Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་གསུམ་པ།


  collapse section
   
   
   
   
   
   
ལེའུ་བཅུ་བཞི་པ། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བ་སྔགས་ཀྱིས་འགུགས་པ་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་རྒྱ་ཆེར་བཤད་པ།
   
   
   
   


 
previousལེའུ་བཅུ་བཞི་པ། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བ་སྔགས་ཀྱིས་འགུགས་པ་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་རྒྱ་ཆེར་བཤད་པ།next

ལེའུ་བཅུ་བཞི་པ། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བ་སྔགས་ཀྱིས་འགུགས་པ་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་རྒྱ་ཆེར་བཤད་པ།


DTG033_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ད་ན་ཞེས་བྱ་བ་ལ་སོགས་པས་ལེའུ་བཅུ་བཞི་པའི་བཤད་པ་བརྩམ་པར་བྱ་སྟེ། སྔགས་སྨྲ་བ་རྣམ་པ་བཞིན་ནི་ཞི་བ་ལ་སོགས་པའི་མཚན་ཉིད་དོ། །རྗེས་སུ་འབྲངས་ནས་ཞེས་པ་ནི་དེ་དང་རྗེས་སུ་མཐུན་པའི་སྔགས་འབྲངས་ནས་སོ། །གང་གི་ཕྱིར་སྦྲུལ་ལ་སོགས་པའི་སྔགས་རྣམས་ནི་ཞི་བ་ལ་སོགས་པའི་ལས་བྱེད་པ་ཡིན་ནོ་ཞེས་རྡོ་རྗེ་གཙུག་ཏོར་ལ་སོགས་པ་ལས་བསྟན་པས་སོ། །དེ་བསྟན་པར་བྱ་བའི་ཕྱིར་ཞེས་པ་ནི་སྔགས་ཀྱི་སྒོ་ནས་ཞི་བ་ལ་སོགས་པ་འགྲུབ་པའི་ཕྱིར་རོ། །དགོངས་པ་ནི་འདི་ཡིན་ཏེ་ལེའུ་བཅུ་གསུམ་པ་ནས་ལས་ཀྱི་ཚོགས་བསྟན་མོད་ཀྱི་འོན་ཀྱང་དེ་


DTG033_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྒོམ་པ་སྔོན་དུ་འགྲོ་བ་ཡིན་ནོ། །ལེའུ་བཅུ་བཞི་པ་ལས་སྔགས་དང་བསྒོམ་པ་དང་རྫས་ཀྱིས་དེ་རྣམས་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །གོ་རིམས་ཞེས་པ་ནི་རིམ་པའོ། །བཤད་པའི་རྒྱུད་ནི་རྡོ་རྗེ་ཕྲེང་བ་ལས་སོ། །ཞི་བ་དང་ནི་རྒྱས་པ་དག །ཟླ་བ་ཡར་གྱི་ངོ་ལ་བྱ། །ཞེས་བྱ་བ་ལ་སོགས་པ་ནི་ཞི་བ་ནི་ནད་ཀྱི་ཟིལ་གྱིས་ནོན་པ་ལ་ནད་དང་བྲལ་བའོ། །རྒྱས་པ་ནི་ནོར་མེད་པ་འམ་ནོར་ཆུང་བའི་འབྲུ་དང་གསེར་ལ་སོགས་པ་བྱེད་པའོ། །དེ་དག་ཡར་གྱི་ངོ་ལ་ཞེས་པ་ནི་རིམ་གྱིས་ཟླ་བ་འཕེལ་བའི་བདག་ཉིད་ཀྱི་དུས་སུ་བྱའོ། །ཟླ་བ་ནི་གདུང་བ་ཞི་པ་དང་འཕེལ་བར་འགྲོ་བས་སོ། །དབང་ནི་བསྟན་པ་ལ་མི་འཇུག་པ་འཇུག་པར་བྱེད་པའོ། །མངོན་སྤྱོད་ནི་སྙིང་རྗེས་གདུལ་དཀའ་གསོད་པའོ། །སོགས་པའི་སྒྲས་ནི་གཞན་དག་ཀྱང་རེངས་པ་དང་དགར་བ་དང་དགུག་པ་དང་སྡང་བ་ལ་སོགས་པ་དྲག་ཤུལ་གྱི་ལས་རྣམས་སོ། །མར་གྱི་དོ་ནི་གོ་རིམས་ཀྱིས་ཟླ་བ་ནུབ་པའི་དུས་སུ་བྱ་བ་སྟེ་འཁྲུལ་པ་བསྐྱེད་པའི་ཕྱིར་དང༌། རྨོངས་པར་བྱེད་པའི་ཕྱིར་དང༌། འཇིགས་པར་བྱེད་པ་སྟེ་དུས་ཀྱི་ངེས་པའོ། །བྱང་དུ་ཁ་བལྟས་ལ་ཞི་བ་བྱ་སྟེ། རྣམ་ཐོས་སྲས་ཀྱིས་ནད་བཅོམ་པར་བྱེད་པས་སོ། །ཤར་དུ་ཁ་བལྟ་བ་ནི་རྒྱས་པར་བྱ་སྟེ་བརྒྱ་བྱིན་གྱིས་དུས་ཐམས་ཅད་དུ་རྒྱས་པར་བྱེད་པའོ། །ལྷོ་ཕྱོགས་ནི་ལྷོ་ཕྱོགས་སུ་དྲག་པོའི་ལས་བྱས་ཏེ་གཤིན་རྗེས་ནི་འཇིག་རྟེན་པ་མཐར་བྱེད་པས་སོ། །དབང་དང་དགུག་པ་ནུབ་ཀྱི་ཕྱོགས་སུ་བྱ་སྟེ། ཆུ་ལྷས་ནི་སྦྲུལ་གྱི་ཞགས་པས་དགུག་ཅིང་དབང་བྱེད་པས་སོ། །མེའི་ཕྱོགས་ནི་ཤར་ལྷོའི་མཚམས་སུའོ། །གསོད་པ་ནི་སྲོག་དང་བྲལ་བར་བྱ་སྟེ་མེས་བསྲེག་པ་ཉིད་ཀྱིས་གསོད་པར་བྱེད་པས་སོ། །བདེན་བྲལ་ནི་ལྷོ་ནུབ་ཀྱི་མཚམས་སུའོ། །སྡང་བར་བྱ་བ་ནི་བྱམས་པ་གཉི་ག་ལ་དབྱེ་བར་བྱ་སྟེ། བདེན་བྲལ་ནི་ཞེ་སྡང་གི་རང་བཞིན་ཡིན་པས་སོ། །གནས་ལས་བསྐྲད་པ་ནི་དགར་བ་སྟེ་དེ་རླུང་གི་ཕྱོགས་སུ་ནི་ནུབ་བྱང་གི་མཚམས་སུ་བྱ་སྟེ། རླུང་ནི་གཡོ་བའི་ངོ་བོ་ཡིན་པས་སོ། །དེ་ནི་ཕྱོགས་དང་མཚམས་ཀྱི་དབྱེ་བའོ། །དེ་བཞིན་དུ་སྒོམ་པའི་གནས་སྐབས་སུ་ཞི་པའི་ལས་བྱེད་ན་ཁ་དོག་དཀར་པོའི་བདག་ཉིད་དུ་བསྒོམ་པར་བྱ་སྟེ། ཟླ་བའི་ཁ་དོག་ནི་ཚིམ་


DTG033_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་དང༌། ཚ་བ་ལ་སོགས་པ་ཞི་བར་བྱེད་པས་སོ། །རྒྱས་པའི་ལས་བྱེད་ན་ཁ་དོག་སེར་པོའི་བདག་ཉིད་བསྒོམ་པར་བྱ་སྟེ། གསེར་ནི་རྒྱས་པར་བྱེད་པས་སོ། །དབང་དང་འགུགས་པར་བྱེད་ན་ཁ་དོག་དམར་པོའི་བདག་ཉིད་བསྒོམ་པར་བྱ་སྟེ། པདྨ་ལ་སོགས་པས་སྙིང་འཕྲོག་པར་བྱེད་པའི་ཕྱིར་རོ། །གསོད་པའི་ལས་ལ་ཁ་དོག་ནག་པོ་བསྒོམ་པར་བྱ་སྟེ། མུན་པས་འཇིག་རྟེན་པ་ཐམས་ཅད་སྒྲིབ་པར་བྱེད་པས་སོ། །དེ་ནི་ཁ་དོག་གི་དབྱེ་བའོ། །བྱམས་པའི་བདེ་པ་དང་ལྡན་པ་ནི་འདོད་པའོ། །དེ་གཙོ་བོར་གྱུར་པའི་སེམས་ཀྱིས་ཞི་བའི་ལས་བྱ་སྟེ་གཞན་གྱི་སྡུག་བསྔལ་བཟློག་པའི་མཚན་ཉིད་ཡིན་པས་སོ། །དེ་བཞིན་དུ་དགའ་བའི་སེམས་ཀྱིས་རྒྱས་པའི་ལས་བྱ་སྟེ། དགའ་བས་ནི་གཞན་ལ་ཕུན་སུམ་ཚོགས་པའི་འདོད་པའི་བདག་ཉིད་ཡིན་པས་སོ། །དེ་བཞིན་དུ་ཆགས་པའི་སེམས་ཀྱིས་དབང་གི་ལས་བྱ་སྟེ། ཆགས་པ་དང་བཅས་པས་གཞན་ལ་དབང་བྱེད་པ་ཡིན་གྱི་ཆགས་པ་དང་བྲལ་བས་མ་ཡིན་པས་སོ། །དེ་བཞིན་དུ་ཁྲོ་བོའི་སེམས་ནི་ཞེ་སྡང་དང་ལྡན་པའི་ཡིད་ཀྱིས་གསོད་བའི་ལས་བྱ་སྟེ། ཁྲོས་པས་གཞན་གྱི་གནོད་པ་ལ་ནུས་པ་དང་ལྡན་པས་སོ། །དེས་ནི་སེམས་ཀྱི་སྐབས་ཀྱི་ཁྱད་པར་གྱི་དབྱེ་བ་བསྟན་ཏོ། །དེ་བཞིན་དུ་ནི་སྲོད་ནི་མཚམས་ཀྱི་དུས་སུ་ཞི་བའི་ལས་བྱ་སྟེ་ཉི་མ་ནུབ་ནས་ཟླ་བ་ཤར་བས་སོ། །གང་གི་ཕྱིར་ཟླ་བ་དང་ཉི་མ་ནི་ཞི་བ་དང་དྲག་པོ་སྟེ་དེ་དག་གི་རྗེས་སུ་མཐུན་པའི་ལས་བྱེད་པས་སོ། །སྔ་གྲོ་ནི་ནང་པར་དེ་ཐམས་ཅད་སད་པའི་དུས་སུ་རྒྱས་པའི་ལས་བྱ་སྟེ། ནང་བར་གྱི་ཉི་མ་འཕེལ་བར་བྱེད་པས་སོ། །དབང་གི་ལས་དང་མངོན་སྤྱོད་ཀྱི་ལས་ནི་ཉི་མ་ཕྱེད་དང་མཚན་ཕྱེད་ཀྱི་དུས་སུ་བྱ་སྟེ། ཉི་མ་ཕྱེད་པའི་དུས་སུ་ནི་རྣོ་བ་ཡིན་པ་དང༌། མཚན་ཕྱེད་ཀྱི་དུས་སུ་ཐམས་ཅད་གཉིད་ལོག་པས་དྲན་པ་མེད་པས་སོ། །དེ་ནི་དུས་ཀྱི་ཁྱད་པར་གྱི་དབྱེ་བའོ། །རྫོགས་པའི་རིམ་པ་ལ་གནས་པ། ཞེས་བྱ་བ་ནི་དེའི་ཚེ་དྲག་པོའི་ལས་བྱའོ་ཞེས་པའི་བར་དུ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་གང་ཡང་རུང་པའི་རྣལ་འབྱོར་པས་ལྐོག་མ་ལ་སོགས་པའི་གནས་བཞི་ལ་མེ་ལ་སོགས་པའི་དཀྱིལ་འཁོར་བཞི་བསྒོམས་ལ། དེ་རྣམས་སུ་ཡི་གེ་གསུམ་དམིགས་ནས་དེ་ལ་འཇུག་པ་ལ་


DTG033_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་རིམ་པས་བཟླས་པ་བྱ་སྟེ། གཡས་དང་གཡོན་དང་གཉིས་ཀ་དང་དལ་བུས་དམན་པར་རྒྱུ་བའི་དམར་པོ་ལ་སོགས་པའི་འོད་ཟེར་སྤྲོ་ཞིང་སྣའི་རྩེ་མོར་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་དེ་ཉིད་འཛིན་པས་སླར་ཡང་བསྡུས་ལ་དེའི་ཚེ་འབད་རྩོལ་མེད་པས་ཞི་བ་ལ་སོགས་པ་བྱའོ་ཞེས་བསྟན་ཏོ། །བཤད་པའི་རྒྱུད་ལས་ཞེས་པ་ནི་དགོངས་པ་ལུང་བསྟན་པ་ལས་སོ། །ནང་གི་བདག་ཉིད་ཅན་གྱི་དུས། །ཞེས་པ་ནི་ཕྱི་མ་ཡིན་པའོ། །གསང་བ་ཆེན་པོ་ནི་བསྐྱེད་པའི་རིམ་པའོ། །དེ་ལས་ཤིན་ཏུ་གསང་བ་ནི་རྫོགས་པའི་རིམ་པའོ། །ཤིན་ཏུ་ཕྲ་བ་ནི་རྣལ་འབྱོར་གྱི་མངོན་གསུམ་གྱིས་རྟོགས་པར་བྱའོ། །བྱང་ཆུབ་སེམས་ཀྱི་བྱིན་གྱིས་བརླབས་པ་ཡིན་ཏེ་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོས་བྱིན་གྱིས་བརླབས་པའོ། །འོད་གསལ་བའི་ངོ་བོ་ཡིན་པས་ན་ཡེ་ཤེས་སོ། །དེ་བཞིན་དུ་རིམ་པ་འདི་ཉིད་ཀྱིས་སེམས་ཅན་གྲོལ་བར་འགྱུར་བ་དང་སྔགས་རྣམས་འགྲུབ་པར་འགྱུར་ཏེ་རང་བཞིན་ཡོངས་སུ་ཤེས་པས་སོ། །དེ་བཞིན་དུ་ཞི་བ་ལ་སོགས་པའི་ལས་རྣམས་སུ་དེ་ཉིད་སེམས་ཀྱི་དབྱིངས་ནི་ཕྲ་མོའི་རྣལ་འབྱོར་གྱི་མཚན་ཉིད་རྟོག་པ་མ་ལུས་པ་སྲེག་པར་བྱེད་པས་ནི་ཞི་བ། གཟུང་བ་ནི་བསྟེན་པར་བྱ་པའོ། །བསྐྱེད་པའི་རིམ་པ་ནི་གཟུང་བར་བྱ་བ་མ་ཡིན་ཏེ་སྤྲོས་པ་དང་བཅས་པས་སོ། །དཔེ་བསྟན་པར་བྱ་བའི་ཕྱིར་མེ་ཏོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མེ་ཏོག་ཟང་ན་ཡང་དེའི་དྲི་སྣོད་ལ་སོགས་པའམ་ཏིལ་ལ་སོགས་པ་ལས་ཚོར་བར་འགྱུར་བ་དེ་བཞིན་དུ་ཁོ་ན་ཉིད་མངོན་དུ་མ་གྱུར་ན་ཡང་སེམས་ཅན་སོ་སོའི་སྐྱེ་བོ་རྣམས་ཀྱི་སྙིང་གར་གནས་ཏེ། བསམ་གཏན་ཁ་ཐོན་མེད་པས་ཀྱང༌། །མི་ཤེས་སྔགས་ཀྱི་རྒྱལ་པོ་བཟླ། །ཞེས་འབྱུང་བས་སོ། །དུས་ཀྱི་དབྱེ་བ་བཤད་པར་བྱ་སྟེ་ཉིན་མོ་དང་མཚན་མོ་ཆུ་ཚོད་དྲུག་ཅུ་རྩ་བཞིའི་ཚད་དང་ལྡན་པའི་ཐུན་ནི་བརྒྱད་དེ། ཉིན་མོ་བཞི་དང་མཚན་མོ་བཞིའོ། །དེ་ལ་ཆུ་ཚོད་བརྒྱད་ནི་ཐུན་གཅིག་གོ །དེའི་ཕྱེད་ནི་ཆུ་ཚོད་བཞིའོ། །དེའི་ཕྱེད་ནི་ཆུ་ཚོད་གཉིས་སོ། །དེས་ན་དོན་འདི་ཡིན་ཏེ། ཉིན་མོར་ཆུ་ཚོད་གཉིས་གཉིས་དང༌། །མཚན་མོར་ཆུ་ཚོད་གཉིས་གཉིས་སུ། སྣའི་རྩེ་མོར་ཐུན་བརྒྱད་ཀྱི་ནང་ན་ཐིག་


DTG033_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་བཟུང་ནས་འོད་གསལ་བ་རྟོགས་པའི་བདག་ཉིད་ཀྱི་སེམས་རྩེ་གཅིག་པ་ཉིད་ཐོབ་པར་འགྱུར་རོ། །རིམ་ནི་ཞེས་བྱ་བ་གཡས་པ་ལ་སོགས་པའི་དབྱེ་བས་སོ། །གོ་རིམས་ཇི་བཞིན་ནི་མེའི་དཀྱིལ་འཁོར་ལ་སོགས་བའི་དབྱེ་བས་དམར་པོ་ལ་སོགས་པའི་ཁ་དོག་གི་བྱེ་བྲག་གིས་སོ། །དེ་ཉིད་བསྟན་པའི་ཕྱིར། མེ་ལ་སོགས་པ་ནི་མདོར་བསྟན་པའོ། །ཆུའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསྟན་པ་སྟེ་གོ་སླའོ། །དེ་རྣམས་ཀྱི་བདག་པོ་ནི་གཙོ་བོ་སྟེ་སྤྲོ་བ་དང༌། བསྡུ་བར་བྱེད་པའི་བདག་ཉིད་ཡིན་པས་སོ། །རིམས་ལ་སོགས་པ་ཉེ་བར་ཞི་བ་ལ་སོགས་པ་ཞེས་པ་ནི་རླུང་དང་མཁྲིས་པ་ལ་སོགས་པའི་རྣམ་པ་ལས་བྱུང་བའི་ནད་ཐམས་ཅད་ཞི་བར་བྱེད་པས་སོ། །དེ་ཞི་བར་བྱད་པས་ན་ཞེས་པ་ནི་དེ་འཇོམས་པར་བྱེད་པའོ། །ཁྱད་པར་གྱུར་པས་ན་ཞེས་པ་ནི་ནད་བཅོམ་པའི་ཁྱད་པར་དུ་གྱུར་པས་སོ། །སྒྲུབ་པ་པོ་ནི་རྣལ་འབྱོར་པ་རྣམས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་འདོད་པས་སོ། །དེ་རྣམས་ཀྱི་གཟུང་བར་བྱ་བ་ཡིན་པས་ན་ཞེས་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཡིད་ཀྱིས་གཟུང་བར་བྱ་བའོ། །མཉམ་པར་བྱུང་བ་ལས་ཞེས་པ་ནི་ལུས་ལ་སོགས་པ་ཕན་ཚུན་དབྱེར་མེད་པའི་ཕྱིར་རོ། །བཀའ་སྩལ་པའོ་ཞེས་པ་ནི་གསུངས་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྭཱ་ཧཱའི་བར་དུའོ། །སྦས་ནས་བརྗོད་པས་ན་སྔགས་སོ། །སྤྲུལ་ཞེས་བྱ་བ་སྟེ་ཞེས་པ་ནི་མགོ་པོ་དང་མཇུག་མ་དང་ལྡན་པས་སོ། །རྡོ་རྗེ་གཙུག་ཏོར་ཞེས་བྱ་བ་ལ་སོགས་པས་ལུང་ཚད་མ་ཉིད་དུ་བསྟན་ཏོ། །ཐོག་མ་དང་ཞེས་བྱ་བ་ལ་སོགས་པས་ཨོཾ་དང་སྭཱ་ཧཱ་དག་གིས་ཐོག་མ་དང་ཐ་མར་བརྒྱན་པ་ཞི་བའི་དོན་དུ་སྤྲུལ་ཞེས་བྱའོ། །སྔགས་ཀྱི་མིང་ཞེས་བྱ་བ་འདིས་སྔགས་རྣམས་ཀྱི་བརྡ་བསྟན་ཏོ། །སྔགས་ཀྱི་དོན་ནི་དེའི་བརྗོད་བྱའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཚིག་ཕྲད་སྡུད་པས་ན་སྔགས་བསྟན་པར་བྱ་བའི་ཕྱིར་རོ། །དེ་ལ་ཡི་གེ་ཨ་ནི་བཅོམ་ལྡན་འདས་མི་བསྐྱོད་པའོ། །ཨོ་ནི་འོད་དཔག་ཏུ་མེད་པའོ། །མ་ནི་རྣམ་པར་སྣང་མཛད་ཆེན་པོ་སྟེ་དེ་ཉིད་རྗེས་སུ་འཇུག་པའི་དབྱངས་སོ། །དེ་ལྟར་ཐུགས་རྡོ་རྗེ་ལ་སོགས་པའི་ཡི་གེ་གསུམ་གྱི་བདག་ཉིད་ནི་ཡི་གེ་ཨོཾ་མོ། །བསོད་


DTG033_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ལེན་པའོ་ཞེས་པ་ནི་བཀྲ་ཤིས་རྟོགས་པར་བྱེད་པའོ། །ལྷག་མ་ནི་འགྲེལ་པ་མཁན་པོས་ལེགས་པར་བཤད་པས་ནི་འདིར་མ་བཤད་དོ། །འདིར་ཞེས་བྱ་བ་ལ་སོགས་པས་འདིར་བཟླས་པའི་དུས་སུ་སྔགས་ཀྱི་ཡི་གེ་ཁ་དོག་དཀར་པོ་དང་དེའི་མཆོད་པའི་དུས་སུ་མེ་ཏོག་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱང་ཁ་དོག་དཀར་པོར་བསམ་པར་བྱའོ་ཞེས་བསྟན་ཏོ། །གཟུངས་འདིས་ཞེས་བྱ་བ་ནས་ཐོབ་པར་འགྱུར་རོ་ཞེས་པའི་བར་དུ་གཟུངས་འདི་ཐོས་པ་ཙམ་གྱིས་ནད་པ་རྣམས་དགའ་བར་འགྱུར་བ་དང༌། རྣམ་པར་སྣང་མཛད་རྗེས་སུ་དྲན་པར་འགྱུར་རེ་ཞེས་བསྟན་ཏོ། །སྒྲུབ་པ་པོ་མངོན་པར་འདོད་པ་རྣམས་སོ་ཞེས་པ་ནི་ཞི་བའི་དོན་གཉེར་བའོ། །དེ་རྣམས་ལ་རྣམ་པར་སྣང་མཛད་ཀྱི་རིགས་ཡིན་པས་ན་རེ་ཞིག་ཞིབ་འབྱུང་བར་མ་ཟད་ཀྱི་འོན་ཀྱང་བསྐུལ་བ་ནི་བཽ་ཥཊ་ལ་སོགས་པའོ། །ཁ་དོག་ནི་སེར་པོ་ལ་སོགས་པའོ། །བསམ་པ་ནི་དགའ་བ་དང་ཆགས་པ་དང་ཁྲོས་པ་ལ་སོགས་པའོ། །དེའི་བྱེ་བྲག་གིས་ཀྱང་ལས་ཐམས་ཅད་རྒྱས་པ་ལ་སོགས་པ་བྱེད་པའོ། །དེས་ནི་སྔགས་རེ་རེས་ལས་ཐམས་ཅད་བྱེད་པ་ཡིན་ན་ཡང་ཁ་ཅིག་གཙོ་བོ་ཡིན་ནོ་ཞེས་བསྟན་ཏེ་རབ་ཏུ་གྲགས་པའི་ཕྱིར་རོ། །ལས་གཞན་བསྟན་པར་བྱ་བའི་ཕྱིར། ཤི་བ་སློང་པར་བྱེད་པས་ན། །ཞེས་བསྟན་ཏོ། །དེ་དག་ནི་དེ་དང་འདྲ་བའི་སྔགས་ནི་སྤྱན་མའི་སྔགས་ཏེ་མཐུ་ནི་དེའི་ནུས་པ་བསྟན་ཏོ། །དེ་བཞིན་དུ་རྡོ་རྗེ་དམ་ཚིག་ཅེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སྐུལ་བར་བྱེད་པ་ཉིད་ཀྱང་བསྟན་ཏོ། །གསུངས་སོ་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པའོ། །འདིར་མན་ངག་འདི་ཡིན་ཏེ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་མདུན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྒྲུབ་བྱ་ནད་པ་བཀོད་ལ་དེའི་སྟེང་གི་ཕྱོགས་སུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོ་བསམས་ལ། ལག་པར་རྡོ་རྗེ་ཐོགས་པ་དེས་ཡི་གེ་ཀཾ་ཡོངས་སུ་གྱུར་པ་ལས། སྤྲེལ་ལ་སོགས་པའི་གཟུགས་ཅན་ནད་པའི་སྙིང་ག་ནས་ངག་གི་ལམ་ནས་བྱུང་བ་བརླག་པར་བྱས་པ་རང་གི་ལག་པའི་འཁོར་ལོ་འབར་བས་ཀྱང་བསྲེགས་པར་གྱུར་བར་བསམས་ཏེ། རང་གི་སྙིང་ག་ལས་སྤྱན་མའི་ཚོགས་སྤྲོས་ལ་དེ་རྣམས་ཀྱིས་ཁ་


DTG033_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དོག་དཀར་པོ་བུམ་པའི་ཆུས་དབང་བསྐུར་ཏེ་མེ་ཏོག་དང་སྤོས་ལ་སོགས་པ་ཁ་དོག་དཀར་པོས་མཆོད་ལ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བསྐྱེད་ཅིང་སྤྱི་བོ་དང་སྙིང་ག་དང་ལྟེ་བ་དང་གསང་བ་རྣམས་ལ་སྔགས་འདིས་རེག་ཅིང་སོས་པར་འགྱུར་རོ། །དེའི་འོག་ཏུ་ནི་རིག་མེད་པའི་གྲོ་ག་འམ་ཏ་ལར་གུར་གུམ་མམ་གི་ཝང་དག་གིས་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་ཕྱི་རོལ་དུ་རྩིབས་བཅུ་གཉིས་པའི་འཁོར་ལོ་བྲིས་ཏེ། དབུས་ཀྱི་ལྟེ་བ་ལ་ཡི་གེ་ཨོཾ་དང་ཆེ་གེ་མོ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བྱ་བ་བྲིས་ནས་ལྷག་མའི་ཡི་གེ་རྣམས་འདབ་མ་རེ་རེ་ལ་དགོད་ཅིང་རྩིབས་རྣམས་ཀྱི་ཕྱི་རོལ་ཡི་གེ་ཧས་བསྐོར་ཞིང་སྐུད་པ་དཀར་པོས་བཅིང་ལ་པླག་ཤ་དང་རྒྱ་སྐྱེགས་དང་ལྕགས་གསུམ་གྱིས་སྦྱར་ཏེ། ཙནྡན་གྱིས་བྱུགས་པའི་སྲད་བུ་དཀར་པོས་ཕྱོགས་གཅིག་ཏུ་བཅིངས་ལ། ཟ་མ་ཏོག་གི་ནང་དུ་བཞག་སྟེ་བསྐྱེད་པའི་རིམ་པས་སྤྱན་མའི་རྣམ་པ་བསྐྱེད་ལ། དཀྱིལ་འཁོར་གྱི་དབུས་སུ་ཁ་དོག་དཀར་པོ་མེ་ཏོག་ལ་སོགས་པས་མཆོད་པ་དེ་ལས་ལངས་ཏེ་དེའི་དཔུང་པ་གཡས་པ་ལ་བཅིང་བར་བྱའོ་ཞེས་བྱ་བས་ཞི་བ་བསྐྱེད་པ་ཡིན་ནོ། །དེ་བཞིན་དུ་དེའི་ཞག་ཏུ་ཤི་བའི་མི་རོ་བླངས་ལ་བ་ཡུ་རྣམ་པ་ལྔས་སྦྱང་ཞིང་སྐུ་ཁྲུས་ཀྱི་ཆོ་གས་བཀྲུས་ལ། སྐུའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞག་ལ་གོས་དང་རྒྱན་ལ་སོགས་པ་དང་ལྡན་པ་དྲིས་བྱུགས་ལ་ལེགས་པར་བདུག་པར་བྱས་ལ། སྤྱན་མའི་སྔགས་ཀྱིས་མགོ་བོ་ལ་སོགས་པར་རེག་ཅིང་ནམ་མཁའི་ཕྱོགས་ལ་གནས་པའི་ཡི་གེ་གསུམ་གྱི་རྣམ་པ་ཅན་སྲིད་པ་བར་མ་དོ་ཁ་དོག་དཀར་པོ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཆེན་པོ་སེམས་དཔའ་གསུམ་གྱི་བདག་ཉིད་དེའི་སྙིང་གར་བཅུག་ལ་མཆོད་པ་རྣམ་པ་ལྔས་མཆོད་ལ་ནམ་མཁའི་དབྱིངས་ལ་བཞུགས་པའི་སངས་རྒྱས་སྤྱན་མའི་ཚོགས་ཀྱིས་བདུད་རྩིའི་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར་ཞིང་དེའི་དྲུང་དུ་གྲུ་བཞི་པ་ཁྲུ་ཉི་ཤུའི་ཚད་དང་ལྡན་པ་འོ་མས་གང་བའི་རྫིང་བུའི་འགྲམ་དུ་ཞི་བའི་སྦྱིན་སྲེག་བྱས་ལ་སྦྱིན་སྲེག་གི་མཐར་དེ་ལས་བླངས་པའོ་མས་གང་བའི་བུམ་པ་བརྒྱ་རྩ་བརྒྱད་ཀྱིས་བཀྲུས་ལ་སངས་རྒྱས་སྤྱན་མའི་སྔགས་ཀྱིས་རེག་ཅིང་བཀྲ་ཤིས་ཀྱི་ཚིགས་


DTG033_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་པ་བརྗོད་ལ་དགེ་སློང་གི་དགེ་འདུན་ལ་བཞེས་པ་དྲང་ཞིང་དེའི་ཚེ་རོ་དེ་འཚོ་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་ཤི་བ་སློང་བར་བྱེད་པ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་དམིགས་པའོ་ཞེས་པའི་བར་དུ་ནི་བགེགས་ཐམས་ཅད་འཇོམས་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་བསྟན་ཏོ། །དངོས་པོ་ནི་བགེགས་རྣམས་སོ་ཞེས་བྱ་བ་ལ་དགེ་བའི་ཕྱོགས་བཅོམ་པར་བྱད་པའི་ཕྱིར་འབྱུང་ཞིང་མཐུ་དང་ལྡན་པས་སོ། །བཙུན་མོ་མཆོག་ལྟར་ཞེས་པ་ནི་ཇི་ལྟར་རྒྱལ་པོའི་བཙུན་མོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དེ་བཞིན་དུ་གཟུངས་སྔགས་རྣམས་ཀྱི་འདི་ཡང་གཙོ་བོར་གྱུར་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་བཤད་པ་ནི་གོ་སླའོ། །དེ་རྣམས་ཀྱིས་མི་ཕྱེད་པ་ཞེས་པ་ནི་ངོ་བོ་གཅིག་གིས་ལུས་གང་ལ་ཡོད་པ་དེ། སྒྲུབ་པ་པོ་ནི་མཱ་མ་ཀཱིའི་རྣལ་འབྱོར་པ་རྣམས་སོ། །སྔགས་ཐོས་པས་དགའ་ནས་སྤྱན་གྱི་ཨུཏྤལ་གདངས་པར་གྱུར་ཏོ། །ཕྲིན་ལས་བཤད་པར་བྱ་སྟེ། བདུད་ལ་སོགས་པ་ཞེས་པ་ནི་དུས་མ་ཡིན་པའི་འཆི་བ་ལས་སྲུང་བར་མཛད་པའོ། །དེ་བཞིན་དུ་བགེགས་དང་ལོག་འདྲེན་ཞེས་པ་ནི་འཇིག་རྟེན་སྐྱོང་བ་རྣམས་ཀྱི་འཇིགས་པ་དེས་གཟིར་བ་ནི་མནན་པ་རྣམས་ཀྱིས་བགེགས་འཇོམས་པར་མཛད་པའོ། །མཱ་མ་ཀཱི་ནི་མི་བསྐྱོད་པའི་རིགས་འབའ་ཞིག་ཏུ་མ་ཟད་ཀྱི་རིན་ཆེན་འབྱུང་ལྡན་གྱི་རིགས་ཅན་ཡང་ཡིན་ཏེ། གཉིས་ཀའི་རིགས་ཀྱི་ཐུན་མོང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་རིག་པ་ནི་སྔར་བཤད་ཟིན་ཏོ། །འདིར་མན་ངག་ནི་མཱ་མ་ཀཱིའི་རྣལ་འབྱོར་དང་ལྡན་པས་དུས་མ་ཡིན་པའི་འཆི་བའི་འཇིགས་པས་གདུང་བ་འམ་འཇིག་རྟེན་སྐྱོང་བ་ལ་སོགས་པ་ཟིལ་གྱིས་གནོན་པའི་བསྒྲུབ་བྱ་མདུན་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་སྡིག་པ་སྦྱང་བར་བྱས་ལ་སྔ་མ་བཞིན་དུ་མཱ་མ་ཀཱིའི་ཚོགས་ཀྱིས་དབང་བསྐུར་ལ་མི་བསྐྱོད་པའི་གཟུགས་སུ་བསྐྱེད་ཅིང༌། སྔགས་བྲིས་པའི་སྲུང་བའི་འཁོར་ལོ་དཔུང་པ་གཡས་པ་ལ་བཅིང་བར་བྱའོ། །དེའི་ཚེ་ཇི་ལྟར་བཤད་པའི་ལས་འགྲུབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་རྒྱས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་དུ་བསྟན་ཏོ། །ཨོཾ་ཞེས་བྱ་བ་ལ་


DTG033_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་སྔགས་ཀྱི་དོན་ནི་གོ་སླའོ། །པདྨའི་རིགས་ལ་ལྷག་པར་མོས་པས་རྣམས་སོ་ཞེས་བྱ་བ་ལ་སོགས་པས་སྔགས་ཐོབ་པས་དེའི་སྒྲུབ་བ་པོའོ། །དགའ་ཞིང་རང་གི་བདག་པོ་ལ་བསྟན་པར་འགྱུར་རོ་ཞེས་བསྟན་ཏོ། །ཆེད་དུ་བརྗོད་པ་ལ་སོགས་པའོ་ཞེས་པ་ནི་ངག་ལ་འཇུག་པའི་མཚན་ཉིད་ཀྱི་རྒྱས་པའོ། །ལུས་རྒྱས་པ་ནི་སྟོབས་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། །བྱ་བ་རྣམས་ལ་སྤྲོ་བའོ་ཞེས་པ་ནི་བྱ་བ་བྱེད་པ་ལ་ནུས་པའོ། །ནོར་དང་འབྲུ་ལ་སོགས་པ་ནི་ཕྱིའི་རྒྱས་པའོ། །དེ་དག་ཐམས་ཅད་ནི་གསུམ་པོ་ཡང་ངོ༌། །རྡོ་རྗེ་གསུམ་ཞས་བྱ་བ་ལ་སོགས་པས་དཔེའི་སྒོ་ནས་སྒྲུབ་པ་པོ་དེའི་ངོ་བོ་ཉིད་དུ་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །བཏོན་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པས་རེ་ཞིག་སྒྲུབ་པ་པོ་ནི་བཞག་ན་རྟོག་པ་ལས་གསུངས་པའི་བཟླས་པའི་ཆོགས་འགྲུབ་པར་འགྱུར་ན་ལས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །འདིར་སྤྱར་བ་ནི་རེ་ཞིག་དང་པོ་རྣལ་འབྱོར་པས་གོས་དཀར་མོའི་རྣལ་འབྱོར་དང་ལྡན་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྒྲུབ་བྱ་མདུན་དུ་བསྒོམས་ལ་རང་གི་སྙིང་ག་ནས་སྤྲོས་པའི་གོས་དཀར་མོའི་ཚོགས་ཕྱུང་ནས་དབང་བསྐུར་ཞིང༌། འོད་དཔག་ཏུ་མེད་པའི་གཟུགས་སུ་བསྐྱེད་ལ། དེའི་དཔུང་པ་ལ་སྔགས་བྲིས་པའི་སྲུང་པའི་འཁོར་ལོ་བཅིང་བར་བྱས་ན་དེའི་ཚེ་ནོར་དང་འབྲུ་ལ་སོགས་པ་རྒྱས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དབང་གི་ཏིང་ངེ་འཛིན་དུ་སྙོམས་པར་ཞུགས་པ་ཉིད་དུ་བསྟན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དོན་ནི་གོ་སླའོ།། སངས་རྒྱས་ཐམས་ཅད་ཀྱི་བྱ་བ་བྱེད་པས་སངས་རྒྱས་ཀུན་ནི་དོན་ཡོད་པར་གྲུབ་པའོ། །དེ་ལ་ལྷག་པར་མོས་པ་རྣམས་སོ་ཞེས་པ་ནི་དོན་ཡོད་གྲུབ་པའི་དངོས་གྲུབ་དོན་དུ་གཉེར་བའོ། །མགུ་བར་གྱུར་པ་ནི་སྔགས་དང་དེའི་མཐུ་ཐོས་པས་ནང་གི་བདག་ཉིད་རབ་ཏུ་དགའ་བར་གྱུར་པའོ།། སྐྱེས་བུ་གཙོ་བོ་ཞེས་པ་ནི་བྲམ་ཟེ་དང་རྒྱལ་རིགས་དང་དམངས་རིགས་དང་རྗེའུ་རིགས་ཀྱི་ཁྱིམ་བདག་རྣམས་སོ། །སྙིང་སྲ་བ་རྣམས་སོ་ཞེས་པ་ནི་གདུལ་བར་བྱ་དཀའ་བ་ཆོམ་རྐུན་ལ་སོགས་པའོ། །རྒྱལ་པོ་རྣམས་སོ་ཞེས་པ་ནི་ས་བདག་རྣམས་སོ། །དེ་རྣམས་དང་ཇི་སྲིད་གཞན་


DTG033_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་འཇིག་རྟེན་ཐ་མལ་པ་ཞེས་པ་ནི་ཚོད་དཔོན་དང་ཚོད་པ་དང་མཐོ་བའི་རིགས་སོ། །རྣམ་པ་ཐམས་ཅད་དུ་ནི་ལུས་ངག་ཡིད་ཀྱིས་སོ། །བྲན་བཞིན་དུ་ནི་འབངས་བཞིན་ནོ། །དབང་དུ་འགྱུར་ཞིང་ཞེས་པ་ནི་སྒྲུབ་པ་པོའི་ཞལ་བལྟ་བ་དང་དེའི་བཀའ་ཡང་ཉན་པར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར་ཐམས་ཅད་སྒྲུབ་པ་པོའི་དབང་དུ་གྱུར་པས་སྔར་བཤད་པའི་བསྒྲུབ་བྱ་དབང་དུ་གྱུར་བས་སོ། །གཡོ་མེད་པ་སྟེ་ཞེས་པ་ནི་བྱ་བ་གཞན་མེད་པའོ། །དེ་ཉིད་ཀྱི་ཕྱིར་གཞན་གྱི་དབང་དུ་གྱུར་པ་ནི་རྣལ་འབྱོར་པ་ལ་རག་ལུས་པ་གཟུངས་སྔགས་འདིས་བྱེད་པའོ། །འདིར་སྦྱོར་བ་ནི་སྒྲོལ་མའི་རྣལ་འབྱོར་དང་ལྡན་པའི་སྒྲུབ་པ་པོས་སྔོན་གྱི་བསྙེན་པས་དེའི་སྔགས་འབུམ་ཕྲག་གཅིག་བཟླས་ཤིང་དེ་ཉིད་ཀྱིས་མངོན་པར་བཟླས་པའི་ཆུས་མིག་ལ་ཉེ་བར་རེག་ཅིང་གང་མཐོང་བ་དང་གང་གིས་མཐོང་བ་དེ་ཉིད་དབང་དུ་འགྱུར་རོ། །དེ་བཞིན་དུ་ལམ་དུ་འགྲོ་བར་འདོད་པས་གོས་ཀྱི་མཐར་ལན་བདུན་བཟླས་ཤིང་བཅིངས་ལ་མཐོང་བ་ཙམ་གྱིས་སྒྲ་མི་གཡོ་བར་འགྱུར་རོ། །སྦྱོར་བ་གཞན་ཡང་དཔལ་སྒྲོལ་མ་འབྱུང་བའི་རྒྱུད་ལས་རྗེས་སུ་འབྲང་བར་བྱའོ། །འོད་ཟེར་དཀར་པོའི་ཚོགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་འབྲེལ་བ་དང་ལྡན་པའོ། །རིགས་དང་རིགས་ཅན་དབྱེར་མེད་པས་ཏིང་ངེ་འཛིན་དང་ཡང་དེ་སྐད་ཅེས་བྱའོ། །རྡོ་རྗེ་ལྟར་མི་ཕྱེད་པའི་གཤིན་རྗེ་གཤེད་པོ་དབྱེར་མེད་པས་དེའི་སྔགས་ལ་ཡང་དེ་སྐད་ཅེས་བྱའོ། །ན་མ་ཞེས་བྱ་བ་ལ་སོགས་པས་སྐུ་རྡོ་རྗེ་ལ་སོགས་པ་དང་པོ་རྗེས་སུ་དྲན་པར་བྱས་ཏེ། ཁྲོ་བོ་ཐམས་ཅད་དེ་ལས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་སྔགས་འདོན་པའི་དུས་སུ་ནི་ཁྲོ་བོ་ཐམས་ཅད་ཀྱི་སྔགས་བཟླས་པའི་དུས་སུའོ། །ཨོཾ་ཞེས་བྱ་བ་ལ་སོགས་པས་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །འདིར་བཅོམ་ལྡན་འདས་ཞལ་གསུམ་ཕྱག་དྲུག་པ་ཡིན་ན་ཡང༌། ཞལ་བཞི་པ་ཕྱག་བཞི་པ་ལྷག་པའམ་ཉུང་བ་ཉེ་བར་བླང་བ་ནི་མོས་པའི་དབྱེ་བས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཞབས་གཉིས་པ་ཡིན་ན་ཡང་ཞབས་དྲུག་ཏུ་བསྟན་ཏེ། རྒྱུད་གཞན་ལས་ཞལ་དྲུག་པ་དང་ཕྱག་དྲུག་པ་དང་ཞབས་དྲུག་པ་གསུངས་པས་སོ། །དེ་གསུངས་པ་ཡང་གདུལ་བྱའི་འདོད་པའི་དབྱེ་བས་


DTG033_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །མ་ཧཱ་བིགྷྣཱན་ནི་གཤིན་རྗེའོ། །ཨཱ་ཀཪྵ་ཡ་ཞེས་བྱ་བ་འདིས་དགུག་པ་ལ་སྔགས་ཀྱི་མཐུ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་སྔགས་ཐོས་པས་འཇིག་བ་དང་རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པ་ཉིད་དུ་བསྟན་ཏོ། །རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས་ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་པ་ཡིན་ཏེ། ཇི་ལྟར་མངོན་པར་འདོད་པའི་སྐྱེས་པའམ་བུད་མེད་མངོན་པར་དགུག་པར་འདོད་པར་འདོད་པའི་རྣལ་འབྱོར་པས་དེའི་རོ་ལངས་ཀྱི་ཆོགས་མ་ཉམས་པའི་ཐོད་པ་བླངས་ལ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་རྒྱ་སྐྱེགས་ཀྱི་ཁུ་བས་དེའི་གཟུགས་དེ་ལ་བྲིས་ཏེ་དེ་དག་ལ་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཞེས་བྱ་བ་སྙིང་གར་བྲིས་ལ་རཾ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེས་མཚན་པའི་རྐང་པ་གཡོན་པས་དེ་དག་ལ་མནན་ཞིང་ལྕགས་ཀྱུ་དེ་ཉིད་ཀྱིས་སྙིང་གར་བརྡེག་ལ་སྐྱབས་མེད་པ་གཞན་དབང་དུ་གྱུར་པ་བུད་མེད་དང་སྐྱེས་པ་རྣམས་དགུག་པར་བྱའོ། །ཞག་བདུན་ཞེས་བྱ་བ་འདིས་དུས་ཀྱི་ངེས་པ་བསྟན་ཏོ། །དགོས་པ་ནི་འདི་ཡིན་ཏེ་སྔོན་དུ་བསྙེན་པ་བྱས་པ་དམ་བཅའ་བ་བསྟན་པའི་སྒྲུབ་པ་པོས་གལ་ཏེ་ཞག་བདུན་སྦྱོར་བ་འདི་བསླབས་ན་དེའི་ཚེ་སྔར་བཤད་པའི་སྐྱེས་པ་འམ་བུད་མེད་རྣམས་དགུག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པས་དོན་ཡོད་གྲུབ་པའི་རིགས་ཅན་གྱི་བདུད་རྩི་འཁྱིལ་པའི་ཏིང་ངེ་འཛིན་དུ་ཞུགས་པ་ཉིད་བསྟན་ཏོ། །དེ་ལས་བྱུང་བའི་སྔགས་ཀྱི་བདག་ཉིད་ཀྱི་ཁྲོ་བོ་ཞེས་པ་ནི་བདུད་རྩི་འཁྱིལ་པ་དོན་ཡོད་གྲུབ་པའི་རིགས་ཡིན་པས་སོ། ན་མ་ཞེས་བྱ་བ་ལ་སོགས་པ་དོན་བཤད་ཟིན་པའོ་ཞེས་པ་ནི་ངེས་པའི་ཚིག་སྔར་བཤད་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །མ་ཧཱ་ག་ན་ཛི་བི་ཏཱནྟཱ་ཀ་ར་ཡ་ཞེས་བྱ་བ་ནི་བགེགས་ཀྱི་བདག་པོའི་སྲོག་འཕྲོག་བ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་འཕགས་པ་བདུད་རྩི་འཁྱིལ་པའི་བགེགས་ཀྱི་བདག་པོ་ནི་གདན་ཡིན་ནོ། །སྭཱཧཱ་ཞེས་བྱ་བ་ལས་གོང་དུ་ནི་སྭཱ་ཧཱ་སྔོན་དུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དོན་ཡོད་གྲུབ་པའི་རྣལ་འབྱོར་པས་སྔགས་འབུམ་ཕྲག་གཅིག་བཟླ་ཞིང་འཆད་པར་


DTG033_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་སྦྱོར་བས་སྤོང་བའི་ཆོ་ག་བསྟན་ཏོ། །རིམ་པ་ནི་འདིས་ཞེས་བྱ་བ་ལ་སོགས་པས་སྐེ་ཚེ་དང་རྫས་དྲག་པོ་ཁུ་བ་ཆེན་པོ་དང་ལྡན་པས་དུར་ཁྲོད་ཀྱི་གོས་ལ་གཞུའི་དབྱི་བས་ཅན་རླུང་གི་དཀྱིལ་འཁོར་བྲིས་ལ་ཕྱོགས་གཉིས་སུ་རྡོ་རྗེས་མཚན་པ་བྱས་ཏེ། དེའི་དབུས་སུ་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཧྲི་ཞེས་བྱ་བ་བྲིས་ལ་བསྒྲུབ་བྱའི་རྣམ་པར་ཤེས་པ་དགུག་ཅིང་དེ་ལ་གཞུག་སྟེ། བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཅིང་སོར་བརྒྱད་པ་མིའི་རྗེ་ངར་གྱི་ཁོང་སྟོང་ལ་འཇུག་ན་དེ་ཉིད་དུར་ཁྲོད་ཀྱིས་ས་རུ་བརྐོས་ནས་སྤས་ན་དེའི་ཚེ་ཞག་བདུན་གྱིས་དགྲ་གནས་ལས་སྤོ་བར་འགྱུར་རོ།། དགྲའི་སྒོ་རུ་བརྐོས་ནས་སྤས་ན་དེ་མ་ཐག་ཏུ་གནས་ལས་སྤོ་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་ཞེས་པ་ནི་འོད་གསལ་བའམ་ཟུང་དུ་འཇུག་པའི་རང་བཞིན་ནོ། །དེ་ཉིད་རྟོག་ནི་མཚན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ནང་ན་འོད་ཟེར་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གང་ལ་ཡོད་པ་དེ་ནི་སངས་རྒྱས་འོད་ཟེར་ཏེ་རིན་ཆེན་འབྱུང་ལྡན་ནོ། །དེའི་བདག་ཉིད་ཀྱི་ཏིང་ངེ་འཛིན་ལ་ཞུགས་ནས་འདི་སྐད་བཀའ་སྩལ་ཏོ། །གཞན་གྱིས་མི་ཐུབ་པའི་ཁྲོ་བོ་ཆེན་པོ་ཞེས་པ་ནི་སྲིན་པོ་ལ་སོགས་པ་ལས་རྒྱལ་བས་ཁྲོ་བོའི་རྒྱལ་པོ་ཞེས་བྱའོ། །སྔགས་ཀྱི་བདག་ཉིད་ཅེས་བྱ་བ་འདིས་སྔགས་དང་ལྷ་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དབྱེར་མེད་པར་བསྟན་ཏོ། །ན་མ་ཞེས་བྱ་བ་ལ་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །རཀྵ་ས་ཏི་བྷྱོ་པི་མོ་ཙ་ཡ་ཧྲི་ཞེས་བྱ་བ་འདིས་གདུག་པ་རྣམས་གསོད་པར་བྱེད་པའི་བདག་ཉིད་བསྟན་པ་དང༌། ནད་པ་རྣམས་སོས་པས་ཤི་བར་བྱེད་པ་ཡང་འདི་ཡིན་ནོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སྔགས་དྲན་པ་དང་ཐོས་པ་དེའི་སྒྲུབ་པ་པོས་དེ་བསྟེན་པ་དང་དེ་ལ་བརྩོན་པའི་ཕྱིར་དགའ་བ་དང་རིན་ཆེན་འབྱུང་ལྡན་ལ་སྐྱབས་སུ་འགྲོ་བ་ཉིད་བསྟན་ཏོ། །ཤ་ཟའོ་ཞེས་པ་ནི་ཤ་ཟ་བའི་འབྱུང་པོའི་རིགས་སོ། །ཉེ་བར་མཚོན་པ་ཡིན་ཏེ་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཡི་དགས་དང་སྨྱོ་བྱེད་དང་བརྗོད་བྱེད་དང༌། མཁའ་འགྲོ་དང་མཁའ་འགྲོ་མ་ལ་སོགས་པ་ཡང་གཟུང་


DTG033_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ངོ། །སེང་གེ་ལ་སོགས་པ་ཞེས་པ་ནི་ནགས་ཚལ་ལ་སྤྱོད་པའི་སྲོག་ཆགས་དྲག་པོའོ། །ཕྱིར་རྒོལ་བ་ཞེས་པ་ནི་ཕ་རོལ་རྒོལ་བའི་དགྲ་རྣམས་ཏེ། འཇིག་རྟེན་པའི་ལྷ་དྲག་པོ་དང་ཁྱབ་འཇུག་དང་དབྱིག་གི་སྙིང་པོ་ལ་སོགས་པའོ། །གནོད་བར་བྱེད་པ་ཞེས་པ་ནི་རྣམ་པར་འཚེ་བར་བྱེད་པའོ། །མེ་དང་སྤྲུལ་ཞེས་པ་ལ་སོགས་པ་ནི་སྲོག་ཆགས་དྲག་པོས་ཁྱབ་པའི་ནགས་ཚལ་ལ་སོགས་པ་ལའོ། །རྡོ་རྗེ་འཆང་ཆེན་པོའི་ཞེས་པ་ནི་ཐུགས་རྡོ་རྗེ་ཉེ་བར་སྡུག་པར་བྱེད་པས་སོ། །དེས་གསོད་པས་ན་ཞེས་པ་ནི་དེས་སྤྲོས་པ་སྟེ་རྡོ་རྗེ་འཆང་ལས་བསྐྱེད་པའི་རིན་ཆེན་འབྱུང་ལྡན་ཞེས་བྱ་བའོ། །རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་ལ་དམིགས་པ་ཞེས་པ་ནི་ཤེས་རབ་མཐར་བྱེད་ལ་བཀའ་སྦྱིན་པར་བྱའོ་ཞེས་དགོངས་པ་ནི་མན་ངག་ཅེས་བྱ་བའོ། །སྲུང་བ་ལ་སོགས་པའི་ལས་ནི་སྲིན་པོ་ལ་སོགས་པའི་ལས་བསྲུང་བའི་ཆོ་གའོ། །རྟོག་པ་ལས་བྱུང་བའི་ཆོ་ག་ཞེས་པ་ནི་གཞན་གྱིས་མི་ཐུབ་པའི་ལས་ཀྱི་རྟོག་པ་ལས་གསུངས་པའི་ཆོ་གས་སོ། །དེ་ལ་འདིར་ཆོ་ག་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་དཔལ་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་ཡི་གེ་ཧཱུཾ་གཉིས་ཡོངས་སུ་གྱུར་པ་ལས་ལག་པ་གཉིས་ལ་ཉི་མའི་དཀྱིལ་འཁོར་གཉིས་བསྒོམས་ཏེ་མདུན་དུ་སྲིན་པོ་ལ་སོགས་པའི་གདོན་གྱིས་བཟུང་བའི་བསྒྲུབ་བྱ་བཞག་ནས་དེ་འོད་ཟེར་སྤྲོས་པས་བསྒྲུབ་བྱའི་ལུས་ལས་སྲིན་པོ་ལ་སོགས་པ་བཀུག་ཅིང་ལག་པ་གཉིས་ཀྱིས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་སོན་པར་བྱས་ལ་དེའི་འབར་བས་བསྲེགས་ཤིང་ཐལ་བར་གྱུར་པར་བསམ་པར་བྱའོ། །དེའི་ཚེ་བསྒྲུབ་བྱ་སྲིན་པོ་ལ་སོགས་པས་བཀྲོལ་བར་འགྱུར་རོ། །ཁ་ཅིག་ན་རེ་ཤེས་རབ་མཐར་བྱེད་ཀྱི་སྔགས་ཀྱིས་ཟངས་གྲི་བྱིན་གྱིས་བརླབས་ལ་ཤ་ཟ་ལ་སོགས་པས་བཟུང་བའི་བསྒྲུབ་བྱའི་གྲིབ་མ་སྔགས་བརྗོད་པ་སྔོན་དུ་འགྲོ་བས་དེ་གཅོད་ལ། ཤ་ཟ་ལ་སོགས་པ་ཡང་གཅོད་པར་འགྱུར་རོ། །དེའི་ས་གཞིའི་རྡུལ་དང་ཡུངས་ཀར་དང་བཅས་པས་བསྲེགས་ལ། ལས་ཐམས་ཅད་དའི་གཏོར་མའི་རིམ་པའི་ཆོ་གས་ཤེས་རབ་མཐར་བྱེད་ཀྱི་སྔགས་བྲིས་པའི་སྲུང་བའི་འཁོར་ལོ་གསུངས་པས་བཅིང་བར་བྱའོ། །དེའི་ཚེ་བསྒྲུབ་བྱ་སོས་པར་


DTG033_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཚེ་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་བསྟན་ཏེ། དེ་ལས་འབྱུང་བའི་ཁྲོ་བོ་རྟ་མ་མགྲིན་ཞེས་པ་ནི་འོད་དཔག་ཏུ་མེད་པ་སྟེ་སྤྲུལ་པ་ཡིན་པའི་ཕྱིར་རོ། །སྔགས་ཀྱི་བདག་ཉིད་དུ་ཞེས་པ་ནི་སྐུ་དང་སྔགས་དེའི་བདག་ཉིད་ཡིན་པས་སོ། །ན་མ་ཞེས་བྱ་བ་ལ་སོགས་པའི་དོན་བཤད་པ་ནི་རྡོ་རྗེ་འཆང་ཆེན་པོ་གསུམ་པོའི་ཕྱག་འཚལ་བའི་དོན་ཅེས་བྱ་བའི་ཐ་ཚིག་གོ །ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །ཧ་ཡ་གྲཱི་པ་ཡ་ཕཊ་ཅེས་བྱ་བ་ལ་སོགས་པས་ཕཊ་གྱི་མཐའ་ཅན་གྱི་ཚིག་བཅུ་ནི་ཕྱོགས་བཅུ་ལ་གནས་པའི་བགེགས་བསྐྲད་པའི་དོན་ཏོ། །ཡི་གེ་ཧཱུཾ་གསུམ་ནི་ལུས་ལ་སོགས་པ་འཇིག་པའི་ཕྱིར་རོ། །དབུགས་དབྱུང་བ་དེ་ཉིད་ལ་ཞི་བའི་ཕྱིར་རོ། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ཞེས་པ་ནི་ཞི་བའི་ཕྲིན་ལས་འགྲུབ་པར་བྱེད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཐོས་པ་དང་དྲན་པའི་སྒོ་ནས་འོད་དཔག་ཏུ་མེད་པའི་སྒྲུབ་པ་པོ་རྣམས་མགུ་བར་འགྱུར་རོ་ཞེས་བསྟན་ཏོ། །ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པས་ཧ་ལ་ཧ་ལ་དང༌། ཀ་ལ་ཀུ་ཏ་ལ་སོགས་པའི་དུག་གི་ཁྱད་པར་སྔགས་འདིས་ཞི་བར་འགྱུར་རོ་ཞེས་བསྟན་ཏོ། །འདིར་མན་ངག་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་པདྨ་མཐར་བྱེད་ཀྱི་རྣལ་འབྱོར་པས་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་བསྒྲུབ་བྱ་བསྒོམས་ལ། དེའི་སྙིང་གའི་པདྨར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་རྩིའི་ས་བོན་ཡི་གེ་ཧཾ་བཀོད་ལ་དེའི་འོད་ཟེར་གྱིས་མ་ལུས་པའི་ལུས་ཁྱབ་ཅིང་ལག་པ་གཡས་པའི་མཐིལ་ལ་བཀོད་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཾ་འོད་ཟེར་གྱི་འཁོར་ལོ་སྤྲོ་བར་བྱེད་པ་བཀོད་ལ། སོར་མོ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཁྲི་ལ་སོགས་པ་བདུད་རྩིའི་ས་བོན་ལྔ་བཀོད་ཅིང་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་དུག་འོག་ཏུ་སོང་པས་ལུས་ཀྱང་བདུད་རྩིས་གང་བ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །གཞན་དག་ན་རེ་ལག་པ་གཡོན་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་བཀོད་ལ་སྔགས་ཀྱིས་བཟླས་པའི་ཆུ་བླངས་ནས་དེ་བཏུང་བས་དུག་ཞི་བར་འགྱུར་རོ། །ཡང་ན་རྟ་མགྲིན་དང་ལྡན་པའི་རྣལ་འབྱོར་པས་བསྒྲུབ་བྱའི་


DTG033_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོ་ལ་སོགས་པར་ཀུ་རུ་ཀུ་ལེའི་སྔགས་བཀོད་ལ་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་ནང་ནས་དུག་བཀུག་ཅིང་འོག་ཏུ་སོན་པར་བསྒོམས་ཏེ། རྟ་མགྲིན་གྱི་སྔགས་ཀྱིས་གནས་དེར་རེག་པས་དུག་ཞི་བར་འགྱུར་རོ། །ཇི་སྐད་དུ། །ཀུ་རུ་ཀུ་ལཻ་སྭཱ་ཧཱའི་མཐའ། །རིག་པ་ཐོག་མར་ཨོཾ་དང་ལྡན། །མགོ་བོ་ཁ་དང་ལྐོག་མ་དང༌། །སྙིང་དང་གསང་བ་རྐང་པར་དགོད། །ཅེས་འབྱུང་བའོ། །དོན་ཡོད་གྲུབ་པའི་དངོས་གྲུབ་ནི་ཞི་བ་ལ་སོགས་པའི་ལས་ཐམས་ཅད་ཀྱི་དངོས་གྲུབ་པོ། །དག་ཙོ་བོ་ཡིན་པས་དོན་ཡོད་གྲུབ་པ་ལ་ཡང་དེ་སྐད་ཅེས་བྱའོ། །དོན་ཡོད་དམ་ཚིག་ཅེས་བྱ་བ་ལ་སོགས་པས་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་དུ་བསྟན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པས་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །འདིར་སརྦ་བིགྷྣཱ་ནི་ཁྱབ་འཇུག་དང༌། དྲག་པོ་དང་དབྱིག་གི་སྙིང་པོ་ལ་སོགས་པའོ། །སརྦ་དབྱི་ནི་ཕ་རོལ་གྱིས་བརྗོད་པའི་གཟུངས་སྔགས་སོ། །སརྦ་མནྟྲ་ནི་ཞི་བ་ལ་སོགས་པའི་སྙིང་པོ་དང་ཉེ་བའི་སྙིང་པོ་ལ་སོགས་པའོ། །སརྦ་མཱུ་ལ་ཀརྨ་ནི་གཞན་གྱིས་བསྟན་པ་ལས་ཕྲན་ཚེགས་སོ། །ཀེ་ཏྲེ་ཙེ་ཤ་དི་ཞེས་པ་ནི་སྦྱར་ནས་བྱས་པའམ་སྡིག་པའི་དུག་གོ །སརྦ་གྲ་ཧན་ནི་ཟ་བྱེད་ཀྱི་གདོན་ནམ་བརྗོད་བྱེད་ཀྱི་གདོན་ནམ་བྱའི་གདོན་ལ་སོགས་པའོ། །བགེགས་མཆོག་རྣམས་ནི་བདུད་ཀྱི་གཙོ་བོ་སྟེ་བརྒྱན་བྱིན་ལ་སོགས་པའོ། །བརྒྱ་རྩ་བརྒྱད་ཅེས་བྱ་བས་སྦྱོར་བའི་དུས་སུ་བརྒྱ་རྩ་བརྒྱད་བཟླས་པས་འགྲུབ་སྟེ། བསྙེན་པའི་དུས་སུ་འབུམ་ཕྲག་གཅིག་བཟླས་པས་སྔགས་འགྲུབ་པོ། །སྔགས་ཀྱི་དོན་ཡོངས་སུ་ཤེས་ལས་ལྷ་རྣམས་ལ་སྤོང་བའོ་ཞེས་པ་ནི་དགོངས་པ་ནི་འདི་ཡིན་ཏེ། བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དབྱེ་བས་སྔགས་ནི་རྣམ་པ་གཉིས་ཏེ། དེ་ལ་རྗོད་པར་བྱེད་པ་ཙམ་གྱིས་སྔགས་ནི་དངོས་གྲུབ་སྟེར་བར་བྱེད་པ་མ་ཡིན་ཏེ། རང་བཞིན་རྟོགས་པར་མི་འགྱུར་པས་ཁ་སྐད་བཞིན་ནོ། །སྔགས་ཀྱི་བརྗོད་པར་བྱ་བ་ཡོངས་སུ་ཤེས་ན་དེ་ཡིས་ལྷའི་དེ་ཁོ་ན་ཉིད་རྟོགས་པས་སྔགས་རྣམས་དངོས་གྲུབ་སྟེར་བར་འགྱུར་རོ། །འདིར་ནི་ཆོ་ག་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་འཁྲུལ་འཁོར་གྱི་སྦྱོར་བས་གསོད་པ་བསྟན་ཏོ། །འདིར་ཉིད་ཕྱེད་དང་


DTG033_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཕྱེད་ནི་དྲག་ཤུལ་གྱི་ལས་ཀྱི་དུས་སུའོ། །ཐོད་པ་གསུམ་གྱི་སྒྱེད་པུ་བྱས་ལ་རོ་ལངས་ཀྱི་ཆོ་གས་སམ་རང་གིས་བྱས་པས་སོ། །སྐྱེད་པུས་ནི་དུར་ཁྲོད་ལ་སོགས་པའི་རྟེན་བྱས་ནས་སོ། །དེའི་སྟེང་དུ་གཟུགས་བརྙན་བཞག་ལ་ཞེས་པ་ནི་སྔར་བཤད་པའི་ཁ་སྦྱར་བཞག་ནས་སོ། །དུར་ཁྲོད་ཀྱི་མེས་ཞེས་བྱ་བ་ནི་རོ་ཕྱེད་བསྲེགས་པའི་མེས་སོ། །འཕྲལ་དུ་འཆི་བར་འགྱུར་རོ་ཞེས་པས་སྦྱོར་བའི་མཐུ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཆར་འབེབས་པའི་ཆོ་ག་མཛད་པ་སྟོབས་པོ་ཆེའི་ཏིང་ངེ་འཛིན་དང་སྙོམས་པར་ཞུགས་པ་བསྟན་ཏོ། །དབྱེར་མེད་པས་སྟོབས་པོ་ཆེའི་སྔགས་ཀྱང་སྟོབས་པོ་ཆེ་ཞེས་བྱའོ། །ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །ཐོག་ནི་གློག་གོ །དེ་བཞིན་དུ་སྒྲ་གང་ལ་ཡོད་པ་ཞེས་བྱ་བ་འདིས་སྤྲིན་གྱི་འབྲུག་སྒྲ་རང་འདྲ་བ་ཉིད་དུ་བསྟན་ཏོ། །བརྒྱ་རྩ་བརྒྱད་བཟླས་པ་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་དུས་སུ་བཟླས་པའི་གྲངས་བསྟན་ཏོ། །སྔོན་གྱི་བསྙེན་པ་ནི་འབྲུམ་ཕྲག་གཅིག་ཁོ་ནའོ། །ཆར་ཆད་པ་ཞེས་པ་ནི་བཟའ་བ་ལ་སོགས་པའི་ཉེས་པས་ཆར་མི་འབབ་པའོ། །དེ་ཞི་བར་བྱས་ནས་ཆར་གྱི་རྒྱུན་ནི་ཆར་གྱི་ཚོགས་སོ། །ཀླུ་ནི་འཇོག་པོ་ལ་སོགས་པའོ། །འབེབས་པ་ནི་འབབ་པར་འགྱུར་པའོ། །འདིར་རིམ་པ་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ཆར་འབེབས་པའི་ཆོ་ག་བསྟན་ཏེ། མངོན་སྤྱོད་ཀྱི་རྫས་ནི་ལན་ཚྭ་དང་སྐེ་ཚེ་དང་དུག་དང་ལོང་ཚང་གི་ཁུ་བའོ། །དེ་རྣམས་ཀྱིས་པདྨ་འདབ་མ་བརྒྱད་པ་བྲིས་ལ་འདབ་མ་རེ་རེ་ལ་ཀླུ་ཆེན་པོ་བརྒྱད་བྲིས་ལ་ཀླུ་དེ་རྣམས་ཀྱི་སྙིང་ག་དང་མགོ་བོར་ཧཱུཾ་ནཾ་ཧཱུཾ་ཞེས་བྱ་བ་རྡོ་རྗེ་གདན་བཞིའི་རྒྱུད་ལས་གསུངས་པའི་སྔགས་སྤེལ་ལ་སྦྱར་བའོ། །ལྟེ་བའི་དབུས་སུ་ནི་པདྨའི་ཟེའུ་འབྲུ་ལའོ། །ཨོཾ་ཞེས་བྱ་བ་ལ་སོགས་པས་ཡི་གེ་གསུམ་དང་བཅས་པས་བཛྲ་དྷ་རོ་ཨདྙཱ་པ་ཡ་ཏི་ཞེས་བྱ་བ་ལ་སོགས་པ་བཀོད་ནས་སོ། །ཡང་འཁོར་ལོ་གཉིས་པ་དེ་བཞིན་དུ་ནི་དེ་དང་འདྲ་བའི་འཁྲུལ་འཁོར་གཉིས་པ་བྲིས་ནས་སོ། །ཁ་སྦྱར་བྱས་ཏེ་ཞེས་པ་ནི་འཁྲུལ་འཁོར་གཉིས་སྦྱར་ནས་སོ། །དགུག་པ་སྔོན་དུ་འགྲོ་བ་ཞེས་པ་ནི་སྟོབས་པོ་ཆེའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་དེ་དགུག་པའོ། །གཟུགས་བརྙན་


DTG033_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསྒྲུབ་བྱའི་གཟུགས་བརྙན་གྱིའོ། །སྙིང་གར་གཞུག་གོ་ཞེས་པ་ནི་སྙིང་གའི་ནང་དུ་གཞུག་པར་བྱའོ། །གཟུགས་བརྙན་ནི་ཞེས་བྱ་བ་ལ་སོགས་པས་ཀླུའི་གཟུགས་བརྙན་བྱ་བའི་ཐབས་བསྟན་ཏེ། ཆུ་བོའི་ངོས་གཉིས་ཀྱི་ཞེས་པ་ནི་འགྲམ་གཉིས་ཀྱིའོ། །ས་ནི་དེའི་འབྲེལ་བ་དང་ལྡན་པའི་སའོ། །བདུད་རྩི་ལྔ་དང་ལྡན་པ་ནི་དེ་དང་འདྲེས་པའོ། །དེ་བཞིན་དུ་སྔར་བཤད་པའི་མངོན་སྤྱོད་ཀྱི་རྫས་ནི་ལན་ཚྭ་ལ་སོགས་པ་དང་འདྲེས་པའོ། །ངུར་ཁྲོད་ཀྱི་མེ་ནི་དུར་ཁྲོད་ཀྱི་མེའི་འོ་བས་ལའོ། །གདུང་པ་ནི་གདུང་པར་བྱའོ། །དེ་ལྟར་བྱས་ན་ཀླུ་ནི་འཇོག་པོ་ལ་སོགས་པའོ། །ཆར་འབེབས་པར་འགྱུར་རོ་ཞེས་པ་ནི་ཆར་ཆེན་པོ་འབབ་པར་འགྱུར་རོ། །ཀུན་དུ་ངེས་པར་སྒྲོགས་པའོ་ཞེས་པ་ནི་ནམ་མཁའ་མ་ལུས་ཁྱད་པའོ་།རྡོ་རྗེའི་སྒྲ་ནི་མི་ཕྱེད་པའི་ཧ་ཏ་དགོད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བ་འདིས་ནི་འདོད་པའི་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་བསྟན་ཏོ། །མཐུ་ཆེན་པོ་དང་ལྡན་པའི་བགེགས་རྣམས་སོ་ཞེས་བྱ་བ་འདིས་ནི་མིག་འཕྲུལ་དང་ལྡན་པ་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་ཕྱོགས་སྐྱོང་བ་རྣམས་སོ། །དེ་འཆིང་བར་བྱེད་པས་ན་འགུགས་པར་བྱེད་པ་སྟེ་བཅིངས་པའི་དོན་བསྟན་ཏོ། །དེ་ཉིད་གཙོ་བོ་ཡིན་པས་ན་ཞེས་པ་ལ་ཐུན་མོང་ཡིན་པའི་ལས་བྱེད་པས་སོ། །སྔགས་ཀྱི་བདག་ཉིད་ཅན་ཞེས་པ་ནི་བརྗོད་པར་བྱ་བ་དང་བརྗོད་པར་བྱེད་པར་དབྱེར་མེད་པས་ཁྲོ་བོ་ནི་སྔགས་ཀྱི་བདག་ཉིད་ཅེས་བྱའོ། །ན་མ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །མིང་བཏུས་པ་ཞེས་པ་ནི་སྔགས་ཀྱི་བརྡའོ། །དེ་ཡང་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ཚད་མ་ཉིད་དུ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སྔགས་བཟླས་པ་དང་ཐོས་པ་ཙམ་གྱིས་གདུག་པ་རྣམས་འཇིགས་པ་དང་བཅས་པ་དང༌། རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པར་འགྱུར་རོ་ཞེས་བསྟན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་གང་ཡང་རུང་བའི་རྫས་ཀྱི་ས་ལ་སོགས་པས་བསྒྲུབ་བྱའི་གཟུགས་བརྙན་བྲིས་ལ་དེའི་སྙིང་གའི་ཕྱོགས་སུ་མིང་སྤེལ་ནས། རྒྱལ་པོ་ལ་སོགས་པའི་བསྒྲུབ་པར་ཤེས་པ་བཀུག་ལ་དེར་བཅུག་སྟེ་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་མངོན་དུ་བྱས་པ་སྔོན་


DTG033_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲོ་བས་འདོད་པའི་རྒྱལ་པོའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པས་རྡོ་རྗེ་ལྕགས་ཀྱུ་བཀོད་པའི་རྐང་པ་གཡས་པས་དེ་མནན་ཞིང་ཇི་སྲིད་རྒྱལ་པོ་ལ་སོགས་པ་དེ་སྲིད་འགུགས་པར་བཟླས་པར་བྱའོ། །ཡེ་ཤེས་ཀྱི་ཕྲེང་བའི་ཆུ་ཞེས་བྱ་བ་ལ་སོགས་པས་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་དུ་བསྟན་ཏོ། །སྔགས་ཀྱི་བདག་ཉིད་ཅན་ཞེས་པ་ནི་ཁྲོ་བོའི་སྐུ་དང་སྔགས་དག་དབྱེར་མེད་པས་སོ། །ན་མ་ཞེས་བྱ་བ་ལ་སོགས་པས་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །སྭཱ་ཧཱ་ར་ལྡན་ཞིང་ཞེས་བྱ་བ་ལ་སོགས་པས་སྔགས་ཀྱི་བརྡ་བསྟན་ཏོ། །མགོ་མེད་ཅེས་པ་ནི་ཨོཾ་ཞེས་བྱ་བ་མགོ་བོ་དང་བྲལ་པས་སོ། །བགེགས་རྣམས་ལོང་བར་བྱེད་པའོ་ཞེས་པ་ནི་འཇིགས་པ་ཆེན་པོས་མིག་ལོང་བསྐྱེད་པར་བྱེད་པས་སོ། །ཉོན་མོངས་པ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པའོ། །ཡང་ན་ཐམས་ཅད་ནི་འཇིག་རྟེན་པ་རྣམས་ཀྱི་ཉོན་མོངས་པ་ནི་ནད་ལ་སོགས་པ་དེ་མི་བཟོད་པ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སྔགས་བརྗོད་པ་དང་ཐོས་པས་དབང་ཕྱག་ཆེན་པོ་ལ་སོགས་པ་རྣམས་ཀྱང་འཇིགས་པ་དང་ལྡན་པ་དང་རྡོ་རྗེ་འཆང་ཆེན་པོ་ལ་སྐྱབས་སུ་འགྲོ་བ་ཉིད་དུ་བསྟན་ཏོ། །འདི་ཡིས་ཞེས་བྱ་བ་ལ་སོགས་པ་སྔགས་བྲིས་པའི་འཁྲུལ་འཁོར་གྱི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཡང་འགུགས་པར་འགྱུར་རོ་ཞེས་བསྟན་ཏོ། །སྔོན་དུ་བསྙེན་པ་སྔགས་འབུམ་ཕྲག་གཅིག་བཟླ་ཞིང་ཡང་གྲོ་ག་ལ་སོགས་པ་གི་ཝང་དང་ཙནྡན་དང་གུར་གུམ་དང་ག་པུར་དང་གླ་རྩི་ལ་སོགས་པ་དེ་མེད་ན་ཐ་མལ་པའི་རྫས་ཀྱིས་དབང་ཕྱུག་ཆེན་པོ་ལ་སོགས་པའི་གཟུགས་བརྙན་མིང་དང་སྤེལ་བར་བྱས་ལ། དེ་དང་འདྲ་བའི་འཁྲུལ་འཁོར་གཉིས་པས་ཁ་སྦྱར་ལ་སྔ་མ་བཞིན་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དགོད་པ་རྡོ་རྗེ་ལྕགས་ཀྱུས་མཚན་པའི་གཡོན་བརྐྱང་པའི་རྐང་པས་མནན་ཅིང་མཚམས་གསུམ་དུ་བརྒྱ་རྩ་བརྒྱད་བཟླས་པ་བྱས་པས་དབང་ཕྱུག་ཆེན་པོ་ལ་སོགས་པ་འགུགས་པར་འགྱུར་རོ། །རྡོ་རྗེ་འཆང་གི་བཀའ་ཞེས་པ་ནི་རྡོ་རྗེ་འཆང་གི་བཀའ་ལུང་ངོ༌། །དེ་ཉིད་མི་ཕྱེད་པས་ན་ཞེས་པ་ནི་བགེགས་ཐམས་ཅད་ཀྱིས་མི་འདའ་བས་སོ། །དེའི་མིང་ཅན་ཞེས་པ་ནི་དེའི་མིང་ཅན་ཏིང་ངེ་འཛིན་ཏོ། །


DTG033_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་མཐའ་མེད་པའི་སྔགས་ཀྱི་བརྡ་བསྟན་ཏེ་སྭཱ་ཧཱ་མེད་པས་སོ། །དེའི་དོན་ན་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་སྔགས་ཀྱི་བཤད་པ་ནི་གོ་སླའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་སྦྱོར་བ་བསྟན་ཏེ། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པས་སེམས་དཔའ་གསུམ་གྱི་བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་ཚོགས་བསྒོམ་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་སྤྲོ་ཞིང་དེ་ཉིད་ལྕགས་ཀྱུའི་རྣམ་པར་ཡོངས་སུ་གྱུར་ནས་བསྒྲུབ་བྱའི་ཡེ་ཤེས་སེམས་དཔའི་འོད་ཟེར་གྱི་སྦྱོར་བས་བཀུག་ལ་གནོན་མཛེས་ཀྱི་རྒྱལ་པོས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་དྲངས་པ་ཞགས་པ་དང་ལྕགས་ཀྱུ་དག་གིས་མགུལ་པ་བཅིངས་ཤིང་སྤྱི་བོར་བཏབ་ལ། མདུན་དུ་ཕྱིན་ནས་རང་གི་ཡེ་ཤེས་སེམས་དཔའི་སྙིང་གར་འཇུག་པར་བྱའོ། །དེའི་ཚེ་ངེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནུས་པ་འགུགས་པར་འགྱུར་རོ། །དེ་ཡང་ལེའུ་བཅུ་པ་ལས་ཐབས་བཞིའི་རིམ་པ་བསྟན་ཏོ། །རིམ་པ་འདི་ཉིད་ཀྱིས་ལྷ་ལ་སོགས་པ་རྣམས་ཀྱི་ཡང་བུ་མོ་འགུགས་པར་འགྱུར་རོ་ཞེས་བྱའོ། །དེ་ཉིད་བསྟན་པའི་ཕྱིར་བུ་བོ་ཞེས་བྱ་བ་འདི་ཉེ་བར་མཚོན་པ་ཙམ་ཞེས་བསྟན་ཏོ། །ནང་གི་བདག་ཉིད་ལ་གཞོལ་བ་ཞེས་བྱ་བ་ནི་ཕྱི་རོལ་གྱི་རྫས་ལ་མི་ལྟོས་པ་ལ་འཇུག་པའི། །དེ་ནས་ཞེས་བྱ་བ་ནས་སྐུ་དགུག་པའི་ཞེས་པའི་བར་དུ་ནི་སངས་རྒྱས་དགུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་བསྟན་ཏོ། །དང་པོ་རྡོ་རྗེ་འཆད་ཆེན་པོ་ལ་སོགས་པའི་སྐུ་དམིགས་པ་སྔོན་དུ་འགྲོ་བ་རང་གི་སྙིང་གནས་ཞགས་པ་དང་ལྕགས་ཀྱུའི་རྣམ་པའི་འོད་ཟེར་རྣམས་བསྒྲུབ་བ་བྱའི་ལུས་ལ་སོགས་པ་ལ་འཇུག་ན་དེའི་ཚེ་ལུས་ཀྱང་འགུགས་པར་འགྱུར་རོ་ཞེས་བསྟན་ཏོ། །འདིར་བསྒྲུབ་པར་དཀའ་བ་ནི་ཚངས་པ་ལ་སོགས་པ་འཇིག་རྟེན་པའི་ལྷ་དང་འཇིག་རྟེན་ལས་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་སྒྲུབ་བ་པོ་ལ་མི་གཟིགས་པ་ཞེས་བྱའོ། །སྟོན་པ་ཞེས་བྱ་བ་ནས་ཁུགས་པར་འགྱུར་རོ་ཞེས་པའི་བར་དུ་ནི་སྔར་བཤད་བའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་འཆང་གི་སེམས་དགུག་པ་བསྟན་ཏོ། །འཁོར་ལོ་ཞེས་བྱ་བ་ནས་དགུག་སྟེ་


DTG033_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་བར་དུ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་རིམ་པ་ཇི་ལྟ་བ་བཞིན་དུ་རང་གི་སྐུ་བསྒོམས་ལ་རང་གི་སྙིང་ག་ལས་སྤྲོས་པའི་འོད་ཟེར་གྱི་ཚོགས་འཁོར་ལོ་དང་པདྨ་དང་རིན་པོ་ཆེ་དང་རལ་གྲིའི་རྣམ་པ་ཡོངས་སུ་གྱུར་པ་བསྒྲུབ་བྱའི་སྙིང་གར་བཅུག་པས་དགུག་པར་བྱའོ་ཞེས་བསྟན་ཏོ། །རྡོ་རྗེ་སེམས་དཔའ་ཆེན་པོའི་རྣལ་འབྱོར་པས་ཞེས་བྱ་བ་ནས་ངེས་པར་འགུགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་རྡོ་རྗེ་འཆང་གི་ཏིང་ངེ་འཛིན་མངོན་དུ་བྱས་ལ། ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེའི་སྟེང་དུ་རྒྱལ་པོའི་བཙུན་མོ་བཞག་པར་བསམས་ལ་རང་གི་སྙིང་ག་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྡོ་རྗེ་ལྕགས་ཀྱུའི་རྣམ་པ་ཅན་དེའི་སྙིང་གར་བཅུག་པས་དགུག་པར་བསམ་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཅེས་པ་ནས་དགུག་པར་བྱའོ་ཞེས་བྱ་བའི་བར་དུ་རྣམ་པར་སྣང་མཛད་ཀྱི་རྣམ་པ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པ་བརྒྱ་བྱིན་གྱི་ཆུང་མ་རླུང་གི་དཀྱིལ་འཁོར་གྱིས་ཁྱེར་བ་བདུད་རྩི་འཁྱིལ་པས་དྲངས་པར་བསྒོམས་ཏེ། མདུན་དུ་ཕྱིན་པ་བསམ་པར་བྱའོ་ཞེས་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་དགུག་པར་བྱའོ་ཞེས་བསྟན་ཏོ། །ལན་གྲངས་ལྔ་བཅུ་བརྗོད་ནས་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་རྣམ་པ་གཉིས་སུ་བྱས་ནས་བརྒྱར་འགྱུར་རོ། །བརྒྱ་བཟླས་པ་ནི་བརྒྱ་རྩ་བརྒྱད་བཟླས་པ་ཡིན་ནོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནས་དགུག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་མི་བསྐྱོད་པའི་རྣལ་འབྱོར་པས་འདོད་པའི་རྒྱལ་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལྕགས་ཀྱུ་ལ་གནས་པའི་ལྷའི་བུ་མོ་བསམས་ཏེ་རྡོ་རྗེ་ལྕགས་ཀྱུའི་སྦྱོར་བ་དེ་ཉིད་ཀྱིས་དགུག་པར་བསམ་པར་བྱའོ། །དེའི་ཚེ་འགུགས་པར་འགྱུར་རོ་ཞེས་བསྟན་ཏོ། །རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ནས་དགུག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཐུགས་རྡོ་རྗེ་འཆང་གི་ཏིང་ངེ་འཛིན་མངོན་དུ་འགྱུར་བ་སྔོན་དུ་འགྲོ་བས་རང་གི་སྟིང་གནས་སྔར་བཤད་པའི་ཁ་དོག་དང༌། དབྱིངས་དང་ལྡན་པའི་གནོད་མཛེས་ཀྱི་རྒྱལ་པོ་སྤྲོས་ལ། དེས་ཞགས་པ་དང་ལྕགས་ཀྱུ་དག་གིས་ལྷ་མ་ཡིན་གྱི་བུ་མོ་བཅིངས་ནས་སྙིང་གར་བརྡེགས་ལ་རླུང་གི་དཀྱིལ་འཁོར་གྱིས་དྲངས་


DTG033_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམས་ན་དེའི་འགུགས་པར་འགྱུར་རོ་ཞེས་བསྟན་ཏོ། །བཙག་གམ་ཞེས་བྱ་བ་ནས་ངེས་པར་འགྱུར་རོ་ཞེས་པའི་བར་དུ་ནི་བཙག་ནི་རྡོ་རྗེ་ལྕགས་ཀྱུ་ལྟ་བུའི་རྣམ་པ་བྱས་ནས་ཟླ་བ་གཟས་ཟིན་པའི་དུས་སུ་སྙོམས་བར་ཞུགས་པའི་ཚེ་ཕྱག་རྒྱའི་ཆོས་འབྱུང་གི་ནང་དུ་བཅུག་ལ་ཇི་སྲིད་ཟླ་བ་བཏང་བ་དེ་སྲིད་དུ་བཟླ་བར་བྱའོ། །དེའི་འོག་ཏུ་དེ་ལས་ལངས་ལ་བསྒྲུབ་བྱའི་མིང་བྲིས་ཏེ། སྲུང་བའི་འཁོར་ལོས་བསྲུང་ཞིང་མངོན་པར་འདོད་པ་གང་ཡིན་པ་དེ་དགུག་པར་བྱའོ་ཞེས་བསྟན་ཏོ། །རྣམ་པ་ཐམས་ཅད་ཅེས་བྱ་བ་ནས་ཉེ་བར་སྡུད་པའོ་ཞེས་བྱ་བའི་བར་དུ་ནི་རེ་ཞིག་དང་པོ་བསྐྱེད་པའི་རིམ་པས་འཇམ་པའི་རྡོ་རྗེའི་བདག་ཉིད་བསྒོམས་ལ་རང་གི་སྙིང་གནས་ནས་གཤིན་རྗེ་མཐར་བྱེད་སྤྲོ་ཞིང་དེ་ཡོངས་སུ་གྱུར་བ་ལས་མེའི་དཀྱིལ་འཁོར་དེ་ལ་ཟླ་བའི་འོད་ལ་སོགས་པ་མངོན་པར་འདོད་པའི་གནོད་སྦྱིན་མ་བཞག་སྟེ་རླུང་གི་དཀྱིལ་འཁོར་གྱིས་ཁྱེར་བ་གཤིན་རྗེ་མཐར་བྱེད་དེ་ཉིད་ཀྱིས་དྲངས་པ་བསམ་པར་བྱེད་ན་དེའི་ཚེ་འགུགས་པར་འགྱུར་རོ་ཞེས་བསྟན་ཏོ། །ཕྱག་རྒྱ་ཆེན་པོ་གཉིས་ཀྱི་དབྱེ་བས་སོ་ཞེས་བྱ་བ་ལ་སོགས་པས་དགུག་པ་ལ་སོགས་པ་སྔར་བཤད་པ་གང་ཡིན་པ་དེ་རྣམས་རྣམ་པ་གཉིས་ཀྱི་ཕྱག་རྒྱ་ཆེན་པོའི་སྐུ་དམིགས་པ་དང༌། །རྣམ་པ་གཉིས་ཀྱིས་བཟླས་པ་བྱས་ནས་དགུག་པར་བྱའོ། །འདིར་སྔགས་ཀྱི་སྐུ་དང༌། ཡེ་ཤེས་ཀྱི་སྐུ་སྟེ་རྣམ་པ་གཉིས་སོ། །ངག་གི་བཟླས་པ་དང་རྡོ་རྗེ་བཟླས་པ་ཞེས་བྱ་བ་ནི་བཟླས་པ་གཉིས་སོ། །དེ་ཡང་རིམ་པ་གཉིས་ཀྱི་རྣལ་འབྱོར་པ་ལ་ལྟོས་ནས་བཤད་པར་བྱའོ། །དེ་སྤོང་བས་གང་སྒྲུབ་པར་བྱེད་པ་དེ་འཇིག་པ་ནི་དངོས་གྲུབ་ཐོབ་པར་མི་འགྱུར་རོ་ཞེས་བསྟན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནས་དམིགས་པར་བྱའོ་ཞེས་བྱ་བའི་བར་དུ་ལས་ཀྱི་ཚོགས་སྔར་བཤད་པ་གང་ཡིན་པ་དེ་རྣམས་བྱ་བའི་དུས་སུ་སྐད་ཅིག་མ་རེ་རེ་དོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དམིགས་པར་བྱ་སྟེ། དེ་ནི་ཐམས་ཅད་ཀྱི་མཆོག་ཡིན་པས་སོ་ཞེས་བསྟན་པའོ། །ལྔ་པོ་རྣམས་ཀྱི་རྟེན་དུ་གྱུར་པའི་ཕྱིར་ཞེས་པ་ནི་དེ་རྣམས་སྐྱེད་པར་བྱེད་པའི་ཕྱིར་རོ། །ཡང་དང་ཡང་དུ་བསྐུལ་བར་བྱ་ཞིང་ཞེས་པ་ནི་སྐད་ཅིག་མ་རེ་རེ་བསྒོམ་པར་བྱའོ། །ཅིའི་ཕྱིར་ཞེ་ན་ཞེས་པ་ནི་གཏན་ཚིགས་སོ། །གང་གི་ཕྱིར་དེ་བཞིན་


DTG033_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་ནང་ན་རྟག་པ་སྟེ་རང་བཞིན་གྱི་རྟག་པ་ཆོས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་རེ། །གསལ་བར་བྱེད་པ་ནི་སྤྲོ་བར་བྱེད་པའོ། །ལས་ཐམས་ཅད་ཅེས་པ་ནི་ཞི་བ་ལ་སོགས་པ་ལའོ། །གནས་སྐབས་ཐམས་ཅད་དུ་དམིགས་པར་བྱའོ་ཞེས་པ་ནི་སྤྱོད་ལམ་བཞི་ལ་དེ་ཉིད་བསྟེན་པར་བྱ་བའི་རིགས་སོ། །ཇི་སྐད་དུ། སྦྱོར་བ་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཁམས་གསུམ་པ་ནི་མ་ལུས་འདི། །དེ་ནི་ལོངས་སྤྱོད་ཐམས་ཅད་ཡིན། །ཞེས་འབྱུང་ངོ༌། །དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་དུ་བསྟན་ཏོ། །ནམ་མཁའ་ལྟར་ཐོག་མ་དང་ཐ་མ་མེད་པའོ་ཞེས་པ་ནི་ཆོས་ཀྱི་སྐུ་ལ་ངོ་བོ་ཉིད་རྟོགས་པས་ཐོག་མ་དང་ཐ་མ་དང་སྐྱེ་བ་དང་འཇིག་པ་མེད་དེ། སྐྱེ་དང་གནས་དང་འཇིག་པའི་ཉེས་པ་དང་བྲལ་བ་ཞེས་འབྱུང་བས་སོ། །སྣ་ཚོགས་རྡོ་རྗེ་ཞེས་པ་ནི་སྣ་ཚོགས་རྡོ་རྗེས་བྱིན་གྱིས་བརླབས་པའི་ལས་ཀྱི་མཚན་ཉིད་གང་ལ་ཡོད་པ་དེ་ལ་དབྱེར་མེད་པའི་ཏིང་ངེ་འཛིན་དེ་སྐད་ཅེས་བྱའོ། །གནས་སྐབས་ཀྱི་ཁྱད་པར་ལ་ཞེས་པ་ནི་སེམས་རྩེ་གཅིག་པ་ཉིད་ལ་བཞུགས་ནས་སོ། །འཆད་པར་འགྱུར་བ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་རང་བཞིན་གྱི་རལ་པ་གཅིག་མའི་སྔགས་བསྟན་ཏོ། །རལ་པ་གཅིག་གང་ལ་ཡོད་པ་དེ་ནི་ཐོར་ཚུགས་གཅིག་མ་སྟེ། ཕྱི་རོལ་གྱི་མཁའ་འགྲོ་མ་རྣམས་བསྐྲད་པའི་དོན་དུ་སྤྲུལ་པའོ། །སྔགས་ཀྱི་བདག་ཉིད་ཅན་ཞེས་པ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དབྱེར་མེད་པས་སོ། །དམ་ཚིག་ཆེན་པོ་གཞན་གྱིས་མི་ཐུབ་པའི་ཞེས་པ་ནི་དེའི་རིགས་ལས་བྱུང་བ་དང་སྲིན་པོ་ལ་སོགས་པ་ལས་རྒྱལ་བའི་ཕྱིར་རོ། །དེའི་དཀྱིལ་འཁོར་པ་རྣམས་མོ་ཞེས་པ་ནི་དམ་ཚིག་གི་རིགས་ཀྱི་འཁོར་རྣམས་སོ། །དེ་རྣམས་ཀྱི་གཙོ་བོ་སྟེ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་བཙུན་མོ་ཡིན་པས་སོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་སྔགས་ཀྱི་དོན་ནི་གོ་སླའོ། །རིག་པ་འདི་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གང་གི་ཚེ་རིག་པ་འདི་གསུངས་པ་དེའི་ཚེ་ཀླུའི་རྒྱལ་པོ་འཇོག་པོ་ལ་སོགས་པ་དང་གཟུགས་


DTG033_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་མ་ལ་སོགས་པའི་ཀླུ་མོ་རྣམས་འགུགས་པར་འགྱུར་རོ་ཞེས་རིག་པའི་མཐུ་བསྟན་ཏོ། །དེ་ལ་འདིར་ཆོག་འདི་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ཀླུ་དང་ཀླུ་མོ་རྣམས་དགུག་པའི་སྦྱོར་བ་བསྟན་ཏོ། །སྐྱེས་པའི་ཐོད་པ་ལ་ཞེས་པ་ནི་རོ་ལངས་ཀྱི་ཆོགས་བླངས་པ་ལའོ། །བཙག་ཅེས་པ་ནི་དགོངས་པས་བཤད་པས་རང་འབྱུང་གི་མེ་ཏོག་གིས་སོ། །ཇི་སྐད་དུ། སྣ་དུང་མཚལ་ཆེན་དང་ལྡན་པ། །སྨེ་ཤ་ཅན་མ་སྐལ་མེད་གང༌། །དེ་ལ་ཟླ་བ་རེ་ལས་འབྱུང༌། །ཁྲག་ནི་མེ་ཏོག་ཅེས་སུ་བཤད། །ཅེས་འབྱུང་ངོ༌། །རླུང་གི་དཀྱིལ་འཁོར་ཞེས་པ་ནི་ཟླ་གམ་དང་འདྲ་བ་བ་དན་གྱིས་མཚན་པའོ། །ནོར་རྒྱས་ལ་སོགས་པའི་ཀླུའི་གཟུགས་བརྙན་གང་ཡང་རུང་བའི་གཟུགས་ཞེས་པ་ནི་སྒྲུབ་པ་པོའི་དགོངས་པའི་དབང་གིས་ཞེས་བྱ་བའོ། །མིང་དང་སྤེལ་བ་དང་བཅས་པ་ནི་དགུག་པའི་ས་བོན་དང་བཅས་པས་མིང་དང་བཅས་པའོ། །སྔགས་བཟླས་བརྗོད་བྱས་ནས་ཞེས་པ་ནི་ཆེ་གེ་མོ་ཀླུ་ཨཱ་ཀཪྵ་ཡ་ཧྲི་ཞེས་བྱ་བ་དང་ལྡན་པ། རལ་བ་གཅིག་མའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་ཀླུ་དང་ཀླུ་མོ་རྣམས་དབང་དུ་འགྱུར་རོ། །ཆོ་ག་ཞེས་བྱ་བ་ལ་སོགས་པས་ཀླུ་མོ་དགུག་པ་ཡང་བུད་མེད་ཀྱི་ཐོད་པ་ལ་ཐམས་ཅད་དེ་ལྟར་བྱའོ་ཞེས་བསྟན་ཏོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་བསྡུས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་དུ་བསྟན་ཏོ། །ནམ་མཁའི་དམ་ཚིག་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་རང་བཞིན་འོད་དཔག་ཏུ་མེད་པའོ། །འོད་དཔག་ཏུ་མེད་པ་ཞེས་བྱ་བ་ལ་སོགས་པས་སྨིན་མ་བསྡུ་བ་དང་བཅས་པའི་འཇིགས་པས་ཁྲོ་གཉེར་མའི་གཟུགས་བསྟན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པས་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །རྐུན་མ་ལ་སོགས་པས་བྱས་པ་ཞེས་པ་ནི་གླང་པོ་ལ་སོགས་པས་བྱས་པའི་འཇིགས་པ་བརྒྱད་དམ་བཅུའོ། །འཇིགས་པ་ནི་དེ་འཇིགས་པའོ། །དགྲ་ནི་ཕ་རོལ་གྱི་དཔུང་ངོ༌། །འཇིགས་པར་མཛད་པ་ནི་རྨོངས་པར་མཛད་པའོ། །འཇིགས་པའི་གཟུགས་ཅན་ཞེས་པ་ནི་གདུལ་དཀའ་གདུལ་བར་བྱ་བའི་ཕྱིར་མངོན་དུ་འཇིགས་པའི་གཟུགས་ཅན་ནོ། །བཀའ་བསྒོ་བ་ཞེས་པ་ནི་བཅོམ་ལྡན་


DTG033_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རྡོ་རྗེ་འཆང་བཀའ་བསྒོ་བར་མཛད་པའོ། །གློག་ལྟར་གཡོ་བའི་གཟུགས་ཅན་ཞེས་པ་ནི་ཐོག་བཞིན་དུ་སྣང་བས་སོ། །དེ་བས་ན་བགེགས་རྣམས་བཅོམ་པའི་ཕྱིར་འབྲུག་ལྟར་སྒྲ་སྒྲོགས་པའོ། །དྲི་མ་དན་པ་མ་ལུས་པ་ནི་འདོད་ཆགས་ལ་སོགས་པའི་དྲི་མ་རྣམས་སོ། །དེ་དང་བྲལ་བ་ནི་དེ་མེད་པས་ཤེལ་ཏེ་དྲི་མ་དག་པའི་གོས་བཞིན་ནོ། །འདོད་ཆགས་རྣམ་པར་དག་པ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་རང་བཞིན་ཡིན་པས་སོ། །གང་གི་མགོ་ལ་ཡོད་པ་ཞེས་པ་འདིས་ཁྲོ་གཉེར་མ་འོད་དཔག་ཏུ་མེད་པའི་རིགས་དང་ལྡན་པར་བསྟན་ཏོ།། སྔར་བཤད་པའི་འཇིགས་པ་དང་བྲལ་བས་བྷ་ཤ་ན་ཡ་ཞེས་བྱ་བ་ལ་སོགས་པ་ཀུན་ཀྱང་བོད་པའི་ཚིག་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་མའི་བོད་པའི་ཚིག་གོ །རིག་པ་ཞེས་བྱ་བ་ལ་སོགས་པས་ཁྲོ་གཉེར་མའི་སྔགས་ཐོས་པས་རིག་པ་འཛིན་པའི་བུ་མོ་ཆགས་པའི་མེས་བསྲེག་པར་འགྱུར་པའི་སྙིང་དང་ལྡན་པས་སྒྲུབ་པ་པོ་རྙེད་པའི་ཕྱིར་འོད་དཔག་ཏུ་མེད་པ་དྲན་པར་འགྱུར་རོ་ཞེས་བསྟན་ཏོ། །སྔགས་ཀྱི་མཐུ་བསྟན་པར་བྱ་བའི་ཕྱིར། །གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ནི་མཛེས་པ་ལ་སོགས་པས་ལུས་བརྒྱན་པའོ། །རྣ་རྒྱན་འཆང་ཞིང་གཡོ་བར་འགྱུར། །ཞེས་བྱ་བ་ནི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བའི་ཐ་ཚིག་གོ །མཆོག་གི་ཁྱད་པར་གྱིས་ཞེས་བྱ་བ་ལ་སོགས་པས་དེ་མ་ཐག་ཏུ་བཤད་པའི་རིག་པ་དང་རྟོག་པ་ལས་གསུངས་པའི་ཆོ་གས་ཀྱང་དགུག་པར་བྱའོ་ཞེས་བསྟན་ཏོ། །འདིར་ཞེས་བྱ་བ་ལ་སོགས་པས་སྦྱོར་བ་བསྟན་ཏོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་བསྐྱེད་པའི་རིམ་པ་ཙམ་གྱིས་ལས་ཀྱི་རྒྱལ་བ་མཆོག་བསྟན་པའི་ཕྱིར་རོ། །འགོག་པ་ཞེས་བྱ་བ་ནས་དགོངས་པས་བཤད་པའོ་ཞེས་པའི་བར་དུ་ནི་འཇིག་པ་ལ་སོགས་པའི་ཡི་གེ་གསུམ་ཡན་ལག་མ་ཉམས་པར་བཟླས་ནས་སྔར་བཤད་པའི་སྔགས་རྣམས་ཀྱིས་ཞི་བ་ལ་སོགས་པའི་ལས་རྣམས་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ཁོ་ན་ཉིད་ལ་འཇུག་པས་འབད་རྩོལ་མེད་པས་སྔགས་འགྲུབ་པར་འགྱུར་ཏེ། སྔགས་ཀྱི་རང་བཞིན་ཡོངས་སུ་ཤེས་པས་སོ། །དེ་ཉིད་ཀྱི་ཕྱིར་རིང་པོར་མི་ཐོགས་པས་ནི་མྱུར་དུ་


DTG033_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བསྟན་ཏོ། །དགོངས་པ་ནི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པས་ལྐོག་མ་ལ་སོགས་པའི་གནས་བཞི་ལ་མེ་ལ་སོགས་པའི་དཀྱིལ་འཁོར་བསྒོམས་ཏེ། དེ་རྣམས་རེ་རེ་ལ་འཇུག་པ་ལ་སོགས་པའི་རིམ་པས་ཡི་གེ་གསུམ་བཟླ་ཞིང་དེའི་འོག་ཏུ་གཡོན་བ་དང་གཡས་པ་དང་གཉི་ག་དང་དལ་བུས་དམན་པར་རྒྱུ་བས་དམར་པོ་ལ་སོགས་པའི་འོད་ཟེར་སྤྲོ་ཞིང་སྣའི་རྩེ་མོར་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་འཛིན་པས་དབང་པོ་ལ་སོགས་པས་འགྲུབ་པར་འགྱུར་རོ། །དགོངས་པ་ལས་བཤད་པ་ནི་འགལ་བའི་སྒྲའི་སྒོ་ནས་དེ་ཁོ་ན་ཉིད་བསྟན་པས་སོ། །སྔགས་ལ་མཆོག་ཏུ་གཞོལ་བ་ཞེས་བྱ་བ་ནས་དབེན་པའི་གནས་དག་ཏུ་ཞེས་པའི་བར་དུ་ནི་ལས་དང་པོ་པས་སྔར་བཤད་པའི་ཁྲོ་བོའི་སྔགས་འབུམ་བཟླས་པས་རི་བོ་ལས་སོགས་པ་དབེན་པར་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །མངོན་སྤྱོད་ཅེས་བྱ་བ་ལ་སོགས་པས་གསོད་པའི་ལས་ཀྱི་ཡུལ་བསྟན་ཏོ། །བླ་མ་ལ་སྨོད་པ་ཞེས་པ་ནི་དབང་བསྐུར་བའི་བླ་མ་ལ་སྨོད་པའོ། །རྡོ་རྗེ་སློབ་དཔོན་སྨོད་པ་ནི་ཆོས་བསྟན་པ་སྨོད་པར་བྱེད་པའོ། །རྡོ་རྗེ་ཐེག་པ་སྤོང་བ་ནི་དེའི་བསྟན་བཅོས་སྨད་པར་བྱས་པའོ། །དེ་དག་ནི་དམུ་རྒོད་ཀྱི་རིགས་ཅན་ཉན་ཐོས་པ་རྣམས་སོ། །སྡིག་པ་བྱེད་པ་གཞན་དག་ནི་མ་གསོད་པ་ལ་སོགས་པའི་མཚམས་མེད་པའི་ལས་བྱེད་པའོ། །གསད་པར་བྱ་བ་ཞེས་པ་ནི་ངེས་པར་གཟུང་བ་དང་བཅས་པའི་ཚིག་སྟེ་གསད་པར་བྱ་བ་ཁོ་ནའོ། །ཡང་ན་བསྒྲད་པ་ནི་རང་གི་གནས་ནས་དགར་བར་བྱའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལས་འདི་བྱེད་པས་ན་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣལ་འབྱོར་པས་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །ཕ་རོལ་འཚེ་བས་ཇི་ལྟར་འགྲུབ་པར་འགྱུར་རོ་ཞེས་རྟོག་པར་མི་བྱ་སྟེ། གང་གི་ཕྱིར་བསམ་པའི་ཁྱད་པར་ལས་ལྡང་བའི་དགེ་བ་འམ་མི་དགེ་བའི་ལས་ཀྱི་འབྲས་བུའི་ཁྱད་པར་སྒྲུབ་པར་བྱེད་དོ། །དེ་ལ་སྙིང་རྗེ་ཆེན་པོ་དང་ལྡན་པའི་བསམ་པས་མཚམས་མེད་པར་བྱེད་པ་དམྱལ་བ་ལས་གདོན་པའི་ཕྱིར་སྔགས་དང་ཕྱག་རྒྱའི་རིམ་པས་གལ་ཏེ་འཚེ་བར་བྱེད་པ་དང་མི་བསྐྱོད་པ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ལ་གཞག་པར་བྱེད་ན་དེའི་ཚེ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་འབྱུང་བར་


DTG033_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་པས་སྡིག་པར་ཇི་ལྟར་འགྱུར་ཞེས་ཤིན་ཏུ་ཕལ་ཆེར་ཐལ་བས་ཆོག་གོ །གསད་པར་བྱ་བ་དེ་རྣམས་ཀྱི་ཞེས་བྱ་བ་ནི་འཚེ་བར་བྱེད་པ་རྣམས་ཀྱིའོ། །ཁ་སྦྱར་དབྱེ་བ་ནི་སྙིང་གའི་པདྨ་དབྱེ་བའོ། །ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པས་གདུག་པའི་བདག་ཉིད་ཀྱི་སེམས་ཅན་གྱི་ཁམས་བསྒོམ་པས་གསོད་པར་བྱའོ་ཞེས་བསྟན་ཏོ། །སྦྱོར་བ་བསྟན་པ་ཞེས་བྱ་བ་ནས་གསལ་བར་བྱ་ཞེས་བྱ་བའི་བར་དུ་ནི་བདུད་རྩི་ལྡས་དགྲའི་གཟུགས་བརྙན་བྱས་ལ་དེའི་སྙིང་གར་མིང་སྤེལ་ཏེ་མངོན་སྤྱོད་ཀྱི་རྫས་ཀྱི་བསྐུལ་ཞིང་ཉི་མའི་དཀྱིལ་འཁོར་ལ་གནས་པའི་སྣ་ཚོགས་རྡོ་རྗེས་མཚན་པའི་རྐང་པ་གཡས་པས་མནན་ཞིང་སྔོན་གྱི་བསྙེན་པ་བྱས་པའི་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ན་བསྒྲུབ་བྱ་འཆི་བར་འགྱུར་རོ། །འདིར་ཐུགས་རྡོ་རྗེའི་རྣལ་འབྱོར་བ་བདུད་རྩི་ལྡས་བྱུགས་པའི་གོས་དང་ལྡན་པ་ལས་བྱ་བ་དང་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་ཆུ་དྲོན་གྱིས་གཤེར་པའི་གོས་གོན་པ་དང་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པ་བཤད་གཅིས་གཤེར་བའི་གོས་གོན་པ་དང་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པ་ཐལ་བའི་ཆུས་གཤེར་བའི་གོས་གོན་པ་དང༌། དོན་ཡོད་གྲུབ་པའི་རྣལ་འབྱོར་པ་ཡང་བཤང་གཅིས་གཤེར་བའི་གོས་གོན་པ་དང༌། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པ་ཡང་ཐལ་བའི་ཆུས་གཤེར་བའི་གོས་གོན་པས་ལས་བྱའོ། །དེ་བཞིན་དུ་རྣལ་འབྱོར་པ་དེ་རྣམས་ཀྱིས་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོའི་ང་རྒྱལ་ལ་དམིགས་ཏེ། སྔ་མ་བཞིན་དུ་གཟུགས་བརྙན་མནན་ཞིང་གདུག་པ་རྣམས་གསད་པར་བྱའོ་ཞེས་བསྟན་ཏོ། །གཟུགས་ཅན་མ་ཡིན་པའི་ནམ་མཁའ་ཡང་ཞེས་པ་ནི་གལ་ཏེ་གདུག་པ་ཡིན་ན་དེའི་ཚེ་དེ་ཡང་གསོད་པར་འགྱུར་རོ། །གཟུགས་ཅན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་ནི་དེ་ཉིད་ཕུལ་དུ་བྱུང་བ་སྟེ་ཁྱད་པར་དང་ལྡན་པའི་ཚིག་གོ །བསམ་གཏན་གྱི་ཆེ་བ་ཉིད་ནི་ཏིང་ངེ་འཛིན་གྱི་མཐུ་གསལ་བར་བྱས་སོ། །ཚངས་མ་མོ་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་གྱི་མ་མོ་བདུན་ནོ། །དེ་རྣམས་ཀྱི་ཁང་པ་ནི་ལྷ་ཁང་སྟེ་མ་མོ་ནི་དྲག་པོའི་ལས་ལ་མཐུན་པས་སོ། །དུར་ཁྲོད་ནི་ཐམས་ཅད་སྡུད་


DTG033_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པས་ན་མཐུན་པའོ། །ཁོང་སྟོང་ནི་སྐྱེ་བོས་དབེན་པ་ཡིན་པས་རིགས་པ་ཁོ་ནའོ། །བཞི་མདོ་ནི་རབ་ཏུ་གྲགས་པ་ཡིན་པས་སོ། །དེ་བཞིན་དུ་མཚན་མ་གཅིག་ཀྱང་དེ་བཞིན་ནོ། །གནས་དེ་རྣམས་ལ་བརྟེན་ཏེ་དྲག་པོའི་ལས་བྱའོ། །རྗེ་ངར་གྱི་ཕྱོགས་ཞེས་བྱ་བ་ལ་སོགས་པས་དེ་ཉིད་བསྟན་ཏོ། །དགོངས་པ་ནི་འདི་ཡིན་ཏེ་དུར་ཁྲོད་ཀྱི་རས་ལ་མངོན་སྤྱོད་ཀྱི་རྫས་ཀྱིས་སྣ་ཚོགས་རྡོ་རྗེ་བྲིས་ལ་དེའི་ལྟེ་བར་བསྒྲུབ་བྱའི་མིང་ཕཊ་གཉིས་ཀྱིས་སྤེལ་བ་བྲིས་ལ། སྣ་ཚོགས་རྡོ་རྗེ་ཕྱི་རོལ་ཡི་གེ་ཕཊ་ཀྱིས་བསྐོར་ཞིང་འཁོར་ལོ་དེ་སོར་བརྒྱད་པའི་མིའི་རྗེ་ངར་གྱི་ཁོང་སྟོང་ལ་བཅུག་ནས་བསྒྲུབ་བྱའི་རྐང་པའི་རྡུལ་གྱི་འདམ་གྱིས་བསྐུས་ལ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་པའི་ཁྲོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་དགྲ་བོའི་སྒོ་རུ་བརྐོས་ནས་སྤས་ན་དེའི་ཞག་བདུན་ནམ་ཟླ་བ་ཕྱེད་ཀྱིས་དགྲ་འཆི་བར་འགྱུར་རོ་ཞེས་བསྟན་ཏོ། །སེམས་ཅན་ཤེས་རབ་ལྡན་པ་དང༌། །ཞེས་བྱ་བ་ལ་སོགས་པས་སེམས་ཅན་ཐམས་ཅད་ལ་བསམ་པ་ཐམས་ཅད་རྫོགས་པར་བྱེད་པ་ཆགས་པ་དང་སྔགས་པ་མེད་པ། སངས་རྒྱས་གལ་ཏེ་སློབ་དཔོན་ལ་སྨོད་པར་བྱེད་པ་ཡིན་ན་དེ་ཡང་འཇིག་པར་འགྱུར་བའམ་གནས་ལས་སྤོང་བར་འགྱུར་རོ་ཞེས་བསྟན་ཏོ། །ཐོད་པ་ཞེས་བྱ་བ་ནས་སྡུད་པར་བྱེད་པའི་ཚིག་གི་བར་དུ་ནི་མ་ཉམས་པའི་ཐོད་པ་འམ་གྲོག་ལ་སོགས་པ་ལ་མངོན་སྤྱོད་ཀྱི་རྫས་ཀྱིས་ཁྲོ་བོའི་སྔགས་མིང་དང་བཅས་པར་བསྒྲུབ་བྱའི་མིང་བྲིས་ཏེ། ཁྲོ་བོའི་ཚིག་གིས་གཤིན་རྗེ་གཤེད་ལ་སོགས་པའི་སྔགས་བཟླ་ཞིང་དགྲ་བོའི་སྒོ་རུ་བརྐོས་ནས་སྦས་ན་དེའི་ཚེ་གནས་ལས་སྤོ་བ་འམ་འཆི་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་རྣམ་པར་འཇིག་པར་འགྱུར་རོ་ཞེས་པའི་བར་དུ་ནི། གནོད་མཛེས་ཀྱི་རྒྱལ་པོ་བསྒོམས་པས་ཕུར་བུས་གདབ་པའི་སྒོ་ནས་མངོན་སྤྱོད་བསྟན་ཏོ། །ཇི་ལྟ་བ་ཇི་ལྟར་ཞེས་པ་ནི་དྲག་ཤུལ་ལ་སོགས་པས་སོ། །གདུག་པའི་དངོས་པོར་གྱུར་ཅིང་བདག་ཉིད་ངན་པར་སོན་པའོ། །དེ་ལྟ་དེ་ལྟར་ཞེས་པ་ནི་རྣམ་པ་དེ་དང་དེས་སོ། །དགག་པར་བྱ་བ་ཞེས་པ་ནི་གསོད་པར་བྱ་བ་ཉིད་ཐོབ་པའོ། །བསྒྲུབ་པར་


DTG033_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཞེས་པ་ནི་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་ལ་སོགས་པའོ། །དེ་རྣམས་ཀྱི་ནི་བསྒྲུབ་བྱ་རྣམས་ཀྱིའོ། །ལུས་ལ་སོགས་པ་མི་གཡོ་བར་བྱས་པ་ཞེས་པ་ནི་ལུས་དང་ངག་དང་སེམས་ཕུར་བུས་འདེབས་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་མི་ཕྱེད་པའི་ངོ་བོར་གྱུར་པ་ཞེས་པ་ནི་ཕ་རོལ་གྱི་འཁྲུལ་འཁོར་དང་སྔགས་ལ་སོགས་པས་གྲོལ་བར་མ་གྱུར་པའོ། །དེ་སྐད་ཅེས་བྱ་བ་ལ་སོགས་པས་མཆོག་དང་འབྲིང་དང་ཐ་མའི་བསྒྲུབ་བྱའི་ལུས་ལ་སོགས་པ་ཕུར་བུས་གདབ་པར་བྱེད་པའི་ཏིང་ངེ་འཛིན་བསྟན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་སྔགས་ཀྱི་དོན་བཤད་པ་ནི་གོ་སླའོ། །ཕུར་བུའི་སྔགས་འདི་ཞེས་བྱ་བ་ལ་སོགས་པས་སོ། །སྔགས་ཐོས་པས་མཐུ་ཆེ་བའི་བརྒྱ་བྱིན་ལ་སོགས་པ་འཇིགས་པ་དང་བརྒྱལ་བ་དང་རྡོ་རྗེ་འཆང་ལ་སྐྱབས་སུ་འགྲོ་བར་འགྱུར་རོ་ཞེས་བསྟན་ཏོ། །འདིར་ཆོ་ག་ཞེས་བྱ་བ་ལ་སོགས་པས་ཕུར་བུས་གདབ་པའི་སྦྱོར་བ་ནི་དོན་གསལ་པའོ། །སེང་ལྡེང་གི་སྙིང་པོ་ལ་སོགས་པ་གང་རུང་བ་ཞེས་པ་ནི་སེང་ལྡེང་དང་ཤིང་ཤ་པ་དང་ཨ་ག་རུ་དང་ཤ་མི་དང་ལྕང་མ་སྟེ་འབྲས་བུ་མེད་པའི་ཤིང་ལྔ་དྲག་ཤུལ་ཅན་གྱི་ལས་དང་མཐུན་པ་གཟུང་བར་བྱའོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པས་བསྒོམ་པའི་དུས་སུ་རྣལ་འབྱོར་གྱི་ཕྱོགས་གཅིག་ཏུ་གྱུར་པ་བགེགས་བསྐྲད་པའི་ཆོ་ག་བསྟན་ཏོ། །འོད་འཕྲོ་བ་ཞེས་བྱ་བ་ནས་འཆི་བར་འགྱུར་རོ་ཞེས་པའི་བར་དུ་ནི་རེ་ཞིག་དང་རྣལ་འབྱོར་པས་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་མངོན་དུ་བྱས་ལ་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་གི་ནང་དུ་སྣ་ཚོགས་རྡོ་རྗེ་དང་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྲོ་བོ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བས་རྡོ་རྗེའི་ལམ་ནས་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་དྲག་པོའི་རྡོ་རྗེ་ལས་སྐྱེས་པ་ཞལ་གསུམ་ཕྱག་དྲུག་པ་སྤྱན་གསུམ་པ་རིགས་ཀྱི་ཀླུ་བརྒྱད་ཀྱིས་རྒྱན་བྱས་ལ་ཁ་དོག་སྔོན་པོ་དང༌། དཀར་པོ་དང་དམར་པོའི་ཞལ་མངའ་བ། མིག་ཡོ་བ་གཡས་བརྐྱང་བ་ལ་གནས་པ་རྡོ་རྗེ་དང་དྲིལ་བུ་རྩ་བའི་ཕྱག་གཉིས་ཀྱིས་བསྣམས་པ། ཞགས་པ་དང་ལྕགས་ཀྱུ་དང་རལ་གྲི་དང་ཐོ་བ་བསྣམས་པ་ཞེ་སྡང་རྡོ་རྗེའི་ཅོད་པ་ན་ཅན་སྨིན་མ་ཁམ་པ་ཧ་ཧ་ཧི་ཧིའི་སྒྲ་སྒྲོགས་པ་གནོད་མཛེས་ཀྱི་རྒྱལ་པོ་བསྒོམས་ལ།


DTG033_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དང་པདྨའི་ནང་ནས་ཕྱི་རོལ་དུ་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་གནས་ནས་བཀའ་ཉན་པར་བསམས་ཏེ། སྔ་མ་བཞིན་དུ་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་གི་ནང་ན། གཤིན་རྗེ་གཤེད་པོ་ལ་སོགས་པ་ཁྲོ་བོ་བཅུ་སྔར་བཤད་པའི་དབྱིབས་དང་ཁ་དོག་དང་ཕྱག་མཚན་འཛིན་པ་བསམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཕྱོགས་དང་མཚམས་རྣམས་སུ་དགོད་པར་བྱའོ། །ཁྲོ་བོ་དེ་རྣམས་ཀྱང་སྟེང་ཞལ་གསུམ་པ་སྨད་ཕུར་བུ་རྩེ་གཅིག་པ་བདུད་རྩི་འཁྱིལ་བ་དང་འདྲ་བར་བསམ་པར་བྱའོ། །དེའི་འོག་ཏུ་དབུས་ཀྱི་གཙོ་བོའི་ངོ་བོའི་བདག་ཉིད་ཀྱིས་གནོད་མཛེས་ལ་སྔགས་འདིས་བཀའ་སྦྱིན་པར་བྱ་སྟེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བ་འདིས་ཕྱོགས་བཅུ་ལ་གནས་པའི་བརྒྱ་བྱིན་ལ་སོགས་པ་དགུག་པར་བྱ་བའི་ཕྱིར་བཀའ་སྦྱིན་པར་བྱའོ། །དེ་ཐོས་མ་ཐག་ཏུ་གནོད་མཛེས་ཀྱི་རྒྱལ་པོས་ཞགས་པ་དང་ལྕགས་ཀྱུས་ཕྱོགས་བཅུར་སྤྲོས་ཏེ། ལྷའི་དབང་པོ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་མགུལ་ནས་བཅིངས་ལ་སྤྱི་བོར་བརྡེགས་ལ། ཤར་ལ་སོགས་པའི་ཕྱོགས་སུ་འགོད་པར་བྱེད་པར་བསམ་པར་བྱའོ། །དེ་ནས་གནོད་མཛེས་ཀྱི་རྒྱལ་པོས་རྡོ་རྗེ་ཕུར་བུ་དེ་རྣམས་མགོ་བོ་ནས་བརྩམས་ཏེ་རྐང་པའི་དཀྱིལ་གྱི་བར་དུ་གདབ་པར་བྱེད་པར་བསམ་པར་བྱའོ། །ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཕུར་བུས་གདབ་པ་དང་བརྡུང་བ་བྱས་ཏེ། ས་འོག་བདུན་གྱི་བར་དུ་སོན་པར་བསམ་པར་བྱའོ། །ཁྲོ་བོའི་རྒྱལ་པོའི་ལུས་ལས་བྱུང་བའི་འབར་བའི་ཚོགས་ཀྱིས་ཀྱང་དེའི་འཁོར་མཐའ་ཡས་པ་བསྲེགས་ཤིང་ཐལ་བར་གྱུར་པར་བསམ་པར་བྱའོ་ཞེས་བསྟན་པར་བྱའོ། །རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་དང་ཞེས་བྱ་བ་ནས་བརྩམས་ནས་ལྡད་བར་འགྱུར་རོ་ཞེས་པའི་བར་དུ་ནི་ཞེས་སྡང་རྡོ་རྗེའི་རྣལ་འབྱོར་པས་མཱ་མ་ཀཱིའི་རང་བཞིན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱ་མདུན་དུ་བསྒོམས་ལ་རྗེས་སུ་ཆགས་པ་ལ་སོགས་པ་སྔོན་དུ་འགྲོ་བས་འཁྱུད་པར་བྱས་ཏེ། ཕྱག་རྒྱའི་ཆོས་འབྱུང་གི་ནང་ན་ཉི་མའི་དཀྱིལ་འཁོར་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སྙིང་གནས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུས་


DTG033_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་བ་ཀུག་ལ་འཇུག་སྟེ། རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པར་བྱ་སྟེ། རྩེ་ལྔ་པའི་རྡོ་རྗེའི་རྣམ་པའི་གསང་བའི་རྡོ་རྗེས་མགོ་བོ་ནས་རྐང་པའི་མཐའི་བར་དུ་ཕུར་བུས་གདབ་པར་བསྒོམས་ནས་དེའི་ཚེ་ལུས་ཕུར་བུས་གདབ་བར་གནས་ནས་སྤོ་བའམ་འཆི་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་འོན་ཀྱང་ལྕེ་ལ་གསང་བའི་རྡོ་རྗེ་དེ་ལ་བརྡེགས་ན་ངག་རེངས་པ་འམ་ལྐུགས་པར་འགྱུར་པའམ་འཆི་བར་འགྱུར་བའོ། །དེ་བཞིན་དུ་ཐམས་ཅད་བྱས་པ་ལས་བསྒྲུབ་བྱའི་སྙིང་གའི་པདྨ་འབར་བའི་གསང་བའི་རྡོ་རྗེས་བརྡེགས་ལ་དེའི་ཚེ་སྨྱོ་པ་འམ་འཆི་བར་འགྱུར་རོ། །འདིར་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པའི་དུས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་ཨོཾ་ཚིནྡྷ་ཚིནྡྷ་ཞེས་བྱ་བ་ལ་སོགས་པ་སྔགས་གསུམ་བརྗོད་པར་བྱའོ། །འདིར་ཡེ་ཤེས་གསུམ་ནི་སྣང་བ་ལ་སོགས་པ་སྐྱེད་པར་བྱེད་པ་ནི་འབྱུང་བར་བྱེད་པའི་པདྨ་ཞེས་བྱ་སྟེ། ཇི་སྐད་དུ། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་འབྱུང་བས་སོ། །བསྒྲུབ་བྱའི་དག་གི་སྤྲོས་པའོ་ཞེས་པ་ནི་བསྒྲུབ་བྱའི་དག་མཁས་པ་ཉིད་དོ། །ནམ་མཁའ་ལས་བྱུང་བ་ཞེས་པ་ནི་ལྟེ་བའི་ནམ་མཁའ་ལས་སྒྲ་འབྱུང་བའི་ཕྱིར་རོ། །དེའི་ངོ་བོ་ཉིད་ནི་སེམས་སོ་ཞེས་པ་ནི་འོད་གསལ་བའི་རང་བཞིན་སེམས་ཏེ་དེའི་ངོ་བོ་ཡིན་པ་དང་དྲི་མ་རྣམས་གློ་བུར་བ་ཡིན་པས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་དེ་མ་ཐག་ཏུ་བཤད་པའི་སྔགས་རྣམས་དང་དེའི་སྒོ་ནས་བྱས་པའི་ལས་ཀྱི་ཚོགས་ཐོབ་པས་བྱང་ཆུབ་སེམས་དཔའ་རྨད་དུ་གྱུར་པས་ཇི་ལྟར་ཆེད་དུ་བརྗོད་པ་དེ་སྐད་བསྟན་ཏོ། །རྫོགས་པའི་རིམ་པ་ལ་གནས་པ། །ཞེས་པ་ནི་སྔགས་ཀྱི་ཐེག་པ་ཆེན་པོའི་སྙིང་པོར་གྱུར་པ་དེ་ཁོ་ན་ཉིད་སྒོམ་པར་བྱེད་པ་བྱམས་པ་ལ་སོགས་པའོ། །ཐེག་པ་གསར་ལ་གནས་པ་ཞེས་པ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་མཆོག་གོ་ཞེས་པ་ནི་རྫོགས་པ་བསྒོམ་པའོ། །དེ་བས་ན་དེ་ཁོ་ན་ཉིད་ཐོབ་པའི་ཕྱིར་སེམས་ཅན་གྱི་དོན་བྱེད་པར་ནུས་པའོ། །དེ་དག་ཐོས་པ་དང་རྟོགས་པས་དགའ་བ་


DTG033_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དང་མགུ་བར་ལྡན་པར་འགྱུར་རོ། །རང་གི་རྗེས་སུ་མྱོང་བའི་གསུང༌། །ཞེས་པ་ནི་ཆོས་ཐོས་པས་སོ་སོ་རང་རིག་པའི་མངོན་གསུམ་གྱིས་མྱོང་བའི་དགའ་བའི་ཁྱད་པར་གང་ཡིན་པ་དེ་ཉིད་རྡོ་རྗེ་འཆང་གིས་ལེགས་བར་སྨྲ་བས། ཕྱི་རོལ་དུ་བྱུང་བའི་བསྟོད་པའི་ཚིག་གི་ཚོགས་ནི་གསུང་ཞེས་བྱའོ། །སྔགས་ཀྱི་གནས་ཏེ་ཞེས་པ་ནི་སྤྱན་མ་ལ་སོགས་པའི་ཕྲེང་བའི་སྔགས་རྣམས་སོ། །སྔགས་རྣམས་ཀྱི་རབ་ཏུ་སྦྱོར་བའི་བྱེ་བྲག་ཅེས་པ་ནི་སྲུང་བའི་འཁོར་ལོ་དང་འཁྲུལ་འཁོར་ལ་སོགས་པའི་མཚན་ཉིད་དོ། །སྦྱོར་བ་དེ་ཉིད་བསམ་གཏན་གྱིས་རྫོགས་པར་བྱས་པའོ་ཞེས་པ་ནི་རྡོ་རྗེ་ལྕགས་ཀྱུས་མཚན་པའི་རྐང་པ་གཡོན་པས་མནན་ཞིང་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་དོ། །གདུག་པ་རྣམས་ཚར་གཅོད་པའོ་ཞེས་པ་ནི་ཕྲེང་པའི་སྔགས་རྣམས་སོ། །མངོན་སྤྱོད་ཀྱི་སྒོ་ནས་བླ་མ་སྨོད་པར་བྱེད་པ་ལ་སོགས་པ་གསོད་པའོ། །དེ་བཞིན་དུ་ལས་ཀྱི་ཚོགས་ལ་ནུས་པ་དང་ལྡན་པའི་ཞེས་པ་ནི་མུ་སྟེགས་པའི་རྣལ་འབྱོར་པ་རྣམས་ལ་ཕུར་བུས་གདབ་པའོ། །སྐྱེ་བོ་ཐ་མལ་པ་ཞེས་པ་ནི་རྒྱལ་པོ་ལ་སོགས་པའོ། །ཕྱོགས་སྐྱོང་བ་རྣམས་ནི་བརྒྱ་བྱིན་ལ་སོགས་པའོ། །བསམ་གཏན་གྱིས་སོ་སོར་གསུངས་པ་ཞེས་པ་ནི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས་བསྒྲུབ་བྱའི་ལུས་དང་དག་དང་སེམས་ཕུར་བུས་གདབ་པའོ། །དེ་ནི་ངོ་མཚར་ཆེའོ་ཞེས་པ་ནི་སྟོན་པ་པོ་ལ་བསྟོད་པ་དང༌། ཉེ་བར་བསྡུ་བ་ཡང་རབ་ཏུ་བསྟན་ཏོ། །སྒྲུབ་པ་པོ་རྣམ་པ་གཉིས་དང་ཞེས་པ་ནི་རིམ་པ་གཉིས་བསྒོམ་པར་བྱེད་པ་དང་ཉེ་བར་མཚོན་པའོ་ཞེས་བྱ་བ་སྟེ་རྫོགས་པའི་རིམ་པས་ཀྱང་གསོད་པའི་ལས་སྔར་བཤད་པའོ། །རྡོ་རྗེ་འཆང་ཆེན་པོས་རབ་ཏུ་བསྟན་པའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཕྱིར་ཡིད་ཅེས་པ་ཉིད་བསྟན་ཏོ། །དེ་བཞིན་དུ་སྒྲུབ་པ་པོ་ནི་རྣལ་འབྱོར་བ་རྣམས་སོ། །དེ་རྣམས་ཀྱི་འདོད་པའི་དོན་སྟེར་བའོ་ཞེས་པ་ནི་ཞི་བ་ལ་སོགས་པ་སྒྲུབ་པར་བྱེད་པའོ། །སྦྲུལ་ལ་སོགས་པ་ནི་སྔར་བཤད་པའི་མཚན་ཉིད་དོ། །དེ་རྣམས་ཀྱི་དོན་ལ་སོགས་པ་ཡོངས་སུ་ཤེས་པ་ནི་སོགས་པའི་སྒྲས་བཏུ་བ་དང་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའོ། །བཏུས་ནས་བསྟན་པའོ་ཞེས་པ་ནི་དཔལ་རྡོ་རྗེ་ཕྲེང་བ་ལ་སོགས་པ་བཤད་པའི་རྒྱུད་ལས་བསྡུས་


DTG033_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བསྟན་པའོ། །དེ་ཡན་ཆད་ཀྱིས་སྡུད་པ་པོས་བདག་ཉིད་ཀྱི་ཆེ་བ་དང་ལེའུའི་བརྗོད་པར་བྱ་བའི་དོན་མན་ངག་དང་བཅས་པར་བསྟན་ཏོ། །སྐུ་གསུང་ཐུགས་གཅིག་ཏུ་གྱུར་པས་ཀྱང་ཞེས་པ་ནི་དོན་དམ་པར་དངོས་པོ་ཐམས་ཅད་རྣམ་པར་དཔྱད་ན་ཐ་དད་པར་མི་དམིགས་ཏེ། གང་ཞིག་རང་གི་རྒྱུད་ལ་གནས་པ་དེ་ཉིད་གཞན་གྱི་རྒྱུད་ལ་གནས་པ་ཡིན་ནོ། །འོན་ཀྱང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་བྱེ་བྲག་ལ་དམིགས་ཏེ་གློ་བུར་གྱི་དྲི་མ་ལྡོག་པའི་དོན་དུ་ཚར་གཅོད་པ་ཞེས་བྱ་བ་ནི་སྒྲུབ་པ་པོས་བསྒྲུབ་བྱ་ལ་ཚར་གཅོད་པར་བྱེད་པའོ། །དེ་ཡང་ཉེ་བར་མཚོན་པའི་ཚིག་ཡིན་ཏེ་ཞི་བ་ལ་སོགས་པས་ཀྱང་རྗེས་སུ་གཟུང་བར་མཛད་པའོ། །ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པས་དེ་ལྟར་གྱུར་པ་སྐུ་ལ་སོགས་པའི་རང་བཞིན་སྔགས་ཐམས་ཅད་བསྡུས་བར་བྱེད་པའི་ཡི་གེ་གསུམ་གྱིས་སྤེལ་པའི་སྔགས་ཀྱིས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་གྲུབ་པ་རྫོགས་པས་མཛེས་པ་ཏིང་ངེ་འཛིན་གང་ཡིན་པ་དེ་བསྟན་ཏོ། །དེ་སྟོན་པར་བྱེད་པའི་ཞེས་པ་ནི་དེ་ལྟར་གྱུར་པའི་གསལ་བར་བྱེད་པའི་སྒྲའི་ཚོགས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྒོ་ནས་དེ་ཁོ་ན་ཉིད་བསྟན་པས་སོ། །སྒྲོན་མ་གསལ་བར་བྱེད་པའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་བཅུ་བཞི་པའི་རྒྱ་ཆེར་བཤད་པའོ།། །།


previousལེའུ་བཅུ་བཞི་པ། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བ་སྔགས་ཀྱིས་འགུགས་པ་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་རྒྱ་ཆེར་བཤད་པ།next