའི་ཕྱིར་སྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་བཤད་པར་བྱ་སྟེ། སློབ་དཔོན་ལ་ལན་གཉིས་གསུམ་ཞུས་པ། །གསང་བའི་བདུད་རྩི་དམ་པའི་སྣོད། །ཡང་དག་དང་ཞིང་དད་པ་ལྡན། །ཐར་པ་འདོད་པའི་སློབ་མ་རྣམས། །དཔལ་ལྡན་འདུས་པའི་རྗེས་བཟུང་བའི། །བྱང་ཆུབ་ལ་སྦྱོར་བདག་གིས་འདི། །དེ་ལྟར་བླ་མས་དེ་དག་གཟུང༌། །སྟིང་རྗེ་དང་ལྡན་སེམས་ཀྱིས་སོ། །རྡོ་རྗེ་སློབ་དཔོན་ནི་ཐེག་པ་ཆེན་པོའི་ཚུལ་ལ་མཁས་པ་འགྲོ་བ་ཐམས་ཅད་གདོན་པའི་བསམ་པ་དང་ལྡན་པ་དད་པ་དང་ཐོས་པ་ལ་སོགས་པའི་སྟོབས་ཀྱིས། ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་འོད་གསལ་བ་ཁོང་དུ་ཆུད་པས། ཡུལ་གྱི་སྤྱོད་པ་མ་ལུས་པ་དྲི་མ་མེད་པར་བྱས་པ་ཀུན་ཏུ་འགྲོ་བའི་ཆོས་ཀྱི་དབྱིངས་སོ་སོར་འབིགས་པའི་བསམ་པས་དགའ་བའི་རྣམ་པར་དག་པ་ལ་གནས་པ། ཤེས་རབ་ཀྱི་ཚོགས་མངོན་པར་འཕེལ་བས་བརྫུན་པའི་རྣམ་པར་རྟོག་པའི་བག་ཆགས་ལས་བྱུང་བའི་གཏི་མུག་གི་དྲ་བའི་རབ་རིབ་རིང་དུ་བྱས་པའི་སློབ་དཔོན་ལ་གང་གི་ཚེ་སློབ་མས་ཞུས་པ་དེའི་ཚེ། སེམས་ཅན་གྱི་ཁམས་ཐམས་ཅད་འདི་ནི་བླ་ན་མེད་པའི་བདེ་བ་ཆེན་པོའི་གོ་འཕང་ལ་བདག་གིས་གཞག་པར་བྱའོ་ཞེས་བསམ་པས། ཁྱོད་ཀྱིས་ཡོ་བྱད་ཀུན་ཚོགས་སམ་མ་ཚོགས་ཞེས་སློབ་མ་ལ་དྲི་བར་བྱའོ། །ཅུང་ཟད་ཚོགས་ཏེ་ཅུང་ཟད་མ་ཚོགས་སོ་ཞེས་གལ་ཏེ་དེ་སྐད་སྨྲ་ན་དེའི་ཚེ། དེའི་ལྟེ་བར་དགོད་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་སྙིང་ལ་གནས་པའི་ཡི་གེ་ཀཾ་ལས་བསྐྱེད་པ་ཁ་དོག་ནག་པོ་མ་རུངས་པ་ཤ་ཟ་དང་འདྲ་བའི་སྡིག་པ་སྣ་ཁུང་གཡས་པ་ནས་ཕྱུང་སྟེ། ཡི་གེ་ཧཱུཾ་ཡང་སྙིང་གར་ཕྱིན་པ་ལས་བྱུང་བ་གཡས་བརྐྱང་བ་ལ་གནས་པ། མཆི་བ་རྣམ་པར་གཙིགས་པ་ལྟོ་བ་འཕྱང་བ། ཁ་དོག་ནག་པོ་མཆེ་བ་དང་བཅས་པའི་གཡོན་པའི་སྡིགས་མཛུབ་སྙིང་གར་འཆང་བ། མཆེ་བ་དང་བཅས་པའི་ཕྱག་གཡས་པ་འགྲེང་བ་


DTG032_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོའི་རྒྱལ་པོའི་གཟུགས་བསམས་ཏེ། ཕྱུང་ལ་ཨོཾ་བཛྲ་ཡ་ཀྵ་ཀྲོ་དྷ་ཁ་ད་ཁ་ད་སརྦ་པཱ་པཾ་བྱ་སྱ་ཧཱུཾ་ཕཊ་ཅེས་བྱ་བས་སྡིག་པ་དེ་ཟོས་ལ། ཡི་གེ་སཾ་ཡོངས་སུ་གྱུར་པ་ལས་ཀུན་དུ་བཟང་པོའི་གཟུགས་སུ་སློབ་མ་བསམས་ལ། སྔར་བཤད་པའི་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་དེའི་སེམས་ཀྱི་བགེགས་ཕུར་བུས་བཏབ་ལ། དེ་ལས་བྱུང་བའི་དྲག་པོའི་འོད་ཟེར་གྱི་ཚོགས་ཀྱིས་གདུག་པ་རྣམས་བསྲེགས་ལ། སློབ་མའི་སེམས་བསྲུང་བར་བྱ་བའི་དོན་དུ་སྤྱི་བོའི་སྟེང་དུ་དབྱངས་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་དབྱངས་ཐ་མ་ལས་བྱུང་བ་རྡོ་རྗེ་རྒྱ་གྲམ་དེ་ཉིད་དུ་གནས་པ་ཡི་གེ་ཧཾ་གིས་བྱིན་གྱིས་བརླབ་པར་བྱའོ་ཞེས་སློབ་མ་གཟུང་བའོ། །དེ་ནས་སྒྲུབ་ཐབས་ལས་བཤད་པའི་གནས་སུ། །དེ་ལས་བཤད་པའི་བསྲུང་བའི་ཆོ་ག་དང་ཏིང་ངེ་འཛིན་གསུམ་བསྒོམ་པ་སྔོན་དུ་འགྲོ་བར་ཕྲ་བོའི་རྣལ་འབྱོར་ལ་སོགས་པ་གང་ཡང་རུང་བའི་བསྒོམ་པས་སེམས་བརྟན་པར་བྱས་ལ། ལྷ་རེ་རེ་ལ་འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཅིག་བཟླས་ལ་ཤར་དང་བྱང་ཕྱོགས་ཀྱི་ཆ་རུ། མདོར་བསྡུས་པས་ནི་དགེ་བ་སྒྲུབ། །ཟུག་རྔུའི་སྐྱོན་དང་ངེས་པར་བྲལ། །ཤར་དང་བྱང་ཕྱོགས་མཐོ་བ་སྟེ། །མེ་ཏོག་ཤིང་གིས་ཉེ་བར་མཛེས། །ཡང་ན་གང་དུ་ཡིད་དགའ་བ། །དེ་ཉིད་དུ་ནི་བརྩམས་པར་བྱ། །དེ་ནས་ཕྱི་དྲོའི་དུས་སུ་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པས་ཡི་གེ་ལཾ་ལས་བྱུང་བའི་སའི་ལྷ་མོ་ཁ་དོག་སེར་མོ་ལག་པ་གཉིས་ཀྱིས་གསེར་གྱི་བུམ་པ་བསྣམས་པ། ལུས་ཀྱི་ཕྱེད་ཕྱི་རོལ་དུ་བྱུང་བར་བསམས་ལ། ལག་པ་གཡས་པས་ས་གནོན་པས་བསྐུལ་བར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱ་ཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་དཔུང་འཇོམས་པར་མཛད། །དེ་བཞིན་བདུད་དཔུང་ལས་རྒྱལ་ནས། །བདག་གིས་དཀྱིལ་འཁོར་བྲི་བར་བགྱི། །སྔགས་པས་ཆོ་ག་བཞིན་བསྐུལ་ནས། །ས་གཞི་ལག་པས་རེག་བྱས་ནས། །མེ་ཏོག་དྲི་ཚོགས་ཀྱིས་མཆོད་ནས། །དེ་ཉིད་དུ་ནི་ཐིམ་པར་བསམ། །དེ་ནས་ཞིང་སྐྱོང་ལ་སོགས་པ་ལ་གཏོར་མ་དང་མཆོད་པ་ལ་སོགས་པ་བྱིན་ནས་ས་གཞི་ལ་གསོལ་བ་གདབ་ཅིང་དེ་ཉིད་


DTG032_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཉལ་བར་བྱའོ། །གལ་ཏེ་རྨི་ལམ་ལ་སོགས་པས་སླུ་བར་གྱུར་ན་དེའི་ཚེ། ཞག་གཉིས་པའི་ཉིན་ཕྱེད་ཀྱི་དུས་སུ་གང་ཡང་རུང་བའི་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་མངོན་སྤྱོད་ཀྱི་ཆོ་གས་བགེགས་གཞོམ་པར་བྱ་བའི་དོན་དུ་སྦྱིན་སྲེག་བྱས་ལ་དེའི་ཕྱི་དྲོ་ཁྲུས་བྱས་ཤིང་གཙང་སྦྲ་ཡན་ལག་དྲིས་བྱུགས་པ། རྡོ་རྗེ་འཆང་གི་ང་རྒྱལ་དང་ལྡན་པས་འཆད་པར་འགྱུར་བའི་ཆོ་གས་ཞི་བའི་སྦྱིན་སྲེག་བྱས་ཏེ། པུས་མོ་དང་རྐེད་པ་དང༌། ལྟེ་བ་ཙམ་སྟེ། ཐ་མ་དང་བར་མ་དང༌། མཆོག་གི་དངོས་གྲུབ་ཀྱི་དབྱེ་བས་ས་གཞི་བརྐོས་ལ་ཕུ་བ་མ་དང་རྡོ་དང༌། རུས་པ་དང་རྡེའུ་ལ་སོགས་པ་བཏོན་ནས། དྲི་བཟངས་ཀྱི་བདུད་རྩི་ལྔས་དྲི་ཞིམ་པའི་ཆུ་དང་ལྡན་པ་ཡང་བྱ་སྟེ། དེས་གང་བར་བྱས་ལ་བདུད་རྩི་འཁྱིལ་པ་བཟླས་པའི་བདུད་རྩིའི་ཆུས་བསང་གཏོར་བྱ་ཞིང༌། མི་བསྐྱོད་པའི་རྣལ་འབྱོར་པས་གཞལ་ཡས་ཁང་པའི་ནང་ན་གནས་པ་རིན་པོ་ཆེ་དང་སྨན་དང་འབྲུ་ཐམས་ཅད་ཀྱི་སྙིང་པོ་ཅན་ཕྱོགས་བཞིར་རྟ་བབས་དང་ལྕགས་རིས་བསྐོར་བ་ཐམས་ཅད་དུ་རྣམ་པ་སྣ་ཚོགས་པའི་དྲིལ་བུ་དང་བ་དན་དང༌། རྒྱལ་མཚན་དང་བླ་རེ་རྒྱས་པས་མཆོག་ཏུ་མཛེས་པ་དཔལ་བདུད་རྩི་ཞེས་བྱ་བ་ཁྲོ་བོའི་རྣལ་འབྱོར་གྱིས་ཡི་གེ་གསུམ་གྱིས་མངོན་པར་འདུས་བྱས་པའི་བདུད་རྩི་ལྔས་བྱུགས་པ། མེ་ཏོག་དང་སྤོས་ལ་སོགས་པ་དང་ལྡན་པ་ཁྲོ་བོའི་ལྟ་བས་གཡོན་ཕྱོགས་སུ་བལྟ་ཞིང་རིམ་གྱིས་བགེགས་བསྐྲད་པ་དང་ཕྱོགས་བཅིང་བ་བྱས་ལ། ཨོཾ་ཌྷུཾ་ཁཾ་ཞེས་བྱ་བས་ས་གཞི་ནམ་མཁར་བྱས་ཏེ་ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བས་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་ཡོངས་སུ་རྫོགས་པར་བྱས་ལ། ཨོཾ་མེ་དཱི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབས་ལ་ལག་པ་གཡས་པས་རེག་ཅིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་ཅིང་མི་མངོན་པར་སྔགས་གདབ་པར་བྱའོ། །ཁང་ཐོག་གམ་འོག་ཁང་ངམ་ནགས་ཚལ་ལམ་ཀུན་དགའ་ར་བའམ་གཙུག་ལག་ཁང་ལ་སོགས་པའམ་ཆུ་བོའི་འགྲམ་དུ་ས་གཞི་བརྐོ་ན་ཡི་གེ་གསུམ་བཟླས་པར་བྱའོ་ཞེས་བྱ་བས་ས་སྦྱང་དང་ས་གཟུང་བའི་ཆོ་ག་དག་གོ །འདིར་སྨྲས་པ། སྟོན་ཟླ་ཐ་ཆུངས་ལ་སོགས་ནས། །ཟླ་བ་གསུམ་གསུམ་བརྩམས་ནས་གཡོན། །ལྷོ་དང་ནུབ་དང་བྱང་ཕྱོགས་དང༌། །ཤར་དུ་མགོ་ནི་གཞག་ནས་ཉལ། །གློ་གཡོན་ཉལ་བ་དེ་ཉིད་ཀྱི། །མགོ་བོ་


DTG032_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ནས་ས་གཞི་བརྐོ། །མགོ་དང་སྐ་ལ་སོགས་བརྐོས་པས་ན། །སྐྱོན་ནི་རྒྱ་ཆེན་ཤེས་པར་བྱ། །ཞེས་འབྱུང་ངོ༌། །དེ་ནས་ཉིན་རེ་འམ་ཟླ་རེ་འམ་ལོ་རེ་དཀྱིལ་འཁོར་བྲི་བར་བྱ་སྟེ། ཉ་ནས་བརྩམས་ཏེ་ཇི་སྲིད་ཉ་ཕྱི་མའི་བར་དུ་ཡར་གྱི་ངོའི་ཚེས་གཅིག་ནས་བརྩམས་ཏེ་བརྒྱད་པའམ་དགུ་པ་ལ་སོགས་པའི་བར་དུ་དང༌། ཉའི་སྔ་དྲོའི་མཚམས་ནས་བརྩམས་ཏེ་ཞག་དེ་ཉིད་དུ་ཐམས་ཅད་བྱའོ། །དེ་ནས་སྔར་བཤད་པའི་གནས་བསྐྱེད་པའི་རིམ་པས་གཞལ་ཡས་ཁང་པའི་ནང་དུ་དཀྱིལ་འཁོར་གྱི་རྣམ་པ་ཅན་གྱི་ས་གཞི་ལྷག་པར་མོས་ཏེ་དེ་བཞིན་གཤེགས་པ་ལ་སོགས་པ་དང་དཀྱིལ་འཁོར་པའི་ལྷའི་གནས་སུ་དེ་བཞིན་དུ་པདྨ་དང་ཟླ་བ་ལ་སོགས་པའི་གདན་རྣམས་བསམས་ལ། དེའི་དབུས་ཀྱི་གདན་ལ་བཞུགས་པའི་རྡོ་རྗེ་འཆང་གི་རང་བཞིན་གྱི་བདག་ཉིད་དུ་མགུ་བར་བྱས་ཏེ། དེང་བདག་སྐྱེ་བ་འབྲས་བུ་བཅས། །བདག་ནི་གསོན་པ་འང་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ནི་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་འགྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེ་རིང་བདག་ལ་ཞག་མཆོག་སྟེ། །དེང་བདག་མཆོག་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་དྲངས་པས། །དེང་བདག་ཚོགས་ནི་མཆོག་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་སོ། །དེ་ནས་ཡུན་ལག་ཀུན་འདུད་དེ། ལག་ན་སྤོས་ཁང་འཛིན་པ་ཡིས། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་བྱ། །ཕྱོགས་རྣམས་ཐམས་ཅད་ན་བཞུགས་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །ཆེ་གེ་མོ་བདག་རྡོ་རྗེ་ཅན། །ཆེ་གེ་མོ་ཞེས་དཀྱིལ་འཁོར་བྲི། །སངས་རྒྱས་ཀུན་སོགས་འདིར་གཤེགས་ནས། །བདག་ལ་དངོས་གྲུབ་སྩལ་དུ་གསོལ། །ཞེས་བྱ་བས་སོ། །དེ་ནས་དབུས་ཀྱི་གདན་ལ་གནས་ཤིང་བདག་པོའི་རྣལ་འབྱོར་དང་ལྡན་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་འོག་ཏུ་རྡོ་རྗེའི་རིགས་ཅན་མངོན་པར་འདུས་བྱས་པའི་ཕྱིའི་ཕྱག་རྒྱ་དང་ལྡན་པས་མཆོད་པས་བསྡུས་པའི་ཟླ་བའི་དཀྱིལ་འཁོར་དུ་བཛྲ་དྷྲྀ་ཀ་ཅེས་བྱ་བ་ལ་སོགས་པས་མི་བྶྤྱོད་པ་ལ་སོགས་པ་ཕྱུང་ཞིང་ཞེ་སྡང་ལ་སོགས་པའི་


DTG032_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དང་ལྡན་པའི་སེམས་ཅན་གྱི་དོན་བྱས་ལ་སླར་ཡང་གཤེགས་ཏེ་རང་རང་གི་གནས་ལ་བཞུགས་པར་བསམས་ལ། སྤྲོ་བ་དང་བསྡུ་བ་དང་འཇུག་པ་དང་བརྟན་པར་འགྱུར་བ་དང༌། རྗེས་སུ་ཆགས་པ་དང་ལས་ལ་གནས་པར་བྱ་སྟེ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་སརྦ་ས་མོ྅ཧཾ། ཞེས་བྱ་བ་བརྗོད་པས་རྡོ་རྗེའི་བདག་ཉིད་དང་རང་བཞིན་གྱིས་དག་པ་དང༌། ལྷ་ཐམས་ཅད་དང་དབྱེར་མེད་པའི་བདག་ཉིད་བསྒོམ་པར་བྱའོ། །དེས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས་ཤར་ལ་སོགས་པའི་ཕྱོགས་ལ་གནས་པ་རྡོ་རྗེ་དང་དྲིལ་བུ་མཆོག་ཏུ་འཛིན་པ་ཉེ་བར་སྒྲུབ་པ་པོ་རྣམས་ཀྱིས། དེ་བཞིན་གཤེགས་པ་ཀུན་ཞི་ཞེས་བྱ་བ་ལ་སོགས་པའི་བསྟོད་པའི་མཆོད་པས་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་སློབ་དཔོན་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པའི་སློབ་དཔོན་གྱིས་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ནས་ཧཱུཾ་བ་ཛྲོ་ཏ་ཏི་ཥྛ་ཞེས་བྱ་བས་ཇི་ལྟར་སྤྲུལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁར་བཞག་སྟེ། དཔལ་རྡོ་རྗེ་འཆང་གི་ང་རྒྱལ་དང་ལྡན་པས། མིག་གཡོན་པ་ཊ་ལས་ཟླ་བ། མིག་གཡས་པ་མ་ལས་ཉི་མར་བྱས་པ། རྡོ་རྗེ་འཆང་གི་ང་རྒྱལ་དང་ལྡན་པས་དཀྱིལ་འཁོར་གྱིས་གཞིའི་ཕྱོགས་སུ་ཡོངས་སུ་བསྐོར་ནས་རྡོ་རྗེ་རབ་ལ་སོགས་པ་ཀུན་དུ་བཀོད་ནས་རྐང་པའི་འོག་ཏུ་སྣ་ཚོགས་རྡོ་རྗེ་བསྒོམས་ནས། སྒེག་པ་དང་བཅས་པའི་གར་བྱས་ཏེ་རྡོ་རྗེའི་ཞབས་ཀྱིས་ཁྲོ་བོ་དང་བཅས་པ་རྡོ་རྗེ་སེམས་དཔའི་རྒྱལ་དང་ལྡན་པས་ཡི་གེ་གསུམ་བརྗོད་ཅིང་དཀྱིལ་འཁོར་གྱི་ས་གཞི་ལ་ཡོངས་སུ་བསྐོར་བར་བྱའོ།། རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལྡན། །མ་མཆུའི་ཁ་སྦྱོར་ངོས་གཟུང་བ། །དཔལ་ལྡན་གཡོན་ཕྱོགས་སྒེག་འཆང་པས། །ཕྱོགས་ཀྱི་འཁོར་ལོ་བསྐོར་བར་བྱ། །སྟེང་དང་འོག་གཉིས་བྱིན་བརླབས་ནས། །ས་དང་ས་སྟེང་མཐོ་རིས་བསྒོམ། ཡི་གེ་ཧཱུཾ་ནི་བརྗོད་བཞིན་པ། །བདག་ཉིད་ངན་པས་མནན་མི་ནུས། །ཞེས་འབྱུང་ངོ༌། །དེ་ནས་སྔ་མ་བཞིན་དུ་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་མཆོད་རྟེན་བསམས་ལ་གསང་བའི་དཀྱིལ་འཁོར་དུ་མིའུ་ཐུང་ལྟོ་བ་ཆེན་པོ་ཁ་དོག་ནག་པོ་རལ་པ་ཅན་ཞལ་བཞི་པ། ཕྱག་བཞི་པ། གཡས་པ་དག་གིས་རྡོ་རྗེ་དང་འཁོར་ལོ་བསྣམས་ལ། ཅིག་ཤོས་ཀྱིས་པདྨ་


DTG032_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲིལ་བུ་འཆང་བ། །ཞལ་དེ་རྣམས་སྒོ་བཞིར་གྱུར་པ་ལས་གདུལ་བྱ་རྣམས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་རང་གི་ལྟོ་བ་ལ་འཇུག་པར་བྱེད་པའི་རྟེན་གྱུར་པ་རྡོ་རྗེ་ཧེ་རུ་ཀའི་རང་བཞིན་གྱི་དཀྱིལ་འཁོར་དུ་གྱུར་པར་བསམས་ཏེ། སྒོ་ཕྱེ་བའི་སྔགས་ཀྱིས་སྒོ་རྣམས་ཕྱེ་བར་བྱས་ཏེ་གསང་བའི་དཀྱིལ་འཁོར་སྔགས་འདིས་དགུག་པར་བྱ་སྟེ། ཨོཾ་བཛྲ་མཎྜལ་ཧཱུཾ་ཛཿ། ཨོཾ་མ་ཧཱ་བཛྲ་ཙ་ཀྲ་ཨ་དྷི་ཏི་ཥྛ་ཧཱུཾ། དེ་དག་གིས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་བྱིན་གྱིས་བརླབས་ལ། ཨོཾ་ཁ་ཁ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་འཕགས་པ་བདུད་རྩི་འཁྱིལ་པ་ཞེས་བྱ་བའི་ཁྲོ་བོའི་བསམ་གཏན་གྱི་ཕུར་བུས། དཀྱིལ་འཁོར་གྱི་ཕྱི་རོལ་གྱི་གྲྭ་བཞིར་ཨོཾ་བཛྲ་མུངྒ་ར་ཧཱུཾ་ཞེས་བྱ་བ་འདིས་ཕུར་བུ་གདབ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཡི་གེ་ཧཱུཾ་བརྗོད་པས་ཕྱོགས་དང་ཕྱོགས་མཚམས་དང་ནམ་མཁའ་བཅིང་བ་ལ་སོགས་པའི་སྲུང་བ་བྱས་ལ་འཆད་པར་འགྱུར་བའི་ཆོ་གས་འཕགས་པ་བདུད་རྩི་འཁྱིལ་པས་ཡོངས་སུ་བཟླས་པའི་ལས་ཐམས་ཅད་པའི་བུམ་པ་ཀུ་ཤུའི་ཆུན་པོ་དང་ལྡན་པ་དཀྱིལ་འཁོར་གྱི་ཕྱི་རོལ་ལམ་ནང་ངམ་སྒོའི་གམ་དུ་འཇུག་པར་འདོད་པའི་སློབ་མ་རྣམས་ལ་བསང་གཏོར་བྱ་བའི་ཕྱིར་གཞག་ལ། བགེགས་མཐར་བྱེད་ཀྱི་ང་རྒྱལ་གྱིས་སྙིང་པོའི་སྔགས་བཟླ་བར་བྱའོ། །ཉེ་བའི་སྒྲུབ་པ་པོས་ཀྱང༌། ཤར་ཕྱོགས་ནས་བརྩམས་ཏེ་བདུད་རྩི་ལྔས་དཀྱིལ་འཁོར་གྱི་ས་གཞི་བྱུག་པར་བྱའོ། །དེ་ནས་བདག་པོ་ལྔའི་གནས་སུ་གྲུ་བཞི་པ་ཙནྡན་དང་བཅས་པའི་བདུད་རྩི་ལྔའི་མཎྜལ་རང་རང་གི་ལྷའི་སྔགས་ཀྱིས་ཡང་དག་པར་བཟླས་པ་གནས་ཇི་ལྟ་བ་བཞིན་དུ་བྱས་ལ་མེ་ཏོག་དགྲམ་སྟེ་རྡོ་རྗེ་སློབ་དཔོན་དབུས་ཀྱི་མཎྜལ་གྱི་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པས། མཎྜལ་དེ་ཉིད་ལ་སྔ་མ་བཞིན་དུ་གདན་རྣམས་བསམས་ཏེ། ལྷའི་འཁོར་ལོ་རང་རང་གི་གནས་ལ་བཞུགས་པར་བལྟས་ཏེ་ནམ་མཁའ་ལ་གནས་པ་གཅིག་ཏུ་བྱས་ནས་བླ་ན་མེད་པ་དང་བཅས་པའི་མཆོད་པ་ལ་སོགས་པས་མཆོད་ལ། །གསེར་དང་དངུལ་དང་རྫ་ལ་སོགས་པའི་རང་བཞིན་ནག་པོ་དང་རྩ་བ་མེད་པས་ལྟོ་བ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ་མེ་ཏོག་གི་ཕྲེང་བ་དང་བཅས་པའི་རས་གཉིས་ཀྱིས་མགུལ་པ་བཅིངས་པ་ཁར་ལོ་མ་དང་


DTG032_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་རང་གི་ལྷག་པའི་ལྷའི་མཚན་མས་མཚན་པ། དཀར་པོའམ་དམར་པོ་བ་དན་གཏོད་པ་ལ་བྲྀ་ཧ་ཏི་དང་ཀཎྜ་ཀ་རི་དང༌། ཤེལ་དང༌། ཨ་པ་ར་ཛི་ཏ་སྟེ་སྨན་ཆེན་པོ་དང་ལྡན་པ། ནོར་བུ་དང་མུ་ཏིག་དང་བྱི་རུ་དང་དངུལ་དང་གསེར་གྱི་རིན་པོ་ཆེ་དང་ལྡན་པ་ཏིལ་དང་ནས་དང་མ་ཤ་དང་གྲོ་དང་འབྲས་སོ་བ་སྟེ་འབྲུ་ལྔ་དང་ལྡན་པའི་རྣམ་པར་རྒྱལ་བའི་བུམ་པ་བཛྲ་དྷྲྀ་ཀ་ཅེས་བྱ་བ་བརྒྱ་རྩ་བརྒྱད་དུ་བཟླས་པའི་ཨ་རྒྷའི་དྲིའི་ཆུ་ཅུང་ཟད་མངོན་པར་འདུས་བྱས་པ་བདུད་རྩི་ལྔ་ཡང་དེར་བཅུག་སྟེ། ཡི་གེ་ཧཱུཾ་གིས་འཕགས་པ་བདུད་རྩི་འཁྱིལ་བ་རལ་པ་གཅིག་མ་དང་སྙོམས་པར་ཞུགས་པར་བསྒོམས་ཏེ་དབང་བསྐུར་ནས་མཆོད་པོ་རྣམ་པ་ལྔ་བླ་ན་མེད་པ་དང་བཅས་པ་ལ་སོགས་པའི་མཆོད་པས་མཆོད་ལ། དེ་ལ་མེ་ཏོག་གི་ཕྲེང་བ་དང་བཅས་པའི་ཧྱ་ཤ་སྟེང་དུ་རྡོ་རྗེ་གཞག་ནས་དེའི་ཕྲེང་བའི་མཐར་ལག་པས་བླངས་ལ། ཨོཾ་ཨཱཿ་བི་གྷྣ་ནྟ་ཀྲྀ་ཏ་ཧཱུཾ་ཕཊ་ཅེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་ལ། མེ་ཏོག་དཀར་པོ་བཀྲམ་ནས་སྤོས་དབུལ་བར་བྱའོ། །དེ་བཞིན་དུ་རྡོ་རྗེ་མེ་ལྟར་འབར་བ་དང་ཐུགས་རྡོ་རྗེ་དག་གིས་ཐམས་ཅད་ལ་ཡང་བྱས་ཏེ་སྤོས་གཏུལ་བར་བྱའོ། །དེ་ལ་མེ་ལྟར་འབར་བ་ནི་ཡི་གེ་ཧཱུཾ་ལས་བྱུང་བ་ཁ་དོག་སྔོན་པོ་གཡས་བརྐྱང་པ་ལ་གནས་པ་སྙིང་གར་གཡོན་པའི་ཁུ་ཚུར་གྱི་ཁྲོ་བོའི་སྡིགས་མཛུབ་ཅན། ཅིག་ཤོས་ཀྱིས་འབར་བའི་རྡོ་རྗེ་བསྣམས་པ་བསྒོམ་མོ། །དེའི་བཟླས་པའི་སྔགས་ནི། ཨོཾ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷ་ཉྫ་ར་ཎ་ཧཱུཾ་ཕཊ། ཇི་སྲིད་ལྷའི་འཁོར་ལོ་དགོད་པ་དེ་སྲིད་ཀྱི་བར་དུ་ཉིན་རེ་དག་ལན་གསུམ་དུ་བྱས་ཏེ་བུམ་པ་ལྷག་པར་གནས་པའོ། །དེ་ནས་ཕྱི་རོལ་གྱི་གཏོར་མ་བྱིན་ནས་འཕགས་པ་བདུད་རྩི་འཁྱིལ་བ་ཞེས་བྱ་བས་བགེགས་བསྐྲད་པའི་སྦྱིན་སྲེག་དང་རྡོ་རྗེ་འཆང་ཆེན་པོས་ཞི་བའི་སྦྱིན་སྲེག་ཀྱང་བྱས་ལ་དཀྱིལ་འཁོར་ལ་བཞུགས་སུ་གསོལ་ནས་མཆོད་ཅིང་ཨ་རྒྷ་ཕུལ་ནས་ལྷག་པར་གནས་པར་བྱའོ།། ལྕེའི་རྩེ་མོར་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམས་ལ་ཨོཾ་པདྨ་ས་ར་ས་ཏེ་མ་ཝ་རྟ་ཡ་ཤོ་དྷ་ཡ་ཧཱུཾ་ཧྲཱིཿར་ཧྲཱིཿ་ཞེས་བྱ་བས་ལྕེ་བྱིན་གྱིས་བརླབས་ལ་སྤོས་ཁང་ལག་ཏུ་ཐོགས་ཏེ་ཡན་ལག་ཐམས་ཅད་གྱིས་ཕྱག་བྱས་ལ། ཐུགས་རྗེས་ཕན་འདོགས་ནུས་ལྡན་པའི། །སངས་རྒྱས་བདག་ལ་དགོངས་སུ་


DTG032_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །བདག་ཅེས་བྱ་བ་ཆེ་གེ་མོ། །ཐུགས་ཀྱི་རྡོ་རྗེ་དཀྱིལ་འཁོར་མཆོག །ཅི་ནུས་པ་ཡི་མཆོད་པ་ཡིས། །བདག་གིས་ནང་བར་དཀྱིལ་འཁོར་བྲི། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སློབ་མ་དང་བཅས་བདག་ལ་ནི། །ཐུགས་རྗེ་ཉེ་བར་བླངས་ནས་སུ། །སྲས་བཅས་ཀུན་གྱིས་དཀྱིལ་འཁོར་དུ། །ཡང་དག་པར་ནི་བཞུགས་པར་མཛོད། །སྲས་དང་བཅས་པར་འདིར་གཤེགས་ནས། །དཀྱིལ་འཁོར་ཡོངས་སུ་གཟུང་བར་མཛོད། །ཅེས་བྱའོ། །དེ་ནི་དཀྱིལ་འཁོར་ལྷག་པར་གནས་པའོ། །དེ་ནས་སློབ་མ་ལྷག་པར་གནས་པར་བྱ་སྟེ། སྔར་བཤད་པའི་མཚན་ཉིད་དང་ལྡན་པའི་སློབ་མ་དཀྱིལ་འཁོར་གྱི་སྒོར་མངོན་པར་ཁ་བལྟས་པས་སློབ་དཔོན་ལ་ཕྱག་བྱས་ཏེ་འདི་ལྟར་སྨྲ་བར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པའི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ནི། །དཀོན་མཆོག་གསུམ་ཡང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་བྱ་བས་སོ། །དེ་ནས་སློབ་དཔོན་གྱིས་སློབ་མ་གཙོ་བོ་མངོན་དུ་བྱས་ནས་འདི་སྐད་བཀའ་སྩལ་ཏེ། དེ་ཡང་སློབ་མ་རེ་རེས་འབོད་པ་རེ་རེར་ཤེས་པར་བྱའོ། །ཚུར་ཤོག་རིགས་བུ་ཐེག་ཆེན་གྱི། །སྔགས་ཀྱི་སྤྱོད་པ་ཆོ་གའི་ཚུལ། །ཐེག་ཆེན་ལ་ཁྱོད་སྣོད་གྱུར་པས། །ཡང་དག་ཁྱོད་ལ་བསྟན་པར་བྱ།། གང་ཞིག་སངས་རྒྱས་འདས་པ་དང༌། །དེ་བཞིན་གང་ཞིག་མ་བྱོན་དང༌། །གང་ཞིག་མགོན་པོ་ད་ལྟར་བྱུང༌། །འགྲོ་ལ་ཕན་ཕྱིར་བཞུགས་པ་སྟེ། །ཐར་པའི་ཆོ་ག་མཆོག་འདི་ནི། །བཟང་པོ་མཁྱེན་ནས་དེ་ཀུན་གྱིས། །བྱང་ཆུབ་དྲུང་དུ་དཔའ་བོ་ཡི། །ཀུན་མཁྱེན་མཚན་ཉིད་མེད་ཐོབ་བོ།། སྔགས་ཀྱི་སྦྱོར་བ་གཞལ་མེད་འདི། །གང་གིས་ཤཱཀྱ་སེང་གེ་ཡིས། །བདུད་དཔུང་འཇིགས་པ་ཆེན་པོ་ནི། །སྐྱོབ་པ་ཡིས་ནི་འཇོམས་པར་མཛད། །བུ་ཀྱེ་ཀུན་མཁྱེན་ཉིད་ཐོབ་ཕྱིར། །དེ་བས་བློ་ནི་བརྟན་པར་གྱིས། །ཞེས་བྱ་བས་མངའ་བདག་བྱས་ལ་སློབ་མ་རེ་རེ་མེའི་དཀྱིལ་དུ་གནས་པའི་ཡི་


DTG032_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གེ་རཾ་གྱི་མེས་ཐལ་བར་བྱས་ལ། དེའི་རྣམ་པར་ཤེས་པ་ཡི་གེ་གསུམ་གྱི་བདག་ཉིད་རང་གི་ཁར་བཅུག་སྟེ། བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེའི་ལམ་ནས་ཕྱུང་ལ་དེའི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་ཧཱུཾ་ལས་བྱུང་བའི་སྙིང་གར་རྡོ་རྗེ་དང༌། ཨཱ་ཁཾ་ཝཱི་ར་ཧཱུཾ་ཞེས་བྱ་བས་ལྐོག་མ་དང་སྤྱི་བོ་དང་དཔུང་པ་གཡས་པ་དང་གཡོན་པ་དང་སྙིང་གར་རིམ་པ་ཇི་ལྟ་བ་བཞིན་དུ་བཀོད་ལ། སྡིག་པ་བཤགས་པ་ལ་འདི་ལྟར་བྱེད་དུ་བཅུག་སྟེ། བདག་གིས་སྡིག་པ་གང་བྱས་པའམ། །བྱེད་དུ་འཇུག་གམ་རྗེས་ཡི་རང༌། །དེང་དེ་སངས་རྒྱས་ཐམས་ཅད་ཀྱི། །མདུན་དུ་སོ་སོར་བཤགས་པར་བགྱི། །སངས་རྒྱས་མགོན་པོའི་བསོད་ནམས་གང༌། །རང་རྒྱལ་སློབ་མ་རྣམས་ཀྱི་གང༌། །འགྲོ་བ་ཐམས་ཅད་རྣམས་ཀྱི་ཡང༌། །དེ་ནི་བདག་གིས་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །ཆོས་ཀྱི་རིན་ཆེན་བླ་ན་མེད། །བྱང་ཆུབ་སེམས་སོགས་སློབ་དཔོན་ལ། །བདག་གིས་ཡང་དག་སྐྱབས་སུ་མཆི། །སངས་རྒྱས་རྣམས་ནི་ཆོས་གསུངས་ཤིག །ནམ་ཡང་མྱ་ངན་འདས་མ་གཤེགས། །སེམས་ཅན་བདེ་བ་ཅན་མཛོད་ཅིག །གོ་འཕང་མཆོག་ནི་ཐོབ་པར་མཛད། །བྱང་ཆུབ་སེམས་ནི་བླ་ན་མེད། །ཇི་ལྟར་སངས་རྒྱས་ཀྱིས་བསྐྱེད་པ། །དེ་སྲས་བྱང་ཆུབ་སེམས་དཔས་ཀྱང༌། །དེ་བཞིན་བདག་གིས་བསྐྱེད་པར་བགྱི། །ཀུན་གྱི་དབང་ཕྱུག་གནས་ནས་ཀྱང༌། །བདག་ནི་ཀུན་རིག་གྱུར་པ་ཡིས། །གཏིང་མེད་སྲིད་པའི་རྒྱ་མཚོ་ལ། །འགྲོ་བ་ཐམས་ཅད་བསྒྲལ་བར་བགྱི། །ཇི་ལྟར་སྟོབས་ནི་སངས་རྒྱས་ཉིད། །ཐོབ་པའི་རྒྱུར་ནི་བདག་གྱུར་ཅིག །གལ་ཏེ་མ་ནུས་དེ་ཡི་ཚེ། །སྨོན་ལམ་དག་ནི་བག་གིས་བགྱི། །སྐྱེ་བ་འདི་ལ་གྲུབ་པའི་ཕྱིར། །དེ་ཡི་ཐབས་ལ་བརྩོན་བྱས་པ། །སྐྱོན་མེད་བདེ་དང་ཡོན་ཏན་ལྡན། །ཕུན་སུམ་ཚོགས་ཀུན་དབང་ཕྱུག་འགྱུར། །བདག་གིས་བསོད་ནམས་གང་བྱས་པ། །གང་ཞིག་ཀྱང་ནི་བྱེད་པར་འགྱུར། །དེས་ནི་བདག་དང་འགྲོ་བ་དག །བདེ་གཤེགས་གོ་འཕང་ཐོབ་པར་ཤོག །ཅེས་བརྗོད་དུ་གཞུག་སྟེ། དེའི་སྙིང་གར་ཡི་གེ་ཧཱུཾ་གིས་ཟླ་བའི་སྟེང་དུ་རྡོ་རྗེ་བསམས་ལ་དྲིའི་ཆུ་དང་བཅས་པ་ལག་པ་གཡས་པའི་རྡོ་རྗེ་ཅན་གྱིས་རེག་ཅིང་སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་སིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བྱ་བས་བྱིན་གྱིས་བརླབས་ལ། ཡི་གེ་ཨོཾ་དང་ཨཱཿ་དག་ལས་སྤྱི་བོ་དང་ལྐོག་མ་དག་ཏུ་


DTG032_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་དང་པདྨ་བསམས་ལ། །ཛི་ན་ཛི་ཀ །ཨཱ་རོ་ལི་ཀ་ཅེས་བྱ་བ་དག་གིས་དེ་ཉིད་ལ་རེག་ལ་ཡི་གེ་གསུམ་བརྗོད་པས་དེ་རྣམས་ཀྱི་ལག་ཏུ་དྲི་དང་མེ་ཏོག་བྱིན་ནས་སྤོས་གཏུལ་ཏེ་སྣང་བས་གསལ་བར་བྱས་ནས་འཕགས་པ་བདུད་རྩི་ཞེས་བྱ་བ་བཟླས་པའི་ཤིང་ཨུ་དུ་མྦཱ་ར་འམ་ཨ་ཤྭ་ཏྠ་ཡོར་བཅུ་གཉིས་པ་བུ་ག་མེད་པ་དྲིའི་ཆུས་བཀྲུས་ལ་དཀྱིལ་འཁོར་ལ་མེ་ཏོག་བཅིངས་པའི་སོ་ཤིང་ཐལ་མོ་སྦྱར་བའི་སློབ་མ་རྣམས་ལ་བྱང་ཕྱོགས་སུ་བལྟས་པའི་བླ་མས་སྦྱིན་པར་བྱའོ། །དེ་རྣམས་ཀྱིས་ཀྱང་བའི་པགས་པ་ཙམ་གྱི་ཚད་ཀྱི་དཀྱིལ་འཁོར་གྱི་དཀྱིལ་དུ་འདུག་ནས། ཤར་ཕྱོགས་སུ་སུ་ཁ་བལྟས་པའམ་བྱང་ཕྱོགས་སུ་ཁ་བལྟས་པས་རྩེ་མོ་ཟོས་ཏེ་མ་ཆགས་པ་མངོན་དུ་ལྟོས་པ་མེད་པར་དོར་བར་བྱའོ། །དེ་ལ་མངོན་དུ་བབ་པ་ན་བར་ཆད་མེད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནི་གྱེན་དུ་བབ་ན་རིག་པ་འཛིན་པའི་དངོས་གྲུབ་ཏུ་འགྱུར་རོ། །འོག་ཏུ་ཁ་དང་ལྡན་པ་བབ་ནས་འོག་གི་དངོས་གྲུབ་ཏུ་འགྱུར་རོ། །གཡས་སྐོར་བའི་རིམ་པས་ཤར་ཕྱོགས་སུ་ཁ་བལྟས་པར་བབ་ན། རྒྱས་པ་དང་མངོན་སྤྱོད་དང༌། དབང་དང་ཞི་བ་ལ་སོགས་པ་འགྲུབ་པར་འགྱུར་རོ། །མཎྜལ་ནས་ཕྱི་རོལ་དུ་བབ་ན་གྲུབ་པར་མི་འགྱུར་རོ། །དེ་ནས་ཡི་གེ་པཾ་ལས་སྐྱེས་པ་དེ་ཉིད་ཀྱིས་བཟླས་པའི་སློབ་དཔོན་གྱིས་ཆུ་བླངས་ལ། དེ་རྣམས་ཀྱི་ལག་པ་ལ་སྦྱིན་ཏེ། ཨཱོཾ་ཧྲཱིཿ་བི་ཤུ་དྡྷཿ་སརྦ་དྷརྨཱ་སརྦ་པ་པཾ་ནི་ཤྩ་སྱ་བི་ཤོ་དྷ་ཡ། སརྦ་བི་ཀལྤ་ན་ཨ་པ་ན་ཡ་ཧཱུཾ་ཞེས་བྱ་བ་བཟླས་པའི་དྲི་དང་བདུད་རྩིའི་ཆུའི་འཐོར་འཐུང་གསུམ་བླུད་པར་བྱའོ། །ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བ་བཟླས་པའི་ཡི་གེ་ཧཱུཾ་ལས་སྐྱེས་པ་སར་པ་མ་ཉམས་པའི་ཀུ་ཤ་གཅིག་དབུ་སྔས་དང་ཡི་གེ་ཧཱུཾ་ལས་སྐྱེས་པའི་བདུད་རྩི་འཁྱིལ་པ་བཟླས་པའི་ཀུ་ཤ་གཉིས་མལ་སྟན་དུ་བྱིན་ཏེ། དེ་ཉིད་ཀྱིས་བཟླས་པའི་སྲུང་སྐུད་གསུམ་ཁུགས་ཡི་གེ་གསུམ་གྱིས་བརྟན་པར་བྱས་ལ། དེ་རྣམས་ཀྱི་དཔུང་པ་གཡས་པ་ལ་མདུད་པ་གསུམ་རང་གིས་བཅིངས་ཏེ། ཨོཾ་བུདྡྷ་མཻ་ཏྲི་ར་ཀྵ་ར་ཀྵ་སརྦ་སྭཱ་ཧཱ་ཞེས་བྱ་བའི་བྱམས་པའི་གོ་ཆས་བསྲུང་ཞིང་ཆོས་བསྟན་པས་དགའ་བར་བྱས་ཏེ། བདག་ཉིད་ཆེན་པོ་ཁྱོད་རྣམས་ཀྱིས། །དེ་རིང་རྙེད་པ་གཞལ་མེད་རྙེད། །གང་གིས་ཁྱོད་ནི་རྒྱལ་བ་ཀུན། །སྲས་


DTG032_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པས་བསྟན་འདི་ལ། །ཐམས་ཅད་ཡོངས་སུ་གཟུང་གྱུར་ལ། །བདག་ཉིད་ཆེ་ལས་སྐྱེས་པར་འགྱུར། །དེས་ནི་ཁྱོད་རྣམས་ཐེག་ཆེན་ལ། །གང་ཕྱིར་ནང་པར་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་འབྱུང་བ་ཆེ། །དེ་ནི་ལམ་མཆོག་དམ་པ་ཡིན། །གང་གིས་ཁྱོད་རྣམས་མ་འོངས་པའི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །རང་འབྱུང་སྐལ་པ་ཆེ་ལྡན་པའི། །འཇིག་རྟེན་ཐམས་ཅད་འདུལ་བྱེད་པ། །ཡོད་དང་མེད་པ་ལས་འདས་པའི། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་ཅིང་གསང་བ་ཀུན་འགྲོ་བའི། །རྟོག་པ་མེད་ཅིང་གནས་མེད་པ། །སྤྲོས་པ་ཐམས་ཅད་དང་བྲལ་བའི། །སྤྲོ་པ་རྣམས་ཀྱིས་མ་སྤྲོས་པ། །ལས་དང་བྱ་བ་ལ་སོགས་བྲལ། །བདེན་པ་གཉིས་དང་དབྱེར་མེད་པ། །འདི་ནི་ཐེག་ཆེན་དམ་པ་སྟེ། །ཚུལ་ལ་གནས་པས་ཐོབ་པར་འགྱུར། །ཞེས་བརྗོད་ནས། ཀྱེ་བཞིན་བཟངས་དག་ལོངས་ཤིག་རྡོ་རྗེ་འཆང་ཆེན་པོའི་དྲིན་གྱིས་ནང་པར་ཐུགས་ཀྱི་དཀྱིལ་འཁོར་མཐོང་བར་འགྱུར་བ་དང༌། ཇི་ལྟར་མཐོང་བའི་རྨི་ལམ་ཡང་བདག་ཁོ་ན་ལ་སྨྲོས་ཤིག་ཅེས་བརྗོད་ནས་ཉལ་དུ་གཏོང་ངོ་ཞེས་པ་ནི་ལྷ་དང་སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་ཡང་དག་པར་མཆོད་ཅིང༌། སློབ་མ་དང་བཅས་པས་ཡིད་མཉམ་པར་གཞག་པའི་སློབ་དཔོན་གྱིས་དཀྱིལ་འཁོར་གྱིས་གཞིའི་མཐར་ཉལ་བར་བྱའོ། །ཞག་གཉིས་པའི་རྣལ་འབྱོར་བྱས་པས་དེ་བཞིན་དུ་དཀྱིལ་འཁོར་དེ་ནི་ནམ་མཁའི་དཀྱིལ་དུ་བཏེག་ནས་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་སྔོན་པོ་བདུད་རྩི་དང་བཅས་པ་དྲི་ཞིམ་པོའི་རྡུལ་ཚོན་ཡུངས་ཀར་གྱི་ཕྱེ་མ་དང་འདྲེས་པས་ཐིག་སྐུད་ཁ་དོག་སོ་སོར་བཙོས་ལ་རིམ་པ་དེ་ཉིད་ཀྱིས་གཞག་སྟེ། ཨོཾ་སྭཱ་ཨཱཿ་ཧཱ་ཧཱུཾ་གི་ས་བོན་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་ཐིག་སྐུད་ལ་འགོད་དེ། ས་བོན་དེ་ཉིད་ཀྱིས་རང་རང་གི་ཕྱོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ན་གནས་པ་དེ་དང་དེའི་ཁ་དོག་དང་ལྡན་པའི་འོད་ཟེར་གྱིས་ཐིག་སྐུད་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ལ་ཐིག་གདབ་པར་བྱ་བའི་ཕྱིར། རྡོ་རྗེའི་ཐིག་སྐུད་བདག་ལ་སྩོལ་ཅིག་ཅེས་བྱ་བས་རྣམ་པར་སྣང་མཛད་


DTG032_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་བསྐུལ་བར་བྱ་སྟེ། ཨོཾ་དཱ་བཏི་དྲྀ་ཥྚ་ཨ་དཀུ་ཤ་ཛ་ཞེས་བྱ་བ་མིག་དག་ལ་བཀོད་དེ། རབ་ཏུ་གཡོ་ཞིང་འགུལ་བའི་མིག །འབར་བའི་ལྟ་བ་ཞེས་སུ་བཤད། །ཅེས་བྱ་བས་འབར་བའི་ལྟ་བའི་ལྕགས་ཀྱུས་རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀ་ནས་འོད་ཟེར་གྱི་ཐིག་སྐུད་དེ་རྣམས་ཀྱིས་གསལ་བར་འགུགས་ཤིང་རང་གི་ལག་པ་ལ་གནས་པའི་ཐིག་སྐུད་དེ་དང་དྲེས་པར་བྱས་ལ། ཨོཾ་ཨ་ནྱོ་ནྱཱ་ནུ་ག་ཏ་སརྦ་དྷརྨཱཿ་སྥ་ར་སྥ་ར་ཨ་ནུ་པྲ་བི་ཥྚ་སརྦ་དྷརྨ་ཞེས་བརྗོད་པས་ཡི་གེ་གསུམ་བཟླ་ཞིང་དཀྱིལ་འཁོར་ལས་ཉིས་འགྱུར་བ་སྒོའི་ཉི་ཤུ་ཆའི་སྦོམ་པའི་ཐིག་སྐུད་བསྒྲིལ་པར་བྱའོ། །ཡི་གེ་མ་དང་ཊ་དག་ལས་ཉི་མ་དང་ཟླ་བ་མིག་དག་ལ་དགོད་དེ། ཏྲི་ཥྚི་མཊ་ཞེས་བྱ་བས་བརྟན་པར་བྱས་ལ་དྲི་དང་བདུད་རྩིས་བྱུགས་པའི་གསེར་ལ་སོགས་པའི་སྣོད་དུ་བཞག་ལ་དྲི་ལ་སོགས་པས་མཆོད་ལ་ལག་པས་རིག་ཅིང་ཡི་གེ་གསུམ་གྱིས་བརྒྱ་རྩ་བརྒྱད་བཟླའོ། །ཡང་དཀྱིལ་འཁོར་གྱི་ས་གཞི་སྔ་མ་བཞིན་དུ་ཉེ་བའི་སྒྲུབ་པ་པོས་དྲིས་བྱུགས་ལ་རྣམ་པ་སྣ་ཚོགས་པའི་མེ་ཏོག་དགྲམ་ཞིང་བར་སྣང་ལ་གནས་པ་རྣམས་ལ་ཨ་རྒྷཾ་དང་དྲི་ལ་སོགས་པས་མཆོད་དེ་ཕྱག་འཚལ་ནས་རྡོ་རྗེ་འཆང་དུ་གྱུར་པས་ཐིག་སྐུད་འཛིན་པ་རྣམ་པར་སྣང་མཛད་དམ་བདུད་རྩི་འཁྱིལ་བའི་རྣལ་འབྱོར་ལ་གནས་པ་ཡང་དག་པར་བྱུང་སྟེ། མིག་གཡོན་པ་དང་གཡས་པ་དག་ལ་ཡི་གེ་ཛ་ལས་བྱུང་བའི་ཁ་དོག་སེར་པོ་ཟླ་བ་དང་ཉི་མར་བསྒོམས་ལ་ཡི་གེ་གསུམ་གྱིས་བཟླས་པའི་ཡུངས་ཀར་ཕྱེ་མ་དང་འདྲེས་པས་བདུད་རྩི་ལྔ་དང་ལྡན་པའི་དྲི་བཟངས་ཀྱི་ཆུས་བསྐུས་ལ། ཐིག་སྐྱུད་དེ་ལག་པ་གཡོན་པའི་ཁུ་ཚུར་གྱིས་ལྟེ་བར་གཟུང་བར་བྱའོ། །ཨོཾ་ཛ་ཛ་ཛ་ཞེས་བྱ་བས་སློབ་མ་ལ་གཏད་ལ་ཉེ་བའི་སྒྲུབ་པ་པོས་ཀྱང་ཨོཾ་ཛ་ཛ་ཛ་ཞེས་བྱ་བས་དེ་ཉིད་གཟུང་ཞིང་དེ་བཞིན་དུ་ལྟེ་བའི་ཕྱོགས་སུ་འཛིན་པར་བྱའོ། །ལྷ་དང་གནོད་སྦྱིན་གྱི་བདག་པོའི་ཕྱོགས་སུ་ཞལ་བལྟས་པའི་རྡོ་རྗེ་འཆང་གིས་ནམ་མཁའི་ཐིག་སྐུད་གདབ་པར་བྱའོ། །དེ་ནས་ཕྱོགས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་དམིགས་ཏེ་ཚངས་པའི་ཐིག་སྐུད་གཉིས་དབུས་ལ་བཏབ་ནས་གནོད་སྦྱིན་དང་དབང་པོའི་ཕྱོགས་སུ་ཞལ་བལྟས་པས་ཡི་དགས་དང་ཀླུའི་ཕྱོགས་སུ་བཏབ་པ་དང་མེ་དང་རླུང་གི་མཚམས་ལ་གནས་པའི་བླ་མས།


DTG032_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དང་ནུབ་དང་བྱང་དང་ལྷོའི་ཕྱོགས་ལ་ཐིག་བཏབ་ནས་ཡང་མེའི་མཚམས་ལ་གནས་ནས་རླུང་གི་མཚམས་ཐིག་གདབ་པ་དང༌། བདེན་བྲལ་ལ་གནས་པས་དབང་ལྡན་གྱི་མཚམས་ཐིག་བཏབ་ནས། ཤར་དང་ནུབ་དང་བྱང་དང་ལྷོའི་ཕྱོགས་བཞིའི་ཐིག་གིས་དུམ་བུ་བརྒྱད་པའི་དཀྱིལ་འཁོར་ལ་ཡང་རིམ་པ་འདི་ཉིད་ཀྱིས་ཡི་གེ་གསུམ་བརྗོད་པ་སྔོན་དུ་འགྲོ་བས་ཐིག་གདབ་པར་བྱའོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་ཟློས་པས་ཐིག་གདབ་པའི་སྒྲས་དེ་བཞིན་གཤེགས་པ་ནམ་མཁའ་ལ་བཞུགས་པ་ལ་ཁྱོད་ཀྱིས་སེམས་ཅན་གྱི་དོན་བྱ་བའི་དུས་ཡིན་པས་འདི་ཉིད་དུ་གཤེགས་སུ་གསོལ་ཞེས་པས་བསྐུལ་བར་བྱའོ། །ཐམས་ཅད་ལ་ཡང་སློབ་དཔོན་དང་ཉེ་བའི་སྒྲུབ་པ་པོ་དག་གིས་གཡས་སྐོར་དུ་འགྲོ་བར་བྱའོ། །གྲུ་བཞི་པ་དང་ཟུར་བཞི་པ། །སྒོ་བཞི་པ་དང་རྟ་བབས་བཅས། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲྭ་ཡི་ཆ་ནི་ཐམས་ཅད་དང༌། །སྒོ་དང་སྒོ་ཁྱུད་ཁ་ཁྱེར་ལ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པའི། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བྱ། །དེ་ཡི་ནང་གི་དཀྱིལ་འཁོར་ནི། །དུམ་བུ་བརྒྱད་དང་དཀྱིལ་འཁོར་མཚུངས། །ཕྱི་ཡི་དཀྱིལ་འཁོར་ཕྱེད་ཀྱི་ཚད། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། །རྡོ་རྗེ་ཀ་བ་མཆོག་གིས་སྤྲས། །དགེ་ཞིང་རྡོ་རྗེ་ཕྲེང་བས་བསྐོར། །ཧྲི་ཡི་ཁྲོ་བོའི་ལྟ་བ་ཡིས། །དེ་ནས་སྒོ་རྣམས་ཕྱེ་བར་བྱ། །སྒོ་ནི་འཁོར་ལོའི་ཆ་བརྒྱད་པ། །ཁ་ཁྱེར་དང་ནི་བྲལ་བར་འདོད། །སྒོ་ཁྱུད་སྒོ་ཡི་ཚད་ཡིན་ཏེ། །དེ་བཞིན་ལྷ་ཡི་སྣམ་བུ་ཡང༌། །ཀུན་དུ་ཁ་ཁྱེར་སྒོ་ཡི་ཕྱེད། །དེ་བཞིན་སྒོ་འགྲམ་སྒོ་ལོགས་སོ། །རྡུལ་ཚོན་ས་གཞི་དེ་ཕྱེད་ཀྱིས། །རྩ་བའི་ཐིག་ལས་ཕྱི་རོལ་དུ། །དྲ་བ་དྲ་ཕྱེད་མེ་ཏོག་ཕྲེང༌། །དར་དཔྱང་སོགས་རྣམས་དེ་བཞིན་ནོ། །ཁ་ཀྱེར་དེ་ཁཱ་ལ་བརྟེན་ཏེ། །རྟ་བབས་ལ་ནི་ཀ་བ་གནས། །རྡོ་རྗེ་ཀ་བའི་ཐིག་རྣམས་ནི། །རྡུལ་ཚོན་ས་གཞི་དང་མཚུངས་པ། །སྒོ་ལས་ཉིས་འགྱུར་རྟ་བབས་ཏེ། བ་དན་དྲིལ་བུ་དང་ལྡན་པ། །དྲིལ་བུ་དང་བཅས་རླུང་གིས་གཡོ། །ཕྱི་ཡི་མཚམས་ལ་བ་དན་རྣམས། །འཁོར་ལོ་དང་མཚུངས་གཞན་དག་ནི། །ཇི་ལྟར་མཛེས་པར་བརྟག་པར་བྱ། །གལ་ཏེ་ཁ་ཅིག་ཐིག་བཏབ་ལ། །སྣོད་མེད་དེ་ཚེ་རང་གིས་ནི། །ཉེ་བར་སྒྲུབ་


DTG032_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་མེད་པས། །ཕུར་བུས་བཏབ་ལ་ཐིག་གདབ་བྱ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་ཇི་ལྟར་བཤད་པའི་ཕུར་བུའམ་རྡོ་རྗེས་བཏབ་ནས་དེ་ལ་ཐིག་སྐུད་བཏགས་ནས་དེ་མཐེ་བོང་གི་ནང་དུ་སྦྱར་བའི་ཐིག་སྐུད་ཀྱིས། ཕྱི་དང་ནང་གི་དཀྱིལ་འཁོར་དག་དང་ཕྱི་རོལ་གྱི་རྡོ་རྗེ་དང་འཁོར་ལོ་དང་པདྨའི་ར་བ་དང་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། །གཡས་སྐོར་དུ་ཐིག་བཏབ་ནས། །ཡེ་ཤེས་ཀྱི་ཐིག་སྐུད་གཤེགས་སུ་གསོལ་བར་བྱའོ། །དེ་ནས་བཾ་ལཾ་རཾ་ཡཾ་ཧཾ་གི་ས་བོན་ལས་བསྐྱེད་པའི་ཐིག་སྐུད་ལ་བཤད་པའི་ཁ་དོག་གི་རིམ་པས་དཀར་པོ་ལ་སོགས་མཚོན་རྣམས་རིན་པོ་ཆེ་ལས་བྱུང་བའམ་ལྕགས་ལྔ་ལས་བྱུང་བའམ། ཁམས་ལྔ་ལས་བྱུང་བའམ། འབྲུ་སྣ་ལྔ་ལས་བྱུང་བའམ། སོ་ཕག་ལས་བྱུང་བའི་སྔར་བཤད་པའི་ས་བོན་ལས་སྤྱན་མ་ལ་སོགས་པ་དང་ཡང་དག་པར་ལྡན་པའི་དེ་བཞིན་གཤེགས་པའི་རང་བཞིན་དུ་བསྒོམས་ལ། ཡི་གེ་ཧཱུཾ་གིས་མངོན་པར་བརླས་པའི་ཡི་གེ་ཛ་ཡིས་འབར་བའི་ལྟ་བས་རྡུལ་ཚོན་རྣམས་ཡང་དག་པར་སྦར་ལ་ཡི་གེ་ཧཱུཾ་གིས་ཕུར་བུ་རྣམས་གདོན་ཏེ། དེའི་བུ་ག་ཚོན་རྣམ་པ་ལྔས་ཀུན་དུ་གང་བར་བྱས་ལ་ཐུགས་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་བླ་ན་མེད་པའི་ཤེས་རབ་ཀྱི་དྲིལ་བུའི་སྒྲས་མཚན་མ་ངན་པ་ལ་སོགས་པ་བསལ་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ལྷག་པར་མོས་ནས་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ་ཤར་ཕྱོགས་སུ་ཁ་བལྟས་པར་གྱུར་ནས། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ནས་གཡས་སྐོར་ནས་རྡུལ་ཚོན་གདབ་པར་བྱའོ། །དེ་ནས་ཇི་ལྟར་བདེ་བ་ཡིས། །མཉམ་པ་བར་མེད་ཡོན་པོ་མེད། །བར་ཆད་མེད་ཅིང་གཡས་སྐོར་བ། །སྒོ་ཡི་ཉི་ཤུའི་ཆ་ཡི་ཚད། །རི་མོ་མཉམ་པོ་བྲི་བར་བྱ། །སྦོམ་པོ་བྱུང་ན་ནད་འབྱུང་སྟེ། །ཕྲ་བ་ཡིས་ནི་ནོར་འཇིག་འགྱུར། །ཡོན་པོ་ཡིས་ནི་སྡང་བ་སྟེ། །བར་ཆད་པས་ནི་མཁན་སློབ་འཆི། །གཡས་སྐོར་མ་ཡིན་ཕབ་པ་ན། །རྡུལ་ཚོན་ཕུར་བུས་བཏབ་པར་འགྱུར། །ཕྱི་ཡི་རེ་ཁཱ་དཀར་པོ་སྟེ། །གཉིས་པ་ཁ་དོག་སེར་པོ་ཡིན། །གསུམ་པ་པདྨ་རཱ་ག་མཚུངས། །བཞི་པ་མརྒད་དང་འདྲ་བའི། །ནང་གི་རེ་ཁཱ་ནག་པོ་སྟེ། །དེས་ན་པཉྩ་རཱ་གའི་རིམ། །ཤར་གྱི་ས་གཞི་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་དང་མཚུངས་པ། །


DTG032_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ནི་ཁ་དོག་དམར་པོ་དང༌། །བྱང་ནི་ལྗང་གུ་དང་ལྡན་པ། །དབུས་ནི་ཨིནྡྲ་ནཱི་ལ་མཚུངས། །ཐུགས་ཀྱི་དཀྱིལ་འཁོར་དེ་འདྲའོ། །རྟག་ཏུ་མཉམ་པར་གཞག་པ་ཡིས། །རྡོ་རྗེ་དྲིལ་བུ་འཛིན་པས་བྲི། །ནས་ཀྱི་འབྲུ་ཚོད་རྡུལ་ཚོན་གྱི། །རེ་ཁཱ་ཕན་ཚུན་གདབ་པར་བྱ། །དཀྱིལ་འཁོར་བྲི་བའི་དུས་སུ་གལ་ཏེ་བགེགས་བྱུང་ན་དེའི་ཚེ་བདུད་རྩི་ཞེས་བྱ་བའི་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་དེའི་ཕྲེང་བའི་སྔགས་བཟླས་ནས་བཟློག་པར་བྱའོ། །ན་མཿས་མནྟ་ཀཱ་ཡ་ཝཱ་ཀྩི་ཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ་མ་ཧཱ་དཾ་ཥྚྲོཾ་ཏྐ་ཊ་བྷཻ་ར་ཝཱ་ཡ་ཨ་སི་མུ་ས་ལ་པཱ་ར་ཤུ་པཱ་ཤ་ཧ་སྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི་ཏི་ཥྛ་ཏི་ཥྛ་བནྡྷ་བནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་གརྫ་གརྫ་བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་སརྦ་བིགྷྣཱ་ན་བི་ནཱ་ཡ་ཀཱ་ནཱཾ་མ་ཧཱ་ག་ཎ་པ་ཏི་ཛཱི་ཝི་ཏཱ་ནྟ་ཀ་རཱ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། བདུད་རྩི་འཁྱིལ་པའི་རྣལ་འབྱོར་དང་ལྡན་པས་ལག་པ་གཡོན་པའི་སྲིན་ལག་དང་མཛུབ་མོ་གུང་མོ་དག་བསྐུམ་པར་བྱས་ཏེ་མཐེའུ་ཆུང་དང་མཐེ་བོང་གི་རྩེ་མོར་ཡང་དག་པར་སྦྱར་ནས་མཆེ་བའི་ཕྱག་རྒྱ་ཁ་འགྲམ་དུ་བཅས་ལ་ཡི་གེ་ཕཊ་བཟླས་པས་བགེགས་བསྐྲད་པར་བྱའོ། །ཡང་ན་སྔར་བཤད་པའི་སྲུང་བའི་འཁོར་ལོའི་ཕུར་བུས་གདབ་པར་བྱའོ། །ཡང་ན་དོན་དམ་པར་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། གང་གི་ཕྱིར་འོད་གསལ་བའི་སེམས་ཀྱི་བགེགས་འབྱུང་བ་གང་ཡིན་པ་དེ་ནི་གནས་སྐབས་ཀྱང་མ་ཡིན་གྱི་གནས་ཀྱང་མེད་དེ། བགེགས་ལ་སོགས་པའི་ཐ་མལ་པའི་རྣམ་པར་རྟོག་པ་ལས་འབྱུང་བའི་ཕྱིར་རོ། །དེ་ནས་ལྷ་རྣམས་དགོད་པའི་གནས་སུ་སྔ་མ་བཞིན་དུ་པདྨ་དང་ཉི་མ་ལ་སོགས་པའི་གདན་རྣམས་ཇི་ལྟ་བ་བཞིན་དུ་བློས་བཀོད་ལ་བཛྲ་དྷྲྀ་ཀ་ཅེས་བྱ་བ་ལ་སོགས་པའི་སྙིང་པོའི་སྔགས་བརྗོད་པས་མཚན་མ་ལ་ནང་དུ་གནས་པའི་ལྷའི་གཟུགས་དང་ནམ་མཁའི་དེ་བཞིན་གཤེགས་པ་གཅིག་ཏུ་བྱ་བའི་ཕྱིར། བླུགས་པའམ་འབུར་དུ་བྱས་པ་འམ་བྲིས་པའི་ཕྱག་མཚན་རྣམས་དགོད་པར་བྱའོ། །དེ་ལ་དབུས་སུ་ཨིནྡྲ་ནཱི་ལ་དང་འདྲ་བ་བསྐལ་པའི་མེ་ལྟར་འབར་ཞིང་འཇིགས་པ་རྩེ་ལྔ་པའི་རྡོ་རྗེ་བྲི་བར་བྱའོ། །རྣམ་པར་སྣང་མཛད་ཀྱི་གནས་སུ་རྡོ་རྗེའི་རྣམ་པ་དང་འདྲ་བའི་འབར་བ་ཅན་རྩིབས་བརྒྱད་པའི་འཁོར་ལོ་དཀར་པོ་དགོད་དོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་


DTG032_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ན་བརྩམས་ཏེ། ལྷ་མོ་རོ་རྡོ་རྗེ་མའི་བར་དུ་རིམ་པ་ཇི་ལྟ་བ་བཞིན་དུ་མེ་སྟག་སྤྲོ་བའི་ཉི་མ་དང་འདྲ་བའི་རིན་པོ་ཆེ་དང་པདྨ་དང་རལ་གྲི་འོད་ཟེར་དང་བཅས་པ་དང་སྤྲིན་དང་འདྲ་བའི་འོད་འཕྲོ་བའི་མིག་དང༌། འབར་ཞིང་ཁ་དོག་སྔོན་པོ་རྡོ་རྗེ་དང་སྡོང་བུ་དང་བཅས་པའི་པདྨ་དང༌། དེ་དང་འདྲ་བའི་ཨུཏྤལ་སྔོན་པོ་དང་འབར་བ་དང་བཅས་པའི་ཐོབ་དང་རྡོ་རྗེ་ལ་སོགས་པའི་འབར་བ་དང་ལྡན་པའི་དབྱུག་ཏོ་དང་རལ་གྲིའི་རྣམ་པས་སྤྲོ་བའི་པདྨ་དང་ཁ་དོག་སྔོན་པོའི་སྣ་ཚོག་རྡོ་རྗེ་དང་དབུས་དང་ཤར་ལ་སོགས་པའི་ཕྱོགས་བཞི་རུ་སྔོན་པོ་དང་དཀར་པོ་དང་དམར་པོ་དང་ལྗང་གུ་བྲི་བར་བྱའོ། །ཤར་གྱི་སྣམ་བུ་ནས་བརྩམས་ཏེ། །འཁོར་ལོ་དང་ནཱ་ག་གེ་སར་གྱི་ཡལ་ག་དང༌། ཡང་ན་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང༌། རལ་གྲི་དང༌། ཡང་རལ་གྲི་དང༌། ཆོས་སྟོན་པའི་ཕྱག་རྒྱ་དང༌། ཕྱི་རོལ་གྱི་སྣམ་བུའི་གྲྭ་བཞི་རུ་མེ་ལོང་དང་པི་ཝང་དང་དྲིའི་དུང་ཕོར་དང་ཁྲག་ཆེན་པོས་ཡོངས་སུ་བཀང་པའི་ཐོད་པ་བྲི་བར་བྱའོ། །སྒོ་བཞི་པོ་མེའི་མཚམས་ལ་སོགས་པ་བཞི་ལ་ལྕགས་ཀྱུ་དང་དབྱུག་ཏོ་དང་རྩེ་གསུམ་དང་རལ་གྲི་བཀོད་ནས། ཤར་ཕྱོགས་ཀྱི་སྒོའི་ཐོ་བའི་གོང་དུ་འཁོར་ལོ་དང༌། དེ་བཞིན་དུ་ནུབ་ཀྱི་སྒོའི་པདྨའི་རྒྱབ་ཏུ་དྲིལ་བུ་དང་བཅས་པའི་རྡོ་རྗེའི་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་དགོད་པར་བྱའོ། །གལ་ཏེ་འདིར་ཐུགས་རྡོ་རྗེ་ལ་སོགས་པ་ནས་གང་ཡང་རུང་བའི་ལྷ་སྒྲུབ་པར་འདོད་ན་དེའི་ཚེ། ལོ་བཅུ་གཉིས་ལོན་པའི་བུ་མོ་དང༌། ཁྱེའུ་དག་ལ་མི་བསྐྱོད་པ་དང་མཱ་མ་ཀཱི་ལ་སོགས་པ་ཞུགས་ནས། དེ་དག་གིས་ཐིག་གདབ་པ་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བར་བྲིས་པའི་རྟེན་གྱི་དཀྱིལ་འཁོར་ལ་སྒྲུབ་ཐབས་ལས་བཤད་པའི་གདན་ལ་གཟུགས་དང་ཁ་དོག་དང་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པ་ལྷ་མ་ལུས་པ་དགོད་པའི་གནས་ལ་ཇི་བཞིན་དུ་ཞུགས་ནས་བསྒྲུབ་པར་བྱའོ། །ཕྱོགས་བཞི་རུ་རིན་པོ་ཆེ་ལ་སོགས་པའི་རང་བཞིན་གྱི་རྟ་བབས་བཞི་དང༌། མེ་ཏོག་གི་ཕྲེང་བ་དང་དྲིལ་བུ་དང་བ་དན་ལ་སོགས་པ་དང་ལྡན་པའི་སྒོ་བཞི་རྡོ་རྗེ་འཆང་གི་སྔགས་ཀྱིས་དབུལ་བར་བྱའོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཕྱོགས་བཞི་རུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཕལ་པོ་ཆེ་དང༌། དེ་བཞིན་གཤེགས་པའི་གསང་བ་དང༌། གསེར་འོད་དམ་པའི་མདོ་སྡེ་རྣམས་ཀློག་དུ་གཞུག་གོ །ག་པུར་དང་ཨ་ག་རུ་དང་ཏུ་རུ་སྐལ་སོགས་


DTG032_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤོས་ཁང་ཕྱོགས་དང་མཚམས་སུ་རྒྱུན་མི་འཆད་པར་གཏུལ་བར་བྱའོ། །དེ་ནས་ཉེ་བའི་སྒྲུབ་པ་པོས་བདུད་རྩི་འཁྱིལ་བའི་ང་རྒྱལ་དང་ལྡན་པས་རྡོ་རྗེ་རབ་ནས་ཕྱི་རོལ་དུ་བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུས་ས་གཞི་བྱུགས་ཏེ་མེ་ཏོག་བཀྲམ་ནས་ལས་ཐམས་ཅད་པ་བཟླས་པའི་ཆུས་དཀྱིལ་འཁོར་ལ་བསང་གཏོང་བྱས་ཏེ་དེའི་དབུས་སུ་ལག་པ་བཞག་ནས་འཁོར་ལོ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་ཡི་གེ་གསུམ་བརྒྱ་རྩ་བརྒྱད་དུ་བཟླས་ནས། ཨོཾ་ཨཱཿ་བིགྷྣཱ་ནྟ་ཀྲྸྀ་ཏ་ཧཱུཾ་ཕཊ། །ཅེས་བཟླས་པར་བྱའོ། །དེ་ནས་མཚམས་ཀྱི་དུས་སུ་དཔལ་གནོད་མཛེས་ཀྱི་རྒྱལ་པོའི་ང་རྒྱལ་དང་ལྡན་པས་མེ་ཏོག་སྔོན་པོའི་ཕྲེང་བ་བླངས་ནས། ཨོཾ་སུམྦྷ་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པས་དཀྱིལ་འཁོར་དུ་གཞུག་སྟེ། དྲིལ་བུ་དཀྲོལ་ཞིང་ལན་གསུམ་བསྐོར་ཏེ། མཚང་བ་དང་ལྷག་པའི་སྐྱོན་ཞི་བར་བྱ་བའི་ཕྱིར་རྡོ་རྗེ་ལ་བལྟས་ཏེ་མེ་ཏོག་གི་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ཞིང༌། ཡང་དེ་ཉིད་གར་གྱི་ཚུལ་གྱིས་བླངས་ལ་རང་གི་མགོ་བོ་ལ་ཡི་གེ་ཧཱུཾ་བཞིའི་སྔགས་ཀྱིས་བཅིང་བར་བྱའོ། །དེ་ནས་ཕྱི་དང་ནང་གི་དཀྱིལ་འཁོར་དག་གི་བར་ན་གནས་པའི་མཉམ་པར་གཞག་པའི་རྡོ་རྗེ་སློབ་དཔོན་གྱིས་ཡི་གེ་གསུམ་བརྗོད་ནས་ཡིད་ཀྱིས་སྒོ་ཕྱེ་བར་བྱའོ། །སྒོ་རྣམས་ཤར་ལ་སོགས་པར་ནི། །ནུབ་ཀྱི་ཕྱོགས་སུ་གནས་པ་ཡིས། །རིམ་གྱིས་ཕྱེ་བར་བྱས་པ་སྟེ། །དེ་བཞིན་གཡས་བརྐྱང་ལ་སོགས་པས། །ཞེས་འབྱུང་ངོ༌། །སྔར་ལྷག་པར་གནས་པར་བྱས་པའི་རྣམ་པར་རྒྱལ་བའི་བུམ་པ་ཆོ་ག་དེ་ཉིད་ཀྱིས་ལན་བདུན་བཟླས་པས་བདག་པོའི་མདུན་དུ་གཞག་པར་བྱའོ། །གཞན་མ་བཛྲ་དྷྲྀ་ཀ་ཅེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་པས་འཇུག་པའི་སྒོ་ལ་མངོན་པར་ཕྱོགས་པར་གཞག་ནས་དེའི་ཆུས་བདག་ཉིད་དང་སློབ་མ་བསང་བར་བྱ་བའི་ཕྱིར་བཞག་ནས་བཟླས་ལ། དཀྱིལ་འཁོར་གྱི་ཕྱི་རོལ་དང་རྡོ་རྗེའི་ར་བའི་བར་ན། ཤར་དང་ལྷོའི་སྒོའི་མཚམས་སུ་མཚན་ཉིད་དང་ལྡན་པ་རང་གི་ལྷ་དང་རྗེས་སུ་མཐུན་པའི་ཚོན་གྱིས་བྲིས་པ། རས་དམ་པ་གཉིས་ཀྱིས་མགུལ་བ་བཅིངས་པ་ལོ་མ་དང་འབྲས་བུར་བཅས་པར་ཁར་བཅུག་ལ་རིན་པོ་ཆེ་ལྔ་དང་སྨན་དང་འབྲུ་ལྔར་ལྡན་པ་དང༌། བདུད་རྩི་དང་ལྡན་པའི་ཙནྡན་གྱི་ཆུས་བཀང་བ། རང་རང་གི་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླས་པ། འཕགས་པ་གཤིན་རྗེ་


DTG032_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བྱེད་པ་ལ་སོགས་པའི་ཁྲོ་བོའི་རྒྱལ་པོའི་བུམ་པ་གཞག་པར་བྱའོ། །དེ་བཞིན་དུ་ལྷོ་དང་ནུབ་ཀྱི་མཚམས་སུ་དཔལ་གནོད་མཛེས་ཀྱི་རྒྱལ་པོ་ནས་བརྩམས་ཏེ་དྲི་རྡོ་རྗེ་མའི་བར་དུ་བུམ་པ་བཞི་དང་ལྔ་གཞག་གོ །དེ་བཞིན་དུ་ནུབ་དང་བྱང་གི་མཚམས་སུ་འཇིག་རྟེན་དབང་ཕྱུག་ནས་བརྩམས་ཏེ་སྤྱན་མའི་བར་དུ་བུམ་པ་བདུན་ཉིད་དོ། །བྱང་དང་ཤར་གྱི་སྒོའི་མཚམས་སུ་མཱ་མ་ཀཱི་ནས་བརྩམས་ཏེ་མི་བསྐྱོད་པའི་བར་དུ་བུམ་པ་བརྒྱད་དགོད་དོ། །མ་ཚོགས་ན་རྣམ་པར་རྒྱལ་བ་དང་སྤྱན་མ་ལ་སོགས་པ་བཞི་དང༌། ལྷ་རྣམས་ཀྱི་བཞི་དང༌། ལས་ཐམས་ཅད་ཀྱི་བུམ་པ་གང་པ་ཡང་གཞག་སྟེ་བཅུ་ལས་ཉུང་བར་མི་བྱའོ་ཞེས་བཤད་པའི་ཕྱིར་རོ། །དེ་ནས་སྒྲུབ་ཐབས་ལས་གསུངས་པའི་ཚོགས་ལ་སོགས་པ་དང་ཕྱིའི་ཡོ་བྱད་ཀྱིས་ཀྱང་དཀྱིལ་འཁོར་མཆོད་ནས་རྡོ་རྗེ་སློབ་དཔོན་གྱིས་རྗེ་ལྟར་བཤད་པའི་རིག་མ་དང་ལྷན་ཅིག་ཏུ་སློབ་མ་གཞུག་པའི་ཆོ་ག་དང་འདྲ་བར་རང་ཞུགས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་བུམ་པའི་དབང་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་དང་རྗེས་སུ་གནང་བ་དང་དབུགས་དབྱུང་བ་དང་ལུང་བསྟན་པ་དང་ཏིང་ངེ་འཛིན་བསྒོམ་པ་ཐོབ་ནས། སྣ་ཚོགས་པདྨ་རས་ཀྱིས་བཀབ་པའི་གདན་གྱི་སྟེང་དུ་གནས་པས། སྨེ་ཤ་ཅན་གྱི་བུ་མོ་ལོ་བཅུ་གཉིས་པ། བཞིན་བཟངས་མིག་ནི་ཡངས་པ་སྟེ། །རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པ། །དེ་ཉིད་རིག་ལ་རྗེས་གནང་བ། །ཡོན་ཏན་སྐ་རགས་མཱ་མ་ཀཱི། །སྒྲུབ་ཐབས་ལས་བཤད་ཆོ་ག་ཡིས། །དྲི་དང་མེ་ཏོག་གིས་ཁྱབ་པ། །ལྷ་རྣམས་ཐམས་ཅད་མཆོད་པའི་ཕྱིར། །རྣལ་འབྱོར་པས་དེ་འདོད་པར་བྱ། །དེ་ནས་རང་གི་བྱང་ཆུབ་ཀྱི་སེམས་སྤྲོ་བ་དང་བསྡུ་ཞིང་ཟླ་བའི་དཀྱིལ་འཁོར་དུ་སྔར་བཤད་པའི་སྙིང་པོ་རྣམས་ཀྱིས་དམ་ཚིག་གི་དཀྱིལ་འཁོར་ཕྲ་མོ་ཕྱུང་སྟེ། ཕྱག་མཚན་གྱི་ནང་དུ་གནས་པའི་ལྷའི་སྐུ་རྣམས་ལ་བསྡུས་པར་བསམས་ཏེ། ལྕགས་ཀྱུ་དང་ཞགས་པ་ཐོགས་པའི་གནོད་མཛེས་ཀྱི་རྒྱལ་པོའི་ཡི་གེ་ཛའི་མཐའ་ཅན་གྱི་ཧཱུཾ་བཞི་པོའི་སྔགས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་ལྷ་རེ་རེའི་ཐུགས་ཀར་གཟུགས་པ་སྔོན་དུ་འགྲོ་བས་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་བར་དུ་བྱས་ཏེ། སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ཅོད་པན་དང་དར་དཔྱངས་ཀྱིས་དབང་


DTG032_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཏེ། རྗེས་སུ་ཆགས་པའི་ཚོགས་རྗེས་སུ་ཆགས་པར་བྱས་ནས་སྔ་མ་བཞིན་དུ་བྱང་ཆུབ་ཀྱི་སེམས་དེ་བཞིན་གཤེགས་པ་དགོང་བའི་རྣམ་པ་ཅན་དུ་བསྡུས་ཏེ་པདྨ་ལ་ཞུགས་ནས་ཞུ་བར་གྱུར་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དེ་བཞིན་གཤེགས་པ་ལ་སོགས་པས་སྤྱོད་པར་བྱ་བའི་ཕྱིར་ཕུལ་ལ་ཡང་ལྷ་མོའི་ཚོགས་ཀྱི་གཟུགས་སུ་ཕྱུང་ཞིང༌། བླ་ན་མེད་པའི་མཆོད་པ་དང་བཅས་པའི་མཆོད་པ་དེ་རྣམས་ཀྱིས་དཀྱིལ་འཁོར་ལ་མཆོད་ནས་ཡི་གེ་གསུམ་གྱིས་བཟླས་པའི་མེ་ཏོག་དང་སྤོས་དང་སྣང་བ་དང་དྲི་དང་ལྷ་བཤོས་ཕུལ་ཏེ་རྡོ་རྗེ་འཆང་ལ་སོགས་པས་མངོན་པར་བཟླས་པའི་དུང་ཕོར་ལ་སོགས་པའི་སྣོད་ལ་གནས་པ་བདུད་རྩི་དང་ཏི་ལ་དང་ནས་དང་ཀུ་ཤ་དང་དྲི་བཟངས་མེ་ཏོག་དཀར་པོ་དང་བཅས་པའི་དྲི་ཆུ་གང་ཡིན་པ་དེས་ལྷ་རྣམས་ལ་ཞབས་བསིལ་དང་མཆོད་ཡོན་དབུལ་བར་བྱ་སྟེ། དེ་ནས་མཆོད་པ་བྱ་བ་ནི་ལྷ་རེ་རེ་ལན་བཟའ་གཉིས་གཉིས་སམ། ཡང་ན་ཐམས་ཅད་ལ་གཅིག་གཅིག་ཕུལ་ནས་རྣམ་པ་སྣ་ཚོགས་པའི་གདུགས་དང་རྒྱལ་མཚན་དང་བ་དན་དང་བླ་རེ་རྣམས་ཡི་གེ་ཨོཾ་མམ་རྡོ་རྗེ་སེམས་དཔའ་བཟླས་ཏེ། བཛྲ་སྥ་ར་ཎ་ཁམས་ཞེས་བྱ་བ་འདིས་དབུལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་མངོན་པ་འདུས་བྱས་པའི་ག་པུར་དང་ཨ་ག་རུ་དང་ཏུ་རུ་ཥྐ་ལ་སོགས་པའི་དྲི་བཟངས་ཙནྡན་དང་འདྲེས་པ་དང་མེ་ཏོག་གི་ཤིང་ཡང་རུང་བརྒྱའམ་བཞི་དང་མེ་ཏོག་ཐམས་ཅད་དང༌། སྤོས་ཁང་སྟོང་ངམ་བརྒྱའམ་བཅུ་ལས་ཉུང་བར་མི་དབུལ་ལོ། །མར་མེ་འབུམ་ཕྲག་བརྒྱའི་གྲངས་སམ་ཡང་ན་མར་མེ་སྣོད་བརྒྱ་འམ་ཡང་ན་བཞི་འབུལ་ལོ། །ད་མ་ཐག་དུ་བཤད་པའི་སྔགས་ཀྱིས་མེ་ཏོག་དང་སྤོས་དང་མར་མེའི་མཆོད་པ་ལ་སོགས་པ་ལ་རེ་རེ་དང་སྦྱར་རོ། །ཡི་གེ་གསུམ་གྱིས་མངོན་པར་བཟླས་པའི་ཨོཾ་ལོ་པི་ལ་སོགས་པའི་བཟའ་བ་དང༌། རྣམ་པ་སྣ་ཚོགས་པའི་བཟའ་བ་དང་བཅའ་བ་དང་མྱང་བ་དང་ཉེས་པ་དང་བཅས་པ་དང་ཉེས་པ་མེད་པའི་གཏོར་མའི་མཆོད་པ་ཡང་སྟོང་ཕྲག་གི་གྲངས་སུ་དེ་ཉིད་ཀྱིས་དབུལ་ལོ། །རོལ་མོ་སྟོང་ངམ་པི་ཝང་ངམ། །དུང་ལ་སོགས་པ་ཡང་ན་རོལ་མོ་བཅུ་དབུལ་ལོ། །ཕྱིའི་གར་མཁན་དང་གདུ་བུ་དང་རྣ་ཆ་དང་ཅོད་པན་ལ་སོགས་པ་དང༌། རྟ་དང་གླང་པོ་དང་བ་ལང་གི་ཚོགས་ཀྱང་ལེགས་པར་བརྒྱན་པ་


DTG032_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་བར་བྱའོ། །གོས་དང་བཅས་པའི་རྟ་བབས་དང་དྲིལ་བུ་དང་བཅས་པའི་རྔ་ཡབ་དང༌། དཀར་པོ་དང༌། ངུར་ཀ་དང༌། ནག་པོ་དང༌། དུད་ཁ་དང༌། དམར་པོ་དང༌། ཁ་དོག་སྣ་ཚོགས་པ་དང༌། སེར་པོ་དང༌། ལྗང་གུ་དང༌། དབང་པོའི་ཕྱོགས་ལ་སོགས་པར་དཀྱིལ་འཁོར་གྱི་ཕྱི་རོལ་དུ་རིམ་གྱིས་བ་དན་བརྒྱད་དབུལ་བར་བྱའོ། །ཡང་བླ་ན་མེད་པའི་མཆོད་པ་དང་བཅས་པའི་མཆོད་པ་ལ་སོགས་པས་མཆོད་ཅིང༌། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པས་སྔ་མ་བཞིན་དུ་བསྟོད་པར་བྱའོ། །དེའམ་གཞན་གྱིས་བསྟོད་ནས་དུད་ཕོར་ལ་གནས་པའི་བཤང་གཅི་ལ་སོགས་པ་དང་ལྡན་པའི་སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཡི་གེ་གསུམ་གྱིས་མངོན་པར་སྦྱངས་ཏེ་དཀྱིལ་འཁོར་གྱི་འཁོར་ལོའི་དབུས་སུ་ཕུལ་ནས་དཀྱིལ་འཁོར་པ་རྣམས་དེས་ཚིམ་པར་བྱའོ། །དེ་ནས་མངོན་པར་འདུས་བྱས་པའི་བཟའ་བ་ལ་སོགས་པ་ཡང་དབུལ་ལོ། །ཤར་ཕྱོགས་ནས་བརྩམས་ཏེ་ལྷ་ལ་སོགས་པ་ལ་གཏོར་མ་བྱིན་ནས་ལྷ་རྣམས་ཚིམ་པར་བྱེད་པའི་སྦྱིན་སྲེག་བྱའོ། །དེ་ནས་གཞན་ལ་དཀྱིལ་འཁོར་དུ་ཞུགས་ནས་དབུགས་དབྱུང་བ་དང་ལུང་བསྟན་པ་ཐོབ་པ་སྔོན་དུ་འགྲོ་བ་ཐམས་ཅད་བསྐྱེད་ལ་སློབ་མ་རྣམས་འཇུག་པར་བྱ་བའི་ཕྱིར་དེ་ལྟར་བདེན་པ་གསན་དུ་འཇུག་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་དང་མཚུངས་པའི། །དག་ཅིང་དང་བ་དྲི་མ་མེད། །གཟུང་བ་མ་ཡིན་བརྗོད་བྱ་མིན། །རྒྱུ་དང་ལས་ལས་ཀུན་འབྱུང་བ། །དེ་བཞིན་དེ་ཉིད་ལས་བྱུང་བའི། །དེ་ལྟར་བདེན་པས་དཀྱིལ་འཁོར་འདི། །འདྲི་མེད་སློབ་མ་ཐམས་ཅད་ཀྱིས།། གཟུགས་བརྙན་ལྟར་གསལ་མཐོང་བར་བྱེད། །ནམ་མཁའ་སྐྱེད་པའི་མཚན་མའི་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོར་སེམས་དེང་བདག་འགྲུབ་པར་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཆང་ཀུན་རྒྱལ་པོ་སྟེ། །མི་འགྱུར་དམ་པ་བདག་གྲུབ་མཛོད། །ཁྱོད་ནི་སྐྱོན་མེད་རྟག་པ་སྟེ། །ཆགས་པ་ཀུན་གྱི་རྗེས་ཆགས་པས། །ཆགས་པ་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་གྲུབ་མཛོད། །ཤིན་དུ་དག་པ་ཀུན་གྱི་མཆོག །གཟོད་མ་ནས་དག་དེ་བཞིན་གཤེགས།།


DTG032_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་རྒྱ་མཆོག་གི །རྡོ་རྗེ་ཆེན་པོ་ཕུལ་དུ་བྱུང༌། །རྡོ་རྗེ་སྒེག་བདག་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །དམ་ཚིག་མཆོག་ལྡན་འདོད་པ་མཆོག །དབེན་པ་གང་གིས་དཀྱིལ་འཁོར་འདི། །ཐབས་དང་ཤེས་རབ་བདག་ཉིད་ཅན། །མགོན་པོ་བདེན་པ་དེ་ཉིད་ཀྱིས། །བདག་ལ་རེ་བ་རྫོགས་པར་མཛོད། །ཅེས་བྱ་བའི་དམ་ཚིག་གསུམ་གྱི་གླུའི་མཆོད་པ་དང་གསོལ་བ་འདེབས་པ་ཡང་བྱའོ། །དེ་ནི་སློབ་མ་འཇུག་པའི་ཆོ་ག་ཡིན་ཏེ་སྔ་མ་བཞིན་དུ་སློབ་མ་མངོན་པར་འདུས་བྱས་པས། །དམ་ཚིག་དང་སྡོམ་པ་ཁས་བླངས་པ་ཡོན་ཕུལ་བ་དེའི་སྙིང་གར་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོ་རྣམ་པར་བསམས་ཏེ། དེའི་སྦྱོར་བའི་གཡོ་བ་ལས་བྱུང་བའི་སྒྲའི་ཁ་དོག་དམར་པོ་ཡི་གེ་ཨའི་འོད་ཟེར་གྱི་ཕྲེང་བས་ལུས་ཐམས་ཅད་སྣང་བར་བྱས་པར་བསྒོམས་ལ། བདུད་རྩི་འཁྱིལ་བའི་ཁྲོ་བོ་བཟླས་པའི་མིག་དགབ་པ་དང་སྟོད་སྨད་ཀྱི་རས་དང་ལྡན་པ་སྒོ་སྐྱོང་བཞི་པོས་མངོན་པར་བཟླས་པའི་མིག་བཀབ་པའི་གོས་བྱས་ཏེ་རང་གི་དབང་བསྐུར་བའི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་རས་ཀྱིས་སྤྱི་བོར་བཀབ་ལ་ཇི་ལྟར་བཤད་པའི་རང་གི་རིགས་ཀྱི་བུ་མོ་ལག་པ་གཡོན་པས་འཁྱུད་པའི་ཕྱག་རྒྱས་བཟུང་བ་ཞུགས་པར་བྱས་ཏེ་ལས་ཐམས་ཅད་པའི་བུམ་པའི་ཆུས་བསང་གཏོར་བྱས་ལ་ཕྱག་བཞི་བྱེད་དུ་གཞུག་པར་བྱ་སྟེ། ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས། །ཨེ་མའོ་ཆོས་ཀྱི་བསྟན་པ་སྟེ། །དག་པའི་དེ་ཉིད་དོན་དག་པ།། བྱང་ཆུབ་སེམས་ཁྱོད་ལ་ཕྱག་འཚལ། །ཆོས་རྣམས་བདག་མེད་ལས་བྱུང་བའི། །སངས་རྒྱས་བྱང་ཆུབ་རྫོགས་བྱེད་པ། །རྣམ་པར་མི་རྟོག་དམིགས་པ་མེད། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཀུན་དུ་བཟངས་པོ་ཀུན་གྱི་དོན། །སངས་རྒྱས་བྱང་ཆུབ་རབ་འཇོག་པ། །བྱང་ཆུབ་སེམས་ནི་རྡོ་རྗེ་ཆེ། །བྱང་ཆུབ་སེམས་ཁྱོད་ལ་ཕྱོགས་འཚལ། །ཐུགས་ནི་དེ་བཞིན་གཤེགས་པའི་བདག །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་བྱང་ཆུབ་རབ་སྩོལ་བའི། །བྱང་ཆུབ་སེམས་ཁྱོད་ལ་ཕྱག་འཚལ། །ཞེས་བྱ་བས་སོ། །དེ་ནས་ཨཱ་ཁཾ་ཝཱི་ར་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་ཐལ་མོས་མེ་


DTG032_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་གི་ཕྲེང་བ་བཟུང་བ་སྒོ་རུ་གནས་པ་དགའ་བ་ལ་བརྟེན་པ་ཁྱོད་གང་ཡིན་ཞེས་དྲི་བར་བྱའོ། །དེས་ནི་སྐལ་པ་དང་ལྡན་པའི་བདེ་བ་ཆེན་པོ་བདག་ཡིན་ནོ་ཞེས་སྨྲ་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་བུམ་པའི་ཆུས་བསངས་ལ། །ཡི་གེ་ལྔས་འཇུག་ཅིང་འདི་སྐད་སྨྲ་བར་བྱ་སྟེ། ཁྱོད་དེ་རིང་དེ་བཞིན་གཤེགས་པའི་རིགས་སུ་ཞུགས་པ་དེ་བས་ན་ཁྱོད་ལ་བདག་གིས་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བགྱི་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་དག་སྨོས་ཀྱང་ཅི་དགོས། དཀྱིལ་འཁོར་ཆེན་པོ་སུ་ཞིག་གིས་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། གཞན་དུ་ན་དམ་ཚིག་ཉམས་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་དེང༌། །སྙིང་ག་རུ་ནི་ཡང་དག་བཞུགས། །གལ་ཏེ་ཚུལ་འདི་སྨྲ་བ་ན། །འགས་ནས་སྐད་ཅིག་གིས་འབྱུང་འགྱུར། །སྦྱང་བ་དང་ནི་སད་པ་སྟེ། །ཡེ་ཤེས་འབར་བའི་འོད་ཀྱིས་ཁྱབ། །འཁོར་ལོར་གནས་པ་འགྲུབ་སྟེར་བ། །དུང་ཆེན་ལ་གནས་བདུད་རྩི་ལྔ། །ས་བོན་ལྔའམ་གསུམ་བཀོད་པའི། །སློབ་མར་བླུད་པར་བྱ་བ་སྟེ། །འདི་ནི་དམྱལ་བའི་ཆུ་ཡིན་ཏེ། །དམ་ཚིག་འདས་པ་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་འགྲུབ་འགྱུར་བས། །རྡོ་རྗེ་བདུད་རྩིའི་ཆུ་འདི་སྤྱོད། །ཨོཾ་བཛྲོད་ཀ་ཋཿ་ཋཿ་ཞེས་བྱ་བས་བྱིན་ནོ། །དི་རིང་ནས་བརྩམས་ནས་ཁྱོད་ཀྱི་ལག་ན་རྡོ་རྗེ་ང་ཡིན་ནོ། །དེ་བས་ན་ཁྱོད་ཀྱིས་འདི་གྱིས་ཤིག་ཅེས་བྱ་བ་འདི་དག་གི་སྨྲ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་བ་དང་བདག་ཁྱོད་ཀྱིས་སྨད་པར་མི་བྱའོ། །གཞན་དུ་ན་དཀའ་བར་མ་འདས་པས་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་རོ། །དེ་ནས་སློབ་མ་ལ་འདི་སྐད་སྨྲ་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་བྱིན་གྱིས་བརླབ་པར་མཛོད་ཅིག་ཅེས་པ་དང༌། རྡོ་རྗེ་སེམས་དཔའ་ཡང་བདག་ལ་ཞུགས་ཤིག་ཅེས་བརྗོད་དུ་བཅུག་ནས། དེའི་སྙིང་གར་ཡི་གེ་ཧཱུཾ་ལས་བྱུང་བའི་ཁ་དོག་སེར་པོ་རྩེ་གསུམ་པའི་རྡོ་རྗེས་མཚན་པ། །ཟུར་བཞི་པ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་ཁ་དོག་དཀར་པོ་བུམ་པས་མཚན་པ་ཟླུམ་པོ་ཆུའི་དཀྱིལ་འཁོར་ལ་གནས་པ་ཡི་གེ་ཧཾ་སྟེ་སྤྱི་བོ་ལའོ། །ཡི་གེ་ཡཾ་ལས་བྱུང་བ་ཁ་དོག་སྔོན་པོ་བ་དན་གྱིས་མཚན་པ་གཡོ་བ་གཞུའི་དབྱིབས་ཅན་ཏེ་རླུང་གི་


DTG032_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལ་གནས་པ་ཡི་གེ་ཨ་སྟེ་ལྐོག་མ་ལའོ། །ཡི་གེ་རཾ་ལས་བསྐྱེད་པ་མེ་ལྟར་འབར་བ་གྲུ་གསུམ་པ་མེའི་དཀྱིལ་འཁོར་ལ་གནས་པ་ཡི་གེ་ཛྷཻཾ་འོད་གསལ་བ་རྐང་པའི་འོག་ཏུ་བཀོད་ནས་ཧཱུཾ་ཧ་ཨཱཿ་ཛྷཻ་ཞེས་བྱ་བས་བསྐུལ་ནས་རྡོ་རྗེ་དབབ་པར་བྱའོ། །ཇི་ལྟར་བཤད་པའི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་ཐུགས་རྡོ་རྗེ་ལ་སོགས་པ། །ཡི་གེ་ཛྷཻཾ་ལས་བྱུང་བ་མེའི་འོད་ཟེར་གྱིས་ཁྱབ་པར་གྱུར་པར་བསམས་ལ་དབབ་པར་བྱས་པའི་ལྕེ་ལ་ཡི་གེ་ཨ་དམར་པོ་བསམས་ལ་སྨྲོས་ཤིག་རྡོ་རྗེ་ཞེས་འདྲི་ན་དགེ་བ་དང་མི་དགེ་བ་ཐམས་ཅད་སྨྲ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་སོ། །འབབ་པ་དེ་ཉིད་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཤཱ་ཤྭ་ཏོ་མེ་བྷ་ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། །ཞེས་བྱ་བ་བརྗོད་ནས་བརྟན་པར་བྱས་ལ་ཡི་གེ་ལྔ་པས་ཕྲེང་བ་དེ་དཀྱིལ་འཁོར་ལ་གཏོར་ཞིང་དེ་ཉིད་ཀྱིས་བླངས་ལ་དེའི་སྤྱི་བོར་བྱིན་ནས་སྙིང་གའི་ཟླ་བ་ལ་ཧཱུཾ་བདག་པོ་དང་མིག་ལ་ཨོཾ་དང་དཔྲལ་བ་ལ་རཾ་བསྒོམས་ནས་ཡི་གེ་ལྔ་པས་མིག་ཕྱེ་ལ་མན་ངག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བསྟན་ཞིང་འདི་སྐད་སྨྲ་བར་བྱ་སྟེ། ཀྱེའི་རྡོ་རྗེའི་བུ་མིག་སྨན་བཞིན་པས། འདི་ནི་ང་ནི་ཁྱོད་ཀྱིས་མཐོང༌། །སངས་རྒྱས་ཆོས་ཀྱི་རིགས་ལས་བྱུང༌། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་གྱིས་ཕུན་སུམ་ཚོགས། །དམ་ཚིག་རྣམས་ཀྱི་མཆོག་ཏུ་འགྱུར། །རྡོ་རྗེ་པདྨ་རོལ་མཆོག་གིས། །སྔགས་རྣམས་ལ་ནི་བརྟེན་པར་གྱིས། །གྲུ་བཞི་པ་ནི་མི་མཉམ་མེད། །དྲན་དང་དབང་པོ་སྒོ་བཞི་པ། །བསམ་གཏན་དག་གིས་རྟ་བབས་བཞི། །སྣ་མ་བུ་རྣམས་ནི་ཏིང་འཛིན་བཤད། །འདོད་ཡོན་ལ་གནས་རྡོ་རྗེ་མཆོག །གཟུགས་སྐྱི་ལྷ་མོ་དང་ལྡན་པ། །བསམ་པ་ཐམས་ཅད་ཡོངས་རྫོགས་པས། །རྣམ་པ་སྣ་ཚོགས་རྒྱན་ཀུན་ལྡན། །སྣ་ཚོགས་རྩེ་མོར་བ་དན་དང༌། །དྲིལ་བུ་སྒྲ་སྒྲོགས་གདུལ་བྱའི་ཕྱིར། །མེ་ལོང་ཡེ་ཤེས་བྱང་ཆུབ་ཀྱི། །ཡན་ལག་མེ་ཏོག་ཕྲེང་བ་ཅན། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག །ཉི་མ་ཟླ་བ་གདན་གྱིས་ཁྱབ། །མི་འགྱུར་བདེ་བ་དངོས་གྲུབ་ཀུན། །བདེ་བ་ཆེན་པོ་ཞེས་པར་བཤད། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་རྣམ་པ་བརྒྱད་དང་མཚུངས། །རྣམ་པར་ཐར་བརྒྱད་


DTG032_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིན་པས། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། །ཐེག་པ་ཆེན་པོའི་བྱང་ཆུབ་སེམས། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བས། །རྡོ་རྗེ་ར་བས་ཡོངས་བསྐོར་བ། །ཐམས་ཅད་ཀྱིས་ཀྱང་ཡོངས་སུ་རྫོགས། །ཚོན་དག་རྫོགས་པའི་སངས་རྒྱས་ལྔ། །སེམས་ཅན་ཡེ་ཤེས་ཀྱིས་མཚོན་ཕྱིར།། དབང་པོ་ཡུལ་དང་རྣམ་དག་པ། །རང་གི་མཚན་ཉིད་རབ་དབྱེ་བས། །ཡེ་ཤེས་བདུད་རྩི་ལྔར་སྤྱོད་གང༌། །རྡོ་རྗེའི་བུམ་པ་དེ་ཉིད་ཡིན། །ཚོགས་རྫོགས་རྒྱུ་མཐུན་སྙིང་རྗེ་ཡིས། །རླན་པས་གང་བའི་བུམ་པ་ཡིན། །མེ་ཏོག་སྤོས་དང་མར་མེ་དང༌། །དྲི་ཞེས་བྱ་བའི་དཀྱིལ་འཁོར་ལ། །བྱང་ཆུབ་ཡན་ལག་ཡིད་ཚིམ་པའི། །ཆོས་སྒྲོན་གྲགས་པའི་ཚོགས་ཡིན་ནོ། །ཆོས་ཀྱི་བཟའ་བ་ལྷ་བཤོས་ཏེ། །ངོ་ཚ་ཁྲེལ་ཡོད་ན་བཟའ་ཡིན། །གླུ་དང་གར་དང་རོལ་མོ་ནི། །བདེ་བ་ཆེན་པོ་འཕེལ་བྱེད་ཕྱིར། །གྲོང་ཁྱེར་ཐར་པ་གྲོང་ཡིན་པས། །དཀྱིལ་འཁོར་སྙིང་པོ་ལེན་པས་སོ། །ཞེས་བྱ་བ་འདིས་རྒྱུ་དང་འབྲས་བུའི་རང་བཞིན་གྱི་རྟེན་གྱི་དཀྱིལ་འཁོར་བསྟན་ནས་བརྟེན་པའི་དཀྱིལ་འཁོར་བསྟན་པར་བྱ་སྟེ། དེ་ལ་རེ་ཞིག་དད་པའི་དབང་པོའི་རྣམ་པར་དག་པས་གཤིན་རྗེ་མཐར་བྱེད་དེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པ་འཆི་བདག་གི་བདུད་ཟིལ་གྱིས་གནོན་པའི་རང་བཞིན་ཡིན་ནོ། །དེ་བཞིན་དུ་དྲན་པ་དང་ཏིང་ངེ་འཛིན་བརྩོན་འགྲུས་ཀྱི་དབང་པོའི་རྣམ་པར་དག་པས་འཕགས་པ་གཞན་གྱིས་མི་ཐུབ་པ་དང་རྟ་མགྲིན་དང་འཕགས་པ་བདུད་རྩི་འཁྱིལ་པ་ཞེས་བྱ་བ་སྟེ། ཉོན་མོངས་པ་དང་ཕུང་པོ་དང་ལྷའི་བུའི་བདུད་ཟིལ་གྱིས་གནོན་པའི་རང་བཞིན་ཏེ་སྒོ་སྐྱོང་རྣམས་སོ། །དེ་བཞིན་དུ་འདོད་པའི་རྒྱལ་པོ་དང་དབྱུག་སྔོན་དང་སྟོབས་པོ་ཆེ་དང་མི་གཡོ་བ་དང་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་གནོད་མཛེས་ཀྱི་རྒྱལ་པོ་ཞེ་སྡང་གི་རིགས་རྣམ་པར་དག་པའི་རང་བཞིན་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཡིན་ནོ། །མིག་གི་སྐྱེ་མཆེད་རྣམ་པར་དག་པའི་རང་བཞིན་ནི་སའི་སྙིང་པོའོ། །ཕྱིའི་གཟུགས་རྣམ་པ་གསུམ་རྣམ་པར་དག་པའི་རང་བཞིན་ནི་གཟུགས་རྡོ་རྗེ་མའོ། །བྱམས་པ་དམ་པ་རྣམ་པར་དག་པའི་རང་བཞིན་ནི་བྱམས་པའོ། །རྣ་བའི་སྐྱེ་མཆེད་རྣམ་པར་དག་པའི་ངོ་བོ་ནི་ཕྱག་ན་རྡོ་རྗེའོ། །སྒྲ་གསུམ་རྣམ་པར་དག་པ་དང་རིན་ཆེན་འབྱུང་


DTG032_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱི་རང་བཞིན་ནི་སྒྲ་རྡོ་རྗེ་མའོ། །སྣའི་སྐྱེ་མཆེད་རྣམ་པར་དག་པ་ནམ་མཁའི་སྙིང་པོའོ། །དྲི་གསུམ་རྣམ་པར་དག་པ་འོད་དཔག་ཏུ་མེད་པའི་རང་བཞིན་ནི་དྲི་རྡོ་རྗེ་མའོ། །ལྕེའི་སྐྱེ་མཆེད་རྣམ་པར་དག་པ་ནི་འཇིག་རྟེན་དབང་ཕྱུག་གོ །རོ་གསུམ་རྣམ་པར་དག་པ་དང་དོན་ཡོད་གྲུབ་པའི་རང་བཞིན་ནི་རོ་རྡོ་རྗེ་མའོ། །ཤེས་རབ་རྣམ་པར་དག་པའི་རང་བཞིན་ནི་འཕགས་པ་འཇམ་དཔལ་ལོ། །ལུས་རྣམ་པར་དག་པ་ནི་སྒྲིབ་པ་རྣམ་པར་སེལ་བའོ། །རེག་བྱ་གསུམ་རྣམ་པར་དག་པ་དང་མི་བསྐྱོད་པའི་རང་བཞིན་ནི་རེག་བྱ་རྡོ་རྗེ་མའོ། །ཡིད་རྣམ་པར་དག་པ་ནི་ཀུན་དུ་བཟང་པོའོ། །ཕྱི་དང་ནང་གི་བདག་ཉིད་ཀྱི་སའི་ཁམས་རྣམ་པར་དག་པའི་རང་བཞིན་ནི་སངས་རྒྱས་སྤྱན་མའོ། །དེ་བཞིན་དུ་ཆུ་དང་མེ་དང་རླུང་རྣམ་པར་དག་པའི་རང་བཞིན་ནི་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་སོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱི་རྒྱུ་མཐུན་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པ་རྣམས་སོ། །སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བཞི་ནི་རྒྱུ་མཐུན་པ་ཡེ་ཤེས་ལྔའི་རང་བཞིན་ནི་བཅོམ་ལྡན་འདས་ཏེ་མི་བསྐྱོད་རྡོ་རྗེའོ། །གང་དུ་འཇུག་པ་ཙམ་གྱིས་ནི། །ཟིལ་གྱིས་གནོན་མིན་ཕྱིར་ལྡོག་མིན། །བདེ་བ་ཆེན་པོའི་དངོས་གྲུབ་ཕྱིར། །མཁས་པ་དེ་རྣམས་འབྱུང་བར་འགྱུར། །ཞེས་བཤད་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་ལ། །ཡོན་ནི་མང་དུ་ཕུལ་ནས་ནི། །ཕྱག་འཚལ་བྱས་ནས་ཚིག་བཤད་པས། །དབང་བསྐུར་ཐོབ་ཕྱིར་གསོལ་འདེབས་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་བ་བཞིན། །བདག་ལ་ཡང་ནི་སྐྱོབ་དོན་དུ། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །འཇུག་པའི་སྒོ་ཡི་ཁ་བལྟས་པ། །པདྨ་འདབ་མ་བརྒྱད་སྟེང་དུ། །སྣ་ཚོགས་གདན་ལ་གཞག་ནས་ནི། །རང་གི་ལྷག་པའི་ལྷར་སྦྱོར་བས། །ལུས་ལ་དགོད་པའི་དཀྱིལ་འཁོར་ཅན། །ཆོ་ག་འདིས་ནི་དབང་བསྐུར་བྱ། །གདུགས་དང་རྒྱལ་མཚན་བ་དན་དང༌། །བུམ་པ་རོལ་མོ་ན་བཟའ་མཆོག །ལྷ་ཡི་རྒྱན་དག་ཐོགས་པ་སྟེ། །སངས་རྒྱས་ཀུན་གྱིས་ནམ་མཁའི་ཁམས། །སྔར་བཤད་བྱ་བའི་དབང་གིས་ནི། །ཁྱད་པར་ཆེན་པོ་ཡང་དག་ལྡན། །


DTG032_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་དུས་སུ་སློབ་དཔོན་གྱིས། །ཡོངས་སུ་གང་བ་རྣམ་པར་བསྒོམ། །བུམ་པའི་ཆུ་ལ་དེ་བསྡུས་ནས། །བདུད་རྩི་ལྔ་སོགས་བཞུས་གྱུར་པ། །མགུལ་ནི་དར་གྱིས་བཅིངས་པ་སྟེ། །སྤྱན་སོགས་ཕྱག་གིས་གཟུང་བྱ་བ། །བུམ་པས་བ་སྤུའི་བུ་ག་ནས། །སངས་རྒྱས་ཐམས་ཅད་འཇུག་པར་བྱ། །ཚིགས་བཅད་དང་ནི་སྔགས་བརྗོད་པས། །སློབ་མ་དགའ་བས་དབང་བསྐུར་བྱ། །དབང་བསྐུར་པ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པས་ནི་ཕྱག་བྱ་བ། །སངས་རྒྱས་ཀུན་གྱི་གསང་བ་གསུམ། །གནས་ལས་བྱུང་བ་བདག་གིས་སྩོལ། །ཇི་ལྟར་ཅོད་པན་དག་གིས་ཀྱང༌། །དབང་བསྐུར་བྱས་ཏེ་དེ་ནས་བློས། །བརྟན་པར་བྱས་ཏེ་རྣལ་འབྱོར་གྱིས། །དེ་ལྟར་རིམ་པས་ཕྱག་མཚན་སྦྱིན། །སངས་རྒྱས་རྡོ་རྗེའི་དབང་བསྐུར་གྱིས། །ཁྱོད་ནི་དི་རིང་དབང་བསྐུར་རོ། །འདི་ནི་སངས་རྒྱས་ཀུན་ཉིད་དེ། །དངོས་གྲུབ་ཐོབ་ཕྱིར་རྡོ་རྗེ་ལོང༌། །ཨོཾ་བཛྲཱ་དྷི་བ་ཏི་སྟྭཾ་ཨ་བྷི་ཥ་ཉྩཱ་མི་ཏི་ཥྛ་བཛྲ་ས་མ་ཡ་སྟྭཾ། །སེམས་དཔའ་ཐོག་མཐའ་མེད་པ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྒེག་པ་བདག་པོའི་བདག །ཧཱུཾ་ལས་བྱུང་བའི་རྡོ་རྗེའི་དབང༌། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་སྒྲ་ནི་རྗེས་འགྲོར་བཤད། །རྒྱལ་བས་བཞེད་པའི་བྱང་ཆུབ་མཆོག །ཁྱེད་ཀྱིས་རྟག་ཏུ་གཟུང་བར་གྱིས། །ཡི་གེ་ཨ་ལས་སྐྱེས་པའི་དྲིལ་བུའོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པའི་མཆོག་ནི་གྲུབ་པར་བྱེད། །ཅེས་བྱ་བས་དེ་ཉིད་དཀྲོལ་བར་བྱའོ། །སྲིད་པའི་བདེ་བ་ཤིན་ཏུ་ཆུང༌།། སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་སྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་དག །ཅི་འདོད་པ་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་གྱིས། །ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་པས་མཆོག་ནི་གནས་གྱུར་པ། །དེ་སྲིད་འགྲོ་དོན་ཡལ་མེད་པ། །མྱ་ངན་འདས་པས་བྱེད་པར་ནུས། །ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །བསོད་ནམས་བྱིན་རླབས་འགྲུབ་བྱེད་པ། །དངོས་གྲུབ་ཀུན་དབང་འགྲུབ་པ་ཡིས། །སེམས་ཅན་གྱི་དོན་བརྟན་པར་བྱེད། །ཕྱག་རྒྱ་མངོན་པར་


DTG032_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་བཤད་དེ། །ཡིད་ཀྱི་སྐུ་ནི་བརྟན་ཕྱིར་རོ། །གང་གིས་སྐུ་ཀུན་བརྟན་པ་སྟེ། །དེ་ཕྱིར་ཕྱག་རྒྱ་མངོན་པར་བརྗོད། །ཅེས་བྱ་བ་ནི་དམ་ཚིག་གོ །དེ་ལྟར་དམ་ཚིག་གསུམ་བྱིན་ནས། །ཨོཾ་བཛྲཱ་དྷི་པ་ཏི་སྟྭཾ་ཨ་བྷི་ཥི་ཉྩ་མི་བཛྲ་མཱ་མཱ་བྷི་ཥེ་ཀ་ཏ་ཞེས་བྱ་བས་ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བས་དཔལ་གྱི་སྒྲ་དང་སྦྱར་བ་ནི་མིང་གི་དབང་བསྐུར་རོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བྱ་བ་བརྗོད་པས་སློབ་མ་བཟུང་དུ་བཅུག་ནས། མེ་ཏོག་ལ་སོགས་པས་མཆོད་ཅིང་གཞག་གོ །དེ་ནི་བུམ་པའི་དབང་ཞེས་བྱ་བས་བསྡུས་པའི་ཕྱིའི་དཀྱིལ་འཁོར་གྱི་དབང་བསྐུར་རོ། །བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་བསྐུར་གཉིས་པ་ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་ཡིན། །ཞེས་ལེའུ་བཅོ་བརྒྱད་པ་ནས་གསུངས་པའི་ཕྱིར་རོ། །དེ་ནས་སྐྱེ་བོས་དཔེན་པའི་ས་ཕྱོགས་སུ་སྔགས་དང་རྒྱུད་ལ་ལེགས་པར་སློབ་པ། །བཞིན་བཟང་བ་མིག་ཡངས་པ་དེ་ཉིད། རིག་པ་ལ་སྦྱོར་བ་དམ་ཚིག་བསྲུང་བ་ལ་བརྩོན་པ། བདེ་བ་ཐམས་ཅད་ཀྱི་ཡོ་བྱད་དང་ལྡན་པ་རང་གི་རིགས་ཀྱི་བུ་མོ་རྡོ་རྗེ་སློབ་དཔོན་ལ་སློབ་མས་དབུལ་བར་བྱའོ། །དེ་ནས་གཡོན་ཕྱོགས་ན་གནས་པའི་དེ་དང་ལྷན་ཅིག་ཏུ་གནས་པའི་བླ་མ་ལ། །ལྕགས་ཀྱུ་དང་སྒྲོན་མའི་བསྙེན་བཀུར་དང་དྲི་དང་ཕྲེང་བ་ལ་སོགས་པ་དང༌། །རྒྱ་ཆེ་བའི་ཕྱིའི་ཡོ་བྱད་དང༌། བླ་ན་མེད་པ་དང་བཅས་པ་ལ་སོགས་པའི་མཆོད་པས་ཡང་དག་པར་མཆོད་ཅིང་པུས་མོ་གཡས་པ་ས་ལ་བཙུགས་ཏེ། དེ་ནས་ཐལ་མོ་སྦྱར་ནས། སློབ་དཔོན་ཆེ་ལ་གསོལ་བ་གདབ། །ཁྱོད་ཀྱིས་ཞབས་ཀྱི་དྲིན་གྱིས་ནི། །བླ་མེད་བྱ་བ་བདག་གིས་ཤེས། །ད་ནི་དབང་བསྐུར་རིན་ཆེན་གྱིས། །མགོན་པོ་རྗེས་སུ་གཟུང་བར་མཛོད། །ཇི་ལྟར་བདེ་ཆེན་མགོན་པོ་ཡིས། །དཔལ་ལྡན་རྡོ་རྗེ་ཆོས་ཅན་ལ། །དག་པའི་དེ་ཉིད་ཅེས་སྟོན་པ། །མགོན་པོ་བདག་ལ་འང་དེ་བཞིན་སྩོལ། །སྡུག་བསྔལ་ཀུན་གྱི་གནས་གྱུར་པ། །གཙོ་བོ་དམྱལ་བ་ལས་འདོན་མཛོད། །སྡུག་བསྔལ་ཐམས་ཅད་ངེས་གཅོད་ཕྱིར། །མགོན་མེད་ལ་ནི་ཐུགས་རྗེས་གཟིགས། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་


DTG032_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་གཞན་སྐྱབས་མེད། །དེ་ཕྱིར་སངས་རྒྱས་མཆོག་འགྲོ་བའི། །དཔའ་བོ་ཐུབ་ཆེན་བཀའ་དྲིན་མཛོད། །གསོལ་བ་འདེབས་ལ་མཁས་པ་ཡི། །དེ་ལྟར་ཚིག་མཆོག་གསན་ནས་ནི། །སློབ་མར་སྙིང་རྗེ་བསྐྱེད་བྱས་ནས། །བླ་མ་དཔལ་ལྡན་ཡོན་ཏན་མཚོ། །ཞལ་ནི་རབ་ཏུ་དགའ་འགྱུར་བས། །བརྩེ་བ་དང་བཅས་མགུ་བ་ཡིས། །གསང་བའི་ལས་ནི་གསང་བ་མཆོག །དམ་ཚིག་མཆོག་དེ་ཉན་དུ་གཞུག །ཁྱོད་ཀྱིས་སྲོག་ཆགས་གསད་བྱ་སྟེ། །མ་བྱིན་པར་ཡང་ཁྱོད་ཀྱིས་བླང༌། །གཞན་གྱི་བུད་མེད་བསྟེན་པ་དང༌། །ཚིག་ཀྱང་བརྫུན་དུ་སྨྲ་བར་བྱ། །ཐུགས་ཀྱི་སྡོམ་པ་མཆོག་འདི་ནི། །བུ་བཟང་ཁྱོད་ཀྱིས་བསྲུང་བར་བྱ། །བཤང་གཅི་དང་ནི་ཤ་དང་ཁྲག །སེམས་ལས་བྱུང་བ་ལྔ་པ་སྟེ། །ཁྱི་མི་གླང་པོ་བ་ལང་རྟའི། །ཤ་ནི་སྦྱང་སོགས་ཆོ་ག་ཡིས། །ཁྱོད་ཀྱིས་རྟག་ཏུ་བཟའ་བྱ་བ། །འདི་ནི་དམ་ཚིག་རྨད་བྱུང་ཆེ། །དེ་ནས་སྔར་བཤད་པའི་དཀྱིལ་འཁོར་རམ་ཡང་ན་བསྒོམ་པས་ཡོངས་སུ་བརྟགས་པའི་ལྷའི་འཁོར་ལོ་ཐམས་ཅད་ཀྱི་ནང་ན་བཞུགས་པའི་རྡོ་རྗེ་སློབ་དཔོན་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པས་རང་གི་རིག་མའི་པདྨའི་ཁར་བདུད་རྩི་ལྔའི་རི་ལུ་བཅུག་ལ། མན་ངག་ཇི་ལྟ་བ་བཞིན་དུ་ཡང་དག་པའི་དབང་བསྐུར་བའི་དོན་དུ་སྙོམས་པར་ཞུགས་པར་བྱ་སྟེ་རང་གི་ལྷག་པའི་ལྷ་ཕྱུང་ཞིང་དེས་འགྲོ་བའི་དོན་བྱས་ལ། །དེ་དགུག་ཅིང་རང་གི་ལུས་ལ་བཅུག་སྟེ་དེའི་རྣམ་པར་འགྱུར་ནས་སློབ་མ་ཡང་དེའི་རང་བཞིན་དུ་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་རང་གི་ལྷ་མོ་དང་བཅས་པར་བསམས་ཏེ། རང་གི་བ་སྤུའི་བུ་ག་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུའི་ཚོགས་ཀྱིས་ནམ་མཁའི་དབྱིངས་མ་ལུས་པར་ཁྱབ་པར་བྱེད་པའི་དེ་བཞིན་གཤེགས་པ་རྣམས་བསྡུས་ལ། རང་གི་སྐུ་གསུང་ཐུགས་ལ་འཇུག་སྟེ་ལམ་ལ་གནས་པར་འགྱུར་ཞིང༌། །རང་གི་སྙིང་གནས་དེ་བཞིན་གཤེགས་པ་རྣམས་ཕྱུང་ལ། མཆོག་ཏུ་དགའ་བའི་ཚེ་ཞུ་བར་གྱུར་པ་དེ་དག་ལ་སློབ་མའི་ཁར་བཅུག་པར་བྱའོ། །ཨེ་མའོ་བདེ་ཆེན་འདི་བརྗོད་ནས། །སློབ་མས་སེམས་བྱུང་སྤྱོད་པར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དབང་བསྐུར་བ་ཡི་གནས་ཀྱི་མཆོག །ལས་ཀྱི་རབ་འབྱམས་མཆོག་དང་ནི། །རྡོ་རྗེ་ཀུན་ཡང་


DTG032_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་འགྱུར། །དེ་ནི་གསད་པའི་དབང་བསྐུར་བའོ། །སེམས་བྱུང་མེ་ཏོག་དང་བཅས་པ། །པདྨ་ལ་གནས་བླངས་ནས་ནི། །རང་གི་ཞལ་གྱིས་མཆོད་པའི་ཕྱིར། །རིག་མའི་ཁ་རུ་གཞུག་པར་བྱ། །བཤང་གཅི་ཤ་དང་ཡང་དག་ལྡན་།མི་ཡི་དུང་ཕོར་ལ་གཞག་གོ །ཤིན་དུ་དད་ལྡན་ཤེས་རབ་ཆེ། །གཟུགས་བཟང་སྒྲུབ་པ་པོ་ལ་དགའ། །རྣལ་འབྱོར་གཅིག་ལ་གོམས་བྱས་པས། །དམ་ཚིག་ལ་མཁས་རྣལ་འབྱོར་མ། །སྒྲུབ་པ་པོས་ནི་བླ་མ་ལ། །སྔར་ནི་ཡོན་དུ་ཕུལ་བ་གང༌། །བླ་མས་དེ་ཉིད་བྱིན་བརླབས་ནས། །སློབ་མ་དེ་ལ་སྦྱིན་པར་བྱ། །མེ་ཏོག་ལ་སོགས་དམ་ཚིག་ལྡན། །སངས་རྒྱས་སོགས་ཀྱིས་བྱིན་བརླབས་པ། །དེ་དང་ལྷན་ཅིག་སྙོམས་ཞུགས་པ། །བླ་མ་དང་བཅས་ལ་སོགས་པས། །ཕྱི་ཡི་ཉེ་བར་སྤྱོད་པ་ཡིས། །རྡོར་ཅན་གཉིས་པ་བཞིན་དུ་མཆོད། །བཀྲ་ཤིས་པ་ཡི་ཚིགས་བཅད་དང༌། །རོལ་མོ་དང་ནི་སྣ་ཚོགས་དབྱངས། །རྔ་ཡབ་རྒྱལ་མཚན་གདུགས་སོགས་དང༌། །མེ་ཏོག་ཕྲེང་བ་སོགས་ཀྱིས་མཆོད། །ཤེས་རབ་ཡེ་ཤེས་དབང་བསྐུར་གྱི། །མཉམ་པར་བརྟན་པར་གཞག་ནས་ནི། །སྔར་ནི་ཐལ་མོ་དང་སྦྱར་བ། །ཆོ་ག་འདིས་ནི་དབང་བསྐུར་བྱ། །དེ་ལ་རྡོ་རྗེ་སློབ་དཔོན་སྤྱན་མ་དང་བཅས་པའི་གཏི་མུག་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་སློབ་མ་ལ་ཇི་ལྟར་བཤད་པ་བྱེད་དུ་བཅུག་ལ། །རྣམ་པར་སྣང་མཛད་དང་སྙོམས་པར་ཞུགས་པའི་སངས་རྒྱས་སྤྱན་མའི་སྤྲིན་ཁ་དོག་དཀར་པོའི་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བའི་ཆུ་ཤེལ་གྱི་བུམ་པ་ལག་ན་ཐོགས་པ་སྣོམས་པར་ཞུགས་པ་ལས་སྤྲོས་ཏེ། དེ་རྣམས་ཀྱིས་དབང་བསྐུར་ལ་དེ་རྣམས་ཀྱིས་སྙོམས་པར་ཞུགས་པ་ལས་བྱུང་བའི་ཁ་དོག་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་དབང་བསྐུར་བྱས་ལ། སྐུ་རྡོ་རྗེ་དང་སྤྱན་མའི་ཚོགས་དེ་དག་ཐམས་ཅད་བདེ་བ་ཆེན་པོའི་དབང་གིས་གཞན་དབང་དུ་གྱུར་པ། མར་གྱི་བུམ་པ་བཞིན་དུ་བཞུས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པ་སློབ་མའི་ལུས་ལ་རྗེས་སུ་བཅུག་ནས། དེ་ཡང་ལྷའི་སྐུ་བདེ་བ་ཆེན་པོའི་རང་བཞིན་དུ་བསམ་པར་བྱའོ། །དོན་ནི་འདི་ལྟར་བཤད་པ་ཡིན་ཏེ། རྨོངས་པ་ལ་ནི་གཏི་མུག་བདག །གཏི་མུག་དགའ་མའི་རྣལ་འབྱོར་ལྡན། །གཏི་མུག་རྒྱུན་གྱིས་དབང་བསྐུར་བས། །གཏི་


DTG032_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མུག་རྡོ་རྗེ་རང་ཉིད་འགྱུར། །ཞེ་སྡང་ཅན་ལ་ཞེ་སྡང་བདག །ཞེ་སྡང་དགའ་མའི་རྣལ་འབྱོར་ལྡན། །ཞེ་སྡང་རྒྱུན་གྱིས་དབང་བསྐུར་བས། །ཞེ་སྡང་རྡོ་རྗེ་རང་ཉིད་འགྱུར། །ཆགས་པ་ཅན་ལ་ཆགས་བདག་ཉིད། །ཆགས་པའི་དགའ་མའི་རྣལ་འབྱོར་ལྡན། །འདོད་ཆགས་རྒྱུན་གྱིས་དབང་བསྐུར་བས། །འདོད་ཆགས་རྡོ་རྗེ་རང་ཉིད་འགྱུར། །ཤེས་རབ་ཡེ་ཤེས་བདག་ཉིད་ཅན། །རྡོ་རྗེ་དགའ་མའི་རྣལ་འབྱོར་ལྡན། །ཡེ་ཤེས་རྒྱུན་གྱིས་དབང་བསྐུར་བས། །ཤེས་རབ་ཡེ་ཤེས་རང་ཉིད་འགྱུར། །ཞེས་བྱ་བས་རང་རང་གི་དེ་བཞིན་གཤེགས་པ་དང་རྗེས་སུ་མཐུན་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཤེས་པར་བྱའོ། །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རོ། །དེ་ནས་དེ་ལྟར་གནས་པའི་སློབ་མའི་ལག་དུ་རིག་མའི་ལག་པ་བླ་མས་བྱིན་ནས་དེ་བཞིན་གཤེགས་པ་རྣམས་དཔང་པོར་བྱའོ། །འདི་ནས་བརྩམས་ཏེ་བདག་གིས་ནི། །འདི་ལ་རིག་པ་ཡང་དག་སྦྱིན། །བྱང་ཆུབ་ཆེན་པོ་བསྒྲུབ་པའི་ཕྱིར། །དེ་བཞིན་གཤེགས་པས་སྣང་བར་མཛད། །དེ་ནས་སློབ་མ་ལ་སྨྲ་བར་བྱ་སྟེ། །འདི་ནི་གཟུགས་མ་དགའ་མ་སྟེ། ཁྱོད་ཀྱིས་རྟག་ཏུ་བསྟེན་པར་བྱ། །བར་དུ་གནས་པའི་བླ་མ་ཡིས། །སློབ་མའི་སྤྱི་བོར་ཕྱག་བཞག་ནས། །སངས་རྒྱས་ཉིད་ལ་ཐབས་གཞན་མེད། །དེ་ཕྱིར་རིག་མ་འདི་ཉིད་མཆོག །ཆོས་རྣམས་ཐམས་ཅད་གཉིས་མེད་པ། །གཉིས་སུ་སྣང་བ་རྟོག་པ་ཡིན། །དེ་ཕྱིར་རྟག་ཏུ་ཁྱོད་ཀྱིས་ནི། །འཁོར་བ་སྤང་པར་བྱ་བ་མིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་གིས་འདས་པ་ནི། །དེ་ཡི་དངོས་གྲུབ་ཐོབ་མི་འགྱུར། །དེ་ནས་བརྩམས་ཏེ་དེས་དེ་ལ། །གསང་བ་མཆོག་ནི་བསྟན་པར་བྱ། །རྒྱུད་ཀུན་ལས་ནི་གང་ཞིག་ནི། །བརྡ་ཡིས་རྒྱས་བཏབ་སྦས་པར་བཤད། །ཡང་ཇི་ལྟ་བ་བཞིན་དུ་སངས་རྒྱས་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཐམས་ཅད་ཀུན་ནས་ནི། །ཇི་ལྟར་གདུལ་བྱ་སྣ་ཚོགས་པ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ད་བཞིན་དུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང༌། འཁོར་ལོ་བསྐོར་བར་གྱིས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་བྱིན་ནས་ལངས་ཏེ། དེ་བཞིན་གཤེགས་པ་ཐམས་


DTG032_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་རྣལ་འབྱོར་གྱིས་སྙིང་གར་ལག་པ་གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་ཀྱི་དཀྱིལ་བཟུང་བའི་ཚུལ་དང༌། གཡས་པའི་མཆོག་སྦྱིན་གྱིས་ཕྱག་རྒྱ་རྡོ་རྗེ་མིང་གི་དབང་བསྐུར་གྱིས་ལུང་བསྟན་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་ལ་ལུང་བསྟན་ཏེ། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །ཤིན་ཏུ་སྲིད་པ་གྲུབ་ཕྱིར་རོ། །ཧེ་བཛྲ་ནཱ་མ་ཏ་ཐཱ་ག་ཏ་སིདྡྷྱ་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭཿ། ལངས་ནས་ལུང་བསྟན་པ་འདིས་མཆོག་ཏུ་གསང་བའི་ཆོགས་ལུང་བསྟན་པར་བྱ་བ་དེ་ལ་རྡོ་རྗེ་འཆང་ཆེན་པོ་དང་བཅས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དང་། དཀྱིལ་འཁོར་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་སློབ་དཔོན་ཉིད་དུ་བྱ་བའི་ཕྱིར་ངག་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །གཞན་ཡང་ལུང་བསྟན་པའི་ཕྱག་རྒྱ་ཆེན་པོ་དེའི་གསང་བ་དམ་པ་མཆོག་གི་དངོས་གྲུབ་ཀྱིས་བྱིན་གྱིས་བརླབ་པ་དང་སྔགས་དེ་ཉིད་ཀྱི་སྟོབས་ཀྱིས་དང་པར་བྱའོ་ཞེས་སློབ་མ་ལ་སྨྲས་ནས་གསང་བ་བསྟན་པར་བྱ་སྟེ། ཆགས་བྲལ་དང་མཚུངས་སྡིག་པ་ནི། །ཁམས་གསུམ་ལས་ནི་གཞན་མེད་དེ། །དེ་ཕྱིར་འདོད་པའི་ཆགས་བྲལ་ཉིད། །བློ་ཅན་ཁྱོད་ཀྱིས་མི་བྱའོ། །ཨོཾ་མ་ཧཱ་ས་མ་ཡཱ་ཧ་ན་ཕཊ། །དེ་ནས་སློབ་མའི་གཡས་པའི་མཐེ་བོང་ནས། །ལག་པ་གཡོན་པས་གཟུང་བྱས་ཏེ། །སློབ་མ་གཙོ་བོ་ལ་བརྟེན་ཅིང༌། །མར་གྱི་དགང་བླུགས་བརྒྱ་བརྒྱད་བསྲེགས། །སྦྲང་རྩི་མར་དང་ཞོ་བསྲེས་པའི། །དགང་བླུགས་བརྒྱ་དང་རྩ་བརྒྱད་བསྲེགས། །ཀུན་གྱི་སྙིང་རིགས་རིག་པ་ཡིས། །བསངས་ཏེ་སྙིང་གར་རེག་པར་བྱ། །བདུད་རྩི་འཁྱིལ་བའི་བཟླས་བྱ་བ། །དེ་ཡི་དཔུང་ལ་སྲུང་སྐུ་དག་དགས། །སྤྱི་བོར་གདུགས་ནི་སྦྱིན་བྱས་ནས། །ཐལ་མོ་དང་བཅས་སྒོར་འཇུག་ནས། །གདུགས་དང་བཅས་པའི་སློབ་མ་ནི། །དཀྱིལ་འཁོར་སྒོ་རུ་འདུད་དུ་གཞུག །སློབ་མ་འདི་ནི་བདག་གིས་དབུལ། །རྒྱུད་རྣམས་འཛིན་པར་འགྱུར་བ་ཡིན། །སློབ་དཔོན་གྱིས་ནི་གདུགས་བླངས་པས། །དེ་ལ་ཚིག་སྙན་བསྟན་པར་བྱ། །ད་ནི་དཀྱིལ་འཁོར་སློབ་དཔོན་ཏེ། །སྔགས་དང་རྒྱུད་འཆང་ཁྱོད་ཡིན་ཏེ། །སངས་རྒྱས་བྱང་ཆུབ་


DTG032_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་དང༌། །ལྷ་མོ་རྣམས་ཀྱིས་ཡང་དག་བཤད། །སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་ཡིས། །འབད་དེ་བྲི་བར་བྱ་བ་དང༌། །རྒྱུད་ལ་སློབ་མ་སྦྱང་བར་གྱིས། །དེ་ནས་མན་ངག་ཇི་ལྟ་བ་བཞིན་དུ་བྱིན་ནས་དྲང་བའི་དོན་ལ་སོགས་པ་དང་དགོངས་པའི་གནས་ཀྱང་བསྟན་པར་བྱའོ། །དེ་ནས་ཇི་ལྟར་འཇུག་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབུགས་དབྱུང་བ་སྦྱིན་པར་བྱ་སྟེ། གསང་བ་མཆོག་གི་དཀྱིལ་འཁོར་འདི། །དམ་པ་མཐོང་དང་འཇུག་བྱས་ནས། །སྡིག་པ་ཐམས་ཅད་ལས་གྲོལ་བའི། །ཁྱེད་རྣམས་དིང་ནས་བདེ་བར་གནས། །ཁྱོད་ལ་སླར་ཡང་འཆི་བ་མེད། །བདེ་བ་ཆེན་པོ་ཐེག་ཆེན་ལ། །ཟིལ་གྱིས་མི་གནོན་གསོད་བྱེད་པ། །གང་ལས་འཇིགས་མེད་རོལ་བར་གྱིས། །སྲིད་པའི་སྡུག་བསྔལ་ཁྱེད་ལ་མེད། །ཤིན་དུ་སྲིད་པ་གྲུབ་ཕྱིར་རོ། །དམ་ཚིག་སྡོམ་པ་གྲུབ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་གྱིས། །བཀའ་ལུང་དམ་པ་རྟག་པ་འདི། །སངས་རྒྱས་ཀུན་གྱིས་མཉམ་པར་གསུངས། །རྡོ་རྗེ་ཞེས་བྱ་ཕྱག་རྒྱ་འདིས། །བྱང་ཆུབ་སེམས་འདོར་མི་བྱ་སྟེ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དེ་གདོན་མི་ཟ། །དམ་པའི་ཆོས་ནི་འདོར་མི་བྱ།། རྡོར་བཅས་སངས་རྒྱས་ཐམས་ཅད་ཀྱིས། །ཁྱོད་རྣམས་དེ་རིང་དབང་བསྐུར་རོ། །ཁམས་གསུམ་པ་ནི་རྒྱལ་སྲིད་ཆེ། །རྒྱལ་པོའི་བདག་པོ་རྣམས་སུ་གནས། །དེ་རིང་བདུད་རྣམས་རྣམ་བཅོམ་ནས། །གྲོང་ཁྱེར་དམ་པ་ལ་ནི་ཞུགས། །དེ་རིང་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་པར་བྱས་ཏེ་ཐེ་ཚོམ་མེད། །ནམ་ཡང་སྨོད་པར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ལ། །ཚུལ་ཆེན་བསྟན་པར་མི་བྱའོ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་གྱིས་ནི་གཟིར་མི་བྱ། །འདི་ནི་མ་འོངས་སངས་རྒྱས་པས། །ཅི་བདེ་བས་ནི་བདེ་བར་བཟུང༌། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་འདོར་བར་མི་བྱ་སྟེ། །སློབ་དཔོན་སྨོད་པར་མི་བྱ་ཞིང༌། །དེ་ནི་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་དང་མཚུངས། །གང་གིས་སྨོད་པར་གྱུར་པ་ན། །སངས་རྒྱས་ཐམས་ཅད་སྨད་པས་ན། །དེས་ནི་རྟག་ཏུ་སྡུག་བསྔལ་ཐོབ། །རིམས་དང་སྦྱར་དུག་དུག་དང་


DTG032_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ནད། །མཁའ་འགྲོ་འཚེ་བ་གདོན་རྣམས་དང༌། །བགེགས་དང་ལོག་འདྲེན་འཇིགས་པ་ཡིས། །བསད་ནས་དམྱལ་བར་འགྲོ་བ་ཡིན། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བླ་མ་ཆེ། །དགེ་བ་དམ་པ་རབ་སྦས་པའི། །ནམ་ཡང་སྨད་པར་མི་བྱའོ། །བཟའ་བཅའ་ཡོན་དང་བཅས་པར་ནི། བླ་མ་ལ་ནི་མཐུན་པར་དབུལ། །དེ་ནས་རིམས་སོགས་གདུང་བ་རྣམས། །སླར་ཡང་འབྱུང་བར་མི་འགྱུར་རོ། །རང་གི་དམ་ཚིག་སློབ་དཔོན་ནི། །རང་སྲོག་གིས་ཀྱང་བསྟེན་པར་བྱ། །བུད་མེད་ལ་སོགས་དབུལ་བྱས་ཏེ། །འབྱོར་པ་གཞན་དག་སྨོས་ཅི་དགོས། །གྲངས་མེད་བསྐལ་པ་བྱེ་བ་ཡི། །གང་ཕྱིར་རྟག་ཏུ་རྙེད་དཀའ་བ། །རྩོལ་བ་ལྡན་ལ་སངས་རྒྱས་ཉིད། །ཚེ་འདི་ཉིད་དུ་སྟེར་བར་བྱེད། །དེར་སྦྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་དབུལ་བར་གྱུར་པ་ཡིན། །དེ་ཕུལ་བས་ནི་བསོད་ནམས་ཚོགས། །ཚོགས་ལས་དངོས་གྲུབ་དམ་པ་ཡིན། །རྟག་ཏུ་དམ་ཚིག་བསྒྲུབ་བྱ་བ། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །བླ་མ་ལ་ཡང་རྟག་ཏུ་དབུལ། །དེ་ནི་སངས་རྒྱས་ཀུན་དང་མཚུངས། །དིང་སང་ཁྱོད་སྐྱེ་འབྲས་བུར་བཅས། །གང་ཕྱིར་འདི་ལ་འབྲས་བུར་གནས། །དམ་ཚིག་ལྷ་དང་མཉམ་པ་ནི། །ཁྱོད་རྣམས་གྱུར་ཏེ་ཐེ་ཚོམ་མེད། །རྡོར་བཅས་སངས་རྒྱས་ཐམས་ཅད་ཀྱིས། །ཁྱོད་རྣམས་དི་རིང་དབང་བཀུར་རོ། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །རྒྱལ་པོའི་བདག་པོ་རྣམས་སུ་གནས། །དེ་རིང་བདུད་རྣམས་རྣམ་བཅོམ་ནས། །གྲོང་ཁྱེར་དམ་པ་ལ་ནི་ཞུགས། །དི་རིང་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་པར་བྱས་ཏེ་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་དང་བའི་རྡོ་རྗེར་གྱིས། །རང་གི་དམ་ཚིག་མི་ཟད་བདེ་བ་བསྟེན། །བདེ་བ་འགྲོ་ལ་དེ་རིང་རྡོ་རྗེ་སེམས་དཔའ་ནི། །འདྲ་བར་རྟག་ཏུ་ཁྱོད་རྣམས་འགྱུར་པ་ཡིན། །དད་དང་ལྡན་པའི་སློབ་མ་ཡིས། །བླ་མའི་ཞབས་ལ་ཕྱག་འཚལ་ནས། །ཇི་ལྟར་གཙོ་བོས་བཀའ་སྩལ་པ། །ཐམས་ཅད་བགྱི་ཞེས་སྨྲ་བར་བྱ། །དེ་ལྟར་དམ་བཅའ་རྣམས་བྱས་པའི། །སློབ་མའི་ཆོ་ག་འདི་ཉིད་ཀྱིས། །ཞི་བའི་དོན་དུ་སྦྱིན་སྲེག་བྱ། །འཆད་པར་འགྱུར་བའི་རིམ་པས་སོ། །དེ་ནས་སློབ་མ་རེ་རེ་ཡི། །མཐེ་བོ་གཡས་པ་མཁས་པ་ཡིས། །ལག་པ་གཡོན་པས་གཟུང་བྱས་ནས། །དགང་བླུགས་བདུན་པོས་སྦྱིན་སྲེག་བྱ། །གཡས་


DTG032_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་བ་ཡི་རིམ་པ་ཡིས། །སྤྱི་བོར་བླུགས་གཟར་བསྐོར་བྱས་ནས། །སྦྱིན་སྲེག་བྱས་ཏེ་སློབ་ཀུན་ལས། །བླ་མས་ཡོན་ནི་བླང་བར་བྱ། །གསེར་དང་དངུལ་དང་རིན་ཆེན་དང༌། །རྟ་དང་གླང་པོ་ས་གཞི་དང༌། །དེ་རྣམས་ཀྱིས་ཕུལ་བླངས་ནས་ནི། །ཆོ་ག་བཞིན་དུ་སྔགས་སྦྱིན་བྱ། །སྔགས་ཀྱི་རྒྱལ་པོའི་ཏིང་འཛིན་ཏེ། །ཇི་བཞིན་ཉེ་བར་བསྟན་བྱས་ནས། །ཇི་ལྟར་གསུངས་པའི་ཕྱག་རྒྱ་ཡི། །གསང་བའི་སྦྱོར་བ་བྱེད་བཅུག་ནས། །དེ་ལས་བྱུང་བ་ཀུན་བླངས་ནས། །བྱང་ཆུབ་སེམས་ནི་སྤྱོད་དུ་གཞུག །དེ་ཉིད་ལ་ནི་ཡི་དམ་གྱི། །སྒྲུབ་ཐབས་དེ་ཚེ་བཤད་པར་བྱ། །དེ་ནས་སྔར་བཤད་པའི་མཆོད་པ་རྣམ་པ་ལྔ་དང་འདོད་པའི་ཡོན་ཏན་ལྔ་དང་བླ་མ་དང་བཅས་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་དཀྱིལ་འཁོར་མཆོད་ཅིང་སློབ་མ་རྣམས་ལ་འདི་སྐད་སྨྲ་བར་བྱ་སྟེ། ཁྱེད་རྣམས་ཀྱིས་ཅི་ནུས་པ་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་གྱིས་ཤིག །དེ་ནས་ཇི་ལྟར་གནས་པ་ཐམས་ཅད་ལ་བཟའ་བ་ལ་སོགས་པ་དང་བ་ལང་དང་རྟ་དང་གླང་པོ་དང་ཁྱི་དང་མིའི་སྒྲོན་མ་དང་བདུད་རྩི་དང༌། ཉེས་པ་དང་བཅས་པ་དང་ཉེས་པ་མེད་པའི་བཏུང་བའི་ཁྱད་པར་གྱིས་དཀྱིལ་འཁོར་ལ་ཕུལ་བས་ཚིམ་པར་བྱའོ། །དེ་ནས། འདི་ནི་སངས་རྒྱས་ཐམས་ཅད་ཉིད། །ཅེས་བྱ་བ་ལ་སོགས་པས་ཡང་རྡོ་རྗེ་བརྟུལ་ཞུགས་བྱིན་ལ། །དེ་དང་ལྷན་ཅིག་ཏུ་མཚན་མོ་གཉིད་མ་ལོག་པས་དགའ་བ་དམ་པའི་ཆོ་ག་དང་དཔལ་བདེ་བ་ཆེན་པོའི་སྒོམ་པ་དང༌། གར་དང་གླུ་ལ་སོགས་པས་གནས་ཤིང་བཟླས་པར་བྱའོ། །ཡང་སུ་ལ་ཡང་སྨྲ་བར་མི་བྱ་སྟེ། །ཞེས་བྱ་བ་ཐམས་ཅད་མནའ་བསྐྱལ་ཞིང་འཇུག་པ་ཐམས་ཅད་ལ་ཡང་འཇུག་ཅིང་མགོན་པོ་རྣམས་ལ་མཆོད་ཅིང་བསྟོད་ལ། ཕྱོགས་སྐྱོང་ལ་གཏོར་མ་བྱིན་ནས་ཉེ་རེག་བྱས་ཏེ་ཕྱག་བཙལ་ནས། ཨ་རྒྷ་དབུལ་ཞིང་དགེ་བའི་རྩ་བ་ཡོངས་སུ་བསྔོས་ཏེ། དཀྱིལ་འཁོར་ལ་ལན་གསུམ་བསྐོར་ནས། བཛྲ་དྷྲྀ་ཀ་ཨ་ཞེས་བརྗོད་ལ་ཡི་གེ་གསུམ་མུཿའི་ཡི་གེའི་མཐའ་ཅན་གྱིས་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་རང་གི་ལུས་ངག་ཡིད་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཞུགས་ནས་ཨ་ཀཱ་རོ་མ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུ་ཏྤ་ནྣ་ཏྭཱ་ཏ་ཞེས་བྱ་བ་བརྗོད་ནས་དཀྱིལ་འཁོར་གྱི་འཁོར་ལོ་ཕྱུང་ཞིང་སྔ་མ་བཞིན་དུ་གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་ནས་


DTG032_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་ཚོན་ལ་སོགས་ཆུ་བོ་ཆེན་པོ་ལ་གཏོར་ཞིང་སྔགས་དེ་ཉིད་བརྗོད་པས་དཀྱིལ་འཁོར་གྱི་ཕུར་བུ་རྣམས་བཏོན་ནས་བདུད་རྩི་དང་བཅས་པའི་འོ་མས་བཀྲུས་ལ་རང་དང་སློབ་མ་དང་རྒྱལ་པོ་རྣམས་ལ་བསྲུང་བ་དང་ཞི་བའི་དོན་དུ་དུས་གསུམ་མཉམ་པ་ཉིད་ཀྱི་སྒོམ་པས་ཇི་ལྟར་བདེ་བས་གནས་པར་བྱའོ། །དེ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་སྟེ་ཆོ་གའི་སྒྲ་བསྟན་ཏོ། །ཆོ་ག་མཐོང་བ་སྟེ་ཞེས་པ་ནི་དཀྱིལ་འཁོར་གྱི་ཆོ་ག་དེ་ཉིད་ལ་མཐོང་བའོ། །ལས་དེ་ཞེས་པ་ནི་དཀྱིལ་འཁོར་གྱི་ཆོ་ག་ལས་གསུངས་པའི་བྱ་བའི་ཁྱད་པར་གྱིས་སོ། །གཞིར་གྱུར་པའི་དཀྱིལ་འཁོར་ཞེས་པ་ལ་འདྲི་བའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་རྡུལ་ཚོན་གྱི་འབར་བ་རྫོགས་པར་བྱས་ནས་སོ། །དེ་ནས་ཞེས་པ་ནི་རྡུལ་ཚོན་གྱིས་དཀྱིལ་འཁོར་བྲིས་པའི་འོག་ཏུའོ། །སློབ་དཔོན་རྡོ་རྗེ་སློབ་དཔོན་གྱིས་སོ། །རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་རྣམས་དགོད་པར་བྱའོ་ཞེས་པ་ནི་སྔར་བཤད་པའི་སྔོན་པོའི་རྡོ་རྗེ་ལ་སོགས་པ་མཚན་མ་སུམ་ཅུ་རྩ་གཉིས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པས་མདོར་བསྟན་པ་སྟེ་སྐུ་གསུང་ཐུགས་ཀྱི་རྣམ་པར་དག་པ་ལ་སོགས་པས་དེ་ཉིད་གསུམ་གྱིས་རྒྱས་བཏབ་པའོ། །ཡི་གེ་ཧཱུཾ་ལ་སོགས་པ་ཆོས་ཀྱི་ཕྱག་རྒྱའོ་ཞེས་པ་ནི། ཡི་གེ་ཧཱུཾ་ལ་སོགས་པ་ཡིག་འབྲུ་དེ་བཞིན་གཤེགས་པའི་ས་བོན་ཡིན་པའི་ཕྱིར་དང་རྒྱུ་དང་འབྲས་བུ་དབྱེར་མི་ཕྱེད་པའི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པའི་བརྡ་བསྟན་པའི་དུས་སུ་ཡིག་འབྲུ་ལ་སོགས་པ་ཕན་ཚུན་མིང་དང་མིང་ཅན་གྱི་ཐ་སྙད་ཡིན་ནོ། །ཆོས་ཀྱི་ཕྱག་རྒྱའོ་ཞེས་པ་ནི། དེ་བཞིན་གཤེགས་པའི་བརྡའི་མཚན་ཉིད་ཀྱི་ཆོས་ནི་ཡི་གེ་རྣམས་ཀྱིས་བརྗོད་པར་བྱ་བའི་ཕྱིར་རོ། །དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་རྒྱས་བཏབ་པ་གང་གིས་དེ་ནི་ཕྱག་རྒྱའོ། །ཆོས་ལ་རྒྱས་བཏབ་པས་ན་ཆོས་ཀྱི་ཕྱག་རྒྱ་སྟེ་དེའི་སྐྱེས་བུའི་བསྡུ་བའོ། །རྡོ་རྗེ་ལ་སོགས་པ་མཚན་མའི་ཕྱག་རྒྱའོ་ཞེས་པ་ནི། །ཐུགས་རྡོ་རྗེ་ལ་སོགས་པ་ལྷ་སུམ་ཅུ་རྩ་གཉིས་ཀྱིས་བརྟེན་པའི་དཀྱིལ་འཁོར་དེ་རྣམས་ཕྱག་མཚན་ཡིན་པའི་ཕྱིར་རོ། །དེའི་རྣམ་པར་དག་པའི་ལེའུ་སུམ་ཅུ་པ་ནས་བསྟན་ཏོ། །མཚན་མ་ཡང་ཡིན་ལ་ཕྱག་རྒྱ་ཡང་ཡིན་པས་ན་མཚན་མའི་ཕྱག་རྒྱ་སྟེ་ལས་འཛིན་


DTG032_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྡུ་བའོ། །མི་བསྐྱོད་པ་ལ་སོགས་པ་ལྷའི་འཁོར་ལོ་ནི་ཞེས་པ་ལ་ཞལ་གསུམ་པ་ལ་སོགས་པའི་རྣམ་པས་ཐུགས་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་སྔོན་དུ་འདྲི་བའོ། །ཕྱག་རྒྱ་ཆེན་པོའི་ཞེས་པ་ནི་ཞལ་གསུམ་ལ་སོགས་པའི་བདག་ཉིད་གྱི་ཕྱག་རྒྱ་ཡང་ཡིན་ལ། ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ཆེན་པོ་ཡང་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ནི་བཅོམ་ལྡན་འདས་མི་བསྐྱོད་པ་ལ་སོགས་པའི་འདྲི་བར་བྱ་བའི་སྐུ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕྱག་རྒྱ་ཆེན་པོ་ནི་སེམས་ཀྱི་རང་བཞིན་ཡིན་ཏེ་སེམས་ཉིད་དེའི་རྣམ་པར་སྣང་བའི་ཕྱིར་རོ། །ཆོས་ཀྱི་ཕྱག་རྒྱ་ནི་ངག་གི་རང་བཞིན་ཏེ་ཡིག་འབྲུ་རྣམས་ངག་ཡིན་པས་སོ། །མཚན་མའི་ཕྱག་རྒྱ་ནི་ལུས་ཀྱི་རང་བཞིན་ཏེ་དེ་རྣམས་སུ་ལུས་ཀྱིས་འཛིན་པའི་ཕྱིར་རོ། །སེམས་ཅན་གྱི་རྒྱུད་ཐམས་ཅད་ལ་ལྟོས་ནས་ཞེས་པ་ནི་གཏི་མུག་དང་འདོད་ཆགས་དང་ཞེ་སྡང་གི་རིགས་ཅན་གྱི་སེམས་ཅན་གྱི་རྒྱུད་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། བསམ་པ་དང་བག་ལ་ཉལ་བ་དང་རིགས་དང་བག་ཆགས་ལ་སོགས་པའོ། །ལྟོས་ནས་ཞེས་པ་ནི་དེ་རྣམས་ལ་བརྟེན་པས་སོ། །རྣམ་པ་གསུམ་པོ་འདི་དག་གིས། །ཞེས་པ་ནི་བློ་ལ་གནས་པ་དབྱེ་བ་གསུམ་གྱི་ཆོས་ལ་སོགས་པ་ཞེས་བྱ་བའི་ཕྱག་རྒྱ་རྣམས་སོ། །དགོད་པ་ཡང་བྱའོ་ཞེས་པ་ནི་དེ་དག་ཐམས་ཅད་བྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་བཤད་པ་ཡིན་ཏེ་གལ་ཏེ་གཏི་མུག་གི་རིགས་ཅན་གྱི་རྣལ་འབྱོར་པ་ཡིན་ན་དེའི་ཚེ། ཕྱག་རྒྱ་ཆེན་པོས་མཚན་མའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་བཞིན་འདོད་ཆགས་དང་ཞེ་སྡང་གི་རིགས་ཅན་དག་ལ་ལྟོས་ནས་ཆོས་དང་མཚན་མའི་ཕྱག་རྒྱ་དག་དགོད་པར་བྱའོ། །དེ་དག་ལ་ཉེ་བར་མཚོན་པའི་དོན་ཙམ་དུ་ཞེས་པ་ནི་ཆོས་དང་ཕྱག་རྒྱ་ཆེན་པོ་དག་མཚོན་པར་བྱ་སྟེ། ཐ་མི་དད་པའི་ཕྱིར་རོ་ཞེས་སྔར་བཤད་ཟིན་ཏོ། །མཚན་མའི་ཕྱག་རྒྱ་ཞེས་པ་ནི་ཞེ་སྡང་གི་རིགས་ཅན་གྱི་ཕལ་ཆེ་བ་ལ་བརྟེན་པས་སོ། །ཞེ་སྡང་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་ཞེས་པ་ནི་ཉོན་མོངས་པ་ཞེ་སྡང་དང་དེའི་འབྲེལ་པ་དང་ལྡན་པའི་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་ཐུགས་རྡོ་རྗེ་འཆང་གིས་སྦྱང་བར་མཛད་པའི་ཕྱིར་རོ། །རྣམ་ཤེས་ཞེ་སྡང་བཤད་པ་སྟེ། །སྤོང་དང་


DTG032_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་གཉིས་སྦྱོར་བས། །ཞེས་འབྱུང་ངོ༌། །རྡོ་རྗེ་ནི་འཇིགས་པ་རྣམས་ཀྱང་འཇིགས་པར་བྱེད་པའོ་ཞེས་པ་ནི་འཁོར་བ་ལས་འཇིགས་པར་འགྱུར་བའི་འཇིགས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སོ། །དེ་ཡང་འཇིགས་པར་བྱེད་པ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་རིམ་པས་འཇོམས་པར་བྱེད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཉིད་དབྱེར་མེད་པས་ན་རྡོ་རྗེ་སྟེ། །རྡོ་རྗེའི་གཟུགས་སུ་ཕྱི་རོལ་ཏུ་སྣང་བའི་ཕྱིར་རོ། །ཇི་སྐད་དུ། སྤང་བྱ་ལྔ་དང་རིག་པ་ལྔ། །རྡོ་རྗེ་ཞེས་བྱ་མངོན་པར་བཤད། །བརྟན་པ་སྙིང་པོ་ཁོང་སྟོང་མེད། །གཅོད་མེད་དབྱེར་མེད་མཚན་ཉིད་ཅན། །བསྲེག་པ་མེད་ཅིང་འཇིག་མེད་པ། །སྟོང་པ་ཉིད་ནི་རྡོ་རྗེར་བཤད། ཅེས་འབྱུང་ངོ༌། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པ་མི་ཕྱེད་པའི་ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །འོད་ཟེར་ལྔ་སྟེ་ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་རབ་འབྱམས་ལྔའི་རང་བཞིན་ཉིད་དོ། །དེས་འཁོར་ལོ་རྣམ་པར་བརྒྱན་པའོ་ཞེས་པ་ནི་འོད་ཟེར་ལྔ་དང་ལྡན་པའི་རྣམ་པར་སྣང་མཛད་ཀྱི་ཕྱག་མཚན་ཞེས་བྱ་བའི་དོན་ཏོ། །དེས་ནི་འཁོར་ལོ་ཁ་དོག་དཀར་པོ་ཡིན་ན་ཡང་དེ་བཞིན་གཤེགས་པ་ལྔའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་བསྟན་པ་ཡིན་ཏེ། གང་གི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ནི་མཉམ་པ་ཉིད་ལ་སོགས་པའི་ཡེ་ཤེས་ཀྱི་ཆས་ཁྱབ་པའི་ཕྱིར་རོ། །དེ་བཞིན་དུ་གཞན་རྣམས་ཀྱང་ཤེས་པར་བྱའོ། །རིན་པོ་ཆེ་ལ་འོད་ཟེར་གྱི་ཚོགས་ཀྱི་རྒྱལ་པོའོ་ཞེས་པ་ནི་དེ་བཞིན་དུ་རིན་པོ་ཆེ་ཡང་འོད་ཟེར་ལྔས་ཁྱབ་པ་ཞེས་བྱ་བའི་ཐ་ཚིག་གོ །ཁ་དོག་སྣ་ལྔ་པའོ་ཞེས་པ་ནི་རལ་གྲིའི་རང་བཞིན་གྱི་འོད་ལྔ་ཡིན་ཏེ། ལས་ཐམས་ཅད་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱིས་ནི་ཞི་བ་ལ་སོགས་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར་བས་སོ། །རལ་གྲི་ལ་འོད་དེའི་ཚོགས་ཀྱིས་ཁྱབ་པའོ་ཞེས་པ་ནི་བྱ་བ་ནན་ཏན་སྒྲུབ་པས་བསམ་པ་སྣ་ཚོགས་པའི་གདུལ་བྱ་ཡིན་པས་ཚོགས་ཡིན་པའི་ཕྱིར་རོ། །ཤར་གྱི་མཚམས་ལ་ཞེས་པ་ནི་མེའི་མཚམས་ལའོ། །སྤྲིན་གྱི་མདོག་འདྲ་བ་སྟེ་ཞེས་པ་ནི་མག་གི་དབུས་གནག་པ་སྟེ་མིག་འབྲས་སྔོན་པོ་ཡིན་པས་སོ། །མཐའ་དཀར་བའི་འོད་དང་ལྡན་པ་གང་ཡིན་པ་དེ་ནི་ཞེས་པ་ལ་མིག་གི་མཐའ་མའི་ཆ་གཉིས་དཀར་པོ་ཡིན་


DTG032_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །སྤྲིན་གྱི་མདོག་དང་འདྲ་བ་ཞེས་བྱ་བ་ལ་སོགས་པས་ལས་འཛིན་པའི་བསྡུ་བ་བྱས་ནས་ཁ་དོག་དཀར་པོ་དང༌། ནག་པོ་མིག་ལ་བསྟན་པ་ཡིན་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་ཁོ་ན་ཉིད་མཐོང་བའི་ཕྱིར་རོ། །རྡོ་རྗེའི་རིགས་ལ་ལྟོས་པ་སྟེ། །ཞེས་པ་ནི་རྡོ་རྗེའི་ཕྱག་མཚན་ནོ། །གང་གི་རིན་ཆེན་གྱི་རིགས་ལ་ལྟོས་པར་གྱུར་པ་ཞེས་པ་ནི་ང་རྒྱལ་ཀུན་དེ་ནས་འཆད་པར་འདོད་ན་མཱ་མ་ཀཱི་ནི་རིན་ཆེན་གྱི་རིགས་ཅན་དུ་འགྱུར་རོ། །དེའི་ཚེ་ན་རིན་པོ་ཆེ་ཡང་མཱ་མ་ཀཱི་ནི་ཕྱག་མཚན་དུ་གྱུར་ཏེ་ཞེས་པ་ནི་རིན་པོ་ཆེ་ཡང་ཕྱག་མཚན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནི་མ་ཡིན་ནོ་ཞེས་པ་ནི་རྡོ་རྗེ་ཙམ་འབའ་ཞིག་བཀག་པ་ཞེས་དགོངས་པའོ། །འོ་ན་དེ་བཞིན་གཤེགས་པ་ལྔའི་རིམ་པ་ཇི་ལྟ་བ་བཞིན་དུ་རེག་བྱ་རྡོ་རྗེ་མ་དང༌། སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང་སྒྲོལ་མ་སྟེ་བཙུན་མོ་མཆོག་གོ །དེ་ལ་མཱ་མ་ཀཱི་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་ཡིན་པས་གཉིས་ཀའི་རིགས་ཅན་ཅིའི་ཕྱིར་ཞེ་ན། སྨྲས་པ། འདིར་ཁམས་བཞིའི་རང་བཞིན་ནི་ཡུམ་བཞི་སྟེ། སྟོང་པ་ཉིད་བཞིའི་རང་བཞིན་ཉིད་དུ་རབ་ཏུ་གྲགས་སོ། །དེ་བཞིན་གཤེགས་པ་ལྔ་ཡང་ཕུང་པོ་ལྔ་རྣམ་པར་དག་པའི་རང་བཞིན་ནོ་ཞེས་ཐབས་ལྔ་ལ་ཤེས་རབ་བཞི་ཇི་ལྟར་རིགས། །དེ་བས་ན་ཞེ་སྡང་དང་ང་རྒྱལ་དག་དབྱེར་མེད་པར་བྱས་ནས་ཐུགས་རྡོ་རྗེ་དང་ཡིད་བཞིན་ནོར་བུའི་རིགས་དག་ལ་མཱ་མ་ཀཱི་གཅིག་པུ་སྦྱར་ན་རིགས་གཉིས་པར་འགྱུར། འོ་ན་དབུས་ཀྱི་གཙོ་བོའི་རེག་བྱ་རྡོ་རྗེ་མ་ཉིད་འཁྱུད་པར་གནས་ན་དེ་ལ་མཱ་མ་ཀཱིས་དགོས་པ་ཅི་བྱ་ཞེ་ན། སྨྲས་པ། རེག་བྱ་རྡོ་རྗེ་མའི་རྣམ་གྲངས་ཅན་མཱ་མ་ཀཱི་ཁོ་ན་ཡིན་ཏེ་སྐྱོན་མེད་དོ། །དེ་ཉིད་ཀྱི་ཕྱིར་དེ་མཱ་མ་ཀཱི་ཆེན་མོ་ཡིན་ནོ་ཞེས་མིང་དུ་གྲགས་སོ། །དེ་བས་ན་གཉིས་ཀའི་རིགས་ཅན་མཱ་མ་ཀཱི་ཡིན་ནོ་ཞེས་བསྟན་པ་ནི་རིགས་སོ། །པདྨ་ཁ་ཕྱེ་ཞིང་བྱ་བ་ལ་སོགས་པས་འོད་དཔག་ཏུ་མེད་པའི་རིགས་ཅན་གྱི་ཕྱག་མཚན་བསྟན་ཏེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དངོས་པོ་ཐམས་ཅད་རབ་ཏུ་འབྱེད་པས་རྒྱས་པའི་ཕྱིར་རོ། །སྤྲིན་སྔོན་པོ་ལྟར་ཞེས་པ་ནི་ཁ་དོག་ལྗང་གུ་ཨུཏྤལ་སྲིད་པའི་འཇིགས་པ་ལས་གྲོལ་བར་བྱེད་པ་དམ་ཚིག་གི་རིགས་ཀྱི་ཕྱག་མཚན་ཏེ། བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་


DTG032_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལྷག་པར་གནས་པར་བྱེད་པའི་ཕྱིར་རོ། །དེས་ནི་ནང་གི་རིམ་པ་ཕྱག་རྒྱ་དགོད་པ་བསྟན་པ་ཡིན་ནོ། །ཕྱིའི་རིམ་པའི་སྒོ་རྣམས་ལ་མཚན་མའི་ཕྱག་རྒྱ་དགོད་པའི་ཕྱིར་ཐོ་བ་ཞེས་སྨོས་ཏེ་གཤིན་རྗེ་མཐར་བྱེད་ཀྱི་ཕྱག་མཚན་ཏེ། ཉོན་མོངས་པའི་སྒྲིབ་བརླག་པར་བྱེད་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་ཞེས་བྱ་བས་རིགས་ལྔའི་རང་བཞིན་གྱི་འཕགས་པ་གཞན་གྱིས་མི་ཐུབ་པའི་ཕྱག་མཚན་བསྟན་ཏོ། །དབྱུག་པ་ནི་ཤེས་བྱའི་སྒྲིབ་པ་གདུལ་བར་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །པདྨ་ཞེས་པ་ནི་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །རལ་གྲི་ལྟར་རྣོ་བའི་འོད་འཕྲོ་བ་གང་ཡིན་པ་ཞེས་པ་ནི་པདྨ་མཐར་བྱེད་ཀྱི་ཕྱག་མཚན་གྱི་ཁྱད་པར་རོ། །རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེའོ་ཞེས་པ་ལ་རིག་བྱེད་བཞིན་དུ་མདོ་རྣམས་ཀྱང་ཡིན་ནོ་ཞེས་བྱ་བས་སྔ་མའི་ཚིག་མི་མངོན་པ་ཞེས་བྱ་བའི་དགོངས་པས་སོ། །བདུད་རྩི་འཁྱིལ་པ་ཞེས་པ་ནི་དེའི་ཕྱག་མཚན་ཏེ་ལས་ཐམས་ཅད་པ་ཡིན་པའི་ཕྱིར་དང༌། རྣམ་པར་སྨིན་པའི་སྒྲིབ་པ་སྦྱོང་བར་བྱེད་པ་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་དེ་ཀུན་དུ་ཞལ་ཡིན་པའི་ཕྱིར་རོ། །ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པ་ཡིན་ཏེ། མཚན་མའི་ཕྱག་རྒྱའི་དཀྱིལ་འཁོར་བྲི་བའི་ཆོ་ག་རྫོགས་པའི་ཕྱིར་རོ། །འདིར་རྒྱ་ཆེར་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དང༌། མཆོད་པའི་ལྷ་མོ་དང༌། ཁྲོ་བོ་དྲུག་པོའི་མཚན་མའི་ཕྱག་རྒྱ་དགོད་པའི་སྤྲོས་པ་དང༌། དཀྱིལ་འཁོར་ལ་ཐིག་གདབ་པ་ལ་སོགས་པའོ། །དཀྱིལ་འཁོར་གྱི་ཆོ་ག་ལས་ནི་རང་གིས་བྱས་པའམ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་ལས་སོ། །བལྟ་བར་བྱ་བ་ནི་དཔྱད་པར་བྱ་བ་སྟེ་དེ་ཡང་སྔར་བཤད་ཟིན་ཏོ། །མཆོད་པ་རྣམ་པ་གསུམ་ནི་དཀྱིལ་འཁོར་རྫོགས་པ་དང་བུམ་པ་དང་དཀྱིལ་འཁོར་དང་ལྷ་དང་སློབ་མ་ལྷག་པར་གནས་པ་རྫོགས་ནས་སློབ་མ་འཇུག་པ་དང༌། །དེ་ལ་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་ལ་སོགས་པ་རྫོགས་པའི་འོག་ཏུ་སློབ་དཔོན་གྱིས་དཀྱིལ་འཁོར་པ་རྣམས་མཉེས་པར་བྱ་བའི་ཕྱིར་ལུས་ཀྱི་མཆོད་པ་ཕྱག་ལ་སོགས་པ་དང༌། ངག་གི་མཆོད་པ་བསྟོད་པ་ལ་སོགས་པ་དང༌། ཡིད་ཀྱི་ནི་དེའི་རྩེ་གཅིག་པ་ཉིད་ཀྱིས་ཡིད་


DTG032_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱེད་པའི་མཚན་ཉིད་ཀྱི་མཆོད་པ་བྱ་སྟེ་དེ་ནི་ཕྱིའི་མཆོད་པའོ། །ནང་གི་མཆོད་པ་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བས་ནང་གི་མཆོད་པ་བསྟན་ཏེ། རང་གི་རིགས་ཀྱི་བུ་མོ་ནི་ཨུཏྤལ་སྔོན་པོའི་འདབ་མ་དང་འདྲ་བའི་སྨེ་ཤ་ཅན་གྱི་བུ་མོའོ། །གཟུགས་སྡུག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ་ཞེས་པ་ནི་རང་བཞིན་སྐྱེས་པའི་མཛེས་པ་ཉིད་དང་སྨན་དང་ནུ་མ་ཆེན་པོ་དང༌། རྐེད་པ་ཕྲ་བ་དང་མིག་ཡངས་པ་དང་མ་མཆུ་དམར་བ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །ལོ་གྲངས་བཅུ་དྲུག་ལོན་པ་ཞེས་པ་ནི་གལ་ཏེ་གཟུགས་ཀྱི་དཀྱིལ་འཁོར་དུ་ལོ་བཅུ་གཉིས་ལོན་པ་གསུངས་པ་དེ་བཞིན་དུ་ཡང་གསུང་གི་དཀྱིལ་འཁོར་ལ་མཐུན་པའི་ཕྱག་རྒྱ་གཟུང་བ་བསྟན་ཏེ། གསུང་དང་སྐུའི་དཀྱིལ་འཁོར་དག་ལ་ཐུགས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་གཟུང་བ་བཞིན་ནོ། །དྲི་དང་མེ་ཏོག་ཅེས་བྱ་བ་ལ་སོགས་པས་ཕྱིའི་ཡོ་བྱད་ཀྱིས་མཛེས་པ་ཉིད་དང་ལྡན་པར་བསྟན་ཏོ། །ཕྱག་རྒྱའི་མཛེས་པ་ནི་རྣམ་པ་གཉིས་ཏེ། །རང་བཞིན་པ་དང་བྱས་པའོ། །དེ་ལ་རང་བཞིན་པ་ནི་ལུས་མཛེས་པ་ལ་སོགས་པའི་མཚན་ཉིད་དོ། །བྱས་པ་ནི་རྒྱན་ལ་སོགས་པའི་མཚན་མའོ། །སྔ་མ་ནི་རྟག་པ་སྟེ་རྒྱན་མེད་པས་ཀྱང་མཛེས་པའི་ཕྱིར་རོ། །ཕྱི་མ་ནི་མི་རྟག་པ་སྟེ་སྔ་མ་མེད་པས་ཡིད་མི་མགུ་བའི་ཕྱིར་རོ། །འདིར་གཉིས་ཀ་ཡང་གཟུང་བར་བྱའོ། །དཀྱིལ་འཁོར་དེའི་དབུས་སུ་ཞེས་པ་ནི་དཀྱིལ་འཁོར་གྱི་ས་གཞིའི་ཕྱོགས་གཅིག་དབུས་སུ་དམིགས་ནས་དེ་དང་ལྷན་ཅིག་སྙོམས་པར་ཞུགས་པར་བྱའོ། །གཞན་དུ་དཀྱིལ་འཁོར་ལ་གནོད་པར་འགྱུར་ཏེ་དེའི་དབུས་ལ་ལྷག་པར་མོས་པའི་ཡིད་ལ་བྱེད་པས་དེའི་ཕྱོགས་གཅིག་ཏུ་རོལ་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ །སྔར་བཤད་པར་ཞེས་བྱ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་མཐུན་པའི་ཕྱག་རྒྱའོ། །མཁས་པ་ཞེས་པ་ནི་འོ་དང་འཁྱུད་པ་ལ་སོགས་པའི་རྣམ་པ་སྣ་ཚོགས་པའི་ལས་ཀྱི་བྱ་བ་ལ་མཁས་པའོ། །དེ་ལ་ཤིང་ལ་འཛེག་པ་དང༌། ཡལ་གས་འཁྲིལ་བ་དང༌། ཏིལ་འབྲས་དང་ཆུ་དང་འོ་མ་འདྲེས་པ་ཞེས་བྱ་བ་ལ་སོགས་པ་འཁྱུད་པ་རྣམ་པ་བརྒྱད་དང་སྟོད་སྨད་ཀྱི་མཆུ་ལ་སོགས་པ་རྣམ་པ་བརྒྱད་ཀྱི་ཙུམྦ་ན་དང་རི་བོང་མཆོང་བ་དང་ནོར་བུའི་ཕྲེང་བ་ལ་སོགས་མཚན་ཉིད་


DTG032_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེན་མོ་འདེབས་པ་དང་སྟག་རྗེས་ལ་སོག་པའི་མཚན་ཉིད་ཀྱི་རྣམ་པ་བརྒྱད་ཀྱི་སོས་འདེབས་པ་དང་རྣམ་པ་བརྒྱད་ཀྱི་ཉེ་བར་ཕུལ་བ་དང་རང་བཞིན་དང་དུས་དང་ཡུལ་གྱི་མཐུན་པ་ཉིད་དང༌། དྲུག་ཅུ་རྩ་བཞི་དབྱེ་བའི་རྐེད་པའི་ལས་དང༌། བདེ་བའི་སྒྲ་དང་ཕྱིན་ཅི་ལོག་པའི་དགའ་བ་ལ་སོགས་པའི་དབྱེ་བ་ཤེས་པ་གང་ཡིན་པ་དེ་ནི་སྔགས་པ་མཁས་པ་ཞེས་བཤད་དོ། །དེ་ཡང་དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ལས་འབྲང་བར་བྱའོ། །སྔགས་པའོ་ཞེས་པ་འདི་སྔགས་དང་རྒྱུད་དང་སྦྱོར་བ་ལ་སོགས་པ་ལ་མཁས་པའོ། །གང་ཡོན་ཏན་ཉིད་ཀྱིས་སྐེ་རགས་སུ་བྱས་པ་ཞེས་པ་ལ་ཇི་ལྟར་གསེར་ལ་སོགས་པ་སྣ་ཚོགས་པའི་རིན་པོ་ཆེས་བྱས་པའི་སྐེ་རགས་ཀྱིས་བུད་མེད་ཀྱི་རྐེད་པའི་ཕྱོགས་མཛེས་པར་བྱེད་པ། དེ་བཞིན་དུ་ཡོན་ཏན་གྱི་རང་བཞིན་གྱི་སྐེ་རགས་ཀྱིས་བརྒྱན་པའི་ཕྱག་རྒྱས་ཐབས་ཀྱི་སེམས་འཕྲོག་པར་བྱེད་དོ་ཞེས་བྱ་བ་ནི་དགོངས་པའོ། །དེ་མཱ་མ་ཀཱི་དང་འདྲ་བར་བྱིན་གྱིས་བརླབས་ཏེ་ཞེས་པ་ནི་བསྐྱེད་པའི་རིམ་པས་ཐ་མལ་པའི་རང་བཞིན་སྤངས་ནས་རེག་བྱ་རྡོ་རྗེ་མའི་མིང་གི་རྣམ་གྲངས་ཅན་མཱ་མ་ཀཱིའི་རང་བཞིན་དུ་སྤྲུལ་པ་ཞེས་བྱ་བའི་ཐ་ཚིག་གོ །རང་བཞིན་གྱི་ཐ་མལ་པའི་དངོས་པོ་བསལ་ཏེ་ཞེས་པ་ནི་དེ་ཉིད་ཀྱི་དོན་ཏོ། །རིགས་ལྔས་ཞེས་བྱ་བ་ལ་སོགས་པས་རིགས་ལྔའི་བསྐྱེད་པའི་རྒྱུར་གྱུར་པ་ཨོཾ་ལ་སོགས་པའི་ས་བོན་དེ་རིགས་ལྔའོ། །ཁྱབ་པ་ནི་མགོ་བོ་ལ་སོགས་པ་གནས་ལྔ་ལ་དེ་དག་དགོད་པའོ། །མཉེས་པར་བྱེད་པའོ་ཞེས་པ་ནི་བྱེད་པའི་ཚོགས་དགོད་པ་སྔོན་དུ་འགྲོ་བས་རོལ་པར་བྱའོ། །ཡང་གི་སྒྲ་ནི་ངེས་པར་བཟུང་བ་ལའོ་ཞེས་པ་ནི་ངེས་པར་བཟུང་ན་སྟེ་གཞན་ལས་རྣམ་པར་གཅོད་པའོ། །དེ་ནས་ངེས་པར་མཉེས་པར་བྱ་བ་ཁོ་ན་ཞེས་པ་ནི་གནས་པ་ཙམ་འབའ་ཞིག་དང༌། ཙུམྦ་ན་དང་འཁྱུད་པ་ཙམ་དགག་པར་བྱེད་དེ་བདེ་བ་ཆེན་པོ་དང་དེའི་རྒྱུར་གྱུར་པའི་བྱང་ཆུབ་ཀྱི་སེམས་དམ་པ་རྣམས་ཀྱིས་མི་འབྱུང་བའི་ཕྱིར་རོ། །དེ་ཉིད་རྣལ་འབྱོར་པ་རྣམས་ཀྱི་མཆོག་ཏུ་བླང་བར་བྱ་བ་ཡིན་ཏེ། དེ་མེད་པས་མཆོད་པ་ཉིད་དུ་མི་འགྱུར་རོ། །སངས་རྒྱས་ཀུན་ལ་མཉེས་བྱེད་པ། །དེ་ནི་མཆོད་པ་ཆེན་པོར་འདོད། །ཅེས་གསུངས་པའི་ཕྱིར་རོ། །ཞི་བ་ནི་བྱང་ཆུབ་གྱི་སེམས་ཏེ་ཞེས་པ་ནི་ཞི་བ་ཉིད་ནི་ཞི་བ་སྟེ་ཟླ་བའི་རང་བཞིན་


DTG032_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ཞེས་བྱ་བའི་དོན་ཏོ། །སྤྲོས་པ་ཞེས་པའི་བཤད་པ་ནི་རྡོ་རྗེའི་ལམ་ནས་ཕྱི་རོལ་དུ་བྱ་བའོ་ཞེས་པ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་འཇུག་པ་སྔོན་དུ་འགྲོ་བས་མཆོག་ཏུ་དགའ་བའི་བདེ་བ་མྱོང་ཞིང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལས་འབབ་པའི་ཆུའི་རྒྱུན་རྒྱུའི་རྣམ་པས་བྱང་ཆུབ་ཀྱི་སེམས་འཛག་པར་འགྱུར་ན་རྟགས་ལྔ་འབྱུང་བའི་དེ་མ་ཐག་ཏུ་བདེ་བ་ཆེན་པོ་ཉམས་སུ་མྱོང་ཞིང་དེ་ལ་རྩེ་གཅིག་པའི་ཡིད་ཀྱིས་འདི་ནི་དོན་དམ་པའི་བདེན་པའི་ཕྱོགས་ཡིན་གྱི་ཀུན་རྫོབ་ཀྱི་བདེན་པའི་ཕྱོགས་མ་ཡིན་ནོ་ཞེས་རྣམ་པར་དབྱང་ནས། སེམས་ཅན་གྱི་དོན་མེད་པས་སྔ་མའི་སྨོན་ལམ་གྱི་འབྲས་བུ་མེད་བར་འགྱུར་རོ་ཞེས་བྱ་བས་རྨི་ལམ་བཞིན་དུ་སོ་སོར་རྟོག་ཅིང་རང་གི་ཕྱག་རྒྱའི་ཆོས་འབྱུང་གི་ནང་ན་ཧཱུཾ་ཕཊ་ཀྱི་རང་བཞིན་གྱི་སྒྲས་བྱང་ཆུབ་ཀྱི་སེམས་སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རབ་ཏུ་འབྱུང་བ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྱེད་པའི་རྒྱུར་གྱུར་པ་སྟེ་དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བའི་ཕྱིར་རོ། །ནམ་མཁའི་ཁམས་མ་ལུས་པར་བརྒྱན་པར་འགྱུར་བ་ཞེས་པ་ནི་ནམ་མཁའི་དབྱིངས་མ་ལུས་པ་བརྒྱན་པར་བྱེད་པ་དེ་བཞིན་གཤེགས་པ་སྤྲོ་བར་བྱའོ། །འདི་སྐད་བསྟན་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་དེ་བཞིན་གཤེགས་པ་བསྒོམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །བྱང་ཆུབ་ཀྱི་སེམས་འབའ་ཞིག་གིས་མཆོད་པར་མ་ཟད་དེ་ཞེས་པ་ནི་ཤུ་ཀྲ་འབའ་ཞིག་ཏུ་དགག་པའོ། །གཞན་ཡང་ལུས་ཀྱི་རྒྱུ་མཐུན་པས་ཀྱང་ཞེས་པ་ནི་ཁམས་ཉི་ཤུ་རྩ་བཞིའི་རྫས་ཀྱི་བདག་ཉིད་ཀྱི་ལུས་པོ་ལས་འབྱུང་བ་མར་ད་ཝེ་ཤོ་མུ་དང་ལྕགས་ཀྱུ་རྣམས་ཀྱིས་སོ། །བདུད་རྩི་ལྔ་ཞེས་པ་ནི་བཤད་པ་ལ་སོགས་པ་རྫས་ལྔའོ། །དཀྱིལ་འཁོར་གྱི་འཁོར་ལོ་ལ་དབུལ་ལོ་ཞེས་པ་ནི་དེའི་ཆོ་ག་འདི་ཡིན་ཏེ། སྐྱེས་མ་ཐག་པའི་བུ་ཆུང་གིས་ལམ་ལྷུང་བའི་བཤང་པ་ཁམ་ཕོར་ཁ་སྦྱར་དུ་གཞག་ལ་ཞག་བདུན་གྱི་བར་དུ་རང་གི་འདོད་པའི་ལྷའི་སྔགས་དང་རྗེ་བཙུན་ཡི་གེ་བརྒྱ་པ་དང་ལྷན་ཅིག་ཏུ་མངོན་བར་བཟླས་ལ་གྲིབ་མ་ལ་སྐམ་དུ་བཅུག་ལ། ཕྱི་ནས་དྲི་བཟང་དང༌། ཤྲཱི་ཁཎྜ་དང༌། ཙནྡན་བསྲེས་


DTG032_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཏགས་ཏེ་བསྐྱེད་པའི་རིམ་པས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བསྐྱེད་ལ་དེ་ཡོངས་སུ་གྱུར་པ་ལས་སླར་ཡང་དེ་ཉིད་རྫས་སུ་བསམ་པར་བྱའོ། །དེ་མེད་ན་རང་ལས་བྱུང་བའི་མཐའ་མར་མ་གྱུར་པ་ཐིགས་པ་གསུམ་ཙམ་བླང་བར་བྱ་སྟེ། དང་པོ་བྱུང་བའི་རགས་པའི་དྲི་མ་ནི་བླང་བྱ་མ་ཡིན་པའི་ཕྱིར་རོ། །དེ་ལ་བྱིན་གྱིས་བརླབ་པའི་རིམ་པ་ནི་སྔ་མ་བཞིན་དུའོ། །དྲི་ཆུ་ཡང་ཐ་མ་ནས་བྱུང་བའི་ཐིགས་པ་གསུམ་ཙམ་མི་བསྐྱོད་པའི་རྣལ་འབྱོར་གྱིས་བྱིན་གྱིས་བརླབས་ཏེ་བླང་ངོ༌། །ཁྲག་ཀྱང་ལོ་བཅུ་གཉིས་ལོན་པའི་བུ་མོའི་རང་བྱུང་བའི་མེ་ཏོག་བླང་བར་བྱ་སྟེ་མེད་ན་གཡོན་པའི་སྲིན་ལག་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་གྱི་བསྐྱེད་པའི་རིམ་པས་བྱིན་གྱིས་བརླབས་ནས་བླང་ངོ༌། །བྱང་ཆུབ་ཀྱི་སེམས་ཀྱང་ཟླ་བ་གཟས་ཟིན་པའི་དུས་སུ་དབང་པོ་གཉིས་སྙོམས་པར་ཞུགས་པ་ལས་བྱུང་བ་ས་ལམ་ལྟུང་བ་དུང་ཕོར་གྱིས་བླངས་ཏེ་གསུང་རྡོ་རྗེའི་རྣལ་འབྱོར་གྱིས་བྱིན་གྱིས་བརླབ་པའོ། །ཟླ་བ་གཟས་ཟིན་དུས་སུ་ནི། །ཁ་རུ་བཅུག་སྟེ་འཛིན་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །ལ་ལ་ན་རེ་ཐུར་དུ་སེལ་བའི་རླུང་གྱེན་དུ་དྲངས་ནས་རྣལ་འབྱོར་དང་རྣལ་འབྱོར་མས་ངག་གི་ལམ་ནས་ཕྱུང་བ་བླང་བར་བྱའོ། །སྣང་བ་མཐའ་ཡས་ཀྱིས་བྱིན་གྱིས་བརླབ་པ་ཡང་དེ་ཉིད་ལ་བྱའོ། །ཤ་ཆེན་པོ་ཡང་དཔལ་རྡོ་རྗེ་བདུད་རྩིའི་རྒྱུད་ལས་གསུངས་པའི་ཆོ་གས་བླང་བར་བྱ་སྟེ། དེ་ལ་རེ་ཞིག་དང་པོ་རྣལ་འབྱོར་པས་དཔལ་རྡོ་རྗེ་ཧེ་རུ་ཀའི་བདག་ཉིད་བསྒོམས་ལ། ཀེང་རུས་ལ་སོགས་པ་འཇིགས་པའི་དུར་ཁྲོད་ཀྱི་ཕྱོགས་སུ་ཕྱིན་ནས་དེ་ལ་ལང་ཚོ་དང་ལྡན་པ་ལོ་བཅུ་དྲུག་པ་སོ་སུམ་ཅུ་རྩ་གཉིས་ཚང་བ། འགེགས་ནས་ཤི་བ་གདོལ་པ་མོའི་བུད་མེད་དང་ཡང་ན་གང་ཡང་རུང་བའི་ལུས་པོ་མཐོང་ནས་དཔའ་བོའི་སེམས་བྱས་ལ་བདུད་རྩི་འཁྱིལ་བ་ཡོངས་སུ་བཟླས་པའི་བདུད་རྩི་དང་དྲི་བཟངས་ཀྱི་ཆུས་དེ་ཉིད་བཀྲུས་ལ་དབང་བསྐུར་གྱི་ཆོ་གས་དབང་བྱིན་ལ་ཀེང་རུས་ཀྱི་གདན་ལ་སྒྲུབ་པ་པོའི་སྔོན་ཕྱོགས་སུ་བཞག་ལ། དཔལ་རྡོ་རྗེ་ཧེ་རུ་ཀ་བཟླས་པའི་ཡུངས་ཀར་གྱིས་ཁ་ལ་གཏོར་ཏེ་རྐང་དང་བཅས་པའི་ཏིལ་མར་ཆེན་པོས་དེའི་ལུས་བྱུགས་ལ་མདུན་དུ་དཔལ་རྡོ་རྗེ་ཧེ་རུ་ཀའི་


DTG032_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བྲིས་ཏེ། མཆོད་པ་རྣམ་པ་ལྔ་ལ་སོགས་པས་དེ་ཉིད་མཆོད་ལ། རྡོ་རྗེ་དང་དྲིལ་བ་ལག་ན་ཐོགས་པ་ཕྱག་རྒྱ་ལྔས་བརྒྱན་པ་ཁྲོ་བོའི་ཚིག་གིས་སྔགས་བརྗོད་བཞིན་པས་དུར་ཁྲོད་ས་ལ་བཞུགས་ཏེ་སྤོས་གཏུལ་བ་དང༌། ཅང་ཏེའུའི་སྒྲས་དེ་ཉིད་དུ་གཏུལ་བར་བྱའོ། །དེ་མ་ཐག་ཏུ་འབབ་པར་གྱུར་པ་རོ་ལངས་ཏེ་ཧ་ཧ་དགོད་པའི་སྒྲ་སྒྲོགས་པར་བྱེད་དེ། དེ་ནས་སྒྲུབ་པ་པོས་དཔལ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པ་འཇིགས་པ་མེད་པས་འདས་པ་ལ་སོགས་པ་དེ་ཉིད་ལ་དྲིས་ཏེ། རང་གི་ལག་པས་དེའི་ལག་ཏུ་ཟངས་གྲི་བྱིན་ནས། རང་གི་སྣ་ལ་སོགས་པའི་ཡན་ལག་བརྒྱད་པའི་ཤའི་དུམ་བུ་རྣམས་བདག་ལ་བྱིན་ཅིག་ཅེས་སྨྲ་བར་བྱའོ། །དེས་ཀྱང་ཁྱོད་ལ་སྒྲུབས་ཤིག་ཅེས་སྨྲས་ནས་བྱིན་ན་སྒྲུབ་པ་པོས་བླངས་ནས་དེ་གཤེགས་སུ་གསོལ་བར་བྱའོ། །སྒྲུབ་པ་པོས་ཀྱང་དེ་དང་འདྲ་བའི་ཤའི་དུམ་བུ་བླངས་ནས་དཔལ་ལས་ཀྱི་རྡོ་རྗེའི་བསྐྱེད་པའི་རིམ་པས་བསྐྱེད་པ་སྔར་བཤད་པའི་རྫས་དང་འདྲེས་པར་བྱའོ། །དཔལ་རྡོ་རྗེ་བདུད་རྩི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང༌། །དེ་ནས་གཞན་ཡང་བཤད་བྱ་བ། །རོ་ལངས་ཆེན་པོ་བསྒྲུབ་པ་སྟེ། །མར་ངོའི་བརྒྱད་དམ་བཅུ་བཞི་ལ། །རྟགས་གཅིག་གམ་ནི་བཞི་མདོའམ། །ཤིང་གཅིག་གམ་ནི་སུམ་མདོའམ། །ཆུ་བོའི་འགྲམ་མམ་རི་བོ་ལ། །ཕྲིན་ལས་ཐམས་ཅད་འགྲུབ་བྱ་བ། །རོ་ལངས་ཀྱང་ནི་དེ་བཞིན་ནོ། །མཚན་ཉིད་ཐམས་ཅད་དང་ལྡན་པའི། །འགེགས་ནས་ཤི་བ་བུད་མེད་གང༌། །སྨེ་ཤ་ཅན་ན་མ་རིགས་ངན་མ། །ཡན་ལག་མ་ཉམས་མཛེས་མ་སྟེ། །ཞི་བ་སོ་ནི་སུམ་ཅུ་གཉིས། །ལོ་ནི་ཉི་ཤུ་ལྔ་ལོན་པ། །ཡང་ན་བུ་ཆུང་སྐྱེད་དུས་སུ། །ཤི་བའི་བུད་མེད་རོ་བླངས་ཏེ། །ལྷ་ཡི་ཆུ་ཡིས་ཁྲུས་བྱ་བ། །སྔགས་དང་སྨན་གྱིས་འདྲེས་པ་ཡིས། །ཙནྡན་དཀར་པོ་ག་བུར་གྱིས། །དེ་ཉིད་ལུས་ལ་བྱུག་པར་བྱ། །མེ་ཏོག་སྤོས་ཀྱིས་མཆོད་བྱ་བ། །རྣམ་པ་སྣ་ཚོགས་གཏོར་མ་སྦྱིན། །ཏིལ་མར་ཆེན་པོས་ལུས་བྱུགས་ནས། །ཡུངས་ཀར་རྣམས་ནི་གདོང་ལ་གཏོར། །མི་བསྐྱོད་པ་ཡི་དཀྱིལ་འཁོར་ནི། །སྒྲུབ་པ་པོས་དེ་བྲི་བར་བྱ། །ཟླ་བ་ཕྱེད་དང་ཐོད་པ་དང༌། །བདུང་བའི་གཞུ་ཡི་དབྱིབས་ཅན་ཏེ། །རིག་པ་བརྒྱད་དང་ཡང་


DTG032_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལྡན། །ཐོད་པ་རྣམས་ཀྱིས་ཉེ་བར་མཛེས། །གདན་ནི་ཐོད་པ་རྣམས་ཡིན་ཏེ། །ཐམས་ཅད་ཀྱང་ནི་ཁ་ཊྭཱཾ་འཛིན། །ཞལ་གསུམ་པ་དང་ཕྱག་དྲུག་པ། །བདག་པོའི་གཟུགས་ཅན་རལ་གྲི་ཐོགས། །དེ་ཡི་དཀྱིལ་འཁོར་ཕྱི་རོལ་དུ། །ཕྱོགས་སྐྱོང་རྣམས་ནི་དགོད་པར་བྱ། །བ་སྣ་དང་ནི་གླང་སྣ་དང་། །བཞིན་བཟངས་དང་ནི་བཞིན་མི་བཟང༌། །དྲག་པོ་ལྕགས་ཀྱུ་ཐོགས་པ་སྟེ། །འཇིགས་སུ་རུང་བའི་འཇིགས་བྱེད་པ། །ཞལ་གཅིག་པ་དང་ཕྱག་གཉིས་པའི། །མེ་ཏོག་སྤོས་མ་ལ་སོགས་བྲི། །རོལ་མོ་རྣམ་པ་སྣ་ཚོགས་པའི། །དཀྱིལ་འཁོར་ལ་ནི་མཆོད་ཕྱིར་བྲི། །དེ་ནས་དཔའ་བོ་སྒྲུབ་པ་པོས། །རྡོ་རྗེ་ཧེ་རུ་གཟུགས་འཆང་བ། །དུང་ཆེན་པོས་ནི་བརྒྱན་བྱས་ནས། །ཅོད་པན་ཐོད་པ་རྣམས་ཀྱིས་བྱ། །དེ་ལ་ཅང་ཏེའུ་བརྡུང་བྱ་སྟེ། །གར་བྱེད་པས་ནི་གྲོང་དུ་འཇུག །སྔགས་རྣམས་ཀྱིས་ནི་ལུས་བཅིངས་པ། །དེ་ལ་ཕྱི་སྒྲ་སྒྲོགས་པར་བྱ། །ཁྲག་ཆེན་པོས་ནི་བསང་གཏོར་ནས། །དཀྱིལ་འཁོར་མཆོག་ནི་མཆོད་པར་བྱ། །དཔལ་ལྡན་རྡོ་རྗེ་ཧེ་རུ་ཀའི། །སྒྲུབ་པ་པོས་ནི་སྔགས་ཆེན་བཟླས། །ཁྲོ་དང་བཅས་པའི་རོ་ལངས་ཀྱིས། །ཧ་ཧ་དགོད་པ་སྒྲོགས་པར་བྱེད། །སྔགས་པ་ཆེན་པོས་འཇིགས་མི་བྱ། །རྡོ་རྗེ་ཧེ་རུ་ཡང་དག་དྲན། །རོ་ལངས་དེ་ནི་ལངས་ནས་སུ། །སྒྲུབ་པ་པོ་ལ་འདི་སྐད་སྨྲ། །དཔའ་བོ་ཆེན་པོ་བདག་ཅི་བྱེད། །རྡོ་རྗེ་ཅན་མཆོག་བཀའ་ལུང་སྦྱིན། །རལ་གྲི་མིག་སྨན་ས་འོག་དང༌། །མཁའ་སྤྱོད་ཉིད་དང་རྒྱལ་བ་ཉིད། །སྒྲུབ་པ་པོ་ནི་གང་འདོད་པ། །ལས་ནི་དེ་ཉིད་སྒྲུབ་པར་བྱེད། །དེ་ནས་སྒྲུབ་པ་པོས་སྨྲས་པ། །གང་དང་གང་ནི་ཡིད་ཀྱིས་འདོད། །པདྨ་རྒྱས་པའི་མཱ་མ་ཀཱི། །དེ་དེ་ཐམས་ཅད་སྒྲུབ་པར་བྱེད། །རྡོ་རྗེ་བདུད་རྩི་ལས་བྱུང་བའི། །རོ་ལངས་སྒྲུབ་པ་མཆོག་ཡིན་ནོ། །ལུས་དང་ངག་ཡིད་དག་པའི་ཕྱིར། །སྒྲུབ་པ་པོ་ལ་བདེ་བསྐྱོད་པའོ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །བཅོམ་ལྡན་རྡོ་རྗེས་དེ་སྐད་གསུངས། །ཞེས་འབྱུང་ངོ༌། །རྫས་ལྔ་དེ་དག་བསྡུས་ནས་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་ལས་བྱུང་བ་ཁ་དོག་དམར་པོ་པདྨའི་སྣོད་བསྒོམས་ནས། དེའི་སྟེང་དུ་བདུད་རྩི་ལྔའི་ས་བོན་ལས་བསྐྱེད་པའི་རྫས་བསམས་ལ། །དེ་རྣམས་ལ་ཡང་ཡིག་འབྲུ་བཀོད་ནས། དེ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་མི་


DTG032_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པ་ལ་སོགས་པ་ལྔ་བསྒོམས་ཏེ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་དུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་བྱས་ལ་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བར་རྗེས་སུ་ཆགས་པའི་ཏིང་ངེ་འཛིན་དམ་པས་བཞུགས་པའི་གཟུགས་ཅན་རྣམ་པར་བསམས་ལ་དེ་ཡོངས་སུ་གྱུར་པ་ལས་འོ་མའི་རྒྱ་མཚོའི་དབའ་རླབས་ལྟར་དཀར་ལ་བྱང་ཆུབ་ཀྱི་སེམས་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཡི་གེ་གསུམ་གྱིས་སྦྱང་བ་ལ་སོགས་པ་བྱས་ལ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་དཀྱིལ་འཁོར་པ་རྣམས་ལ་དམིགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲི་ཎ་ཡ་མེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དབུལ་བར་བྱའོ། །བདག་ཉིད་ཀྱི་ལག་པ་དང་གདོང་པ་ལ་སོགས་པ་སྦྱངས་ནས་ལུས་ཀྱི་དཀྱིལ་འཁོར་ཡང་ཚིམ་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་ལྷ་བཤོས་སུ་གྱུར་པས་དཀྱིལ་འཁོར་གྱི་འཁོར་ལོ་ལ་བསྟབས་པར་བྱ་ཞིང་ཞེས་བྱ་བ་སྨོས་ཏེ། སྔགས་ཀྱིས་བྱིན་གྱིས་བརླབས་པའི་ཁྱད་པར་གྱི་རྫས་དང་བཅས་པའི་སྣོད་ནི་ལྷ་བཤོས་སུ་གྱུར་པ་དེ་ཉིད་ཀྱིས་བསམས་པས་སོ། །དེ་ཉིད་ཀྱིས་བདག་ཉིད་ཚིམ་པར་བྱའོ་ཞེས་པ་ནི་བདག་རང་གིས་ཀྱང་དེ་ཉིད་བཟའ་བར་བྱའོ། །དེ་ལྟར་བྱ་བ་ལ་སོགས་པས་ནང་གི་བདག་ཉིད་ཀྱི་མཆོད་པའི་ཕན་ཡོན་བསྟན་ཏོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཞེས་པ་ནི་དེ་རྣམས་དག་པར་གྱུར་ན། སངས་རྒྱས་ཀྱི་ངོ་བོ་འབྱུང་བར་འགྱུར་བ་དང༌། རང་བཞིན་གྱིས་ཀྱང་ཆོས་ཐམས་ཅད་དེ་བཞིན་གཤེགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འདིར་རྣམ་པར་དག་པ་ནི་རྣམ་པ་གཉིས་དེ་ཁྱབ་པར་བྱེད་པ་དང་ཉི་ཚེ་བའོ། །དེ་ལ་ཁྱབ་པར་བྱེད་པ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་སྟོང་པ་ཉིད་དུ་གྲགས་པའོ། །ཉི་ཚེ་བ་ནི་སོ་སོར་ངེས་པ་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་མཚན་ཉིད་དོ། །འདིར་ནི་གཉིས་ཀ་ཡང་གཟུང་བར་བྱའོ། །མདོར་བསྡུས་པས་ནི་ཕུང་པོ་ལྔ། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང༌། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་འབྱུང་ངོ༌། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །མིག་ལ་སོགས་པའི་སྐྱེ་མཆེད་དེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གྲགས་པ་ཆེ་ཞིང་ཞེས་པ་ནི་མངོན་པར་ཤེས་པའི་ཡེ་ཤེས་ཐོབ་པའོ། །


DTG032_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་བཟང་པོ་དེ་རྣམས་ཞེས་པ་ནི་སྐད་ཅིག་ཙམ་གྱིས་བསྐལ་པའི་དངོས་པོ་རྣམས་མཐོང་བ་ལ་གཞོལ་བའོ། །མཉེས་ཤིང་ཞེས་བྱ་བ་ལ་སོགས་པས་འགྲོ་བའི་མིག་ལ་བདེ་བ་སྟེར་བར་འགྱུར་ཏེ་ཆོག་མི་ཤེས་པ་ཡིན་པའི་ཕྱིར་རོ། །དེ་དུས་བརྩམས་ནས་དེ་ནི་རྟོག་མེད་པ། །དེ་ཡི་དབྱིབས་དང་ཁ་དོག་མཚན་ཅི་བཞིན། །བསམ་གྱིས་མི་ཁྱབ་རྣམ་པར་སྨིན་པའི་སྐུ། །སྡོམ་པ་དེ་ལས་བྱ་བ་བྱས་པས་ཐོབ། །ཅེས་འབྱུང་ངོ༌། །དེ་བཞིན་དུ། མི་བསྐྱོད་བསྟེན་པའི་རྣལ་འབྱོར་པ། །ནད་རྣམས་ཀུན་དང་བྲལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་བཤད་པའི་རྒྱུད་ལས་གསུངས་སོ། །དྲང་བའི་དོན་ཏོ་ཞེས་པ་ནི། །བསྐྱེད་པའི་རིམ་པ་གཙོ་བོར་གྱུར་པའི་དཀྱིལ་འཁོར་བསྟན་པའི་ཕྱིར་རོ། །ལུང་གི་བཤད་པ་བརྗོད་པར་བྱ་བ་ཞེས་པས་དཀྱིལ་འཁོར་གྱི་རྣམ་པར་དག་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་བདག་ཉིད་ཀྱི་ཡེ་ཤེས་ནི་དཀྱིལ་འཁོར་ལྟ་བུར་སྣང་ངོ་ཞེས་བསྟན་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ནི་སྡུད་པ་པོའི་ཚིག་གོ །ཐུགས་ཀྱང་ཡིན་ལ་ཐུགས་ཉིད་དཀྱིལ་འཁོར་ཡིན་པས་ཐུགས་ཀྱི་དཀྱིལ་འཁོར་དེ་ལས་འཛིན་པའོ། །འདིར་རང་བཞིན་གྱིས་སམ་རྣམ་པར་དག་པའི་རིམ་པས་དག་པའི་སེམས་གང་ཡིན་པ་དེ་ཉིད་སྙིང་པོ་ལེན་པས་ན་དཀྱིལ་འཁོར་ཞེས་བྱའོ། །རྡོ་རྗེ་ཡེ་ཤེས་ནི་ཡེ་ཤེས་ལྔ་སྟེ་དེ་དང་འདྲ་བ་ནི་དེའི་རང་བཞིན་ཏེ་དེའི་བདག་ཉིད་དུ་འཇུག་པ་ཞེས་བྱ་བའི་དོན་ཏོ། །ལུས་ལ་སོགས་པ་ཐ་མལ་པའི་ངོ་བོ་སྤངས་ནས་འོད་གསལ་བའི་རང་བཞིན་དུ་གྱུར་པ་གང་ཡིན་པ་དེ་ཉིད་ཐུགས་ཀྱི་ངོ་བོ་ཡིན་ནོ་ཞེས་བྱ་བའི་སྙིང་པོ་ལེན་པས་ན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། འདི་ནི་དགུའི་བདག་ཉིད་ཅེས་པ་ནི་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཉེ་བར་ཐོབ་པ་དང་སྟོང་པ་དང་ཤིན་དུ་སྟོང་པ་དང་སྟོང་པ་ཆེན་པོ་དང་ཤེས་རབ་དང་ཐབས་དང་མ་རིག་པའི་རང་བཞིན་ནོ། །ཡང་ན་གསུང་རབ་ཡན་ལག་དགུ་པའི་རང་བཞིན་ཞེས་ཁ་ཅིག་ཟེར་རོ། །དེའི་ཕྱིར་མཆོག་ཡིན་ནོ། །སྣ་ཚོགས་ལུང་གི་བརྡར་གྱུར་པ། །ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་ལུང་གིས་ཉེ་བར་མཚོན་པའི་སེམས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་སེམས་ནི་གཅིག་ཡིན་ཏེ་ཉན་ཐོས་ལ་སོགས་པའི་རིགས་སྣ་ཚོགས་པའི་


DTG032_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱའི་དབང་གིས་ངོ་བོ་ཐ་དད་པར་སྣང་སྟེ། ངོ་བོ་སྣང་བ་ཐམས་ཅད་སེམས་ཀྱི་མེ་ལོང་ལ་གཟུགས་བརྙན་དུ་སྣང་སྟེ། ཤེལ་གྱི་ནོར་བུ་ལ་སྔོན་པོ་ལ་སོགས་པ་བཞིན་ནོ། །ལྷ་རྣམས་ལ་ནི་དམིགས་པའི་ཕྱིར། །སེམས་ཅན་མོས་པ་སྣ་ཚོགས་པ། །སེམས་རྡོ་རྗེ་ལས་རྣམ་གྲོལ་བའི། །ལྷ་གཞན་གྲུབ་པ་མ་ཡིན་ནོ། །སེམས་ཀྱི་བྱང་ཆུབ་རྙེད་བྱ་བ། །སེམས་ཀྱིས་འགྲོ་བ་ལྔར་འགྲོ་བ། །སེམས་ལས་མ་གཏོགས་ཁ་ཅིག་ནི། །བདེ་དང་སྡུག་བསྔལ་མཚན་ཉིད་མེད། །ཅེས་འབྱུང་ངོ༌། །ཀུན་རྫོབ་ནི་བཏགས་པའི་ཚུལ་དུ་སོ་སོར་སྣང་བ་སྟེ་དངོས་པོའི་ཚིགས་སོ། །དོད་ན་དམ་པ་ནི་དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་མཚན་ཉིད་དེ་སྟོང་པ་ཉིད་དོ། །རྣམ་པར་རྟོག་པ་གཞན་མེད་པ། །རྣམ་པར་རྟོག་པ་ཀུན་རྫོབ་བཤད། །རྣམ་པར་རྟོག་པ་ལྡོག་པ་ཡིན། །དོན་དམ་པ་ནི་དེ་ཉིད་ཡིན། །ཞེས་བཤད་དོ། །ཀུན་རྫོབ་དང་ནི་དོན་དམ་པ་དེ་དག་ཕན་ཚུན་མེད་པར་མི་འབྱུང་བས་འཇུག་པ་ཡིན་ཏེ། །འཕགས་པ་བརྒྱད་སྟོང་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ལས། ཇི་སྐད་དུ། རབ་འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་པ་ཉིད་དང༌། གཟུགས་ཀྱང་སྟོང་པ་ཉིད་དང༌། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་ཐ་དད་པ་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་ཐ་དད་པ་མ་ཡིན་ཏེ། །གཉིས་སུ་མེད་པ་རྣམ་པ་གཉིས་མེད་པ་བཅད་དུ་མེད་པ་ཞེས་འབྱུང་ངོ༌། །ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང༌། །མེད་པར་མི་འབྱུང་ངེས་པ་ནི། །བྱས་དང་མི་རྟག་པ་བཞིན་ནོ། །ཞེས་འབྱུང་ངོ༌། །ཀུན་རྫོབ་དང་དོན་དམ་པ་དེ་དག་སེམས་གང་ལ་དབྱེར་མེད་པར་སྣང་བ་དེ་གཉིས་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོས་མཛེས་པ་ཞེས་བསྟན་ཏེ། རྣམ་པར་རྟོག་པ་གཉིས་ཀྱི་དྲི་མ་དང་བྲལ་བའི་ཕྱིར་རོ། །ཡང་ན་ཀུན་རྫོབ་ནི་ཡེ་ཤེས་ཀྱི་སྐུ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སོ། །དོན་དམ་པ་ནི་འོད་གསལ་བ་སྟེ། །མངོན་པར་བྱང་ཆུབ་ཀྱི་རིམ་པས་སོ། །དེ་དག་གཉིས་སུ་མེད་པའི་ཟུང་དུ་འཇུག་པའི་རིམ་པས་ཐོབ་པར་བྱ་བའི་རྡོ་རྗེའི་སྐུ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རང་བཞིན་ནོ། །དེ་ཉིད་མཛེས་པ་ནི་བསྐལ་པའམ་བསྐལ་པ་སྟོང་གི་བར་དུ་སེམས་ཅན་གྱི་དོན་མཛད་པ་ལ་བརྩོན་པས་སོ། །ཤེས་རབ་འདི་ནི་ཐིག་


DTG032_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། །ཞེས་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་སོ་སོར་རྟོག་པར་བྱེད་པའི་བདག་ཉིད་ཅན་གྱི་བློ་ནི་ཤེས་རབ་བོ། །དེ་ཉིད་ཐིག་བཏབ་པ་ཡིན་ཏེ་ཁམས་གསུམ་པ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གཉིས་སོ། །དེའི་རང་བཞིན་གྱིས་མཚོན་པས་སོ། །ཆད་པའི་ཕྱོགས་སྤང་བར་བྱ་བའི་དོན་དུ་ཐབས་ནི་དེའི་རྗེས་སུ་འཇུག་པ་ཞེས་སྨོས་ཏེ། འགྲོ་བ་མ་ལུས་པའི་དོན་བྱེད་པའི་སྙིང་རྗེ་ཆེན་པོ་ནི་ཐབས་སོ། །དེ་ལ་རྗེས་སུ་འཇུག་པ་ནི་ལྡང་བའོ། །ཤེས་རབ་ཅེས་བྱ་བ་ནི་ཐིག་གདབ་པ་ཡིན་ཏེ། ཤེས་རབ་དང་སྙིང་རྗེ་དག་གིས་སེམས་ཅན་གྱི་དོན་འགྲུབ་པའི་ཕྱིར་རོ། །ཆོས་དང་ལོངས་སྤྱོད་རྫོགས་པ་ཞེས་པ་ནི་སྐུ་གཉིས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་ཏེ་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་ལ་ཟག་པ་མེད་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རང་བཞིན་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཉིད་དོ། །དེ་ཉིད་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ཕྱིར་མཚན་དང་དཔེ་བྱེད་ཀྱིས་མཛེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཤེས་རབ་ཐབས་ཀྱི་ཐིག་གཅིག་གིས། །ཞེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་གཙོར་གྱུར་པའི་སེམས་ཀྱི་རྒྱུད་ཀྱིས་སོ། །ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་བྱ། །ཞེས་པ་ནི་དེའི་བག་ཆགས་དང་ལྡན་པའི་སེམས་ཀྱི་རྒྱུད་བྱ་བ་གང་ཡིན་པ་དེ་ནི་ཐིག་བཏབ་པ་ཞེས་བྱའོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་པ། །ཞེས་པ་ནི་འདི་ལྟ་སྟེ། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་བ་དང༌། ཤི་བའོ། །དེ་རྣམས་ལས་དང་པོ་དང་བརྒྱད་པ་དང་དགུ་བ་ནི་ཉོན་མོངས་པའོ། །གཉིས་པ་དང་བཅུ་པ་ནི་ལས་སོ། །ལྷག་མ་བདུན་ནི་སྡུག་བསྔལ་ལོ། །གསུམ་པོ་དེ་དག་གིས་བསྡུས་པའི་ཡན་ལག་བཅུ་གཉིས་ཀྱིས་འགྲོ་བ་འདི་ཉིད་ཡོངས་སུ་འཁོར་ཏེ་འཁྲུལ་འཁོར་བཞིན་ནོ། །དེ་ལ་དབང་ཕྱུག་ལ་སོགས་པ་བྱེད་པ་པོ་ཁ་ཅིག་ཡོད་པ་མ་ཡིན་ཏེ། གང་གིས་འདི་སྤྲུལ་པར་བྱ་བ་ཡིན། ཡན་ལག་བཅུ་གཉིས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་གྱི་སྲིད་པ་འཁོར་ལོ་འདི་མཐོང་བ་དང༌། བསྒོམ་པའི་ལམ་གང་གིས་སྦྱང་བར་བྱ་བ་དེ་ནི་སེམས་ཉིད་ཁྲུ་བཅུ་གཉིས་པའི་དཀྱིལ་འཁོར་ཞེས་


DTG032_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བདེན་པ་ནི་བཞི་སྟེ། སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མོ། །དེ་ལ་འཕགས་པ་རྣམས་ཀྱི་བདེན་པ་གཉིས་དང༌། འཕགས་པ་རང་གི་བདེན་པ་གཉིས་སོ། །དེ་ལ་སྡུག་བསྔལ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ་འབྲས་བུའོ། །ཀུན་འབྱུང་ནི་མ་རིག་པ་དང་སྲིད་པ་སྟེ་རྒྱུའོ། །འགོག་པ་ནི་ཉོན་མོངས་པ་དང་བྲལ་བའི་མཚན་ཉིད་དོ། །ལམ་ནི་རྣམ་པ་ལྔ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དབྱེ་བས་སོ། །དེ་རྣམ་པར་དག་པར་བྱེད་པ་སེམས་ཉིད་ནི་བཞི་ཞེས་བྱ་བའི་དོན་ཏོ། །ཚངས་པའི་གནས་བཞི་ཞེས་པ་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་སོ། །དེ་ལ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་བསམ་པ་གང་ཡིན་པ་དེ་ནི་བྱམས་པ་སྟེ། རྣམ་པར་སྣང་བ་དང་ཁྲོ་བ་ལ་སོགས་པ་ལྡོག་པར་བྱེད་པའི་ལས་ཅན་ནོ། །སྡུག་བསྔལ་དང་ལྡན་པའི་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་བསམ་པ་ནི་སྙིང་རྗེའོ། །བསོད་ནམས་ཅན་གྱི་སེམས་ཅན་རྣམས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བའི་བསམ་པ་གང་ཡིན་པ་དེ་ནི་དགའ་བའོ། །བསོད་ནམས་མེད་པའི་སེམས་ཅན་རྣམས་ལ་ཁྲོད་ཁྲོ་བ་དང་རྗེས་སུ་ཆགས་པ་དང་བྲལ་བའི་བསམ་པ་གང་ཡིན་པ་དེ་ནི་བཏང་སྙོམས་སོ། །དེ་རྣམ་པར་དག་པའི་རྣལ་འབྱོར་པའི་སེམས་ཉིད་གྲྭ་བཞི་ཡིན་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་བདེ་བ་དང་སྡུག་བསྔལ་བ་དང་བསོད་ནམས་དང་བསོད་ནམས་མེད་པའི་ཡུལ་ཅན་བསྒོམ་པས་སེམས་དག་པར་འགྱུར་རོ་ཞེས་འབྱུང་བ་དང༌། དེ་བཞིན་དུ། བསམ་གཏན་ཚད་མེད་གཟུགས་མེད་པས། །ཚངས་པ་ལ་སོགས་བདེ་ཐོབ་འགྱུར། །ཞེས་འབྱུང་ངོ༌། །བསྡུ་བའི་དངོས་པོ་གྲངས་ནི་བཞི་སྟེ། སྦྱིན་པ་དང༌། ཚིག་སྙན་པ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པའོ། །ཡན་ལག་བཞི་པོ་དེ་དག་གི་རྣལ་འབྱོར་པས་སེམས་ཅན་རྣམས་བསྡུ་བར་འགྱུར་རོ། །ལོངས་སྤྱོད་འདོད་པ་ལ་ནི་སྦྱིན་པས་བསྡུས་སོ། །ང་རྒྱལ་དང་ལྡན་པ་དང་ཞེ་སྡང་དང་བཅས་པ་ལ་ནི་ཚིག་སྙན་པས་སོ། །གཏི་མུག་དང་ལྡན་པ་ལ་ནི་དོན་སྤྱོད་པས་སོ། །དེ་དག་ཐམས་ཅད་ལ་ནི་དོན་མཐུན་པས་སོ། །རྣམ་པར་དག་པ་དེ་ཉིད་ཀྱིས་རྣལ་འབྱོར་པའི་


DTG032_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་ནི་སྒོ་བཞི་ཡིན་ཏེ། གང་གི་ཕྱིར་སྒོ་ནས་ཇི་ལྟར་སྲོག་ཆགས་རྣམས་ཁང་པ་ལ་སོགས་པ་ལ་འཇུག་པ་དེ་བཞིན་དུ་བསྡུ་བའི་དངོས་པོའི་སྒོ་ནས་ཐར་པའི་གྲོང་ཁྱེར་ལ་སེམས་ཅན་རྣམས་འཇུག་པ་ལ་འཇུག་གོ །རེ་རེ་ནི་བསྡུ་བའི་དངོས་པོ་རེ་རེའི་གྲངས་ཀྱིས་བཞིའི་མིང་ཅན་ནི་སྒོ་བཞི་པོའི་མིང་གི་ཐ་སྙད་དུ་བྱའོ། །ཆོས་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཉིད་དོན་ནི་དོན་དམ་པའི་བདེན་པའོ། །དེ་དག་དབྱེར་མེད་པ་སྟེ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་སྒོ་ནས་བརྡ་སྟེ་མིང་ཅན་ནོ། །འཁོར་ལོའི་ནང་གི་དཀྱིལ་འཁོར་རོ་ཞེས་པ་ནི་སྙིང་པོའི་དཀྱིལ་འཁོར་ཞེས་པ་སྟེ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ངོ་བོ་རྡོ་རྗེ་འཆང་ཆེན་པོའི་དེ་ཁོ་ན་ཉིད་ནི་ནང་གི་དཀྱིལ་འཁོར་གྱི་རྣམ་པ་སོ་སོར་སྣང་བ་སྟེ་སེམས་ཉིད་ཅེས་བྱ་བའི་དོན་ཏོ། །མི་བྱེད་ཡེ་ཤེས་མཚན་མ་སྟེ། །ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །རྡོ་རྗེ་ཨིནྡྲ་ནཱི་ལ་རྒྱ། །ཞེས་པ་ལ་དབུས་སུ་མི་བསྐྱོད་པའི་ཕྱག་རྒྱ་གང་ཡིན་པ་དེ་ནི་སེམས་ཉིད་དོ་ཞེས་བྱ་བའི་དོན་ཏེ།། མི་ཕྱེད་པའི་རང་བཞིན་ཡེ་ཤེས་དེ་ཉིད་སེམས་ཏེ་དེའི་རྣམ་པ་ལྔ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། རྣམ་པ་ལྔ་ཡི་དབྱེ་བར་བཤད། །ཅེས་སྨོས་ཏེ་སེམས་ཉིད་གང་ཡིན་པ་དེ་ཉིད་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ཏེ་དྲི་མ་རྣམས་གློ་བུར་བ་ཡིན་པའི་ཕྱིར་རོ། །ཆུ་ཁམས་གསེར་དང་ནམ་མཁའ་ནི། །དག་པ་བཞིན་དུ་དག་པར་འདོད། །ཅེས་འབྱུང་ངོ༌། །ཡེ་ཤེས་ལྔ་ནི་ཀུན་གཞི་ལ་སོགས་པ་རྣམ་པར་ཤེས་པ་ལྔའི་གཉེན་པོའི་ཕྱོགས་ཡིན་པས་རྩེ་མོ་འཁོར་བ་འཇིགས་བྱེད་པའོ། །ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པའོ། །ཞེས་འབྱུང་ངོ༌།། རྒྱུད་ཕྱི་མ་ལས་ཀྱང༌། །སྤང་བྱ་ལྔ་དང་རིག་པ་ལྔ། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་འབྱུང་ངོ༌། །ཤར་ནས་ཞེས་བྱ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་མཚན་མ་འབར་བ་དང་བཅས་པའི་འཁོར་ལོ་གང་ཡིན་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དུ་ཤེས་པར་བྱ་སྟེ། དེ་བས་ན་རྣལ་འབྱོར་པའི་སེམས་ལ་བསྒོམ་པའི་དུས་སུ་ས་དང་པོར་མཐོང་བའི་ལམ་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་འབྱུང་བར་འགྱུར་རོ། །དེ་བས་ན་ཕྱི་རོལ་དུ་ཡང་ཤར་ཕྱོགས་སུ་དེ་ཉིད་རྣམ་པར་དགོད་པར་བྱའོ། །དེ་བཞིན་དུ་ལྷོ་རུ་ཞེས་བྱ་བ་ལ་སོགས་པས་ལྷོ་ཕྱོགས་སུ་ཡིད་བཞིན་ནོར་བུ་རིན་ཆེན་གང་


DTG032_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ་སེམས་ཉིད་དུ་རྟོགས་པར་བྱའོ། །བསྒོམ་པའི་ལམ་གྱི་ས་གཉིས་པ་དང་གསུམ་པ་དང་བཞི་པ་ལ་དེ་ཉིད་ཁམས་གསུམ་པ་དང་དབྱེར་མེད་པའི་སྣང་བས་སོ། །དེ་བས་ན་རིན་ཐང་མེད་པ་དང༌། དཀོན་པས་ན་དེ་ཉིད་རིན་པོ་ཆེ་ཞེས་བྱའོ། །ནུབ་ཏུ་ཞེས་བྱ་བ་ལ་སོགས་པས་ནུབ་ཀྱི་ཕྱོགས་སུ་ངག་གི་དབང་ཕྱུག་གི་མཚན་མ་པདྨ་གང་ཡིན་པ་དེ་ནི་ཀུན་དུ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སེམས་ཉིད་དུ་ཤེས་པར་བྱ་བ་སྟེ། ས་ལྔ་པ་དང་དྲུག་པ་དང་བདུན་པ་ལ་ཁམས་གསུམ་ཡང་དག་པར་སོ་སོར་རྟོག་པའི་བདག་ཉིད་དུ་སྐྱེས་པའི་ཕྱིར་རོ། །བྱང་དུ་ཞེས་བྱ་བ་ལ་སོགས་པས་བྱང་ཕྱོགས་སུ་རལ་གྲི་གང་ཡིན་པ་དེ་ནི་ཁམས་གསུམ་གྱི་ཡུལ་གྱི་རྣམ་པར་རྟོག་པ་གཅོད་པར་བྱེད་པས་ན་བྱ་བ་ནན་ཏན་གྲུབ་པའི་རང་བཞིན་གྱི་སེམས་ཉིད་དུ་ཤེས་པར་བྱ་སྟེ། ས་བརྒྱད་པ་དང་དགུ་པ་དང༌། །བཅུ་པ་ལ་ཀུན་གཞི་གནས་སུ་གྱུར་པ་དང༌། ལས་ཀྱི་དབང་དང་ཡེ་ཤེས་ཀྱི་དབང་གིས་རང་བཞིན་དེ་སྐྱེས་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་ཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་གྱི་དོན་མཛད་ཀྱང༌། སེམས་ཅན་རྣམས་ནི་མི་དམིགས་ཏེ། །སྐྱེས་བུ་ཡིད་བཞིན་ནོར་བུ་བཞིན། །དེ་ཡི་ཕྲད་པ་ཙམ་གྱིས་ནི། །རྩིག་པ་ལ་སོགས་རྣམས་ལས་ཀྱང༌། །ཇི་བཞིན་བསྟན་པ་རྣམས་འབྱུང་ངོ༌། །ཞེས་འབྱུང་ངོ༌། །ཤར་ལྷོ་ཞེས་བྱ་བ་ལ་སོགས་པ་ལ་མེའི་མཚམས་སུ་སངས་རྒྱས་སྤྱན་མའི་མཚན་མ་མིག་གང་ཡིན་པ་དེ་ནི་དགའ་བ་དང་སྦྱོར་བའི་འདོད་པ་མཐོང་བའི་རང་བཞིན་ཚངས་པའི་གནས་བྱམས་པ་ཞེས་བྱ་བའི་ངོ་བོ་རང་གི་སེམས་ཉིད་དུ་ཤེས་པར་བྱའོ། །ལྷོ་ནུབ་ཅེས་བྱ་བ་ལ་སོགས་པ་ནི་བདེན་བྲལ་གྱི་མཚམས་སུ་མཱ་མ་ཀཱིའི་མཚན་མ་རྡོ་རྗེ་གང་ཡིན་པ་དེ་ནི་སྡུག་བསྔལ་བ་དང་བྲལ་བར་འདོད་པའི་མཚན་ཉིད་ཚངས་པའི་གནས་སྙིང་རྗེ་ཞེས་བྱ་བའི་རང་བཞིན་རྣལ་འབྱོར་པའི་སེམས་ཉིད་དུ་ཤེས་པར་བྱ་སྟེ། སྡུག་བསྔལ་གྱི་ངོ་བོ་རྣམས་གཞོམ་པའི་ཕྱིར་རོ། །ནུབ་བྱང་ཞེས་བྱ་བ་ལ་སོགས་པ་ནི་རླུང་གི་མཚམས་སུ་གོས་དཀར་མོའི་མཚན་མ་པདྨ་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་སྤྱོད་པ་རྗེས་སུ་ཡི་རང་བའི་མཚན་ཉིད་


DTG032_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་གནས་དགའ་བ་ཞེས་བྱ་བའི་ངོ་བོ་སེམས་ཉིད་དུ་ཤེས་པར་བྱ་སྟེ། པདྨ་ཁ་ཕྱེ་བ་ནི་དགའ་བ་དང་ལྡན་པའི་བདེ་བ་རྒྱས་པར་འགྱུར་བའི་ཕྱིར་རོ། །བྱང་ཤར་ཞེས་བྱ་བ་ལ་སོགས་པ་ནི་དབང་ལྡན་གྱི་མཚམས་སུ་བཅོམ་ལྡན་འདས་མ་སྒྲོལ་མའི་མཚན་མ་ཨུཏྤལ་སྔོན་པོ་གང་ཡིན་པ་དེ་ནི་དགེ་བ་དང་མི་དགེ་བའི་དྲི་མ་གཉིས་དང་བྲལ་བ་བཏང་སྙོམས་ཀྱི་ངོ་བོའི་སེམས་ཉིད་དེ། ཨུཏྤལ་བཞིན་དུ་འདམ་ལས་བྱུང་ན་ཡང་དེའི་སྐྱོན་གྱིས་མི་གོས་པའི་ཕྱིར་རོ། །དེ་བཞིན་དུ་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞི་དོན་དང་ལྡན་པའི་མིང་ཅན་སྔར་བཤད་པ་གང་ཡིན་པ་དེ་དག་ཤར་ལ་སོགས་པའི་སྒོ་བཞི་ལ་གནས་པ་འཕགས་པ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་བཞིའི་མཚན་མ་ཐོབ་ལ་སོགས་པ་བཞིའི་རང་བཞིན་གྱི་སེམས་ཉིད་དུ་ཤེས་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་བཞིན་ཤར་སྒོར་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཕྱག་རྒྱ་དགོད་པའི་མཚན་ཉིད་ནི་ཕྱི་རོལ་གྱི་མཚན་མའི་ཕྱག་རྒྱ་དགོད་པའི་དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ། །ལེགས་པར་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཉེ་བར་སྡུད་པར་བསྟན་ཏོ། །ལེགས་པར་བཤད་པ་ནི་ཇི་ལྟ་བ་བཞིན་དུ་གསལ་བར་བཤད་པའོ། །ཇི་ལྟ་བའི་དབྱིབས་ཀྱིས་མཆོད་པ་ཞེས་པ་ནི་དེ་དང་འདྲ་བའི་རང་གི་སེམས་ཉིད་དོ། །རྣམ་གསུམ་བསྒོམས་པས་གྱུར་པ་ཡིན། །ཞེས་པ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་མཆོད་པས་མཆོད་པར་བྱེད་དེ་འོད་གསལ་བ་ལ་འཇུག་གོ །དེ་ཉིད་རྣམ་པ་གསུམ་གྱི་མཆོད་པ་ཡིན་ཏེ། །མཆོད་པའི་འབྲས་བུ་ཡིན་པས་སོ། །དང་པོར་ཆེན་པོ་ཞེས་པ་ནི་མཆོད་པའི་ཁྱད་པར་རོ། །དེས་ན་སེམས་རྣམ་པར་དག་པའི་མཚན་ཉིད་ཀྱི་མཆོད་པ་ནི་མཆོད་པ་ཆེན་པོ་ཞེས་བྱའོ། །དེ་ཡི་བརྟུལ་ཞུགས་མི་བཤད་དེ། །བགྲང་ཕྲེང་མ་ཡིན་བཟླས་པ་མིན། །འཛིན་པ་དང་ནི་སྦྱིན་སྲེག་ལས། །གཞན་དག་ཀྱང་ནི་འཇུག་པ་མིན། །ཞེས་འབྱུང་ངོ་། །ཕྱག་རྒྱའི་དཀྱིལ་འཁོར་ཡིན་པར་བཤད། །ཅེས་བྱ་བ་ལས། ཕྱག་རྒྱ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ་ཆོས་ཉིད་ཅེས་བྱའོ། །དེ་ཉིད་སྙིང་པོའི་དོན་ལེན་པས་ན་དཀྱིལ་འཁོར་ཞེས་བཤད་དོ། །ནང་ལ་སོགས་པའི་དབྱེ་བ་ཡིན། །ཞེས་པ་ནི་སྣང་བ་དང་སྣང་བ་མཆེད་པ་དང་


DTG032_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཉེ་བར་ཐོབ་པ་དང་ཞི་བ་དང་སྟོང་པ་དང་ཤིན་དུ་སྟོང་པ་དང་ཆེན་པོ་སྟོང་པ་དང་ཐམས་ཅད་སྟོང་པ་དང་ཤེས་རབ་དང་ཐབས་དང་མ་རིག་པ་དང་འོད་གསལ་བ་དང༌། ཉིན་མོ་དང་མཚན་མོ་དང་དུས་མཚམས་དང་དེ་དང་ལྡན་པའི་མཚན་ཉིད་དེ་སྐད་ཅིག་མ་བཅུ་དྲུག་གོ །སྟོང་པ་ཉིད་བཅུ་དྲུག་ཅེས་ཟེར་རོ། །དེའི་གྲངས་ཀྱིས་ལོ་བཅུ་དྲུག་ལོན་པའི་སེམས་ཉིད་དེ་ཤེས་རབ་བསྟན་ཏོ། །མ་སྐྱེས་པ་ཡི་ཞི་བ་གང༌། །ཞེས་པ་ནི་གཟོད་མ་ནས་མ་སྐྱེས་པའི་དེ་ཁོ་ན་ཉིད་ནི་ཆོས་ཉིད་དོ། །སྤྲོས་པ་ཐམས་ཅད་དང་བྲལ་བས་ན་ཞི་བའོ། །རྐྱེན་གཞན་མེད་པ་ཞི་བ་ནི། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ཐ་དད་མ་ཡིན་དུ་མ་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་སོ། །བུད་མེད་ཅེས་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བཤད་དོ། །ཞི་བའི་ཆོས་དང་རྗེས་ལྡན་པ། །ཞེས་པ་ནི་འོད་གསལ་བ་ལ་འཇུག་པའི་སེམས་ཙམ་དེ་ཉིད་ཀྱི་ཞི་བའི་ཆོས་དང་རྗེས་སུ་འགྲོ་བའི་ཡོན་ཏན་གང་ཡིན་བ་དེ་ནི་མདངས་བཟང་འོད་ཡིན་པར་བཤད་དོ། །རྟེན་འབྲེལ་བག་ཆགས་དྲི་ཡིན་ཏེ། །ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ཉིད་རྟེན་ཅིང་འབྲེལ་པ་བཅོམ་པའི་མཚན་ཉིད་ཀྱི་བག་ཆགས་ཏེ་དང་རིག་པའི་ཆོས་གང་ཡིན་པ་དེ་ནི་སེམས་ཀྱི་རྒྱུད་དགའ་བར་བྱེད་པས་ན་དྲི་ཞེས་བྱའོ། །ཉོན་མོངས་པ་ལས་རྣམ་གྲོལ་བའི། །སྣང་བ་གསུམ་དང་བྲལ་བའོ། །ཞེས་འབྱུང་བས་སོ། །ཡེ་ཤེས་ཁ་ཕྱེ་མེ་ཏོག་གོ །ཞེས་པ་ནི། དེ་ལྟར་གྱུར་པའི་འོད་གསལ་བའི་ཡེ་ཤེས་ལས་ཁ་ཕྱེ་བ་ནི་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་ཡེ་ཤེས་ཏེ་སྐུ་བསྐྱེད་པ་གང་ཡིན་པ་དེ་ནི་འགྲོ་བ་མ་ལུས་པའི་རེ་བ་ཡོངས་སུ་རྫོགས་པར་བྱེད་པས་དགའ་བ་བསྐྱེད་པས་ན་མེ་ཏོག་ཅེས་བྱའོ། །དེ་དང་འདྲ་བའི་དྲི་དང་མེ་ཏོག་དག་གིས་བརྒྱན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བུད་མེད་ཅེས་བྱའོ། །དངོས་པོ་མེད་པ་རིགས་ཡིན་ཏེ། །ཞེས་པ་ནི་དེ་ཉིད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་ཟད་པ་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མེད་པའི་རིགས་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ནི་འོད་གསལ་བ་ལས་བྱུང་བའི་ཕྱིར་རོ། །ཇི་ལྟར་ཆུ་བོ་དང་བ་ལས། །ཉ་དག་མྱུར་བར་ལྡང་བ་ལྟར། །ཐམས་ཅད་སྟོང་པ་དང་བ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་


DTG032_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་འབྱུང་ངོ༌། །དེ་བཞིན་དུ། །འོད་གསལ་དག་པ་དེ་ཉིད་ལས། །ཡེ་ཤེས་གསུམ་ནི་ཡང་དག་འབྱུང༌། །ཞེས་འབྱུང་ངོ༌། །ཆོས་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི། །སྔར་བཤད་པའི་མཚན་ཉིད་ཅན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་འོད་གསལ་གྱི་རང་བཞིན་བུད་མེད་དེ། ས་བཅུ་གཉིས་པ་ལ་ཤེས་རབ་མཉམ་པར་བྱ་བ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་མཉེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ནི་སྔགས་ཀྱི་མཚན་ཉིད་དང་ཕྱག་རྒྱའི་མཚན་ཉིད་དང་ལྡན་པའི་ཤེས་རབ་ཀྱིས་སོ། །སྒྱུ་མ་ཐམས་ཅད་རྣམས་ཀྱིས་ནི། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །དེ་ལས་གསལ་བར་མཚོན་པར་བྱེད། །ཅེས་འབྱུང་ངོ༌། །སེམས་རྣམ་པར་དག་པའི་རིམ་པས་འོད་གསལ་བའི་རང་བཞིན་གྱི་ཤེས་རབ་མཱ་མ་ཀཱིའི་མིང་གིས་ཐ་སྙད་བྱ་བའི་ཕྱིར། ནང་ན་མ་ཡིན་ཕྱི་ན་མིན། །ཞེས་སྨོས་ཏེ། ནང་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སོ། །ཕྱི་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །གཉིས་ཀ་ནི་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་དག་གོ །རྣམ་པར་རྟོག་པ་དེ་དག་གསུམ་སྤངས་པས་གནས་མེད་པའི་འོད་གསལ་བའོ། །དེ་ལ་གནས་པའི་རྣལ་འབྱོར་ནི་འཇུག་པའི་མཚན་ཉིད་ཀྱི་འབྲེལ་པ་གང་ཡིན་པ་དེ་ནི་མཱ་མ་ཀཱི་ཞེས་བྱའོ། །མཱ་མའི་སྒྲས་ནི་དགག་པ་གཉིས་རྗོད་པར་བྱེད་པ་དང༌། ཀཱིའི་སྒྲས་ཀྱང་ཕུར་བུས་གདབ་པ་བཞིན་དུ་དགག་པ་ཉིད་བསྟན་པའི་ཕྱིར་རོ། །དེའི་ངོ་བོ་ཉིད་གཅིག་པ་ཞེས་པ་ནི་འོད་གསལ་བའི་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །གཅིག་ནི་གཉིས་སུ་མེད་པ་སྟེ་རྣལ་འབྱོར་ལ་འཇུག་པ་གང་ཡིན་པ་དེ་ནི་བྱིན་གྱིས་བརླབ་པ་ཞེས་བྱའོ། །ནམ་མཁའ་དང་ནི་གཅིག་ཏུ་གནས། །ཞེས་པ་དེ་ནི་ནམ་མཁའི་དབྱིངས་དང་འདྲ་བ་མི་གོས་པ་དེ་ཁོ་ན་ཉིད་དོ། །སྤྲོས་པ་མེད་པས་ནི་ཞི་བའོ། །སངས་རྒྱས་ཐམས་ཅད་སྐྱེད་པའི་རྒྱུར་གྱུར་པས་ན་སངས་རྒྱས་ཀྱི་གནས་སོ། །འགྱུར་ནི་བསྒོམ་པར་བྱའོ། །གང་གཱའི་བྱེ་མ་དང་མཚུངས་པའི། །འདི་ཉིད་ལས་ནི་སངས་རྒྱས་འགྱུར། །ཞེས་འབྱུང་ངོ༌། །དེ་བས་ན་འོད་གསལ་བའི་དེ་ཁོ་ན་ཉིད་ལ་འཇུག་པའི་ཕྱིར་རོ། །ཡུལ་དུ་རྣམ་བརྟགས་པ་ཞེས་པ་ནི་མིག་ལ་སོགས་པས་ལོངས་སྤྱོད་པ་གཟུགས་ལ་


DTG032_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་བསྟན་ཏོ། །སྡུད་པ་དག་ནི་བཤད་པ་ཡིན། །ཞེས་པ་མིག་ལ་སོགས་པའི་དབང་པོ་ལ་འཇུག་པས་ན་དེ་ཁོ་ན་ཞེས་བྱའོ། །ཡེ་ཤེས་དབང་པོ་སྟོང་པ་གཅི། །ཞེས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དྲུག་དང༌། དེ་བཞིན་དུ་མིག་ལ་སོགས་པའི་དབང་པོ་དྲུག་གང་ཡིན་པ་དེ་རྣམས་ཀྱི་སྟོང་པ་ནི་འོད་གསལ་བའི་ཆོས་ཉིད་གཅི་བ་ཡིན་ཏེ་ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་རོ། །རྣམ་པ་དག་ཆོས་ནི་ཞེས་པ་ནི་རང་བཞིན་བརྒྱ་དྲུག་ཅུའི་ཚོགས་སྤོང་བར་བྱེད་པའི་མཚན་ཉིད་དོ། །དེ་ཉིད་སྲིད་པ་ལ་འཁོར་བའི་མཚན་ཉིད་ཀྱི་མྱ་ངན་གཅོད་པས་ན་ཁུ་བ་ཞེས་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་འོད་གསལ་བ་ལ་རྟོགས་པའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །སེམས་ཅན་གྱི་དོན་གྱི་བྱ་བ་ལ་རྗེས་སུ་ཆགས་པས་དེ་ཉིད་ཁྲག་ཅེས་བྱའོ། །གང་ཞིག་ཆོས་རྣམས་ཡོངས་སུ་བརྟགས་པ། །ཞེས་པ་ནི་ཕྱི་དང་ནང་གི་ཆོས་ཏེ་བདུད་རྩི་ལྔ་ལ་སོགས་པས་བརྡ་རུ་བྱས་པས་དབང་པོ་ལ་སོགས་པའོ། །དེ་ཉིད་ལྷ་རྣམས་ཞེས་པ་ནི་ཆོས་ཉིད་ལ་འཇུག་པའི་ཕྱིར་རོ། །དངོས་པོ་མེད་པ་ནི་སེམས་རྣམ་པར་དག་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་སྔར་བཤད་པའི་དེ་རྣམས་དབུལ་པ་ནི་འཇུག་པར་བྱའོ། །དེ་ནི་བདུད་རྩི་ལྔ་འབུལ་བ། །ཞེས་བཤད་དོ། །དེ་བྱས་ཞེས་བྱ་བ་ལ་སོགས་པ་ནི་འདིར་སངས་རྒྱས་དང་རྒྱལ་སྲས་ནི་ཕུང་པོ་ལ་སོགས་པའོ། །ཁྱད་པར་དུ་ཞེས་པ་ནི་ཐེ་ཚོམ་མེད་པས་སོ། །མཉེས་པར་གྱུར་པ་ཞེས་པ་ནི་འོད་གསལ་བ་ཉིད་དུ་འགྱུར་རོ། །གང་ཡང་ཞེས་བྱ་བ་ལ་སོགས་པས་ཕྱིའི་དཀྱིལ་འཁོར་ལ་མངོན་པར་ཞེན་པའི་ལྟ་བ་གང་ཡིན་པ་དེ་རྣམས་ཀྱིས་དེ་སྤང་པར་བྱ་བའི་ཕྱིར་དེ་ལྟར་སེམས་ཀྱི་ངོ་བོའི་མཚན་ཉིད་བསྟན་ཏེ། བཤད་པའི་རྒྱུད་ལས་བཅོམ་ལྡན་འདས་ཀྱི་གསུངས་སོ་ཞེས་ཚིག་གི་ལྷག་མ་བསྟན་ཏོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །དེ་ལྟར་བྲི་བའི་དཀྱིལ་འཁོར་ལ་སོགས་པ་བསྟན་པས་ཞེས་སྨོས་ཏེ། ཕྱིའི་དཀྱིལ་འཁོར་བྲི་བ་དང་མཆོད་པ་ལ་སོགས་པའི་རིམ་པས་སོ། །ཡོངས་སུ་དག་པའི་ལྷའི་ངོ་བོ་ཉིད་རབ་ཏུ་གནས་པ་ཡིན་ཏེ་ཞེས་པ་ནི་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པ་དག་གིས་ཐོབ་པར་བྱེད་པ་ཡིད་ཀྱི་རང་བཞིན་གྱི་སྐུ་བསྟན་ཏོ། །ངེས་པའི་དོན་ཏོ་ཞེས་


DTG032_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་གཉིས་བསྟན་པའི་ཕྱིར་རོ། །ཐུགས་རྡོ་རྗེ་ཞེས་པ་ནི་ཐུགས་རྡོ་རྗེ་བདག་པོ་ཉིད་དུ་འཇུག་པ་འདྲི་བའི་དཀྱིལ་འཁོར་ཞེས་བྱ་བའི་ཐ་ཚིག་གོ །དཀྱིལ་ནི་སྙིང་པོ་སྟེ་ཞེས་པ་ནི་རྟོག་པ་དང་བཅས་པའི་རྡུལ་ཚོན་ལ་སོགས་པ་ཉིད་དུ་སྣང་བའོ། །ཀུན་རྫོབ་ཀྱི་བདེན་པའོ་ཞེས་པ་ནི་གཞིའི་དཀྱིལ་འཁོར་ཞེས་པའི་དོན་ཏོ། །དེ་ལེན་ཅིང་འཛིན་པས་ན་དཀྱིལ་འཁོར་ཏེ་ཞེས་པ་ནི་བྱིན་གྱིས་རློབ་པར་བྱེད་པ་གང་ཡིན་པ་དེ་ནི་ལྷའི་འཁོར་ལོའི་བདག་ཉིད་ཀྱི་རྟེན་པའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དྲང་བའི་དོན་ཏོ་ཞེས་པ་ནི་རྟེན་དང་བརྟེན་པའི་རང་བཞིན་གྱི་དཀྱིལ་འཁོར་སོ་སོར་བསྟན་པས་སོ། །དཀྱིལ་འཁོར་ནི་སྙིང་པོ་དེ་དོན་དམ་པའི་བདེན་པའོ་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པ་ཐོབ་པར་བྱ་བའི་དེ་ཁོ་ན་ཉིད་བཞི་པའོ། །དེ་ལེན་ཅིང་འཛིན་པ་ན་དཀྱིལ་འཁོར་དེ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དུ་གྱུར་པའི་དོན་དམ་པའི་བདེན་པ་ལེན་པར་བྱེད་པ་ཏིང་ངེ་འཛིན་གྱིས་ཐོབ་པར་བྱེད་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །ལུང་གི་ཚད་མ་ཉིད་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །བཤད་པའི་རྒྱུད་ཅེས་བྱ་བ་ནི་རྡོ་རྗེ་ཕྲེང་བ་ལས་སོ། །ཡན་ལག་ཀུན་བསྒོམ་ལས་འདས་ཤིང༌། །ཞེས་པ་ནི་དང་པོར་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་སྟེ་བསྒོམ་པའི་ཡན་ལག་ཀུན་ནོ། །དེ་ལས་འདས་པ་ནི་དེ་དང་བྲལ་བ་ཞེས་བྱའོ། །རྟོག་པ་ནི་འཇུག་པ་དང་གནས་པ་དང་ལྡང་བའི་མཚན་ཉིད་ཀྱི་རླུང་གི་སྤྱོད་པའོ། །རྟོག་མིན་ནི་སྣང་བ་གསུམ་དང་རང་བཞིན་རྣམ་པ་གསུམ་མོ། །དེ་དང་བྲལ་བ་རྣམ་པར་སྤངས་པ་ཞེས་པ་ནི་རང་བཞིན་སྣང་བ་རྣམ་པར་དག་པར་བྱེད་པའི་དེ་ཁོ་ན་ཉིད་ཀྱིས་དེ་རྣམས་སྤངས་པའོ་།གུག་སྐྱེད་ནི་ཨི་ལ་སོགས་པ་དབྱངས་བཅུ་དྲུག་གོ །ཐིག་ལེ་ནི་སྙིང་ག་ལ་དགོད་པའི་ཡུངས་ཀར་ཕྲ་མོའི་ཚད་ཙམ་མོ། །འདས་པ་ནི་དེ་དང་བྲལ་བའོ། །འདི་ནི་དཀྱིལ་འཁོར་ཞེས་པ་ནི་སྙིང་པོར་གྱུར་པའི་འོད་གསལ་བའི་དེ་ཁོ་ན་ཉིད་ཅེས་བྱ་སྟེ། ཐམས་ཅད་སྟོང་པ་འོད་གསལ་བ། །ཞེས་བཤད་པའི་ཕྱིར་རོ། །མཆོག་ཡིན་ནོ་ཞེས་པ་ནི་དོན་དམ་པའི་བདེན་པའི་རང་བཞིན་ཡིན་ནོ། །ངེས་པའི་དོན་ཏོ་


DTG032_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་སེམས་རྣམ་པར་དག་པས་འོད་གསལ་བའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །སྒྲོན་མ་གསལ་བར་བྱེད་པའི་ཊཱི་ཀཱ་ལས་ལེའུ་བཞི་པའོ།། །།


previousལེའུ་བཞི་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་རྒྱ་ཆེར་བཤད་པ།next