Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་བཞི་པ།


  collapse section
   
   
   
   
   
ལེའུ་དྲུག་པ། ཐིག་ལེའི་དབྱེ་བའི་ཡུལ་ལ་དྲི་བ་གསལ་བར་བསྟན་པའི་རྒྱ་ཆེར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་དྲུག་པ། ཐིག་ལེའི་དབྱེ་བའི་ཡུལ་ལ་དྲི་བ་གསལ་བར་བསྟན་པའི་རྒྱ་ཆེར་བཤད་པ།next

ལེའུ་དྲུག་པ། ཐིག་ལེའི་དབྱེ་བའི་ཡུལ་ལ་དྲི་བ་གསལ་བར་བསྟན་པའི་རྒྱ་ཆེར་བཤད་པ།


DTG034_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྒྱུད་ཀྱི་རིམ་པས་གསང་བ་འདུས་པའི་དོན་བསྟན་ནས་ཡེ་ཤེས་ཀྱི་འབྲས་བུ་ཞེས་བྱ་བ་ནི། ལས་ནི་དགེ་བ་དང་མི་དགེ་བ་ལ་སོགས་པའོ། །དེའི་འབྲས་བུ་ནི་འདོད་པ་དང་མི་འདོད་པ་ལ་སོགས་པའོ། །མྱོང་ཞེས་བྱ་བ་ནི་རྣམ་པར་ཤེས་པའམ་སྐྱེས་བུའོ། །གཞན་ཉིད་དུ་ནི་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་རྣམ་པར་ཤེས་པ་རླུང་དང་བཅས་པ་སྤངས་ནས་སོ། །ས་སྟེང་ན་ནི་ཞེས་བྱ་བ་ནི་འཇིགས་རྟེན་འདི་ན་ཡོད་པ་མ་ཡིན་ཏེ། དེ་ལ་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་དང༌། གནོད་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཡང་རང་རིག་པ་ཉིད་ཀྱིས་སྒྲོ་བཏགས་པའི་རྒྱུ་དང་རྒྱུ་མེད་པ་སྤངས་ནས། འོས་པའི་རྒྱུ་བག་ཆགས་ལ་སོགས་པ་ལ་ལྟེས་ནས། ཁམས་གསུམ་དུ་འཁོར་ལ་སྐྱོན་གང་ཡང་མེད་དོ། །དེ་ལྟར་ཡོངས་སུ་མ་ཤེས་པའི་གནས་སྐབས་ལ་རྣམ་པར་རྟོག་པ་རབ་ཏུ་བསྐྱེད་པ་བསྟན་ནས། དེའི་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་རླུང་གི་ཤིང་རྟ་ལ་ཞོན་པ་དེ་དང་དེའི་ཡུལ་རྣམས་ཀྱི་བག་ཆགས་ཀྱི་དབང་གིས་འཁོར་བར་འཁོར་རོ། །དེའི་ཕྱིར། ཐིག་ལེའི་བྱེ་བ་གོ་འཕང་བསྒོམ་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འཁོར་བ་གཞོམ་ཞེས་བྱ་བ་


DTG034_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། བག་ཆགས་ཀྱི་དབང་གིས་སླར་སྐྱེ་བ་བཟློག་པའི་དོན་དུའོ། །གསལ་བར་ཞེས་བྱ་བ་ནི་སྒྲའི་སྒོ་ནས་མ་བརྗོད་ཀྱང་བླ་མའི་ཞལ་འབའ་ཞིག་གིས་རྟོགས་པར་བྱའོ། །འབད་པར་བྱ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་སྔགས་ཀྱི་དེ་ཁོ་ན་ཉིད་སྒོམ་པ་པོས་སོ། །མ་རིག་གཞན་ནི་མི་ཤེས་པ། །ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ལ་སྒོམ་པ་བོ་སྟེ། སྔར་བཤད་པའི་རིགས་པས་ཞེས་བྱ་བའི་དོན་ཏོ། །མ་རིག་གཞན་ནི་མི་ཤེས་པ། །ཞེས་བྱ་བ་ནི་རྫོགས་པའི་རིམ་པ་སྒོམ་པ་པོའི་རྣལ་འབྱོར་པས་སོ། །མ་རིག་གཞན་ནི་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་འམ་མངོན་པར་འདུས་བྱས་པའི་ངོ་བོ་ཡོད་པ་མ་ཡིན་ཏེ། དེའི་བསྐྱེད་པའི་རིམ་པ་བསྒོམས་བས། དེ་སྤངས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་མ་ཡིན་ན། མ་རིག་པ་གཞན་གང་ཡིན་ཞེ་ན། དེའི་ཕྱིར་དབུས་ཀྱི་མདུད་པ་ཞེས་གསུངས་ཏེ། སྙིང་གའི་ནམ་མཁའི་དབུས་སུ་རྩ་ལྔ་ལྔའི་རྩའི་ནང་དུའོ། །མདུད་པ་ཞེས་བྱ་བ་ནི་རང་བཞིན་གྱིས་གྲུབ་པའི་འཆིང་བའོ། །དེ་ཉིད་ནི་མ་རིག་པ་ཞེས་བརྗོད། དེའི་སྟོབས་ཀྱིས་རླུང་དང་སེམས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་པ་ཉིད་ཀྱི་ཕྱིར་རོ། །དེ་ཕྱེ་ནས་ཞེས་བྱ་བ་ནི་སྔར་བཤད་པ་དང༌། འཆད་པར་འགྱུར་བའི་རིགས་པས་མདུད་པ་ཕྱེ་བའི་ཕྱིར་རོ། །དངོས་གྲུབ་འགྱུར་ཞེས་བྱ་བ་ནི་རླུང་དང་དབང་ཅན་དུ་འགྱུར་བས་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་སྒོམ་པ་པོ་རྣམས་ལའོ། །རྣལ་འབྱོར་དངོས་གྲུབ་སྟེར་ཞེས་བྱ་བ་ནི་སེམས་རྩེ་གཅིག་པའི་རྒྱུ་ཉིད་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་དེ་སྡུད་པ་བསྟན་ནས། དེའི་ཕན་ཡོན་བརྗོད་པའི་ཕྱིར། །ཡེ་ཤེས་ལྔ་རྣམས་ཐོབ་ནས་ནི། །ཞེས་གསུངས་ཏེ། རླུང་ལྔ་པོ་རྣམས་ལ་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་དུ་ཡོངས་སུ་ཤེས་པས་མངོན་པར་ཤེས་པ་ལྔ་འཐོབ་པའོ། །གྱེན་དུ་རྒྱུ་བའི་རླུང་ལ་སོགས་པ་རླུང་ལྔ་པོ་རྣམས་ལ། དེ་བཞིན་གཤེགས་པ་རྣམས་དང་རྗེས་སུ་སྤྱོད་པ་ཉིད་ཀྱིས་ལྷག་པར་མོས་པས་ལྷའི་མིག་ལ་སོགས་པ་རབ་ཏུ་འབྱུང་བས་སོ། །མཆོག་ཏུ་གསལ་བ་ཐོབ་ནས་ནི། །ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་མཐར་ཕྱིན་ནས། རྡོ་རྗེ་བཟླས་པའི་གོ་འཕང་ཐོབ་པས་སོ། །ཇི་ལྟར་འདོད་པས་བདེ་བར་གནས། །ཞེས་བྱ་བ་ནི་རང་ཉིད་ཀྱིས་རྒས་པའི་ཕུང་པོ་ཡོངས་སུ་སྤངས་ནས།


DTG034_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་ཆོས་ཉིད་ལ་གཞན་གྱི་གྲོང་འཇུག་ཐོབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་འདོད་པས་སོ། །དེ་ལྟར་རྣམ་པ་བདུན་གྱིས་དེ་རྒྱས་པར་བཤད་པ་བསྟན་ནས་ད་ནི་དེ་ལ་མཁོ་བའི་དོན་བརྗོད་པའི་ཕྱིར་དེའི་ཡན་ལག་ཕྱི་རོལ་གྱི་ངེས་པ་སྤངས་ནས། ཐིག་ལེའི་དབྱེ་བའི་ཐབས་ནི་ཕྲེང་བ་མི་དགོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་གྱི་མི་རུས་ལ་སོགས་པའི་ཕྲེང་བ་ལ་སོགས་གཟུང་བར་མི་བྱ་སྟེ། རང་བཞིན་གྱིས་གྲུབ་པའི་དབུགས་ཀྱི་འཁོར་ལོ་ལ་ངེས་པའི་ངོ་བོ་ཉིད་ཀྱིས་བགྲངས་པ་གྲུབ་པའི་ཕྱིར་རོ། །བསམ་གཏན་མི་དགོས་ཞེས་བྱ་བ་ནི་བྲིས་སྐུ་ལ་སེམས་འཛིན་པ་ལ་སོགས་པ་རྣམས་ལ་སྟེ། རང་ཉིད་ཀྱི་རླུང་གི་དེ་ཁོ་ན་ཉིད་བསྒོམ་པ་ལ་མངོན་དུ་ཕྱོགས་པ་ཉིད་ཀྱི་ཕྱིར་རོ། །བྱ་བ་མི་དགོས་ཞེས་བྱ་བ་ནི་ཁྲུས་ལན་གསུམ་བྱེད་པ་དང༌། གོས་ལན་གསུམ་དུ་བརྫབ་ལ་སོགས་པའི་ངོ་བོ་སྟེ། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་རླུང་གི་སྟོབས་ཀྱིས་སྐྱེས་པའི་གཉིས་སུ་འཛིན་པའི་རྣམ་པར་རྟོག་པ་བཀྲུས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་བྱ་བ་མི་དགོས་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་བསྒྲུབ་པའི་མཚན་ཉིད་ཅན་མ་ཡིན་ཏེ། ཕྱི་རོལ་གྱི་རྫས་སྤངས་ནས་འབད་པ་མེད་པའི་ཕྱིར་རོ། །ཇི་སྐད་དུ། ས་ཡི་དོན་གྱིས་གང་ཅིའང་རུང༌། །དངོས་གྲུབ་འདོད་པས་བྱ་བ་ཉིད། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་འཇུག་པར་བྱ། །ཞེས་གསུངས་སོ། །འཛིན་མི་དགོས་ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་འགོག་པའི་རྣམ་པ་མ་ཡིན་ཏེ། དབང་པོའི་རྒྱུ་བ་བཙན་ཐབས་མ་ཡིན་པར་མི་སྡོམ་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན་ཐིག་ལེ་ཇི་ལྟར་གཟུང་བར་བྱ་ཞེ་ན། དེ་ཕྱིར་སྔགས་ཀྱི་དེ་ཉིད་གཅིག་པུ་ཡིས། །ཞེས་གསུངས་ཏེ། འཆད་བཞིན་པའི་བསྡུས་པའི་ཧཱུཾ་ཡིག་དང་ཧོ་ཡིག་གི་ངོ་བོའི་རྣམ་པས་སོ། །ཡང་དག་རྫོགས་པའི་སངས་རྒྱས་འཐོབ། །ཅེས་བྱ་པ་ནི་ཐིག་ལེའི་དབྱེ་བའི་མདུད་པའི་མཚན་ཉིད་མདུད་པ་གཅོད་པར་བྱེད་པ་སྟེ། ཟླ་བ་དྲུག་ཏུ་བསྒོམས་པས་ཞེས་བྱ་བའི་དོན་ཏོ། །ལས་ཆོས་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་ཕྱག་རྒྱ་ནི་ལས་ཙམ་ལ་ཉེ་བར་མཁོ་བའི་ཕྱག་རྒྱའོ། །ཆོས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་འཛིན་པའི་རྒྱུར་གྱུར་བའི་ཕྱག་རྒྱའོ།།


DTG034_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཕྱག་རྒྱ་ཡི་ཞེས་བྱ་བ་ནི་དབང་བསྐུར་བ་ཐོབ་པ་ལེགས་པར་འདུ་བྱེད་པའོ། །དེ་ལྟ་བུར་གྱུར་པའི་ཕྱག་རྒྱའི་དབྱེ་བའོ། །འདིར་ནི་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བའོ། །མ་གསུངས་སོ་ཞེས་བྱ་བ་ནི་ཉེ་བར་མ་བརྗོད་པའོ། །དེ་ལ་དེ་རྒྱུ་ཉིད་དུ་མ་གྱུར་པའི་ཕྱིར་རོ། །ཡང་ན་ལས་ཀྱི་ཕྱག་རྒྱ་ནི་ལག་པའི་ཕྱག་རྒྱ་ལ་སོགས་པ་འཆིང་བའོ། །ཆོས་ཀྱི་ཕྱག་རྒྱ་ནི་སྙིང་ག་ལ་སོགས་པར་སྔགས་ཀྱི་ཡི་གེ་ལ་སོགས་པ་བསྒོམ་པའོ། །དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནི་རིགས་ཀྱི་མཚན་མ་ལ་སོགས་པ་འཛིན་པའོ། །དེ་ལྟ་བུའི་རྣམ་པའི་ཕྱག་རྒྱའི་དབྱེ་བས་མ་གསུངས་པ་ནི་སྔ་མ་བཞིན་ནོ། །འཁོར་ལོའི་དབྱེ་བས་མ་ཡིན་ཞིང༌། །ཞེས་བྱ་བ་ནི་འདིར་ནི་ཐིག་ལེའི་དབྱེ་བས་སོ། །འཁོར་ལོ་དྲུག་དང༌། འཁོར་ལོ་བཞིས་རྣམ་པར་དབྱེ་བ་དང༌། །རྩའི་གྲངས་དང་སྔགས་ཀྱི་གྲངས་ཀྱིས་ནི་མ་ཡིན་ནོ། །དེ་བཞིན་དགའ་མ་ལ་སོགས་རིམ། །ཞེས་བྱ་བ་ནི་ཕྱག་རྒྱའི་རིམ་པ་དེའི་ཡན་ལག་མ་ཡིན་པའི་ཕྱིར་དང༌། ཕྱག་རྒྱའི་རིམ་པ་ལ་བརྟེན་ནས་ཀྱང་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བ་མཚོན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན། དེ་རྣམས་ཐམས་ཅད་བཀག་པ་ལ་ཐབས་ཇི་ལྟ་བུས་བསྒྲུབ་པར་བྱ་བ་དེ་ནི་ཐིག་ལེའི་དབྱེ་བའོ་སྙམ་དུ་དགོངས་ནས་དེའི་ཕྱིར་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་ནི་འཐོབ་ཅེས་གསུངས་ཏེ། འཆད་བཞིན་པས་སོ། །ཕྱག་རྒྱ་ཆེན་པོའི་གོ་འཕང་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བའི་ངོ་བོའོ། །གསལ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་མངོན་སུམ་ལ་སྣང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱི་རོལ་གྱི་ངེས་པ་སྤངས་པ་ལ་ཐིག་ལེའི་དབྱེ་བའི་ཐབས་བརྗོད་ནས། ཐབས་ལས་བྱུང་བའི་རྣམ་གྲངས་བརྗོད་པའི་ཕྱིར། སྟོང་ཉིད་ཡེ་ཤེས་རྡོ་རྗེ་དང༌། །ཞེས་བྱ་བ་གསུངས་ཏེ། མདུད་པ་བཟློག་པས་རླུང་གཉིས་པོ་རོ་གཅིག་པའི་དངོས་པོའི་ངོ་བོས་རྣམ་པར་རྟོག་པའི་རླུང་རྒྱུ་བ་བཟློག་ནས། སྟོང་ཉིད་ཡེ་ཤེས་འཇུག་པའི་རྣམ་པར་ཤེས་པ་ལ་སོགས་པའི་རྡོ་རྗེ་ནི་ཡུལ་ལ་མངོན་པར་ཞེན་པ་བཟློག་པས་ཡེ་ཤེས་རྡོ་རྗེའོ། །དེ་ཉིད་ཅེས་བྱ་བ་ནི་རླུང་གི་རང་བཞིན་ཐོབ་པས་སོ། །གཉིས་མེད་ཅེས་བྱ་བ་ནི་མདུད་པ་འགག་པས་སྟེང་དང་འོག་ཏུ་མི་མཉམ་པའི་རྒྱུ་བ་མེད་པའི་ཕྱིར་རོ། །བདེ་བའི་ཞེས་བྱ་བ་ནི་དེ་སྒོམ་པ་རབ་ཏུ་གྱུར་པ་ལ་བསྐལ་པའམ་བསྐལ་པ་སྟོང་གི་


DTG034_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་གནས་པའི་ཕྱིར་རོ། །གསང་ཆེན་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་ལ་མ་བསྟན་པའི་ཕྱིར་རོ། །ཐིག་ལེའི་དབྱེ་བ་དང་ཞེས་བྱ་བ་ནི་དབུགས་སྨིན་མའི་དབུས་ན་གནས་པ་ལ་ཕྱེ་བའི་ཕྱིར་རོ། །རྣལ་འབྱོར་གྲུབ་པ་ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་འགེགས་པའི་ཐབས་སུ་གྱུར་པའི་ཕྱིར་རོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་ཡུལ་གྱི་སྟོབས་ལས་སྐྱེས་པའི་བག་ཆགས་ལས་ཀྱི་ངོ་བོ་སྡུག་བསྔལ་བཟློག་པས་ཁམས་གསུམ་གྱི་ཉིད་མཚམས་སྦྱོར་བ་ལས་བཟློག་པའི་ཕྱིར་རོ། །མ་རིག་སྒོ་ངའི་སྦུབས་ཞེས་བྱ་བ་ནི་མ་རིག་པ་རྩ་དབུ་མའི་མདུད་པའི་ངོ་བོའམ། ལྷན་ཅིག་སྐྱེས་པའམ། མངོན་པར་འདུ་བྱེད་པ་མེད་པའོ། །དེའི་སྒོ་ང་ནི་བསྟན་པའི་མདུད་པའི་རྣམ་པའམ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །དེའི་འབྱེད་པ་ནི་སྔགས་ཀྱི་རིམ་པ་སྐྱེ། དེས་འཇིག་ཚོགས་ལ་ལྟ་བའི་ངོ་བོའི་རི་བོ་རྩེ་མོ་ཉི་ཤུ་ལས་བྱུང་བ་ནི་དེ་འབྱེད་པ་ནི་རྣམ་པར་འབྱེད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང༌། །ཞེས་བྱ་བ་ནི་དགའ་བ་ཆེན་པོ་འཛིན་པས་ནི་ཕྱག་རྒྱ་ཆེན་པོ་སྟེ། དེའི་བཤད་པ་ནི་ཕྱག་རྒྱ་ཆེན་པོ་བཤད་པའོ། །དེ་ཡང་ཡིན་ལ་དངོས་གྲུབ་ཀྱང་ཡིན་པས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་ལ་སོགས་པ་རྣམས་ཀྱིས་སོ། །བཤད་ཅེས་བྱ་བ་ནི་བསྟན་པའོ། །མཆོག་ཏུ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བ་ཟུང་དུ་འཇུག་པའི་ཐབས་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཐབས་ལས་བྱུང་བའི་རྣམ་གྲངས་བརྗོད་པ་བསྟན་ནས། ཐབས་ལ་གདམས་ངག་གིས་རྟོགས་པར་བྱ་བ་ཉིད་བརྗོད་པའི་ཕྱིར། དེའི་ཡན་ལག་རང་གི་ངོ་བོ་བརྗོད་པ་ནི། །སྔགས་ཀྱི་དེ་ཉིད་སྔོན་སྦྱོར་བས། །ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མཚན་ཉིད་ཀྱི་ཡུལ་ལོ། །རིགས་ཤིང་ཡང་དག་གསལ་བ་གང༌། །ཞེས་བྱ་བ་ནི་སྔོན་གྱི་རླུང་གི་དེ་ཁོ་ན་ཉིད་བསྒོམ་པའི་མཚན་ཉིད་ཅན་ནོ། །བླ་མའི་ཞལ་ནས་ངེས་རྟོགས་འགྱུར། །ཞེས་བྱ་བ་ནི་རྒྱུད་དུ་གསུངས་པའི་མཚན་ཉིད་དང་ལྡན་པའི་བླ་མའི་ཞལ་ལས་བྱུང་བའི་ཐོབ་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཇི་ལྟར་ཞེ་ན། དེའི་ཕྱིར་རྣལ་འབྱོར་མའི་བཀའ་དྲིན་ཞེས་བྱ་བ་གསུངས་ཏེ། སྔོན་གྱི་དགེ་བའི་རྩ་བའི་སྟོབས་


DTG034_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཐོབ་པར་བྱ་བའི་དོན་ཏོ། །དེ་ལྟར་ཐབས་ལ་མན་ངག་གིས་རྟོགས་པར་བྱ་བ་ཉིད་ཀྱིས་རང་གི་ངོ་བོ་བསྟན་ནས། དེ་ལས་བཟློག་པའི་ཕྱིན་ཅི་ལོག་གི་སྐྱོན་བསྟན་པ་བཤད་པའི་ཕྱིར། མན་ངག་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མའི་བརྒྱུད་པ་ལས་གསུངས་པའི་བླ་མའི་མན་ངག་རླུང་གི་དེ་ཁོ་ན་ཉིད་བསྒོམ་པའི་མཚན་ཉིད་སྤངས་ནས་སོ། །གང་ཞེས་བྱ་བ་ནི་སྐྱེས་བུའོ། །བཟླས་པ་ཞེས་བྱ་བ་ནི་སྔགས་ཀྱི་རྒྱལ་པོ་སྟེ། དེ་ཡིས་དཀའ་བ་གཅིག་པུ་དང་ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་བློ་རྨོངས་བྱེད་ཅེས་བྱ་བ་གསུངས་ཏེ། མན་ངག་མེད་པ་ནི་ཤེས་རབ་དམན་པའོ། །ཆུ་བསྲུབས་ཞེས་བྱ་བ་ནི་ཆུ་བསྲུབས་པས་སོ། །མར་ནི་མི་འབྱུང་ལྟར་ཞེས་བྱ་བ་ནི་མར་མི་ཐོབ་པ་སྟེ། དཀའ་བ་གཅིག་པུར་འགྱུར་རོ། །དེ་བཞིན་ཞེས་བྱ་བ་ནི་དེ་བཞིན་དུའོ། །སྔགས་བཟླས་ཀྱང་ཞེས་བྱ་བ་ནི་སྔགས་ཀྱི་བཟླས་པ་བྱས་ཏེའོ། །མན་ངག་དང་བྲལ་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་མན་ངག་གི་མཚན་ཉིད་དོ། །འབྲས་བུའི་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་མི་འཐོབ་པའོ། །སྐྱེས་བུ་ཞེས་བྱ་བ་ནི་སྒོམ་པ་པོའི་འཇིག་རྟེན་ནོ། །དུས་ཇི་ཙམ་གྱི་བར་དུ་སྔགས་བཟླས་ཀྱང་འབྲས་བུ་མི་འགྲུབ་ཅེ་ན། དེའི་ཕྱིར་ཇི་སྲིད་སྐྱེས་ནས་མཐར་ཞེས་གསུངས་ཏེ། ཇི་སྲིད་འཚོའི་བར་དུ་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་མན་ངག་གིས་གཏོང་བའི་སྔགས་པའོ། །ཆ་ཙམ་ཞེས་བྱ་བ་ནི་ཕྱོགས་གཅིག་ཙམ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱིན་ཅི་ལོག་གི་སྐྱོན་བསྟན་ནས། དེ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། རྒྱ་མཚོ་བཞི་ཡི་ཕ་མཐའ་ཡི། །ས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་ཡི་ལམ་ནས་བསྐོར་བཞིན་དུའོ། །མི་ཤེས་པའི་མི་འགའ་ཞིག་ཅེས་བྱ་བ་ནི་གང་ཟག་གོ །མི་ཤེས་པ་ཡི་ཞེས་བྱ་བ་ནི་བློ་རྨོངས་པས་ཤེས་རབ་དམན་པ་ཉིད་ཀྱིས་སོ། །ལམ་ནི་གང་ཡིན་མི་འདྲི་གང༌། །ཞེས་བྱ་བ་ནི་མངོན་པར་འདོད་པའི་གྲོང་དུ་འགྲོ་བའི་ལམ་གང་ལ་ཡང་མི་འདྲིའོ།། ལམ་ནི་གང་ཡིན་མི་འདྲི་གང༌། །ཞེས་བྱ་བ་གང་ཞེས་བྱ་བ་ནི་སྐྱེས་པའོ། །ལམ་ཞེས་བྱ་བ་ནི་མངོན་པར་འདོད་པའི་ཡུལ་ཐོབ་པའི་རྒྱུར་གྱུར་པའོ། །གང་ཡིན་མི་འདྲི་ཞེས་བྱ་བ་ནི་སྐྱེས་བུ་དེས་ཇི་ལྟར་བདག་ཉིད་ཕྱིན་པར་འགྱུར་ཏེ། དེ་ཇི་ལྟར་ཡུལ་དེར་མཐོང་ཞེས་བྱ་བ་ནི་མི་མཐོང་ཞེས་བྱ་བའོ། །གཅིག་ཏུ་འགྲོ་


DTG034_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འབད་པ་དེ་ལ་དོན་མེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དཀའ་བ་ཆེར་བྱེད་པའི། །ཞེས་བྱ་བ་ནི་འདུན་པའི་དབྱེ་བའི་རྒྱུ་མཚན་དུ་དཀའ་བ་ཆེར་བྱེད་པ་སྔགས་ཀྱི་དེ་ཁོ་ན་ཉིད་བསྒོམ་པ་ལ་སོགས་པ་བྱས་ཀྱང་ངོ༌། །མན་ངག་དང་བྲལ་བས་ཞེས་བྱ་བ་ནི་བརྒྱུད་པའི་རིམ་པ་མེད་པས་སོ། །སྒྲུབ་པ་པོ་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་ཐོབ་པར་དཀའ་བའོ། །འབྲས་བུ་མེད་ཕྱིར་མཁས་པ་དང༌། །ཞེས་བྱ་བ་ནི་ཤིན་ཏུ་ཤེས་རབ་དང་ལྡན་ཡང་མན་ངག་བྲལ་བས་སོ། །སྒྲུབ་པ་པོ་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་སྒོམ་པ་པོའོ། །སྨོད་པར་བྱེད་ཅེས་བྱ་བ་ནི་དེ་ཐོབ་པ་ཉམས་པས་སྨོད་པར་བྱེད་པའོ། །མི་ཞེས་བྱ་བ་ནི་སློབ་དཔོན་གྱི་ཡུལ་ལའོ། །མན་ངག་མེད་པས་དངོས་གྲུབ་མེད་པའི་ཕྱིར་རོ། །ཡིད་ལ་སྨོད་པ་ཞེས་བྱ་བ་ནི་སློབ་དཔོན་དང་འདྲ་བར་སེམས་ལ་སྨོད་པས་སོ། །མནར་མེད་ཅེས་བྱ་བ་ནི་འབར་ཞིང་འབར་བས་བསྒྲིབས་པའི་དམྱལ་བ་ཆེན་པོའོ། །འགྲོ་ཞེས་བྱ་བ་ནི་འགྲོ་བར་འགྱུར་བའོ། །དོན་མེད་ཅེས་བྱ་བ་ནི་དངོས་གྲུབ་ཉམས་པས་ངན་སོང་གི་རྒྱུ་རྗེས་སུ་བསྒྲུབས་པས་འབྲས་བུ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེའི་རྒྱས་པ་བཤད་པ་བསྟན་ནས། གུས་པར་བསླབ་པར་བྱ་བ་ཉིད་མདོར་བསྟན་པའི་ཕྱིར། དེ་ཕྱིར་འབད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་གདམས་ངག་མེད་པར་སྔར་བཤད་པའི་སྐྱོན་དུ་འགྱུར་རོ། །དེའི་ཕྱིར། ཡང་དག་མན་ངག་བསླབ་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །འབད་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ལུས་དང་སྲོག་ལ་མི་ལྟོས་པ་ཉིད་ཀྱིས་སོ། །ཡང་དག་ཅེས་བྱ་བ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དང་བྲལ་བས་ཕྱིན་ཅི་མ་ལོག་པའོ། །མན་ངག་ཅེས་བྱ་བ་ནི་བླ་མའི་མན་ངག་གོ །གུས་པ་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་ཡིད་ཆེས་པ་སྔོན་དུ་འགྲོ་བས་དད་པ་སྐྱེས་པས་སོ། །འབད་པར་བསླབ་པར་བྱ་སྟེ། བླ་མའི་ཞལ་ནས་དངོས་གྲུབ་ཕྱིར། །ཞེས་བྱ་བ་ལ། འབད་པས་ཞེས་བྱ་བ་ནི་བླ་མ་ལ་བསྙེན་བཀུར་ལ་སོགས་པ་བྱེད་པའི་མཚན་ཉིད་ཅན་གྱི་བརྩོན་འགྲུས་ཀྱིས་སོ། །དངོས་གྲུབ་ཕྱིར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུའོ། །བླ་མའི་ཞལ་ནས་ཞེས་བྱ་བ་ནི་ལེའུ་གཉིས་པར་བསྟན་པའི་མཚན་ཉིད་ཅན་ལ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གུས་པས་བསླབ་པར་བྱ་བ་ཉིད་


DTG034_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྟན་པ་བཤད་ནས། འཐད་པའི་སྔོན་དུ་འགྲོ་བས་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཞལ་ནས་ཞལ་དུ་བརྒྱུད་པ་སྟེ། སྣོད་ཡོངས་སུ་གང་བ་ནས་སྣོད་སྟོང་བར་བྱ་བའི་རིགས་པས་སོ། །བརྒྱུད་པའི་རིམ་གྱིས་གནས་པས་བྱེད། །ཅེས་བྱ་བ་ནི་མར་མེ་གཅིག་ནས་གཅིག་ཏུ་བརྒྱུད་པ་བཞིན་དུ་བར་མ་ཆད་པར་བརྒྱུད་པའི་རིམ་པས་གནས་པའི་གདམས་ངག་རང་གི་ངོ་བོའོ། །དེའི་ཕྱིར་རྣལ་འབྱོར་མ་ཞེས་བྱ་བ་ལ། རྣལ་འབྱོར་མ་ནི་ཞིང་ལ་སོགས་པ་ལས་སྐྱེས་པའོ། །དེའི་དམ་པའི་ཞལ་ལས་ཞེས་བྱ་བ་ནི་མཆོག་གི་ཞལ་ལས་སོ། །འདིའི་དམ་པ་ཉིད་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཡན་ལག་གདམས་ངག་སྦྱིན་པས་སོ། །བླ་མའི་ཞལ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་བཅུ་ཡོངས་སུ་ཤེས་པའི་རྡོ་རྗེ་སློབ་དཔོན་གྱི་ཞལ་ལས་སོ། །འབད་པ་ཡིས་ཞེས་བྱ་བ་ནི་མཆོད་པ་དང་བསྙེན་བཀུར་ལ་སོགས་པ་བྱ་བ་སྔོན་དུ་འགྲོ་བས་སོ། །བསླབ་པར་བྱ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །དེ་ཉིད་མཆོག་ལ་ཞེས་བྱ་བ་ནི་མཆོག་ཏུ་གྱུར་པའི་ཐིག་ལེའི་དབྱེ་བའོ། །སྔགས་ཀྱི་མན་ངག་ཅེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་མན་ངག་གོ །ཞལ་གྱི་ལུང་ཞེས་བྱ་བ་ནི་ཞལ་ནས་བརྒྱུད་པའི་ལུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་ལྔས་ཐབས་མན་ངག་གིས་རྟོགས་པར་བྱ་བ་བསྟན་ནས་དེའི་དོན་ཉིད་དུ་ཞུ་བ་པོའི་བྱ་བ་བསྟན་པ་བརྗོད་པའི་ཕྱིར། དེ་ཐོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་ན་རྡོ་རྗེས་ཀྱང་ཞེས་བྱ་བ་ནི་གསོལ་བ་འདེབས་པ་པོའོ། །དེ་ཐོས་ཞེས་བྱ་བ་ནི་སྔར་བཤད་པའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དྲུག་པའི་རྣམ་པའོ། །ཞུས་པ་ཞེས་བྱ་བ་ནི་ཡོངས་སུ་དྲིས་པར་གྱུར་པའོ། །བདེ་བ་ཆེན་ཞེས་བྱ་བ་ནི་རང་གི་ཕྱག་རྒྱལ་སྙོམས་པར་ཞུགས་ཤིང་གཉིས་སུ་མེད་པའོ། །ཐེ་ཚོམ་ཐམས་ཅད་གཅོད་པ་ལ། །ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དང༌། སྙིང་རྗེ་ཆེན་པོས་ཁྱབ་པའི་སེམས་ཀྱི་རྒྱུད་ཉིད་ཀྱིས་དེ་དག་དེའི་ཐེ་ཚོམ་ཐམས་ཅད་བཟློག་པར་བྱས་པའི་ཕྱིར་རོ། །ཕྱག་རྒྱ་ནས་ནི་ཞེས་བྱ་བ་ནི་སྤྱི་བོས་འདུད་པ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཞུས་ཤེ་ན། དེའི་ཕྱིར། མཆོག་གི་དེ་ཉིད་བསྟན་དུ་གསོལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་ཞེས་བྱ་བ་ནི་བོད་


DTG034_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །མཆོག་གི་དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་བཟླས་པའི་ཡན་ལག་ཐིག་ལེའི་དབྱེ་བའོ། །བསྟན་དུ་གསོལ་ཞེས་བྱ་བ་ནི་གསུངས་ཤིག་པའོ། །སྔགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་སྔགས་རྣམས་ནི་སྤྲུལ་ཞེས་བྱ་བ་ལ་སོགས་པའི་རྒྱལ་པོ་སྟེ་གཙོ་བོ་ཉིད་ཀྱི་ཕྱིར་རོ། །གང་ལ་གོམས་པས་ཞེས་བྱ་བ་ནི་སྔགས་ཀྱི་རྒྱལ་པོ་འཆད་པར་འགྱུར་བ་གང་ལ་གོམས་པ་ནི་ཡང་དང་ཡང་དུ་རྒྱུན་མི་འཆད་པར་བསྒོམས་པས་སོ། །སྐད་ཅིག་ཅེས་བྱ་བ་ནི་མཐོང་བའི་ཆོས་འདི་ཉིད་ལའོ། །སྔགས་ཀྱི་དངོས་གྲུབ་ཅེས་བྱ་བ་ནི་ཐིག་ལེའི་དབྱེ་བའི་མཚན་ཉིད་ཅན་ཏེ། སྔགས་ཀྱི་ཐོབ་པར་བྱ་བའི་དངོས་གྲུབ་ནི་དངོས་གྲུབ་ཅེས་བྱ་བའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་བླ་ན་མེད་ཅེས་གསུངས་ཏེ། བསྐྱེད་པའི་རིམ་པའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ན་འདི་ཙམ་གྱིས་དེ་ཉིད་ཀྱི་དོན་དུ་གསོལ་བ་འདེབས་པ་པོའི་བྱ་བ་མངོན་པར་བརྗོད་ནས། སྟོན་པ་པོའི་བྱ་བ་བསྟན་པ་བརྗོད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་ན་རྡོ་རྗེ་གསོལ་བ་བཏབ་པའི་རྗེས་ལའོ། །བཅོམ་ལྡན་རྡོ་རྗེས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ངོ༌། །གསུངས་ཞེས་བྱ་བ་ནི་འཆད་བཞིན་པའི་དོན་གསུངས་པའོ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་དེ་ཉིད་རབ་གསལ་བ། །ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བའི་ཐབས་སྔགས་ཀྱི་དེ་ཁོ་ན་ཉིད་འཆད་བཞིན་པ་རྣམས་གསལ་བས་ན་དེ་གསལ་བའོ། །དེ་ཉིད་མཆོག་ཏུ་གསང་བ་ནི། །ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་ཐབས་ཀྱི་ངོ་བོ་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །མཆོག་ཏུ་ཞེས་བྱ་བ་ནི་མཆོག་གི་གོ་འཕང་ཐོབ་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །གང་དུའང་ང་ཡིས་མ་བཤད་པ། །ཞེས་བྱ་བ་ནི་གནས་གཞན་གར་ཡང་ངོ༌། །ང་ཡིས་ཞེས་བྱ་བ་ནི་སྟོན་པ་པོ་རྡོ་རྗེ་འཆང་གིས་སོ། །རྒྱུད་རྣམས་ཀུན་དུ་སྦས་བྱས་པ། །ཞེས་བྱ་བ་ནི་བྱ་བ་ལ་སོགས་པའི་རྒྱུད་རྣམས་ལའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། སྐལ་བ་མེད་པའི་བསམ་པའི་རྒྱུས། །ཞེས་གསུངས་ཏེ། སྣོད་མ་ཡིན་པའི་སེམས་ཅན་རྣམས་ལམ་བསྟན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྐལ་བ་མེད་པའི་བསམ་པ་གང་རྣམས་ལ་ཡོད་པ་དེ་རྣམས་སྐལ་བ་མེད་པའི་བསམ་པ་ཅན་ཏེ། དེ་རྣམས་ཀྱི་རྒྱུས་ཞེས་བྱ་བ་ནི་དེ་རྣམས་ལ་བརྟེན་ནས་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་ད་ལྟར་


DTG034_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཁྱོད་ཀྱིས་གསོལ་བ་བཏབ་པའི་ངོར་རོ། །ཉོན་ཞེས་བྱ་བ་ནི་རྩེ་གཅིག་པར་འགྱུར་ནས་སོ། །བཤད་ཀྱིས་ཞེས་བྱ་བ་ནི་སྨྲ་བར་བྱ་ཡིས་ཞེས་བྱ་བའོ། །སྔགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་འཆད་པར་འགྱུར་བ་རྣམས་སོ། །བླ་ན་མེད་ཅེས་བྱ་བ་ནི་སྔགས་ཐམས་ཅད་ཀྱི་གོང་ན་མེད་པ་ནི་ཡི་གེ་གསུམ་སྟེ། དེ་ལས་ཀྱང་བླ་ན་མེད་པའི་ནི་ཧཱུཾ་ཡིག་དང་ཧོ་ཡིས་གཉིས་ཀྱི་བདག་ཉིད་ཅན་གྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་སྤྱོད་པས་གནས་རྣམས་ལ། །ཞེས་བྱ་བ་ནི་སྔགས་ཀྱི་བདག་ཉིད་ཅན་གྱི་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པའོ། །དེས་གནས་པ་ནི་སྔགས་ཀྱི་སྤྱོད་པས་གནས་པ་སྟེ་དེ་རྣམས་ལ་སྟེ། སྔགས་ཀྱི་ཐེག་པ་སྒོམ་པ་པོ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །མྱུར་དུ་དངོས་གྲུབ་འགྱུར་ཞེས་བྱ་བ་ནི་མྱུར་བ་ཉིད་དུ་ཐིག་ལེའི་དབྱེ་བའི་དངོས་གྲུབ་མདུད་པའི་རྡོག་མའི་རྣམ་པ་ཅན་དེ་སྔོན་དུ་འགྲོ་བས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་སྟོན་པ་པོའི་བྱ་བ་བསྟན་ནས། སྔགས་ཀྱི་ངོ་བོ་བརྗོད་པའི་ཕྱིར། དེའི་ཡན་ལག་བཏུ་བ་བསྟན་པ་ནི་ཨུཥྨའི་ཐ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧ་ཡིག་སྟེ། དྲོད་ནི་ཤ་ཥ་ས་ཧ་ཞེས་བྱ་བའི་མིང་གིས་སོ། །ཐོག་མར་བྲི་ཞེས་བྱ་བ་ནི་དང་པོར་བྲི་བར་བྱ་བ་སྟེ། དེ་ལྟར་ན་ཧ་ཞེས་བཏུ་བའོ། །དབྱངས་ཡིག་དྲུག་པས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་ཨཱུ་ཡིག་གཉིས་པས་བརྒྱན་པའོ། །སྡེ་ཚན་ཐ་མའི་མཐའ་དང་ལྡན། །ཞེས་བྱ་བ་ནི་སྡེ་ཚན་ནི་ཀའི་སྡེ་ཚན་ལ་སོགས་པའོ། །དེ་རྣམས་ཀྱི་ཐ་མ་ནི་པའི་སྡེ་ཚན་ནོ། །དེའི་ཐ་མའི་ཆ་ནི་མ་ཡིག་སྟེ། དེ་དང་ལྡན་པ་ནི་ཆ་མེད་པའི་ཆ་དང་བཅས་པའོ། །དབྱངས་མེད་པ་ཡི་ཆ་དང་བཅས། །ཞེས་བྱ་བ་ནི་ཀླད་ཀོར་དང་བཅས་པའོ། །དེ་ལྟར་ཧཱུཾ་ཞེས་བཏུ་བ་བྱས་པའོ། །གཉིས་པའི་ཡི་གེ་བཏུ་བ་བསྟན་པའི་ཕྱིར། ཨུཥྨའི་མཐའ་ལ་ཞེས་བྱ་བ་གསུངས་ཏེ། སྔར་བཞིན་དུ་ཧ་ཡིག་གོ །དབྱངས་ཡིག་ནི། དགུ་པ་དང་ནི་ཡང་དག་ལྡན། །ཞེས་བྱ་བ་ནི་ཨོ་ཡིག་གིས་ཏེ། སྲེག་པའི་ས་བོན་བཞི་པོའི་གྲངས་མ་གཏོགས་པས་སོ། །ཡང་དག་ལྡན་ཞེས་བྱ་བ་ནི་ཡང་དག་པར་ལྡན་པའོ། །ད་ལྟར་ན་ཧོ་ཞེས་བྱ་བར་འགྱུར་རོ། །ཚེག་དྲག་མཐའ་ཞེས་བྱ་བ་ནི་ཚེག་དྲག་གཉིས་ཀྱི་མཐའ་མ་ཅན་ནོ། །མཆོག་གི་སྒྲ་ཞེས་བྱ་བ་ནི་མཆོག་གི་སྒྲ་འབིགས་པར་བྱེད་པའི་ཕྱིར་རོ། །སྔགས་ཀྱི་གཙོ་བོ་བཏུ་བར་བྱ། །ཞེས་བྱ་བ་ནི་སྔགས་ཐམས་


DTG034_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་མཆོག་གོ །དེ་ལྟར་དེའི་བཏུབ་པ་བསྟན་ནས་དེའི་ཕན་ཡོན་བསྟན་པ་བརྗོད་པའི་ཕྱིར། དེ་ལྟར་ཡི་གེ་གཉིས་ཀྱི་མིང༌། །ཞེས་བྱ་བ་གསུངས་ཏེ། དེ་མ་ཐག་པར་བཏུས་པ་དག་གོ །མིང་ཞེས་བྱ་བ་དེ་ཧཱུཾ་ཧོའི་ཡི་གེའི་ངོ་བོའོ། །སྔགས་ཀྱི་བརྡ་ཞེས་བྱ་བ་ནི་སྲོག་དང་ཐུར་སེལ་གྱི་རླུང་གཉིས་འབྱེད་པའི་ཐབས་ཡིན་པའི་ཕྱིར་རོ། །རྨད་བྱུང་བ་ཞེས་བྱ་བ་ནི་མདུད་པའི་དབུས་སུ་ཧཱུཾ་ཡིག་བསྒོམ་པ་དང༌། སྨིན་མའི་དབུས་སུ་ཡང་ཧོ་ཡིག་བསྒོམ་པའོ། །དེ་ཡང་རིག་པས་ཞེས་བྱ་བའི་སྐབས་སུ་བཤད་ཟིན་པ་ཉིད་ཀྱིས་ཕྱིར་སླར་མི་བརྗོད་དོ། །ཡི་གེ་གཉིས་པོ་འདི་ཉིད་སྒྲའི་ཐིག་ལེའི་མིང་བྱས་ལ་ཞེས་བྱ་བ་ནི་ཐིག་ལེ་ནི་སྨིན་མའི་དབུས་སུ་གནས་པའི་རླུང་གི་རྣམ་པའི་ཧོ་ཡིག་གོ །སྒྲ་ཞེས་བྱ་བ་ནི་སྙིང་གའི་མདུད་པའི་སྟེང་དུ་ཧཱུཾ་ཡིག་གོ །དེའི་མིང་གི་བརྗོད་པ་ཉིད་ཀྱི་ཕྱིར་སླར་མི་བརྗོད་པའོ། །མིང་དུ་བྱས་ལ་ཞེས་བྱ་བ་ནི་ཐ་སྙད་དུ་བྱས་ལ་ཞེས་བྱ་བའི་དོན་ཏོ། །ཅིའི་དོན་དུ་ཞེ་ན། དེའི་ཕྱིར། འཛིན་པ་ཐམས་ཅད་སྤངས་པའི་ཕྱིར། །ཞེས་བྱ་བ་གསུངས་ཏེ། རླུང་གི་སྒོ་ནས་ཡུལ་ལ་མངོན་པར་ཞེན་པ་ལས་སྐྱེས་པའི་རྣམ་པར་རྟོག་པ་བཟློག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། རླུང་གཉིས་པོ་ནི་ཡང་དགའ་བྱེད། །ཅེས་བྱ་བ་ནི་སྲོག་དང་ཐུར་སེལ་གྱི་མཚན་ཉིད་ཀྱི་རླུང་གཉིས་ཀྱི་བར་གྱི་མདུད་པ་ཕྲད་པ་འཇིགས་པའི་ཕྱིར་རོ། །མ་རིག་ཅེས་བྱ་བ་ནི་མ་རིག་པའི་རྣམ་པའི་རྩའི་མདུད་པ་འབྱེད་པར་བྱེད་པ་སྟེ། སྔར་ཉེ་བར་བཀོད་པའི་སྦྱོར་བ་ཉིད་ཀྱིས་སོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱིས། །ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བ་དང༌། ཟུང་འཇུག་གི་རྣམ་པའི་དངོས་གྲུབ་ལའོ། །རྒྱུ་ཞེས་བྱ་བ་ནི་རྡོ་རྗེ་བཟླས་པའི་རིམ་པ་བསྒོམ་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པའི་རྣམ་པ་ལ་མངོན་པར་ཕྱོགས་པའི་ཕྱིར་རོ། །མཆོག་གི་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་བསྒོམ་པའི་སྔོན་དུ་སོང་བ་ཉིད་ཀྱི་ཕྱིར་རོ། །ཡི་གེ་གཉིས་ཞེས་བྱ་བ་ནི་བཤད་མ་ཐག་པའིའོ། །མཆོག་ཏུ་ཞེས་བྱ་བ་མདུད་པ་འཇོམས་པ་ཉིད་ཀྱི་ཕྱིར། ཞི་བའི་ཞེས་བྱ་བ་ནི་རླུང་གི་སྟོབས་ལས་བྱུང་བའི་རང་བཞིན་གྱི་ཚོགས་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་རོ། །འདོད་པའི་དོན་ཀུན་སྒྲུབ་པར་བྱེད། །ཅེས་བྱ་བ་ནི་འདོད་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའོ། །དེ་ལྟར་དོན་རྣམ་པ་


DTG034_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཀྱིས་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་བརྗོད་ནས་དུས་ཀྱི་ངེས་པ་བརྗོད་པ་སྔོན་དུ་འགྲོ་བས་གནས་ཁྱད་པར་ཅན་དུ་དེའི་སྒོམ་པའི་ངེས་པ་བརྗོད་པའི་ཕྱིར་ཟླ་བ་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དུས་ཀྱི་མཐའི་བར་དུའོ། །གང་གིས་བཟླས་ན་ཞེས་བྱ་བ་ནི་གནས་གཉིས་ཡི་གེ་གཉིས་བསྒོམ་པ་སྔོན་དུ་འགྲོ་བས་སོ། །གང་གིས་ཞེས་བྱ་བ་ནི་གང་ཟག་གོ །དེ་ཐིག་ལེ་དང་སྒྲའི་གོ་འཕང་གསལ་བར་བྱས་ནས་རྙེད་ཅེས་བྱ་བ་ནི་ལྷག་མའོ། །གང་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་མན་ངག་ཐོབ་པས་ཞེས་བྱ་བ་གསུངས་ཏེ། སྔར་བཤད་པའི་དོན་གྱི་རྗེས་སུ་འབྲངས་ནས་སོ། །འདོད་པའི་དོན་ཅེས་བྱ་བ་ནི་དོན་ཏུ་གཉེར་བས་ན་དོན་ཏེ། ཐབས་ལས་བྱུང་བའི་ངོ་བོ་ཐིག་ལེའི་དབྱེ་བ་ལ་སོགས་པའོ། །དེ་འདོད་པས་ན་དེ་འདོད་པའོ། །དབེན་པ་ཞེས་བྱ་བ་ནི་སྐྱེ་བོའི་ཚོགས་དང་བྲལ་བ་ལའོ། །ལྷའི་གནས་ཞེས་བྱ་བ་ནི་ལྷའི་ཁང་པ་ལ་སོགས་པ་ལའོ། །སྒྲ་ཡི་ཚེར་མ་རྣམས་དང་བྲལ། །ཞེས་བྱ་བ་ནི་བྱིས་པ་དང་བྱའི་ཅ་ཅོ་ལ་སོགས་པའི་སྒྲ་རྣམས་སོ། །ཚེར་མ་ནི་སྤྲུལ་དང་སྟག་ལ་སོགས་པ་རྣམས་སོ། །བྲལ་བ་ནི་སྦྲུལ་དང་སྟག་ལ་སོགས་པ་རྣམས་སོ། །བྲལ་བ་ནི་དེ་ལས་རྣམ་པར་གྲོལ་བའོ་དེ་བཞིན་དུ། སྐྱེ་བོའི་ཚོགས་ནི་སྤངས་བ་དང༌། །ཞེས་བྱ་བ་ནི་རིགས་མཐུན་པ་དང་རིགས་མི་མཐུན་པའི་སྐྱེ་བོ་རྣམས་དང་མ་འདྲེས་པ་ཉིད་ཀྱི་ཕྱིར་རོ། །བགེགས་མེད་ཅེས་བྱ་བ་ནི་གདུག་པ་ཅན་གྱི་འབྱུང་པོ་དང་གདོན་ལ་སོགས་པ་རྣམས་ཀྱིས་མ་ཁྱབ་པའི་ཕྱིར་རོ། །སྐལ་བཟངས་ཞེས་བྱ་བ་ནི་ཏིང་ངེ་འཛིན་སྐྱེད་པའི་རྗེས་སུ་མཐུན་པའི་ཕྱིར་རོ། །ཉམས་དགའ་བ་ཞེས་བྱ་བ་ནི་ཆུ་དང་མེ་ཏོག་ལ་སོགས་པའི་ཡིད་འཕྲོག་པས་ཉམས་དགའ་བ་ཉིད་ཀྱི་ཕྱིར་རོ། །སྐྱེད་མོས་ཚལ་ནི་ཞེས་བྱ་བ་ནི་ཉེ་བར་ཞི་བ་བསྐྱེད་པ་ལ་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེ་ཞེས་བྱ་བ་ནི་གཡེང་བ་མ་ལུས་པ་ཐམས་ཅད་ཀྱི་རྟེན་མེད་པའི་ཕྱིར་རོ། །འདོད་པ་ལྔ་ལ་ལོངས་སྤྱོད་པས། །ཞེས་བྱ་བ་ནི་ཁྱད་པར་འཕགས་པའི་གཟུགས་ལ་སོགས་པ་ལ་བརྟེན་པའི་སྤྱོད་པས་སོ། །སྔགས་ཀྱི་གཙོ་བོ་གྲུབ་པར་འགྱུར། །ཞེས་བྱ་བ་ནི་དེ་མ་ཐག་པ་བཤད་པའི་སྔགས་ཀྱི་ཡི་གེ་གཉིས་སོ། །དེ་ལྟར་དོན་རྣམ་པ་བདུན་གྱིས་དེ་མ་ཁོ་བར་གྱུར་པའི་དོང་ཡི་འཐད་པས་རང་གི་ངོ་བོ་བརྗོད་ནས། །དེ་བསྒོམ་པའི་དོན་དུ་བསམ་གཏན་གྱི་བྱེ་བྲག་བསྟན་པ་


DTG034_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའི་ཕྱིར་རོ། །དེའི་ཡན་ལག་བཤད་པར་དམ་བཅའ་བ་ནི་འདིར་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་ཐིག་ལེའི་དབྱེ་བ་བཤད་པར་བྱ་ཡིས་ཉོན། བདེ་བའི་ཕྱག་རྒྱ་གནས་ཞེས་བྱ་བ་དང་འབྲེལ་ཏོ། །ཕྱག་རྒྱ་ཞེས་བྱ་བ་ནི་ཡུལ་ལ་གནས་པའི་རྣམ་པ་ཁྱད་པར་རོ། །ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་བོད་པའོ། །ཅི་ཙོག་ཙོག་པོའི་ངོ་བོའི་ཕྱག་རྒྱ་གང་གིས་སྡུག་བསྔལ་དུ་གནས་པའམ་སྙམ་ནས། དེའི་ཕྱིར། བདེ་བ་དམ་པ་ཡི་ནི་གནས། །ཞེས་གསུངས་ཏེ། དམ་པ་ནི་གཞན་དང་ཐུན་མོང་མ་ཡིན་པའི་གནས་སོ། །གངྒཱའི་ཞེས་བྱ་བ་ནི་ཕྱག་རྒྱའོ། །སྒྲུབ་པ་པོ་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་སྒོམ་པ་པོའོ། །དངོས་གྲུབ་མཆོག་ཏུ་འགྱུར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་ཡན་ལག་ཏུ་འགྱུར་བ་ཐིག་ལེའི་དབྱེ་བའི་བདག་ཉིད་ཅན་ནོ། །ཕུན་སུམ་ཚོགས་གནས་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་རྟེན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཤད་པར་དམ་བཅའ་བ་བཤད་ནས། དངོས་སུ་བསམ་གཏན་རྒྱས་པར་བསྟན་པ་བརྗོད་པའི་ཕྱིར། མིག་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་རྩེ་ནི་ཀུན་རྫོབ་ཀྱི་སྣ་རྩེའི་མཐའ་མ་སྟེ། མཐའ་མའི་ཕྱོགས་ལའོ། །མིག་གཉིས་བཀོད་ནས་ཞེས་བྱ་བ་ནི་མིག་གཉིས་དེ་ལྟར་བྱས་ཏེ། །ཕྱི་རོལ་ཡུལ་རྣམས་ལ་མངོན་དུ་མི་ཕྱོགས་པའི་ཕྱིར་རོ། །སྣ་ཡི་ལྟེ་བའི་ཚད་དུ་གནས། །ཞེས་བྱ་བ་ནི་དེ་ཙམ་མཐོང་བས་སོ། །བཞག་བྱས་ནས་ཞེས་བྱ་བ་ནི་མིག་བཙུམས་པ་ཉིད་ཀྱིས་དེ་ཙམ་གྱི་ཚད་དུ་བཞག་ནས་སོ། །ཕྲག་གོང་མཉམ་ལ་ཞེས་བྱ་བ་ནི་ཕྲག་པ་གཉིས་ཀྱང་མཉམ་པར་བྱས་ལའོ། །ལྕེ་རྐན་ལ་སྦྱར་ཞེས་བྱ་བ་ནི་མགྲིན་པའི་ཁྲོན་པའི་མཚམས་ཀྱི་ནང་དུ་བདུད་རྩི་མྱོང་བར་བྱེད་ཅིང་བཞག་ནས་སོ། །སོ་དང་མཆུ་ནི་ཞེས་བྱ་བ་ནི་མཉམ་པར་འཇུག་པ་ཉིད་ཀྱིས་སྔ་མ་བཞིན་དུ་བཞག་ནས་སོ། །དབུགས་ཀྱི་འབྱུང་རྔུབ་ཅེས་བྱ་བ་ནི་འབྱུང་དང་རྔུབ་པའོ། །གློད་ནས་ཞེས་བྱ་བ་ནི་མྱུར་བས་མ་ཡིན་པ་སྟེ། དལ་བུས་རྒྱུ་བའོ། །དེ་ཉིད་ཀྱི་ཕྱིར་གློད་ནས་ཞེས་གསུངས་ཏེ། རླུང་གཞན་དང་མ་འདྲེས་པར་རྩོལ་བ་དང་བྲལ་བས་སོ། །ཅུང་ཟད་ཅུང་ཟད་ཅེས་བྱ་བ་ནི་འབད་པ་མེད་པ་རྒྱུ་བ་ཉིད་དང༌། མྱུར་བ་མ་ཡིན་པ་ཉིད་མཉམ་པར་རྒྱུ་བ་ཉིད་ཀྱི་


DTG034_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །རྩོལ་བྲལ་བས་ཞེས་བྱ་བ་ནི་དབུགས་ཀྱི་རྒྱུ་བ་ཇི་ལྟར་མཉམ་པར་རྒྱུ་བ་ལ་འབད་པ་གཞན་ལ་མི་ལྟོས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟ་བ་བཞིན་འབྱུང་རྔུབ་ནི་ཞེས་བྱ་བ་ནི་དེ་ལ་གནས་པ་ལ་མི་ལྟོས་པ་ཉིད་ཀྱི་རང་གི་རང་གིས་རྒྱུ་བ་ཉིད་ལ་ངལ་སོ་བ་བསྟན་པར་བྱེད་དོ། །དེ་ལ་འབད་པར་མི་བྱ་སྟེ། །ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་རླུང་རྒྱུ་བའི་འགྲོ་བ་དང་འོང་བའི་བྱ་བ་ལའོ། །འབད་པ་ཞེས་བྱ་བ་ནི་གྲངས་ལ་སོགས་པའི་ངོ་བོའི་འབད་པ་མི་བྱ་བ་ནི་བྱ་བ་མ་ཡིན་པའོ། །སེམས་དཔའི་སྐྱིལ་མོ་ཀྲུང་ལེགས་པར་གནས་པས་ཞེས་བྱ་བ་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་ལ་སོགས་པ་སྡུག་བསྔལ་བར་གནས་པ་ཡོངས་སུ་སྤངས་ནས། སེམས་དཔའི་སྐྱིལ་ཀྲུང་གིས་བདེ་བར་གནས་པའི་ཕྱིར་རོ། །དེ་ལྟར་ཕྱག་རྒྱ་དང་ཞེས་བྱ་བ་ནི་བསམ་གཏན་གྱི་ཁྱད་པར་གྱིས་གནས་པའོ་སྙོམས་ཞུགས་ནས་ཞེས་བྱ་བ་ནི་མཉམ་པར་བཞག་ནས་སོ། །ཡི་གེ་གཉིས་ནི་རྟག་ཏུ་བཟླས། །ཞེས་བྱ་བ་ནི་སྲོག་དང་ཐུར་སེལ་གྱི་རླུང་གཉིས་ཧཱུཾ་ཧོ་ཞེས་རྡོ་རྗེ་མདུད་པ་དབྱེ་བའི་ཐབས་བསྒོམ་པར་བྱ་ཞེས་བྱ་བ་ནི་ཉམས་སུ་མྱང་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསམ་གཏན་དངོས་སུ་བསྟན་ནས། དུས་ངེས་པའི་སྒོ་ནས་འབྲས་བུ་བསྟན་པ་བརྗོད་པའི་ཕྱིར། ཟླ་དྲུག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མཆོག་ཅེས་བྱ་བ་ནི་དེ་མ་ཐག་པར་བཤད་པའི་རླུང་གི་དཀྱིལ་འཁོར་གྱི་ལྟེ་བར་གནས་པའི་ཐི་ལེའི་དབྱེ་བའི་རྒྱུ་རྣལ་འབྱོར་མཆོག་ཐོབ་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །ཡང་ན་རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་མཆོག་གོ །སེམས་ལ་གཡེང་བ་མེད་པ་སྐྱེད་པའི་ཕྱིར་རྣལ་འབྱོར་རོ། །ཐིག་ལེའི་དབྱེ་བས་ཞེས་བྱ་བ་ནི་དབུགས་ཀྱི་དབྱེ་བས་སོ། །བདེ་བ་ཆེན་ཞེས་བྱ་བ་ནི་ཡུལ་གྱི་སྟོབས་བྱུང་བའི་རང་བཞིན་གྱི་ཚོགས་ཀྱི་མཚན་ཉིད་སྡུག་བསྔལ་མི་སྐྱེད་པའི་ཕྱིར་རོ། །ཐེ་ཚོམ་མེད་ཅེས་བྱ་བ་ནི་རྟག་ཏུ་རྒྱུན་མི་འཆད་པར་བསྐྱེད་པའི་རིམ་པ་མཐར་ཕྱིན་པའི་རྣལ་འབྱོར་པ་རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་བསྒོམ་པའི་སྟོབས་ཀྱིས་ཟླ་བ་དྲུག་གིས་ངེས་པ་ཁོ་ནར་ཐིག་ལེའི་དབྱེ་བའི་འབྲས་བུ་ཐོབ་པར་འགྱུར་རམ་མི་འགྱུར་སྙམ་དུ་ཐེ་ཚོམ་མེད་པའི་ཕྱིར་ཏེ་ཡིད་ཆེས་པ་བསྟན་པ་ཉིད་ཀྱིས་ཞེས་བྱ་བའི་དགོངས་པའོ། །དེ་


DTG034_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དུས་ངེས་པའི་སྒོ་ནས་འབྲས་བུ་བརྗོད་པ་བསྟན་ནས། རླུང་གི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་དེ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། སྟེང་དང་འོག་དང་རྩ་ཡི་རྒྱུན། །ཞེས་བྱ་བ་ནི་གཡོན་པ་དང་གཡས་པའི་རྩའི་གནས་སུ་རྩ་གཉིས་རབ་ཏུ་རྒྱུ་བ་ནི་དཀྱིལ་འཁོར་བཅུ་གཉིས་ཀྱི་བདག་ཉིད་ཅན་ཏེ། དཀྱིལ་འཁོར་རེ་རེ་ལ་དབུགས་དགུ་བརྒྱའི་གྲངས་ཀྱིས་ཉིན་མོ་ལ་སྟོང་ཕྲག་བཅུ་དང་བརྒྱད་བརྒྱའོ། །དེ་བཞིན་དུ་མཚན་མོ་ལ་ཡང་ངོ༌། །ཨ་བ་དྷཱུ་ཏཱིའི་གནས་གསལ་བ་ཞེས་བྱ་བ་ནི་གནས་པའི་རླུང་གི་ཆའི་རྟོགས་པའི་ངོ་བོ་སྟེ། དཀྱིལ་འཁོར་རེ་རེ་ཞིང་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་གི་དབུགས་སོ་སོར་བྱས་ནས་དཀྱིལ་འཁོར་བཅུ་གཉིས་ལ་དྲུག་བརྒྱ་བདུན་ཅུ་རྩ་ལྔ་བརྩི་བར་བྱས་ནས་སོ། །དང་པོར་ལྡང་བ་དང་འཇུག་པའི་རླུང་གཉིས་ལ་ཧཱུཾ་དང་ཨོཾ་གྱི་ཡི་གེ་གཉིས་ཀྱི་སྒོ་ནས་སེམས་གཟུང་བར་བྱ་བ་སྟེ། དེའི་རྗེས་ལ་དབུས་མ་རྒྱུ་བ་གནས་པའི་རླུང་སྔར་བཤད་པའི་གྲངས་དང་ལྡན་པ་རྣམས་ལ་སེམས་ཡང་དག་པར་བཞག་ནས། དེའི་རྗེས་ལ་ཨ་ཡིག་ལ་གཞག་གོ །ཨ་ཡིག་ཀྱང་ཚེག་དྲག་གཉིས་ལ་མོས་པས་སོ། །ཚེག་དྲག་གཉིས་ཀྱང་ཧཱུཾ་དང་ཧོ་ཡིག་གཉིས་ལ་ལྷག་པར་མོས་པར་བྱའོ། །ཡི་གེ་གསུམ་པོ་དེ་ཉིད་ལ་ཞུགས་ཏེ་ཧཱུཾ་ཡིག་ཀྱང་ཆ་ཤས་སུ་བརྟགས་པས་ཐིག་ལེ་སྨིན་མའི་དབུས་སུ་གནས་པ་ལ་རླུང་གི་ངོ་བོས་བསྡུ་བར་བྱའོ་ཞེས་བྱ་བའི་མན་ངག་གོ །ཨ་བ་དྷཱུ་ཏཱིའི་གོ་འཕང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་གསལ་བའི་ཞེས་གསུངས་ཏེ། རྣལ་འབྱོར་གྱི་མངོན་སུམ་གྱིས་རྟོགས་པ་ཉིད་ཀྱི་ཕྱིར་རོ། །རླུང་གི་དེ་ཉིད་ཅེས་བྱ་བ་ནི་རླུང་གསུམ་གྱི་བྱ་བའི་བདག་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་དེ་སྐྱེད་པར་བྱེད་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་དང་ཟུང་དུ་འཇུག་པའི་རིམ་པའི་ངོ་བོའོ། །རྒྱུ་ཞེས་བྱ་བ་ནི་རྒྱུར་གྱུར་པ་སྟེ། རྡོ་རྗེ་བཟླས་པའི་བྱེ་བྲག་གི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དོན་རྣམ་པ་བཞིས་བསམ་གཏན་གྱི་ངོ་བོ་བསྟན་ནས། བསམ་གཏན་གྱི་འབྲས་བུ་བརྗོད་པའི་ཕྱིར་དེའི་ཡན་ལག་གི་གནས་སྐབས་ཀྱི་འབྲས་བུ་བརྗོད་པ་ནི་རི་ལུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རྒྱུ་གཅིག་པར་ནི་མ་ཟད་ཀྱི་ཇི་སྲིད་དུ་འབྲས་བུ་


DTG034_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྣམས་ཀྱི་ཡང་ཞེས་བྱ་བས་བསྟན་པར་བྱེད་དེ། དལ་དང་པོ་རེ་ཞིག་རྡོ་རྗེ་མཁའ་འགྲོའི་རྒྱུད་དུ་གསུངས་པའི་ཆོ་གས། བྱང་ཆུབ་སེམས་ནི་ཆ་ལྔ་དང༌། །རྒྱ་མཚོ་ལས་སྐྱེས་གཉིས་འགྱུར་དང༌། །རྩེ་མོ་བཞི་འགྱུར་སྦྱིན་བྱ་སྟེ། །དབང་ལ་རྟག་པའི་ཆོ་ག་མཆོག །ཅེས་བྱ་བའི་རིགས་པ་འདིས་རྫས་གསུམ་པོ་བཙལ་ནས། དེའི་རྗེས་སུ་སུམ་འགྱུར་གཞན་མི་བསྐྱོད་པ་དང༌། རྣམ་སྣང་གི་ཁམས་གཉིས་པོ་བཙལ་ལ་ཐོད་པ་དུམ་བུ་གཅིག་པ་གཉིས་ཁ་སྦྱར་བའི་དབུས་སུ་བཞག་ལ། བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་སྔོན་དུ་བསྙེན་པ་བྱས་ནས། དེའི་རྗེས་ལ་རྨི་ལམ་དུ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ལ་སོགས་པས་མཚན་མ་རྙེད་པའི་རྣལ་འབྱོར་པས་རླུང་དང་མེའི་དཀྱིལ་འཁོར་བསྒོམ་པ་སྔོན་དུ་འགྲོ་བ་དང་བདུད་རྩི་ལྔ་བསྐྱེད་པ་བསྒོམ་པ་སྔོན་དུ་འགྲོ་བས་བདུད་རྩིར་བསྐྱེད་ནས། བཅོམ་ལྡན་འདས་སྤྲོ་པའི་སྔགས་དེ་སྲིད་དུ་བཟླས་པར་བྱ་སྟེ། ཇི་སྲིད་ཐོད་པ་ཁ་སྦྱོར་གྱི་ནང་ན་གནས་པའི་རི་ལུ་དུ་བ་འབྱུང་བར་བྱེད་འབར་བར་བྱེད་པ་དེ་སྲིད་དུ་བཟླ་བར་བྱའོ། །དེ་ནས་རི་ལུའི་དངོས་གྲུབ་ཐོབ་པས་དེ་ཁར་བཅུག་ནས་ཇི་ལྟར་འདོད་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་བ་ནི་རི་ལུའི་དངོས་གྲུབ་རྣམ་པ་གཅིག་གོ །ཡང་ན་དཔལ་གསང་བ་འདུས་པའི་རྗེས་སུ་འབྲངས་ནས། ལེའུ་བཅུ་གཉིས་པ་གསུངས་པའི་ཆོ་གས་སྔགས་ཉིད་ཀྱིས་རི་ལུའི་དངོས་གྲུབ་བསྒྲུབ་པར་བྱ་སྟེ། ཇི་སྐད་དུ། ཨོཾ་ཡིག་རི་ལུ་བསྒོམ་བྱས་པ། །ཙན་ཀ་ཡི་སྙིང་པོའི་ཚད། །དབུས་སུ་རང་ལྷ་ཡི་ནི་གཟུགས། །ཁར་ནི་བསམ་ཞིང་བསྒོམ་པར་བྱ། །ཞེས་གསུངས་ཏེ། དེའི་དོན་ནི་འདི་ཡིན་ཏེ། ཨོཾ་ཡིག་ཙན་ཀའི་སྙིང་པོའི་ཚད་ཙམ་གྱི་རི་ལུ་བསྒོམས་ཏེ། དབུས་སུ་ཞེས་བྱ་བ་ནི་རི་ལུའི་ནང་དུའོ། །རང་གི་ལྷའི་གཟུགས་ཞེས་བྱ་བ་ནི་ས་བོན་གྱི་བདག་པོའི་གཟུགས་སུ་བསྒོམས་ཏེ། ཁར་ཞེས་བྱ་བ་ནི་མགོ་བོའི་སྒོར་འཇུག་པའི་ངོ་བོས་རྣམ་པར་བསམས་ཏེ། བསྒོམ་པར་བྱ་ཞེས་བྱ་བ་ནི་ཡང་དང་ཡང་དུ་གོམས་པར་བྱའོ། །གང་ཞིག་དེ་ལྟར་གོམས་པར་བྱས་པ་དེ། །བྱང་ཆུབ་སེམས་དཔའ་མཉམ་པའི་འོད་དུ་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །རལ་གྲི་ཞེས་བྱ་བ་ནི་རང་འདོད་པའི་ལྷའི་ང་རྒྱལ་དང་ལྡན་པས་ཕྱི་རོལ་གྱི་མཚན་ཉིད་བཟང་པོའི་


DTG034_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་སྟོང་པ་ཉིད་དུ་བསྒོམས་ལ་དེའི་རྗེས་སུ་ཁཾ་ཡིག་ཡོངས་སུ་གྱུར་པ་ལས་སྐྱེས་པའི་དོན་ཡོད་གྲུབ་པ་ཕྱག་རྒྱ་དང་བཅས་པ་རྣམ་པར་བསྒོམ་པར་བྱ་སྟེ། དེ་དང་སྙོམས་པར་ཞུགས་པས་ཞུ་བར་གྱུར་པ་ལས་བྱུང་བའི་རལ་གྲི་འོད་ཟེར་རྣམ་པ་ལྔ་འཕྲོ་བ་བསྒོམས་ཏེ། དེ་སྲིད་དུ་རང་འདོད་པའི་ལྷའི་སྔགས་བཟླ་བར་བྱ་སྟེ། ཇི་སྲིད་དུ་དུ་བ་ལ་སོགས་པའི་མཚན་མ་ཉེ་བར་མཚོན་པ་སྔོན་དུ་འགྲོ་བས་འབར་བའོ། །དེའི་རྗེས་ལ་ལག་ཏུ་གཟུང་སྟེ། ཡིད་ལ་འདོད་པ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་རལ་གྲིའི་དངོས་གྲུབ་པོ། །རོ་ལངས་དང་ཞེས་བྱ་བ་ནི་རོ་ལངས་བསླང་བའོ། །འདི་ཡང་རྒྱ་ཆེར་ནི་ངེས་པར་བརྗོད་པའི་རྒྱུད་བླ་མའི་འགྲེལ་པ་ཟབ་མོའི་དོན་ཡིད་བཞིན་ནོར་བུ་ཞེས་བྱ་བ་ལས་ལེའུ་ཉི་ཤུ་པ་ལས་རྒྱ་ཆེར་རྣམ་པར་བཤད་པས། དེ་ཉིད་ལས་རྟོགས་པར་བྱའོ། །བྱེ་བྲག་ཏུ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། མི་བསྐྱོད་རྡོ་རྗེའི་ང་རྒྱལ་བྱས་ཏེ། མཱ་མ་ཀཱི་ལ་སོགས་པའི་སྔགས་རྣམས་ཀྱིས་དགོས་པ་བྱའོ། །རྒྱལ་སྲིད་ཅེས་བྱ་བ་ནི་དམག་དཔུང་རེངས་པ་སྔོན་དུ་འགྲོ་བས་ཕ་རོལ་པོའི་དགྲའི་ཕྱོགས་ངེས་པར་བཅོམ་ནས། དེ་ལས་གཞན་པ་ལ་རྒྱལ་སྲིད་འཛིན་པའོ། །མིག་སྨན་ཞེས་བྱ་བ་ནི་སྐྱེ་བ་བདུན་པའི་ཚིལ་བུ་མེས་བཞུ་བ་ལས་བྱུང་བའི་མར་ཆེན་པོ་ལ་སྡོང་བུ་བྱ་བ་སྔོན་དུ་འགྲོ་བས་མེ་སྦར་ལ་དེས་ཐོད་པའི་དུམ་བུའི་རྒྱབ་ཀྱི་དུ་བ་བླངས་ལ་དེའི་རྗེས་སུ་བདུད་རྩི་ལྔའི་ཆུས་དུ་བ་མཉེས་ལ་དེས་མིག་ལ་བྱུག་པར་བྱས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྣ་ཚོགས་པ་མཐོང་བར་འགྱུར་ཞེས་བྱ་བ་ནི་མིག་སྨན་གྱི་དངོས་གྲུབ་པོ། །བཅུད་ཀྱིས་ལེན་ཞེས་བྱ་བ་ནི་འདི་ཡང་ལེའུ་བཅུ་དྲུག་པ་ལས་རང་ཉིད་ཀྱིས་འཆད་པར་འགྱུར་ཏེ། རྐན་གྱི་དབུས་སུ་ལྕེ་སྦྱར་བ། །བྱས་ནས་དེ་ཁོ་ནའི་ཆོ་ག་བཟླ། །སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི། །ཡང་དག་རྣལ་འབྱོར་རྗེས་དྲན་བྱ། །རྫས་ཀྱང་རྟག་ཏུ་བསྟེན་པར་བྱ། །དེ་ཉིད་ལྔ་ཡི་རིམ་པ་བསྐྱེད། །བཟླས་པ་རྫོགས་ནས་རྟག་ཏུ་ནི། །ལུས་ལས་བྱུང་བ་དྲི་མ་མེད། །ལྕགས་ལྔའི་རང་བཞིན་སྣོད་དུ་ནི། །བཞག་ནས་ཇི་སྲིད་ཉི་མ་ནི། །འཆར་ཀ་དེ་ནས་དེ་ལ་ཡང༌། །བཙུན་མོའི་ཁྲག་དང་བདེ་བ་ཆེ། །བླུགས་ནས་རྟག་ཏུ་རྫས་ཀྱི་མཆོག །བདུད་རྩི་བདུན་པའི་མིང་ཅན་ཏེ། །ཉལ་ཀར་ཡང་ནི་


DTG034_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་དེ་ཉིད། །འཐུངས་ན་ཚེ་ནི་རྣམ་པར་འཕེལ། །སྔགས་ཀྱི་རྒྱལ་པོ་ཨོཾ་ཨཱཿ་ཧཱུཾ། །དེ་ནས་ལན་བདུན་བཟླས་པ་བྱ། །ལག་གཡས་རྒྱལ་མཚན་གྱིས་མཚན་པ། །སྣོད་བཟང་དེ་ལ་བཀབ་ནས་སུ། །ཡི་གེ་བརྒྱ་པའི་སྔགས་ཀྱིས་ནི། །ལན་གསུམ་གྱིས་ནི་དག་པར་བྱ། །དེ་རྗེས་བུད་མེད་ནུ་ཞོ་ནི། །རྟག་ཏུ་མཁུར་བ་བཀང་ཞིང་བཏུང༌། །ཞེས་བྱ་བ་ལ་སོགས་པས་ནི་དམག་དཔུང་རངས་པའོ། །སྒྲུབ་པ་པོ་རང་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་སུ་བསྒྱུར་ནས་གང་ཡང་རུང་བའི་ཁྲོ་བོའི་གཟུགས་བཟུང་སྟེ། རང་གི་འཁོར་རྣམས་ལ་པདྨའི་ཁྲག་བཞིན་སེར་སྐྱ་བསྒོམས་ལ། རིའི་རྒྱལ་པོ་ལྟར་རིའི་རྒྱལ་པོ་རི་རབ་ཀྱི་ཚད་ཙམ་དམག་གི་དཔུང་ཡན་ལག་བཞི་པའི་སྟེང་དུ་བསྒོམས་ན། དགྲའི་དམག་གི་སྡེ་འོག་ཏུ་ཞུགས་པར་མཐོང་ངོ་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པ་པ་ལེའུ་བཅུ་གསུམ་པ་ལས་གསུངས་སོ། །རྩིག་པ་དབྱེ་བ་ཞེས་བྱ་བ་ནི་རྩིག་པ་དབྱེ་བ་སྟེ། སྔར་བཤད་པ་ལྟར་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་གང་ཡང་རུང་བའི་ཆ་ལུགས་བཟུང་སྟེ། སྔགས་པས་བགེགས་བསྐྲད་པའི་དུས་སུ་བསྒོམ་པར་བྱས་པས་གནོད་མཛེས་རྒྱལ་པོའི་བཀའ་བསྒོ་བས་ཁྲོ་བོ་རེ་རེ་ལས་ཁྲོ་བོས་བྱིན་པའི་ཐལ་ལྕག་གིས་དགྲ་བོའི་རྩིག་པ་བཤིག་པ་ནི་དགོས་པ་ཞེས་བྱ་བ་ནི་མན་ངག་གོ །རིག་འཛིན་གྱི་ནི་གོ་འཕང་མཆོག །ཅེས་བྱ་བ་ནི་ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམས་ནས། དེའི་དབུས་སུ་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམས་ལ། དེའི་ཕྱག་ཏུ་འཁོར་ལོ་རྩིབས་བརྒྱད་པ་བསྒོམས་ན་རིག་པ་འཛིན་པར་འགྱུར་རོ་ཞེས་བྱ་བ་ནི་མདོར་བསྡུས་པའི་རིག་པ་འཛིན་པའི་དངོས་གྲུབ་བོ། །མཆོག་ཅེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པས་སོ། །མི་སྣང་བ་དང་ཞེས་བྱ་བ་ནི་སྐྱེ་བ་བདུན་པའི་རུས་པ་བདར་བ་རྣམས་ཀྱི་ས་ཙནྡན་དུ་བྱས་ཏེ། སྔར་བཤད་པའི་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལ། དེ་བཞིན་གཤེགས་པ་ལྔ་པོ་གང་ཡང་རུང་བའི་གཟུགས་དང་ལྡན་པ་ལ་ཙནྡན་དེས་ལུས་ལ་བསྐུས་ཏེ། སྔར་བཤད་པའི་རི་ལུ་ཁར་བཅུག་ན་མི་སྣང་བར་འགྱུར་རོ་ཞེས་བྱ་བ་ནི་མི་སྣང་བའི་དངོས་གྲུབ་བོ། །གཏེར་མཐོང་བ་ཞེས་བྱ་བ་ནི་སྔར་བཞིན་དུ་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པས་མིག་ལ་


DTG034_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་སྐྱེ་མཆེད་རྣམས་ལ་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་བསྒོམས་ཏེ། མ་ཡིག་དང་ཊ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མ་གཉིས་བསྒོམ་པར་བྱས་ནས་འོག་ན་གནས་པའི་གཏེར་ལ་སོགས་པ་མཐོང་བར་འགྱུར་ཞེས་བྱ་བ་ནི་གཏེར་མཐོང་བའི་དངོས་གྲུབ་བོ། །འདོད་དགུར་བསྒྱུར་དང་ཞེས་བྱ་བ་ནི་སེམས་ཅན་དེ་དང་དེའི་རྗེས་སུ་མཐུན་པ་བདག་ཉིད་ལྷའི་ང་རྒྱལ་བསྒོམ་པ་སྔོན་དུ་འགྲོ་བས་བསྒོམ་པར་བྱ་སྟེ། དཔུང་པ་ལ་སོགས་པ་ལ་འཆིང་བར་བྱས་ན་དེ་དང་དེའི་གཟུགས་འཛིན་པར་འགྱུར་རོ་ཞེས་བྱ་བ་ནི་འདོད་དགུར་བསྒྱུར་བའི་ལས་ཀྱི་དངོས་གྲུབ་བོ། །རྐང་མགྱོགས་དང་ཞེས་བྱ་བ་ནི་ཀརྞི་ཀ་ར་ལ་སོགས་པའི་སྨན་སྦྱོར་གྱི་སྟོབས་ཀྱིས་གྲུབ་པར་བྱ་སྟེ། ཇི་ལྟར་དཔལ་དུས་ཀྱི་འཁོར་ལོར་རེའུ་མིག་གི་ཁ་སྦྱོར་གསུངས་པའི་སྐབས་སུ་བསྟན་པ་བཞིན་ནོ། །གསེར་འགྱུར་ཞེས་བྱ་བ་ནི་ཟངས་ལ་སོགས་པ་གསེར་ལ་སོགས་པར་བྱེད་པའི་གསེར་འགྱུར་གྱི་མཚན་ཉིད་དོ། །དུག་ལས་རྒྱལ་ཞེས་བྱ་བ་ནི་རྡོ་རྗེ་བྱ་ཁྱུང་བསྒོམ་པའམ། གཞན་གྱིས་མི་ཐུབ་དང༌། གནོད་མཛེས་བསྒོམས་པས་བརྟན་པ་དང༌། གཡོ་བའི་བདག་ཉིད་ཅན་གྱི་དུག་འཇོམས་པར་བྱེད་པའོ། །མེ་ཡི་ནང་དུ་འཇུག་པ་དག །ཞེས་བྱ་བ་ནི་མེ་ལ་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་བསྒོམ་པ་ལ་སོགས་པས་དེའི་ནང་དུ་འཇུག་པའོ། །སོགས་པའི་སྒྲས་ནི་ཆུའི་སྟེང་དུ་འཆག་པ་ལ་སོགས་པ་གཟུང་བར་བྱའོ། །མངོན་ཤེས་ལྔ་པོའི་གོ་འཕང་དང༌། །ཞེས་བྱ་བ་ནི་མིག་གི་སྐྱེ་མཆེད་ལ་སོགས་པ་ལྔ་པོ་རྣམས་ལ་སའི་སྙིང་པོ་ལ་སོགས་པའི་ངོ་བོ་བྱང་ཆུབ་སེམས་དཔའ་བསྒོམ་པའམ། དབང་པོ་རེ་རེས་ཡུལ་ཐམས་ཅད་ལ་ལོངས་སྤྱོད་པའི་མཚན་ཉིད་ཅན་ནོ། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་བྱ་བ་ནི་མེ་ལོང་ལ་སོགས་པ་རྣམས་སོ། །ཟབ་མོ་མ་ཡིན་པ་དང་ཟབ་མོའི་བསྐྱེད་པའི་རིམ་པ་སྔོན་དུ་འགྲོ་བས་མེ་ལོང་ལ་སོགས་པའི་ཡེ་ཤེས་གྲུབ་པའི་ཕྱིར་རོ། །འདི་རྣམས་ཀྱི་ཆེན་པོ་ཉིད་ཀྱང་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། མེ་ལོང་ཡེ་ཤེས་ངར་འཛིན་མེད། །ཡོངས་སུ་མ་ཆད་རྙོག་པ་མེད། །ཤེས་བྱ་ཀུན་ལ་མ་རྨོངས་པ། །དེ་


DTG034_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཡང་མངོན་ཕྱོགས་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་རྣམས་ཀྱང་ཁྱོད་ཀྱིས་ཐིག་ལེའི་རྣལ་འབྱོར་བསྒོམ་པའི་རིམ་པས་ཐོབ་པར་འགྱུར་རོ། །དེ་ལྟར་གནས་སྐབས་ཀྱི་འབྲས་བུབ་རྗོད་པར་བསྟན་ནས། མཐར་ཐུག་གི་འབྲས་བུ་བསྟན་པ་བརྗོད་པའི་ཕྱིར། དེ་ནས་སྐད་ཅིག་གཅིག་ལ་ཞེས་པ་གསུངས་ཏེ། གཅིག་ནི་བྱ་བ་རྫོགས་པའི་སྐད་ཅིག་མའི་མཚན་ཉིད་ཅན་གྱི་སྐད་ཅིག་ལའོ། །བྱང་ཆུབ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པ་ཟུང་དུ་འཇུག་པས་བསྡུས་པ་སྐད་ཅིག་ལ་བྱང་ཆུབ་པའོ། །དེ་ཉིད་ནི་མཚན་ཉིད་དོ། །གོ་འཕང་ནི་རྟེན་གྱི་གནས་སོ། །དཀའ་ཐུབ་སྤྱོད་པ་སྤངས་ནས་ནི། །ཞེས་བྱ་བ་ནི་ཞལ་གསུམ་ཕྱག་དྲུག་པའི་ངོ་བོ་དངོས་སུ་འཛིན་པར་བྱེད་པ་ནི་སྤྱོད་པའོ། །དཀའ་ཐུབ་ནི་སྦྱངས་པའི་ཡོན་ཏན་བཅུ་གཉིས་འཛིན་པའོ། །སྦྱངས་པ་ཡང་ཡིན་ལ་སྤྱོད་པ་ཡང་ཡིན་པས་དཀའ་ཐུབ་སྤྱོད་པ་སྟེ། དེ་རྣམས་སྤངས་པ་ནི་དེ་རྣམས་དང་བྲལ་བའོ། །ཤེས་རབ་སྙིང་རྗེ་ཡང་དག་ལྡན། །ཞེས་བྱ་བ་ནི་ཤེས་རབ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམས་ལའོ། །སྙིང་རྗེ་ནི་བདག་ལ་བྱིན་གྱིས་བརླབས་པའི་ལུས་ཏེ། དམིགས་པའི་སྙིང་རྗེའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་ཀྱང་ཡིན་ལ་སྙིང་རྗེ་ཡང་ཡིན་པས་ན་ཤེས་རབ་སྙིང་རྗེའོ། །དེ་དག་དང་ལྡན་པ་ནི་ཐ་མི་དད་པ་སྟེ། ཤེས་རབ་སྙིང་རྗེ་ཡང་དག་པར་ལྡན་པའོ། །མཆོག་སྟེ་བློ་ཞེས་བྱ་བ་ནི་མཆོག་གི་ཤེས་རབ་དང་ལྡན་པར་རྫོགས་པའི་རིམ་པ་སྒོམ་པ་པོ་རྣམས་ཀྱིའོ། །བདེ་བ་ཆེ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་ཟློག་པར་བྱེད་པའི་བདག་ཉིད་ཀྱི་ཟག་པ་མེད་པའི་བདེ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དོན་རྣམ་པ་གཉིས་ཀྱིས་བསམ་གཏན་གྱི་འབྲས་བུ་བསྟན་ནས། ཐབས་ཁྱད་པར་དུ་འཕགས་པ་བསྟན་པའི་ཕྱིར་སྦྱིན་སྲེག་མི་དགོས་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་སྒོམ་པ་འདི་ལ་སྦྱིན་སྲེག་ཅེས་བྱ་བ་ནི་ཕྱི་རོལ་གྱིས་བྱིན་སྲེག་མི་དགོས་ཏེ། མདུད་པའི་དབྱེ་བའི་མཚན་ཉིད་ཅན་གྱི་ཡེ་ཤེས་ཀྱི་མེས་རྣམ་པར་རྟོག་པ་ཐམས་ཅད་ལ་རང་གི་ངང་གིས་བསྲེག་པ་ཉིད་ཀྱི་ཕྱིར་རོ། །དེས་མི་དགོས་ཞེས་བྱ་བ་ནི་སྨྱུང་བ་དང་སྡོམ་པ་ལ་སོགས་པ་སྟེ། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་སྲོག་དང་རྩོལ་བ་དེས་པའི་ཕྱིར་རོ། །གྲངས་མི་དགོས་ཞེས་བྱ་བ་ནི།


DTG034_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལ་སོགས་པ་སྔོན་དུ་བསྙེན་པ་གང་གི་མཚན་ཉིད་ཅན་ཏེ། དཀྱིལ་འཁོར་བཞི་འཆར་བའི་རིམ་པས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མཚོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །བསམ་གཏན་མིན་ཞེས་བྱ་བ་ནི་བྲིས་སྐུ་ལ་སོགས་པའམ་བཅོམ་ལྡན་འདས་ཀྱི་ཡུལ་ལ་སེམས་བཏང་བ་མི་དགོས་ཏེ། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་སེམས་འཛིན་པ་ཉིད་ཀྱི་ཕྱིར་རོ། །འདིར་ནི་བསྐྱེད་རིམ་དབྱེ་མི་དགོས། །ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་བསྒོམ་པར་བྱ་བ་འདི་ལ་ཟླ་བ་དང་རྡོ་རྗེ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ལྷའི་རྣམ་པ་བསྒོམ་མི་དགོས་ཏེ། ལྟེ་བའི་ནམ་མཁའ་ལས་བྱུང་བའི་རླུང་ལ་འཁོར་ལོ་དེ་དང་དེའི་དབྱེ་བས་རིམ་པ་མཚོན་པའི་ཕྱིར་རོ། །དཀའ་ཐུབ་སོགས་མི་དགོས་ཞེས་བྱ་བ་ནི་སྤྱོད་པའི་བརྟུལ་ཞུགས་ལ་སོགས་པ་མི་དགོས་ཏེ། སེམས་ཀྱི་བརྟུལ་ཞུགས་ཉེ་བར་བསྟན་པ་རང་བཞིན་གྱིས་གྲུབ་པ་མཚོན་པའི་ཕྱིར་རོ། །གཅིག་པུ་ཡིས་ཞེས་བྱ་བ་ནི་དེ་དག་སྔོན་དུ་གསུངས་པའི་ཐབས་དོར་ནས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ཉིད་ཧཱུཾ་དང་ཧོའི་བདག་ཉིད་ཅན་གྱིས་སོ། །བླ་མའི་ཞལ་ནས་བརྒྱུད་པ་དང༌། །ཞེས་བྱ་བ་ནི་བླ་མ་བརྒྱུད་པས་སོ། །ཟླ་བ་དྲུག་ཏུ་སྔོན་སྦྱོར་བ། །ཞེས་བྱ་བ་ནི་དུས་དེ་སྲིད་ཀྱི་བར་དུ་བསྒོམ་པས་སོ། །མཆོག་གི་གོ་འཕང་ཐོབ་པར་འགྱུར། ཞེས་བྱ་བ་ནི་རྡོ་རྗེ་བཟླས་པས་འགྲུབ་པའི་ཡན་ལག་ཏུ་ཐིག་ལེའི་དབྱེ་བ་ཐོབ་པར་འགྱུར་རོ། །མཆོག་ཅེས་བྱ་བ་ནི་བསྐྱེད་པའི་རིམ་པའི་མཚན་ཉིད་དང་བྲལ་བའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། །པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ་ཟབ་མོའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་དྲུག་པའི་རྒྱ་ཆེར་བཤད་པའོ།། །།


previousལེའུ་དྲུག་པ། ཐིག་ལེའི་དབྱེ་བའི་ཡུལ་ལ་དྲི་བ་གསལ་བར་བསྟན་པའི་རྒྱ་ཆེར་བཤད་པ།next