Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་གསུམ་པ།


  collapse section
   
   
   
   
   
   
   
   
   
ལེའུ་བཅུ་བདུན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་རྡོ་རྗེའི་བྱིན་གྱི་རླབས་ཀྱི་རྒྱལ་པོ་ཞེས་བྱ་བའི་རྒྱ་ཆེར་བཤད་པ།
   


 
previousལེའུ་བཅུ་བདུན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་རྡོ་རྗེའི་བྱིན་གྱི་རླབས་ཀྱི་རྒྱལ་པོ་ཞེས་བྱ་བའི་རྒྱ་ཆེར་བཤད་པ།next

ལེའུ་བཅུ་བདུན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་རྡོ་རྗེའི་བྱིན་གྱི་རླབས་ཀྱི་རྒྱལ་པོ་ཞེས་བྱ་བའི་རྒྱ་ཆེར་བཤད་པ།


DTG033_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་གཉིས་ཁོང་དུ་ཆུད་པ་ཞེས་བྱ་བ་ལ་སོགས་པས་ལེའུ་བཅུ་བདུན་པའི་བཤད་པ་བརྩམ་པར་བྱ་སྟེ། རིམ་པ་གཉིས་ཁོང་དུ་ཆུད་པ་ཞེས་པ་ནི་ལེའུ་བཅུ་དྲུག་གི་རིམ་པ་གཉིས་མངོན་དུ་བྱས་པའོ། །འཇིག་རྟེན་པ་ནི་མི་དགེ་བ་བཅུ་ལས་ལྡོག་པའི་མཚན་ཉིད་དོ། །འཇིག་རྟེན་ལས་འདས་པ་ནི་དམ་ཚིག་དང་སྡོམ་པའི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་དབྱེ་བས་ཕྱེ་བ་དེ་བཞིན་གཤེགས་པ་ལྔའི་དམ་ཚིག་དང་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་ལ་སོགས་པའི་སྤྱོད་པའོ། །ཉམས་སུ་མ་བླངས་ན་ཞེས་པ་ནི་དེ་དག་ཐམས་ཅད་མི་སྲུང་ཞིང་སྤོང་བས་སོ། །དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་དོ། །རིང་བར་འགྱུར་བ་ནི་འགྲུབ་པར་མི་འགྱུར་བའོ། །དེ་ནི་ལེའུ་བཅུ་བདུན་པ་དམ་ཚིག་དང་སྡོམ་པ་སྟོན་པར་བྱེད་པ་སྡུད་པ་པོས་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་འདེབས་པ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལ་མི་བསྐྱོད་པ་ལ་སོགས་པ་སངས་རྒྱས་ལྔ་པོས་བསྟོད་པའོ། །མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པ་ཐུགས་རྡོ་རྗེ་འཆང་གི་སྒོ་ནས་བསྟོད་པ་བསྟན་ཏེ། ཉོན་མོངས་པའི་ཚོགས་ཐམས་ཅད་ནི་ཆགས་པ་དང་བྲལ་བ་ལ་སོགས་པའོ། །


DTG033_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ད་རྣམས་ཀྱི་ཚོགས་ནི་ཉིན་མོ་དང་མཚན་མོ་དང་བརྒྱ་དྲུག་ཅུའི་དབྱེ་བས་འཇུག་པའོ། །མི་གཡོ་བ་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་དེ་རྣམས་སྤོང་བའི་ཕྱིར་རོ། །དེ་ལྟར་གྱུར་བ་ནི་རྡོ་རྗེ་ཐུགས་དང་ལྡན་པའོ། །དེ་བཞིན་དུ་སྟོང་པ་ནི་བཞི་སྟེ་རྒྱུ་དང་འབྲས་བུའི་དབྱེ་བས་གནས་པ་དེའི་བདག་ཉིད་ཅན་ཡང་བཅོམ་ལྡན་འདས་ཡིན་ཏེ། ཁྱབ་བྱེད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དོན་དམ་པའི་བདེན་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་པའི་རྣམ་པར་རྟོག་པ་ཁྱབ་པར་བྱེད་པ་ཉིད་ཀྱིས་འདྲ་བ་སྟེ། དེ་ལ་སྤང་བྱ་དང་དོར་བྱའི་བག་ཆགས་ཀྱིས་གོས་པ་མི་སྲིད་དེ། རྟག་ཏུ་དག་བའི་ཕྱིར་དང༌། གློ་བུར་གྱི་དྲི་མ་རྣམས་རྣམ་པར་བྱང་བའི་ཕྱིར་རོ། །མི་བསྐྱོད་པ་ལ་སོགས་པ་སྟེ། །ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའོ། །དེ་འཛིན་པར་བྱེད་པས་ན་ཞེས་པ་ནི་དེ་རྣམས་བསྐྱེད་པའམ་སྤྲོ་བར་བྱེད་པ་སྟེ། རྡོ་རྗེ་འཆང་ཆེན་པོ་ལས་རིགས་ཐམས་ཅད་བྱུང་བའི་ཕྱིར་རོ། །ཇི་སྐད་དུ། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དེ་ཡི་ཁམས་གསུམ་མ་ལུས་པ། །ཐམས་ཅད་དུ་ནི་ལོངས་སྤྱོད་ཅིང༌། །ཞེས་འབྱུང་བས་སོ། །བདེན་པ་གཉིས་ནི་ཀུན་རྫོབ་དང་དོན་དམ་པའོ། །དེའི་དབྱེ་བས་ནི་སེམས་རྣམ་པར་དག་པ་ལ་སོགས་པའི་རིམ་པ་ཁོ་ན་ཉིད་རྟོགས་པའོ། །དེ་ཡོངས་སུ་མཁྱེན་པས་ཞེས་པ་ནི་དེའི་སྔོན་དུ་མཛད་པས་སོ། །དེ་ལ་སེམས་རྣམ་པར་དག་པའི་རིམ་པས་རང་བཞིན་དང་སྣང་བ་ཀུན་རྫོབ་པ་ཡོངས་སུ་སྤངས་ནས་འོད་གསལ་བའི་མཚན་ཉིད་ཅན་གྱི་དོན་དམ་པའི་བདེན་པ་སྔོན་དུ་མཛད་པ་དང༌། བདག་ལ་བྱིན་གྱིས་བརླབས་པའི་རིམ་པས་ཆད་པའི་ཕྱོགས་ཡོངས་སུ་སྤང་བའི་ཕྱིར་རོ། །ཡེ་ཤེས་ཀྱི་སྐུ་ཡོངས་སུ་བཟུང་བས་ཀུན་རྫོབ་ཀྱི་བདེན་པའི་དབྱེ་བས་སྔོན་དུ་མཛད་པ་དང༌། མངོན་པར་བྱང་ཆུབ་ཀྱི་རིམ་པས་ཀྱང་དེ་ཡོངས་སུ་སྦྱངས་ནས་དེ་ཁོ་ན་ཉིད་བཞི་པ་དོན་དམ་པའི་བདེན་པ་མངོན་དུ་མཛད་པ་དང༌། རྟག་པ་དང་ཆད་པ་ལ་སོགས་པ་དང་བྲལ་བའི་ཟུང་དུ་འཇུག་པའི་རིམ་པས་བདེན་པ་གཉིས་དབྱེར་མེད་པས་མངོན་དུ་མཛད་པའོ་ཞེས་དགོངས་པའོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་ནི་དེ་དག་


DTG033_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མངོན་པར་རྟོགས་པར་མཛད་དོ། །རྡོ་རྗེ་ལ་སོགས་པ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ནང་ན་གཙོ་བོར་གྱུར་པས་ན་བདག་པོར་གྱུར་པས་སོ། །དོན་དམ་པའི་དཀྱིལ་འཁོར་དང་ཞེས་པ་ནི་གཟུགས་ལ་སོགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འོད་གསལ་བ་ལ་འཇུག་པའི་མཚན་ཉིད་དོན་དམ་པའི་དཀྱིལ་འཁོར་ཏེ་སྙིང་པོ་ལེན་པས་སོ། །དེ་ནི་རིམ་པ་གཉིས་པོ་ལ་ཡང་ཡོད་དེ། དང་པོ་སྦྱོར་བའི་ཡན་ལག་ཏུ་གྱུར་པ་རྣལ་འབྱོར་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་དང༌། སེམས་རྣམ་པ་རྡག་པ་དང་མངོན་པར་བྱང་ཆུབ་པའི་རིམ་པས་ཐོབ་པའི་ཕྱིར་རོ། །བསྐྱེད་པའི་རིམ་པ་ལ་སྐུ་ཉིད་དཀྱིལ་འཁོར་ཏེ་ལྷ་སུམ་ཅུ་རྩ་གཉིས་དགོད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོས་དེ་རྫོགས་པས་ན་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དཀྱིལ་འཁོར་རྒྱལ་བ་མཆོག་ལ་ཕྱག་རྒྱ་འདུས་བྱས་པ་སྔོན་དུ་འགྲོ་བས་ཕྱི་རོལ་དུ་ལྷ་སུམ་ཅུ་རྩ་གཉིས་སྤྲོ་བ་ནི་ཕྱུང་བའི་དཀྱིལ་འཁོར་ཏེ། དེ་འགྲོ་བའི་དོན་བྱེད་པའི་ཕྱིར་ཏེ་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཏོ། །གལ་ཏེ་དེ་ལྟ་ཡིན་ན་འདུས་པའི་ཕྱི་མའི་རྒྱུད་ཀྱི་ཚད་མས་ཇི་ལྟར་འགལ་བ་མ་ཡིན་ཞེ་ན། དེ་ལ་བྱང་ཆུབ་སེམས་ནི་དཀྱིལ་འཁོར་ཏེ། །བྷ་གའི་དཀྱིལ་འཁོར་ཉིད་དང་ནི། །སྐུ་ཡི་དཀྱིལ་འཁོར་ཞེས་བྱ་བ། །དཀྱིལ་འཁོར་གསུམ་ནི་བརྟགས་པ་ཡིན། །ཞེས་པས་མི་འགལ་ཏེ། དེའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་ཀྱི་སེམས་ནི་དོན་དམ་པའི་དཀྱིལ་འཁོར་ཡིན་ཏེ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །བྱང་ཆུབ་སེམས་སུ་དེ་བཤད་དོ། །ཞེས་དེ་ཉིད་ལས་གསུངས་པའི་ཕྱིར་རོ། །འོན་ཀྱང་བྱང་ཆུབ་ཀྱི་སེམས་ལ་ཆ་གཉིས་ཏེ། རྫས་ཀྱི་ཆ་དང་བདེ་བ་ཆེན་པོའི་ཆའོ། །དེའང་བདེ་བ་ཆེན་པོའི་ཆ་ལ་བརྟེན་ནས་བྱང་ཆུབ་སེམས་ཉིད་ནི་དོན་དམ་པའི་དཀྱིལ་འཁོར་ཞེས་བྱའོ། །སྐུའི་དཀྱིལ་འཁོར་ནི་འདྲ་བ་ཉིད་དོ། །བྷ་གའི་དཀྱིལ་འཁོར་ནི་ཕྱུང་བའི་དཀྱིལ་འཁོར་ཉིད་ཡིན་ཏེ། བྷ་ག་ལས་ཕྱུང་བའི་དཀྱིལ་འཁོར་འབྱུང་བས་སོ། །རྒྱུ་དང་འབྲས་བུ་དབྱེར་མེད་པས་འདི་སྐད་བསྟན་ཏེ། ཉེ་བར་


DTG033_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པས་སོ། །གཞན་དག་ན་རེ་སྐུའི་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །གསུང་གི་དཀྱིལ་འཁོར་ནི་དབྱངས་དང་གསལ་བྱའི་བདག་ཉིད་ཅན་གྱི་ཡི་གེ་ཕྱི་མོ་ཞེས་ཟེར་རོ། །ཨ་ཨཱ་ནི་རྣམ་པར་སྣང་མཛད་དང་སྤྱན་མའོ། །ཨ་ཨཱི་ནི་རིན་ཆེན་འབྱུང་ལྡན་དང་མཱ་མ་ཀཱིའོ། །ཨུ་ཨཱུ་ནི་འོད་དཔག་ཏུ་མེད་པ་དང་གོས་དཀར་མོའོ། །རྀ་རཱྀ་ནི་དོན་ཡོད་གྲུབ་པ་དང་སྒྲོལ་མའོ། །ལྀ་ལཱྀ་ནི་མི་བསྐྱོད་པ་དང་རེག་བྱ་རྡོ་རྗེ་མའོ། །ཨེ་ཨཻ་ཨོ་ཨཽ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་བཞིའོ། །ཀ་ཁ་ག་གྷ་ང་ནི་ལྷ་མོ་བཞིས་བསྐོར་བའི་རྣམ་པར་མཛད་དོ། །ཙ་ཚ་ཛ་ཛྷ་ཉ་ནི་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་རིན་ཆེན་འབྱུང་ལྡན་ནོ། །ཊ་ཋ་ཌ་ཌྷ་ཎ་ནི་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་འོད་དཔག་ཏུ་མེད་པའོ། །ཏ་ཐ་ད་དྷ་ན་ནི་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་དོན་ཡོད་གྲུབ་བའོ། །པ་ཕ་བ་བྷ་མ་ཞེས་པ་ནི་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་མི་བསྐྱོད་པའོ། །དེ་དག་ལྔ་ལྔའི་བདག་ཉིད་ནི་དཀྱིལ་འཁོར་ལྔའོ། །ཡ་ར་ལ་ཝ་ཤ་ཥ་ས་ཧ་ཨཾ་ཨཿ་ཞེས་བྱ་བ་ནི་ཁྲོ་བོ་བཅུ་སྟེ་གསུང་གི་དཀྱིལ་འཁོར་རོ། །དེ་བཞིན་དུ་འདོད་ཆགས་དང་ཞེ་སྡང་དང༌། །གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་རྣམ་པར་དག་པའི་རང་བཞིན་ནི་འོད་དཔག་ཏུ་མེད་པ་ལ་སོགས་པའོ། །བདག་ཏུ་ལྟ་བ་དང༌། བདག་ཏུ་རྨོངས་པ་དང༌། བདག་ཏུ་ང་རྒྱལ་བ་དང༌། བདག་ཏུ་ཆགས་པ་རྣམ་པར་དག་པས་སྤྱན་ལ་སོགས་པའོ། །ཀུན་གཞི་ལ་སོགས་པ་རྣམ་པ་ཤེས་པ་བརྒྱད་རྣམ་པར་དག་པས་བྱམས་པ་ལ་སོགས་པའོ། །ཆུ་བོ་བཞི་རྣམ་པར་དག་པས་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །ངོ་ཚ་མེད་ཅིང་ཁྲེལ་མེད་དང༌། །ཕྲག་དོག་སེར་སྣ་རྒྱགས་པ་དང༌། །འགྱོད་པ་བྱིང་བ་རྒོད་པ་དང༌། །ཁྲོ་བ་དང་ནི་འཆབ་པ་སྟེ། །ཀུན་དུ་སྦྱོར་བ་བཅུ་རྣམ་པར་དག་པས་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་བཅུ་ཞེས་ཐུགས་ཀྱི་དཀྱིལ་འཁོར་ཏེ། ཀུན་ནས་ཉོན་མོངས་པའི་སེམས་སྦྱོང་བར་བྱེད་པས་སོ། །ཡང་དག་མ་ཡིན་ཀུན་རྟོག་མིན། །སེམས་དང་སེམས་བྱུང་ཁམས་གསུམ་པའོ། །ཞེས་འབྱུང་ངོ༌། །དཀྱིལ་འཁོར་གསུམ་པོ་དེའི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་འཆང་ཡིན་ཏེ། དེ་ལས་བྱུང་བའི་ཕྱིར་རོ། །ཇི་ལྟར་


DTG033_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་དཀྱིལ་འཁོར་ནི། །གང་གིས་རབ་ཏུ་བརྟག་པར་ནུས། །རང་ལྷག་ལྷ་ཡི་སྦྱོར་བ་ཡིས། །དཀྱིལ་འཁོར་བརྟག་པ་འགྲུབ་པ་ཡིན། །ཞེས་འབྱུང་ངོ༌། །དམ་ཚིག་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་བཟའ་བ་ལ་སོགས་པའོ། །བཤད་དུ་གསོལ་ཞེས་པ་ནི་སྟོན་པར་མཛད་དུ་གསོལ་ཞེས་བའོ། །མི་བསྐྱོད་པའི་སྒོ་ནས་བསྟོད་པའོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་སོ། །འོད་གསལ་བའི་མེས་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མེས་སོ། །འབར་བར་གྱུར་བས་ན་ཞེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས་མཛེས་པར་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་དགའ་བ་ཆེའོ་ཞེས་པ་ནི་འབྲས་བུ་རྒྱུར་པ་ཉིད་དུ་བསྟན་ཏོ། །དེ་རྣམས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་ཞེས་པ་ནི་ཉེ་བར་སྡུད་པར་བྱེད་པས་སོ། །དྲུག་པར་འགྱུར་བས་ན་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཡིན་པས་སོ། །མཆོག་ཏུ་དགའ་བའི་བདག་ཉིད་ཡིན་པས་ན་ཞེས་པ་ནི་སྤྱན་མ་དང་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་ངོ་བོ་ཡིན་པས་སོ། །ངོ་བོ་ཉིད་ཀྱིས་དག་པ་ཞེས་པ་ནི་གཙང་བ་དང་མི་གཙང་བ་ལ་སོགས་པ་བརྟགས་པ་ཡིན་པས་ན་མི་བཟའ་བ་དང་མི་བཏུང་བ་ལ་སོགས་པ་རྟག་ཏུ་དྲི་མ་མེད་པའོ། །བསྟོད་ཅིང་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་བསྟོད་པའོ། །རིན་པོ་ཆེའི་རིགས་དང་ལྡན་པའོ་ཞེས་བྱ་བ་ནི་མཱ་མ་ཀཱི་ལ་སོགས་པའོ། །གསལ་བར་མཛད་པ་ནི་སྤྲོ་བར་མཛད་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ན་ཞེས་པ་ནི་ནམ་མཁའ་མཛོད་ཉིད་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་སོ། །དེ་ཉིད་ཀྱིས་ན་ཞེས་བྱ་བ་ལ་སོགས་པས་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་བསྟན་ཏོ། །གསུངས་ཤིག་པ་ཞེས་བྱ་བས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་བསྟོད་པའོ། །པདྨའི་རིགས་དང་ལྡན་པ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡིན་པས་སོ། །དེ་རྣམས་ཀྱི་བདག་པོར་གྱུར་པས་ཞེས་པ་ནི་དེ་རྣམས་སྐྱེད་པར་བྱེད་པས་སོ། །སོ་སོར་རྟོག་པའི་ཡེ་ཤེས་པས་ན་ཞེས་པ་ནི་ཆོས་རབ་ཏུ་འབྱེད་པའི་བདག་ཉིད་ཅན་གྱིས་སོ་སོར་རྟོག་པའི་ངོ་བོ་ཡིན་པས་སོ། །དེ་ཉིད་ཀྱིས་ན་ཞེས་པས་འབྲས་བུ་བསྟན་ཏོ། །འཁོར་བ་ལ་ཞན་པའི་མཚན་ཉིད་ཅན་


DTG033_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་བདེ་བ་དང་བདེ་བའི་རྒྱུ་ལས་མངོན་པར་འདོད་པ་སྔོན་དུ་འགྲོ་བས་གཟུང་བའི་མཚན་ཉིད་དོ། །དེ་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ཡིན་ནོ་ཞེས་བྱ་བ་འདིས་སྣང་བ་མཐའ་ཡས་ཀྱི་སྒོ་ནས་བསྟོད་པའོ། །དོན་ཡོད་གྲུབ་པའི་ཡེ་ཤེས་ནི་འཁོར་བའི་བཙོན་ར་ལས་གྲོལ་བའི་མཚན་ཉིད་དོ། །རབ་ཏུ་རྩོལ་བ་ན་ཞེས་པ་ནི་དེ་སྟེར་བས་སོ། །དོན་ཡོད་པར་གྲུབ་པའི་རིགས་སོ་ཞེས་པ་ནི་སྒྲོལ་མ་ལ་སོགས་པའོ། །དེས་དག་ཅིང་གཙོ་བོར་བྱས་པས་ན་ཞེས་པ་ནི་མཆོད་པར་བྱ་བ་སྟེ། དེ་རྣམས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །ཞི་བ་ལ་སོགས་པའི་ལས་རྣམས་ཀྱི་ཞེས་པ་ནི། ཞི་བ་དང་རྒྱས་པ་དང༌། དབང་དང༌། དགུག་པ་དང༌། མངོན་སྤྱོད་ཀྱིས་ཏེ། ལས་ལྔས་སོ། །སྒྲུབ་པ་པོའི་འགྲོ་བ་རྣམས་ཀྱི་ཞེས་པ་ནི་ཕ་རོལ་ལ་ཕན་པ་ལ་བརྩོན་པ་སྔགས་པ་རྣམས་ཀྱིས་སོ། །འདོད་པ་ཐམས་ཅད་སྐྱང་པ་ཞེས་པ་ནི་ནད་པ་དང་དབུལ་པོ་དང་གདུལ་དཀའ་བ་དང༌། མཚམས་མེད་པ་བྱེད་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་ཞི་བ་ལ་སོགས་པའི་ལས་མཛད་པ་སྟེ། དོན་ཡོད་གྲུབ་པ་ནི་ལས་ཐམས་ཅད་པ་ཡིན་པའི་ཕྱིར་རོ། །དེ་ལས་བྱུང་བས་ན་ཞེས་པ་ནི་རིམ་པ་གསུམ་པ་དང་ལྔ་པ་ལས་འབྱུང་བའི་ཕྱིར་རོ། །དེ་ལྟ་བུ་ཞེས་བ་ནི་ལྔའི་བདག་ཉིད་དོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་དྲུག་པའོ། །ཁྱེད་ལ་ཕྱག་འཚལ་ལོ་ཞེས་པ་ནི་ཁྱེད་ལ་ལུས་ལ་སོགས་པས་འདུད་དེ་བསྟོད་པ་ཉེ་བར་སྡུད་ཅེས་པ་ནི་བསྟོད་པའི་མཆོད་པའོ། །དགོངས་པ་མ་ཡིན་པས་བཤད་པའོ་ཞེས་པ་ནི་ཤིན་ཏུ་གསལ་བའི་བདག་ཉིད་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གྱི་དེ་ཁོ་ན་ཉིད་བསྟན་པས་སོ། །དུས་གསུམ་ཞེས་བྱ་བ་ནས་སྒྲ་ཇི་བཞིན་པའོ་ཞེས་པའི་བར་དུ་ནི་ཚིགས་སུ་བཅད་པ་ལྔས་གང་ཞིག་རྣལ་འབྱོར་པ་རྡོ་རྗེ་འཆང་ལ་བསྟོད་པ་སྟེ་ཡང་དེ་དང་འདྲ་བར་འགྱུར་རོ་ཞེས་ཕན་ཡོན་བསྟན་ཏེ། བསྟོད་པའི་སྒོ་ལས་རྡོ་རྗེ་འཆང་གི་དེ་ཁོ་ན་ཉིད་མངོན་དུ་གྱུར་པས་སོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་རྟོག་གི་སྒྲས་ཕན་ཡོན་བསྟན་པའོ། །དགྱེས་ནས་མངོན་དུ་ཕྱོགས་པས་བསྟན་ཏོ་ཞེས་པ་ནི་བསྟོད་པའི་ཚིག་ལས་བྱུང་བའི་དགའ་བ་ཉིད་དོ། །ཉོན་མོངས་པ་ནི་དྲུག་གོ །ཉེ་བའི་ཉོན་མོངས་པ་ནི་ཉི་ཤུ་རྩ་


DTG033_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའོ། །དེ་རྣམས་དབྱེ་བ་དགུ་བཅུ་རྩ་བརྒྱད་ཡིན་པས་ན་ཐམས་ཅད་དོ། །ཉེ་བར་ཞི་བར་མཛད་པ་ན་ཞེས་པ་ནི་དེ་རྣམས་མཐོང་བ་དང་བསྒོམ་པའི་རིམ་གྱིས་སྤོང་བས་སོ། །ཡང་ན་ཉོན་མོངས་པ་ནི་རྣམ་གསུམ་དང་ཉེ་བའི་ཉོན་མོངས་པ་ནི་དེ་ལས་བྱུང་བའི་རང་བཞིན་རྣམས་སོ། །དེ་དག་ཐམས་ཅད་སྔགས་དང་ཕྱག་རྒྱའི་རིམ་པས་འོད་གསལ་པར་མཛད་པས་ན་བསྟན་པས་སོ། །ཕུང་པོ་ལྔའི་བདག་ཉིད་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱིས་ཕུང་པོའི་ངོ་བོའི་བདག་ཉིད་དོ། །སེམས་ཅན་ཐམས་ཅད་ཅེས་པས་ནི་འགྲོ་བ་རིགས་དྲུག་པའོ། །ཅི་རིགས་པར་ཞེས་པ་ནི་བསམ་པ་དང་བག་ལ་ཉལ་བ་དང་ཁམས་དང་བག་ཆགས་ཀྱིས་དབྱེ་བས་སོ། །མཐོ་རིས་དང་ཐར་པ་ཞེས་པ་ནི་བདེ་འགྲོ་དང་མྱ་ངན་ལས་འདས་པའོ། །ཐོབ་པར་མཛད་པས་ན་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པས་རིམ་པ་ཇི་ལྟ་བ་བཞིན་སྟེར་བས་སོ། །དམ་ཚིག་བཞིའི་ཞེས་པ་ནི་སྲོག་གཅོད་པ་ལ་སོགས་པ་ལེའུ་ལྔ་པ་ལས་དགོངས་པས་བཤད་པས་སོ། །གཞིར་གྱུར་བའོ་ཞེས་པ་ནི་རྟེན་དུ་གྱུར་བའོ། །རྙོག་པ་མེད་པ་ཞེས་པ་ནི་ཁ་ན་མ་ཐོ་བ་མེད་པས་ཏེ་ལེའུ་ལྔ་པ་ནས་གསུངས་པའི་ངེས་པར་རོ། །ཨེ་མ་ཧོ་ཞེས་བྱ་བ་ནས་དགོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་དུ་ནི་མི་བསྐྱོད་པ་ལ་སོགས་པའི་ཞུ་བ་རྡོ་རྗེ་འཆང་གིས་ངོ་མཚར་བར་དགོངས་སོ་ཞེས་བསྟན་ཏོ། །དགོངས་པ་མ་ཡིན་པའོ་ཞེས་པ་ནི་དམ་ཚིག་བཞི་པའི་དེ་ཁོ་ན་ཉིད་བསྟན་པས་སོ། །དེ་ལྟར་ཞེས་བྱ་བ་ནས་འདི་ནི་གོ་སླའོ་ཞེས་པའི་བར་དུ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ལ་དགོངས་པས་བཤད་པས་སྲོག་གཅོད་པ་ལ་སོགས་པ་སྲུང་བའི་དམ་ཚིག་བཞི་དང་བཤད་པ་ལ་སོགས་པ་བཟའ་བའི་དམ་ཚིག་ལྔ་བསྟན་ཏེ། །དེ་རྣམས་རྒྱ་ཆེ་བའི་མོས་པ་ཡིན་པས་སྐུ་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པ་དྲུག་གི་དམ་ཚིག་འདི་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནས་སྡོམ་པའོ་ཞེས་པའི་བར་དུ་ནི་རང་སངས་རྒྱས་ཀྱི་རིགས་ཅན་གྱི་སྡོམ་པ་བསྟན་ཏོ། །དེ་ལ་བསྟན་པ་ནི་རྣམ་པ་གསུམ་སྟེ། སྐུ་དང་གསུང་དང་ཐུགས་ཀྱིའོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོ་འཕྲུལ་བསྟན་པའི་མཚན་ཉིད་ནི་སྐུའི་བསྟན་པ་དང༌། ཆོས་བསྟན་པ་ལ་འཇུག་པའི་མཚན་ཉིད་ནི་གསུང་གི་བསྟན་པ་དང༌།


DTG033_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱི་དབང་གི་མཚན་ཉིད་ནི་ཡིད་ཀྱི་བསྟན་པ་སྟེ་བསྟན་པ་རྣམ་པ་གསུམ་པོ་དེ་རྣམས་ལ་ཡོད་དེ། གཞན་གྱི་དོན་མཛད་པའི་ཕྱིར་རོ། །རང་སངས་རྒྱས་ལ་སྐུའི་བསྟན་པ་ཡོད་དེ། ཆོ་འཕྲུལ་ལ་སོགས་པ་བསྟན་པས་འགྲོ་བའི་དོན་མཛད་པས་སོ། །ངག་གི་བསྟན་པ་ནི་མེད་དེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་གསུང་མི་འབྱུང་བས་སོ། །སེམས་ཅན་རྣམས་ཀྱང་དེའི་ཆོས་འཕྲུལ་མཐོང་བས་དད་པ་སྐྱེ་ཞིང་བདག་ཅག་རྣམས་དེ་དང་འདྲ་བར་འགྱུར་རོ་ཞེས་སེམས་བསྐྱེད་ལ་སྐྱབས་སུ་འགྲོ་བ་ལ་སོགས་པས་ཆོས་ཐོས་ཤིང་བསམ་པ་དང་བསྒོམ་པས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་གསུང་གི་བྱ་བ་གང་ཡིན་པ་དེ་ནི་ལུས་ཀྱིས་མཛད་དེ་སྐྱོན་གང་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུ་དང་གསུང་གི་བསྟན་པ་ཡོད་དོ། །ཉན་ཐོས་པ་རྣམས་ལ་གསུམ་པར་ཡང་མེད་དེ། གཞན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་པས་སོ་ཞེས་བསྟན་ཏོ། །ཉན་ཐོས་པ་ཞེས་བྱ་བ་ནས་རྨད་དུ་བྱུང་བ་ཆེན་པོའོ་ཞེས་པའི་བར་གྱི་ནི་ཉན་ཐོས་ཀྱི་རིགས་ཅན་གྱི་སྒྲུབ་པ་པོ་རྣམས་ལ། དཀྱིལ་འཁོར་ལ་འཇུག་པའི་དུས་སུ་མི་དགེ་བ་བཅུ་བཟློག་པའི་མཚན་ཉིད་ཀྱི་དམ་ཚིག་སྦྱིན་པར་བྱ་སྟེ། གང་གིས་དེ་རྣམས་རང་གི་ལམ་དང་མཐུན་པའི་སློབ་མ་ཐོས་པས་འཇུག་ཅིང་ཕྱི་ནས་བསྒོམ་པའི་ལམ་ལ་བརྟེན་ཏེ་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །ཚངས་པ་ཞེས་པ་ནས་སྐུ་རྡོ་རྗེ་ཉིད་དུ་འགྱུར་རོ་ཞེས་པའི་བར་དུ་ནི་ཚངས་པའི་ལྟ་བ་ལ་མོས་པའི་སྒྲུབ་པ་པོ་རྣམས་ལ་དཀྱིལ་འཁོར་ལ་འཇུག་པ་སྔར་ལན་གསུམ་ཁྲུས་གོས་གསུམ་བརྗེ་བ་དང༌། སྦྱིན་སྲེག་དང་བསྙེན་གནས་ལ་སོགས་པ་ལུས་ངལ་བའི་མཚན་ཉིད་ཀྱི་སྡོམ་པ་བསྟན་ནས། ངག་གི་ལམ་དང་རྗེས་སུ་མཐུན་པའི་བརྟུལ་ཞུགས་ཐོས་པས་འཇུག་ཅིང་ཕྱིན་ནས་བསྒོམ་པའི་ལམ་ལ་བསྟན་ཏོ། །རིམ་གྱིས་སྐུ་རྡོ་རྗེ་དང་འདྲ་བར་འགྱུར་རོ་ཞེས་བསྟན་ཏོ། །དབང་ཕྱུག་ཆེན་པོ་ཞེས་བྱ་བ་ནས་འདི་ནི་གོ་སླའོ་ཞེས་པའི་བར་དུ་ནི་གསུང་རྡོ་རྗེའི་རང་བཞིན་གྱིས་དྲག་པོའི་གཟུགས་བླངས་ལ་ཁམས་གསུམ་པ་ཐམས་ཅད་ལྕགས་ཀྱུ་དང་ཞགས་པ་ལ་སོགས་པའི་སྦྱོར་བས་དགུག་ཅིང་དབང་དུ་བྱའོ། །དེ་ནི་གསུང་རྡོ་རྗེ་དང་འདྲ་བར་འགྱུར་ཏེ། དབང་ཕྱུག་ཆེན་པོ་ནི་ཆགས་པའི་རང་


DTG033_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡིན་པས་སོ། །ཁྱབ་འཇུག་གི་དམ་ཚིག་ཅེས་བྱ་བ་ནས་དམ་ཚིག་གོ་ཞེས་པའི་བར་དུ་ནི་ཐུགས་རྡོ་རྗེའི་རང་བཞིན་གྱི་ཁྱབ་འཇུག་གི་གཟུགས་ལ་དམིགས་ཏེ་སྔར་བཤད་པ་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དང་རང་གི་བདག་ཉིད་ཀྱང་མི་སྣང་བར་བྱའོ། །དེས་ན་ཐུགས་རྡོ་རྗེ་དང་འདྲ་བར་འགྱུར་རོ། །དེ་ལྟར་ཚངས་པ་ཞེས་བྱ་བ་ནས་གོ་སླའོ་ཞེས་པའི་བར་དུ་ཚངས་པ་ལ་སོགས་པའི་དམ་ཚིག་རྗེས་སུ་གྲུབ་པས་སྐུ་རྡོ་རྗེ་ལ་སོགས་པ་ཐོབ་པའི་མཚན་ཉིད་ཀྱི་འབྲས་བུ་བསྟན་ཏོ། །གཏི་མུག་གི་རང་བཞིན་ཡིན་པས་ན། ཚངས་པ་ནི་སྐུའི་རྡོ་རྗེ་དང༌། འདོད་ཆགས་ཀྱི་རང་བཞིན་ཡིན་པས་ན། །དབང་ཕྱུག་ཆེན་པོ་ནི་གསུང་གི་རྡོ་རྗེ་དང༌། །ཞེ་སྡང་གི་རང་བཞིན་ཡིན་པས་ན་ཁྱབ་འཇུག་ནི་ཐུགས་རྗེ་ཉིད་དེ། དེའི་སྤྲུལ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བའི་བར་དུ་ནི་དཔལ་འབྱུང་པོ་འདུལ་བའི་རྒྱུད་ཀྱི་རིམ་པས། རྡོ་རྗེ་ཧཱུཾ་མཛད་པ་ལ་སོགས་པའི་གཟུགས་བླངས་ཏེ་ཀླུའི་མཚོ་ལ་སོགས་པའི་འགྲམ་དུ་འདུག་ནས་སྔོན་གྱི་བསྙེན་པ་སྔོན་དུ་འགྲོ་བར་འོ་མ་ལ་སོགས་པའི་ལྷ་བཤོས་དབུལ་ཏེ། སྔགས་བརྗོད་ཅིང་ཀླུའི་མཚོ་ལས་འཇོག་བོ་ལ་སོགས་པའི་ཀླུའི་རྒྱལ་པོའི་བུ་མོ་གཟུགས་བཟང་ལ་སོགས་པ་བཀུག་ནས་དེ་དང་ལྷན་ཅིག་ཏུ་ཚིག་ཕྲ་མོ་ལ་སོགས་པས་སྤྱོད་པར་བྱའོ་ཞེས་བསྟན་ཏེ། དེ་རྣམས་ལ་དེ་གཙོ་བོ་ཡིན་པས་ཕྱིར་རོ། །གཞན་དུ་ན་རང་དབང་དུ་མི་འགྱུར་ཞེས་པ་ནི་ཞི་བའི་ཚིག་གིས་དབང་དུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །གང་ལྷ་མ་ཡིན་ཞེས་བྱ་བ་ནས་གསུངས་སོ་ཞེས་པའི་བར་དུ་ནི་རྡོ་རྗེ་ས་འོག་གི་རྒྱུད་ལས་གསུངས་པའི་ཆོ་གས་ཁ་ཆེའི་ཡུལ་ལ་སོགས་པའི་ས་ཕུག་གི་སྒོ་ཕྱེ་ནས་བཟའ་དང་སྐར་མའི་སྦྱོར་བས་ལྷ་མ་ཡིན་གྱི་བུ་མོ་འབྱུང་བར་འགྱུར་རོ། །གལ་ཏེ་དེ་དང་ལྷན་ཅིག་ཏུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་ན་དེའི་ཚེས་ཕུག་ལ་འཇུག་པར་མི་སྐྱེའོ། །གལ་ཏེ་ལོངས་སྤྱོད་འདོད་པ་ཡིན་ན་དེའི་ཚེ་འཇུག་པར་བྱའོ། །འདུག་པའི་དུས་སུ་གཡང་ས་དང་བྲག་དང༌། ཆུ་བོ་དང༌། རྡོ་རྗེ་བྱུག་པ་ལ་སོགས་པ་བཟློག་པར་བྱས་ནས་འཇུག་པར་བྱའོ། །དེ་ནས་རྣམ་པ་སྣ་ཚོགས་པའི་རིམ་པོ་ཆེའི་རང་བཞིན་རྒྱན་


DTG033_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་བརྒྱན་པ་ལྷ་མ་ཡིན་གྱི་བུ་མོས་བསྐོར་བར་སྣང་ཟླ་བ་དང་ཉི་མ་དང་མེ་དང༌། རྒྱུ་སྐར་གྱི་སྣང་བ་ལས་ལྷག་མ་ལྷ་མ་ཡིན་གྱི་གནས་ལ་འཇུག་སྟེ། བདུད་རྩི་ལ་སོགས་པའི་ཁ་ཟས་སྤྱོད་ཅིང་ཏེ་དང་ལྷན་ཅིག་ཏུ་ཡུལ་གྱི་བདེ་བ་མྱོང་བས་བསྐལ་བའམ་བསྐལ་བ་སྟོང་གི་བར་དུ་གནས་པར་བྱའོ་ཞེས་བསྟན་ཏོ། །སྲིན་མོ་ཞེས་བྱ་བ་ནས་དོན་བསྒྲུབ་པའི་ཕྱིར་རོ་ཞེས་པའི་བར་དུ་ནི་རྒྱ་མཚོའི་གླིང་ལ་གནས་པ་ལ་སོགས་པ་གཞོང་རེང་གི་སེན་མོ་ཅན་དང་འཕྲོག་མ་ལ་སོགས་པ་སྲིན་མོ་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་ཁྲོ་བོའི་རྒྱལ་པོ་བསྒོམས་པས་དགུག་ལ། མི་རུས་ཀྱི་ཕྱེ་མས་སྤོས་གཏུལ་བ་དང༌། ཏིལ་མར་རང་རྐང་དག་གིས་མར་མེ་བྱིན་ནས། ཁྲག་གི་ཨརྒྷ་དང་ཞབས་བསིལ་ཕུལ་བས་མགུ་བར་བྱས་ཏེ། སྤྱི་བོར་བཀོད་པའི་སྣ་ཚོགས་རྡོ་རྗེ་ལ་སོགས་པ་བསྒོམས་པས་མི་གཡོ་བར་བྱས་ཏེ། རིག་པའི་བརྟུལ་ཞུགས་སྤྱོད་པས་ཇི་སྲིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དེ་སྲིད་དུ་སྤྱད་པར་བྱའོ་ཞེས་བསྟན་ཏོ། །ཤས་པ་ལ་སོགས་པའི་ཡང་དམ་ཚིག་དེ་ཉིད་དོ་ཞེས་པ་ནི་ཤ་ཟ་མོ་དང་གནོད་སྦྱིན་མོ་དང༌། མིའམ་ཅི་མོ་དང༌། འབྱུང་པོ་མོ་དང༌། ཡི་དགས་མོ་དང༌། གྲུབ་བུམ་མོ་ལ་སོགས་པའི་ཆོ་ག་འདི་ཉིད་ནི་སྤྱོད་པ་འདི་ཉིད་ཤེས་པར་བྱའོ། །དེ་ཡང་རྡོ་རྗེས་འོག་དང་རྡོ་རྗེ་མཁའ་འགྲོ་དང་འབྱུང་པོ་འདུལ་བའི་རྒྱུད་ལས་གསུངས་ཏེ། དེ་ཉིད་ལས་རྟོགས་པར་བྱའོ། །རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ནས་དམ་ཚིག་གོ་ཞེས་པའི་བར་དུ་ནི་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད་ལས་གསུངས་པའི་གཽ་རཱི་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མ། དཔལ་ཧེ་རུ་ཀའི་གཟུགས་ཀྱི་བདག་ཉིད་ཀྱིས་བཀུག་ལ་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་བྱིན་ནས་དེ་རྣམས་དང་བདག་ཉིད་ཚིམ་ཞིང་དེ་དང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པར་བྱེད་པས་སྤྲོས་པ་མེད་པའི་སྤྱོད་པས་ཇི་སྲིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོ་བས་དེ་སྲིད་དུ་གནས་པར་བྱའོ། །དཀོན་མཆོག་གསུམ་ལ་གནོད་པར་བྱེད་པའི་ཁྲག་དགུག་པ་ལ་སོགས་པའི་སྦྱོར་བས་མངོན་སྤྱོད་བྱས་ཏེ། མི་བསྐྱོད་པའི་གོ་འཕང་ཐོབ་བར་བྱའོ་ཞེས་བསྟན་ཏོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་


DTG033_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་ཅན་ཚར་གཅོད་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ནས་དེ་ལའང་དེ་སྐད་ཅེས་བྱའོ་ཞེས་པའི་བར་དུ་ནི་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཐོག་མ་ནས་གྲུབ་པ་དེ་བཞིན་དུ་དེའི་སྤྲུལ་པའི་སྐུའི་རང་བཞིན་གྱི་ཚངས་པ་ལ་སོགས་པ་ཁམས་གསུམ་གྱི་བདག་པོ་ཆོ་འཕྲུལ་ཆེ་བ་ཐོག་མ་ནས་གྲུབ་པ་ཡིན་ནོ། །དེ་བས་ན་སེམས་ཅན་རྗེས་སུ་གཟུང་བའི་དོན་དུ་བཏུས་པའི་རྣལ་འབྱོར་བས་དེ་རྣམས་ཀྱིས་ཚམ་ཚིག་སྤྱོད་པར་བྱེད་དེ། ཇི་ལྟ་ཇི་ལྟར་སེམས་ཅན་རྣམས། །རང་བཞིན་གྱིས་ནི་འདུལ་རྒྱུར་བ། དེ་དང་དེ་ལྟར་སེམས་ཅན་ནོ། །ཆགས་པ་སོགས་ཀྱིས་རྟག་ཏུ་བྱ། །ཞེས་འབྱུང་བ་དང༌། དེ་ལྟར་སྤྱོད་པའི་དམ་ཚིག་ལ། །དོན་མེད་མ་ཡིན་བསོད་ནམས་མིན། །ཞེས་འབྱུང་བས་སོ། །དེ་བས་ན་ཚངས་པ་ལ་སོགས་པ་དེ་རྣམས་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཡིན་པས་ན་སྨད་པར་མི་བྱའོ་ཞེས་འདིར་ཚད་མས་བསྟན་པར་བྱ་བའི་ཕྱིར། འདིར་ཡང་ཕ་རོལ་རྒོལ་བ་གང་ཡང་རུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕ་རོལ་རྒོལ་བ་ནི་གྲངས་ཅན་དང༌། མཆོད་འོས་པ་དང༌། རིགས་པ་པ་དང༌། བྱེ་བྲག་པ་དང༌། རྒྱང་འཕེན་པ་དང༌། དཔྱོད་བ་པ་ལ་སོགས་པའོ། །མི་མཐུན་པའི་ལྟ་བ་དང་ལྡན་པས་ཕ་རོལ་པ་ཡང་ཡིན་ལ། དེ་བཞིན་གཤེགས་པའི་བསྟན་པ་ལ་སྨོད་པར་བྱེད་པས་རྒོལ་བ་པོ་ཡང་ཡིན་ཏེ་ཕ་རོལ་རྒོལ་བའོ། །མཚན་མའི་དབྱེ་བས་ཞེས་པ་ནི་བརྟུལ་ཞུགས་ཀྱི་དབྱེ་བ་སྟེ་རལ་བའི་ཚོས་དང་མགོ་རེག་པ་དང༌། ཐིག་ལེ་གསུམ་དང༌། དབྱིག་པ་དང༌། ཆོས་གོས་གྱོན་པ་དང༌། ཐལ་བས་བྱུགས་པ་དང༌། མཆོད་ཕྱིར་ཐོགས་པ་དང༌། ཕྱོགས་ཀྱི་གོས་ཅན་ལ་སོགས་པའོ། །དེའི་དབྱེ་བས་གནས་པར་ནམས་ནི་རྣམ་པར་དཔྱོད་པའི་མུ་སྟེགས་པ་རྣམས་སོ། །དེ་འདིར་བརྙས་པར་མི་བྱ་སྟེ། ཞེས་པ་ནི་སྨོད་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའ་ནི་དཔལ་རྡོ་རྗེ་འཆང་ཆེན་པོའོ། །རྣམ་འཕྲུལ་ནི་དེས་སྤྲུལ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་ཀྱི་ཕྱིར་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་བཅོམ་ལྡན་འདས་སྣ་ཚོགས་སྤྲུལ་བའི་འཁོར་ལོ་ལ་བཞུགས་པའི་ཁྱུད་མོ་ལྕགས་རི་ཕྱི་རོལ་དུ་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་ཐམས་


DTG033_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དགོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་ཐམས་ཅད་ཁྱབ་པས་སོ། །ཁྱབ་པར་བྱེད་པ་ཡང་ཆོས་ཐམས་ཅད་ཀྱི་ནང་དུ་ཆུད་པའི་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཁམས་གསུམ་པོ་ནི་མ་ལུས་པ། །དེ་ཡི་ཐམས་ཅད་ལོངས་སྤྱོད་ཡིན། །ཞེས་འབྱུང་ངོ༌། །ད་ནི་ཞེས་བྱ་བ་ནས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་པའི་བར་དུ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་ལས་གསུམ་དང༌། བརྫུན་སྨྲ་པ་ལ་སོགས་པ་ངག་གི་ལས་བཞི་དང༌། བརྣབ་སེམས་ལ་སོགས་པ་ཡིད་ཀྱི་ལས་གསུམ་སྟེ། འོད་གསལ་བ་ཐམས་ཅད་སྟོང་པའི་ངོ་བོར་ཤེས་པར་བྱ་སྟེ། དེའི་ཚེ་གྲོལ་བར་འགྱུར་རོ། །གང་གི་ཕྱིར་དོན་དམ་པར་སྲོག་ཆགས་པ་མེད་ཅིང་མི་དམིགས་པས་དེ་རྣམས་ག་ལ་གཅོད་པར་འགྱུར་ཞེས་དེ་ལྟར་གཞན་ལ་ཡང་སྦྱར་རོ། །གང་ཞིག་རྟོག་པ་དང་བཅས་པ་དེས་མི་དགེ་བའི་ལས་ཀྱི་ལམ་སྤྱོད་པས་ངན་སོང་དུ་འགྲོ་བ་དང་ལོག་པས་བདེ་འགྲོར་འགྱུར་རོ། །རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པས་དགེ་བ་དང་མི་དགེ་བ་ཐམས་ཅད་དོན་དམ་པའི་ངོ་བོར་རྣམ་པར་རྟོག་པས་དེ་གྲོལ་བར་འགྱུར་རོ། །ཇི་སྐད་དུ། འགྲོ་བ་རྣམས་ཀྱང་བཤད་པ་སྟེ། ལྷ་རྣམས་འབྲས་བུ་དང་བཅས་པ། །དེ་ཡི་རང་བཞིན་ཡོངས་ཤེས་པས། །མ་སྐྱེས་པ་ཡང་བསྟན་པ་ཡིན། །ཞེས་འབྱུང་ངོ༌། །རབ་ཏུ་བྱེད་པ་ལས་ཀྱང༌། སྦྱིན་སོགས་དགེ་བ་བྱས་ན་ནི། །མཐོ་རིས་སོགས་ལ་མཆོད་པར་འགྱུར། །མཚམས་མེད་ལ་སོགས་བྱས་ན་ནི། །དམྱལ་བར་རྣམ་པར་འཚེད་པར་འགྱུར། །མཐའ་ཡས་སྐྱེ་བ་སྟོང་ཕྲག་ནི། །རྙེད་ནས་རྣམ་པར་རྨུགས་པར་འགྱུར། །སྔོན་གྱི་ལས་ཀྱི་རྣམ་སྨིན་འདི། །རྨོངས་པས་དེ་ལྟར་མྱ་ངན་འགྱུར། །ཞེས་འབྱུང་ངོ༌། །གལ་ཏེ་དེ་ལྟ་མ་ཡིན་ན་རྫོགས་པའི་རིམ་པའི་བརྟུལ་ཞུགས་དང་ལྡན་པས་གལ་ཏེ་དེ་རྣམས་བྱེད་དམ་མི་བྱེད། གལ་ཏེ་བྱེད་ན་དེའི་ཚེ་མི་འགལ་ལོ། །གལ་ཏེ་མི་བྱེད་ན་དེའི་ཚེ་དམ་ཚིག་ཇི་ལྟ་བཞིན་ཞེ་ན། སྨྲས་པ། དོན་དམ་པའི་བདེན་པ་ལ་མོས་པའི་རྣལ་འབྱོར་པས་དགེ་


DTG033_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་མི་དགེ་བ་ལ་སོགས་པ་ཐམས་ཅད་འདི། དེ་ཁོ་ན་ཉིད་དུ་ཡང་དག་པར་མཐོང་བ་ཡིན་གྱི་ཀུན་རྫོབ་ཏུ་ནི་མ་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་མཐོང་བ་ཉིད་དེའི་དམ་ཚིག་ཡིན་གྱི་བྱེད་པའམ་མི་བྱེད་པ་ནི་མ་ཡིན་ནོ། །དེ་ཁོ་ན་ཉིད་མཐོང་བ་ཉིད་ནི་དམ་ཚིག་སྟེ་མི་འདའ་བའི་ཕྱིར་ཞེས་སྐྱོན་ནི་ཅུང་ཟད་ཀྱང་མེད་དོ། །ད་ནི་ཞེས་བྱ་བ་ནས་འདོད་པའི་དངོས་གྲུབ་ཉམས་པར་འགྱུར་རོ་ཞེས་པའི་བར་དུ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་ལ་གནས་པས་ཕྱིའི་ཤིང་དང་རྡོ་དང་འབག་གི་སྐུ་ལ་སོགས་པ་ལ་ཕྱག་མི་བྱ་སྟེ། གལ་ཏེ་ཕྱག་བྱེད་ན་དེའི་ཚེ་དེའི་གཡེང་བའི་སེམས་ཀྱིས་ཏིང་ངེ་འཛིན་ཉམས་པར་འགྱུར་རོ། །གང་གི་ཚེ་དཀྱིལ་འཁོར་དྲི་བ་དང་མཆོད་པ་དང་རབ་ཏུ་གནས་པ་འབྱུང་ན་དེའི་ཚེ། ཡིད་ནི་ཏིང་ངེ་འཛིན་ལ་བཞག་ན་ལུས་དང་ངག་གིས་ཕྱག་དང་བསྟོད་པ་བྱེད་ན་སྐྱོན་མེད་དེ། སེམས་མཉམ་པར་གཞག་པ་དང་ལྡན་པས་སོ། །གལ་ཏེ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་བྱེད་ན་དེའི་ཚེ་ཏིང་ངེ་འཛིན་ཉམས་པས་གཡེང་བར་འགྱུར་རོ། །དེའི་ཚེ་ཕྱག་སྟེ་ཚངས་པར་འགྱུར་བ་ཡང་འབྲས་བུ་དང་བཅས་པར་མི་འགྱུར་ཏེ། ཏིང་ངེ་འཛིན་དང་བྲལ་བས་སོ། །བྱ་བ་ཐམས་ཅད་ཀྱི་རྩ་བ་ནི་སེམས་ཡིན་པས་གལ་ཏེ་གཡེང་ན་ཐམས་ཅད་དོན་མེད་པར་འགྱུར་ཏེ། ཇི་སྐད་དུ། བཟླས་པ་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུ་བྱིས་པས་ཀུན། །གཞན་གྱི་སེམས་ཀྱིས་དེ་བྱས་ན། དེ་ཉིད་རིགས་པས་དོན་མེད་གསུངས། །ཞེས་འབྱུང་ངོ༌། །བསྐྱེད་པའི་རིམ་པ་ལ་གནས་པ། །ཞེས་བྱ་བ་ནས་སྤྱོད་པ་ཞེས་བྱ་པའི་བར་དུའོ་ཞེས་པའི་བར་དུ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཡེ་ཤེས་ཀྱི་སྐུ་བླངས་ལ་དེ་ཡང་སྐུ་རྡོ་རྗེ་ལ་སྒོས་པ་གསུམ་དང་དབྱེར་མེད་པར་བསམས་ཏེ། འཇུག་པ་ལ་སོགས་པའི་རིམ་གྱིས་ཉིན་མོ་དང༌། མཚན་མོར་འཁྲུལ་འཁོར་བཞིན་དུ་རྡོ་རྗེ་བཟླས་པའོ། །ཡང་དེ་ཉིད་སེམས་རྣམ་པར་དག་པ་ལ་སོགས་པའི་རིམ་གྱིས་ཟུང་དུ་འཇུག་པ་ཐོབ་ནས་སོ་སོ་སྐྱེ་བོ་དང་འཕགས་པའི་དབྱེ་བས་ཕྱེ་བའི་འགྲོ་བ་ཐམས་ཅད་འདི་རྡོ་རྗེ་གསུམ་དབྱེར་མེད་པའི་རྡོ་རྗེ་འཆང་


DTG033_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་རང་བཞིན་དུ་བལྟ་བར་བྱའོ་ཞེས་བསྟན་ཏོ། །རྫོགས་པའི་རིམ་པའི་ཁོང་དུ་ཆུད་པའི་ཕྱག་གི་རྣམ་པ་དེ་ཉིད་ཡིན་ཏེ། ཕྱག་གི་འབྲས་བུ་ཡིན་པའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་བཞིན་ནོ། །ཇི་སྐད་དུ། ཇི་ལྟར་ཆུ་ལ་ཆུ་བཞག་དང༌། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ནི། ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་འབྱུང་ངོ༌། །བསྙེན་པ་ལ་སོགས་པ་ཞེས་བྱ་བ་ནས། ཐོག་མ་མེད་པའི་དུས་ཅན་ནོ། །ཞེས་པའི་བར་དུ་བསྙེན་པ་ལ་སོགས་པ་རྣལ་འབྱོར་བ་ཞེས་བསྡུས་པའི་ཏིང་ངེ་འཛིན་གསུམ་བསྒོམ་པ་བསྐྱེད་པའི་རིམ་པའི་རྣལ་འབྱོར་བས་ཐབས་དང་བཅས་པའི་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣལ་འབྱོར་ནམ་མཁའ་གང་བར་བསྒོམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་དེ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ལ་ཁྱད་པར་གྱི་གནས་བཟུང་བ་དང་ཐུགས་རྗེ་ཆེན་པོ་སྔོན་དུ་འགྲོ་བས་ནམ་མཁའ་ལ་བཞུགས་པ་དེ་བཞིན་གཤེགས་པ་དང་བླ་མ་ལ་སོགས་པ་མཆོད་པ་དང༌། རྣལ་འབྱོར་ཆེན་པོའི་དུས་སུ་སྤྱན་མ་ལ་སོགས་པའི་ཚོགས་ཀྱིས་བཀུག་ལ། ཐུགས་རྡོ་རྗེ་ལ་སོགས་པ་མཆོད་པར་བྱའོ་ཞེས་དང་པོར་སྦྱོར་བའི་ཏིང་ངེ་འཛིན་ཏོ། །ཕྱག་རྒྱ་ལེགས་པར་སྦྱར་བ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བ། མཆོད་པའི་ལྷ་མོ་སྤྲོ་ཞིང་དཀྱིལ་འཁོར་མཆོད་པར་བྱའོ་ཞེས་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཏོ། ཕྲ་མོའི་རྣལ་འབྱོར་དང་བཟླས་པ་འོད་དུ་ཞུ་བ་དང༌། བསྐུལ་བ་དང་དེ་ལས་ལངས་པར་བྱས་ནས་དེ་བཞིན་གཤེགས་པ་ལྔས་བསྟོད་པའི་མཆོད་པ་དང༌། མཐར་ཡང་མཆོད་པའི་ཆོ་ག་ཞེས་བྱ་སྟེ་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནས་དམ་ཚིག་གོ་ཞེས་པའི་བར་དུ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་སེམས་རྣམ་པར་དག་པའི་རིམ་པས་སྟོང་པ་བཞི་བསྒོམས་ཏེ། འོད་གསལ་བ་སྔོན་དུ་བྱས་ནས་ཡང་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་གྱིས་ཡེ་ཤེས་ཀྱི་སྐུ་བླངས་ལ། འཇུག་པ་དང་ལྡང་བ་ནི་མངོན་པར་བྱང་ཆུབ་པའི་རིམ་


DTG033_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡེ་ཤེས་ཀྱི་སྐུ་སྦྱངས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས་ལྡང་བ་ནི་རྡོ་རྗེའི་སྐུ་བླང་བར་བྱའོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་དམ་ཚིག་ཡིན་ཏེ་རྫོགས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །དེ་ཁོ་ན་ཉིད་རྟོགས་པ་ལ། །ཞེས་བྱ་བ་ནས་མཉམ་པར་གཞག་པར་འགྱུར་ཞེས་བྱ་བའི་བར་དུ་ནི་དེ་ཁོ་ན་ཉིད་ཐོབ་པའི་རྣལ་འབྱོར་པས་གང་གི་ཚེ་རྒྱུན་མ་ཆད་པར་སེམས་ཅན་གྱི་དོན་བྱ་བར་འདོད་ན་དེའི་ཚེ་ཡུན་རིང་དུ་ལུས་གནས་པའི་ཕྱིར་རང་གི་སྤྱི་བོར་ཆ་བཅུ་དྲུག་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་བདུད་རྩི་འཛག་པ་བསྒོམས་ལ་དེ་ཉིད་གྱེན་དུ་བཟློག་པའི་ལྕེས་དགུག་ཅིང་ལུས་ཐམས་ཅད་ཚིམ་པར་བྱའོ། །དེའི་ཚེ་རླུང་དང་མཁྲིས་པ་དང་བད་ཀན་ལས་བྱུང་བའི་ནད་འབྱུང་བར་མི་འགྱུར་རོ་ཞེས་བསྟན་ཏོ། །ཇི་སྐད་དུ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་ལུང་ཚད་མ་ཉིད་དུ་བསྟན་ཏོ། །གང་ཞིག་བདུད་རྩིའི་རང་བཞིན་རྒྱུན། །ཞེས་པ་ནི་བདུད་རྩི་འཛག་པའི་དཀྱིལ་འཁོར་གྱི་རྣམ་པ་ཅན་ནོ། །སྤྱི་བོར་རྟག་ཏུ་ངེས་འབབ་པ། །ཞེས་པ་ནི་ཚངས་པའི་སྒོར་གནས་ཤིང་བདུད་རྩིའི་དབའ་རླབས་འཛག་པར་བྱེད་པའོ། །རྣལ་འབྱོར་དབང་པོས་དེ་འཐུངས་ན། །ཞེས་པ་ནི་འདུས་པའི་རྣལ་འབྱོར་བས་རྒོད་མ་བྱེད་པའི་སྦྱོར་བས་མྱང་བར་བྱས་ནས་སོ། །རྒ་དང་འཆི་བ་རྣམ་པར་འཇིག །ཅེས་བྱ་བ་ནི་ཡུན་རིང་དུ་གནས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དཔེ་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་པདྨའི་སྡོང་བུ་ལ། །ཞེས་སྨོས་ཏེ། པདྨའི་སྡོང་བུ་ནི་མཚོ་སྐྱེས་ཀྱི་རྩ་བའོ། །མི་ཡི་ཆུ་ནི་འདྲེན་པར་བྱེད། །ཅེས་པ་ནི་སྐྱེས་བུ་ཁ་ཅིག་གིས་ཆུ་འཐུང་བར་བྱེད་པ་སྟེ། ནང་ཁོང་སྟོང་ཡིན་པའི་ཕྱི་རོ། །དེ་བཞིན་ནི་དེ་ལྟ་བུའོ། །ཉེ་བར་འཐུངས་པ་ཞེས་བྱ་བ་ནི་སྤྱི་བོ་ལ་གནས་པའི་བདུད་རྩིའི་དབའ་རླབས་དགུག་པར་བྱེད་པའོ། །རྣལ་འབྱོར་བ་ནི་སྒྲུབ་པ་པོས་སོ། །སྟོབས་ཆེན་འཚོ་ཞེས་པ་ནི་ཡུན་རིང་འཚོ་བ་དང་རྒ་བ་དང་འཆི་བ་དང་བྲལ་བར་འགྱུར་རོ། །རྩ་བའི་རྒྱུད་ལས་ཞེས་པ་ནི་དཔལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་སོ། །རྣལ་འབྱོར་


DTG033_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཐམས་ཅད་ཀྱི་དཔལ་དེ་ཁོ་ན་ཉིད་བསྡུས་པ་ནི་རྩ་བ་ཡིན་ནོ། །ལྕེ་ནི་རྐན་ལ་སྦྱར་བྱ་ཞིང༌། །ཞེས་པ་ནི་རྐན་གྱི་ཕྱོགས་སུ་བཟློག་ནས་ལྕེས་རེག་པར་བྱས་ནས་སོ། །སྣའི་རྩེ་མོར་བསམ་པར་བྱ། །ཞེས་པ་ནི་སྣའི་རྩེ་མོར་ལྟ་བར་དགོང་བར་བྱའོ། །དེ་ནས་རྡོ་རྗེ་ཕྲ་མོ་ནི་ལྕེ་ལ་དགོད་པར་ནས་ཀྱི་འབྲུའི་ཚད་ཙམ་གྱི་རྡོ་རྗེའོ། །དེས་བདེ་བ་ནི་བདེ་བའི་རྒྱུ་སྟེ། བདུད་རྩི་རེག་པའི་མྱང་བས་རྣལ་འབྱོར་པ་ནི་སྒྲུབ་པ་པོའི་སེམས་མཉམ་པར་གཞག་པར་འགྱུར་བའི་རྩེ་གཅིག་བའམ། ཚིམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ནས་དེ་སྐད་ཅེས་བཀའ་སྩོལ་ཏོ་ཞེས་པའི་བར་དུ་མི་ལས་དང་པོ་བ་རྣམ་པར་སྣང་མཛད་ཀྱི་སློབ་པ་པོས་བཟའ་བ་དང་བཅའ་བ་ལ་སོགས་པ་སྤྱོད་པའི་དུས་སུ་སྐུ་རྡོ་རྗེ་བདག་ཉིད་བསྒོམ་པར་བྱ་སྟེ། བཟའ་བ་ལ་སོགས་པ་ནི་གཟུགས་ཀྱི་རང་བཞིན་དང་སྐུ་ཚིམ་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་བཟའ་བ་དང་བཅའ་བ་ལ་སོགས་པའི་ཡུལ་ནས་གཞན་དགའ་བའི་ཆོ་ག་དང་མཆོད་པ་ལ་སོགས་པའི་ཆོ་གའི་དུས་སུ་བདག་ཉིད་ཐུགས་རྡོ་རྗེ་འཆང་བསྒོམ་པར་བྱ་སྟེ། དགའ་བ་ལ་སོགས་པའི་སྤྱོད་པས་ནི་སེམས་མགུ་བར་བྱེད་པས་སོ། །དེ་བཞིན་དུ་གསུང་རབ་ཡན་ལག་དགུའི་མདོ་སྡེ་ལ་སོགས་པ་ཀློག་པའི་དུས་སུ་བདག་ཉིད་གསུང་རྡོ་རྗེར་བསྒོམ་པར་བྱ་སྟེ། གསུང་རྡོ་རྗེ་འོད་དཔག་ཏུ་མེད་པ་གསུང་གི་རང་བཞིན་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་དག་པ་ཞེས་པ་ནི་ཐམས་ཅད་ཀྱི་སྟོང་པའི་རང་བཞིན་ཡིན་པས་སོ། །རྡོ་རྗེ་ནི་མི་ཕྱེད་པའི་ངོ་བོ་ཡིན་པ་སྟེ། ངོ་བོ་ཉིད་དག་པའི་རྡོ་རྗེ་སྟེ། རྡོ་རྗེ་འཆང་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་སྡུད་པ་པོའི་ཚིག་གོ །གང་འདས་པ་ཞེས་བྱ་བ་ནས་དོན་ཏོ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རྒྱུད་མ་ལུས་པ་དོན་དང་གཞུང་གིས་སྟོན་ཏེ། འཕགས་པ་དང་སོ་སོ་སྐྱེ་བོ་རྣམས་ཀྱི་སེམས་ནི་འོད་གསལ་བའི་རང་བཞིན་མཉམ་པ་ཉིད་ཀྱི་ངོ་བོ་ཡིན་ནོ་ཞེས་དགོངས་ནས་དེ་ཉིད་ལ་འཇུག་སྟེ་མི་གསུང་བར་འགྱུར་རོ། །འཁོར་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས། །དོན་དེ་ཉིད་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་


DTG033_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ་ཞེས་བསྟན་ཏོ། །དོན་དེ་ཉིད་ཅེས་བྱ་བ་ནས་འདི་དག་གོ་ཞེས་བའི་བར་དུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོ་མི་སྨྲ་བས་འཁྲུལ་པར་གྱུར་པ། བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ལ་སོགས་པ་གང་ཡིན་པ་དེ་ནི་འདས་པ་ལ་སོགས་པའི་དུས་སུ་མི་དམིགས་པ་ནམ་མཁའི་རང་བཞིན་དེ་བཞིན་ཉིད་དང་འདྲ་བ་ཡིན་ན་ཡང༌། སེམས་ཅན་གྱི་དོན་བྱ་བའི་ཕྱིར་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་སྒོ་ནས་འོད་གསལ་བ་ལས་ཅིག་ཅར་དུ་སྤྲོ་བའི་ཡེ་ཤེས་ཀྱི་སྐུ་ལ་དམིགས་ནས་གནས་པར་བྱའོ་ཞེས་ཐེ་ཚོམ་བསལ་ཏོ་ཞེས་བསྟན་ཏོ། །རྣལ་འབྱོར་ཐམས་ཅད་ཅེས་པ་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་དང་ལྡན་པའི་ཉོན་མོངས་པ་བཅོམ་པས་ན་བཅོམ་ལྡན་འདས་སོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་བའོ། །དེ་བཞིན་ཉིད་ལ་གཤེགས་པའམ་དེ་ལས་ཀྱང་གཤེགས་པས་དེ་བཞིན་གཤེགས་པའོ། །དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །ཉེ་བར་ལོངས་སྤྱོད་ཞེས་པ་ལ་རང་དབང་དུ་གྱུར་པས་ཏེ་རང་ལ་རག་ལུས་པའོ། །ཁམས་གསུམ་མ་ལུས་པ་ནི་འཇིག་རྟེན་གསུམ་མོ། །དེས་ནི་རྡོ་ཇེ་སེམས་དཔའ་ཁྱབ་པ་ཉིད་དུ་བསྟན་ཏོ། །ལོག་པར་གཟུང་བ་ཞེས་བྱ་བ་ནས་ཕྱིན་ཅི་ལོག་ཏུ་མ་རྟོགས་ཤིག་ཅེས་པའི་བར་དུ་ནི་ལོག་པར་གཟུང་བའི་ཚིག་གི་དོན་རྟོགས་པའི་བྱང་ཆུབ་སེམས་དཔའ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོས་འོད་གསལ་བའི་དེ་ཁོ་ན་ཉིད་ལ་འཇུག་པ་དང༌། དེ་ལས་སེམས་རྣམ་པར་དག་པའི་རིམ་པས་ལྡང་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་བས་ན་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལོག་པར་མ་བཟུང་ཤིག་ཅེས་བསྟན་པ་ཡིན་ནོ། །གང་བཤད་མ་ཐག་པ་ཞེས་བྱ་བ་ནས་སྦྱར་རོ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རིམ་པ་གཉིས་པ་དང་བཞི་བ་དག་གི་འོད་གསལ་བ་ཁོང་དུ་ཆུད་པའི་མཚན་ཉིད་ཀྱི་ཟབ་པ་ཉིད་དང༌། རིམ་པ་གསུམ་པ་དང་ལྔ་པ་དག་གིས་ཡེ་ཤེས་ཀྱི་སྐུ་དང་རྡོ་རྗེའི་སྐུ་རྒྱ་ཆེ་བ་གཟུང་བ་གང་ཡིན་པ་དེ་ནི་ཀུན་རྫོབ་དང་དོན་དམ་པ་བདེན་པ་གཉིས་ཀྱི་མཚན་ཉིད་དབྱེ་བས་ཆོས་ཐམས་ཅད་མངོན་པར་ཤེས་པ་ཐོབ་པ་དང་སྐུའི་དབང་ཕྱུག་ལ་སོགས་པ་དང་ལྡན་


DTG033_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚངས་པ་ལ་སོགས་པས་མི་ཤེས་ཏེ་རྡོ་རྗེ་སེམས་དཔའི་ཆོས་ཉིད་ནི་ཤིན་ཏུ་ཟབ་པའི་ཕྱིར་རོ། །དེ་བས་ན་རྡོ་རྗེ་སེམས་དཔའི་ཆོས་ཉིད་མི་རྟོགས་པའམ་རྟོགས་ནས་རྡོ་རྗེ་འཆང་འདིས་ཟབ་པའི་ཆོས་སྟོན་ཏེ་ཞེས་ཐེ་ཚོམ་དང་ལྡན་པ་དེ་རྣམས་ཀྱིས་ཐེ་ཚོམ་བསལ་བ་དང་བདག་ཉིད་ཀྱི་དབྱེ་བ་སྔོན་དུ་བྱ་བའི་ཕྱིར། བཅོམ་ལྡན་འདས་འོད་གསལ་བ་ལ་ཞུགས་ནས་ལྡང་བ་བསྟན་ཏོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་ལན་བཏབ་པོ། །དེས་ཤིན་ཏུ་ཟབ་པ་དེ་ཁོ་ན་ཉིད་ཀྱི་རང་བཞིན་རྡོ་རྗེ་འཆང་ཡིན་ནོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་སྦྱར་རོ་ཞེས་པའི་བར་དུ་ནི་ཡང་མེ་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགོངས་པས་བཤད་པས། བྱང་ཆུབ་སེམས་དཔའ་ནི་ཚངས་པ་ལ་སོགས་པ་འཇིག་རྟེན་གྱི་ལྟ་རྣམས་སོ། །དེ་རྣམས་ཀྱིས་ཇི་ལྟར་ཤིན་ཏུ་ཟབ་པའི་རྡོ་རྗེ་འཆང་གི་དེ་ཁོ་ན་ཉིད་ཇི་ལྟར་རྟོགས་པར་འགྱུར་ཏེ། ཇི་སྲིད་བདག་ཅག་ཀྱང་ཡེ་ཤེས་ལྔ་མངོན་དུ་བྱེད་པས་མི་ཤེས་ཏེ། རྟོག་པ་ཐམས་ཅད་ཀྱི་ངོ་བོ་ལས་ཞེས་པ་ནི་ཐམས་ཅད་སྟོང་པའི་ངོ་བོ་ཡིན་པས་སོ། །དགོངས་པ་འདི་ཡིན་ཏེ། ཇི་སྲིད་ཤེས་པ་དང་ཤེས་བྱའི་རྟོག་པ་ཡོད་པ་དེ་སྲིད་དེ་ཁོ་ན་ཉིད་ག་ལས་རྟོགས་པར་འགྱུར། བག་ཆགས་ཀྱི་དྲི་མ་ཐམས་ཅད་དང་བྲལ་བས་འབའ་ཞིག་དྲི་མ་མེད་པའི་ནམ་མཁའ་དང་འདྲ་བ་དེ་ཁོ་ན་ཉིད་ཅེས་བྱ་བ་སྟེ། ཇི་སྲིད་སྒོམ་པའི་སྦྱོར་བ་ལྡན། །དེ་སྲིད་དང་པོའི་ལས་ཅན་ཡིན། །ཡོངས་སུ་རྫོགས་པའི་རྣལ་འབྱོར་ནི། །ད་ནི་བསྟན་པར་བྱ་བ་ཡིན། །ཞེས་འབྱུང་བས་སོ། །དེ་བཞིན་དུ། །རྐྱེན་གཞན་མེད་པ་ཞི་བ་སྟེ། །སྤྲོས་པ་ཡིས་ནི་མ་སྤྲོས་པ། །དུ་མ་མ་ཡིན་གཅིག་མིན་ཏེ། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་འབྱུང་བས་སོ། །དེ་བས་ན་ཤེས་པ་དང་ཤེས་བྱའི་དབྱེ་བ་དང་བྲལ་བ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དྲུག་པ་ཡིན་ནོ། །ཞེས་གྲངས་སུ་འགྱུར་རོ། །དེ་ནི་དེ་ཁོ་ན་ཉིད་རྙེད་པར་དཀའ་བ་ཉིད་དུ་བསྟན་ཏོ། །གལ་ཏེ་དེ་ལྟ་མ་ཡིན་ན་སྔ་མ་ནི་ཇི་ལྟར་གྲུབ་པ་དང༌། འགྲུབ་པར་འགྱུར་བ་


DTG033_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ཕྱིས་གྲུབ་པ་ཇི་ལྟར་ཞེ་ན། སྨྲས་པ། སྐྱེ་གནས་བཞིས་བསྡུས་པ་རིགས་དྲུག་གི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ངོ་བོ་ཉིད་ཀྱི་དེ་ཁོ་ན་ཉིད་ཐོབ་པ་སྟེ། དེ་ཆོས་ཉིད་ལ་གནས་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཐམས་ཅད་གྲོལ་བར་མི་འགྱུར་ཞེ་ན། སྨྲས་པ། གོམས་པ་བླང་བའི་ཕྱིར་རོ། །གློ་བུར་གྱི་དྲི་མ་ལྡོག་པའི་དོན་དུ་ཐོས་པ་ལ་སོགས་པའི་རིམ་པས་གོམས་པར་བྱས་ན་དེ་ཁོ་ན་ཉིད་སྣང་བར་འགྱུར་ཏེ། མར་མེ་ཡོད་པ་བུམ་པ་ལ་སོགས་པ་བཞིན་ནོ། །དེས་ནི་དེ་ཁོ་ན་ཉིད་རྙེད་པར་དཀའ་བས་སློབ་པས་ཅི་དགོས་ཤེ་ན་ལེ་ལོ་ཅན་སྨྲས་པ་གང་ཡིན་པ་དེ་རྣམས་ལ། དེ་བསལ་བར་བྱ་བའི་དོན་དུ་དེ་ཁོ་ན་ཉིད་རྙེད་པར་སླབ་ཡིན་ནོ་ཞེས་གསལ་བར་བསྟན་ཏོ། །ཇི་སྐད་དུ། ཆོས་ཀུན་ནང་དུ་ཆུད་པའི་ཕྱིར། །རིང་པོ་མ་ཡིན་གར་དུ་མིན། །དེ་ཉིད་རྟོགས་པར་དཀའ་བའི་ཕྱིར། །དེ་ཡི་ངོ་བོ་རྟོགས་མི་འགྱུར། །ཕྲ་བར་གཟིགས་པའི་སངས་རྒྱས་ཀྱིས། །དེ་ཉིད་རང་གིས་རིག་པ་ཡིན། །རང་གནས་ལ་ཡང་དག་འདྲ་བའི། །བློ་རགས་པས་ནི་མཐོང་མི་འགྱུར། །རྣལ་འབྱོར་རིག་པས་ནམ་ཡང་ནི། །ཐར་པའི་འདུ་ཤེས་རིང་མི་བྱ། །རང་གི་བདག་ཉིད་བརྟགས་པ་ནི། །སྟོང་པར་མཐོང་ནས་མྱ་ངན་འདས། །ཞེས་འབྱུང་ངོ༌། །དེ་བཞིན་དུ། གོམས་པའི་སྦྱོར་བ་ཅི་ཞིག་བྱ། །ཐོག་མར་གྲུབ་པའི་ངོ་བོ་ཉིད། །རང་བཞིན་གྱིས་ནི་དེ་འགྲུབ་པ། །དེ་བཞིན་རྟོག་པ་ལས་སྐྱེས་མིན། །ཡེ་ཤེས་གསུམ་རིག་སྤངས་ནས་ནི། །གང་ཞིག་དེ་ལྟར་རྟོག་བྱེད་པས། །དེ་ཡི་དབྱེ་བ་མི་ཤེས་པས། །སླར་ཡང་དེ་རྣམས་སློབ་བཞིན་འགྱུར། །ཞེས་འབྱུང་ངོ༌། །དེ་ལྟར་ཞེས་བྱ་བ་ནས་བརྟགས་ནི་མི་རྙེད་པའི་ཕྱིར་རོ་ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་འདྲི་བ་དང་ལན་གདབ་པའི་ངོ་བོ་ཕུལ་དུ་བྱུང་བ་གསན་ནས་མགུ་བར་གྱུར་པའི་རྡོ་རྗེ་འཆང་གིས་དོན་འདི་ཉིད་བསྟན་པས་ཏེ་ཆོས་ཉིད་ཀྱི་ངོ་བོ་སེམས་ཅན་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ཡང་དེ་བཞིན་འཇའ་ཚོན་ལ་སོགས་པ་དང་འདྲ་བར་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་ཀྱིས་སངས་རྒྱས་ཀྱི་བྱ་བ་


DTG033_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེ། འོན་ཀྱང་མངོན་པར་བྱང་ཆུབ་ཀྱི་རིམ་པས་ཐམས་ཅད་སྟོང་པ་ཐོབ་ན། དེ་རྣམས་གང་ཡང་དམིགས་པར་མི་འགྱུར་ཏེ། ཆོས་ཐམས་ཅད་འོད་གསལ་པའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནས་ལན་གསུངས་པའོ་ཞེས་པའི་བར་དུ་ནི་སངས་རྒྱས་ཀྱི་དངོས་གྲུབ་གང་ལས་འབྱུང་བ་དང་གང་ལས་གནས་པར་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་དྲི་བ་དང་བཅོམ་ལྡན་འདས་ཀྱིས་ཀྱང་སློབ་པའི་དུས་ནས་དེ་ཁོ་ན་ཉིད་ཐོབ་བའི་བར་དུ་སྐུ་གསུམ་གྱི་བདག་ཉིད་དེ་ཁོ་ཉིད་གང་ཡིན་པ་དེ་ཉིད་ལས་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་འཇིག་རྟེན་ལས་འདས་པ་དང༌། ཞི་བ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་འབྱུང་ཞིང་དེ་ཉིད་དུ་ཐིམ་པར་འགྱུར་ཏེ། སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཞེས་ལན་བསྟན་ཏོ། །ཇི་ལྟར་ཆུ་ནི་དངས་པ་ལས། །ཞེས་བྱ་བ་ལ་སོགས་པ་འབྱུང་བས་སོ། །དེ་བཞིན་གཤེགས་བ་ཞེས་བྱ་བ་ནས་ཅི་ལ་ཡང་མ་ཡིན་ཞེས་གསུངས་པ་ནི་ལན་ནོ་ཞེས་པའི་བར་དུ་ནི། འཇིག་རྟེན་པ་ལ་སོགས་པའི་དངོས་གྲུབ་ཀྱི་ཐབས་དང་གང་གིས་དམིགས་ཤིང་སྒྲུབ་པ་སྐུ་ལ་སོགས་པ་དེ་དག་དང༌། དེའི་རང་བཞིན་གྱིས་ཁམས་གསུམ་པ་དང༌། སྣོད་ཀྱི་འཇིག་རྟེན་གྱི་ངོ་བོ་ས་ལ་སོགས་པ་གང་དུ་གནས་ཞེས་མི་བསྐྱོད་པ་ལ་སོགས་པས་ཞུས་པས་བཅོམ་ལྡན་འདས་ཀྱི་འོད་གསལ་བ་གནས་སོ་ཞེས་ལན་བསྟན་ན་འོད་གསལ་བ་ཡང་གང་དུ་གནས་ཞེས་ཞུས་པས། གང་དུ་མི་གནས་སོ་ཞེས་སོ་སོར་ངེས་པའི་གནས་མེད་པའི་ཕྱིར་ཐམས་ཅད་དུ་ནི་དེ་ཁོ་ན་ཉིད་གནས་སོ་ཞེས་ལན་གསུངས་སོ། །རིང་པོར་མ་ཡིན་གམ་དུ་མིན། །ནམ་མཁའ་མ་ཡིན་ས་ལ་མིན། །འཁོར་བར་མ་ཡིན་མྱང་འདས་མིན། །གནས་མིན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་དང༌། །ཀུན་དུ་ཀུན་ནས་ཐམས་ཅད་ནི། །རྣམ་པ་ཐམས་ཅད་ཀུན་རང་བཞིན། །སངས་རྒྱས་ཀུན་དངོས་གྲུབ་པ་ནི། །དེས་ནི་རང་གི་བདག་ཉིད་མཐོང༌། །ཞེས་འབྱུང་བས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནས་ངོ་མཚར་གྱི་རྒྱུའོ་ཞེས་པའི་བར་དུ་ནི་ངོ་མཚར་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་


DTG033_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རྗེས་སུ་ཡི་རང་བས་སེམས་རྣམ་པར་དག་པའི་རིམ་པས་རྣམ་པ་མེད་པའི་འོད་གསལ་བ་ཐོབ་པ་གང་ཡིན་པ་དེ་ལས་ཅིག་ཅར་དུ། རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་ལྷའི་སྐུ་གཟུགས་པ་དང༌། དེས་ཀྱང་འགྲོ་བའི་དོན་བྱ་བ་ཞེས་ངོ་མཚར་བ་ཡིན་ནོ་ཞེས་བསྟན་ཏོ། །མཚན་མ་མེད་པ་ཞེས་པ་ནི་འོད་གསལ་བ་རྟོགས་པའི་མཚན་ཉིད་དོ། །དེའི་ཐབས་ཞེས་པ་འོད་གསལ་བ་དེ་ཐོབ་པའི་རྒྱུའོ། །ལྷའི་སྐུ་ཞེས་པ་ནི་བསྐྱེད་པའི་རིམ་པས་བསྒྲུབ་པར་བྱ་བའོ། །ལྷའི་སྐུ་གྲུབ་ན་རྫོགས་པའི་རིམ་པ་ལ་དབང་བྱེད་པའི་ཕྱིར་རོ། །ཇི་སྐད་དུ། །བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་ནི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་འབྱུང་ངོ༌། །རྡོ་རྗེ་གསུམ་ནི་སེམས་ཅན་ཐམས་ཅད་དོ་ཞེས་པ་ནི་སྐུ་ལ་སོགས་པའི་བདག་ཉིད་ཡིན་པས་སོ། །ད་རྣམས་ཀྱི་མཆོག་ནི་ཞེས་པ་ནི་འཇིག་རྟེན་སྐྱོང་བ་ཡིན་པས་ན་མཆོག་གོ །ལྷ་ཆེན་པོ་ལ་སོགས་པ་ནི་འདོད་པའི་ཁམས་ཀྱི་བདག་བོའོ། །དེ་རྣམས་ཀྱི་མཆོག་ནི་ཉན་ཐོས་པ་དང་རང་རྒྱལ་བ་རྣམས་སོ་ཞེས་པ་ནི་འདོད་ཆགས་དང་བྲལ་བ་ཡིན་པས་སོ། །དེ་རྣམས་ཀྱི་མཆོག་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་ཐམས་ཅད་ལ་རྗེས་སུ་སྟོན་པར་མཛད་པས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལའོ། །ཁྱད་པར་དུ་དབང་བསྐུར་བས་ན་ཞེས་པ་ལ་འོག་ནས་འཆད་པའི་དབང་ཕྱུག་ཉིད་ཀྱིས་སོ། །སྐུའི་དབང་ཕྱུག་ཅེས་པ་ནི་ཕྲ་བལ་སོགས་པ་ལའོ། །གསུང་གི་དབང་ཕྱུག་ཅེས་པ་ནི་གཟུགས་བཞིའི་བདག་ཉིད་དོ། །ཐུགས་ཀྱི་དབང་ཕྱུག་ནི་ལྷ་ལ་སོགས་པའི་ཉེ་བར་འཕོ་བ་ལ་སོགས་པ་ལའོ། །རྫུ་འཕྲུལ་ཞེས་པ་ནི་འབར་བ་དང་སྣང་བ་ལ་སོགས་པ་ལའོ། །ཀུན་འགྲོ་བའི་དབང་ཕྱུག་ཅེས་པ་ནི་གཟུགས་གཅིག་གིས་ཐམས་ཅད་ཁྱབ་པའོ། །ཅི་འདོད་ནི་ཇི་ལྟར་མངོན་པར་འདོད་པའི་དོན་བསྐྱེད་པ་སྟེ། དཔག་བསམ་གྱི་ཤིང་བཞིན་ནོ། །བསྐྱེད་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཕྱིར་གཟུགས་སྣ་ཚོགས་པས་སྤྲུལ་པ་ཉིད་དེ། རོ་བོང་སྟག་དང་སེང་གེ་རྣམས། །


DTG033_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གླང་པོ་རྣམས་ཀྱི་སྐྱེ་གནས་སོ། །ཕྱག་རྒྱ་དྲུག་ཀྱང་སྐྱེ་བ་སྟེ། རྡོ་རྗེའི་ཐུགས་དང་ལྡན་པས་སོ། །ཞེས་འབྱུང་ངོ༌། །ཡོན་ཏན་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའོ། །དེ་དག་དབང་ཕྱུག་བརྒྱད་ཡིན་ནོ། །དེ་དང་ལྡན་པས་ན་དབང་ཕྱུག་དམ་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཞེས་པ་ནི་ཞི་བ་ལ་སོགས་པ་དང་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །སྒྲུབ་པར་གྱུར་པ་ཞེས་པ་ནི་རྫོགས་པར་བྱེད་པ་ཉིད་དུ་ཐོབ་པའོ། །རིག་པའི་རང་བཞིན་ཞེས་པ་ནི་སྔགས་ཀྱི་རང་བཞིན་ནོ། །སྐྱེས་བུ་ནི་ལྷའི་རྣམ་པ་ཅན་ནོ། །བསྐྱེད་པའི་རིམ་པའོ་ཞེས་པ་ནི་བསྐྱེད་པའི་གོ་རིམས་གསུངས་སོ། །ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའི་བར་དུ་ནི་ཁྱད་པར་གྱི་གནས་ལ་དམིགས་པ་སྔོན་དུ་འགྲོ་བར་དོན་དམ་པའི་དཀྱིལ་འཁོར་གྱི་རིམ་པས་སེམས་ཅན་གྱི་ཁམས་སྟོང་པར་བྱས་ནས། པདྨ་ལ་སོགས་པ་རྗེས་སུ་འཇུག་པས་ཟླ་བའི་དཀྱིལ་འཁོར་འབའ་ཞིག་བསམས་ལ། དེའི་སྟེང་དུ་དགོང་པའི་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་རིན་ཆེན་དང༌། སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་མི་བསྐྱོད་པ་དང༌། རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་གྲུབ་པའི་སྐུ་བསམས་ལ། རྣལ་འབྱོར་གསུམ་གྱི་རིམ་གྱིས་དང་པོ་སྦྱོར་བ་རྫོགས་ཏེ་ཕྱག་རྒྱ་ལེགས་པར་སྦྱོང་བ་སྔོན་དུ་འགྲོ་བར་དཀྱིལ་འཁོར་སྤྲོས་ལ་དེས་འགྲོ་བའི་དོན་བྱས་ཏེ། འཁོར་གྱི་ཚུལ་དུ་བཞག་ཅིང་ལས་ཀྱི་རྒྱལ་བ་མཆོག་ལ་གནས་པར་བྱའོ་ཞེས་བསྟན་ཏོ། །རྣམ་པ་གཞན་གྱིས་བསྒོམས་ན་ཞེས་པ་ནི་ལོག་པའམ་མཚན་མ་གཅིག་ཡོངས་སུ་གྱུར་པ་ལས་སོ། །དངོས་གྲུབ་ཀྱི་རྒྱུར་མི་འགྱུར་རོ་ཞེས་པ་ནི་མངོན་བར་འདོད་པའི་ལྷའི་སྒྲུབ་པའི་རྒྱུར་མི་འགྱུར་ཏེ་མི་མཐུན་པའི་ཕྱིར་རོ། །འབྲས་ནི་ས་བོན་ལ་ནས་ཀྱི་མྱུ་གུ་བཞིན་ནོ། །དེས་ནི་བསྐྱེད་པའི་རིམ་པའི་མཚན་མའི་ངེས་པ་བསྟན་ཏེ་རྒྱས་བཏབ་པ་བཞིན་ནོ། །དེ་ལྟར་ཞེས་བྱ་བ་ནས་བལྟ་བར་བྱའོ་ཞེས་པའི་བར་དུ་ནི་དང་པོ་སྦྱོར་པའི་འོག་ཏུ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ཉིད་དུ་བསྟན་ཏེ། གང་ལ་དམིགས་ནས་


DTG033_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཤད་པའི་དཀྱིལ་འཁོར་སྤྲོ་བར་བྱའོ་ཞེས་བསྟན་ཏོ། །ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བ་ནས་བརྩོན་འགྲུས་ཀྱི་བརྟུལ་བ་ཅན་ཞེས་པའི་བར་དུ་ནི་བསྐྱེད་པའི་རིམ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་བསྒོམ་པས་ཆགས་པ་ལ་སོགས་པ་གསུམ་རྣམ་པར་སྦྱོང་བ་འོད་གསལ་བ་རྟོགས་པར་འགྱུར་བས། གོ་རིམས་ཀྱིས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ་ཞེས་བསྟན་ཏོ། །ཞག་བདུན་ཞེས་བྱ་བ་ནས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་གང་ཞིག་རྣལ་འབྱོར་པ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པར་མི་ནུས་པ་དེས་ལེགས་པར་སྦྱངས་པའི་ཤིན་ཏུ་བསླབས་པ། དམ་ཚིག་གི་ཕྱག་རྒྱ་བླངས་ལ་དེ་དང་ལྷན་ཅིག་ཏུ་ཆགས་པ་ལ་སོགས་པའི་དབྱེ་བ་མཚོན་ཞིང་འོད་གསལ་བ་རྟོགས་ན་ཇི་སྲིད་ཞག་བདུན་གྱི་བར་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དེ་སྲིད་དུ་གནས་པར་བྱའོ། །དབང་པོ་རྣོ་བ་དང་འདོད་ཆགས་ཀྱི་ཤས་ཆེ་བའི་དབང་པོ་རྣོ་བའི་སྒོམ་པ་འདི་ཡིན་ནོ། །ཞེས་བླ་མའི་བཀའ་ལུང་ངོ༌། །དང་པོ་སྦྱོར་བའི་འོག་ཏུ་ཕྱག་རྒྱ་ལེགས་པར་སྦྱང་བ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཕྱོགས་གཅིག་ཡིན་ནོ། །དེ་ནས་ཞེས་བྱ་བ་ནས་འདའ་བར་མི་མཛད་དོ་ཞེས་པའི་བར་དུ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་ལག་པའི་ཕྱག་རྒྱ་བཅིང་པར་མི་བྱ་སྟེ། དེ་གཡེང་བར་བྱེད་པ་ཡིན་པས་སོ། །ཕྱག་རྒྱ་ནི་བཅོམ་ལྡན་འདས་ཀྱི་ངོ་བོ་མངོན་དུ་གྱུར་པའི་ཕྱིར་བཅིང་བར་བྱ་སྟེ། དེ་ཉིད་མངོན་སུ་བྱས་ནས་ཕྱག་རྒྱས་ཅི་ཞིག་བྱ། དེའི་དོན་དུ་གླང་པོ་རྙེད་པ་ཞེས་བྱ་བ་ནི་དཔེ་ཡིན་ཏེ་སྐྱེས་པ་དང་གླང་པོ་སྟོར་བ་གལ་ཏེ་དེ་ཚོལ་བས་མདུན་དུ་དེ་འཕྲལ་དུ་རྙེད་ན། དེ་ཅིའི་ཕྱིར་གླང་པོ་དེའི་རྗེས་ཚོལ་བ་དེ་མི་ཚོལ་ཏེ་དེ་རྙེད་པའི་ཕྱིར་རོ། །དེ་བཞིན་དུ་གང་ཞིག་རྣལ་འབྱོར་པ་རང་ཉིད་རྡོ་རྗེ་སེམས་དཔའ་ཡིན་ན་དེས་ལག་པའི་ཕྱག་རྒྱལ་སོགས་པ། ཅིའི་ཕྱིར་ཚོལ་ཏེ་དེ་གྲུབ་པ་ཡིན་པས་སོ། །སྤྲོས་པ་རྣམས་དོན་མེད་པའོ། །གསང་པ་འདུས་པ་ནི་རྣམ་པ་གཉིས་ལ་གནས་པའོ། །རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་ཞེས་པ་ནི་བསྐྱེད་པའི་རིམ་པ་ལ་གནས་པ་རྣམས་ཀྱིའོ། །སྐུ་རྡོ་རྗེའི་རིགས་དང་ལྡན་པ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་དང་ལྡན་པའོ། །


DTG033_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བླངས་པ་ཞེས་པ་ནི་སྐུ་རྡོ་རྗེའི་དམ་ཚིག་གསུངས་བའོ། །བཤང་ག་ཅི་ཞེས་བྱ་བ་ལ་སོགས་པས་བདུད་རྩི་ལ་སྦྱད་བ་ལ་སོགས་པའི་རིམ་གྱིས་སྤྱང་ནས་བཟའ་བར་བྱ་བ་དང༌། དེ་བཞིན་དུ་ཤེས་རབ་ལ་འཁྱུད་པ་ལ་སོགས་པས་འབྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་ལུས་ཚིམ་པར་བྱེད་པ་སྤྱད་པར་བྱའོ་ཞེས་སྐུའི་རིགས་ཀྱི་དམ་ཚིག་གོ །བཤང་བས་ཉེ་བར་མཚོན་པའི་བདུད་རྩིའི་རང་བཞིན་ནི་རྣམ་པར་སྣང་མཛད་ལ་སོགས་པའོ་ཞེས་བསྟན་ཏོ། །མཆོག་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །འབྲིང་ནི་དམ་ཚིག་གི་ཕྱག་རྒྱའོ། །ཐ་མ་ནི་ལས་ཀྱི་ཕྱག། རྒྱའོ། །ཡང་ན་མཆོག་ནི་བྲམ་ཟེ་མོ། །འབྲིང་ནི་རྒྱལ་རིགས་དང་རྗེ་རིགས་མའོ། །ཐ་མ་ནི་དམངས་རིགས་མའོ། །ཡང་ན་མཆོག་ནི་སྨེ་ཤ་ཅན་གྱི་བུ་མོ་སྟེ་མི་བསྐྱོད་པའི་རིགས་ཡིན་པའི་ཕྱིར་རོ། །བར་མ་ནི་གར་མཁན་མོ་སྟེ་འོད་དཔག་ཏུ་མེད་པའི་རིགས་དང་ལྡན་པའི་ཕྱིར་རོ། །ཐ་མ་ནི་ཁྲུས་མཁན་མ་སྟེ་རྣམ་པར་སྣང་མཛད་ཀྱི་རིགས་ཡིན་པས་སོ། །དེ་དག་ཐུགས་དང་གསུང་དང་སྐུའི་ངོ་བོ་ཡིན་ནོ། །ཁམས་གསུམ་ནི་སེམས་ཅན་རྣམས་སོ་ཞེས་པ་ནི་ཁམས་གསུམ་ལས་བསྐྱེད་པའི་ཕྱིར་རོ། །སྙོམས་པར་ཞུགས་པའི་ལམ་ཞེས་པ་ནི་སྐྱེ་བ་བྱུང་བའི་སྒོའོ། །པདྨའོ་ཞེས་པ་གྲུ་གསུམ་པ་མོའི་དབང་པོའོ། །འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པའོ་ཞེས་པ་ནི་སེམས་ཅན་གྱི་རིགས་རྣམས་ལ་བཞི་དགའ་བར་བྱེད་པ་སྟེ། འདོད་པའི་ཁམས་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །དྲེགས་པའི་གདུགས་ནི་རྩ་དབུས་མའོ། །ཟླ་བ་རྫོགས་པ་ནི་རྩ་གཡོན་པའོ། །རུས་སྦལ་ནི་གཡས་པའོ། །སོགས་པ་ནི་མདུན་དུ་ལྷ་སྦྱིན་མ་དང་རྒྱབ་ཏུ་ནོར་རྒྱས་མའོ། །དེ་དག་གལ་ཏེ་མི་བསྐྱོད་པ་ལ་སོགས་པ་བདུད་རྩི་ལྔ་རྒྱུ་བ་ཡིན་ན་ཡང་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་འཛག་པ་ཡིན་ནོ། །ཕ་གའི་དབུས་ན་ནམ་མཁའ་གང༌། །ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ། །ལྟེ་བར་གེ་སར་དང་ལྡན་པའི། །འདབ་མ་བརྒྱད་ཀྱིས་རྣམ་པར་མཛེས། །དེ་ལ་རྟག་ཏུ་གནས་པ་ནི། །ཁུ་བའི་གཟུགས་སུ་བདུད་རྩི་འཛག །ཅེས་འབྱུང་ངོ༌། །རྩ་ལྔ་པོ་དེ་དག་སྙོམས་པར་ཞུགས་པའི་སྔོན་དུ་ལག་པའི་ཕྱག་རྒྱས་བསྐུལ་


DTG033_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གཤེར་བར་བྱས་ཏེ་ལྕེ་བཅུག་ལ། དེ་ལས་འཛག་པའི་བདུད་རྩི་མྱང་བ་གང་ཡིན་པ་དེ་ནི་གསུང་གི་རྡོ་རྗེའི་དམ་ཚིག་སྟེ། དག་གི་རང་བཞིན་ལྕེའི་བྱ་བ་ཡིན་པས་སོ། །དེ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཕྱོགས་གཅིག་དང་ཤེས་རབ་ཀྱི་དབང་བསྐུར་གྱི་ཕྱོགས་གཅིག་དང༌། གསང་བའི་དབང་བསྐུར་ཡང་ཡིན་ནོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་སྡུད་པར་བྱེད་པའི་ཚིག་གོ་ཞེས་པ་ནི་ཐུགས་རྡོ་རྗེའི་རྣལ་འབྱོར་པས་པདྨ་ཅན་ལ་སོགས་པའི་ཕྱག་རྒྱ་དང་ལྷན་ཅིག་ཏུ་རོལ་པས་དེ་རྣམས་ཀྱི་སེམས་མཉེས་པར་མི་བྱ་བའོ། །འོན་ཀྱང་ཕྱིའི་ཁ་ཟས་དང་བཏུང་བ་དང་ཚིག་སྙན་པ་ལ་སོགས་པས་མགུ་བར་བྱས་ཏེ། དེ་ནས་དགའ་བར་འགྱུར་བའི་སེམས་དང་ལྡན་པས། བདེ་བའི་ལུས་དང་ལྡན་པ་དེ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་སྟེར་བར་འགྱུར་རོ། །གང་གི་དབང་གིས་བདེ་བ་ཆེན་པོ་མྱོང་བ་ཡིན་ནོ་ཞེས་བསྟན་ཏོ། །དེ་ནི་ཐུགས་ཀྱི་དམ་ཚིག་སྟེ་ཐུགས་མཉེས་པར་བྱེད་པའི་ཕྱིར་རོ། །སྤྱོད་པ་གསུམ་ལ་གནས་པའི་རྣལ་འབྱོར་པ་ཞེས་པ་ནི་སྤྲོས་པ་དང་བཅས་པ་ལ་སོགས་པ་སྤྱོད་པ་གསུམ་སྤྱོད་པའོ། །སྤྱིའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མངོན་པར་ཞེས་པ་ཞེས་པ་ནི་དེ་རྣམས་ལ་ཀུན་དུ་ཆག་པའོ། །བརྩལ་བར་བྱ་བའི་ཕྱིར་ནི་དེ་ལྡོག་པར་བྱ་བའི་ཕྱིར་རོ། །ལྷག་མའི་ལྷ་བསྟན་པའི་ལྷའི་ངོ་བོ་ཉིད་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་པའི་བར་དུ་ནི་གང་ཞིག་སོ་སོར་ངེས་པའི་རང་བཞིན་ལ་དམིགས་ནས་སོ་སོར་སྣང་བའི་ཕུང་པོ་ལྔ་དང༌། མིག་ལ་སོགས་པའི་སྐྱེ་མཆེད་དྲུག་དང༌། ས་ལ་སོགས་པ་འབྱུང་བ་ཆེན་པོ་གང་ཡིན་པ་དེ་རྣམས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་དང༌། སྤྱན་མ་ལ་སོགས་པ་དང་རྡོ་རྗེ་འཆང་ཆེན་པོ་དང་སའི་སྙིང་པོ་ལ་སོགས་པ་དྲུག་གི་རང་བཞིན་དུ་ཤེས་པར་བྱའོ་ཞེས་བསྟན་ཏོ། །དེ་ཉེ་བར་མཚོན་པ་ཙམ་ཡིན་ཏེ་ཡེ་ཤེས་ལྔ་དང་ཡུལ་དྲུག་གི་ངོ་བོ་ཡང་ཡིན་པར་ཤེས་པར་བྱའོ། །དེ་ཡང་རིགས་བརྒྱའི་དབྱེ་བས་སྔར་གཏན་ལ་ཕབ་པའོ། །ཇི་སྐད་དུ། བདག་ཉིད་སངས་རྒྱས་ཀུན་ཉིད་དེ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཉིད། །དེ་


DTG033_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འབད་པ་ཐམས་ཅད་ཀྱིས། །རང་གི་བདག་ཉིད་མཆོད་པར་བྱ། །ཞེས་འབྱུང་ངོ༌། །ལེའུ་དང་པོ་ནས་རྡོ་རྗེ་ཕྲེང་བའི་རྒྱུད་ཀྱི་ཚད་མས། སྐུའི་དཀྱིལ་འཁོར་དེ་ཉིད་བསྟན་ཏོ། །རྒྱུད་ཕྱི་མ་ལས་ཀྱང༌། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། སྐུ་ཡི་དཀྱིལ་འཁོར་ཉིད་དང་ནི། །བྷ་གའི་དཀྱིལ་འཁོར་ཞེས་བྱ་བའི། །དཀྱིལ་འཁོར་གསུམ་པོ་དེ་དག་བརྟགས། །དེ་ཡང་བསྐྱེད་པའི་རིམ་པའི་དང་པོ་སྦྱོར་བའི་ཕྱོགས་གཅིག་ཤིན་ཏུ་རྣལ་འབྱོར་ཞེས་བྱ་བ་ཡིན་ནོ། །དཀྱིལ་འཁོར་རྒྱལ་བ་མཆོག་ལ་ཡང་སྐུའི་དཀྱིལ་འཁོར་ལ་ལྷག་པར་མོས་པ་སྔོན་དུ་འགྲོ་བར་ཕྱི་རོལ་ཏུ་དཀྱིལ་འཁོར་སྤྲོ་བའོ། །དེ་ལྟར་ཞེས་བྱ་བ་ནས་བཞུགས་པར་གྱུར་ཏོ་ཞེས་བའི་བར་དུ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆིད་ཀྱི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པའི་ཚོགས། རང་གི་ཕུང་པོ་ལ་སོགས་པ་དང་མཚུངས་པར་ཤེས་ནས་ཁམས་གསུམ་པ་ཡང་དེའི་ངོ་བོར་ཤེས་པར་བྱ་སྟེ། གནས་ཇི་ལྟ་བ་བཞིན་དུ་གནས་པའི་དཀྱིལ་འཁོར་པ་རྣམས་གཟིགས་ནས་སེམས་རྣམ་པར་དག་པའི་རིམ་པ་འམ་མངོན་པར་བྱང་ཆུབ་པའི་རིམ་པ་ལ་འཇུག་སྟེ། འཁོར་གྱིས་ཞུས་པ་ལ་ཀླགས་སྐབས་སུ་སྦྱིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནས་ཤེས་པར་བགྱི་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་འོད་གསལ་བ་ལ་འཇུག་ན་དཔལ་གསང་བ་འདུས་པ་རྡོ་རྗེ་སློབ་དཔོན་ཁྱོད་དང་བདག་ཅག་གིས་ཇི་ལྟར་ཤེས་བར་བྱ་ཞེས་བྱམས་པས་དེ་བཞིན་གཤེགས་པ་རྣམས་ལ་འདྲི་བར་བྱས་སོ་ཞེས་བསྟན་ཏོ། །འདིར་འཇིག་རྟེན་གྱི་སྤྱོད་པ་ནི་དཀྱིལ་འཁོར་གྱི་ཆོག་དང་སྦྱིན་སྲེག་དང་རབ་ཏུ་གནས་པ་དང་ཞི་བ་ལ་སོགས་པའི་སྤྱོད་པའོ། །འཇིག་རྟེན་ལས་འདས་པའི་སྤྱོད་པ་ནི་དམ་ཚིག་ལ་སོགས་པ་དང་རྫོགས་པའི་རིམ་པའི་སྤྱོད་པའོ། །བྱམས་པས་བསྐུལ་བ་ཞེས་པ་ནི་འདྲི་བར་བྱས་པའོ། །སའི་སྙིང་པོ་ལ་སོགས་པ་གནས་ཀྱང་བྱམས་པས་བསྐུལ་བ་ནི་མ་འོངས་ཆོས་ཀྱི་རྒྱལ་སྲིད་ལ་དབང་བྱེད་པའི་ཕྱིར་རོ། །སྟོན་པ་པོ་ཞེས་པ་ནི་འདིར་དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་ནོ། །རྡོ་རྗེ་འཆང་ཆེན་པོ་དང་འདྲ་བ་


DTG033_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་འདྲ་བའི་སྒྲ་གཞན་གྱི་འབྲེལ་པ་དང་རྣམ་པར་གཅོད་པ་ཡིན་ཏེ། དེས་ན་རྡོ་རྗེ་སེམས་དཔའ་ཉིད་དེ་ཡིན་གྱི་དེ་བཞིན་གཤེགས་པ་གཞན་ནི་མ་ཡིན་ནོ། །ཁྱད་པར་གྱི་སྒོ་ནས་དམ་ཚིག་བསྟན་པའི་དོན་དུ་བཤད་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན་ཞེས་སྨོས་ཏེ། བྱང་ཆུབ་ཀྱི་སེམས་ཞེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ནི་རྡོ་རྗེ་འཆང་ངོ༌། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །བྱང་ཆུབ་སེམས་དེ་བཤད་པ་ཡིན། །ཞེས་འབྱུང་ངོ༌། །གཉིས་སུ་མེད་པའི་ཡེ་ཤེས་འཛིན་པས་ན་རྡོ་རྗེ་འཆང་ངོ༌། །དེ་བཞིན་གཤེགས་ཐམས་ཅད་ཀྱི་གཙོ་བོ་ཡིན་པས་ན་ཆེན་པོ་ཡང་ཡིན་ལ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་པས་རྡོ་རྗེ་འཆང་ཡང་ཡིན་ཏེ་ཞེས་རྡོ་རྗེ་འཆང་ཆེན་པོའོ། །སློབ་དཔོན་ཞེས་བྱ་བ་ནི་དཔལ་འདུས་པ་ལས་དབང་བསྐུར་བའི་བླ་མའོ། །ཤེས་པ་དང་ཤེས་བྱའི་བག་ཆགས་ཀྱིས་མི་གཡོ་བས་ན་མི་བསྐྱོད་པ་སྟེ། རྡོ་རྗེ་སེམས་དཔའ་ཉིད་དོ། །དེ་དག་ནི་རྡོ་རྗེ་འཆང་གི་རྣམ་གྲངས་ཁོ་ནའོ། །དབྱེར་མེད་པ་ནི་རྡོ་རྗེ་འཆང་དང་སློབ་དཔོན་ཐ་མི་དད་པའོ། །རྒྱུ་ནི་སློབ་དཔོན་ནོ། །འབྲས་བུ་ནི་རྡོ་རྗེ་འཆང་སྟེ། དེའི་དྲིན་གྱིས་དེའི་གོ་འཕང་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་རྒྱུ་དང་འབྲས་བུ་དེ་དག་དབྱེར་མེད་པར་བྱས་ནས་སློབ་དཔོན་དང་རྡོ་རྗེ་འཆང་ཉིད་འདྲ་བའོ། །རིགས་ཀྱི་བུ་ཞེས་པ་ནི་མ་འོངས་པའི་དུས་སུ་སངས་རྒྱས་ཀྱི་ཡུལ་ལས་འབྱུང་བའི་འགྲོ་བའི་སློབ་དཔོན་ནོ། །ཤར་ལ་སོགས་པའི་ཕྱོགས་ན་གནས་པ་ཞེས་པ་ནི་དེ་ལ་སྲིད་པའི་རྩེ་མོའི་ཤར་ཕྱོགས་སུ། རྣམ་པར་སྣང་མཛད་ཀྱི་འཇིག་རྟེན་གྱི་ཁམས་འོག་མིན་ནོ། །དེའི་ལྷོ་ཕྱོགས་སུ་རིན་ཆེན་འབྱུང་གནས་ནི་རིན་ཆེན་འབྱུང་ལྡན་གྱི་འཇིག་རྟེན་གྱི་ཁམས་སོ། །དེའི་ནུབ་ཕྱོགས་སུ་བདེ་བ་ཅན་ཞེས་བྱ་བ་འོད་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་སོ། །དེའི་བྱང་ཕྱོགས་སུ་མེ་ཏོག་ཅན་ཞེས་བྱ་བ་དོན་ཡོད་གྲུབ་པའི་འཇིག་རྟེན་གྱི་ཁམས་སོ། །དེ་རྣམས་ཀྱི་དབུས་སུ་ནམ་མཁའ་ལ་མངོན་པར་དགའ་བ་ཞེས་བྱ་བ་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་ངོ༌། །དེ་དང་འདྲ་བ་ཡང་སྟོང་གསུམ་དང་སྟོང་ཆེན་པོ་ལ་སོགས་པ་ལ་ལྟོས་ནས་མཐའ་ཡས་པའི་


DTG033_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་སོ། །དེ་ཉིད་བསྟན་པའི་ཕྱིར། གྲངས་མེད་པ་ན་ཞེས་སྨོས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ཞེས་བྱ་བ་ནི་རྫོགས་པ་དང་མ་རྫོགས་པའི་དབྱེ་བས་མཐའ་ཡས་པའོ། །ཆོས་ཀྱི་སྐུ་ཞེས་པ་ནི་ཁྱབ་པ་མེད་པའི་ཆོས་ཉིད་ཀྱི་ངོ་བོས་སོ། །མི་གཡོ་བས་ན་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་རྟག་པས་སོ། །ལོངས་སྤྱོད་རྫོགས་པའི་སྐུས་ཞེས་པ་ནི་མཚན་དང་དཔེ་བྱེད་ཀྱིས་བརྒྱན་པའི་སྐུས་སོ། །འོག་མིན་གྱི་གནས་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། མངོན་པར་དགའ་བ་ལ་སོགས་པ་ལ་སོགས་པ་ལ་ཡང་ངོ༌། །སྟོན་པར་མཛད་པས་ཞེས་པ་ནི་ཆོས་ཀྱི་བདུད་རྩི་མྱང་བས་སོ། །རྒྱུན་མི་འཆང་པར་ཞེས་པ་ནི་ཚིམ་པར་བྱེད་པ་སྟེ། མི་འཇིག་རྟེན་པའི་རྟག་པ་ཡིན་པའི་ཕྱིར་རོ། །སྤྲུལ་པའི་སྐུས་ཞེས་པ་ནི་སྤྲོས་པའི་འཁོར་གྱིས་སོ། །མཐོ་རིས་ནི་བདེ་འགྲོའོ། །ཐར་པ་ནི་གྲོལ་བའོ། །དེ་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པས་ཐབ་པར་མཛད་པ་ནི་སེམས་ཅན་རྣམས་ཐོབ་པར་འཇུག་པར་མཛད་པས་སོ། །རྒྱུན་གྱི་རྟག་པས་ན་སྤྲུལ་པའི་སུ་ནི་རྟག་པ་ཡིན་ནོ། །དེ་རྣམས་ཞེས་བྱ་བ་ནས་རང་གི་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་ཞེས་པའི་བར་དུ་ནི་ད་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔས་གསང་བ་འདུས་པའི་སློབ་དཔོན་ལ་ཕྱིའི་མཆོད་པ་དང་རང་གི་ནང་གི་མཆོད་པ་ལ་སོགས་པས་དུས་གསུམ་དུ་མཆོད་པར་མཛད་དོ། །ཞེས་བསྟན་ཏོ། །འདི་སྐད་དུ་ཞེས་བྱ་བ་ནས་གོ་སླའོ་ཞེས་པའི་བར་དུ་ནི་རྡོ་རྗེ་སློབ་དཔོན་འདི་བདག་ཅག་གི་ཕ་འདི་བྱ་བ་སྟེ། སངས་རྒྱས་ཀྱི་ཐེག་པ་རྒྱུན་མ་ཆད་པར་བྱེད་པས་སོ་ཞེས་བྱ་བ་ལ་སོགས་པའི་བསྟོད་པའི་ཚིག་བརྗོད་ནས། ཡར་ལྡོག་ཅིང་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་སོ་ཞེས་བསྟན་ཏོ། །འཇིགས་ཤིང་ཞེས་བྱ་བ་ནས་མི་སྨྲ་བར་གྱུར་ཏོ་ཞེས་པའི་བར་དུ་མཆོད་པར་བྱ་བ་ལ་ཐེ་ཚོམ་ཅི་དགོས་ཞེས་བྱ་བས་ངོ་ཚ་དང་བཅས་པའི་ཕྱིར་བྱམས་པ་ཅད་མི་སྨྲ་བར་གྱུར་ཏོ་ཞེས་བསྟན་ཏོ། །དེ་ལྟར་བྱམས་པ་ཞེས་བྱ་བ་ནས་པོས་སོ་ཞེས་པའི་བར་དུ་ནི་དཀྱིལ་འཁོར་གྱི་བདག་པོས་བརྒྱན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་


DTG033_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ཆེན་པོའི་ངོ་བོ་ཁོང་དུ་ཆུང་ནས་དེ་བཞིན་གཤེགས་པ་རྣམས་སླར་ཡང་སྟོན་པར་མཛད་དེ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པའི་ཞེས་བྱ་བ་ནས་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུ་གང་ཡིན་པ་དེ་ནི་གང་དུ་གནས་ཞེས་བྱང་ཆུབ་སེམས་དཔའ་ཞུ་བར་བྱས་ནས་རྒྱུད་ཀྱི་དཀྱིལ་འཁོར་བདག་པོ་མི་བསྐྱོད་པ་གང་ཡིན་པ་དེའི་སྐུ་ལ་སོགས་པ་ལ་གནས་ཏེ། དེ་ཉིད་ལས་དེ་རྣམས་སྤྲོ་བ་ཡིན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་ལན་བཏབ་པ་དང་གཞན་ཡང་དཀྱིལ་འཁོར་གྱི་བདག་པོའི་སྐུ་ལ་སོགས་པ་གང་དུ་གནས་ཞེས་ཞུས་པ་ལ་གང་དུ་ཡང་མི་གནས་སོ་ཞེས་ལན་བཏབ་པ་དང༌། འོད་གསལ་བ་ཞེས་བརྗོད་པར་རིགས་ན་རང་གི་རིག་པ་ཡིན་པས་བརྗོད་པར་མི་ནུས་སོ་ཞེས་བྱ་བ་གང་དུ་ཡང་ནི་གནས་སོ་ཞེས་བསྟན་ཏོ། །དེ་ནི་ཇི་ལྟར་ཐོབ་ཅེ་ན་བླ་མའི་མན་ངག་ལས་ཤེས་པར་བྱ་བའི་ཕྱིར་རོ་ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སུ་བླ་མའི་ཞལ་ལས་འོད་གསལ་བ་ཉིད་ཐོབ་པར་འགྱུར་རོ། །དེས་ནི་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་གྱིས་གང་གི་ཚེ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འོད་གསལ་བ་དང་ཕྱག་རྒྱ་ཆེན་པོའི་རྣམ་གྲངས་ཐོབ་ན་དེའི་ཚེ་རྒྱུ་དང་འབྲས་བུ་དབྱེར་མེད་པས་དེ་ཉིད་རྡོ་རྗེ་འཆང་ཆེན་པོ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནས་འདིའི་དོན་སྟོན་པ་ཡིན་ནོ་ཞེས་པའི་བར་དུ་ནི་བྱང་ཆུབ་སེམས་དཔའ་རྣམས་སྟོན་པ་རྡོ་རྗེ་སློབ་དཔོན་ལ་ངོ་མཚར་དུ་གྱུར་པ་དང༌། རྡོ་རྗེ་འཆང་གི་གོ་འཕང་གི་དེ་རྒྱུར་གྱུར་པ་ལ་རྨད་དུ་གྱུར་པ་དང༌། དེ་བཞིན་དུ་རྡོ་རྗེ་སློབ་དཔོན་སངས་རྒྱས་ལ་སོགས་པས་བསྙེན་བཀུར་དུ་བྱ་བ་ཉིད་དུ་བསྟན་ཏོ། །དེ་ཡང་འགྲེལ་པ་མཁན་གྱིས་གོ་སླ་བས་ན་མ་བཤད་དོ། །དོན་འདི་ཞེས་བྱ་བ་ལ་སོགས་པས་དཔལ་སྒྱུ་འཕྲུལ་དྲ་བའི་ཚད་མ་ཉིད་བསྟན་ཏོ། །སློབ་དཔོན་ནི་རྡོ་རྗེ་སློབ་དཔོན་ནོ། །དེ་ཇི་ལྟར་བལྟ་ཞེ་ན། ཞེས་པ་ནི་ཇི་ལྟར་ཤེས་པར་བྱ་སྟེ་ཞེས་འདྲི་བ་ལ་ལན་ནོ། །ཡོན་ཏན་གྱི་ཚོགས་དང་ལྡན་པས་ན་བླ་མའོ། །སངས་རྒྱས་ཐམས་ཅད་ཉེ་བར་སྡུད་པར་བྱེད་པས་ན་སངས་རྒྱས་ཐམས་ཅད་སྟེ་དེ་དང་མཚུངས་པའོ། །རྡོ་རྗེ་འཆང་ནི་མི་བསྐྱོད་པའོ། །ལས་


DTG033_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་པ་ཡིན་པས་ན། ཀུན་ནི་དོན་ཡོད་གྲུབ་པའོ། །རྒྱལ་པོ་ནི་འོད་དཔག་ཏུ་མེད་པའོ། །རིན་ཆེན་ཏོག་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་དོ། །དེ་ལྟར་དེ་བཞིན་གཤེགས་པ་ལྔ་དང་པ་དྲུག་པ་རྡོ་རྗེ་འཆང་གི་ངོ་བོ་རྡོ་རྗེ་སློབ་དཔོན་བསྟན་ཏོ། །དེ་ལྟར་གྱུར་པའི་སློབ་དཔོན་ནི་རྡོ་རྗེ་བླ་མའི་ཡོན་ཏན་ནི་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་གཟུང་བར་བྱའོ། །སྐྱོན་ནི་གང་ཡང་རུང་བའི་སྤྱོད་པ་ངན་པ་གཟུང་བར་མི་བྱ་བའོ། །འབྲས་བུ་བསྟན་པའི་ཕྱིར། ཡོན་ཏན་གྱིས་ནི་དངོས་གྲུབ་ཅིང༌། །ཞེས་སྨྲོས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཏུ་འགྱུར་རོ། །སྐྱོན་ནི་ཡོད་པའམ་མེད་པ་བཟུང་བ་ན་སྔར་བཤད་པའི་དངོས་གྲུབ་ཉམས་པར་འགྱུར་རོ། །དེའི་ཕྱིར་ནི་རྒྱུ་དེ་ལས་སོ། །ཀུན་ནས་རབ་བསྒྲིམས་ཏེ། ཞེས་པ་ནི་ལུས་དག་ཡིད་ཀྱིས་སོ། །སངས་རྒྱས་ཉིད་ནི་འབྲས་བུ་སྟེ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་འདོད་པ་ནི་དེ་དོན་དུ་གཉེར་བའི་སྐྱེས་བུ་རྣམས་ཀྱིས་སོ། །དད་པས་ནི་དང་པ་དང་ལྡན་པས་སོ། །དེ་ནི་རྡོ་རྗེ་སློབ་དཔོན་ནོ། །མཆོད་ཅིང་ནི་མཆོད་པར་བྱའོ། །གང་གི་ཕྱིར་བསམ་པས་འབྲས་བུ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་དོ། །སྨིན་བྱེད་པ་ནི་སྟེར་བར་བྱེད་པ་དེའི་ཕྱིར་མཆོད་པར་བྱའོ། །དེ་བཞིན་དུ་རིན་ཆེན་རྒྱལ་པོ་ཞེས་བྱ་བ་ལ་སོགས་པས་མདོ་སྡེ་ཚད་མ་ཉིད་དུ་བསྟན་ཏོ། །ཨུ་རྒྱན་གྱི་རི་ནི་བྱང་ཕྱོགས་ཀྱི་གནས་ཀྱི་རི་ལའོ། །བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་དེ་ལ་བཞུགས་པར་གྱུར་ནས་འཁོར་རྣམས་ལ་འདི་སྐད་གསུངས་སོ། །རྡོ་རྗེ་ཐེག་པ་ལ་སློབ་པར་བྱེད་པ་ནི་ཀྱེ་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་བཞིན་གཤེགས་པ་ནི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་རེ་ཞིག་ཡོངས་སུ་མྱ་ངན་ལས་འདས་པས་སྟོན་པ་ནི་མི་མཐོང་ན་ཡང་མངོན་སུམ་དུ་མི་མཐོང་པའོ། །དེ་བས་ན་རྡོ་རྗེ་སློབ་དཔོན་ནི་འཇིག་རྟེན་པ་ལ་སྟོན་པར་འགྱུར་ཏེ། དེས་དེའི་ངོ་བོ་བསྟན་བའི་ཕྱིར་རོ། །རྗེ་བཙུན་སྟོང་ཕྲག་བརྒྱ་པ་ལས་ཀྱང་བྱ་བ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་ལུང་ཚད་མ་ཉིད་


DTG033_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ། །དགེ་བ་ནི་ཐར་པའོ། །དེ་ཐོབ་པར་བྱེད་པའི་དགེ་བའི་བཤེས་གཉེན་ནི་དགེ་བའི་བཤེས་གཉེན་ཏེ། རྡོ་རྗེ་སློབ་དཔོན་ནོ། །ཉེ་བར་བསྟེན་པ་ཞེས་པ་ནི་དེ་ལ་བརྟེན་ནས་སོ། །དེ་ནས་ཞེས་བྱ་བ་ནས་གསུངས་ཏེ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དང་པོ་འོད་གསལ་བ་ལ་བཞུགས་ནས་དེ་ནས་ཅིག་ཅར་དུ་བདག་ལ་བྱིན་གྱི་བརླབས་པའི་རིམ་པ་ལས་ལངས་ཏེ། མི་བསྐྱོད་པ་ཕྱུང་ཞིང་རྗེས་སུ་ཞུགས་ནས་ཞེ་སྡང་རྡོ་རྗེར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་རོ་མཉམ་པའི་བདག་ཉིད་ཀྱི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཉན་པའི་དུས་སུ་དེ་བཞིན་གཤེགས་པ་རྣམས་པོས་སོ། །དེ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་རྗེས་སུ་གཟུང་བའི་གསུང་གིས་མགུ་བས་བཅོམ་ལྡན་འདས་སྟོན་ཅིག་ཅེས་བྱ་བའི་དེའི་ཚིག་གསན་ནས་དེ་སྟོན་པའི་ཕྱིར་རྩོམ་པར་གྱུར་ཏོ་ཞེས་བསྟན་ཏོ། །ནམ་མཁའི་ཁམས་ཞེས་བྱ་བ་ནས་བསམ་གཏན་གྱི་དཀྱིལ་འཁོར་ཞེས་བྱ་བའི་དུ་ནི་རེ་ཞིག་དང་པོ་རྣལ་འབྱོར་པས་བདག་ལ་བྱིན་གྱིས་བརླབས་པའི་རིམ་པས་བདག་ཉིད་རྡོ་རྗེ་འཆང་ཆེན་པོར་བསྒོམས་ལ་མི་བསྐྱོད་པ་ཕྱུང་ཞིང་རྗེས་སུ་ཞུགས་ནས་ཐུགས་རྡོ་རྗེ་བསམས་ལ། དེ་ཉིད་ཕུང་པོ་ལྔའི་བདག་ཉིད་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དང༌། སྤྱན་མ་ལ་སོགས་པའི་རང་བཞིན་གྱི་ཁམས་བཞིའི་ངོ་བོ་སྐུ་ཉིད་དཀྱིལ་འཁོར་དུ་བསམས་ལ། རིམ་པ་དེ་ཉིད་དཀྱིལ་འཁོར་པ་རྣམས་ཀྱང་གནས་ཇི་ལྟ་བ་བཞིན་དུ་འཁོར་གྱི་ཚུལ་དུ་བསམས་ཏེ། རང་གི་སྙིང་གའི་པདྨའི་ལྟེ་བར་རྡོ་རྗེ་འཆད་ཆེན་པོ་བསམས་ལ། རེག་བྱ་རྡོ་རྗེ་མས་འཁྱུད་པའི་སྙོམས་པར་ཞུགས་པའི་བདེ་བ་མྱོང་ཞིང་དེའི་པདྨའི་ནང་དུ། ལྷ་སུམ་ཅུ་རྩ་གཉིས་ཀྱིས་དཀྱིལ་འཁོར་གྱི་བདག་ཉིད་བསྒོམས་ལ་དེའི་དབུས་ཀྱི་ལྟེ་བར་མི་བསྐྱོད་པའི་གཟུགས་ཅན་སློབ་མ་ལ་བཅུག་ནས་སྙོམས་པར་ཞུགས་པ་ལས་བཞུགས་པའི་རྩའི་འཁོར་ལོ་ནས་འཛག་པ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱི་ཆར་དང༌། དེ་བཞིན་དུ་སྲོག་དང་རྩོལ་བ་ལ་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་


DTG033_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དང་སྙོམས་པར་ཞུགས་པ་དེ་རྣམས་སློབ་མ་དེའི་སྤྱི་བོར་དབང་བསྐུར་སྦྱིན་པར་བྱའོ། །དབང་བསྐུར་བ་འདི་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྫོགས་པ་ལ་ནུས་པ་ཡིན་ནོ་ཞེས་བསྟན་ཏོ། །འདི་ནི་རིག་པའི་དབང་བསྐུར་བ་ཡིན་ཏེ། རིག་མའི་པདྨའི་ནང་དུ་རྩོལ་བས་སོ། །གསང་བའི་དབང་བསྐུར་བ་ཡང་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བས་སོ། །ཤེས་རབ་ཀྱི་དབང་བསྐུར་ཡང་ཡིན་ཏེ། ཤེས་རབ་ཀྱི་པདྨ་དང་རེག་པས་སོ། །བླ་ན་མེད་པའི་དེ་ཁོ་ན་ཉིད་ཐོབ་པ་བཞི་པ་ཡང་ནི་དེ་བཞིན་ནོ་ཞེས་ཤེས་པར་བྱའོ། །གཞན་ཡང་གདུག་པ་རྣམས་ཞེས་བྱ་བ་ནས། སྦྱོར་བ་ཕུལ་དུ་བྱུང་བའོ། །ཞེས་པའི་བར་དུ་ནི་ལེའུ་བཅུ་གསུམ་པ་དང་བཅུ་བཞི་པའི་ཡན་ལག་ཏུ་གྱུར་པའི་ཆོ་ག་འདིས་དྲག་པོའི་ལས་བསྒོམ་པར་བྱ་སྟེ། རེ་ཞིག་དང་པོ་རྣལ་འབྱོར་པས་རང་གི་བདག་ཉིད་པགས་པ་དང་དུས་པ་དང་ཤ་ཐ་དད་པར་བསྒོམས་ལ་ཡང་གཅིག་དང་དུ་མ་བྲལ་བས་དེ་ཉིད་སྟོང་པར་བསྒོམས་ཏེ། རྐང་པའི་དཀྱིལ་འཁོར་ནས་མགོ་བོའི་བར། །བཤང་གཅི་སོགས་ཀྱིས་རབ་ཏུ་གང༌། །རྡུལ་ཕྲ་བ་སོགས་དབྱེ་བ་ཡིས། །རྣམ་པར་དཔྱད་ན་ངོ་བོ་མེད། །ཅེས་བྱ་བའི་ཚིག་གིས་དེའི་འོག་ཏུ་ལུས་ངག་ཡིད་ཀྱི་བདག་ཉིད་ཡི་གེ་གསུམ་ཐམས་ཅད་ནག་པོའོ། །ཧཱུཾ་ཧྲིཾ་ཁཾ་ཞེས་བྱ་བའི་འོད་ཟེར་གྱི་ཚོགས་སྤྲོ་བར་བྱས་ལ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཁ་དོག་སྔོན་པོ་དྲག་པོ་རྡོ་རྗེ་སྤྲོ་བ་དང་བསྡུ་བའི་རིམ་གྱིས། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ཞལ་གཅིག་ཕྱག་བཞི་པ་ཁ་དོག་སྔོན་པོ་གཡོན་བརྐྱང་བ་གདུག་བ་འདུལ་བ་ལ་བརྩོན་པ། ཕྱག་གཡས་པ་ལ་རྩེ་གསུམ། གཉིས་པ་ལ་རྡོ་རྗེ། གཡོན་པའི་དང་པོ་ལ་ཐོད་པ་གཉིས་པ་ལ་མདུད་རྩེ་གཅིག་པ་རྡོ་རྗེ་ཕུར་བུ་འཛིན་པ་བསམས་ལ། ལྕེ་ཡང་རྩེ་ལྡའི་རྡོ་རྗེའི་རྣམ་པ་ཅན། ལྕེ་རེ་རེར་རླུང་ལ་སོགས་པ་འབྱུང་བ་ཆེན་པོའི་ས་བོན་ལ་ཡ་ར་ལ་ཝ་ཧའི་ས་བོན་བཀོད་ནས་དེ་ལས་བྱུང་པའི་འོད་ཟེར་ལྡས་བསྒྲུབ་བྱའི་ཡན་ལག་ལ་སྡིག་པ་བཞིན་དུ་ཞུགས་པར་སྦྱར་བས་ཁྲག་མ་ལུས་པ་དགུག་ཅིང༌། རང་གི་སྙིང་གར་འཇུག་པར་བྱའོ། །དེའི་ཚེ་དགྲ་བོ་འཆི་བར་འགྱུར་བ་


DTG033_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཞན་ཡང་ཏིང་ངེ་འཛིན་དེ་ཉིད་ཀྱིས་བསྒྲུབ་བྱའི་སྙིང་ག་རྩེ་གསུམ་གྱིས་དྲལ་ལ། རྡོ་རྗེས་འོག་དང་རྡོ་རྗེ་ཕུར་བུས་ཡན་ལག་ཐམས་ཅད་ཀྱི་ཚིགས་དྲལ་ལ། སྔར་བཤད་པའི་ས་བོན་ལྔ་པོའི་འོད་ཟེར་གྱིས་ཡན་ལག་ཐམས་ཅད་ལ་ཁྱབ་པའི་ཁྲག་དགུག་ཅིང་ཐོད་པ་ལ་བཞག་སྟེ་དེ་ལས་བཏུང་བར་བྱའོ།། དེའི་ཚེ་དགྲ་བོ་འཆི་བར་འགྱུར་རོ། ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས། འདི་ནི་ནང་གི་སྦྱིན་སྲེག་གོ །ཞེས་པའི་བར་དུ་ནི་ཁ་ཟས་ཀྱི་དུས་སུ་རྣལ་འབྱོར་པས་བཟའ་བ་དང་བཏུང་བ་ལ་སོགས་པ་བདུད་རྩི་ལྔའི་ཆོགས་བསྐྱེད་ལ་སྙིང་གར་ཡེ་ཤེས་སེམས་པ་མེ་ལྕེ་སྤྲོ་བ་བསམས་ལ། མགྲིན་པར་པདྨ་འདབ་མ་བརྒྱད་པ་དང་འདྲ་བའི་ལྕེའི་པདྨའི་འདབ་མན་དང་འདྲ་བ་ཡང་ཁ་ཡང་ཐབ་དང་འདྲ་བ་གང༌། ལག་པ་གཉིས་དགང་གཟར་དང་བླུགས་གཟར་དུ་བསམས་ཏེ་སྤྱད་པར་བྱའོ་ཞེས་བསྟན་ཏོ། །འདིར་ཉེ་བར་དགོས་པའི་བཟའ་བ་དང་བཏུང་བ་དཀྱིལ་འཁོར་བཞིས་དབྱེ་བར་བྱས་པ་ཤ་དང་ཁུ་བླ་སོགས་པའི་རང་བཞིན་ནི་ཁམས་ཉི་ཤུ་རྩ་བཞིའི་ངོ་བོར་ཡོངས་སུ་གྱུར་པར་བསམ་པར་བྱའོ། །ལྷག་མ་ཞེས་བྱ་བ་ནི་ཡོངས་སུ་གྱུར་པ་ལས་འབྱུང་བའོ། །བཤད་པ་དང་གཅི་བའི་དངོས་པོར་ཞེས་པ་ནི་མེ་ཡོངས་སུ་གཏོང་པའི་ཐལ་བའི་ངོ་བོར་ཡོངས་སུ་གྱུར་པར་བསམ་པར་བྱའོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱུད་ལས་ཀྱང༌། རླུང་གིས་མེ་ནི་སྦར་བྱ་བ། །ཆུས་ནི་ཡོངས་སུ་སྨིན་པར་བྱེད། །དབང་ཆེན་གྱིས་ནི་དཀྱིལ་འཁོར་གནས། །གང་དུ་སྲེག་བླུགས་ཀུན་དུ་སྤྱོད། །བཟའ་དང་བཏུང་བ་གང་ཡིན་པ། །དེ་དག་ཐམས་ཅད་འཛིན་པར་བྱེད། །ཁ་ཡི་པདྨ་བཟའ་བ་སྟེ། །མགྲིན་པའི་པདྨ་འཇུག་པར་བྱེད། །སྙིང་གའི་པདྨ་ལས་བྱུང་ཞིང༌། །ལྟེ་བའི་པདྨར་འཛིན་པར་བྱེད། །བཤད་སྒོ་པདྨ་ལས་བྱུང་ཞིང༌། །དེ་ནི་ཐལ་བར་རྟོགས་པར་བྱ། །ཞེས་འབྱུང་ངོ༌། །དེ་ནི་ལས་ཀྱི་རྒྱལ་བ་མཆོག་གོ །ཏིང་ངེ་འཛིན་གསོ་བའི་ཡན་ལག་གོ །དེ་ནས་ཞེས་བྱ་བ་ནས་འདའ་བར་མི་བྱའོ་ཞེས་པའི་བར་དུ་ནི་སེམས་ཅན་ཐམས་ཅད་དང་བདག་ཉིད་ཀྱང་རང་གི་ཡི་དམ་གྱི་ལྷའི་རྣམ་པར་བསྒོམས་ལ་མཆོད་པར་བྱའོ་ཞེས་བསྟན་ཏོ། །དེ་ལྟར་ཉིན་རེའི་དམ་ཚིག་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་ཡིན་ནོ། །ལས་ཀྱི་རྒྱལ་བ་མཆོག་


DTG033_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཏིང་ངེ་འཛིན་ཏོ། །དེ་ལྟར་ཐུན་མོང་གི་མཆོད་པ་བསྟན་ནས་ཞེས་བྱ་བ་ནས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཕྱག་རྒྱ་ལེགས་པར་སྦྱངས་པ་སྔོན་པ་སྔོན་དུ་འགྲོ་བར་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པར་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་ཡོངས་སུ་འགྱུར་པའི་བྱང་ཆུབ་ཀྱི་སེམས་དབུས་མའི་ལམ་རྡོ་རྗེའི་ལམ་ནས་འབྱུང་བ་ཕྱག་རྒྱའི་ཆོས་འབྱུང་གི་ནང་དུ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྤྲོས་པ། བུ་དང་ཚ་བོ་ལྟ་བུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་བསྐྱོད་ལ། སྲུང་བ་དང་རྒྱས་པ་ལ་སོགས་པའི་ཆོ་ག་ཞེས་པ་ནི་སེམས་དཔའ་གསུམ་གྱི་གཅིག་གི་བདག་ཉིད་དང༌། དབང་བསྐུར་བ་དང་རྒྱས་གདབ་པ་ལ་སོགས་པའི་བྱ་བས་དཀྱིལ་འཁོར་དུ་ཤར་ཕྱོགས་ལ་སོགས་པའི་རིམ་གྱིས་གཟུང་བ་ནི་གཞག་པར་བྱའོ་ཞེས་བསྟན་ཏོ། །དེ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལྟར་བདག་དང་གཞན་ལ་མཆོད་པ་བསྟན་ནས་ཞེས་བྱ་བ་ནས་ཕུལ་དུ་བྱུང་བའོ་ཞེས་བྱ་བའི་བར་དུ་སེམས་ཅན་གྱི་ཁམས་རྣམ་པ་བཞི་དང་ལྡན་པའི་སའི་ཁམས་ནི་ལུས་ཀྱི་ལེགས་པར་སྤྱོད་པ་མཆོད་པ་ལ་སོགས་པ་དང༌། ངག་གི་བདེ་བ་ལ་བསྟན་པ་དང་སྨིན་པ་ལ་སོགས་པ་དང༌། ཡིད་ཀྱི་དགེ་བ་བྱམས་པ་ལ་སོགས་པའི་ཚངས་པའི་གནས་ཀྱི་རྗེས་སུ་གཟུང་བར་བྱའོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་སྡུ་བར་བྱེད་པ་འདུས་པའི་དམ་ཚིག་ཕུལ་དུ་བྱུང་ཡིན་ནོ་ཞེས་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ལྟར་མཆོད་པའི་རྣམ་པར་ཞེས་བྱ་བ་ནས་དམིགས་པ་དང་བཅས་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་ཇི་སྲིད་སྔར་བཤད་པའི་མཆོད་པའི་ཆོ་ག་དེ་དག་ཐམས་ཅད་སྦྱིན་པར་བྱ་བ་དང་སྤྱིན་པ་པོ་དང༌། ལེན་པ་པོ་དང༌། མཆོད་པར་བྱ་བ་དང་མཆོད་པ་པོ་དང་མི་དམིགས་པས་འདི་དག་ཐམས་ཅད་འོད་བསལ་བའི་རང་བཞིན་ཡིན་ནོ་ཞེས་ལྷག་པར་མོས་པར་བྱའོ། །གཞན་དུ་ན་དམིགས་པ་དང་བཅས་པས་བསོད་ནམས་ཀྱི་ཚོགས་སུ་ཡང་མི་འགྱུར་གྱི་ཡེ་ཤེས་ཀྱི་ཚོགས་


DTG033_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟ་ཅི་སྨོས་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནས་ཕན་ཡོན་ནོ་ཞེས་པའི་བར་དུ་ནི་བསྒོམས་པས་དུབ་པའི་རྣལ་འབྱོར་པས་སྤྱི་བོར་མཐོ་གང་ཙམ་གྱི་ནམ་མཁའི་ཁ་དོག་དཀར་པོ་ཡི་གེ་ཝཾ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ་དེའི་དཀྱིལ་དུ་ཐུར་དུ་འཆང་བ་འབར་བའི་ཡི་གེ་ཨོཾ་བཀོད་ནས་དེ་བཞུས་པར་གྱུར་པ་དེ་ལས་འབབ་ཆུའི་རྒྱུན་གྱི་རྣམ་པ་བདུད་རྩིའི་ཆར་གྱིས་ཚངས་པའི་སྒོ་ནས་རྐང་པའི་དཀྱིལ་གྱི་བར་དུ་རྩ་ཀུན་དུ་སྤྱོད་པའི་རིམ་གྱིས་ཚིམ་པར་བྱའོ་ཞེས་བསྟན་ཏོ། །འདི་ཡང་ལས་ཀྱི་རྒྱལ་བའི་མཆོག་ཉིད་ངོ༌། །རྫོགས་པའི་རིམ་པ་རྟོག་པ་ཞེས་བྱ་བ་ནས་དགག་པ་མེད་དོ་ཞེས་བྱ་བའི་བར་དུ་ནི་ཟུང་དུ་འཇུག་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པས་མཆོད་རྟེན་གྱི་ལས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་ཕྱག་འཚལ་བ་དང་མཎྜལ་གྱི་བྱ་བ་དང་གླེགས་བམ་ལ་སོགས་པ་ཀློག་པར་མི་བྱ་སྟེ། རང་གི་སྐུའི་དཀྱིལ་འཁོར་མཆོད་རྟེན་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་དང༌། རྡོ་རྗེ་བཟླས་པ་ལ་ཆགས་པའི་ཕྱིར་ཏིང་ངེ་འཛིན་ལ་གཡེང་བར་བྱེད་པ་འབྲས་བུ་མེད་པ་དེ་རྣམས་དེ་ལ་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་བཏུལ་ཞུགས་མ་བརྟན་ཏེ། །བགྲང་ཕྲེང་མ་ཡིན་བསྡམས་པ་མིན། །འཛིན་དང་སྦྱིན་སྲེག་ལས་རྣམས་དང༌། །གཞན་དང་གཞན་ལ་འཇུག་པ་མིན། །ཞེས་འབྱུང་ངོ༌། །སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཡང་འདི་ངག་རྗེས་སུ་བསྒྲུབ་པར་བྱ་སྟེ། རྣམ་པ་ཐམས་ཅད་དུ་མངོན་པར་ཞེན་པས་ནི་མ་ཡིན་ནོ་ཞེས་བསྟན་ཏ། །ལེའུ་བཅོ་ལྔ་པ་ཞེས་བྱ་བ་ནས་ཤེས་པར་བྱའོ་ཞེས་པའི་བར་དུ་ནི་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་འཁོར་ལོའི་དཀྱིལ་འཁོར་དུ་བསྟན་པ་དང་གཡོ་བ་ལ་སོགས་པའི་དུག་གིས་ཟིན་པའི་བསྒྲུབ་བྱ་ལ། དེ་བཞིན་དུ་སྤྱི་བོར་ཁ་དོག་དཀར་པོའི་འཁོར་ལོས་མནན་པར་བྱས་ཏེ། ཁ་སྦྱོར་གཉིས་ག་ལས་འབྱུང་བའི་འོད་ཟེར་དཀར་པོའི་ཚོགས་ཀྱིས་དེའི་ལུས་ལ་ཁ་དོག་སེར་པོའི་དུག་སེལ་བར་བྱའོ་ཞེས་པ་ནི་དུག་སེལ་བའོ། །འཁོར་ལོ་སེར་པོ་དེ་དག་གིས་དུག་རེངས་པར་བྱ་བ་དང་འཁོར་ལོ་ནག་པོ་དེ་དག་གིས་གཅིག་ལས་དགུག་ཅིང་


DTG033_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་འཕོ་བར་བྱའོ་ཞེས་བསྟན་ཏོ། །དུག་བསལ་བ་ལས་འགྲུབ་པའི་བཀའ་གཞན་བྲི་བར་བྱ་སྟེ། ཨེ་སཱ་སཱ་གྷ་རེ་ཎེ་ཝེ་མི་ལ་ར་མོ་ཏ་ཀི་ས་ཛཱ་ཧེ་རེ་བྷ་དོ་ཨ་ད་ཁེ་ནཱ་དྷེ་སཱ་ཛཱ་ཧེ་སུ་ཛན་ཀ་ལ་ད་ཐུ་ཝེ་སཾ་ཁཱ་མེ་ཝེ་སཾ་བེ་བཱ་མེ་ཝེ་སེ་ཎ་མ་ཛ་ནུ་ལི་ཝ་ནམ་ཀ་རུ་མེ་ཧེ་ལེ་ཧེ་ལེ་མུ་ཏ་མ་ཏང་བེ་སྭཱ་ཧཱ། དེ་བརྗོད་པ་ཙམ་གྱི་དུག་སེལ་བར་འགྱུར་རོ། །དེའི་སྔོན་གྱི་བསྙེན་པ་ལ་སོགས་པ་མི་དགོས་ཏེ་བརྗོད་པ་ཙམ་གྱིས་གྲུབ་པའི་ཕྱིར་རོ་ཞེས་ཐེ་ཚོམ་མེད་དོ། །རེངས་པ་ལ་དུག་གི་ཆ་ལྔ་པ་རང་ཉེ་བར་སྤྱོད་ཅིང་ཆ་དྲུག་པ་སྔགས་འདིས་གང་ལ་སྦྱིན་པ་དེ་ལ་རེངས་པར་འགྱུར་ཏེ། ཧྲི་ཝི་ཧཱཾ་ཝི་ཧུཾ་ཐ་ཐ་ཐ་སྟཾ་པ་ཡ་སྟཾ་པ་ཡ། དེ་ནི་བཀའི་སྔགས་ཏེ་བརྗོད་པ་ཙམ་གྱིས་གྲུབ་པ་ཉིད་དོ། །འཕོ་བ་ལ་ཆོ་ག་འདི་ཉིད་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནས་བ་སྤུ་བསྡུས་ཤིང་བཏུས་པའོ་ཞེས་པའི་བར་དུ་ནི་བདག་ཉིད་བདུད་རྩི་འཁྱིལ་པར་བསམས་ཏེ་གི་ཝང་དང་གུར་ཀུམ་གྱིས་དྲི་མ་མེད་པའི་གྲོ་ག་ལ་སོགས་པ་ལ་རྡོ་རྗེ་རྒྱ་གྲམ་གྱི་ཆ་ཟུངས་ལ་རྩིབས་བརྒྱད་པའི་འཁོར་ལོ་བྲིས་ཏེ་དབུས་སུ་ཡི་གེ་ཧཾ་བསྒྲུབ་བྱའི་མིང་དང་བཅས་པ་དང༌། རྩིབས་རྣམས་ལ་ཡང་ཨོཾ་ཧུ་ལུ་ཧུ་ལུ་ཏི་ཥྛ་བནྡྷ་བནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་ཨ་མྲྀ་ཏེ་ཕཊ། དེ་ལྟར་བྲིས་ནས་སྲད་བུ་དཀར་པོས་བཅིངས་ལ་རྒྱ་སྐྱེགས་དང་ལྕགས་གསུམ་གྱིས་བསྐོར་ཞིང་ཟ་མ་ཏོག་ལ་སོགས་པར་བཞག་ནས་ཚེས་གཅིག་ནས་བརྩམས་ཏེ་ཉའི་པར་དུ་མཆོད་པ་རྣམ་པ་ལྔས་མཆོད་ཅིང་དེ་ལས་བཏོན་ཏེ། བསྒྲུབ་བྱའི་དཔུང་པ་ལ་བཏགས་ན་དེའི་ཚེ་རིམས་ལ་སོགས་པ་ནད་རྣམས་དང་བགེགས་དང་དགྲ་རྣམས་གནོད་པར་མི་འགྱུར་རོ་ཞེས་བསྟན་ཏོ། །ད་ནི་ཞེས་བྱ་བ་ནས་ཀུན་དུ་བཟང་པོས་གསུངས་སོ་ཞེས་པའི་བར་དུ་ནི་ཐོད་པའི་གདན་ལ་གནས་པའི་རྣལ་འབྱོར་པས་སྲུང་པའི་འཁོར་ལོའི་ཕྱོགས་བཅིངས་ལ་ཐོད་པའི་སྒྱེད་པུའི་སྟེང་དུ་ཞག་གིས་བཀང་པའི་ཐོད་པ་བཞག་ནས་དེའི་སྟེང་དུ་ཆང་གིས་བཀང་བའི་སྣོད་བཞག་ལ་བདུད་རྩི་ལྔས་བསྐུས་པའི་ཤིང་ཨ་རྒ་དང་པདྨའི་སྣལ་མས་སྡོད་བུ་བྱས་ཏེ། ཁྲོ་བོའི་གཟུགས་ཀྱིས་མར་དོའི་ཚེས་བཅུ་བཞིའི་མཚན་ཕྱེད་ཀྱི་དུས་སུ་དུ་བ་བླངས་ནས་འཁོར་ལོའི་བདག་པོའི་སྔགས་བརྒྱ་


DTG033_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བརྒྱད་བཟླས་པས་སྔོན་དུ་འགྲོ་བར་རས་ལ་བསྡུས་ཏེ། སྲུང་སྐུད་དམར་པོས་བཅིངས་ལ། སྔ་མ་བཞིན་དུ་ཟ་མ་ཏོག་ལ་སོགས་པར་མཆོད་ཅིང་དེས་བསྐུ་བའི་དམིག་དང་བཅས་པ་རྣམ་པ་གསུམ་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ལས་ཞེས་བྱ་བ་ལ་སོགས་པས་རྣམ་པ་གསུམ་གྱི་དངོས་གྲུབ་ཀྱི་བཤད་པ་ནི་གོ་སླའོ། །དེ་ནས་སྡུད་པར་བྱེད་པ་ཞེས་བྱ་བ་ནས་མི་གསུང་བར་བཞུགས་སོ་ཞེས་པ་ནི་གང་ཞིག་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་དང་པར་བྱེད་པར་དང་ཐོས་པ་ལ་སོགས་པའི་རིམ་པས་མངོན་དུ་བྱེད་པ། དེ་རྣམས་གང་གིས་བྱིན་གྱིས་བརླབས་པ་ཞེས་འདྲི་བ་ལ། དེ་བཞིན་གཤེགས་པ་གསུམ་གྱིས་ཞེས་ལན་བསྟན་པོ། །ཡང་དེ་རྣམས་གང་ཡིན་ཞེ་ན་ཞེས་ཞུས་པ་ལ་སྐུ་རྡོ་རྗེ་ལ་སོགས་པ་ཞེས་ལན་བཏབ་ནས་ཐེ་ཚོམ་དང་བྲལ་བས་དེ་བཞིན་གཤེགས་པ་རྣམས་ཀྱང་མི་གསུང་བར་གྱུར་ཏོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནས་ཐམས་ཅད་མཁྱེན་པའི་ཕུན་སུམ་ཚོགས་པ་དང་ལྔན་པར་འགྱུར་རོ་ཞེས་པའི་བར་དུ་ནི་བསྐལ་པ་དུ་མ་འདས་པའི་དུས་སུ་དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདས་པ་གང་ཡིན་པ་དེ་རྣམས་ཀྱི་རྒྱུད་ཀྱི་རྒྱལ་པོ་འདི་མ་གསུངས་ཏེ། དུས་དེ་ཙམ་ལ་མོས་པ་དམན་པ་ཡིན་པ་སེམས་ཅན་གྱི་ཁམས་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་འདུལ་བ་ཡིན་གྱི་སྔགས་ཀྱི་ཐེག་པས་ནི་མ་ཡིན་ནོ། །དེ་ལྟའི་དུས་དང་སྙིགས་མ་ལྔ་དང་ལྡན་པའི་སེམས་ཅན་རྣམས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཆེ་བས་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་འགྲུབ་པར་མི་འགྱུར་བས། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་ཆགས་བྲལ་གྱི་དུག་སྤངས་ནས། སྒེག་པའི་ཉམས་གཙོ་བོར་གྱུར་པའི་སྐུ་སྤྲོས་ལ་འདོད་ཆགས་ཀྱི་འདོད་ཆགས་སྤོང་བའི་དོན་དུ་དཔལ་གསང་བ་འདུས་པའི་རྒྱུད་བསྟན་ཏོ། །བསྐལ་པ་གྲངས་མེད་པ་གསུམ་གྱི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཐོབ་པ་གང་ཡིན་པ་དེ་ནི་ཚེ་འདི་ཉིད་དུ་སྐད་ཅིག་དང་ཐད་ཅིག་ཡུད་ཙམ་དང་མིག་བཙུམས་པ་དང༌། ཐལ་མོ་རྡེབས་པ་ཙམ་གྱིས་སྔགས་ཀྱི་ཐེག་པ་ཆེན་པོ་བས་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །ནང་གི་མངོན་པར་བྱང་ཆུབ་པའི་


DTG033_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་ཞེས་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་ནི་རྣམ་པ་གཉིས་ཏེ་ཕྱིའི་མངོན་པར་བྱང་ཆུབ་བ་དང༌། ནང་གི་མངོན་པར་བྱང་ཆུབ་པའོ། །དེའི་ཕྱིའི་མངོན་པར་བྱང་ཆུབ་པ་ནི་སྲོད་ནས་སྣང་བའི་ཡེ་ཤེས་སོ། །ཉིན་མོར་སྣང་བ་མཆེད་པའི་ཡེ་ཤེས་སོ། །ཉི་མ་ནུབ་པའི་དུས་མཚམས་ལ་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །ཐོ་རངས་ཀྱི་དུས་མཚམས་ལ་འོད་གསལ་བ་ཞེས་བྱའོ། །ནང་གི་མངོན་པར་བྱང་ཆུབ་པ་ནི་དང་པོ་ཁ་དོག་ལྔ་པའི་འོད་ཟེར་གྱི་རྣམ་པ་དང༌། གཉིས་པ་ནི་དུ་བའི་རྣམ་པ་དང༌། གསུམ་པ་ནི་སྲིན་བུ་མེ་ཁྱེར་གྱི་རྣམ་པ་དང༌། སྲིན་བུ་མེ་ཁྱེར་ནི་གཡོ་བའི་སྲོག་ཆགས་སོ། །བཞི་པ་ནི་མར་མེའི་རྣམ་པ་དང༌། ལྔ་པ་ནི་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བ་ཞེས་བྱ་བས་རྟགས་ལྔ་མཐོང་བས་འོད་གསལ་བ་འབྱུང་བར་འགྱུར་རོ། །འདི་དག་ནི་ནང་ནས་ནང་གི་མངོན་པར་བྱང་ཆུབ་ཀྱི་རིམ་པས་འོད་གསལ་བ་ལ་ཞུགས་པ་ཞེས་བྱ་བ་ནི་འོད་གསལ་བ་ལ་ཞུགས་ནས་སོ། །རྙོག་པའི་དྲི་མ་ཐམས་ཅད་ནི་འདོད་ཆགས་དང་འདོད་ཆགས་པར་མ་རྣམས་སོ། །དེ་དག་དཀྲུགས་ཏེ་ཡང་གཞན་གྱི་དོན་བྱ་བའི་ཕྱིར་རིམ་པ་གསུམ་པས་ཡེ་ཤེས་ཀྱི་སྐུ་བླངས་ནས་སྒྱུ་མ་ལ་སོགས་པའི་དཔེ་དང་ལྡན་པས་ཐམས་ཅད་མཁྱེན་པའི་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། །གསང་བ་འདུས་པ་འདི་ལ་ཞེས་བྱ་བ་ནས་དགོངས་པ་མ་ཡིན་པས་བཤད་པའོ་ཞེས་པའི་བར་དུ་ནི་ཐོས་པ་ལ་སོགས་པའི་རིམ་པས་དཔའ་གསང་བ་འདུས་པའི་རྒྱུད་དུ་འབད་རྩོལ་བྱེད་པས་ཚེ་འདི་ཉིད་དུ་གྲུབ་པ་ཡིན་གྱི་ཕ་རོལ་དུ་ཕྱིན་པའི་རྣལ་འབྱོར་པས་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་ཐོབ་པ་ནི་མ་ཡིན་ནོ། །ཞེ་འགྱོད་པ་སྐྱེས་པའི་ཙནྡན་ལ་སོགས་པའི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་མགུ་བར་མི་འགྱུར་བ་ཡང་བྱས་སོ། །དེ་དུས་རིན་པོ་ཆེ་ལྟ་བུའི་གང་ཟག་གི་རང་བཞིན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱེ་དབང་པོ་དམན་པ་དུ་མ་ཞིག་ཅེས་དབུགས་འབྱུང་བ་སྦྱིན་པར་བྱས་སོ། །དེ་རྣམས་ཀྱི་སྡུག་བསྔལ་གསུམ་གྱི་རྒྱུ་དང་ལྡན་པའི་དུ་བ་བསྟན་ཏོ། །སྡུག་བསྔལ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེ་རྣམས་ཀྱི་ཡང་


DTG033_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ནི་ནད་ལ་སོགས་པའོ། །འགྱུར་བ་ནི་དམྱལ་བ་ལ་སོགས་པ་འགྲོ་བ་དྲུག་ཏུ་འཁོར་བའོ། །དེ་ཉིད་སྡུག་བསྔལ་ཏེ་རལ་བར་བྱེད་པས་སོ། །འདུ་བྱེད་ནི་སྐྱེ་བ་སྔ་མའི་བག་ཆགས་རྣམས་སོ། །དེ་ཉིད་སྡུག་བསྔལ་ཏེ་དེའི་དབང་གིས་སྐྱེ་བ་ལན་པས་སོ། །ཡང་ན་ཞེས་བྱ་བ་ནི་ཕྱོགས་གཞན་སྡུག་བསྔལ་བར་བྱེད་པའི་ཚིག་ཕྲད་དོ། །ལུས་ཀྱི་སྡུག་བསྔལ་ལ་ནི་ནད་ལ་སོགས་པའོ། །ངག་གི་སྡུག་བསྔལ་ནི་རྩུབ་མོའི་ཚིག་ལ་སོགས་པའོ། །ཡིད་ཀྱི་སྡུག་བསྔལ་ནི་འདོད་ཆགས་ལ་སོགས་པའོ། །དེ་དག་ཇི་ལྟར་མི་མྱོང་བ་དང་ཇི་ལྟར་མིང་དུ་ཞེས་བྱ་སྟེ། རྒྱུད་འདི་ཉིད་ལ་སྣོད་མ་ཡིན་པའི་ཕྱིར་རོ་ཞེས་འདྲི་བའོ། །སྐུ་གསུང་ཐུགས་ཞེས་པ་ནི་ཐ་མལ་པའི་ལུས་ལ་སོགས་པ་སྦྱོང་བར་བྱེད་པ་ཁྱད་པར་གྱི་ལྷའི་རྣམ་པར་སྣང་མཛད་ལ་སོགས་པ་སྟོན་པར་བྱེད་པའོ། །ཡི་གེའི་དོན་ནོ་ཞེས་པ་ནི་ཁྱད་པར་གྱི་སྐུ་ལ་སོགས་པའི་ལྷ་སྟོན་པས་སོ། །ཡི་གེ་གསུམ་ཞེས་པ་ནི་ཨོཾ་དང་ཨཱ་དང་ཆ་བཞི་པ་སྟོན་པར་བྱེད་པའོ། །སྤྱིའི་དོན་ཞེས་བྱ་བ་ནི་ཡི་གེ་གསུམ་ལས་བྱུང་བའི་ལྷ་རྣམས་བསྟན་པའི་ཕྱིར་ཏེ། བསྐྱེད་པའི་རིམ་པ་དང་ལྡན་པའི་ཞེས་བརྗོད་པའི་ཕྱིར་རོ། །འཇུག་པ་ནི་དགའ་བའོ། །གནས་པ་ནི་མཆོག་ཏུ་དགའ་བའོ། །ལྡང་བ་ནི་དགའ་བྲལ་བའོ། །སྦས་པའོ་ཞེས་པ་ནི་འདོད་ཆགས་ཀྱི་ཆོས་རབ་ཏུ་བསྟན་པས་སོ། །ཤེས་རབ་ནི་སྣང་བའི་ཡེ་ཤེས་སོ། །ཐབས་ནི་སྣང་བ་མཆེད་པའི་ཡེ་ཤེས་སོ། །ཉེ་བར་ཐོབ་པ་ཞེས་པ་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །མཐར་ཐུག་བ་ཞེས་པ་ནི་འོད་གསལ་བའི་མཐར་ཐུག་པ་བསྟན་པས་སོ། །ཀྱེ་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་མ་སེམས་ཤིག །སངས་རྒྱས་ཀྱི་ས་ཐོབ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ལྡན་པ་ནི་བདག་ཅག་གིས་ཀྱང་ཤིན་ཏུ་ཟབ་པ་ཡིན་པས་མི་རྟོགས་ན། ཁྱེད་རྣམས་ཀྱིས་ཐོབ་པ་དེ་སྨོས་ཅི་དགོས་ཞེས་བྱ་བ་དེ་ལྟ་བུ་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་ཐོས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མི་སྨྲ་བར་འགྱུར་ཏོ་ཞེས་བསྟན་ཏོ། །དགོངས་པ་ཡིན་པས་བཤད་པ་ཞེས་བྱ་བ་ནི་ཤིན་ཏུ་གསལ་བའི་དེ་ཁོ་ན་ཉིད་བསྟན་པས་སོ། །དེ་ལྟར་ཞེས་བྱ་བ་ནས་འདིའི་དོན་


DTG033_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཟིན་ཏོ་ཞེས་པའི་བར་དུ་ནི་དཀྱིལ་འཁོར་མ་ལུས་པ་སྐུ་ལ་སོགས་པའི་རང་བཞིན་གྱི་ཡི་གེ་གསུམ་ལ་འཇུག་ཅིང༌། ཡི་གེ་གཉིས་པོ་ཡང་ཡི་གེ་ཧཱུཾ་ཙམ་ལས་ཞུགས་ནས་བདག་གིས་བྱ་བ་བྱས་སོ་ཞེས་དགོངས་པས་སྙོམས་པའི་བདེ་བའི་དབང་གིས་བཅོམ་ལྡན་འདས་འོད་གསལ་བ་ལ་འཇུག་གོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནས་གསན་པར་མཛོད་ཅིག་ཅེས་བྱ་བ་དགོངས་སོ་ཞེས་པའི་བར་དུ་ནི་ཐོག་མ་ནས་གྲུབ་པའི་ཚངས་པའི་གནས་བཞིའི་ངོ་བོ་སྤྱན་མ་ལ་སོགས་པས། ཇི་ལྟར་བཅོམ་ལྡན་འདས་ཐིམ་པར་གྱུར་པ་ལས་བསྐུལ་བར་མཛད་པ་དེ་བསྟན་ཏོ། །དེ་ནི་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཏོ། །འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དེ་དང་པོར་གྱུར་པས་སོ། །སྤྱན་དགའ་བ་ཞེས་པ་ནི་འཁྱུད་པ་ལ་དགའ་བའོ། །དྲུག་ལྡན་ལ་སོགས་པ་ཞེས་པ་ནི་དབྱངས་ཀྱི་ཁྱད་པར་གྱིས་སོ། །སྒེག་ཅིང་ནི་འཇམ་པའི་དབྱངས་སོ། །དེ་དང་བཅས་པ་ནི་སྙན་པའི་དབྱངས་ཏེ་ཚིག་སྙན་པ་དེ་རྣམས་ཀྱིས་སོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་སའི་ཁམས་ཀྱི་རང་བཞིན་ནམ་སེམས་ཅན་ནམ་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་ཏེ་དེའི་བདག་ཉིད་ནི་རྣམ་པར་སྣང་མཛད་དེ་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་ཡིན་པས་སོ། །ཁམས་གསུམ་ཞེས་པ་ནི་འདོད་པ་ལ་སོགས་པ་ལའོ། །ཆོས་ཀྱི་རྒྱལ་སྲིད་ནི་གཏི་མུག་རྣམ་པར་དག་པ་ཐོབ་པའི་ཕྱིར་རོ། །མདུན་མ་གནས་པ་ཞེས་བྱ་བ་ནི་ཆགས་པ་ཆེ་བས་མདུན་དུ་བཞུགས་པ་བཞིན་ནོ། །ཐུགས་དབང་དུ་གྱུར་པ་མཉེས་པ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཐུགས་ཀྱི་རང་བཞིན་ཉིད་མཛད་པས་སོ། །རོལ་པ་ནི་སྙོམས་པར་ཞུགས་པའོ། །ཚིམ་པར་བྱེད་པ་ནི་དགའ་བར་བྱེད་པས་སོ། །དགའ་བ་ཡིད་འོང་ཞེས་པ་ནི་འོད་གསལ་བའོ། །སྐྱེད་པས་ནི་དེ་བྱེད་པའོ། །འཁྱུད་པ་ལ་སོགས་པ་ཞེས་པ་ནི་ཙུམ་བ་ལ་སོགས་པས་སོ། །སེམས་ཅན་ཐམས་ཅད་སྐྱེད་པའི་རྒྱུད་ཅེས་པ་ནི་སེམས་ཅན་གྱི་རིགས་བཞིའི་རྒྱུར་གྱུར་བས་སོ། །ཐམས་ཅད་ཀྱི་གཞི་ནིས་ཡིན་པས་གཞིའམ་རྒྱུ་ཉིད་དོ། །ཕན་པ་དང་བདེ་བ་བྱེད་པས་


DTG033_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་མཐོང་བ་དང་མི་མཐོང་བའི་བདེ་བ་སྟེར་བ་ཡིན་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནད་ན་ཐུགས་ཀྱི་ངོ་བོ་ཡིན་པས་ཐུགས་ནི་མི་བསྐྱོད་པའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་འཕགས་པ་ཡང་ཡིན་ལ་མཱ་མ་ཀཱི་ཡང་ཡིན་པས་འཕགས་པ་མཱ་མ་ཀཱིའོ། །ཐ་མལ་པ་མ་ཡིན་པ་ཞེས་པ་ནི་ལྷའི་རྣམ་པའི་བསྒོམ་པས་ན་ཁྱད་པར་དང་ལྡན་པ་སྟེ། འདོད་ཆགས་ཀྱི་རྣམ་པར་དག་པ་བསྐྱེད་པའོ། །དགའ་བ་ནི་སྙོམས་པར་ཞུགས་པའོ། །ཞུགས་པ་སྟེ་ཞེས་པ་ནི་སྤྱོད་པའམ་རྫོགས་པའོ། །མི་འཇིག་པའི་སྐུ་དང་ལྡན་པའི་ཕྱིར་རོ་ཞེས་པ་ནི་རྡོ་རྗེའི་སྐུ་ཡིན་པས་སོ། །བཀའི་འཁོར་ལོ་ནི་སྤྲུལ་བའི་སྐུ་སྤྲོ་བའོ། །དེ་སྐོར་བར་མཛད་པ་ནི་སྐྱེད་པར་མཛད་པས་སེམས་ཅན་མང་པོ་ལ་ཕན་པ་རྗེས་སུ་བརྩེ་བ་ནི་ཁྱོད་ཡིན་ནོ། །ཕུང་པོ་ལྔ་ཞས་པ་ནི་དེ་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པས་སྦྱོར་བ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཡེ་ཤེས་ཀྱི་སྐུའོ། །དོན་དམ་པ་ཞེས་པ་ནི་རིམ་པ་བཞི་པས་འོད་གསལ་བའོ། །དེ་གཉིས་ཡང་དག་པར་འདུས་པ་ཞེས་པ་ནི་རིམ་པ་གསུམ་པ་དང་བཞི་པ་བསྡུས་པ་ལས་བྱུང་བའོ། །བདེ་བ་ཆེན་པོའི་སྐུ་སྟེ་ཞེས་པ་ནི་ཟུང་དུ་འཇུག་པའི་རིམ་པས་རྡོ་རྗེ་སྐུ་དེས་སྟོན་པས་སོ། །འདོད་ཆགས་རྣམ་པར་སྤྱོད་པའི་ཕྱིར། །ཞེས་པ་ནི་ཀུན་དུ་ཆགས་པའི་འདོད་ཆགས་རྣམ་པར་སྦྱངས་བས་སོ། །འདོད་ཆགས་ལ་སྤྱོད་པའི་ངོ་བོ་ཉིད་ཅེས་པ་ནི་དེ་ཁོ་ན་ཉིད་ལ་ཆགས་པའི་སྤྱོད་པའི་ངོ་བོ་ཉིད་དོ། །འོད་དཔག་ཏུ་མེད་པ་ནི་ཆོས་བསྟན་པའི་ཕྱིར་རོ། །གསུང་གི་ངོ་བོ་ཡིན་པས་འགྲོ་བ་འདུལ་བར་མཛད་པའི་ཕྱིར་རོ། །དེའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྤྱན་ནི་ཞེས་པ་ནི་སྐུ་ལ་སོགས་པ་མཉེས་པར་མཛད་པའོ། །ངག་གི་དབང་ཕྱུག་མཉེས་པས་ཞེས་པ་ནི་ཡན་ལག་དྲུག་ཅུའི་སྐུ་གསུང་དང་ལྡན་པས་སོ། །དེ་ཉིད་ཀྱི་ཕྱིར་མཆོག་ཏུ་ཐུགས་རྗེ་ཆེ་བའི་བདག་ཉིད་དོ་ཞེས་པ་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྟེ། དམྱལ་བ་ལ་སོགས་པ་ལས་གདོན་པའི་ཕྱིར་རོ། །དེའི་ཐབས་བསྟན་པའི་ཕྱིར། ཚངས་པའི་གནས་བཞིས་ཞེས་པ་ནི་བྱམས་པ་ལ་སོགས་པས་སོ། །


DTG033_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པའི་དོན་མཛད་པ་ཞེས་པ་ནི་སངས་རྒྱས་ཉིད་ཐོབ་པའི་ཕྱིར་རོ། །དུས་ཐམས་ཅད་ཅེས་བྱ་བ་ནི་མ་ཆད་པས་སོ། །ཤིན་ཏུ་དགའ་བས་ཞེས་པ་ནི་སྤྱོད་པ་དང་བཅས་པས་སྤྱོད་པས་སོ། །དགེ་བ་ནི་ཐར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་ལས་ཐམས་ཅད་པ་ཡིན་པས་སོ། །འཕགས་མ་སྒྲོལ་མ་ནི་དམ་ཚིག་སྒྲོལ་མའོ། །རང་བཞིན་བརྒྱ་དྲུག་ཅུའི་སྤྱོད་པ་ཞེས་པ་ནི་ཉིན་མོ་དང་མཚན་མོས་སོ། །འགགས་ཤིང་ཞེས་པ་ནི་ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པའི་ངོ་བོ་སྔགས་དང་ཕྱག་རྒྱའི་རིམ་པས་སྤངས་ནས་སོ། །ཇི་སྐད་དུ། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །སྣང་བ་གསུམ་གྱི་དབྱེ་བ་ནི། །འདི་ཉིད་ལས་ནི་མཚོན་པར་འགྱུར། །ཞེས་འབྱུང་བས་སོ། །ཡེ་ཤེས་ཀྱི་ཉིད་ཀྱིས་ཞེས་པ་ནི་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཉེ་བར་ཐོབ་པའོ། །ཉིད་ནི་དེ་རྣམས་ནུབ་པ་སྟེ་སྔར་བཤད་པའི་རིམ་པས་སོ། །ཐམས་ཅད་སྟོང་པར་ཞུགས་པ་ཞེས་པ་ནི་འོད་གསལ་བ་ལ་ཞུགས་པའོ། །སྟོང་པ་ཤིན་ཏུ་སྟོང་པ་དང༌། །གསུམ་པ་སྟོང་པ་ཆེན་པ་སྟེ། །རྒྱུ་དང་འབྲས་བུའི་དབྱེ་བས་སོ། །ཞེས་འབྱུང་བས་ལྟ་བ་སྟེ་ཞེས་པ་ནི་སེམས་ཅན་རྣམ་པར་དག་པའི་རིམ་པས་འོད་གསལ་བའི་ཏིང་ངེ་འཛིན་ལ་ཞུགས་པར་གཟིགས་ནས་སོ། །སྐུལ་བར་བྱེད་པ་ནི་སད་པར་བྱེད་པ་སྟེ། སེམས་ཅན་གྱི་དོན་བྱེད་པའི་ཕྱིར་སྐུལ་བར་བྱེད་པའོ། །གཞན་དུ་ནི་ཆད་པའི་ཕྱོགས་སུ་ཐལ་བར་འགྱུར་བ་དང༌། དབང་ཕྱུག་ཆེན་པོའི་ལྟ་བ་ལས་ལྡོག་པར་མི་འགྱུར་རོ། །རྟག་པ་དང་ནི་ཆད་པའི་ཕྱོགས། །གང་ཞིག་སྤངས་ནས་རབ་འཇུག་པ། །ཞེས་ཟུང་དུ་འཇུག་པའི་རིམ་པ་ལས་འབྱུང་བའི་ཕྱིར་རོ། །དོན་ཡོད་གྲུབ་པའི་སྒོ་ནས་བོས་པ་ཞེས་པ་ནི་དམ་ཚིག་སྒྲོལ་མ་ནི་ལས་ཀྱི་རིགས་ཡིན་པ་དང༌། འཁོར་བ་དང་བདག་པོའི་འབྲེལ་པ་དང་མཚུངས་པས་བཅོམ་ལྡན་འདས་བོད་པ་ནི་རིགས་སོ། །རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ཞེས་བྱ་བ་ནི་ཕྱག་རྒྱ་ལེགས་པར་སྦྱངས་པ་སྔོན་དུ་འགྲོ་བར་རྡོ་རྗེ་དང་པདྨ་སྦྱར་བས་སོ། །ཕྱུང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཞེས་པ་ནི་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པས་ཕྱུང་བའི་སྔགས་ཀྱི་རེག་བྱ་རྡོ་རྗེ་མའི་ཆོས་


DTG033_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གི་ནང་ན་དམ་ཚིག་གི་དཀྱིལ་འཁོར་སྤྲོ་བ་ལས་འབྱུང་བ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་ལྷ་མོ་དང་ཁྲོ་མོ་རྣམས་ཀྱིས་སོ། །ཞེ་སྡང་ལ་སོགས་པའི་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བས་ན་ཞེས་པ་ནི་པདྨའི་ནང་དུ་ཕྱིར་མི་ལྡོག་པའི་དབང་བསྐུར་བྱིན་ནས་རྒྱས་བཏབ་ཅིང་ཕྱི་རོལ་དུ་སྤྲོས་ཏེ། ཞེ་སྡང་ལ་སོགས་པ་ལྔས་ཁྱབ་པའི་སེམས་ཅན་གྱི་ཁམས་བསྟན་པ་ལ་སོགས་པའི་རྣམ་པར་སྦྱང་ཞིང༌། སངས་རྒྱས་ཀྱི་ཞིང་ལ་རབ་ཏུ་འཇུག་པས་སོ། །དེ་ནི་དཀྱིལ་འཁོར་རྒྱལ་བ་མཆོག །ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །འདིར་གལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བསྟན་པ་དེ་བཞིན་དུ་ཡང་བྱ་བ་ནན་ཏན་གྲུབ་པའི་གཙོ་བོ་ཡིན་པས་དོན་ཡོད་གྲུབ་པ་ལ་དབང་བ་ཡིན་ཏེ་ལས་ཀྱི་རིགས་ཡིན་པའི་ཕྱིར་རོ། །བསྟན་པ་ལ་སོགས་པའི་བྱ་བ་ནི་ལས་ཏེ། གཙོ་བོར་གྱུར་པའི་རིགས་ནི་ལས་ཀྱི་རིགས་ཏེ། རླུང་གི་ཁམས་ཀྱི་ངོ་བོ་ཡིན་པས་སོ། །དེ་ཉིད་ཀྱི་ཕྱིར་དམ་ཚིག་གི་མཆོག་གོ །སེམས་ཅན་གྱི་དོན་བྱ་བ་དང་དམ་ཚིག་ཡིན་གྱི་གཞན་ནི་དམ་ཚིག་ཙམ་མོ་སྟེ་དེའི་ཡན་ལག་ཡིན་པས་སོ། །ཇི་སྐད་དུ། ཞེ་སྡང་གཏི་མུག་འདོད་ཆགས་དང༌། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ནི་དེ་དག་ལྔ་པོ་ནི། །འདོད་དང་ཐར་པ་རབ་སྒྲུབ་པའོ། །ཞེས་འབྱུང་ངོ༌། །འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་ཞེས་བྱ་བ་ནི་དེའི་རིགས་ཀྱི་རང་བཞིན་གྱི་གང་ཟག་རྣམས་ཀྱིའོ། །འདོད་ཆགས་རྣམ་པར་དག་པའི་ཐབས་ཀྱིས་ཞེས་པ་ནི་འདོད་ཆགས་ཀྱི་སྒྲས་སྣང་བ་མཆེད་པའི་ཡེ་ཤེས་ཀྱི་འབྲེལ་པ་ཅན་གྱི་རང་བཞིན་བཞི་བཅུ་བསྟན་ཏོ། །དེ་རྣམས་ཀྱི་རྣམ་པར་དག་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་སྤོང་བའོ། །དེ་ཉིད་ཐབས་ནི་གཉེན་པོའི་ཕྱོགས་སོ། །དེས་ནི་གཉེན་པོའི་ཕྱོགས་ཀྱི་ཐབས་ཀྱིས་སོ། །བྱང་ཆུབ་རབ་ཏུ་རྩོལ་བས་ན། །ཞེས་པ་ནི་སྣང་བ་མཆེད་པའི་རང་བཞིན་སྤོང་བས་འོད་གསལ་བའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པས་སོ། །དེ་ཉིད་ཀྱི་ཕྱིར་ཕན་ཡོན་ཆེའོ། །ཕན་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཕན་ཆེན་ནི་ཐར་པའི་གོ་འཕང་ངོ༌། །དེ་


DTG033_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོན་ནི་དགོས་པ་གང་ལ་ཡོད་པ་ཞེས་བྱ་བ་ལ་འཛིན་པ་སྔོན་དུ་འགྲོ་བའི་འབྲུ་མང་པོ་བསྡུ་བའོ། །ཤཱཀྱའི་རིགས་ལས་བྱུང་བ་རྣམས་ཀྱི་ཞེས་པ་ནི་ངེས་པར་གཟུང་བའི་དྲུག་པའོ། །ཤཱཀྱའི་རིགས་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་ལྷ་མོ་རྣམས་དང་ཁྲོ་བོ་སྟེ་དཀྱིལ་འཁོར་རྣམས་སོ། །དེ་རྣམས་ཀྱི་ནང་དུ་མཆོག་ཏུ་གྱུར་པ་ནི་རྒྱན་དང་འདྲ་བར་གྱུར་པས་སོ། །རྒྱན་དང་འདྲ་བ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པའི་ནང་ན་རྟ་མཆོག་ནི་འགྲོ་བའི་དོན་བྱ་བ་ལ་ནུས་པ་དང་ལྡན་པས་སོ། །དེ་ཉིད་བསྟན་པའི་ཕྱིར་ཡང་ན་ཞེས་བྱ་བ་ནི་གོ་སླའོ། །རང་དང་གཞན་གྱི་རྣམ་པར་དབྱེ་བ་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་རྣམས་ཀྱི་རང་བཞིན་གྱི་རྣམ་པར་རྟོག་པ་ཇི་སྲིད་ཡོད་པ་དེ་སྲིད་ནི་འཁོར་བའོ། །ཇི་སྐད་དུ། ང་རྒྱལ་ལས་ནི་རབ་སྐྱེས་པ། །བདག་གི་བྱེད་པར་ཉེ་བར་འཕེལ། །སྐྱེ་བོ་ཕན་པར་ངེས་སྨྲ་བས། །སྐྱེ་དགུ་མ་ལུས་འདི་ལྟར་གསུངས། །ཞེས་འབྱུང་ངོ༌། །དེ་བཞིན་དུ་བདག་ཉིད་ཡོད་པས་གཞན་གྱི་འདུ་ཤེས་ཏེ། རང་བཞིན་དབྱེ་བས་རྗེས་སུ་ཆགས་དང་ལྡན། །དེ་དག་གི་ནི་ཡང་དག་འབྲེལ་བ་ཡི། །སྐྱོན་ནི་ཐམས་ཅད་རབ་ཏུ་སྐྱེ་བར་འགྱུར། །ཞེས་འབྱུང་ངོ༌། །དེ་ལ་དམིགས་པ་ནི་མ་རིག་པ་དང༌། ཉམས་སུ་མྱོང་བའི་བག་ཆགས་དག་གིས་ཉེ་བར་དམིགས་པའོ། །དེ་བྲལ་བ་ནི་བདག་མེད་པའི་ལྟ་བས་སྤོང་པའོ། །བདག་དང་བཅས་པའི་དངོས་པོ་རྣམས་ལ་བདག་མེད་པའི་ལྟ་བ་ཁོ་ན་གཉེན་པོ་ཡིན་ནོ། །དེ་ལྟར་ཡོད་ན་ཡང་སེམས་ཅན་རྣམས་ལ་ཐུགས་རྗེས་སུ་བརྩེ་བས་ཞེས་པ་ནི་ཁམས་གསུམ་པའི་སེམས་ཅན་གྱི་ཚོགས་ཐུགས་རྗེས་འགྲོ་བར་མཛད་པས་སོ། །གང་གི་ཕྱིར་སངས་རྒྱས་རྣམས་ཀྱི་སྐྱེས་བུའི་སྤྱོད་པ་འདི་ཡིན་ཏེ། གང་གིས་ཆོས་ཐམས་ཅད་སྟོང་པར་མཁྱེན་ནས་ཀྱང་འགྲོ་བའི་དོན་མཛད་པའོ། །འདི་ནི་ངོ་མཚར་ངོ་མཚར་ཏེ། །རྨད་དུ་བྱུང་ལས་རྨད་དུ་བྱུང༌། །ཆོས་འདི་སྟོང་པར་མཁྱེན་ནས་ཀྱང༌། །གང་ཞིག་ལས་དང་འབྲས་བུ་བསྟན། །ཞེས་འབྱུང་བས་སོ། །དེ་ལྟ་བུའི་ཁྱད་པར་ཅན་གྱི་ཡོན་ཏན་ཞེས་པ་ནི་སྔར་བཤད་པའི་ཡོན་ཏན་གྱི་ཚོགས་ཀྱིས་


DTG033_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པས་སོ། །ཡོན་ཏན་གྱི་རིན་ཆེན་ཞེས་བྱ་བ་ལ་སོགས་པའི་འགྲེལ་པ་ནི་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ནི་རྒྱུ་གང་ལས་སོ། །འདོད་ཆགས་ཞེས་བྱ་བ་ལ་སོགས་པས་ནི་འདོད་ཆགས་ཏེ་རང་བཞིན་བཞི་བཅུ་མི་མཐུན་པ་དང༌། ཉི་མའི་སྣང་བ་དང་འདྲ་བ་སྣང་བ་མཆེད་པའི་ཡེ་ཤེས་ནི་གཉེན་པོའོ། །འདོད་ཆགས་དང་བྲལ་བ་ནི་རང་བཞིན་སུམ་ཅུ་རྩ་གསུམ་མི་མཐུན་པ་དང་ཟླ་བའི་སྣང་བ་དང་འདྲ་བ་སྣང་བའི་ཡེ་ཤེས་ནི་གཉེན་པོའོ། །འདོད་ཆགས་པར་མ་ནི་རང་བཞིན་བདུན་མི་མཐུན་པ་དང༌། མཚམས་ཀྱི་སྣང་བ་དང་འདྲ་བ་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ནི་གཉེན་པོའོ། །འོད་གསལ་བ་ཞེས་པ་ནི་ཡེ་ཤེས་གསུམ་དང་བྲལ་བས་ཉི་མ་དང་ཟླ་བ་དང་མཚམས་ཀྱི་སྣང་བ་དང་འདྲ་བ་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བ་སྟེ་དེ་ཁོ་ན་ཉིད་བཞི་པའོ། །དེ་ཉིད་ཡེ་ཤེས་ཀྱི་གཉེན་པོར་གྱུར་པས་ན་ཡེ་ཤེས་སོ། །དེ་རྣམས་ཀྱི་བཟླས་དབྱེ་བར་བྱས་ནས་འདི་སྐྱེད་པ་ཞེས་པ་ནི་གསལ་བར་བྱེད་པའོ། །ཡེ་ཤེས་གསུམ་གྱི་རབ་དབྱེ་བ། །དེ་ཉིད་ཀྱིས་ནི་གསལ་བར་མཚོན། །ཞེས་སྔར་བཤད་པས་སོ། །བདག་གི་སྟོན་པར་བྱེད་པ་ཞེས་པ་ནི་ཕྱག་རྒྱ་ལས་གཞན་གྱི་མཚོན་པའི་ཐབས་མེད་དོ། །ཇི་སྐད་དུ། རང་དང་གཞན་གྱི་དོན་གྲུབ་ཕྱིར། །འཁོར་བ་རུ་ནི་ཐབས་གཞན་མེད། །ཆོས་རྣམས་ཐམས་ཅད་གཉིས་མེད་པ། །གཉིས་ཀྱི་ངོ་བོ་བསྟན་པ་སྟེ། །དེ་ཕྱིར་རྟག་ཏུ་ཁྱོད་ཀྱིས་ནི། །འཁོར་བར་བྲལ་བར་མི་བྱའོ། །ཞེས་འབྱུང་ངོ༌། །འདོད་ཆགས་ནི་སྣང་བ་མཆེད་པའོ། །ཞེ་སྡང་ནི་སྣང་བའི་ཡེ་ཤེས་སོ། །གཏི་མུག་ནི་མ་རིག་པ་སྟེ་དེ་ཉིད་སྣང་བ་ཉེ་བར་ཐོབ་པའོ། །དེ་རྣམས་ཀྱི་རྣམ་པར་དག་པ་ནི་སྔར་བཤད་པའི་རིམ་པས་བཀག་པའོ། །དེ་ཉིད་ནི་ཐབས་ཏེ་ངེས་སོ། །རྡོ་རྗེ་སེམས་དཔའི་ཚེ་དང་སྲོག་སྩོལ་བས་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ་འོད་གསལ་བའོ། །དེ་ཉིད་ཀྱིས་དངོས་པོ་ཐམས་ཅད་ཁྱབ་པས་ཚེ་དང་འདྲ་བས་ན་ཚེའོ། །སྤྲོ་བ་དང་བཅས་པས་དེ་ཉིད་སྲོག་གི་དབང་པོ་དང་འདྲ་བའོ། །སྩོལ་བས་ནི་དེ་སྦྱིན་པས་སོ། །གསོན་པར་མཛོད་ཅིག་ཅེས་པ་ནི་རྗེས་སུ་གཟུང་བར་མཛོད་ཅིག་གོ །ཚིག་གི་དོན་ནི་འདི་ཡིན་ཏེ་འོད་གསལ་བའི་


DTG033_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ལས་ལངས་ཏེ། སྙོམས་པར་ཞུགས་པའི་སྒོ་ནས་བདག་ཀྱང་འོད་གསལ་བ་ལ་སྙོམས་པར་ཞུགས་ཤིག་གོ །དེ་ཉིད་ཀྱི་ཕྱིར་དགོངས་སོ་ཞེས་སྨོས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལྷ་མོ་བཞིས་བསྐུལ་བ་གསལ་ནས་འགྲོ་བའི་དོན་མཛད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་འོད་གསལ་བའི་ཏིང་ངེ་འཛིན་ལས་ལྡང་བར་བསྟན་ཏོ། །ཚངས་པའི་གནས་ཞེས་པ་ནི་བྱམས་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སོ། །ཡང་དག་པར་བསྐུལ་བ་ཞེས་པ་ནི་བསྐུལ་བར་བྱའོ། །གང་གི་ཕྱིར་ཐོག་མ་མ་ཡིན་པའི་དུས་ནས་ཚད་མེད་པ་ལ་གོམས་པས་བཅོམ་ལྡན་འདས་སངས་རྒྱས་རྣམས་ཀྱིས་ལྷུན་གྱིས་འགྲོ་བའི་དོན་མཛད་དེ། དགོན་པའི་ཞིབ་ལས་གྲོང་མཐར། །མཚོ་ལས་རིག་པའི་ཀླུ་བཞིན་ནོ། །འདུལ་བའི་དོན་དུ་ཐུགས་རྗེ་ཡིས། །རིག་པས་བཞིན་དུ་དགུག་པར་བྱས། །དམ་པ་ཞི་བ་ལ་ཞུགས་ཀྱང༌། །ཐུགས་རྗེས་གཞན་དབང་ཉིད་ཀྱིས་ནི། །བཟོ་བའི་རིགས་ལ་སོགས་རྣམས་སུ། །ཁྱོད་ནི་བརྟན་པས་གནས་པར་བྱས། །ཞེས་འབྱུང་ངོ༌། །དེ་ཉིད་ཀྱི་ཕྱིར་བསྟན་པ་སྔོན་གྱི་སྨོན་ལམ་ཞེས་བྱ་བ་ལ་སོགས་པ་ནི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱ་བ་དང་པོ་སངས་རྒྱས་རྣམས་ཀྱི་དམ་བཅས་པ་དེ་ཉིད་སྨོན་ལམ་མོ། །དེའི་རྒྱུན་ནི་ཐུགས་ཀྱི་རྒྱུད་ལ་རྟག་ཏུ་གནས་པའོ། །དེའི་ཤུགས་ནི་ནུས་པ་སྟེ། ལྷུན་གྱིས་དེའི་ངོ་བོ་ཉིད་དུ་བསྐལ་པ་མཐའ་ཡས་པས་བྱང་ཆུབ་ཐོབ་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་སྔ་མའི་སྨོན་ལམ་གྱི་བག་ཆགས་མི་གཏོང་སྟེ་རུས་སྦལ་དམར་པོ་བཞིན་ནོ། །ཉེས་པ་མ་ལུས་སྐྱེད་བྱེད་འཇིག་ཚོགས་ལྟ་བུའི་བུད་ཤིང་གང་སྲེག་པ། །རང་གཞན་དབྱེ་བའི་ཡང་རྣམས་ངེས་བཏོན་དེ་རྣམས་ཀྱི་ནི་སྐྱོན་མི་འབྱུང༌། །གཉིད་མེད་པ་ཡང་རིག་བཞིན་སྙིང་རྗེས་སྒྱུ་མའི་སྐྱེས་བུ་ལས་རྣམས་སུ། །བློ་བཟང་སཱ་མའི་སྨོན་ལམ་གྱིས་ནི་བསྐུལ་ཏེ་འཁོར་བའི་ཤུགས་བཞིན་ནོ། །ཞེས་འབྱུང་ངོ༌། །སྟོང་པ་ཉིད་ཀྱི་རྣལ་འབྱོར་ལས་བཞེངས་ནས་ཞེས་པ་ནི་འོད་གསལ་བའི་ཏིང་ངེ་འཛིན་ལས་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་


DTG033_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་བདག་ལ་བྱིན་གྱིས་བརླབ་པའི་མཚན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུའམ། རིམ་པ་བཞི་པ་ལས་གསུང་པའི་དེ་ཁོ་ན་ཉིད་ལས་ཅིག་ཅར་དུ་ཟུང་དུ་འཇུག་པའི་བདག་ཉིད་ཅན་གྱི་རྡོ་རྗེའི་སྐུ་བཞེངས་ནས་སོ། །དཔལ་ཤིན་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་གྱི་སྒྲས་མཚོན་ནས་བསོད་ནམས་དང་ཡེ་ཤེས་ཀྱིས་ཚོགས་གཟུང་ངོ༌། །ཤིན་ཏུ་དགའ་བའི་བདེ་བ་ནི། །དབང་པོ་གཉིས་ཀྱི་བདེ་བའོ། །དེ་ལས་བྱུང་བའི་འདོད་ཆགས་ལ་སྤྱོད་པ་ནི་བསྲུང་བྱ་སྲུང་བྱེད་ཀྱི་རོལ་པའོ། །དེ་བསྟན་པའི་ཕྱིར་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་ཐབས་དེ་ཉིད་ཀྱིས་དེ་སྦྱངས་པའི་ཕྱིར་རོ། །འཇིག་རྟེན་པ་ནི་ཆགས་པས་བཅིངས། །ཆགས་པ་ཉིད་ཀྱིས་གྲོལ་འགྱུར་ཏེ། །ཕྱིན་ཅི་ལོག་པའི་རྟོག་པ་དེ། །སངས་རྒྱས་མུ་སྟེགས་པས་མི་ཤེས། །ཞེས་འབྱུང་ངོ༌། །དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོང་སྲུངས་བུ་རམ་གྱི་ཤིང་དང་འབྲས་སཱ་ལུའི་ཞིང་ལ་ལུད་ཀྱི་ཕུང་པོ་ཕན་པར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཉོན་མོངས་པ་རྣམས་ཕན་པར་འགྱུར་རོ། །དཔེར་ན་འོང་སྲུངས་ཙམ་བ་ཀའི་མེ་ཏོག་སྤོས་ཀྱི་གླང་པོས་ཟོས་ན་གལ་རྩིའི་ངོ་བོ་འགྱུར་རོ། །དེ་ཉིད་ཐ་མལ་པའི་སྲོག་ཆགས་ཀྱིས་ཟོས་པ་མི་གཙང་བའི་ངོ་བོར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་རྣམས་ཕན་པར་འགྱུར་རོ། །རྣལ་མ་སྤྱད་པར་བྱ་སྟེ་དེ་ཉིད་ཤིན་ཏུ་དགའ་བའི་འདོད་ཆགས་ཀྱི་སྤྱོད་པ་བསྟན་པའི་ཕྱིར་རོ། །འཁྱུད་པ་ནི་ཤིང་ལ་འཛེག་པ་ལ་སོགས་པའི་དབྱེ་བ་རྣམ་པ་བརྒྱད་དོ། །འོ་བྱེད་པ་ནི་སྟོད་སྨད་ཀྱི་མཆུའི་དབྱེ་བ་རྣམ་པ་བརྒྱད་དོ། །ལྐོག་མ་མཁུར་ཚོས་དང་ནི་ནུ་མ་ཁ་ནང་དང༌། །མ་མཆུ་དང་ནི་མིག་དང་དཔྲལ་བ་དང༌། །ཆན་ཁུང་གཉིས་དང་བྲལ་ཡི་མཚམས་དང་ནི། །ལྟེ་བའི་རྩ་བར་ཡང་ནི་འོ་བྱེད་འགྱུར། །ཞེས་འབྱུང་ངོ༌། །འཇིབ་པ་ནི་རྣམ་པ་གཉིས་ཏེ། མ་མཆུས་འཇིབ་པ་དང༌། མིའི་སྣ་ཙེ་འཇིབ་པའོ། །ཐལ་མོ་བརྡབ་པ་ཞེས་པ་ནི་བྱེད་པའི་སྦྱོར་བའི་དབང་གིས་རྡུལ་ལ་སོགས་པ་འབྱུང་བའོ། །དེ་རྣམས་ཀྱང་སྙིང་སྟོབས་ཀྱི་དངོས་པོ་བརྒྱད་དོ། །རེང་


DTG033_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྡུལ་དང་བ་སྤུ་ལྡང༌། །སྐད་འགྱུར་བ་དང་འདར་བ་དང༌། །ཁ་དོག་ལོག་དང་མཆི་མ་དང༌། །ཐིམ་པ་ཞེས་བྱ་སྙིང་སྟོབས་བརྒྱད། །ཐལ་མོ་བརྡབ་པ་ནི་ལག་པ་གཡོན་པ་དང་གཡས་པས་ཨུཏྤལའི་འདབ་མ་སྦྱིན་པའོ། །དེའི་དབྱེ་བ་ནི་གསུམ་སྟེ་བདེ་བའི་སྒྲ་དང་རྡོ་རྗེ་པདྨའི་སྒྲ་དང་ཨུཏྤལ་གྱི་འདབ་མའི་སྒྲའོ། །སོ་གདབ་པ་ནི་བརྒྱད་དེ་རི་མོ་ལ་སོགས་པའི་དབྱེ་བས་སོ། །སེན་མོ་གདབ་པ་ནི་བརྒྱད་དེ་ནོར་བུའི་ཕྲེང་བ་ལ་སོགས་པའི་དབྱེ་བས་སོ། །འཇམ་པ་སྣུམ་ཞིང་མཉམ་པོར་མི་ཕྱེད་པ། །འཕེལ་བའི་རི་མོ་མེད་པའི་དབྱིབས་དང་ལྡན། །སེན་མོ་དེ་མཚན་ལྐོག་དང་མཆན་ཁུང་བྲང༌། །ཉེད་པ་རྒྱབ་དང་བརླ་དང་ནུ་མར་རོ། །ཞེས་འབྱུང་ངོ༌། །ཉེད་པ་ནི་གཉིས་ཏེ། །ནུ་མ་ཉེད་པ་དང༌། །སྨད་ཉེད་པའོ། །དཔྱང་ཐག་ནི་བྱ་བའི་ཁྱད་པར་ཏེ་གང་དུ་སྐྱེས་པ་ནི་འོག་ཏུ་དང་ཤེས་རབ་ནི་སྟེང་དུ་དགའ་བར་སྤྱོད་པའོ། །བརྐྱང་པ་ནི་རྐང་པ་དང་རྗེ་དར་དང་པུས་མོ་དང་བརླ་བརྐྱང་པས་སྦྱོར་བའོ། །གྲོང་གི་བྱ་བ་ནི་རྒྱབ་ཏུ་སྦྱོར་བ་སྟེ་བྱོལ་སོང་གི་དགའ་བ་བཞིན་ནོ། །སོགས་པའི་སྒྲས། ཁ་སྦྱར་དང་ནི་ཕྱག་འཚལ་དང༌། །པདྨ་དང་ནི་འཁོར་ལོ་འཁོར། །ཞེས་བྱ་བ་ལ་སོགས་པ་གཟུང་ངོ༌། །དེ་ལ་སོགས་པའི་བྱ་བ་ནི་སྐྱེད་པའི་བྱ་བ་རྣམས་སོ། །དེ་གཙོ་བོར་གྱུར་བའི་རྨོངས་པ་ནི་ཤིན་ཏུ་དགའ་བ་གང་ཡིན་པ་དེས་སོ། །འཇུག་པ་བྱེད་པ་ཤེས་བྱ་དངོས་པོ་དབྱེར་མེད་པའི། །ཁྱད་པར་སྦྱོར་བ་དེ་ཉིད་དགའ་བ་སྣ་ཚོགས་བ། །འཁོར་བའི་ལམ་ནི་རྒྱས་དང་བསྐུམ་པའི་ཕྱིར། །དེ་ཡི་སྤྲོས་པ་དང་ནི་ཡང་དག་བཤད་པར་བྱ། །ཞེས་བྱ་བ་རྣམ་པ་སྣ་ཚོགས་པའི་དགའ་བའི་སྦྱོར་བའི་ཚིགས་སུ་བཅད་པ་འདོད་པའི་བསྟན་བཅོས་ལས་བཤད་དོ། །མུ་ཏིག་གི་ཕྲེང་བ་གཡོ་བ་ནི་ཞེས་བྱ་བ་ལ་སོགས་པས་སྙོམས་པར་ཞུགས་པའི་དབང་གིས་རྒྱན་རྣམས་གཡོ་བ་བསྟན་ཏོ། །ཡུལ་དང་དབང་པོ་ཞེས་པ་ནི་དེ་ལ་ཡུལ་ནི་ཡུལ་ལྔའི་བདག་ཉིད་ཀྱི་ལྷ་མོ་སྟེ་རེག་བྱ་རྡོ་རྗེ་མའོ། །དབང་པོ་ནི་ཐབས་ཀྱི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་ཅན་སྤྱོད་པའོ། །དེའི་རྡོ་རྗེ་དང་པདྨ་ནི་མཚོ་སྐྱེས་དང་གསང་བ་སྟེ་དེ་དག་མཉམ་པར་སྦྱོར་བ་ནི་ཕྲད་པའོ། །རྒྱུ་དེས་ཐབས་སྙོམས་པར་ཞུགས་པ་ནི་ལྟེ་བ་གཉིས་སྦྱོར་བའོ། །


DTG033_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཨཱ་ལི་དང་ཀཱ་ལི་ནི་དབྱངས་དང་གསལ་བྱའི་རང་བཞིན་ཏེ་ཁྲག་དང་ཁུ་བའོ། །དེ་དང་ལྡན་པའི་སྲིད་པའི་གདུགས་ནི་རྩ་དབུ་མ་སྟེ། བཅོམ་ལྡན་འདས་མི་བསྐྱོད་པའི་རང་བཞིན་ཏེ་ཆུ་རྒྱུ་བའོ། །རུས་སྦལ་ནི་རྩ་གཡས་པ་སྟེ་རྡོ་རྗེ་ཉི་མའི་ངོ་བོ་ཁྲག་རྒྱུ་བའོ། །དེ་བཞིན་དུ་ཟླ་བ་གང་བ་ནི་རྩ་གཡོན་པ་སྟེ། འོད་དཔག་ཏུ་མེད་པའི་རང་བཞིན་ཤུ་ཀྲ་རྒྱུ་བའོ། །དེ་ཉེ་བར་མཚོན་པ་ཙམ་ཡིན་ཏེ་རྩ་གཉིས་པོ་ནི་གཞན་ནི་ཤར་དང་ནུབ་ཕྱོགས་སུ་གནས་པ་ལྷ་སྦྱིན་དང་ནོར་རྒྱལ་མ་སྟེ། བཤད་པ་དང་ཤ་རྒྱུ་བ་རྣམ་པར་སྣང་མཛད་དང་དོན་ཡོད་གྲུབ་པའི་རང་བཞིན་ནོ། །དེའི་ནང་ན་གཙོ་བོ་ཡིན་པས་རྩ་གསུམ་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་སོར་མོ་གསུམ་ནི་མིག་ལ་སོགས་པའི་རང་བཞིན་ཕྱག་རྒྱ་བཞིས་བསྐུལ་བར་བྱ་སྟེ། བདེ་བ་ཆེན་པོ་བསྐྱེད་པའི་ཕྱིར་དང་བྱང་ཆུབ་ཀྱི་སེམས་འཛག་པའི་ཕྱིར་རོ། །དེ་ཉིད་བསྐུལ་བ་སྟེ་དེས་སོ། །དེ་བཞིན་དུ་དགའ་བའི་སྒྱུ་མའི་སྒྲ་ནི་རྣམ་པ་བརྒྱད་ཀྱི་བདེ་བ་ཆེན་པོའི་སྒྲ་དེས་སོ། །མཆོག་ཏུ་དགའ་བའི་བདེ་བའི་དེ་ཁོ་ན་ཉིད་བཞི་པའོ། །ཉམས་སུ་མྱོང་བ་ནི་རེག་ནས་སོ། །དེའི་འོག་ཏུ་ཕུང་པོ་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པ་གང་ཡིན་པ་དེ་རྣམས་སྤྱི་བོ་ནས་བརྩམས་ཏེ་ཞེས་པ་ནི་ཚངས་པའི་བུ་ག་ནས་བརྩམས་པའོ། །དྲི་མ་མེད་པའི་ཆར་རྒྱུན་བཞིན་དུ་ཞེས་པ་ནི་འོ་མའི་རྒྱ་མཚོའི་དབའ་རླབས་དང་འདྲ་བའོ། །བཞུས་ལ་ནི་དབུས་མའི་ལམ་ནས་རྡོ་རྗེ་རྩེ་མོར་ཕྱིན་པ་དང༌། དེ་ལ་ཡང་བདེ་བ་ཆེན་པོ་མྱོང་ནས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ནི་ཤུ་ཀྲའི་གཟུགས་སུ་འཛག་པ་ནི་སྤྲོ་བའོ། །ཆོས་འབྱུང་གི་ནང་དུ་ཡང་དག་པར་བཞག་སྟེ་ཞེས་པ་ནི་རེག་བྱ་རྡོ་རྗེ་མའི་པདྨའི་ནང་གི་ལྟེ་བར་ཤུ་ཀྲའི་ཐིག་ལེ་སྤྲོས་སོ། །འོ་ན་བཅོམ་ལྡན་འདས་སངས་རྒྱས་གྱེན་དུ་རི་ཏ་ཚངས་པར་སྤྱོད་པ་ཡིན་ན་ཇི་ལྟར་ཤུཀྲ་གཏོང་བར་མཛད་ཅེ་ན། སྨྲས་པ་དགོས་པའི་དབང་གིས་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་སྤྲོ་བ་ཡིན་གྱི། གཞན་དབང་གིས་ནི་མ་ཡིན་ཏེ་སོ་སོ་སྐྱེ་བོ་བཞིན་ནོ། །དགོས་པ་དེ་ཡང་དཀྱིལ་འཁོར་པའི་ལྷའི་འཁོར་ལོ་སྤྲོ་བས། འགྲོ་བའི་དོན་མཛད་པ་ཞེས་སྐྱོན་མེད་དོ། །དེ་ཉིད་བསྟན་


DTG033_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཞེ་སྡང་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་རྣམས་རྣམ་པར་སྦྱངས་ནས་ཞེས་སྨོས་ཏེ། ཉོན་མོངས་པ་ལྔས་ཁྱབ་པའི་འགྲོ་བ་སྦྱང་བར་བྱ་བའི་ཕྱིར་རོ། །དཀྱིལ་འཁོར་འཁོར་ལོ་ཕྱུང་སྟེ་ཞེས་པ་ནི་པདྨའི་ནང་དང་ཕྱི་རོལ་དུའོ་ཞེས་ཚིག་ལྷག་མའོ།། ཡང་འོད་གསལ་བ་ལ་ཞུགས་ནས་ཞེས་པ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་དང༌། ལས་ཀྱི་རྒྱལ་བ་མཆོག་རྫོགས་ནས་བྱ་བ་བྱས་པས་འོད་གསལ་བ་ལ་འཇུག་པའོ། །དེ་ཉིད་ཀྱི་ཁྱད་པར་ནི་རྣམ་པར་རྟོག་པ་མེད་པར་འགྱུར་བ་ཞེས་པ་ནི་ཡང་དག་པའི་མཐའ་ལ་འཇུག་པའོ། །ཇི་ལྟར་མེ་ལོང་ལ་ནི་དབུགས། །དེ་ཉིད་དུ་ནི་ཐིམ་འགྱུར་བ། །ཡང་དག་མཐའ་ལ་རྣལ་འབྱོར་པ། །དེ་བཞིན་གཞན་དང་གཞན་དུ་འཇུག །ཅེས་འབྱུང་ངོ༌། །དོན་འདི་ཉིད་སྔར་བཤད་པའོ། །གཟུགས་ལ་སོགས་པའི་ཡུལ་རྣམས་ཞེས་པ་ནི་ཕྱག་རྒྱ་ལ་གནས་པའོ། །རང་གི་ངོ་བོ་ཉིད་ཡོངས་སུ་ཤེས་པས་ཞེས་པ་ནི་འདོད་པའི་ཡོན་ཏན་ལྔ་དེ་བཞིན་གཤེགས་པ་ལྔར་ཡོངས་སུ་ཤེས་པས་སོ། །མདོར་བསྡུས་པས་ནི་འདོད་པ་ལྔ། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །ཞེས་འབྱུང་ངོ༌། །མིག་ལ་སོགས་པ་གཅིག་ཏུ་བྱས་པ་ཞེས་པ་ནི་ཡུལ་དང་དབང་པོ་སྦྱོར་བའོ། །དེས་ནི་སོ་སོར་སྡུད་པ་དང་བསམ་གཏན་གཉིས་བསྟན་ཏོ། །དེའི་ཚེ་ཀུན་དགའ་བའི་བདེ་བའི་གནས་སྐབས་ནི་ཡུལ་དང་དབང་པོ་དང་ཡང་དག་པར་སྦྱོར་བ་ནི་མཉམ་པ་ཉིད་དོ། །དེ་ལས་བྱུང་བའི་ཀུན་དགའ་ནི་དབྱེ་བ་ལྔའི་རྟོག་པ་ལ་སོགས་པའོ། །དེ་ཉིད་བདེ་བ་ནི་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་དོ། །དེའི་གནས་སྐབས་ནི་སྙོམས་པར་ཞུགས་པ་སྟེ། དེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཏོ། །སྤྱན་མ་ལ་སོགས་པ་ནི་ཞེས་པ་ནི་སྤྱན་ལ་སོགས་པ་དང་དབྱེར་མེད་པའི་རེག་བྱ་རྡོ་རྗེ་མ་སྟེ། ནུ་མ་མ་བྱུང་བྷ་གའི་མཁར། །སྤྱན་ལ་སོགས་པ་རྣམ་པར་གནས། །ཞེས་འབྱུང་བས་སོ། །རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཞེས་པ་ནི་རང་གི་སྐུའི་དཀྱིལ་འཁོར་ལ་གནས་པ་གཟུགས་ལ་སོགས་པའི་རང་བཞིན་རྟག་པ་ལ་སོགས་པའི་ངོ་བོས་སོ། །བསྟན་པ་ལ་སོགས་པའི་བྱ་བ་དང་


DTG033_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཞིང་ཤེས་པ་ནི་ནང་དུ་ཞལ་བལྟས་པས་ལུས་དང་ངག་གི་བྱ་བ་དང་བྲལ་པའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཞེས་པ་ནི་སྤྱན་ལ་སོགས་པའི་ལྷ་མོ་དང་དབྱེར་མེད་པ་རེག་བྱ་རྡོ་རྗེ་མ་དང་ལྷན་ཅིག་སྙོམས་པར་ཞུགས་པའི་བདེ་བ་མྱོང་བར་གྱུར་ཏོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་ན་ཆོ་འཕྲུལ་བསྟན་པའི་ཕྱིར། ནམ་མཁའི་གཏོས་འདི་བསྟན་ཏོ། །རྡོ་རྗེ་འཆང་གི་ངོ་བོ་ཉིད། །ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་དོ། །རྡོ་རྗེ་གསུམ་དང་ཡང་དག་པར་ལྡན་པ་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་གང་ཡིན་པ་དེ་རྣམས་ཀྱི་ཚོགས་ནི་སྡེས་ཡོངས་སུ་གང་ཞིང་ཁེངས་པའོ། །དེ་བཞིན་དུ་ཏིལ་གྱི་གོང་བུ་བཞིན་དུ་ཞེས་བྱ་བ་ནི་དཔེས་ཕན་ཚུན་མ་འདྲེས་པར་གནས་པའོ། །རྡོ་རྗེ་ཆུས་གང་བ་ལྟར་ཞེས་པ་ནི་དཔེ་གཉིས་པ་སྟེ་དེའི་བཤད་པ་ནི་མཆོག་ཏུ་དགའ་བའི་བུམ་པ་བཞིན་ནོ། །མི་གཡོ་བར་གྱུར་ཏོ་ཞེས་པ་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དེ་བཞིན་གཤེགས་པའི་ཚོགས་ཀྱིས་ནམ་མཁའི་ཁམས་ཡོངས་སུ་གང་བར་འགྱུར་རོ། །རང་གི་དོན་བཤད་ནས་གཞན་གྱི་དོན་བསྟན་པའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁམས་གསུམ་ན་གནས་པ་ཞེས་པ་ནི་ཁམས་གསུམ་གྱི་ཡུལ་དུའོ། །རྡོ་རྗེ་གསུམ་གྱི་རང་བཞིན་ནི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་ནོ། །རྡོ་རྗེ་འཆང་ཆེན་པོའི་བདེ་བས་ཞེས་པ་ནི་བཅོམ་ལྡན་འདས་ལས་འབྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་སོ། །ཡུལ་དུ་བྱས་པས་ཞེས་པ་ནི་འོད་ཟེར་གྱི་དབང་གིས་དབང་བསྐུ་ར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད། །ཅེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །རྡོ་རྗེ་འཛིན་པ་ཆེན་པོ་ནི་སྐུ་ལ་སོགས་པའི་རང་བཞིན་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་གསུམ་ཉེ་བར་བསྡུ་བར་མཛད་པས་སོ། །སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཞེས་པ་ནི་གནས་དང༌། གནས་མ་ཡིན་པའི་ཡེ་ཤེས་ཀྱི་སྟོབས་ལ་སོགས་པ་དང༌། དེ་བཞིན་དུ་ཀུན་དུ་ཟག་པ་ཟད་པའི་ཡེ་ཤེས་ལ་སོགས་པ་མི་འཇིགས་པ་བཞིའོ། །མྱོང་བར་གྱུར་པ་


DTG033_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་མངོན་དུ་མཛད་པའོ། །རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་འབྲེལ་པ་དང་ལྡན་པ་འོད་ཟེར་གྱིས་དབང་བསྐུར་བ་ཞེས་པ་ནི་འོད་ཀྱིས་དབང་བསྐུར་བ་གང་ཡིན་པ་དེ་ནས་བརྩམས་ཏེ། དེ་དག་ཀུན་དུ་བཟང་པོ་ཞེས་བྱ་བ་ནི་ཀུན་དུ་སྟེ་ཐོག་མ་དང་ཐ་མ་དང་བར་དུ་བཟང་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གང་ལས་ཐོས་པ་དེ་ནི་ཀུན་དུ་བཟང་པོ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་གྱུར་རོ། །དེ་ཉིད་ཀྱི་ཕྱིར་སྔོན་མ་བྱུང་བའི་དོན་གྱི་མིང་ཅན་དུ་གྱུར་ཏོ་ཞེས་པ་ནི་སྔར་མ་བྱུང་བའི་མིང་དང་ལྡན་པར་གྱུར་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པའོ། །སེམས་ཅན་མཉམ་པ་ཉིད་ཅེས་པ་ནི་ཁམས་གསུམ་ལ་གནས་པའི་སེམས་ཅན་རྣམས་དང་དེ་བཞིན་གཤེགས་པ་རྣམས་མཉམ་པའོ། །གང་གི་ཕྱིར་འཕགས་པ་དང་སོ་སོ་སྐྱེ་བོ་དག་ལ་དོན་དམ་པར་འགའ་ཡང་དབྱེ་བ་མེད་དེ་ཆོས་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །རྡོ་རྗེ་འཛིན་པ་ཆེན་པོའོ་ཞེས་པ་ནི་དེ་རྣམས་བསྐྱེད་པ་དང༌། སྡུད་པར་བྱེད་པ་དང༌། བདག་པོ་ཡིན་པས་སོ། །རང་གི་སྙོམས་པར་ཞུགས་པའི་བདེ་བ་མྱོང་བ་ནི་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་དགའ་བ་མངོན་དུ་མཛད་པས་སོ། །སེམས་ཅན་ཐམས་ཅད་ཅེས་པ་ནི་ཁམས་གསུམ་ལ་གནས་པའི་སྐྱེ་བོ་རྣམས་སྙོམས་པར་ཞུགས་པའི་བདག་གིར་མཛད་པའོ་ཞེས་པ་ནི་ཞལ་གྱིས་བཞེས་པ་སྟེ། དེ་ཁོ་ན་ཉིད་རྟོགས་པ་ལ་ཐབས་གཞན་མེད་པའི་ཕྱིར་རོ། །རྡོ་རྗེ་ན་ཉིད་རྟོགས་པ་ལ་ཐབས་གཞན་མེད་པའི་ཕྱིར་རོ། །རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་ཞེས་པ་ནི་རྡོ་རྗེ་ནི་རྡོ་རྗེ་འཆང་ངོ༌། །དེའི་ཡེ་ཤེས་གསུམ་ཉེ་བར་མཚོན་པའི་དོན་དུ་སྤྱོད་པ་ནི་ཡེ་ཤེས་སྤྱོད་པ་སྟེ། སྙོམས་པར་ཞུགས་པའི་སྤྱོད་པའོ། །ཉམས་སུ་མྱོང་བར་མཛད་ནས་ཞེས་པ་ནི་མངོན་དུ་མཛད་ནས་སོ། །སྙོམས་པར་ཞུགས་པ་ལས་བཞེངས་ནས་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་འོད་ཟེར་གྱིས་དབང་བསྐུར་བས་བཀའ་དྲིན་ཐོབ་པ་སྙོམས་པར་ཞུགས་པའི་བདེ་བ་ལས་སོ། །ཐུགས་རབ་ཏུ་དགྱེས་པར་གྱུར་པས་ཞེས་པ་ནི་ཆོས་ཉིད་ཡོངས་སུ་སྤྱད་པས་ཐུགས་དགྱེས་པ་ཐོབ་པའོ། །འདོད་ཆགས་ཀྱི་སྤྱོད་


DTG033_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་པ་ནི་སྙོམས་པར་ཞུགས་པ་ལ་སོགས་པའི་སྤྱོད་པས་སོ། །རྡོ་རྗེ་འཆང་ཆེན་པོ་ཉིད་དུ་ཞེས་པ་ནི་དཔལ་རྡོ་རྗེ་འཆང་གི་གོ་འཕང་ངོ༌། །ཐོབ་པ་ནི་ཐོབ་པར་བྱ་བའོ། །ངོ་མཚར་ཞེས་པ་ནི་འགལ་བའི་སྤྱོད་པ་རབ་ཏུ་བསྟན་པས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པ་བསྟན་ཏོ། །ནམ་མཁའི་རྡོ་རྗེའི་དམ་ཚིག་ནི་དེ་བཞིན་གཤེགས་པ་དྲུག་པ་ཞེས་པ་ནི་ནམ་མཁའ་དང་འོད་གསལ་བ་ཞེས་རྣམ་གྲངས་སོ། །དེ་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེའོ། །དེ་ཉིད་གཤེགས་ཤིང་མངོན་དུ་མཛད་པས་ན་དམ་ཚིག་གང་ལ་ཡོད་པ་དེ་ནམ་མཁའི་རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བས་ན་དྲུག་པ་སྟེ་ལྔའི་རྒྱུར་གྱུར་པའོ། །ཆོས་ཐམས་ཅད་དེ་དང་མཉམ་པའི་ཕྱིར་ཞེས་པ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཆོས་ཐམས་ཅད་དེ་དང་འདྲའོ། །འོད་གསལ་བ་ཉིད་ཅེས་པ་ནི་སྟོང་པ་ཉིད་ཅེས་བྱ་བའོ། །གཟུགས་ནི་ལྦུ་བ་ལྟ་བུར་བཤད། །ཚོར་བ་ཆུ་བུར་དང་མཚུངས་པ། །འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་ཆུ་ཤིང་དང་འདྲ་བ། །སྒྱུ་མ་ལྟ་བུར་རྣམ་པར་ཤེས། །དེ་ལྟར་ཕུང་པོ་རྣམས་བསྟན་པའོ། །ཞེས་འབྱུང་ངོ༌། །འདིར་ནི་ཅུང་ཟད་ཕྱི་ནང་མེད། །ཕན་ཚུན་གྲུབ་པར་བྱེད་བའི་ཕྱིར། །བར་ན་མ་ཡིན་མེད་པ་མིན། །སེམས་ཙམ་ལ་ནི་མི་གནས་ཕྱིར། །ཞེས་འབྱུང་བས་སོ། །དེ་བཞིན་དུ། །དབང་པོའི་ཚོགས་ལ་འདོད་ཆགས་མེད། །དོན་ལ་མ་ཡིན་སེམས་ལ་མིན། །བདག་དང་གཞན་ལ་མི་གནས་དང༌། །མེད་མིན་ཡོད་པ་མ་ཡིན་ནོ། །སེམས་ཀྱི་འཁྲུལ་པ་མི་ཤེས་པའི། །འབྲེལ་བ་དང་ལྡན་རྒྱུད་ལས་ནི། །སྤྲིན་གྱི་ནང་ན་ག་ལས་ཀྱང༌། །ཐོག་གི་མེ་ལྟར་འབྱུང་བར་འགྱུར། །ཞེས་འབྱུང་ངོ༌། །ཐེ་ཚོམ་མེད་པར་བྱས་པའོ། །ཞེས་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་འོད་གསལ་བ་བསྟན་པས་སོམ་ཉི་མེད་པར་བྱས་པའོ། །སྤྲོས་ནས་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །ཆོས་ཐམས་ཅད་འོད་གསལ་བ་ཉིད་དུ་གསུངས་པའི་ཞེས་པ་ནི་སྔར་བཤད་པའི་སྟོང་པ་ཉིད་བསྟན་པའི་གསུང་


DTG033_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ངོ། །བརྗོད་དུ་མེད་པ་ཡང་ཡིན་ལ་ཆོས་ཉིད་ཀྱང་ཡིན་པས་ན་བརྗོད་དུ་མེད་པའི་ཆོས་ཉིད་ནི་རང་རིག་པ་དང་དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་དོ། །དེ་ཉིད་ལ་བསྒོམ་ཞིང་ཞེས་པ་ནི་དེ་ཉིད་རྗེས་སུ་དྲན་པར་འགྱུར་རོ། །རྡོ་རྗེའི་ཚིག་གི་དོན་ཡིན་ནོ་ཞེས་པ་ནི་དོན་ཟབ་པའི་ཚིག་ནི་རྡོ་རྗེའི་ཚིག་སྟེ་དེའི་དོན་ནི་བཤད་པའོ། །དེ་ལྟར་ཞེས་བྱ་བ་ནས་ཆོས་ཀྱི་རྣམ་གྲངས་འདི་ལ་ཞེས་པའི་བར་དུ་ནི་རྒྱུད་ཡོངས་སུ་རྫོགས་པས་རྒྱས་གདབ་པ་བསྟན་ཏོ། །རྡོ་རྗེ་འཛིན་པ་ཆེན་པོའི་དམ་ཚིག་རྣམ་པ་གཉིས་དང་ཞེས་པ་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ཞེས་བརྗོད་པར་བྱ་བ་བསྟན་ཏོ། །དེ་སྟོན་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོའོ་ཞེས་པ་ནི་དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ནི་རྒྱུད་ཀྱི་རྒྱལ་པོ་སྟེ། རྗེ་བཙུན་དཔལ་གསང་བ་འདུས་པ་ཡིན་ནོ་ཞེས་བརྗོད་པ་བསྟན་པ་ཡིན་ནོ། །དེས་ནི་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པའི་བདག་ཉིད་ཀྱི་རྒྱུད་ཀྱི་རྒྱལ་པོ་ཁྱེད་རྣམས་ཀྱིས་བསྟན་པར་གྱིས་ཤིག་གོ་ཞེས་གཏད་པའོ། །ཆོས་ཀྱི་རྣམ་གྲངས་ནི་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པའོ། །འདི་ལ་སྐལ་བ་དང་ལྡན་པའོ་ཞེས་པ་ནི་རྩོད་པའི་དུས་སུའོ། །སེམས་ཅན་རྣམས་ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་སྐལ་པ་དང་ལྡན་པ་ཡིན་ནོ། །འདོད་ཆགས་ལས་བྱུང་བའི་བྱང་ཆུབ་ཀྱི་གནས་ཞེས་པ་ནི་རྡོ་རྗེ་འཆང་ཉིད་ཀྱི་གོ་འཕང་ངོ༌། །དེ་ཐོབ་པ་ནི་ཉེ་བར་དམིགས་པའོ། །དེ་སྣོད་དུ་གྱུར་པའི་ཕྱིར་ཞེས་པ་ནི་དེ་ལ་སྐལ་བ་དང་ལྡན་པ་ཡིན་ཏེ་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་འདོད་ཆགས་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ནས་འདིའི་དོན་ནི་འདི་ཡིན་ཏེ་ཞེས་པའི་བར་དུ་ནི་ཆོས་ཀྱི་མཛོད་དང་འདྲ་བའི་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་བསྟན་ཏོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ལས་གཅིག་ནས་གཅིག་ཏུ་བརྒྱུད་དེ། རྡོ་རྗེ་འཆང་གི་ཞལ་ནས་དེ་བཞིན་གཤེགས་པས་ཐོས་པ་དང༌། དེ་རྣམས་ལས་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང༌། དེ་རྣམས་ལས་ལྷ་རྣམས་ཀྱིས་དང༌། དེ་


DTG033_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་ལྷ་དང་ལྷ་མ་ཡིན་གྱིས་དང༌། དེ་རྣམས་ལས་མི་ཡིས་ཐོས་པར་གྱུར་པས་འབྲེལ་པ་དྲུག་གི་རིགས་པ་རྒྱུད་ཀྱི་རིམ་པ་ལས་འབྱུང་བའོ། །བལྟ་བར་བྱ་བ་མ་ཡིན་པ། །ཞེས་པ་ནི་སྤང་བར་བྱ་བ་མ་ཡིན་པའོ། །དེ་བལྟས་ན་དམྱལ་བར་འགྲོ་བ་ཡིན་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་གསང་བ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་གསུམ་གྱི་རང་བཞིན་གྱི་ཡི་གེ་གསུམ་གྱི་བདག་ཉིད་ནི་གསང་བའོ། །དེ་ལྟར་ཞེས་པ་ནི་རྩོད་པའི་དུས་སུའོ། །ངས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོས་སོ། །བཤད་པ་ནི་ཉེ་བར་བསྟན་པའོ། །ཡིད་ལ་ཞོག་ལ་ཞེས་པ་ནི་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་རྒྱུད་ཀྱི་རྒྱལ་པོའོ། །ཐོས་པ་དང་བསམ་པ་བསྒོམས་ནས་མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པ་དང་གྲོལ་བའི་ཕྱིར་བསྟན་པར་ཟུང་ཤིག་ནི་བདག་མྱ་ངན་ལས་འདས་པར་གཤེགས་པར་གྱུར་ནས་གང་གིས་ཀྱང་ཁྱོད་སྡུད་པ་པོར་འགྱུར་རོ། །རྣམ་པར་སྣང་མཛད་ལ་སོགས་པ་སྐུ་རྡོ་རྗེ་ལ་སོགས་པ་ལྔའོ། །གཞུང་དུ་བྱས་པའི་ཞེས་པ་ནི་གླེགས་བམ་ཉིད་དུ་ཐོབ་པ་སྟེ། ཡི་གེའི་གཟུགས་ཡིན་པས་སོ། །བསྟན་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་དོན་དང་ལྡན་པའི་དག་ཚིག་གོ །སྤོབས་པ་དཔག་ཏུ་མེད་པའི་ཞེས་བྱ་བ་ནི་གཟུངས་དང་སོ་སོར་ལྡན་པས་སོ། །གཞུང་དང་དོན་དང་ངེས་པའི་ཚིག་དང་སོ་སོར་སྣང་བ་སྟེ་སོ་སོ་ཡང་དག་པར་རིག་པ་དང་ལྡན་པ་ལག་ན་རྡོ་རྗེ་ཡིན་ནོ། །གཙོ་བོ་ནི་ནུས་པ་དང་ལྡན་པའོ། །དབང་བསྐུར་ཞིང་རྗེས་སུ་གནང་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སོ། །གསུང་གི་རྡོ་རྗེ་གཙོ་བོ་ཡིན་པའོ་ཞེས་པ་ནི་ལག་ན་རྡོ་རྗེ་སྡུད་པ་པོ་ལ་དབང་ཡོད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་གསུང་ཞེས་བྱ་བ་ལ་སོགས་པ་སྡུད་པ་པོས་བཞེད་པ་བསྟན་ཏོ། །རྒྱུད་བསྟན་པའི་འོག་ཏུ་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་འཁོར་ལོ་ཉེ་བར་བསྡུ་བའི་སྒོ་ནས་རྫོགས་པ་ཉིད་དུ་བསྟན་ཏོ། །བརྗོད་དུ་མེད་པའི་ཞེས་བྱ་བ་ནི་གཟུགས་དང་ཡོན་ཏན་ལ་སོགས་པ་རྩིས་ལས་


DTG033_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའོ། །རིགས་ལྔ་དང་ལྡན་པའོ་ཞེས་པ་ནི་དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་རྣམས་སོ། །སྤྲུལ་པའི་སྐུའི་གཟུགས་ཅན་ཞས་པ་ནི། དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་དབུས་སུ་སྤྲོས་པའོ། །དེ་རྣམས་བསྟན་པའི་ཕྱིར། མཐའ་ཡས་པའི་ཞེས་སྨོས་ཏེ། གཟུགས་དང་ཡོན་ཏན་ལ་སོགས་པ་དང་གྲངས་ཀྱིས་མཐའ་ཡས་པ་སྟེ། ཏིང་ངེ་འཛིན་ནི་མཐའ་ཡས་པ་ཞེས་ལེའུ་བཅུ་གསུམ་པ་ལས་གསུངས་སོ། །སངས་རྒྱས་ནི་དེ་བཞིན་གཤེགས་པ་ལྔའོ། །བྱང་ཆུབ་སེམས་དཔའ་ནི་སའི་སྙིང་པོ་ལ་སོགས་པའོ། །ཡང་ན་བྱང་ཆུབ་ནི་སྤྱན་མ་ལ་སོགས་པ་དང་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །སེམས་དཔའ་ནི་སའི་སྙིང་པོ་ལ་སོགས་པའོ། །ཁྲོ་བོ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པའོ། །ཉེ་བར་བསྡུ་བ་བསྟན་པའི་ཕྱིར། རྣམ་པར་སྣང་མཛད་ལ་སོགས་པ་ཞེས་སྨོས་ཏེ། དེ་ལས་སའི་སྙིང་པོ་བྱམས་པ་དང༌། སྤྱན་མ་དང༌། གཟུགས་རྡོ་རྗེ་མ་དང༌། གཤིན་རྗེ་མཐར་བྱེད་དང༌། འདོད་པའི་རྒྱལ་པོ་རྣམས་རྣམ་པར་སྣང་མཛད་ལ་འཇུག་གོ །ལག་ན་རྡོ་རྗེ་དང༌། ནམ་མཁའི་སྙིང་པོ་དང༌། མཱ་མ་ཀཱི་དང༌། སྒྲ་རྡོ་རྗེ་མ་དང༌། ཤེས་རབ་མཐར་བྱེད་མ་དང༌། མི་གཡོ་བ་ནི་མི་བསྐྱོད་པ་ལ་འཇུག་གོ །འཇམ་དཔལ་དང༌། འཇིག་རྟེན་དབང་ཕྱུག་དང༌། གོས་དཀའ་མོ་དང༌། །དྲི་རྡོ་རྗེ་མ་དང༌། པདྨ་མཐར་བྱེད་མ་དང༌། དབྱུག་སྔོན་ནི་འོད་དཔག་ཏུ་མེད་པ་ལ་འཇུག་གོ །སྒྲིབ་པ་ཐམས་ཅད་རྣམ་པར་བསལ་བ་དང༌། ཀུན་དུ་བཟང་པོ་དང༌། རོ་རྡོ་རྗེ་མ་དང༌། སྒྲོལ་མ་དང༌། བགོགས་མཐར་བྱེད་དང་སྟོབས་པོ་ཆེ་ལས་ཀྱི་རིགས་ཅན་ཕྲག་དོག་གི་ངོ་བོ་ཡིན་པས་ཞེ་སྡང་གི་རིགས་ཡིན་ནོ་ཞེས་ཐུགས་རྡོ་རྗེ་ལ་འཇུག་གོ །གནོད་མཛེས་ཀྱི་རྒྱལ་པོ་ནི་མི་བསྐྱོད་པ་ལའོ། །གཙུག་ཏོར་འཁོར་ལོས་སྒྱུར་བ་ནི་རྣམ་པར་སྣང་མཛད་ལ་འཇུག་གོ །དེ་རྣམས་ཀྱི་ནང་ན་སྤྲུལ་པ་གཞན་ནི་རིགས་དང་མཐུན་པས་རང་རང་གི་རིགས་ལ་རྗེས་སུ་འབྲང་བ་ལ་འཇུག་གོ །རྣམ་པར་སྣང་མཛད་ལ་སོགས་པ་གང་


DTG033_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་གོ །ཞེས་རྟོག་ན་དེ་ལ་རྣམ་པར་སྣང་མཛད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་པ་གསུམ་གྱི་གནས་འདི་ན། །ཞེས་པ་ནི་ཁམས་གསུམ་གྱི་གནས་ལའོ། །སྒོ་ང་ལས་སྐྱེས་པ་ལ་སོགས་པ་ནི་རྣམ་པ་བཞིའི་སེམས་ཅན་གྱི་ཁམས་སོ། །མཆོག་ནི་ནམ་མཁའ་ལ་སྤྱོད་པ་སྟེ་ལྷ་ལ་སོགས་པའོ། །འབྲིང་ནི་ས་ལ་སྤྱོད་པ་སྟེ་མི་ལ་སོགས་པའོ། །ཐ་མ་ནི་ས་འོག་ན་གནས་པ་སྟེ་དམྱལ་བ་ལ་སོགས་པའོ། །དེ་རྣམས་ཀྱི་ཚོགས་ནི་རེ་ཞིག་རྣམ་པར་སྣང་མཛད་ཡིན་ནོ་ཞེས་པ་ནི་རྣམ་པར་དག་བའོ། །ལུས་རྣམ་པར་སྣང་མཛད་མི་ཞེས་པ་ལ་ཁམས་གསུམ་གྱི་ལུས་དང་རྣམ་པར་སྣང་མཛད་ཐ་མི་དད་པའོ། །དམ་ཚིག་བསྟན་པའི་ཕྱིར་རྟེན་དང་བརྟེན་པ་ཉིད་དུ་ཞེས་པ་ནི་ལ་ལ་ནི་རྟེན་དང་བརྟེན་པ་ཐ་དད་པའི་བཤད་པར་འདོད་པ་སྟེ། དཔེར་ན་ས་ལ་འདུག་པ་དང༌། ཤིང་རྟ་ལ་འདུག་པ་དང་རྫ་མར་འཚོད་པའོ། །ལ་ལ་ནི་ཐ་མི་དད་པའི་སྟེ་ཤིང་ལ་ཡལ་ག་དང་གདོང་ལ་མིག་དང་སྣ་ལ་བུག་པ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་ཁམས་གསུམ་ཐམས་ཅད་ཀྱི་ལུས་དང༌། རྣམ་པར་སྣང་མཛད་ལ་ཐ་དད་མེད་དོ། །དེ་ཉིད་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཅེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་མཉམ་པ་ཉིད་ལ་དམིགས་པར་གྱུར་ཏོ། །དེ་བཞིན་དུ་གསུང་མཉམ་པ་ཉིད་དུ་ཐུགས་མཉམ་པ་ཉིད་དོ། །འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པ་དག་ལ་ཕྱེ་ནས་བཤད་པར་བྱའོ། །འདིར་བསྡུས་པའི་དོན་འདི་ཡིན་ཏེ་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་མཐར། དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་སྐུ་གསུང་ཐུགས་ཀྱི་རིགས་ལ་བསྡུས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་གསུམ་པོ་ཡང་སྤྱི་བོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་ལ་གནས་པའི་ཡི་གེ་གསུམ་ལ་འཇུག་ཅིང༌། ཨོཾ་དང་ཨཱཿདག་ཀྱང་ཡི་གེ་ཧཱུཾ་ལ་འཇུག་ཅིང་རྡོ་རྗེ་འཆང་ཆེན་པོ་རེག་བྱ་རྡོ་རྗེ་མ་དང་བཅས་པ་དེ་ཉིད་ལ་ཐིམ་སྟེ། ཡི་གེ་ཧཱུཾ་ཡང་ཆ་ཤས་ཀྱི་དབྱེ་བས་ཡོངས་སུ་ཐིམ་པར་འགྱུར་ལ། འབའ་ཞིག་དྲི་མ་མེད་པ་མཐའ་ཡས་པ་ནམ་མཁའ་དང་


DTG033_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བར་གནས་པར་བྱའོ། །མཐར་ཐུག་པ་གསུངས་པ་ཡིན་ནོ་ཞེས་པས་ནི་གཞུང་རྫོགས་པ་བསྟན་ཏོ། །སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་བཀའ་དྲིན་གྱིས་ཞེས་པ་ནི་སློབ་དཔོན་ཟླ་བ་གྲགས་པས་རང་གི་བླ་མ་ལ་བསྟོད་པ་བསྟན་ཏེ། སློབ་དཔོན་གྱི་ཞལ་སྔ་ནས་ཞེས་པ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་སོ། །དེ་རྣམས་ཀྱི་བཀའ་དྲིན་གྱིས་ཞེས་པ་ནི་རྗེས་སུ་བཟུང་བས་སོ། །རྒྱུད་ནི་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ལའོ། །དོན་དང་ཚུལ་ནི་བསྐྱེད་པའི་རིམ་པའོ། །ཆོས་ཉིད་ནི་རྫོགས་པའི་རིམ་པའོ། །དེའི་ཡུལ་དུ་རེ་ཞིག་བདག་ནི་སོམ་ཉི་དང་བྲལ་བ་ཞེས་པ་ནི་འཁྲུལ་པ་མེད་པའོ། །གཞན་འགའ་ཞིག་ཅེས་པ་ནི་ཐེ་ཚོམ་གཅིག་ཅིག་ཡོད་དེ། དེ་ཉིད་བསྟན་པའི་ཕྱིར། མཐའ་དྲུག་གི་བཤད་པ་ནི་སྔར་བཤད་པའོ། །དེ་ལ་རྒྱབ་ཀྱིས་ཕྱོགས་པ་ཞེས་བྱ་བ་ནི་ཕྱི་རོལ་དུ་སོང་བའོ། །སྔགས་པ་ཞེས་པ་ནི་འགྲེལ་པ་མཁན་རྣམས་སོ། །སྒྲ་ཇི་བཞིན་དུ་གསུངས་བ་ཞེས་པ་ནི་སྒྲ་ཙམ་གྱི་དོན་ལ་བརྟེན་ཏེ་འཆད་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་རང་གི་སློབ་དཔོན་གྱི་མན་ངག་གིས་ནི་ཞེས་པ་ལ་རང་བཟོ་ལས་བྱུང་བའི་མན་ངག་གིས་སོ། །དེ་ལ་མངོན་པར་བྱང་ཆུབ་པའི་རྣམ་པ་ལྔ་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་ཟླ་བ་དང་ཉི་མ་དང༌། ས་བོན་ལས་ཕྱག་མཚན་དང་སྤྲོ་བ་དང་བསྡུ་བ་དང་སྐུ་རྫོགས་པའི་རིམ་པ་སྟེ། དཔེར་ན་སློབ་དཔོན་དཔལ་གྱི་སྡེས་བྱས་པ་བཞིན་ནོ། །དེ་བཞིན་དུ་ཟླ་བ་ལ་སོགས་པའི་རིམ་བས་ནི་གཞན་གྱིས་མི་ཐུབ་པའི་སྤས་པ་བཞིན་ནོ། །སྲིད་པའི་རིམ་པ་ནི་སྲིད་པ་ནི་གསུམ་སྟེ། འཆི་བའི་སྲིད་པ་དང༌། སྲིད་པ་བར་དོ་དང༌། སྐྱེ་བའི་སྲིད་པའོ། །དེ་ལ་སྟོང་བ་ཉིད་བསྒོམ་པ་ནི་འཆི་བའི་སྲིད་པའོ། །བར་སྣང་ལ་ཡི་གེ་ཧོ་གཉིས་ཀྱིས་སྤེལ་བའི་ཡི་གེ་གསུམ་བསྒོམ་པ་སྲིད་པ་བར་དོའོ། །བསྙེན་པ་ལ་སོགས་པའི་རིམ་པས་ལྷའི་རྣམ་པས་བསྐྱེད་པ་ནི་སྐྱེ་བའི་སྲིད་པའོ། །དེ་རྣམས་བསྐྱེད་པ་ནི་སྲིད་པའི་བསྐྱེད་པའོ། །དེའི་རིམ་པ་ནི་སྲིད་པའི་བསྐྱེད་པའི་རིམ་པའོ། །དེ་ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་ནི་བསྐྱེད་པའི་རིམ་པའོ། །དེ་སློབ་པ་ནི་བཤད་པ་དང་བསྒོམ་པའོ། །


DTG033_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཞིག་དེ་ནི་རིགས་ཏེ། གང་གི་ཕྱིར་གལ་ཏེ་དེ་རྣམས་རྣལ་འབྱོར་བཞིའི་བདག་ཉིད་ཅན་ནི་དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་བ་མཆོག་དང༌། ལས་ཀྱི་རྒྱལ་བ་མཆོག་གིས་ཕྱེ་བའི་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་ཀྱི་བསྐྱེད་པའི་རིམ་པ་མི་ཤེས་ཀྱང་དེ་བཞིན་དུ་ལུང་དང་མི་འགལ་བའི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ལ་སོགས་པའི་རིམ་པས་རྟོགས་པར་བྱེད་པ་ན་མི་འགལ་ལོ། །བསམ་པའི་དབྱེ་བས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཐ་དད་པར་རྗེས་སུ་འབྲང་བ་ཡོད་པའི་ཕྱིར་རོ། །ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་པ་ཡང་ཞེས་པ་ནི་རྫོགས་པའི་རིམ་པ་སྟེ་རིམ་པ་ལྔའི་མན་ངག་གི་བདག་ཉིད་དོ། །རྟོག་པ་ཐམས་ཅད་ལས་འདས་པ་ཞེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་བས་ན་སོ་སོ་རང་གིས་རིག་པ་ཞེས་པ་ནི་རང་གིས་མྱོང་བའོ། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཞེས་པ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱི་སྤྱོད་ཡུལ་ལོ། །ཕུང་པོའི་རིན་པོ་ཆེའི་ཟ་མ་ཏོག་གི་ནང་ན་གནས་པ་ཞེས་པ་ནི་རང་གི་ལུས་པོའི་ནང་ན་གནས་པ་སྟེ་བླ་མའི་མན་ངག་མེད་པས་མི་རྙེད་དེ། ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ་ཞེས་པ་ནི་ཟུང་དུ་འཇུག་པའི་བདག་ཉིད་དོ། །ཡི་གེ་རྗེས་སུ་འབྲང་བ་ཞེས་པ་ནི་དོན་དམ་པ་སྤོང་བྱེད་ཚིག་དང་བྱེད་པ་པོ་དང་རྟགས་ལ་སོགས་པའི་དབྱེ་བས་རྒོལ་བར་བྱེད་བའོ། །རྟོག་གེ་པ་ཞེས་པ་ནི་ཕྱོགས་དང་གཏན་ཚིགས་དང་དཔེ་སྨྲ་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །འོན་ཀྱང་བླ་མའི་མན་ངག་ནི་རྡོ་རྗེ་སློབ་དཔོན་གྱི་མན་ངག་གོ ། འབའ་ཞིག་ནི་རྟོག་གེ་ལ་ནི་མི་ལྟོས་པས་སོ། །ཤེས་པ་ནི་དེས་ཐོས་པ་ཡིན་ནོ། །དེ་ལྟ་བུ་ནི་སྔར་བཤད་པ་ཡིན་ནོ། །ལྷའི་དེ་ཁོ་ན་ཉིད་དེ་རྫོགས་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནུབ་པར་གྱུར་པས་སོ། །དེ་བཞིན་དུ་དེའི་སྤྲུལ་པའི་སྐུའི་རང་བཞིན་གྱི་ལག་ན་རྡོ་རྗེ་ལ་སོགས་པ་སྡུད་པ་པོ་གང་ཡིན་པ་དེ་རྣམས་ཀྱང་མེད་པར་གྱུར་པ་ནི་བདག་ཅག་དང་འདྲ་བ་ལ་ལྐོག་ཏུ་གྱུར་པའོ། །ཕྱི་མའི་དུས་ནི་རྩོད་པའི་དུས་སོ། །སངས་རྒྱས་ཀྱིས་ཡང་དག་པར་བཤད་པ་ཞེས་པ་ནི་དེ་བཞིན་གཤེགས་


DTG033_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་མན་ངག་སྟེ་རྫོགས་པའི་རིམ་པའོ། །རྒྱུན་མ་ཆད་པ་ནི་རྒྱུན་གྱིས་སོ། །སུ་ཞིག་ཅེས་པ་ནི་སྐྱེས་བུ་འཆད་པ་པོ་གང་ཞིག་གིས་སོ། །སྟོན་པར་འགྱུར་ཞེས་པ་ནི་འཆད་པར་འགྱུར་བའོ། །གདུལ་བྱའི་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཞེས་པ་ནི་སློབ་མའི་རྒྱུད་ལའོ། །ཇི་ལྟར་འཇུག་པར་འགྱུར་ཞེས་པ་ནི་ཇི་ལྟར་རྒྱས་པར་འགྱུར་རོ་ཞེས་བདག་ལ་ཐེ་ཚོམ་ཆེན་པོའོ། །རེ་ཞིག་དེ་བདག་སུ་ཞིག་གིས་ཀྱང་གསལ་བར་མི་ནུས་ཏེ། འོན་ཀྱང་ཐེ་ཚོམ་དེ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པས་སེལ་བར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར། མ་འོངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ལང་ཀར་གཤེགས་པའི་མདོ་ལས་འཇམ་དཔལ་གྱིས་ཞུས་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། རྟོག་གེ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་ནི་གོ་སླའོ། །རིམ་པ་འདི་ནི་ཞེས་པ་ནི་ལུང་བསྟན་པའི་རིམ་པས་སོ། །ཇི་སྲིད་འཇིག་རྟེན་ནི་འཛམ་བུ་གླིང་ལའོ། །དམ་པའི་ཆོས་གནས་པ་ཞེས་པ་ནི་ཕྱི་མའི་ལོ་ལྔ་བརྒྱ་སྤངས་ཏེ། དམ་པའི་ཆོས་ནུབ་པས་སོ། །དེ་སྲིད་ཀྱི་བར་དུ་རྡོ་རྗེ་ཐེག་པ་ནི་སྔགས་ཀྱི་ཚུལ་ལོ། །རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ལུང་ལ་བརྟེན་ནས་ཞེས་པ་ནི་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ལ་བརྟེན་ནས་སོ། །བསྐྱེད་པའི་རིམ་པའི་གོ་རིམས་ཀྱིས། །ཞེས་པ་ནི་ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་གྱི་རིམ་པས་སོ། །རྫོགས་པའི་རིམ་པ་རྟོགས་པར་བྱ་བ་ཞེས་པ་ནི་ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་མངོན་དུ་བྱེད་པས་སོ། །སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཞེས་པ་ནི་བདག་ཅག་གི་བླ་མ་རྣམས་སོ། །བརྩམས་ཏེ་ཞེས་པ་ནི་བརྟེན་ནས་སོ། །གཏེར་དང་འདྲ་བ་ནི་རིན་པོ་ཆེ་བཞིན་ནོ། །སློབ་དཔོན་རྣམས་བརྒྱུད་པའི་རིམ་གྱིས་ཞེས་པ་ནི་གཅིག་ནས་གཅིག་གི་རིམས་པས། །བླ་མའི་ཞལ་ནས་ཞེས་པ་ནི་རང་བཟོ་མ་ཡིན་ནོ། །གསང་བ་འདུས་པ་ཞེས་པ་ནི་བདག་ཅག་དང་འདྲ་བའོ། །ཚེ་འདི་ཉིད་ལ་ཞེས་པ་ནི་བརྩོན་འགྲུས་རབ་ཡིན་པ་སྐྱེ་བ་གཞན་ལ་མ་ཡིན་ནོ། །སངས་རྒྱས་ཉིད་དུ་འགྱུར་བ་ནི་རིན་པོ་ཆེ་ལྟ་བུ་གང་ཟག་རྣམས་ཀྱིའོ་རྒྱུད་ལ་འཕོ་བའོ་ཞེས་པ་ནི་སེམས་ཀྱི་རྒྱུད་ལ་


DTG033_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་སྟེ་མེ་ལོང་ལ་གཟུགས་བརྙན་བཞིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཡང་ཉེ་བར་བསྡུ་བའི་སྒོ་ནས་བླ་མའི་ཞལ་སྔ་ནས་བསྟོད་པ་བསྟན་ཏེ། ཉིད་ཀྱི་དོན་རྗེས་སུ་བརྙེས་ནས་སོ་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་བརྙེས་པའོ། །དེ་ཉིད་བསྟན་པའི་ཕྱིར། རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་ནི་འཇིག་རྟེན་པ་རྣམས་ལ་བསྟན་ནས་ཞེས་པ་ནི་མདོར་བསྡུས་པའི་སྒྲུབ་ཐབས་དང༌། མདོ་སྡེ་དང༌། དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་དང༌། རིམ་པ་ལྔ་པ་དང༌། རྒྱུད་ཀྱི་འགྲེལ་པ་ལ་སོགས་པའི་གཞུང་གཞན་ལ་བརྟེན་ནས་སོ། །ལྷ་དང་མིའི་བདེ་བ་ལས་འདས་ཤིང་ཞེས་པ་ནི་མྱ་ངན་ལས་འདས་པ་ཐོབ་པས་སོ། །སྐྱེ་བ་དང་འགག་པ་དང་བྲལ་བའི་ཞེས་པ་ནི་ཆོས་ཀྱི་སྐུའོ། །རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ཉིད་ཀྱི་ཁྱད་པར་ནི་ཆོག་མི་ཤེས་པ་ཞེས་པ་ནི་ཚིམ་པར་མི་འགྱུར་པའོ། །སྟོབས་བཅུ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་ཀྱི་ཁྱད་པར་རོ། །དེ་བཞིན་གཤེགས་པའི་སྐུ་ཞེས་པ་ནི་རྡོ་རྗེའི་སྐུ་བརྙེས་ནས་སོ། །བདེ་བ་ཅན་དུ་གཤེགས་ནས་ཞེས་པ་ནི་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་ལ་གཤེགས་སོ། །ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ཞེས་པ་ནི་སྐུ་ལ་སོགས་པའི་དབང་ཕྱུག་རྣམས་སོ། །དེ་དང་ལྡན་པ་ཞེས་པ་ནི་སྤྲུལ་པའི་སྐུ་ཐོབ་པ་ཉིད་དུ་བསྟན་ཏོ། །བཞུགས་སོ་ཞེས་པ་ནི་སྐུ་གསུམ་དང་སངས་རྒྱས་བཞུགས་པ་བཞིས་ཉེ་བར་རོལ་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལུང་བསྟན་པ་དང་ལུང་དུ་མ་བསྟན་པའི་བྱེ་བྲག་གི་ངེས་པ་བསྟན་ཏོ། །དེ་ལ་བདག་ཅག་གི་སློབ་དཔོན་ནི་ལུང་བསྟན་པ་དང་འགྲེལ་པ་མཁན་གཞན་ནི་ལུང་དུ་མ་བསྟན་པ་སྟེ། དེ་རྣམས་ཀྱིས་བཤད་པ་ནི་མ་ལགས་ཏེ་ལོག་པའི་ལྟ་བ་དང་ལྡན་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་ངོ་བོ་ཉིད་ཤེས་བ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ཤེས་པས་ན་ངོ་བོ་ཉིད་ཤེས་པའོ། །བུ་རམ་མངར་ཉིད་མེ་ཡི་ནི། །ཇི་ལྟར་དྲོ་བ་རང་བཞིན་ཏེ། །ཆོས་རྣམས་ཀུན་གྱི་སྟོང་པ་ཉིད། །དེ་བཞིན་དུ་ནི་རང་བཞིན་འདོད། །ཅེས་འབྱུང་ངོ༌། །འདི་དང་ཕ་རོལ་


DTG033_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་ཚེ་འདི་དང་ཕྱི་མ་ལའོ། །མཐའ་ངེས་པར་བྱའོ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་ངེས་ནས་སོ། །དེ་ནི་ད་ལྟའོ། །རྒྱུད་ཉེ་བར་སྡུད་པར་བྱེད་དེ་ཞེས་པ་ནི་སྡུད་པ་བོས་ཞེས་ཚིག་ལྷག་མའོ། །རྒྱུད་མ་ལུས་པར་ཤེས་པ་ནི་ལེའུ་བཅུ་བདུན་གྱི་བདག་ཉིད་དོ། །རྒྱན་རྣམ་པ་བདུན་དང་བཤད་པ་རྣམས་ཀྱི་ཚུལ་དང་ཞེས་པ་ནི་སྔར་བཤད་པ་གླེང་གཞི་སྣང་བ་ལ་སོགས་པའི་རྒྱན་སོ་སོར་བསྟན་པའི་རིམ་པས་སོ། །ཐོས་ནས་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ཞལ་ནས་ཐོས་ནས་སོ། །དོན་དང་ཚུལ་དང་ཞེས་པ་ནི་རིམ་པ་གཉིས་བདེན་པ་གཉིས་ཀྱི་ཁོང་དུ་ཆུད་ནས་ཏེ། ཐུགས་ལ་གསལ་པོར་བཞག་ནས་སོ། །དེས་ནི་རང་གི་དོན་བཤད་ནས་གཞན་གྱི་དོན་བཤད་པར་བྱ་སྟེ། རིམ་པ་གཉིས་ཞེས་པ་ནི་བརྟགས་པ་དང་ཡོངས་སུ་རྫོགས་པའི་རིམ་པ་གཉིས་ཀྱི་མན་ངག་སྔོན་དུ་འགྲོ་བའོ། །ཉན་པ་པོ་རྣམས་ལ་ཞེས་བ་ནི་ཙནྡན་ལ་སོགས་པ་གང་ཟག་ལྔ་པོ་ལྔའོ། །ཡང་དག་པར་བཤད་པ་ཞེས་པ་ནི་བསྟན་པར་བྱས་ནས་སོ། །བརྩམས་པའི་དོན་ཞེས་པ་ནི་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ཡོངས་སུ་རྫོགས་ནས་ཞེས་པ་ནི་རྫོགས་པར་མཛད་པས་སོ། །དེ་བཞིན་དུ་བདག་ཉིད་ནི་སྡུད་པ་པོའི་རང་བཞིན་གྱིའོ། །དམ་བཅའ་བའི་བསམ་བ་ཞེས་པ་ནི་ཇི་ལྟར་བདག་གིས་དང་པོ་འདི་སྐད་བདག་གིས་ཐོས་པའི་ཞེས་བྱ་བ་དེ་བཞིན་དུ་རྫོགས་པའོ། །དེ་ལྟ་བུའི་བསམ་པ་ནི་དགོངས་པ་སྟོན་ཅིང་ཞེས་པ་ནི་གསལ་པར་མཛད་པའི་སྡུད་པ་པོ་ནི་ལག་ན་རྡོ་རྗེས་གསུངས་སོ། །ཅི་གསུངས་ཤེ་ན། དེ་སྐད་ཅེས་བཀའ་སྩལ་པ་ཞེས་པ་ནི་དེ་ཉིད་ཀྱི་བཤད་པའོ། །དེ་སྐད་ཅེས་བྱ་བ་ནི་མིང་ཐམས་ཅད་ཀྱི་སྔ་མའི་དོན་མཆོག་ཏུ་འཛིན་པའོ། །གང་གི་ཕྱིར་མིང་ཐམས་ཅད་པའི་དབྱེ་བ་གཉིས་ཏེ། ཁ་ཅིག་ནི་རྗེས་སུ་སྨྲ་བའི་རྟགས་འཛིན་པ་དང༌། ཁ་ཅིག་ནི་བསྒྲུབ་པར་བྱ་བའི་རྟགས་འཛིན་པའོ། །འདིར་ནི་རྗེས་སུ་གནང་བའི་རྟགས་འཛིན་པའི་འདི་སྐད་ཅེས་བྱའོ། །གསང་བ་འདུས་པའི་རྒྱུད་ཀྱི་ཚུལ་ཞེས་པ་ནི་རྒྱུད་ཀྱི་རྒྱལ་པོའི་མིང་ངོ༌། །འདི་སྐད་ཅེས་བཀའ་སྩལ་པ་སྟེ་ཞེས་པ་གསུངས་སོ། །ལེའུའི་མིང་བསྟན་


DTG033_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར། བདེ་བ་ཆེན་པོ་ནི་རང་བཞིན་གྱིས་འོད་གསལ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིའོ། །སྐུ་གསུང་ཐུགས་ཀྱི་གསང་བ་ཞེས་པ་ནི་རྣལ་འབྱོར་བཞིའི་རིམ་པས་ཁྱད་པར་གྱི་ལྷའི་རྣམ་པ་སྟེ་ཡི་གེའི་དོན་ཏོ། །སྐུ་གསུང་ཐུགས་ཀྱི་གསང་བ་ནི་ཡི་གེ་གསུམ་སྟེ་སྤྱིའི་དོན་ཏོ། །སྐུ་གསུང་ཐུགས་ཀྱི་གསང་བ་ནི་ཡི་གེ་གསུམ་སྟེ་སྦས་པའོ། །སྐུ་གསུང་ཐུགས་ཀྱི་གསང་བ་ནི་འོད་གསལ་བ་སྟེ་མཐར་ཐུག་པའོ། །གཙོ་བོ་བྱས་པ་ཞེས་པ་ནི་དེ་ལ་དམིགས་ནས་ཞུགས་པ་ནི་གསུངས་པའོ། །གསང་བ་རྣམས་ཀྱི་འདུས་པ་ནི་དེ་བཞིན་གཤེགས་པའི་ཚོགས་གང་ན་ཡོད་པ་ཞེས་བྱ་བ་འབྲུ་མང་པོའི་བསྡུ་བས་རྒྱུད་ཀྱི་རྒྱལ་པོའི་ཁྱད་པར་བསྟན་ཏོ། །རྣམ་པར་སྣང་མཛད་ལ་སོགས་ཞེས་པ་ནི་རིགས་ལྔའོ། །ཉམས་སུ་བླངས་པའི་དོན་འདའ་བར་མི་བྱ་བའི་དོན་ཏོ། །སྲུང་བ་ལ་སོགས་པ་ལྔའོ་ཞེས་པ་ནི་དེ་ལ་བསྲུང་བར་བྱ་བའི་དམ་ཚིག་ལྔ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པ་རིགས་ཀྱིས་དབྱེ་བས་སོ། །སོགས་པའི་སྒྲས་ནི་བཟའ་བར་བྱ་བའི་དམ་ཚིག་ལྔ་སྟེ། གོ་ཀུ་ད་ཧ་ན་དང་མ་ར་ཝི་ཤུ་མུའོ། །ནན་ཏན་སྒྲུབ་པ་ཞེས་པ་ནི་ནན་ཏན་ཡིད་ཀྱིས་བཟོད་པའོ། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ལྔའོ་ཞེས་པ་ནི་དམ་ཚིག་གི་ཚོགས་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ལྔའི་གཙོ་བོ་ཡིན་ནོ། །བཟླ་བར་བྱ་བ་མ་ཡིན་གྱི་ཞེས་པ་ནི་འདུས་པའི་རྣལ་འབྱོར་པས་སྤོང་བར་བྱ་བ་མ་ཡིན་པའོ། །རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་རིགས་ལྔའི་འབྲེལ་བ་དང་ལྡན་པའི་དམ་ཚིག་དང་སྡོམ་པ་རྣམས་ལ་རྡོ་རྗེ་འཆང་ཆེན་པོ་ཉིད་བྱིན་གྱིས་བརླབས་པ་ཡིན་ཏེ། དེའི་སྤྲུལ་པ་ཡིན་པའི་ཕྱིར་རོ། །དེའི་མིང་གི་རྣམ་གྲངས་མིང་ལ་མངོན་པར་ཞེན་པ་ཙམ་ལ་བསྟན་པར་བྱ་སྟེ། རིགས་ཐམས་ཅད་ཀྱི་བདག་ཉིད་ཅེས་པ་ནི་ལྔའི་བདག་ཉིད་དོ། །ཐོག་མ་དང་ཐ་མ་མེད་པའི་ཞེས་པ་ནི་ཆོས་ཀྱི་སྐུའི་རང་བཞིན་ཡིན་པས་སོ། །དང་པོའི་སངས་རྒྱས་ཞེས་པ་ནི་ཀུན་གྱི་མཆོག་ཡིན་པས་སོ། །རིགས་པ་ཆེན་པོ་སྐྱེས་བུའི་གཟུགས། །ཞེས་པ་ནི་བསྐྱེད་པའི་རིམ་པའི་ཕྱོགས་སུ་རྣལ་


DTG033_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བཞིའི་ཏིང་ངེ་འཛིན་གྱི་རྫོགས་པས་སོ། །ཡེ་ཤེས་ཀྱི་སྐུ་ཞེས་པ་ནི་རྫོགས་བའི་རིམ་པའི་ཕྱོགས་སུ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་འོད་གསལ་བ་ལས་ཅིག་ཅར་དུ་བྱུང་བས་སོ། །རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པས་སམ། མངོན་པར་བྱང་ཆུབ་པའི་རིམ་པས་འོད་གསལ་བ་ལས་བྱུང་བའི་ཕྱིར་རོ། །འཇིག་རྟེན་གསུམ་གྱི་བདག་ཉིད་ཅན་ཞེས་པ་ནི་ཁྱབ་པར་བྱེད་པས་སོ། །སྐུ་གསུམ་གྱི་བདག་ཉིད་ཅན་ཞེས་པ་ནི་ཆོས་ཀྱི་སྐུ་ལ་སོགས་པ་ཐོབ་པས་སོ། །ཐེག་པ་གསུམ་གྱི་བདག་ཉིད་ཅན་ཞེས་པ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཡིན་པས་སོ། །རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཞེས་པ་ནི་ཟུང་དུ་འཇུག་པའི་རང་བཞིན་ཡིན་པས་སོ་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནི་མགོན་པོ་དང༌། རྒྱུ་དང་འབྲས་བུའི་བདག་ཉིད་ཅན་དང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་དྲུག་པ་ཞེས་བྱ་བ་ནི་ལྔའི་རྒྱུར་གྱུར་པ་སྟེ་རྡོ་རྗེ་སེམས་དཔའ་ཞེས་པའོ། །མཚན་ནི་རྣམ་གྲངས་ཞེས་པ་ནི་མཚན་གྱིས་ངེས་ཚིག་གོ །མཐའ་ཡས་པ་ནི་རྩིས་ལས་འདས་པའོ། །སྔ་མ་བཞིན་དུ་གོས་དང་འདྲ་བ་ནི་ལེའུ་སྟེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་སྐྱོན་སྤངས་པས་སོ། །ད་ནི་འགྲེལ་པ་ལ་བསྟོད་པ་བསྟན་པའི་ཕྱིར། བདེ་བར་གཤེགས་པ་ཞེས་པ་ནི་རྡོ་རྗེ་འཆང་གིའོ། །གསུང་ནི་བཀའོ། །ཤིན་ཏུ་ཕྲ་བ་ནི་མཁས་པའོ། །རྣལ་འབྱོར་རྒྱུད་ནི་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོའོ། །མཐའ་དྲུག་ནི་སྔར་བཤད་པའོ། །དེ་ཉིད་རིགས་པ་ནི་རིགས་པའོ། །དེ་དང་བྲལ་བ་ནི་མི་ཤེས་པའོ། །སྒྲ་ཇི་བཞིན་པའི་དོན་ཙམ་གཟུང་བའི་ཉན་བའམ་འཆང་པ་པོས་ངེས་པར་རྟོགས་པ་ཞེས་པ་ནི་བདག་གིས་ཤེས་སོ་ཞེས་སྨྲས་བའོ། །ད་ནི་སྐྱེས་བུ་དེས་དེ་ཉིད་མི་མཐོང་ཞེས་པ་ནི་རྒྱུད་ཀྱི་ཡང་དག་པའི་དོན་མི་མཐོང་བའོ། །གང་གི་


DTG033_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཡི་གེ་ཙམ་ལྟ་བ་སྟེ་ཞེས་པ་ནི་ཡི་གེའི་དོན་ཙམ་མཐོང་བའོ། །དཔེ་བསྟན་པའི་ཕྱིར་ཇི་ལྟར་བྱིས་པ་ལྟ་འདོད་པ་ནི་ཟླ་བ་མཐོང་བར་འདོད་པས་སོ། །སོར་མོའི་རྩེ་ལ་ལྟ་བ་ཞེས་པ་ནི་སོར་མོ་ཙམ་ལྟ་བས་ཟླ་བ་མི་མཐོང་བ་བཞིན་ནོ། །དེ་བས་ན་མཐའ་དྲུག་པ་ནི་ཉེ་བར་བླང་བ་ཡིན་ནོ། །བསོད་ནམས་ཡོངས་སུ་བསྔོ་བ་བསྟན་པའི་ཕྱིར་རྒྱལ་བ་སྐྱེས་མཆོག་ཅེས་པ་ནི་དེ་བཞིན་གཤེགས་པ་རབ་ཀྱི་དུ་མས་སོ། །རྣམ་པར་བཤད་པའི་ཞེས་པ་ནི་ངེས་པར་བསྟན་པའོ། །མཐའ་དྲུག་ལམ་གང་ཡིན་ཞེས་པ་ནི་མཐའ་དྲུག་གི་དབྱེ་བའོ། །གང་ཞིག་འདི་དང་ཞེས་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་དེ་དཔལ་གསང་བ་འདུས་པའོ། །རྒྱུད་ཚུལ་མ་ལུས་རྣམ་འབྱེད་ཅེས་པ་ནི་རྒྱུད་མ་ལུས་པ་ནི་བཤད་པའི་རྒྱུད་དང་ཡན་ལག་གི་རྒྱུད་དོ། །རྡོ་རྗེ་ཕྲེང་བ་དང་ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལ་སོགས་པའོ། །དེ་རྣམས་ཀྱི་ཚུལ་ནི་བཤད་པའི་དབྱེ་བའོ། །དེས་རྣམ་འབྱེད་ཅེས་པ་ནི་གསལ་བར་བྱས་པའོ། །བཤད་བྱས་པས་ཞེས་པ་ནི་གསལ་བར་བཤད་ནས་སོ། །བདག་གི་དགེ་བ་གང་ཐོབ་པ་ནི་རྙེད་པའོ། །དེས་ནི་དགེ་བས་སོ། །སྒྲོན་འབར་རྒྱ་ཆེར་བཤད་ཅེས་པ་ནི་མཐའ་དྲུག་གི་དོན་མར་མེས་གསལ་པ་འགྲེལ་བའི་བཤད་བ་འདིའོ། །རིང་གནས་ཤིང་ཞེས་པ་ནི་བསྐལ་བའི་མཐའི་བར་དུ་གནས་པར་གྱུར་ཅིག་གོ །དེ་བཞིན་དུ་བདེ་བ་དམ་པའི་གནས་མཆོག་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངོ༌། །ཟླ་བའི་བློས་ནི་ཟླ་བ་བཞིན་དུ་དྲི་མ་མེད་པའི་བློ་གང་ལ་ཡོད་པ་དེ་ནི་ཟླ་བའི་བློ་སྟེ། དྲི་མ་མེད་པའི་སེམས་དང་ལྡན་པར་གྱུར་ཅིག་གོ །འགྲོ་བ་ཞེས་པ་ནི་ཁམས་གསུམ་པའོ། །ལྡན་པར་གྱུར་ཅིག་ནི་ཐོབ་པར་གྱུར་ཅིག་པའོ། །དེས་ནི་འགྲེལ་པ་མཁན་གྱིས་འགྲེལ་བའི་མཐར་ཞར་ལ་རང་གི་མིང་ཡང་བསྟན་ཏོ་ཞེས་བཀྲ་ཤིས་པའོ། །སྒྲོན་མ་གསལ་བར་བྱེད་པའི་འགྲེལ་བའི་ཊཱི་ཀ་ལས་ལེའུ་བཅུ་བདུན་པའི་རྒྱ་ཆེར་བཤད་པའོ། །མན་ངག་རིན་ཆེན་ཚོགས་ཀྱི་རྒྱ་མཚོ་ཡི། །བླ་མ་ཆེན་པོའི་དགོངས་པ་ལ་བརྟེན་ཏེ། །མཐའ་ཡས་རྒྱུད་དོན་རྣམ་པར་སྤྱོད་བྱེད་པའོ། །འགྲེལ་པ་མཁན་གྱི་གླེགས་བམ་རྣམས་མཐོང་


DTG033_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །བཤད་པ་དང་ནི་ཡན་ལག་རྒྱུད་ཐོས་ནས། །རིམ་པའི་འགྲེལ་དང་དེ་བཞིན་རྒྱུད་འགྲེལ་ཏེ། །ཤར་ཕྱོགས་སུ་ཡང་ཅུང་ཟད་ཕྱིན་ནས་ནི། །དམ་པ་རྣམས་ལས་མན་ངག་རྒྱས་ཐོབ་ནས། །དངོས་གྲུབ་གཙོ་མཆོག་རྣལ་འབྱོར་པ་རྣམས་ཀྱི། །ཞབས་ཀྱི་པདྨ་སྤྱི་བོས་བཀུར་མཉེས་པས། །རྨི་ལམ་རྡོ་རྗེ་སེམས་དཔའ་མཐོང་ནས་ཀྱང༌། །དེ་ལས་རྗེས་གནང་ཡང་དག་ཐོབ་ནས་ནི། །ཨུ་རྒྱན་ཡུལ་དུ་བདག་པོ་བདག་གིས་ནི། །མཁས་པའི་གཙོ་བོ་སངས་རྒྱས་ཞི་བ་ཡི། །སློབ་མ་སྐལ་ལྡན་གྲགས་པ་དགེ་སློང་མཆོག །སྒྲ་ཚད་ལུང་དང་སྔགས་ལ་མཁས་པ་ཡི། །ཟླ་བའི་གྲགས་པས་བརྩམས་པ་ཡི། །མཐའ་དྲུག་ཅེས་བྱ་འགྲེལ་བ་ཡང༌། །དེ་ཡི་ཡང་ནི་ཊཱི་ཀཱ་འདི། །དེ་ཉིད་གསལ་བར་བྱེད་པས་བྱས། །དེ་ཉིད་ཀྱི་ནི་གཞུང་གི་ཚད། །སྟོང་ཕྲག་བཅུ་དང་དྲུག་ཡིན་ཏེ། །དེ་ནི་དཔལ་ལྡན་འདུས་པ་ནི། །འགྲེལ་པའི་དོན་རྣམས་ཡོངས་སུ་བསྡུས། །གངས་དང་ཤེལ་དང་མུ་ཏིག་ཕྲེང་དང་ཟླ་རྒྱ་དང༌། །མཚུངས་པའི་བསོད་ནམས་ས་བོན་བདག་གི་གང་ཐོབ་པ། །ཡུལ་སྤྲུལ་གྱིས་རྡེག་འཁྲུལ་པ་རྣམས་ཀྱིས་ཀུན་དུ་བཅོམ། །དུཿ་ཁ་བྲལ་ནས་འགྲོ་བས་རྡོ་རྗེ་འཆང་ཉིད་ཐོབ་པར་ཤོག ། སྒྲོན་མ་གསལ་བར་བྱེད་པའི་ཊཱིཀ་ཀཱ་སློབ་དཔོན་ཆེན་པོ་བྷ་བྱ་ཀཱི་རྟིའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།ཡོན་གྱི་བདག་པོ་གཙོ་བོ་འབྲོམ་ཇོ་བོ་དཀོན་མཆོག་ཁུ་མཚན་གྱིས་ཞུས་ནས། རྒྱ་གར་མཁན་པོ་ཆེན་པོ་ཀུ་མཱ་ར་ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousལེའུ་བཅུ་བདུན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་རྡོ་རྗེའི་བྱིན་གྱི་རླབས་ཀྱི་རྒྱལ་པོ་ཞེས་བྱ་བའི་རྒྱ་ཆེར་བཤད་པ།next