Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་བཞི་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅོ་བརྒྱད་པ། རྣལ་འབྱོར་པའི་ལུས་ལ་རྩ་བསྡུས་པའི་ཡུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་བཅོ་བརྒྱད་པ། རྣལ་འབྱོར་པའི་ལུས་ལ་རྩ་བསྡུས་པའི་ཡུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།next

ལེའུ་བཅོ་བརྒྱད་པ། རྣལ་འབྱོར་པའི་ལུས་ལ་རྩ་བསྡུས་པའི་ཡུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།


DTG034_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ལེའུ་བཅུ་བདུན་པས་རྩའི་འཁོར་ལོའི་རིམ་པ་གནས་ཀྱི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་སྐབས་སུ་བབ་པའི་རྣལ་འབྱོར་པའི་ལུས་ལ་རྩའི་ཚོགས་ཀྱི་ཡུལ་ལ་དྲི་བའི་ལན་གདབ་པ་བརྗོད་པའི་ཕྱིར་ལེའུ་བཅོ་བརྒྱད་པ་སྟོན་པར་བྱེད་ཅིང༌། དང་པོར་རེ་ཞིག་དེ་རྩོམ་པར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅུ་བདུན་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔར་ལ་ལྟོས་པས་ཁྱད་པར་ཅན་ཉིད་ཀྱི་ཕྱིར་རོ། །བཤད་བྱ་ཞེས་བྱ་བ་ནི་བརྗོད་པར་བྱའོ། །རྣལ་འབྱོར་ལུས་ལ་ཞེས་བྱ་བ་ནི་སྒོམ་པ་པོའི་ལུས་ལའོ། །རིམ་པ་ཇི་ལྟ་བཞིན་དུ་རྩ་རྣམས་ངེས་པ་ནི་ཞེས་བྱ་བ་དང༌། བདེ་བ་ཆེན་པོའི་འཁོར་ལོ་གོ་རིམས་ཀྱི་རྩ་རྣམས་ངེས་པའོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །བརྒྱུད་པ་ཡི་ནི་རིམ་གྱིས་སྐྱེ། །ཞེས་བྱ་བ་ནི་གདམས་ངག་གི་བརྒྱུད་པས་འོངས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྩོམ་པའི་ངོ་བོ་བསྟན་ནས། དེ་ཉིད་སྦ་བར་བྱ་བ་ཉིད་བརྗོད་པའི་ཕྱིར། གསལ་བར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།


DTG034_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་མ་ཡིན་པའི་སྐྱེ་བོ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པའོ། །མ་གསུངས་པ་ཞེས་བྱ་བ་ནི་ངག་ཏུ་བརྗོད་པར་བྱ་བ་མ་ཡིན་པའོ། །གང་དུ་ཡང་ཞེས་བྱ་བ་ནི་བྱ་བ་ལ་སོགས་པའི་རྒྱུད་རྣམས་སུའོ། །གསལ་བར་མ་གསུངས་པ་ཞེས་བྱ་བ་ནི་མ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། སྐལ་བ་མེད་དོན་དུ་ཞེས་བྱ་བ་གསུངས་སོ། །སྐྱེ་བོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། དད་པའི་བསམ་པ་རྣམས་སྤངས་པ། །ཞེས་བྱ་བ་གསུངས་ཏེ། ཁྱད་པར་དུ་འཕགས་པའི་བཅོམ་ལྡན་འདས་ཀྱི་གསུང་ལ་ཡིད་ཆེས་པའི་ངོ་བོ་འདོད་པའི་བསམ་པ་དང་རྣམ་པར་སྤངས་པ་ནི་བྲལ་བ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །སྙིགས་མ་ལྔ་ཞེས་བྱ་བའི་དུས་ཞེས་བྱ་བ་ནི་ཚེ་དང༌། ལྟ་བ་དང༌། སེམས་ཅན་དང༌། ཉོན་མོངས་པ་དང༌། བསྐལ་པའི་སྙིགས་མ་དང་ལྡན་པ་ལའོ། །སྣོད་དུ་བྱ་བར་འདོད་པ་ཡིས། །ཞེས་བྱ་བ་ནི་སྣོད་དུ་བྱ་བའི་བསམ་པས་སོ། །སེམས་ཅན་མྱུར་དུ་དངོས་གྲུབ་དོན། །ཞེས་བྱ་བ་ནི་མཐོང་བའི་ཆོས་འདི་ཉིད་ལ་ཕྱག་རྒྱ་ཆེན་པོའི་འབྲས་བུ་ཐོབ་པའི་ཕྱིར་རོ། །རང་བྱུང་ཡེ་ཤེས་ཞེས་བྱ་བ་ནི་རྐྱེན་གཞན་གྱིས་མ་བྱུང་བའི་རང་རིག་གི་ཡེ་ཤེས་སོ། །རྨད་འབྱུང་བ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པས་སེམས་ཅན་གྱི་དོན་སྒྲུབ་པར་བྱེད་པའོ། །བཤད་པར་བྱ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ལྟར་རྣམ་པ་གཉིས་ཀྱིས་རྩོམ་པའི་དོན་བརྗོད་ནས། དངོས་སུ་དེ་བཤད་པའི་ཕྱིར། དེའི་ཡན་ལག་རྟེན་གྱི་ངོ་བོ་བཤད་པས་གཙོ་བོའི་རྩ་བསྟན་པའི་ཕྱིར་རོ། །རྣལ་འབྱོར་ལུས་ནི་ཞེས་བྱ་བ་ནི་སྒོམ་པ་པོའི་ལུས་སོ། །བདེ་བ་ཆེན་པོའི་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་གནས་སྐབས་སྔོན་དུ་འགྲོ་བས་བསྐྱེད་པའི་ཕྱིར་དང༌། རང་ཉིད་ཀྱིས་ཀྱང་དེའི་རང་བཞིན་གྱི་ཕྱིར་རོ། །འཁོར་ལོའི་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལའོ། །སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་གྲངས་སོ། །རྨད་དུ་བྱུང་བ་ཞེས་བྱ་བ་ནི་གདུང་བ་ཞི་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྩ་རྣམས་ཞེས་བྱ་བ་ནི་རིམ་རིགས་ལ་སོགས་པའོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །བཤད་པར་བྱ་ཞེས་བྱ་བ་ནི་ལེའུ་བཅུ་བདུན་པར་བསྟན་པའོ། །བྱང་ཆུབ་སེམས་འབབ་ཅེས་བྱ་བ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་འབབ་པའོ། །གསལ་


DTG034_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་གསལ་བར་བྱས་ནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྩའི་གཙོ་བོ་བསྟན་ནས། དེ་རྣམས་ཀྱི་མཚན་ཉིད་ཀྱི་སྒོ་ནས་ཁོངས་སུ་བསྡུ་བ་བརྗོད་པའི་ཕྱིར། དེ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་རྩ་རྣམས་སོ། །བདེ་བ་ཆེན་པོའི་གནས་ཞེས་བྱ་བ་ནི་དེ་བརྗོད་པའི་འཁོར་ལོ་ལའོ། །མཚན་ཉིད་ཅེས་བྱ་བ་ནི་ངོ་བོ་ཉིད་ཉེ་བར་མཚོན་པའི་ངོ་བོའོ། །བཤད་པར་བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །ད་ནི་ཞེས་བྱ་བ་ནི་ད་ལྟ་ཉིད་དུ་ཞེས་བྱ་བའི་དོན་ཏོ། །ཨ་ཀ་ཙ་ཊ་ཏ་པ་སྡེ་ཚན་དང་ཞེས་བྱ་བ་ནི་དྲུག་གི་གྲངས་སོ། །ཡ་ར་ལ་ཝ་ཤ་ཥ་ས་ཞེས་བྱ་ནི་ཡའི་སྡེ་ཚན་དང༌། ཤའི་སྡེ་ཚན་གྱི་དབྱེ་བས་སྡེ་ཚན་གཉིས་ཏེ། དེ་ལྟར་ན་བརྒྱད་དོ། །རིགས་པས་ཤེས་པར་བྱ་ཞེས་བྱ་བ་ནི་ཆོས་ཀྱི་ཕུང་པོ་མ་ལུས་པ་བསྡུས་པའི་ངོ་བོ་ཉིད་དུ་རྟོགས་པར་བྱའོ། །སླར་ཡང་ཞེས་བྱ་བ་ནི་སྡེ་ཚན་བརྒྱད་པོ་རྣམས་སོ། །བསྡུས་ནས་འགྲོ་ཞེས་བྱ་བ་ནི་ཁོངས་སུ་བསྡུས་ནས་འགྲོ་བའོ། །གཅིག་ཏུ་ཞེས་བྱ་བ་ནི་ཨ་ཡིག་གི་ངོ་བོའོ། །ཡི་གེ་ཙམ་ཞེས་བྱ་བ་ནི་ཆོས་ཉིད་མཚོན་པར་བྱེད་པའོ། །དེ་ཡང་ཞེས་བྱ་བ་ནི་ཨ་ཡིག་གི་ངོ་བོའི་ཡི་གེའོ། །ཞི་བ་ཞེས་བྱ་བ་ནི་ཐམས་ཅད་ཉེ་བར་ཞི་བའི་ངོ་བོའོ། །ཡོངས་ཤེས་ཞེས་བྱ་བ་ནི་དེ་བཞིན་ཉིད་དང་ཐ་མི་དད་པའོ། །བྱང་ཆུབ་སེམས་ལ་ཞེས་བྱ་བ་ནི་དོན་དམ་པའི་གཞོམ་དུ་མེད་པའི་ངོ་བོ་དང་ཀུན་རྫོབ་བོ། །ཐིམ་ནས་འགྲོ་ཞེས་བྱ་བ་ནི་ཁོངས་སུ་འགྲོ་བའི་ཕྱིར་རོ། །ཀུན་རྟོག་ཐམས་ཅད་སྤངས་ནས་ནི། །ཞེས་བྱ་བ་ནི་རྣམ་པར་རྟོག་པའི་གཉེན་པོ་དོན་དམ་པ་ཉིད་དོ། །བདེ་བ་ཀུན་གྱི་གཞི་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནས་སོ། །མཆོག་ཅེས་བྱ་བ་ནི་བླ་ན་མེད་པའོ། །ཤེས་དང་ཤེས་བྱའི་རྣམ་པར་སྤངས། །ཞེས་བྱ་བ་ནི་གཟུང་དང་འཛིན་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་དུས་གསུམ་དུ་ཡང་ངོ༌། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་ལུས་ནི་ཐམས་ཅད་དུའོ། །དེ་ལྟར་དེ་རྣམས་ཀྱིས་མཚན་ཉིད་ཀྱི་སྒོ་ནས་ཁོངས་སུ་བསྡུ་བ་བསྟན་ནས། སྤྲོ་བའི་རིམ་པ་དེ་རྣམས་ཉིད་ལ་རང་གི་ངོ་བོའི་ངེས་པ་བརྗོད་པའི་ཕྱིར། དེ་ལས་འཁོར་ལོ་གསུམ་དབྱེ་བ། །ཞེས་བྱ་བ་གསུངས་ཏེ།


DTG034_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་ངོ་བོ་རྩ་བརྒྱད་ཀྱི་དབྱེ་བས་འཁོར་ལོ་གསུམ་ལ་ཉི་ཤུ་རྩ་བཞིར་འགྱུར་རོ། །དེ་རྣམས་ཀྱང་ལུས་ངག་ཡིད་གསུམ་གྱི་དབྱེ་བས་ལན་གསུམ་དུ་བགྲངས་པས་སོ། །གསུམ་ཞེས་བྱ་བ་ནི་ཉི་ཤུ་རྩ་བཞི་པོའི་གྲངས་དེ་རྣམས་ལན་གསུམ་དུ་བགྲངས་པས་བདུན་ཅུ་རྩ་གཉིས་ཀྱི་གྲངས་སུ་འགྱུར་རོ། །གསལ་ཞེས་བྱ་བ་ནི་གསལ་བར་བྱས་ནས་སོ། །དེ་ནི་ཞེས་བྱ་བ་ནི་བདུན་ཅུ་རྩ་གཉིས་སོ། །སྟོང་དུ་རབ་ཏུ་ཕྱེ་བའང༌། །ཞེས་བྱ་བ་ནི་བརྒྱ་ཕྲག་བཅུའི་གྲངས་སོ། །སོ་སོར་ཞེས་བྱ་བ་ནི་རྩ་རེ་རེ་ལ་བསྟན་ནས་སོ། །སྤྲོ་བའི་བདག་ཉིད་ཅན་ཞེས་བྱ་བ་ནི་སྟོང་ཕྲག་སྟོང་ཕྲག་གི་གྲངས་ཀྱིས་ཏེ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་རྩ་རྣམས་ཀྱི་གྲངས་ཞེས་བྱ་བའོ། །རླུང་དང་མཁྲིས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་རླུང་དང་མཁྲིས་པ་ལ་སོགས་པའི་ཁམས་གསུམ་གྱི་དབྱེ་བས་སྔར་གསུངས་པའི་འཁོར་ལོ་གསུམ་ལ་བདེ་བ་ཆེན་པོའི་འཁོར་ལོ་སྤངས་ནས། ལོངས་སྤྱོད་དང༌། ཆོས་དང༌། སྤྲུལ་པའི་འཁོར་ལོའི་དབྱེ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ནི། །ཞེས་བྱ་བ་ནི་དཔལ་གསང་བ་འདུས་པའི་རྒྱུད་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྤྲོ་བའི་རིམ་པས་དེ་རྣམས་ཀྱི་ལྷའི་ངོ་བོ་བསྟན་ནས། དེ་རྣམས་ཀྱི་ལྷའི་ངོ་བོ་བརྗོད་པའི་ཕྱིར་ཕྱག་རྒྱའི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །མཆོག་དང་དེ་ཉིད་ཅེས་བྱ་བ་ནི་མཆོག་གི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ནོ། །རྩའི་སྒོ་ནས་དེ་ལ་དམིགས་པའོ། །ལྷའི་རིམ་པ་ཞེས་བྱ་བ་ནི་ལྷ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ངོ་བོའོ། །དེའི་མཚན་ཉིད་ནི་ཞེས་བྱ་བ་ནི་མཚན་ཉིད་དོ། །རྩ་སོ་སོའི་ཞེས་བྱ་བ་ནི་རྩ་རེ་རེའི་གྲངས་ནི་ལྷ་རེ་རེའི་ངོ་བོའོ། །དེ་ཉིད་ཀྱི་ཕྱིར་དབྱེ་བ་ཡིས། ཞེས་གསུངས་སོ། །ཤེས་པར་བྱ་ཞེས་བྱ་བ་ནི་རྟོགས་པར་བྱ་བའོ། །བླ་མའི་ཞལ་ལས་ཞེས་བྱ་བ་ནི་མཚན་ཉིད་ཕུན་སུམ་ཚོགས་པའི་རྡོ་རྗེ་སློབ་དཔོན་གྱི་ཞལ་ལས་ཏེ། མ་འོངས་པའི་དུས་ན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་རྣམས་ཀྱི་ལྷའི་ངོ་བོ་བསྟན་ནས། དེ་རྣམས་ཉིད་ཀྱི་སླར་ཡང་བསྡུས་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རྩའི་བསྡུས་པ་ནི། དེ་ལས་ཀྱང་ཞེས་བྱ་


DTG034_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་དེའི་རྗེས་སུའམ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་སོ། །སྡོམ་སྦྱོར་བར་ཞེས་བྱ་བ་ནི་བསྡུས་པའོ། །རིགས་པས་ཞེས་བྱ་བ་ནི་དེ་མ་ཐག་པར་བསྟན་པའོ། །དེ་ལྟར་ཡང༌། སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་བདུན་ཅུ་རྩ་གཉིས་ལ་འགྲོ་བའོ། །དེ་རྣམས་ཀྱི་རྩ་ནི་སུམ་ཅུ་རྩ་གཉིས་ལ་ཞེས་བྱ་བར་བྱས་ནས་སོ། །དེ་ཉིད་བསྟན་པའི་ཕྱིར་ཕན་ཚུན་དུ་བསྟེན་བྱས་ནས་ཞེས་གསུངས་ཏེ། ཕན་ཚུན་དུ་འབྲེལ་པ་ལས་སོ། །དེ་ཉིད་བསྟན་པའི་ཕྱིར། རྩ་སུམ་ཅུ་རྩ་གཉིས་ལ་ཞེས་གསུངས་ཏེ། འཁོར་ལོ་རེ་རེ་ལ་འཁོར་ལོ་བཞིའི་གྲངས་ཀྱིས་སོ། །མཆོག་ཅེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་དང༌། ཐུན་བརྒྱད་ཀྱི་དབྱེ་བས་སོ། །གསལ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་ཆ་ཉིད་ཀྱི་ཕྱིར་གསལ་བའོ། །ཇི་སྐད་དུ། སྟེང་གི་རྩ་བ་ཡལ་ག་མགོ །ལུས་ནི་ཤིང་ཞེས་བརྗོད་པར་བྱ། །ཞེས་གསུངས་སོ། །རྣལ་འབྱོར་ལུས་ཞེས་བྱ་བ་ནི་སྒྲུབ་པ་པོའི་ལུས་སོ། །མཆོག་ཅེས་བྱ་བ་ནི་མཆོག་སྟེ། གཞན་རྣམས་ཀྱང་སྡུད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྩ་ནི་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་འཁོར་ལོ་བཞིའི་དབྱེ་བས་སོ། །རྨད་འབྱུང་ཞེས་བྱ་བ་ནི་བསྡུ་བར་བྱ་བ་སྡུད་པར་བྱེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན་རྣལ་འབྱོར་པས་ཇི་ལྟར་ཉེ་བར་མཚོན་ཞེ་ན། དེའི་ཕྱིར་ཡི་གེ་སུམ་ཅུ་རྩ་གཉིས་ཕྱེ་བས་ཞེས་གསུངས་ཏེ། དབྱངས་ཡིག་བཅུ་དྲུག་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཕྱེ་བའོ། །ཐོབ་ཅེས་བྱ་བ་ནི་ཐོབ་པར་བྱ་བའོ། །རྣལ་འབྱོར་མཆོག་གིས་ཞེས་བྱ་བ་ནི་སྒོམ་པ་པོའི་ཁྱུ་མཆོག་རྣམས་ཀྱིས་སོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །དེ་ལྟར་རྟེན་གྱི་ངོ་བོའི་རྩ་བ་བཤད་ནས། བརྟེན་པའི་དཀྱིལ་འཁོར་གྱི་བཤད་པ་བརྗོད་པའི་ཕྱིར་དེའི་ཡན་ལག་མདོར་བསྟན་པ་ནི། ཕུང་པོ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པ་ལྔའོ། །འབྱུང་བ་ཞེས་བྱ་བ་ནི་ས་ལ་སོགས་པ་བཞིའོ། །དོན་དང་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་ལྔའོ། །དབང་པོའི་ཞེས་བྱ་བ་ནི་དྲུག་སྟེ་ལུས་ཀྱི་ཚིགས་ཐམས་ཅད་དང་རྒྱུས་པའི་མཚམས་ཐམས་ཅད་དང་བཅས་པའོ། །སྒོ་ནི་སྲུང་བར་བྱེད་པ་ཞེས་བྱ་བ་ནི་དཔུང་པ་དང༌། ཉེ་བའི་དཔུང་པ་དང༌། བརླ་དང་བྱིན་པ་ལ་


DTG034_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་དབྱེ་བས་ཁྲོ་བོ་བཅུ་རྣམས་སོ། །སུམ་ཅུ་རྩ་གཉིས་དབྱེ་བདག་ཉིད། །ཅེས་བྱ་བ་ནི་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་ནོ། །སྣང་བ་ཡི་ནི་ཞེས་བྱ་བ་ནི་བརྟེན་པའི་རྣམ་པའོ། །དེ་ལྟར་ཕུང་པོ་ལྔ་ལ་ནི་སངས་རྒྱས་ལྔའོ། །ས་ལ་སོགས་པའི་ཁམས་བཞི་ལ་སྤྱན་མ་ལ་སོགས་པ་ལྷ་མོ་བཞིའོ། །ཡུལ་རྣམས་ལ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔའོ། །མིག་ལ་སོགས་པའི་དབང་པོ་ལྔ་ལ་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་དོ། །ལུས་ཀྱི་ཡན་ལག་དང་ཉིད་ལག་ལ་སོགས་པ་ལ། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་ཞེས་བྱ་བ་སྟེ། སྡུད་པས་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །མཆོག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་རོ། །དེ་ལྟར་སྤྲོ་བའི་རིམ་པས་བརྟེན་པའི་དཀྱིལ་འཁོར་བསྟན་ནས། དེ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། ལུས་ཀྱི་གཞལ་ཡས་ཁང་དུ་ཡང་གསུངས་ཏེ། གཞལ་ཡས་ཁང་དུ་མཚན་ཉིད་དང་ལྡན་པའི་རྣལ་འབྱོར་པ་བརྟེན་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། གྲུ་བཞི་འཕགས་པའི་བདེན་པ་བཞི། །ཚངས་པའི་གནས་བཞི་གྲྭ་རྣམས་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ནི་ཞེས་བྱ་བ་ནི་གཞལ་ཡས་ཁང་གི་ངོ་བོ་ལུས་སོ། །ནང་བཞུགས་པས་ཞེས་བྱ་བ་ནི་ནང་དུ་སྤྱོད་པའོ། །དེ་བཞིན་གཤེགས་དང་ཞེས་བྱ་བ་ནི་སངས་རྒྱས་ལྔའོ། །ལྷ་མོ་དང་ཞེས་བྱ་བ་ནི་སྤྱན་མ་ལ་སོགས་པའོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ནི་ཡུལ་གྱི་ལྷ་མོ་ལྔའོ། །རྒྱལ་སྲས་ཞེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་དོ། །ཁྲོ་བོ་བཅུ་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །ཡང་དག་བཞུགས་ཞེས་བྱ་བ་ནི་རང་གི་ལུས་ལའོ། །དེ་ཉིད་ཅེས་བྱ་བ་ནི་རྣམ་པར་དག་པའི་རིམ་པས་སོ། །མཆོག་ཅེས་བྱ་བ་ནི་མཆོག་གི་རྣམ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དོན་རྣམ་པ་གཉིས་ཀྱིས་སྤྲོ་བའི་རིམ་པས་བརྟེན་པའི་དཀྱིལ་འཁོར་བཤད་པར་བྱས་ནས་སྡུད་པའི་རིམ་པས་དེ་ཉིད་བསྟན་པའི་ཕྱིར། དེའི་ཡན་ལག་རང་གི་ངོ་བོ་ནི་ཁྲོ་བོ་རྒྱལ་སྲས་ལ་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པ་རྣམས་དང༌། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །ནང་དུ་མི་


DTG034_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བར་ཡང་ཞེས་བྱ་བ་ནི་ནང་དུ་སྡུད་པའོ། །འགྲོ་བ་ཞེས་བྱ་བ་ནི་འགྲོ་བར་འགྱུར་བའོ། །ཁྲོ་བོ་དང་བྱང་ཆུབ་སེམས་དཔའ་དག་གཞན་དོན་ལ་ཁྱད་པར་མེད་པའི་ཕྱིར་རོ། །རྒྱལ་སྲས་རྣམས་ནི་ལྷ་མོ་རྣམས། །ཞེས་བྱ་བ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ལ་སའི་སྙིང་པོ་ལ་སོགས་པ་བརྒྱད་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་ཡུལ་གྱི་ལྷ་མོ་རྣམས་ལ་བསྡུས་པས་འགྲོ་བ་སྟེ། ཡུལ་ཅན་རྣམས་ནི་ལུས་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །བསྡུས་ནས་ནི་ཞེས་བྱ་བ་ནི་མདོར་བསྡུས་ནས་སོ། །ས་སོགས་ཞེས་བྱ་བ་ནི་ཁམས་ཀྱི་ལྷ་མོ་སྤྱན་མ་ལ་སོགས་པ་བཞི་པོ་རྣམས་ལས་སོ། །དེ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་སོ། །འགྲོ་ཞེས་བྱ་བ་ནི་བསྡུས་ནས་འགྲོ་བའོ། །འཁོར་རྣམས་ནི་གཙོ་བོ་ལ་བསྡུས་པའི་ཕྱིར་དང༌། ལྷ་མོ་ཉིད་དུ་མཚུངས་པའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ནི་ཁམས་ཀྱི་ལྷ་མོ་བཞི་པོའོ། །དེ་བཞིན་གཤེགས་པ་ལྔ་ལ་ཞེས་བྱ་བ་ནི་སངས་རྒྱས་ལྔ་ལ་སྟེ། ཆོས་ཉིད་ཆོས་རྣམས་ལས་ཐ་དད་པ་མེད་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ། ད་དག་ལ་ཡང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔ་རྣམས་སོ། །སྐུ་ལ་སོགས་པ་གསུམ་བསྡུས་ནས། །ཞེས་བྱ་བ་ནི་ཁོངས་སུ་བསྡུས་པར་འགྲོ་བའོ། །གཏི་མུག་གི་རིགས་ལ་རིན་ཆེན་འབྱུང་ལྡན་ནང་དུ་སྡུད་པའོ། །གཏི་མུག་དང་ང་རྒྱལ་དག་གཅིག་པ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ཀྱི་རིགས་ལ་ལས་ཀྱི་རིགས་ཁོངས་སུ་གཏོགས་པའི་ཕྱིར་རོ། །ཆགས་པའི་དབང་གིས་ཕྲག་དོག་སྐྱེ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་མཆོག་གཅིག་པུ་དེ་ལ་ཡང་ནི་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་གསུམ་པའོ། །གཅིག་བུ་ཞེས་བྱ་བ་ནི་གྲིབ་མའི་རིགས་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོའི་རིགས་ལའོ། །མཆོག་ཅེས་བྱ་བ་ནི་སྤྲོས་པ་ཐམས་ཅད་ལས་འདས་པའོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་མ་བཅོས་པའི་རང་བཞིན་ནོ། །ཐིམ་ནས་ཞེས་བྱ་བ་ནི་བསྡུས་ནས་སོ། །ཞི་བ་ཞེས་བྱ་བ་ནི་བདེ་ལེགས་བྱེད་པའི་ཕྱིར་རོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། གཟུང་བ་དང༌། འཛིན་པ་རྣམས་ལས་གྲོལ་ཞེས་གསུངས་ཏེ། སྣང་བ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཐམས་ཅད་ཀྱི་ནི་གཞི། །ཞེས་བྱ་བ་ནི་ཟག་པ་མེད་པའི་བདེ་


DTG034_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟེན་ལའོ། །མཆོག་ཅེས་བྱ་བ་ནི་མི་སློབ་པའི་ཕྱིར་བླ་ན་མེད་པའོ། །དེ་ཡང་ཞེས་བྱ་བ་ནི་རྡོ་རྗེ་འཆང་གི་ངོ་བོའོ། །ཉམས་མྱོང་ཙམ་ལས་ཞེས་བྱ་བ་ནི་རང་གི་སེམས་ཀྱིས་སོ། །ཡི་གེ་ཙམ་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་རྣམ་པ་ཙམ་རང་གི་སེམས་སོ། །ཡི་གེ་ཙམ་ནི་ཨ་ཡིག་གི་ངོ་བོ་སྟེ། ཐིམ་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །ཡི་གེ་ཙམ་ནི་ཐིག་ལེར་ཐིམ། །ཞེས་བྱ་བ་ནི་ཡི་གེ་ཙམ་ནི་ཨ་ཡིག་གི་ངོ་བོའོ། །ཐིག་ལེ་ཞེས་བྱ་བ་ནི་ཕྲ་བ་དང་རིག་པའི་ངང་ཚུལ་ཅན་བརྗོད་དུ་མེད་པ་ལའོ། །དེ་ཡང་ཞེས་བྱ་བ་ནི་ཐིག་ལེའི་ངོ་བོའོ། །སྒྲ་ལ་ཞེས་བྱ་བ་ནི་བྲག་ཅའི་སྒྲ་དང་འདྲ་བའི་རང་བཞིན་གྱིས་འོད་གསལ་བའོ། །ཐིམ་ནས་འགྲོ་ཞེས་བྱ་བ་ནི་བསྡུས་ནས་འགྲོ་བའོ། །སྒྲ་ཙམ་ཞེས་བྱ་བ་ནི་དེ་བས་ཀྱང་ཕྲ་བ་ལའོ། །འོད་གསལ་བ་ལའོ་ཞེས་བྱ་བ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ལའོ། །འོད་གསལ་གོ་འཕང་ཞེས་བྱ་བ་ནི་འོད་གསལ་གྱི་ངོ་བོའོ། །ཡང་དག་པར་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོའོ། །སྤྲོ་བ་དང་བསྡུས་པའི་མཚན་ཉིད་དོ་ཞེས་བྱ་བ་ནི་རང་གི་བསྐྱེད་པ་དང་འཇིག་པའི་མཚན་ཉིད་དང་བྲལ་བ་ཉིད་ཀྱིས་དེ་དང་དེའི་རྣམ་པ་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། །དེ་ལྟར་བསྡུས་པའི་རིམ་པས་དེའི་བཤད་པ་རང་གི་ངོ་བོ་བསྟན་ནས། དེ་ཉིད་ཀྱི་མིང་གི་རྣམ་པ་བརྗོད་པའི་ཕྱིར། རྣམ་པར་ཤེས་པ་ཞེས་བྱ་བ་གསུངས་ཏེ། དེ་ཉིད་རང་བཞིན་གྱིས་འོད་གསལ་བའི་ངོ་བོའོ། །དེ་ནི་རང་བཞིན་གྱི་རྣམ་པས་ཐམས་ཅད་ཤེས་པའི་ཕྱིར་རྣམ་པར་ཤེས་པ་ཞེས་བརྗོད་དོ། །ཆོས་ཀྱི་དབྱིངས་དང་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་དབྱིངས་ཏེ། རིགས་ཤེས་པར་བྱས་ནས་སོ། །དོན་དམ་པ་དང་ཞེས་བྱ་བ་ནི་མཆོག་གི་ཡེ་ཤེས་ཀྱི་ཡུལ་ཉིད་ཀྱི་ཕྱིར་དང༌། མཆོག་གི་སྐྱེས་བུའི་དོན་ཉིད་ཀྱི་ཕྱིར་དང༌། རང་ཉིད་ཀྱི་དགོས་པ་ཆེན་པོ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེ་ཞེས་བྱ་བ་ནི་སྡུག་བསྔལ་མ་ལུས་པ་བཟློག་པས་དོན་དམ་པ་བྱང་ཆུབ་སེམས་ཀྱི་རྣམ་པའོ། །གཟུང་བ་དང་འཛིན་པ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཡུལ་དང་དབང་པོའི་སྣང་བ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་སྐུ་གསུམ་གྱི་རྣམ་པའི་བྱང་ཆུབ་ཀྱི་ཡུལ་ཉིད་ཀྱི་ཕྱིར་རོ། །དྲི་མ་མེད་ཅེས་


DTG034_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱ་ལ་སོགས་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་རྣམ་པའོ། །ཞི་བ་ཆེ་ཞེས་བྱ་བ་ནི་གདོང་མ་ཉིད་ནས་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་རོ། །གཉིས་མེད་ཡེ་ཤེས་ཞེས་བྱ་བ་ནི་དེའི་བདག་པོ་ཉིད་ཀྱི་ཟུང་དུ་འཇུག་པ་བརྗོད་པའི་ཕྱིར་རོ། །རྨད་དུ་བྱུང་བ་ཞེས་བྱ་བ་ནི་འབད་རྩོལ་མེད་པར་སེམས་ཅན་གྱི་དོན་ལ་འཇུག་པས་སོ། །དབང་བསྐུར་བ་བཞི་པ་ཞེས་བྱ་བ་ནི་དབང་བཞི་པའི་ངོ་བོའོ། །བདེ་བ་དང་ཞེས་བྱ་བ་ནི་དཔེའི་སྒོ་ནས་མཚོན་པའོ། །བཞི་པའི་དགའ་བ་ཞེས་བྱ་བ་ནི་དོན་གྱི་ལྷན་ཅིག་སྐྱེས་པའི་རྣམ་པ་དགའ་བ་བཞིའི་ངོ་བོའོ། །གོ་འཕང་མཆོག་ཅེས་བྱ་བ་ནི་མི་སློབ་པའི་ལམ་གྱི་རྣམ་པ་ཉིད་ཀྱི་ཕྱིར་རོ། །དེ་སོགས་མིང་གི་བྱེ་བྲག་གིས། །ཞེས་བྱ་བ་ནི་མིང་གི་དབྱེ་བས་སོ། །གསུངས་པ་ཡིན་ཞེས་བྱ་བ་ནི་བརྗོད་པའོ། །གོ་འཕང་མཆོག་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངོ་བོའོ། །སྤྲོ་བ་དང་སྡུད་པའི་དབྱེ་བ་ཡིས་ཞེས་བྱ་བ་ནི་གཉི་གའི་རྣམ་པས་སོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །རིམ་པ་ཞེས་བྱ་བ་ནི་གོ་རིམས་ཀྱིས་སོ། །དེ་ལྟར་ན་རྣམ་པ་གཉིས་ཀྱིས་བསྡུ་བའི་རིམ་པས་བརྟེན་པའི་དཀྱིལ་འཁོར་བཤད་དོ། །དེ་ལྟར་བརྟེན་པའི་དཀྱིལ་འཁོར་བཤད་ནས། ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། དེ་ལྟར་བསྐྱེད་ནས་རྫོགས་པ་ནི། །ཞེས་གསུངས་ཏེ། ལེའུ་འདི་ཉིད་ལས་བསྟན་པའོ། །བླ་མའི་ཞལ་ལས་ཞེས་བྱ་བ་ནི་སློབ་དཔོན་གྱིས་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །རང་རིག་པ་ཞེས་བྱ་བ་ནི་ངག་གི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རང་གི་རིག་པར་བྱ་བའོ། །ཡེ་ཤེས་ཀྱི་མཆོག་ཅེས་བྱ་བ་ནི་བསྒོམས་བཞིན་པ་ཉིད་ཀྱིས་ཡེ་ཤེས་མཆོག་གི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་ཕྱི་རོལ་གྱི་སྤྲོས་པ་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་རོ། །གཉིས་མེད་མཚན་ཉིད་ཅན་ཞེས་བྱ་བ་ནི་ཐ་དད་པའི་སྣང་བ་ཉེ་བར་ཆད་པས་གཅིག་པ་ལ་ཆོས་ཀྱི་དབྱིངས་ཙམ་པོའི་ལྷག་མ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་བཅོ་བརྒྱད་པའི་རྒྱ་ཆེར་བཤད་པའོ།། །།


previousལེའུ་བཅོ་བརྒྱད་པ། རྣལ་འབྱོར་པའི་ལུས་ལ་རྩ་བསྡུས་པའི་ཡུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།next