Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་བཞི་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་བདུན་པ། རྩའི་འཁོར་ལོའི་རིམ་པ་གནས་ཀྱི་ཡུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་བཅུ་བདུན་པ། རྩའི་འཁོར་ལོའི་རིམ་པ་གནས་ཀྱི་ཡུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།next

ལེའུ་བཅུ་བདུན་པ། རྩའི་འཁོར་ལོའི་རིམ་པ་གནས་ཀྱི་ཡུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།


DTG034_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ལེའུ་བཅུ་དྲུག་པོས་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རེ་རེ་ནས་དྲི་བའི་ལན་འདེབས་པ་བསྟན་ནས། ད་ནི་རྣལ་འབྱོར་མའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་དྲི་བའི་ལན་གདབ་པ་བརྗོད་པའི་ཕྱིར་རོ། །རྩ་ལ་སོགས་པའི་རྣམ་པར་དབྱེ་བ་བསྟན་ནས། རྩ་དང་འཁོར་ལོའི་རིམ་པའི་གནས་སྐབས་ཀྱི་ཡུལ་ལ་འདྲི་བ་བཤད་པའི་ཕྱིར། ལེའུ་བཅུ་བདུན་པ་སྟོན་པར་བྱེད་ཅིང་དེ་རྩོམ་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅུ་དྲུག་པ་བཤད་པའི་རྗེས་ལའོ།། གཞན་ཡང་ཉོན་ཞེས་བྱ་བ་ནི་སྔར་ལ་ལྟོས་པས་ཐ་དད་པའོ། །རྩ་རྣམས་ཀྱི་ཞེས་བྱ་བ་ནི་འཁོར་ལོ་ལ་གནས་པ་རྣམས་ལ་སྟེ། གྲངས་དང་གནས་རྣམས་བསྡུས་པ་ཉོན། །ཞེས་བྱ་བ་དང་འབྲེལ་ཏོ། །གྲངས་ནི་བགྲང་བ་སྟེ། གནས་དྲུག་པོ་རྣམས་ལ་བསྡུས་པ་ནི། གྲངས་དང་གནས་རྣམས་བསྡུས་པ་སྟེ། བསྡུས་ནས་བརྒྱ་དང་ཉི་ཤུ་རྩ་དགུའོ། །རྒྱས་པར་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཞེས་བྱ་བའི་དོན་ཏོ། །ཁྱོད་ཉོན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཐོས་པ་ལ་སྦྱར་བར་མཛད་པའོ། །དེ་ཉིད་ཀྱི་ཕྱིར། འཁོར་ལོ་གྲངས་ཀྱི་དབྱེ་བ་ཡིས། །ཞེས་བྱ་བ་གསུངས་ཏེ། འཁོར་ལོ་དྲུག་པོ་རྣམས་ཀྱི་གྲངས་ནི་རྩའི་ངོ་བོའི་དབྱེ་བས་ཏེ། དེས་སོ། །ཇི་བཞིན་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་ཏེ། མན་ངག་དང་བཅས་པའི་ཕྱིར་རོ། །རྨད་དུ་བྱུང་བའི་མཆོག་ཅེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་


DTG034_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གི་སྒོ་ནས་ཐེ་ཚོམ་མེད་པར་རྟོགས་པའི་ཕྱིར་རོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། དངོས་སུ་རྩའི་གྲངས་བསྟན་པའི་ཕྱིར། དེའི་ཡན་ལག་བཤད་པར་དམ་བཅའ་བ་ནི། འཁོར་ལོ་དྲུག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོ་དང༌། རླུང་དང༌། ལོངས་སྤྱོད་དང༌། མེ་དང༌། ཆོས་དང༌། སྤྲུལ་པའི་འཁོར་ལོའི་དབྱེ་བས་སོ། །བཅུ་དྲུག་རྟེན་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞི་རྣམས་ལས་སོ་སོར་འབྱུང་བ་བཞིའི་བདག་ཉིད་ཀྱི་ཕྱིར་རོ། །ལུས་ལ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་ལའོ། །ལྷའི་གཞལ་ཡས་ཁང་ཞེས་བྱ་བ་ནི། མཐའ་ཡས་བའི་སངས་རྒྱས་དང༌། ལྷ་མོ་དང༌། བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོའི་གཞི་ཡིན་པའི་ཕྱིར་རོ། །གནས་ཇི་བཞིན་ཞེས་བྱ་བ་ནི་འཁོར་ལོ་དྲུག་ལ་ལྟོས་པས་སོ། །ཇི་ལྟར་རིགས་པར་བྱ་ཞེས་པ་ནི་ཇི་ལྟར་གནས་པའི་ངོ་བོ་བརྗོད་པར་འདོད་པས་སོ། །བཤད་པར་བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །མདོར་བསྡུས་ནས་ནི་ཞེས་བྱ་བ་ནི་ཡང་དག་པར་བསྡུས་ནས་སོ། །དེ་ལྟར་བཤད་པར་དམ་བཅའ་བ་བཤད་ནས། འཁོར་ལོའི་དབྱེ་བས་རྩ་རྣམས་ཀྱི་མདོར་བསྡུས་ནས་མིང་བརྗོད་པར་བྱ་བའི་དོན་དུ་རླུང་གི་འཁོར་ལོ་གནས་པའི་རྩ་ཞེས་བྱ་བ་གསུངས་ཏེ། རླུང་གི་འཁོར་ལོ་ཞེས་བྱ་བའོ། །འདབ་མ་དྲུག་ནི་ཟུར་དྲུག་རྣམས་སུའོ། །གནས་པའི་རྩ་ཞེས་བྱ་བ་ནི་རྩ་རྣམས་གནས་པའོ། །རླུང་གིས་མཁའ་ལ་སྤྱོད་ཅེས་བྱ་བ་ནི་ལོགས་སུ་འགྲོ་བའི་ངང་ཚུལ་གང་ལ་ཡོད་པ་ཉིད་ཀྱིས་མཁའ་ལ་སྤྱོད་པར་བྱེད་པའོ། །རླུང་གིས་ཞེས་བྱ་བ་ནི་རླུང་གི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདབ་གསུམ་ཞེས་བྱ་བ་ནི་དེའི་དབྱིབས་ལའོ། །མེའི་འཁོར་ལོ་བཤད་ཅེས་བྱ་བ་ནི་མེའི་འཁོར་ལོའི་མིང་ཅན་ལའོ། །རྩ་གསུམ་ཞེས་བྱ་བ་ནི་རྩ་རྣམ་པ་གསུམ་མོ། །རིམ་བཞིན་འཆར་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིམ་པས་དེ་མ་ཐག་ཏུ་བརྗོད་པར་འགྱུར་བའི་ཕྱིར་རོ། །ལོངས་སྤྱོད་འཁོར་ལོ་ཡང་ཞེས་བྱ་བ་ནི་རོ་དྲུག་ལ་ལོངས་སྤྱོད་པའི་བདག་ཉིད་ཅན་ནོ། །རྩ་ནི་བཅུ་དྲུག་ཏུ་ཡང་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིགས་པས་སོ། །ཡང་དག་བརྗོད་ཅེས་བྱ་བ་ནི་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་


DTG034_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཚན་ཉིད་འཛིན་པར་བྱེད་པ་ལའོ། །གནས་པ་བརྒྱད་ཅེས་བྱ་བ་ནི་ཐུན་བརྒྱད་ཀྱི་རྣམ་པར་དག་པས་སོ། །རྩ་ནི་ཀུན་ལ་ཁྱབ་པ་ཞེས་བྱ་བ་ནི་ལུས་ཐམས་ཅད་ལ་ཁྱབ་པས་གནས་པའི་ཕྱིར་རོ། །དེ་རྣམས་ནི་སྲོག་གི་རྩ་ཉིད་དུ་གྲགས་པའི་ཕྱིར་རོ། །སྦྲུལ་པའི་འཁོར་ལོ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་སྤྲུལ་པའི་ཕྱིར་རོ། །དྲུག་ཅུ་རྩ་བཞི་ཞེས་བྱ་བ་ནི་དབྱུ་གུ་དྲུག་ཅུ་རྩ་བཞིའི་རྣམ་པར་དག་པས་སོ། །འཆད་པར་བཤད་ཅེས་བྱ་བ་ནི་བརྗོད་པའོ། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །ཞེས་བྱ་བ་ནི་མགོ་བོའི་གནས་ཀུན་རྫོབ་ཀྱི་སེམས་ཀྱི་ཟླ་བའི་རྟེན་ལའོ། །རྩ་ནི་སུམ་ཅུ་རྩ་གཉིས་སོ། །ཞེས་བྱ་བ་ནི་ཆུ་ཚོད་སུམ་ཅུ་རྩ་གཉིས་ཀྱི་རྣམ་པར་དག་པའོ། །བཤད་ཅེས་བྱ་བ་ནི་བརྗོད་པའོ། །མདོར་བསྡུས་ཞེས་བྱ་བ་ནི་ཐམས་ཅད་མདོར་བསྡུས་ནས་སོ། །རིམ་པ་ཡང་ཞེས་བྱ་བ་ནི་གྲངས་ཀྱིའོ། །བརྒྱ་དང་ཉི་ཤུ་རྩ་དགུའོ།།ཞེས་བྱ་བ་ནི་འཁོར་ལོ་དྲུག་གི་གྲངས་སོ་ཞེས་བྱ་བའི་དོན་ཏོ། །རྩ་རྣམས་སུ་ནི་ཡང་དག་བཤད། །ཅེས་བྱ་བ་ནི་གསུངས་པའོ། །ཡང་དག་ཅེས་བྱ་བ་ནི་མང་བ་དང་ཉུང་བ་དང་གྲངས་སྤངས་པའི་ཕྱིར་རོ། །དེ་ལྟར་འཁོར་ལོའི་དབྱེ་བ་བསྡུས་པ་བསྟན་ནས། རྒྱས་པར་བསྟན་པ་བརྗོད་པའི་ཕྱིར། གཞན་དག་ཏུ་ནི་རྒྱས་པར་ཡང༌། །ཞེས་བྱ་བ་ནི་རྒྱ་ཆེར་དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས་སོ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས། །ཞེས་བྱ་བ་ནི་ཟླ་བ་དང༌། ཉི་མ་དང༌། རླུང་རྒྱུ་བ་ཉིད་ཀྱིས་སོ། །ཇི་སྐད་དུ། །འཆད་པར་འགྱུར་བའི་ལེའུ་སུམ་ཅུ་པ་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་པོའི། །རྩ་རྣམས་རྟག་ཏུ་ངོ་མཚར་བའི། །བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། །བདེ་བ་ཀུན་གྱི་རྗེས་སུ་འཇུག །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རྩ་རྣམས་རྟག་ཏུ་ངོ་མཚར་བའི། །ཁྲག་ནི་རྒྱུ་བར་ཤེས་བྱ་སྟེ། །ཉི་མ་སྐྱེས་པའི་བདག་ཉིན་ཅན། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རྩ་རྣམས་རྟག་ཏུ་ངོ་མཚར་བའི། །རླུང་ནི་རྒྱུ་བར་ཤེས་བར་བྱ། །རིམ་གྱིས་རྒྱས་པའི་རྒྱུད་ལས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངེས་པར་བརྗོད་པ་འབུམ་སྡེར་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པའི་རྒྱུད་དུའོ། །བརྗོད་ཅེས་བྱ་བ་ནི་གསུངས་པའོ། །རྩ་གནས་དབྱེ་བས་ཕྱེ་ནས་ཞེས་བྱ་བ་ནི་དེ་དང་དེའི་


DTG034_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་གྲངས་ཀྱིས་ཕྱེ་བའོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །འཆར་བ་ཞེས་བྱ་བ་ནི་བརྗོད་པའོ། །དེ་ཉིད་དུ་ཞེས་བྱ་བ་ནི་འདི་ཉིད་དུའོ། །ཉུང་ངུའི་རྒྱུ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཉུང་ངུའི་རྒྱུ་ཉིད་ཀྱིས་སོ། །སྙིང་པོ་ལ་ནི་སྙིང་པོར་ཞེས་བྱ་བ་ནི་སྙིང་པོ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་ཀྱི་ངོ་བོ་ཉིད་ལས་སོ། །སྙིང་པོར་གསུངས་ཞེས་བྱ་བ་ནི་འཁོར་ལོ་དྲུག་གི་དབྱེ་བས་ཉི་ཤུ་རྩ་དགུས་ལྷག་པའི་བརྒྱའི་གྲངས་སོ། །དེ་ལྟར་རྒྱས་པར་བརྗོད་པ་བསྟན་ནས། འཁོར་ལོའི་དབྱེ་བས་རྩ་རྣམས་རྒྱས་པར་བཤད་པ་ནི། སྨིན་མའི་དབུས་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨིན་མའི་དབུས་གནས་ཞེས་བྱ་བ་ནི་རླུང་གི་འཁོར་ལོའི་གནས་སོ། །རླུང་ཆེན་ཞེས་བྱ་བ་ནི་རླུང་རྒྱུ་བ་ཉིད་ཀྱི་ས་ཆེན་པོ་ཡང་ཡིན་ལ་རང་ཉིད་ཀྱང་རླུང་གི་ངོ་བོ་ཉིད་ཀྱི་ཕྱིར་རླུང་ཆེན་པོའོ། །དབྱེ་བ་འཁྱིལ་པ་ཞེས་བྱ་བ་ནི་ཨ་དང་ར་དག་གིས་སད་པར་བྱེད་པས་ན་དབྱེ་བ་སྟེ། རྒྱབ་ཀྱིས་ཕྱོགས་སོ། །དེ་འཁྱིལ་པ་སྟེ་ཡོངས་སུ་གྱུར་པར་འགྲོ་བས་ན་བྱེ་བ་འཁྱིལ་པའོ། །མི་བཟད་པ་ཞེས་བྱ་བ་ནི་མེས་བསྐུལ་བའི་དུས་སུ་དྲག་པའི་ཕྱིར་མི་བཟད་པའོ། །འཛིན་པ་ཞེས་བྱ་བ་ནི་མགོ་བོར་འཕྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཁམས་ལ་རང་གི་གནས་སུ་འཛིན་པའི་ཕྱིར་འཛིན་པའོ། །རྟོག་མེད་ཅེས་བྱ་བ་ནི་དེ་ཉིད་ལ་འགྲོ་བ་དང་འོང་བ་ལ་སོགས་པ་ལས་ཀྱི་དུས་ལ་བདག་གིས་ལས་བྱའོ་སྙམ་དུ་རྣམ་པར་རྟོག་པ་མེད་པའི་ཕྱིར་རྟོག་མེད་དོ། །གང་པོ་ནི་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རིམ་པའི་དུས་སུ་བྱང་ཆུབ་ཀྱི་སེམས་རྒྱུན་འབབ་པས་ཀུན་ནས་གང་བའི་ཕྱིར་གང་བའོ། །བཤད་པ་ཞེས་བྱ་བ་ནི་དེ་ལྟ་བུའི་མིང་གིས་བསྟན་པའོ། །བསྟན་པས་ཞེས་བྱ་བ་ནི་མིང་གིས་སོ། །རླུང་ལས་བྱུང་ཞེས་བྱ་བ་ནི་རླུང་གི་འཁོར་ལོར་སོན་པ་ཞེས་བྱ་བའི་དོན་ཏོ། །གྲུ་གསུམ་ཞེས་བྱ་བ་ནི་པདྨའི་འདབ་མ་གསུམ་གྱི་དབྱིབས་ཅན་ལའོ། །རྩ་གསུམ་ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །མེའི་དཀྱིལ་འཁོར་ཞེས་བྱ་བ་ནི་མེའི་འཁོར་ལོའོ། །འདྲེན་པའི་འོག་ཏུ་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་འོག་གི་ཆ་ལའོ། །བཤད་པ་ཡིན་ཞེས་བྱ་བ་ནི་རབ་ཏུ་གྲགས་པའོ། །དྲི་མ་བྲལ་དང་ཞེས་བྱ་བ་ནི་དུ་བ་ལ་སོགས་པའི་དྲི་མ་མེད་པས་དྲི་མ་དང་བྲལ་བའི་ཕྱིར་རོ། །གསལ་


DTG034_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཞེས་བྱ་བ་ནི་འབར་ཞིང་གསལ་བའི་རྣམ་པ་ཉིད་ཀྱིས་གཟི་བརྗིད་འབར་བ་དང་ལྡན་པའི་ཕྱིར་རོ། །གང་པོ་དང་ནི་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་ལམ་ནས་རོ་མྱང་བ་ཉིད་ཀྱིས་ཡོངས་སུ་ཚིམ་པའི་ཕྱིར་གང་བའོ། །གསུམ་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །རིམ་པ་ཞེས་བྱ་བ་ནི་རྩའི་དབྱིབས་ཀྱི་རིམ་པས་སོ་ཞེས་བྱ་བའི་དོན་ཏོ། །སྤྲུལ་པའི་འཁོར་ལོའི་རྩའི་མིང་བསྟན་པའི་ཕྱིར། ཡང་དག་ཤུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་པར་བྱང་ཆུབ་ཀྱི་སེམས་ཤུགས་ཀྱིས་འབབ་པས་ན་ཡང་དག་ཤུགས་སོ། །ཤིན་ཏུ་ཤུགས་ཞེས་བྱ་བ་ནི་དེ་ལས་ཀྱང་ལྷག་པར་འབབ་པས་སོ། །ཤིན་ཏུ་བཟང་བ་དང་ཞེས་བྱ་བ་ནི་ཚིམ་པར་བྱེད་པའི་བཟང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བཟང་པོར་འགྲོ་བ་ཞེས་བྱ་བ་ནི་བཟང་བ་ནི་ཡེ་ཤེས་ཀྱི་མེ་དང་བྱང་ཆུབ་ཀྱི་སེམས་འགྲོ་བའི་ཕྱིར་བཟང་པོར་འགྲོ་བའོ། །སྟོབས་ཆེན་དང་ནི་ཞེས་བྱ་བ་ནི་རྒྱུ་དང་ཡེ་ཤེས་ཀྱི་རིམ་པའི་དུས་སུ་བྱང་ཆུབ་ཀྱི་སེམས་འགྲོ་བ་དང་འོད་བ་ལ་སྟོབས་ཆེན་པོ་དང་ལྡན་པའི་ཕྱིར་རོ། །མི་བཟོད་ཆེ་ཞེས་བྱ་བ་ནི་རྒྱུད་ཀྱི་རིམ་པའི་དུས་སུ་ཡེ་ཤེས་ཀྱི་མེའི་རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །མཛེས་ཆེན་ཞེས་བྱ་བ་ནི་ཤིན་ཏུ་ཡང་དུས་གཉིས་ལ་འདོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །མདུན་དུ་སྐྱེས་པ་ཞེས་བྱ་བ་ནི་ཨཱི་ཡི་གེའི་ངོ་བོ་ལ་བརྟེན་ནས་སྐྱེ་བ་ཐོབ་པའི་ཕྱིར་རོ། །རྒྱགས་པའི་རྟགས་ནི་ཞེས་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ཀྱིས་རྒྱགས་པའི་རྟགས་སུ་གྱུར་པའི་ཕྱིར་རོ། །རྒྱགས་པའི་ཆ་ཞེས་བྱ་བ་ནི་རྡུལ་སྐྱེས་པའི་ཕྱིར་རོ། །རྒྱགས་པའི་ཆུ་དང་ཞེས་བྱ་བ་ནི་ཆུ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྒྱགས་པ་མྱོས་བྱེད་ཅེས་བྱ་བ་ནི་རྒྱགས་པ་ནི་འདོད་ཆགས་ལ་སོགས་པས་གནས་སྐབས་གཞན་ཐོབ་པའི་ཕྱིར་རོ། །རྒྱགས་དང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་མྱོས་བའི་ཕྱིར་རོ། །རྒྱགས་པའི་རྒྱུ་མཐུན་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེ་བ་ཆེན་པོའི་རྣམ་འགྱུར་ཉིད་ཀྱི་ཕྱིར་རོ། །རྒྱགས་པའི་རླན་དང་ཞེས་བྱ་བ་ནི་རྟག་ཏུ་བྱང་ཆུབ་ཀྱི་སེམས་ཀྱིས་བརླན་པའི་ཕྱིར་རོ། །རྒྱགས་པ་འཆང་བ་ཞེས་བྱ་བ་ནི་ཁུ་བ་བརྟན་པ་འཛིན་པའི་བདག་ཉིད་ཀྱི་ཕྱིར་རོ། །རྩུབ་


DTG034_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་མེས་རེག་བྱ་རྩུབ་པའི་ཕྱིར་རོ། །མཁའ་འབྱུང་ཞེས་བྱ་བ་ནི་མཁའ་ནི་བདེ་བ་ཆེན་པོའི་ནམ་མཁའ་ལའོ། །འབྱུང་བ་ནི་འགྲོ་བ་ཉིད་ཀྱི་ཕྱིར་རོ། །གླང་པོ་དང་ཞེས་བྱ་བ་ནི་དབྱིབས་ཀྱིས་ཐུང་བའི་ཕྱིར་རོ། །དབུགས་མི་བདེ་བ་དང་ཞེས་བྱ་བ་ནི་བློ་སྐྱེད་པར་བྱེད་པའི་ཕྱིར་རོ། །གཡའ་ཞེས་བྱ་བ་ནི་གཡའ་བའི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །མཁའ་འགྲོ་ཞེས་བྱ་བ་ནི་རྡོ་རྗེའི་མཁའ་ལ་གནས་པའི་ཕྱིར་རོ། །ཡན་ལག་ཁའི་གདོང་ཞེས་བྱ་བ་ནི་ཁ་ནི་བྱང་ཆུབ་ཀྱི་སེམས་སོ། །ཡན་ལག་ནི་རྟགས་གང་ལ་ཡོད་བ་དེ་ལ་དེ་སྐད་ཅེས་བྱའོ། །འདབ་ཆགས་ཞེས་བྱ་བ་ནི་དེའི་དབྱིབས་ཉིད་ཀྱི་ཕྱིར་རོ། །ཟ་ཕོང་ཅེས་བྱ་བ་ནི་ལས་མང་པོ་བྱེད་པའི་ཕྱིར་རོ། །མི་ཟད་སྒ་སྒྲོགས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་སྒྲིབ་པར་བྱེད་པས་ཤིན་ཏུ་མི་ཟད་པའི་ཕྱིར་རོ། །སྙིང་པོ་ཅན་ཞེས་བྱ་བ་ནི་བརྟན་བའི་ངོ་བོ་ཁྲག་རྒྱུ་བའི་ཕྱིར་རོ། །གསོད་བྱེད་མ་ཞེས་བྱ་བ་ནི་ཨའི་ཡི་གེའི་རྗེས་སུ་འགྲོ་བའི་ཕྱིར་རོ། །རྡུལ་བ་ཞེས་བྱ་བ་ནི་ལས་ཀྱིས་རླུང་དང་ཡང་དག་པར་སྦྱོར་བས་རྡུལ་བ་ཉིད་ཀྱི་ཕྱིར་རོ། །དབྱངས་དང་ཞེས་བྱ་བ་ནི་དུས་གཉིས་ལ་ཡང་རང་དང་འོས་པའི་སྒྲ་བྱེད་པ་ཉིད་ཀྱི་ཕྱིར་རོ། །དབྱངས་སྐྱེས་དང་ཞེས་བྱ་བ་ནི་ཨ་ཡིག་སྒྲ་ཐམས་ཅད་ཀྱི་བདག་ལས་གྲུབ་པའི་ཕྱིར་རོ། །སྤྲིན་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེའི་སྔོན་དུ་རྟག་ཏུ་བས་བསྒྲིབས་པའི་ཕྱིར་རོ། །ཆུ་བ་ཞེས་བྱ་བ་ནི་པདྨ་ཅན་བཞིན་དུ་བྱང་ཆུབ་ཀྱི་སེམས་ལ་ཁྱབ་པ་ཉིད་ཀྱིས་ཀྱང་དེ་བཞིན་དུ་སེམས་ཀྱི་ཁམས་ཀྱི་རྣམ་པར་རྟོག་པ་ས་མ་གོས་པ་ཉིད་ཀྱི་ཕྱིར་རོ། །སྡོང་བུ་ཅན་དང་ཞེས་བྱ་བ་ནི་ལྟེ་བའི་པདྨ་ལ་སྡོང་བུའི་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་རོ། །སྔོ་བ་ཞེས་བྱ་བ་ནི་དུ་བའི་མདོག་ཅན་ཉིད་ཀྱི་ཕྱིར་རོ། །ཡུད་ཙམ་ཞེས་བྱ་བ་ནི་རྣོ་བའི་ཕྱིར་རོ། །ཡུད་ཙམ་སྐྱེས་ཞེས་བྱ་བ་ནི་ཡུད་ཙམ་ཨ་ཡིག་གི་རྣམ་པ་ལས་སྐྱེས་པའི་ཕྱིར་རོ། །རྒྱབ་ཏུ་ཁ་བལྟས་ཞེས་བྱ་བ་ནི་འོག་ཏུ་རྒྱུ་བ་ཉིད་ཀྱི་ཕྱིན་ཅི་ལོག་བའི་གདོང་ངོ༌། །དབྱུག་པ་དང་ཞེས་བྱ་བ་ནི་དབྱུག་པ་ལྟར་ཤིན་ཏུ་དྲང་བའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །དབྱུག་སྙེམས་དང་ཞེས་བྱ་བ་ནི་དབྱུག་པ་ལྟར་སྙེམས་པ་དྲང་བའི་རྣམ་པ་གང་ལ་ཡོད་བ་དེ་ལ་དེ་སྐད་ཅེས་བྱའོ། །རྙིང་པ་ཉིད་དང་ཞེས་བྱ་བ་ནི་ཡང་དང་ཡང་དུ་རང་དང་འོས་པའི་ཁམས་རྒྱུ་བ་ཉིད་ཀྱིས་སྲ་བ་ཉིད་ཀྱིས་སྲ་བ་ཉིད་ཀྱི་ཕྱིར་རོ། །ཚིགས་ཀྱི་ལྟོ་དང་


DTG034_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ལྡུད་པའི་དབྱིབས་ཅན་ཉིད་ཀྱི་ཕྱིར་རོ། །ཚིགས་ཀྱི་མགོ་བོ་ཞེས་བྱ་བ་ནི་ཚིགས་ཀྱི་རྣམ་པའི་མདོག་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཚིགས་ཀྱི་ཚད་དང་ཞེས་བྱ་བ་ནི་གདུ་བུའི་དབྱིབས་ཀྱི་རྣམ་པ་ཉིད་ཀྱི་ཕྱིར་རོ། །ཕ་རོལ་གནོན་པ་ཞེས་བྱ་བ་ནི་གཞན་གྱི་རྣམ་པ་རྣམ་པར་གནོན་པའི་ཕྱིར་རོ། །ཚིགས་ཀྱི་གནས་ཞེས་བྱ་བ་ནི་རྩ་གསུམ་གྱི་མདུད་པ་ལ་དམིགས་ནས་གནས་པའི་ཕྱིར་རོ། །ཚིགས་ཀྱི་གདོང་ཞེས་བྱ་བ་ནི་མདུད་པའི་གདོང་ངོ༌། །ཚིགས་ཀྱི་འོད་ཅེས་བྱ་བ་ནི་དེ་བཞིན་དུ་རྣལ་འབྱོར་པ་ལ་གསལ་བའི་ཕྱིར་རོ། །ཚིགས་ཀྱིས་ཁྱབ་པ་ཞེས་བྱ་བ་ནི་བར་བར་དུ་མདུད་པས་ཁྱབ་པའི་ཕྱིར་རོ། །དུལ་བར་བྱེད་པ་ཞེས་བྱ་བ་ནི་རླུང་རྒྱུ་བར་བྱེད་པ་ཉིད་ཀྱིས་སོ། །དུལ་འགྲོ་ཞེས་བྱ་བ་ནི་དུལ་བའི་ངོ་བོས་རྣམ་པར་རྟོག་པ་ཐམས་ཅད་ཟད་པར་བྱེད་པས་དེ་ཨའི་ཡི་གེ་ལ་འགྲོ་བའི་ཕྱིར་རོ། །གཟི་བརྗིད་དང་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེའི་སྣང་བ་ལ་བརྟེན་ནས་གནས་པའི་ཕྱིར་རོ། །དྲི་མེད་ཅེས་བྱ་བ་ནི་སྔགས་སྲེག་པའི་དུས་སུའོ། །དུལ་བའི་སྙེམས་པ་དང་ཞེས་བྱ་བ་ནི་ཨའི་ཡི་གེ་དུལ་བའི་ངོ་བོ་ལ་བརྟེན་ནས་ང་རྒྱལ་དང་ལྡན་པའི་ཕྱིར་རོ། །ཆུན་འཕྱང་ཞེས་བྱ་བ་ནི་ཆུན་པོ་ཐམས་ཅད་འཕྱང་བའི་ཕྱིར་རོ། ཆུན་འཕྱང་དགའ་ཞེས་བྱ་བ་ནི་རྩའི་བདག་ཉིད་ཀྱི་ཆུན་འཕྱང་གི་ངོ་བོ་ཉིད་ལ་དགའ་བའི་ཕྱིར་རོ། །ཆུན་འཕྱང་མ་ཞེས་བྱ་བ་ནི་ཆུན་འཕྱང་བྱེད་ཅེས་བྱ་བ་ཨ་ཡིག་དང་ལྷན་ཅིག་ཏུ་བདེ་སྡུག་ཐ་མི་དད་པའི་ཕྱིར་རོ། །སྦྲང་བུ་ཞེས་བྱ་བ་ནི་སེམས་ཀྱི་ཁམས་ཀྱི་ངོ་བོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །ཕྲུ་གུ་ཞེས་བྱ་བ་ནི་ཡང་དེ་བཞིན་དུའོ། །ཕྲུ་གུ་སྟེར་ཞེས་བྱ་བ་ནི་ཕྲུ་གུའི་ངོ་བོ་སེམས་ཉིད་གསང་བའི་འཁོར་ལོ་ན་གནས་པའི་རྩ་རྣམས་ལ་སྟེར་བས་ན་སྙམ་དུ་བྱས་ནས་སོ། །འགྲོ་བ་ཞེས་བྱ་བ་ནི་རབ་ཏུ་འགྲོ་བས་ན་ཞེས་བྱ་བའོ། །ལོ་མ་ཞེས་བྱ་བ་ནི་ལོ་མའི་གདོང་གི་རྣམ་པ་ཡོད་པས་ན་ལོ་མའོ། །ལོ་མའི་མགྲིན་པ་དང་ཞེས་བྱ་བ་ནི་དེ་བཞིན་དུ་ལོ་མའི་མགྲིན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རབ་མཆོག་མ་དང་ཞེས་བྱ་བ་ནི་སེམས་ཀྱི་རྫས་རབ་མཆོག་ཏུ་བྱས་ནས་སོ། །རབ་གསལ་ཏེ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དྲུག་ཅུ་རྩ་བཞིར་ཞེས་བྱ་བ་ནི་དབྱུ་གུ་དྲུག་ཅུ་རྩ་བཞིའི་རྣམ་པར་དག་


DTG034_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །དེ་ལྟར་བརྗོད་ཅེས་བྱ་བ་ནི་སྔར་བཤད་པའི་རིགས་པས་སོ། །ཡང་ན་རྩ་དྲུག་ཅུ་རྩ་བཞི་ལ་ཨཱ་ལི་དང་ཀཱ་ལི་དྲུག་ཅུ་རྩ་བཞི་ལ་བརྟེན་ནས་དོན་བརྗོད་པར་བྱའོ། །ལྟེ་བ་སྤྲུལ་པའི་འཁོར་ལོར་གནས། །ཞེས་བྱ་བ་ནི་གོ་སླའོ། །བདུད་རྩི་མཆོག་གིས་ཡོངས་སུ་གང༌། །ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བ་ཉིད་ཀྱི་ཕྱིར་རོ། །ཆོས་ཀྱི་འཁོར་ལོའི་རྩ་རྣམས་ཀྱི་མིང་གསུངས་པ་ནི། རིན་ཆེན་ཅོད་པ་ན་ཞེས་བྱ་བ་སྟེ། རིན་ཆེན་འབྱུང་ལྡན་གྱི་ས་བོན་ཡོད་པའི་ཕྱིར་རོ། །པདྨ་ཆེ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་ས་བོན་ནོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་ས་བོན་ཉིད་ཀྱི་ཕྱིར་རོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ལུས་ཀྱི་ས་བོན་ཡོད་པའི་ཕྱིར་རོ། །མགོ་བོ་ཆེ་ཞེས་བྱ་བ་ནི་སྤྱན་མའི་ས་བོན་ཡོད་པའི་ཕྱིར་རོ། །སྒྲ་ཆེན་དང་ཞེས་བྱ་བ་ནི་བདག་མེད་མའི་ས་བོན་ཡོད་པའི་ཕྱིར་རོ། །ཉེར་དགའ་ཆེན་པོ་ཞེས་བྱ་བ་ནི་གོས་དཀར་མོའི་ས་བོན་ཉིད་ཀྱི་ཕྱིར་རོ། །མྱོས་པོ་ཆེ་ཞེས་བྱ་བ་ནི་སྒྲོལ་མའི་ས་བོན་ཡོད་པའི་ཕྱིར་ཏེ་རིགས་པ་འདིས་སོ། །ཆོས་ཀྱི་འཁོར་ལོའི་ནང་དུ་ཞེས་བྱ་བ་ནི་དབུས་སུའོ། །སྙིང་ག་ཞེས་བྱ་བ་ནི་སྙིང་གའི་གནས་ལའོ། །པདྨར་ཡང་དག་གནས་ཞེས་བྱ་བ་ནི་པདྨར་གནས་པ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་འཁོར་ལོའི་རྩ་རྣམས་ཀྱི་མིང་བསྟན་པའི་ཕྱིར། ལོངས་སྤྱོད་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱངས་ཡིག་བཅུ་དྲུག་ལ་བརྟེན་པ་ཉིད་ཀྱིས་རྩ་བཅུ་དྲུག་རྣམས་ཀྱི་དོན་ཤེས་པར་བྱའོ། །ལོངས་སྤྱོད་འཁོར་ལོར་གནས་ཞེས་བྱ་བ་ནི་མགྲིན་པའི་ཕྱོགས་སུ་རོ་དྲུག་ལ་ལོངས་སྤྱོད་པའོ། །གྲངས་ནི་ཞེས་བྱ་བ་ནི་བགྲང་བའོ། །བཅུ་དྲུག་ཏུ་ནི་བརྗོད་ཅེས་བྱ་བ་ནི་འཕོ་བ་བཅུ་དྲུག་གི་དབྱེ་བས་ཞེས་བྱ་བའི་དོན་ཏོ། །བདེ་བ་ཆེན་པོའི་འཁོར་ལོའི་རྩའི་མིང་བསྟན་པའི་ཕྱིར། དེ་སྟེང་ཞེས་བྱ་བ་གསུངས་ཏེ། དེའི་སྟེང་ནི་མགོ་བོ་ལའོ། །རིམ་རིགས་ཞེས་བྱ་བ་ནི་ཨ་ཡིག་ལ་བརྟེན་པའི་ཕྱིར་རོ། །དབྱངས་ཡིག་བཅུ་དྲུག་རྣམས་ལ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཉིས་འགྱུར་དུ་བྱས་ནས། དེའི་རྗེས་སུ་འབྲངས་ནས་ངེས་ཚིག་གིས་བཤད་པར་བྱའོ། །མན་ངག་གི་ཁྱད་པར་གཞན་གང་ཞིག་ཡོད་པ་བླ་མའི་ཞལ་ལས་རྟོགས་པར་བྱ་སྟེ། དེའི་ཕྱིར་འདིར་རྒྱ་ཆེར་མ་


DTG034_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། །སུམ་ཅུ་རྩ་གཉིས་ཞེས་ནི་བཤད། །ཅེས་བྱ་བའི་རིགས་པ་འདིས་སོ། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །ཞེས་བྱ་བ་ནི་མགོ་པོའི་གནས་ལའོ། །མཆོག་ཏུ་དགའ་བ་སྟེར་བར་བྱེད། །ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཁམས་ཀྱིས་རྒྱུན་འཛག་པས་སོ།། ཕྲ་དང་རེག་བྱ་མཆོག་ཏུ་ཕྲ། །ཞེས་བྱ་བ་ནི་ཕྲ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ལས་ཤིན་ཏུ་ཡང་གདུང་བ་ཞི་བར་བྱེད་ཅིང་རེག་བྱ་བསིལ་བ་དང་ལྡན་པའི་ཕྱིར་རོ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་བྱ་བ་ནི་ཡུལ་དང་ཡུལ་ཅན་གྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ངོ་བོ་ཉིད་རྟེན་དུ་གྱུར་པ་རྣམས་ཀྱིས་བརྟེན་པ་བྱང་ཆུབ་ཀྱི་སེམས་འཇུག་པ་ཞེས་བྱ་བ་ནི་རྣམ་རྟོག་མེད་པའི་ཕྱིར་རོ། །རང་ཉིད་བདེ་ཆེན་རྣམ་པ་དང༌། །ཞེས་བྱ་བ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་གྲོགས་ཡིན་པའི་ཕྱིར་རོ། །གཞན་དག་ལ་ཡང་ཞེས་བྱ་བ་ནི་རྩ་གཞན་རྣམས་ལ་ཡང་བདེ་བ་ཆེན་པོ་ཀུན་རྫོབ་ཀྱི་བདག་ཉིད་ཅན་སྟེར་བར་བྱེད་པ་ཞེས་བྱ་བའོ། །དེ་ལྟར་འཁོར་ལོའི་དབྱེ་བ་རྒྱས་པར་བཤད་པ་བསྟན་ནས། ཉེ་བར་བསྡུ་བ་སྔོན་དུ་འགྲོ་བས་རྩ་བསྟན་པའི་དགོས་པ་བཤད་པའི་ཕྱིར་དེའི་ཡན་ལག་དགོས་པའི་ངོ་བོ་མདོར་བསྟན་པའི་ཕྱིར། དེ་ལྟར་ཡང་དག་རྩ་ཡི་རིམ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བཤད་པའི་རིགས་པས་སོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །ཤེས་པར་བྱ་ཞེས་བྱ་བ་ནི་རྟོགས་པར་བྱ་བའོ། །བླ་མའི་ཞལ་ལས་ཞེས་བྱ་བ་ནི་མ་འོངས་པའི་དུས་ན་རྡོ་རྗེ་སློབ་དཔོན་གྱི་ཞལ་ལས་ཞེས་བྱ་བའི་དོན་ཏོ། །དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་རྩའི་རིམ་མེད་ཅེས་བྱ་བ་གསུངས་ཏེ། རྩའི་རིམ་པ་སྤངས་པས་སོ། །བདེན་པར་ཞེས་བྱ་བ་ནི་བརྫུན་པ་མ་ལགས་སོ། །ཕུང་པོ་ལ་སོགས་ཞེས་བྱ་བ་ནི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ལའོ། །མི་འབྱུང་ཞིང་ཞེས་བྱ་བ་ནི་སྐྱེ་བར་མི་འགྱུར་བའོ། །ཕུང་པོ་མེད་ན་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་མེད་ནའོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པ་འམ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཐོབ་མི་འགྱུར་ཞེས་བྱ་བ་ནི་རྙེད་པར་མི་འགྱུར་བའོ། །རྣལ་འབྱོར་པ་ཡིས་ཞེས་བྱ་བ་ནི་རིམ་པ་གཉིས་སྒོམ་


DTG034_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོས་སོ། །ཇི་སྐད་དུ། དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་ཏེ། དེ་ལྟར་དགོས་པ་རང་གི་ངོ་བོ་བསྟན་ནས། དེ་རྒྱས་པར་བཤད་པར་བརྗོད་པའི་ཕྱིར། ཕུང་པོ་ལྔ་ནི་བདག་ཉིད་ལུས། །ཞེས་གསུངས་ཏེ། ལུས་ནི་ལུས་སོ། །མཁའ་འགྲོ་ལྔ་ནི་རབ་ཏུ་གྲགས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་གསུངས་ཏེ། གནས་སྐབས་ལྔ་ཉམས་སུ་མྱོང་བའི་རིམ་པས་དེ་རྣམས་གྲུབ་པའི་ཕྱིར། དེ་ཉིད་ཅེས་བྱ་བ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ལུས་སོ། །འབྱུང་བའི་ངོ་བོ་ཡིས་ཞེས་བྱ་བ་ནི་ས་ལ་སོགས་པ་འབྱུང་བ་ཆེན་པོ་ལྔའི་ངོ་བོས་སོ། །ཡེ་ཤེས་ལྔར་ནི་ཞེས་བྱ་བ་ནི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་ངོ་བོའོ། །རྣམ་པར་གནས་ཞེས་བྱ་བ་ནི་དངོས་པོ་ལ་དེ་ལྟ་ཉིད་དུ་གནས་པའི་ཕྱིར་རོ། །དེ་ལྟར་གཟུགས་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཀྱིས་མེ་ལོང་ལྟ་བུས་ཡེ་ཤེས་ཀྱི་རང་བཞིན་ཡིན་ཏེ། དོན་དམ་པར་ལུས་ནི་གཟུགས་བརྙན་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཚོར་བ་ནི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་ཀྱི་ཕྱིར། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ། ཚོར་བ་རྣམ་པ་གསུམ་པོ་ལ་རྣམ་པ་གཅིག་པས་མཉམ་པའི་ཕྱིར། འདུ་ཤེས་ནི་སྣང་བ་མཐའ་ཡས་ཀྱི་ཕྱིར། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ། གདོད་མ་ནས་ཤི་བ་ཉིད་ཀྱིས་སྤྱོད་པའི་ཕྱིར་རོ། །འདུ་བྱེད་ནི་དོན་ཡོད་གྲུབ་པའི་ངོ་བོ་ཉིད་ཀྱིས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་སྟེ། མཚུངས་པར་ལྡན་པ་དང་མཚུངས་པར་མི་ལྡན་པ་ལ་སོགས་པ་དགེ་བའི་རྣམ་པ་ཉིད་དུ་ཤེས་ནས་བྱ་བ་སེམས་ཅན་གྱི་དོན་གྱི་མཚན་ཉིད་བསྒྲུབ་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་མི་བསྐྱོད་པའི་ངོ་བོ་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་ཉོན་མོངས་པའི་རྣམ་པར་རྟོག་པ་རྣམས་ཀྱིས་འཁྲུགས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ལུས་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །དེའི་ཕྱིར་འབད་པ་ཐམས་ཅད་ཀྱིས། །ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་བརྩོན་


DTG034_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་ཀྱིས་སོ། །རྩའི་འཁོར་ལོ་ཞེས་བྱ་བ་ནི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ལུས་ཀྱི་རྟེན་དུ་གྱུར་པའོ། །བཙལ་བར་ཞེས་བྱ་བ་ནི་ཡེ་ཤེས་ཆེན་པོ་བཙལ་བའི་ཕྱིར་རྗེས་སུ་བསྐྱེད་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་རྒྱས་པར་བཤད་པ་བསྟན་ནས། དཔེ་བཤད་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུའི་དབུས་ཀྱི་ཞེས་བྱ་བ་ནི་ཆུའི་སྐྱོར་བ་ཞེས་བྱ་བ་ལས་སོ། །ཤིང་ཞེས་བྱ་བ་ནི་ས་ལས་སྐྱེས་པའོ། །འཕེལ་ནས་འགྲོ་ཞེས་བྱ་བ་ནི་སྡོང་བུ་དང༌། ཡལ་ག་དང༌། ལྕུག་མ་དང༌། འདབ་མ་ཕུན་སུམ་ཚོགས་པ་ལས། ཡོངས་སུ་རྫོགས་པར་འགྱུར་རོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཤིན་ཏུ་རིང་པོར་རོ། །དེ་ལ་འབྲས་བུ་སོགས་ལྡན་པ། །ཞེས་བྱ་བ་ནི་ཤིང་རྒྱས་པའི་རྗེས་ལ་འབྲས་བུ་སོགས་ལྡན་པ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་ལ་སོགས་པའོ། །སྟེར་བ་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་ནི་ཐེ་ཚོམ་མེད་པའི་ཕྱིར་རོ། །དེ་ལྟར་དཔེ་བསྟན་ནས། དོན་བརྗོད་པར་བྱ་བའི་ཕྱིར། དེ་བཞིན་ཕུང་པོ་ཤིང་ཞེས་བྱ་བ་ནི་ཕུང་པོ་ལྔའི་ཡན་ལག་ཅན་ནོ། །ཤེས་བྱ་ཞེས་བྱ་པ་ནི་ཤིང་གི་དཔེས་ཤེས་པར་བྱའོ། །རྩ་ཡི་ཆུ་ཡིས་འཕེལ་ནས་ནི། །ཞེས་བྱ་བ་ནི་རྩ་ལས་བྱུང་བའི་ཁམས་སུམ་ཅུ་རྩ་གཉིས་ཀྱི་ཆུས་འཕེལ་བ་ཉིད་ཀྱི་ཕྱིར་ཆུ་དེས་འཕེལ་བ་ནི་འཕེལ་བར་བྱེད་པའོ། །འཕེལ་བས་ཞེས་བྱ་བ་ནི་རིམ་གྱིས་ཡོངས་སུ་རྒྱས་པར་འགྱུར་བའོ། །འབྲས་བུ་སྟེར་ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟར་ཞེན། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱ་བ་གསུངས་ཏེ། ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་གདམས་ངག་བསྒོམས་པས་ཞེས་བྱ་བའི་དོན་ཏོ། །ལྷའི་རྣམ་པའི་ངོ་བོ་ཡིས། །ཞེས་བྱ་བ་ནི་འཆད་པར་འགྱུར་བ་ལས་སོ། །རྩ་རྣམས་ཞེས་བྱ་བ་ནི་འཁོར་ལོ་དྲུག་གི་དབྱེ་བས་ཐ་དད་པ་རྣམས་ལའོ། །རང་བཞིན་གྱིས་འགྱུར་ཞེས་བྱ་བ་ནི་ལྷའི་རྣམ་པའི་ངོ་བོས་འགྱུར་བའོ། །ཇི་སྐད་དུ་ལེའུ་ཉི་ཤུ་རྩ་བདུན་པ་ལས། དེ་རྣམས་མིང་ནི་བཤད་བྱ་སྟེ། །དེ་ལས་གཞན་པའི་ལྷ་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་དོན་རྣམ་པ་བཞིས་ཉེ་བར་བསྡུ་བ་སྔོན་དུ་འགྲོ་བས་རྩ་བསྟན་པའི་དགོས་པ་བརྗོད་པས་སོ། །ད་ནི་རྩ་རྣམས་བསྐྱེད་པའི་རིམ་པ་བརྗོད་པའི་ཕྱིར་རོ། །དེའི་ཡན་ལག་མེའི་


DTG034_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་ཀྱིས་གདུངས་པས་བྱང་ཆུབ་ཀྱི་སེམས་འབྱུང་བ་ནི། རེག་བྱའི་རྒྱལ་མཚན་གཉིས་ཕྲད་པས། །ཞེས་གསུངས་ཏེ། རེག་བྱའི་སྒྲས་ནི་པདྨ་ལ་བརྗོད་དེ། ཤིན་ཏུ་རེག་བྱ་བ་དེ་ཉིད་ཀྱི་ཕྱིར་རྒྱལ་མཚན་གྱི་ངོ་བོའོ། །ལྷག་ཅེས་བྱ་བ་ནི་བསྲུང་བྱ་དང་བསྒྲུབ་བྱའི་ནུས་པའོ། །དེ་ཚེ་ཞེས་བྱ་བ་ནི་དེའི་དུས་སུའོ། །མེ་ནི་ཡང་དག་འབར་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་འབར་བ་ཞེས་བྱ་བའི་དོན་ཏོ། །ལྟེ་བའི་དབུས་སུ་སྤྲུལ་བའི་འཁོར་ལོ་དང༌། སྟེང་དུ་གནས་པའི་མེའི་འཁོར་ལོ་གཉིས་ནི་འབར་བའི་རྣམ་པ་འགྲུབ་པ་ཞེས་བྱ་བའི་དོན་ཏོ། །མེའི་འཁོར་ལོའི་དབུས་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་འོག་ན་གནས་པའི་མེའི་འཁོར་ལོའོ། །འཁོར་ལོ་མིག་ཅན་པདྨ་རྣམས། ཞེས་བྱ་བ་ནི་འབར་བའི་རྣམ་པས་མ་ལུས་པར་དྲོད་ཀྱིས་ཁྱབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འགྲོ་བར་འགྱུར་ཞེ་ན། དེའི་ཕྱིར་རིམ་གྱིས་རིམ་གྱིས་ཞེས་བྱ་བ་གསུངས་ཏེ། འདིས་ནི་སྔགས་དང་རྒྱུད་ཀྱི་རིམ་པ་བཤད་དོ། །དེ་རྗེས་བརྩལ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེས་བསྲེགས་པས་མི་སྣང་བ་ཉིད་དུ་འགྱུར་བས་སོ། །འབབ་དེ་ལ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་རྣམ་པའི་བྱང་ཆུབ་ཀྱི་སེམས་དེའི་དྲོད་ཀྱིས་གདུངས་པས་ཞེས་བྱ་བའི་དོན་ཏོ། །བདེ་བ་ཆེ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་སྟོབས་ཀྱིས་གྲུབ་པས་རྩ་སྲེག་པར་བྱེད་པའི་བདག་ཉིད་དོ། །སྤྲུལ་པའི་སྙིང་པོར་ཡང་དག་ཐོབ། །ཅེས་བྱ་བ་ནི་སྤྲུལ་པའི་འཁོར་ལོ་ནས་གསང་བའི་འཁོར་ལོའི་དབུས་སུ་རིམ་གྱིས་ཐོབ་པར་བྱས་ནས་སོ། །གཅིག་གྱུར་ཞེས་བྱ་བ་ནི་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །བསྡུས་ནས་ནི་གོང་བུའི་རྣམ་པར་བྱས་ནས་འགྲོ་བར་འགྱུར་ཞེས་བྱ་བ་ལྷག་མའོ། །དེ་ལྟར་མེས་ཀུན་ནས་གདུངས་པས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བསྟན་ནས། རྩ་གསུམ་གྱི་ཁམས་འབབ་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་གཉིས་ནི་གཡས་པ་དང་གཡོན་པའི་ངོ་བོའོ། །ཁའི་ལམ་ཞེས་བྱ་བ་ནི་རང་གི་ཁའི་ལམ་ནས་སོ། །འཛག་པ་ཞེས་བྱ་བ་ནི་འབབ་པའོ། །ཅི་ཞིག་ཅེ་ན། དེའི་ཕྱིར་ཉི་མ་ཟླ་བའོ་ཞེས་བྱ་བ་གསུངས་ཏེ། །རྡུལ་དང་ཁུ་བ་ནི་ཉི་མ་དང་ཟླ་བ་དག་གོ །སྐྱེ་གནས་འཁོར་ལོའི་དབུས་སུ་ཡང༌། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་


DTG034_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་བྱེད་པ་གཉིས་ཕྲད་བའི་དུས་སུའོ། །སྐྱེ་གནས་འཁོར་ལོ་ནི་པདྨའི་དཀྱིལ་འཁོར་གྱི་དབུས་སུ་རྣལ་འབྱོར་མ་དང་འབྲེལ་པའི་རྩ་གཉིས་སྲང་བུའི་རྣམ་པར་གནས་པའོ། །གཉིས་ཀ་འདུས་པས་ཟ་མ་ཏོག་གི་ཚུལ་དུ་གནས་པའོ། །གལ་ཏེ་དེ་ལྟར་ཡིན་ན་ཐབས་ཤེས་རབ་དང་འབྲེལ་པའི་རྩ་གསུམ་པོ་གང་ལས་འབྱུང་ཞེ་ན། དེའི་ཕྱིར་རྒྱུ་གཅིག་ཏུ་ཞེས་བྱ་བ་གསུངས་ཏེ། རྩ་དབུས་མ་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའི་ཕྱིར། དེ་ལས་གཞན་པའི་རྩ་གཉིས་ལ་གཙོ་ཆེར་ཏེ། གཞན་རྣམས་ཀྱི་ཡང་རྒྱུ་ཡིན་ནོ། །ཤེས་ནས་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་གཙོ་བོར་གྱུར་པའི་དབུས་མའོ། །འབྲས་བུ་ཞེས་བྱ་བ་ནི་ཁྲག་དང་ཁུ་བ་འབབ་པ་ཉིད་ཀྱིས་འབྲས་བུ་ལས་སོ། །རྣམ་པ་གཉིས་ཞེས་བྱ་བ་ནི་ལ་ལ་ནཱ་དང་ར་ས་ནའི་དབྱེ་བས་སོ། །གཡོན་པ་ཞེས་བྱ་བ་ནི་གཡོན་པའི་རྩ་ལས་སོ། །ཟླ་བ་རྣམ་པར་འབྱུང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཁམས་བསྐྱེད་པའོ། །གཡས་པ་ཞེས་བྱ་བ་ནི་གཡས་པའི་རྩའོ། །ཉི་མའི་ཞེས་བྱ་བ་ནི་ཁྲག་གི་ཁམས་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །ཁམས་གཉིས་པོ་འདི་ཉིད་ནི་བདེ་བ་ཆེན་པོ་རྗོད་པར་བྱེད་པ་སྟེ། དོན་དམ་པར་བདེ་པ་ཆེན་པོའི་རང་བཞིན་དུ་འགྱུར་ཞེས་བྱ་བའོ། །གཡས་པ་ཞེས་བྱ་བ་ནི་གཡས་པའི་རྒྱུ་བས་སོ། །གང་ཚེ་ཉི་མ་ནི་ཞེས་བྱ་བ་ནི་དུས་གང་ལ་ཉི་མའི་རང་བཞིན་དུ་འགྱུར་རོ། །དེ་ཚེ་ཁྲག་ཅེས་བྱ་བ་ནི་ཐབས་ཀྱི་རྣམ་པའོ། །འགྱུར་བདེ་བའོ། ཞེས་བྱ་བ་ནི་བདེ་བ་ཆེན་པོར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་རྒྱུ་མཐུན་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །གང་ཚེ་གཡོན་པའི་ཟླ་བ་ཞེས་བྱ་བ་ནི་གཡོན་པའི་རྩ་ནི་ཟླ་བའི་རྣམ་པའོ། །གང་ཚེ་ཞེས་བྱ་བ་ནི་དུས་གང་གི་ཚེ་ནའོ། །གསལ་ཞེས་བྱ་བ་ནི་དྲི་མ་མེད་པའོ། །དེའི་ཚེ་ཞེས་བྱ་བ་ནི་དུས་དེ་ལའོ། །ཀུནད་ལྟ་བུ་ཡི་ཞེས་བྱ་བ་ནི་ཀུནདའི་མེ་ཏོག་ལྟར་དཀར་བའོ། །བདེ་བ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་གཉིས་ཞེས་བྱ་བ་ནི་གཡོན་པ་དང་གཡས་པའི་རྩ་དག་གོ །ཁོང་དུ་ཆུད་པའི་ཞེས་བྱ་བ་ནི་ཨ་བ་དྷཱུ་ཏཱིར་གནས་པའོ། །མེ་ཞེས་བྱ་བ་ནི་དུས་ཀྱི་མེའི་རང་བཞིན་ནོ། །ཡན་ལག་ཀུན་ལ་ཡང་ཞེས་བྱ་བ་ནི་ཡན་ལག་ཐམས་ཅད་ལ་ཐུན་མོང་དུ་སྤྱིའི་ཚུལ་དུ་གནས་པ་སྟེ། ཁྱབ་


DTG034_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཉིད་དུ་ཞེས་བྱ་བ་ནི་ལྷག་མའོ། །དེ་ལྟར་རྣམ་པ་གཉིས་ཀྱིས་མེའི་དྲོད་ཀྱིས་བྱང་ཆུབ་ཀྱི་སེམས་འབྱུང་བ་བསྟན་ནས། བར་མ་དོར་སྲིད་པ་འཇུག་པ་བརྗོད་པའི་ཕྱིར། སྔོན་ལས་ཞེས་བྱ་བ་གསུངས་ཏེ། སྔོན་གྱི་ལས་ཀྱི་སྟོབས་ཀྱིས་སོ། །རླུང་གི་རྣམ་ཤེས་ནི་ཞེས་བྱ་བ་ནི་རླུང་དང་བཅས་པའི་རྣམ་པར་ཤེས་པ་སྟེ། བར་མ་དོའི་རྣམ་པར་ཤེས་པའོ། །བརྒྱ་ལམ་ཞེས་བྱ་བ་ནི་ཤི་བའི་སྲིད་པའི་རྗེས་ལ་རྒྱུ་མཚན་མེད་པའི་གང་ཚོ་འགྲོ་བར་འགྱུར་ན་ཞེས་བྱ་བ་ནི་བར་དུ་ཉི་མ་ཁ་ཅིག་འགྲོ་བར་འགྱུར་ཏེ། འཁོར་བར་འགྱུར་ནི་དྲི་ཞིམ་པ་དང༌། དྲི་ངན་པ་ཟ་ཞིང་ལོངས་སྤྱོད་པའོ། །དེ་ཚེ་ཞེས་བྱ་བ་ནི་དུས་གང་གི་ཚེའོ། །ཕ་ཡི་ཁ་ལ་མཚུངས་པར་གནས། །ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་མ་མཐོང་ནས་འབྱུང་བར་འགྱུར་བའི་ཕ་ཡང་མཐོང་སྟེ། འདི་དང་ལྷན་ཅིག་རོལ་བར་བྱེད་མི་ནུས་པའོ། །མི་ནུས་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་བློ་སྐྱེས་ནས་ཕ་ཉེ་བར་གྱུར་པ་ལ་ཡང་རོལ་པ་བཟློག་པའི་བློས་ཁ་ལ་ཉེ་བར་གནས་པའོ། །དེའི་ཚེ་ཞེས་བྱ་བ་ནི་དུས་དེའི་ཚེའོ། །ཆགས་པའི་དབང་དུ་འགྱུར་པ་ཞེས་བྱ་བ་ནི་མའི་ཡུལ་ལ་འཁྲིག་པ་ལ་དགའ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དུས་དེའི་ཚེ་དྲི་ཟ་ལ་སེམས་གཉིས་ལས་སེམས་གཞན་རྒྱུ་བ་ཡིན་ཏེ། འདི་ལྟ་སྟེ་རྗེས་སུ་ཆགས་པ་དང་ལྷན་ཅིག་པར་འགྱུར་བའམ། ཁོང་ཁྲོ་བ་དང་ལྷན་ཅིག་པར་འགྱུར་བ་ཞེས་བྱ་བའོ། །སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས་ཀྱང༌། དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ཕྱིར་མི་ལྡོག་ཅིང་དྲི་ཟ་བ། །ཕྱིན་ཅི་ལོག་བའི་བློ་གྲོས་ཏེ། །འགྲོ་བའི་ཡུལ་ལ་རོལ་པར་འདོད། །ཅེས་གསུངས་པ་དང༌། སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་ནས་ཀྱང༌། སེམས་ཅན་གཞན་དུ་མི་ཁྱེར་བ། །དམན་པའི་སྐྱེ་གནས་འགྲོ་བ་ཡང༌། །བདག་ལ་ཆགས་དང་ལྡན་པར་སྡུག །བདེ་བ་དོར་བ་ཐོབ་འདོད་པས། །ཞེས་གསུངས་སོ། །ཟླ་མཚན་ལྡན་པའི་རྩ་ཞེས་བྱ་བ་ནི་དཔྱིད་ཀྱི་དུས་དང་ལྡན་པ་ནི་ཟླ་བ་མཚན་དང་ལྡན་པའོ། །གང་ཚེ་ཞེས་བྱ་བ་ནི་དུས་གང་གི་ཚེ་ནའོ། །རྩ་ཞེས་བྱ་བ་འབྱུང་བར་འགྱུར་བའི་མའོ། །མེ་དང་ཉི་མ་འཆར་བ་ན། །ཞེས་བྱ་བ་ནི་དབུས་མའི་གྱུ་བའོ། །ཉི་མ་ནི་ཁྲག་གི་ཁམས་འཆར་བ་


DTG034_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་སྟེ་འཆར་བའོ། །དེ་ཚེ་ཞེས་བྱ་བ་ནི་དུས་དེའི་ཚེ་ནའོ། །ལྷག་པར་ཆགས་པས་ཞེས་བྱ་བ་ནི་ཁྱོ་དང་ལྷན་ཅིག་ལྷག་པར་ཆགས་པས་ནོན་པ་ནི་གཞན་དབང་དུ་གྱུར་པའོ། །གཅིག་ཏུ་ཆགས་པ་ཞེས་བྱ་བ་ནི་ས་བོན་གཏོང་བར་འདོད་པར་འགྱུར་རོ། །མཆོག་ཏུ་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་སེམས་ཅན་སྐྱེ་བ་ལ་ཅུང་ཟད་རིགས་པའི་ཕྱིར་མཆོག་གོ །རྡོ་རྗེ་པདྨ་ཞེས་བྱ་བ་ནི་བོ་ལ་དང་ཀཀྐོ་ལའོ། །འདྲེས་པའི་གདོང་ཞེས་བྱ་བ་ནི་ཕན་ཚུན་དུ་ཆགས་པའི་ངོ་བོ་ཐོབ་པའོ། །འཇུག་པ་ཞེས་བྱ་བ་ནི་རབ་ཏུ་འཇུག་པའོ། །ཕའི་ཁ་ཞེས་བྱ་བ་ནི་ཐལ་མངོན་པར་ཕྱོགས་སོ། །རླུང་ཞེས་བྱ་བ་ནི་ལས་ཀྱི་རླུང་གིས་བསྐུལ་བའི་བར་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བར་མ་དོའི་སྲིད་པར་འཇུག་པ་བསྟན་ནས། ས་བོན་འདེས་པའི་ངོ་བོས་རྩ་བསྐྱེད་པར་བརྗོད་པའི་ཕྱིར། དེ་ཚེ་ཞེས་བྱ་བ་གསུངས་ཏེ། དུས་དེའི་ཚེའོ། །ས་བོན་དུ་ནི་ཞེས་བྱ་བ་ནི་ཕ་མ་དག་གི་ཁུ་བ་དང་ཐིགས་པའི་ངོ་བོ་ལའོ། །འགྱུར་ཞེས་བྱ་བ་ན་འབྱུང་བར་འགྱུར་བའོ། །ས་བོན་ལས་ནི་ཞེས་བྱ་བ་ནི་དེ་མ་ཐག་པར་བཤད་པས་བར་མ་དོའི་སྲིད་པ་བརྒྱལ་བར་འགྱུར་བ་ལས་སོ། །སེམས་ཅན་ཞེས་བྱ་བ་ནི་སྐྱེ་བའི་སྲིད་པ་ལ་རབ་ཏུ་ཞུགས་པ་ལའོ། །འབྱུང་ཞེས་བྱ་བ་ནི་འགྲུབ་པ་སྟེ། ཟླ་བ་བཅུ་ལ་སོགས་པའི་རིམ་གྱིས་འགྱུར་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་ས་བོན་ཡོངས་སུ་གྱུར་པ་ལས་སོ། །རྩ་ལས་ཡང་དག་འཆར་ཞེས་བྱ་བ་ནི་སྐྱེ་བའི་སེམས་ཅན་ལ་རྩ་འབྱུང་བས་སོ། །ཡང་དག་ཅེས་བྱ་བ་ནི་མཁས་པའི་གང་ཟག་གི་དགོངས་པས་སོ། །འབྲས་བུ་ཞེས་བྱ་བ་ནི་སྤྲུལ་པའི་སྐུའི་རྣམ་པའོ། །ངོ་མཚར་ཅན་ནི། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ལ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཤིན་ཏུ་ཡང་ངོ་མཚར་སྐྱེད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །སྐྱེས་ཞེས་བྱ་བ་ནི་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ས་བོན་འདྲེས་པའི་ངོ་བོས་རྩ་འབྱུང་བ་བརྗོད་ནས། བྱང་ཆུབ་ཀྱི་སེམས་མི་འཆོར་བས་རྩ་རྣམས་མི་འབྱུང་བ་བརྗོད་པའི་ཕྱིར། དེ་ཉིད་བྱང་ཆུབ་སེམས་ཀྱང་ནི། །ཞེས་བྱ་བ་གསུངས་ཏེ། གཉིས་ཀ་ཡང་དག་པར་སྦྱར་བ་ལས་སྐྱེས་པའོ། །འཛིན་པའི་ཞེས་བྱ་བ་ནི་སྔར་


DTG034_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་རྣམ་པ་གསུམ་གྱིས་སོ། །སྲོག་ནི་བསྡུས་པའོ་ཞེས་བྱ་བ་ནི་སྲོག་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པ་ལ་བསྡུས་པ་ནི། ནང་ཉིད་དུ་བཞག་པར་གྱུར་པའོ། །དེ་ལྟར་བྱས་པར་གྱུར་པ་ལ་ཡེ་ཤེས་མཆོག་དང་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་རྣམ་པའོ། །དེ་ཉིད་མཆོག་ཅེས་བྱ་བ་ནི་དོན་གྱིས་ལྷན་ཅིག་སྐྱེས་པའི་ངོ་བོའོ། །མཆོག་ཏུ་བདེ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་ངོ་བོའོ། །རྨད་བྱུང་ཚེ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་སྤྱོད་པའི་སྟོབས་ཀྱིས་སངས་རྒྱས་ཉིད་ཐོབ་པ་དེ་ནི་ངོ་མཚར་བའོ། །ཐོབ་པ་ཡེ་ཤེས་ཞེས་བྱ་བ་ནི་ཤིན་ཏུ་རྟོགས་པའོ། །ཡེ་ཤེས་རྣལ་འབྱོར་ཞེས་བྱ་བ་ནི་གདམས་ངག་གི་ངོ་བོ་ཐོས་པ་ལ་སོགས་པའི་མཚན་ཉིད་ཀྱིས་སོ། །མཆོག་ཏུ་བདེ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་རྒྱུད་ལ་མངའ་བའོ། །བླ་ན་མེད་ཅེས་བྱ་བ་ནི་འདི་ལས་གོང་ན་གཞན་མེད་པའི་ཕྱིར་བླ་ན་མེད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་བཅུ་བདུན་པའི་རྒྱ་ཆེར་བཤད་པའོ།། །།


previousལེའུ་བཅུ་བདུན་པ། རྩའི་འཁོར་ལོའི་རིམ་པ་གནས་ཀྱི་ཡུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།next