Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་བཞི་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཉི་ཤུ་རྩ་གཅིག་པ། ཐིག་ལེ་གསུམ་གྱི་རྣམ་པར་དབྱེ་བའི་ཡུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་ཉི་ཤུ་རྩ་གཅིག་པ། ཐིག་ལེ་གསུམ་གྱི་རྣམ་པར་དབྱེ་བའི་ཡུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།next

ལེའུ་ཉི་ཤུ་རྩ་གཅིག་པ། ཐིག་ལེ་གསུམ་གྱི་རྣམ་པར་དབྱེ་བའི་ཡུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།


DTG034_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ལེའུ་ཉི་ཤུ་པས་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བའི་ཡུལ་ལ་དྲི་བའི་ལན་བརྗོད་ནས། ད་ནི་ཐིག་ལེ་གསུམ་གྱི་རྣམ་པར་དབྱེ་བའི་ཡུལ་ལ་དྲི་བའི་ལན་བརྗོད་པ་བསྟན་པའི་ཕྱིར། ལེའུ་ཉི་ཤུ་རྩ་གཅིག་པ་སྟོན་པར་བྱེད་ཅིང༌། དང་པོར་རེ་ཞིག་དེ་རྩོམ་པར་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་


DTG034_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། ལེའུ་ཉི་ཤུ་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔར་ལ་ལྟོས་པ་དང་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཐོས་པ་ལ་སྦྱར་བ་ཉིད་ཀྱི་ཕྱིར་རོ། །ཐིག་ལེ་གསུམ་ནི་བཤད་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །རྫས་དང་སྔགས་དང། འོད་ཀྱི་ངོ་བོ་ཉིད་ཀྱིས་མཚུངས་པ་ཉིད་ཀྱི་ཕྱིར་རོ། །བླ་ན་མེད་པ་ཞེས་བྱ་བ་ནི་བླ་ན་མེད་པའི་ངག་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་གང་གིས་ཞེས་བྱ་བ་གསུངས་ཏེ། ཐིག་ལེ་གསུམ་གྱིས་སོ། །ཤེས་པ་ཙམ་གྱིས་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་རིམ་པས་ཁོང་དུ་ཆུད་པ་ཙམ་གྱིས་སོ། །དངོས་གྲུབ་འགྱུར་ཞེས་བྱ་བ་ནི་སེམས་བསྟན་པའི་ངོ་བོའོ། །ཇི་ལྟར་ཞེ་ན། དེའི་རྣལ་འབྱོར་པའི་ཞེས་བྱ་བ་གསུངས་ཏེ། རིམ་པ་གཉིས་སྒོམ་པ་ལ་གནས་པའོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། དངོས་སུ་དེ་བརྗོད་པའི་ཕྱིར། དེའི་ཡན་ལག་གི་ཐིག་ལེ་གསུམ་གྱི་ངོ་བོ་རྫས་ཀྱི་ཐིག་ལེ་བཤད་པ་ནི། རྩ་རྣམས་ཀུན་དུ་དབབ་པ་དང༌། །ཞེས་གསུངས་ཏེ། ཕྱི་རོལ་གྱི་ཐབས་ཤེས་རབ་སྙོམས་པས་ལུས་སུ་གཏོགས་པའི་རྩ་རྣམས་ཐམས་ཅད་ལ་དབབ་པ་ནི་གཞུག་པའི་ཕྱིར་རོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་རྣམ་པ་བདེ་བ་ཆེན་པོའི་གནས་སུ་ཞུ་བར་གྱུར་ནས་འབྱུང་བ་སྟེ་དེ་ལས་སོ། །བསྟན་བྱས་པ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིགས་པས་བསྟན་པར་བྱས་པའོ། །སེམས་དེ་ཉིད་ལས་ཐབས་ཤེས་རབ་ཀྱི་ངོ་བོ་སྒོམ་པ་པོ་ལ་ལྟོས་པས་སོ། །རྡོ་རྗེའི་རྩེ་དང་པདྨའི་རྩེར། །རླུང་ནི་གཟུང་བའི་སྐད་ཅིག་ལ། །ཞེས་བྱ་བ་ནི་རླུང་ནི་སྲོག་གི་རླུང་སྟེ། རྣལ་འབྱོར་མཆོག་གིས་ཐོབ་པར་བྱེད། །ཅེས་བྱ་བ་དང་འབྲེལ་ཏོ། །གཞན་ཡང་ཐབས་གང་གིས་རྫས་ཀྱི་ཐིག་ལེ་གཟུང་བར་བྱ་ཞེ་ན། དེའི་ཕྱིར། རྐན་ལ་ཡི་གེའི་སྦྱོར་བ་དང༌། །ཞེས་གསུངས་ཏེ། རྐན་ནི་ཆོས་འབྱུང་གི་དབུས་སུ་ཤིན་ཏུ་རིང་བའི་རྩའི་ངོ་བོའོ། །དེ་ལ་སྡེབས་པའི་སྦྱོར་བ་ནི་ཤིན་ཏུ་དམ་པ་ཉིད་ཀྱིས་བསྡམས་པའོ། །དེའི་སྦྱོར་བ་ནི་རབ་ཏུ་སྦྱོར་བས་སོ། །ཀྵླཱི་སྔགས་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྡོ་རྗེའི་རྩེ་མོར་བསྒོམས་པས་སོ། །རྣལ་འབྱོར་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་བསྒོམས་པས་སོ། །ཐོས་པར་བྱེད་ཅེས་བྱ་བ་ནི་ཤིན་ཏུ་རྟོགས།


DTG034_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའོ། །མཆོག་ཅེས་བྱ་བ་ནི་སེམས་བརྟན་པའི་རྒྱུར་གྱུར་པའི་ངག་འོད་གསལ་བའོ། །རྣལ་འབྱོར་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་རོ། །བདེ་བ་ཀུན་གྱི་གཞི་ཞེས་བྱ་བ་ནི་ཟག་པ་མེད་པའི་བདེ་བའི་གཞིའོ། །མཆོག་ཅེས་བྱ་བ་ནི་སོ་སོའི་སྐྱེ་བོའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །དེ་ལྟར་རྫས་ཀྱི་ཐིག་ལེ་རྒྱས་པར་བསྟན་ནས། སྔགས་ཀྱི་ཐིག་ལེ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་སྙིང་གའི་གནས་ལའོ། །མཆོག་ཅེས་བྱ་བ་ནི་མཆོག་གི་ངོ་བོ་སྟེ། སེམས་ཀྱི་རྟེན་དུ་གྱུར་པའི་ཕྱིར་རོ། །སྙིང་གའི་པདྨའི་ལྟེ་བ་ལ། །ཞེས་བྱ་བ་ནི་སྙིང་གའི་ཆུ་སྐྱེས་ཀྱི་དབུས་སུའོ། །ངེས་པ་ཞེས་བྱ་བ་ནི་ངེས་པར་བྱས་ནས་སེམས་ཀྱི་ཞེས་བྱ་བའི་ལྷག་མའོ། །ཧཱུཾ་ཡིག་ཅེས་བྱ་བ་ནི་ཆ་ལྔ་པའི་རྣམ་པར་སྔགས་ཀྱི་ཐིག་ལེ་ལ་ཆ་ཤས་ཡོངས་སུ་གྱུར་པ་ལས་དེ་གྲུབ་པའི་ཕྱིར་རོ། །ཐམས་ཅད་སྟོང་པ་ཉིད་བདག་ཉིད། །ཅེས་བྱ་བ་ནི་སེམས་ཀྱི་ཁྱད་པར་ལའོ། །རང་བཞིན་གྱིས་འོད་གསལ་བ་ནི། དོན་དམ་པར་སེམས་ཉིད་དེ། །ཞི་བ་ཞེས་བྱ་བ་ནི་རང་དང་གཞང་ཡི་དོན་ཕུན་སུམ་ཚོགས་པའི་རྒྱུ་ཉིད་དུ་གྱུར་པའི་ཕྱིར་རོ། །དངོས་དང་དངོས་མེད་རྣམ་པར་གྲོལ། །ཞེས་བྱ་བ་ནི་དོན་དམ་པར་རང་བཞིན་མེད་པ་ཉིད་ཀྱི་ཕྱིར། དངོས་པོ་ལས་རྣམ་པར་གྲོལ་བའོ། །ཡི་གེའི་ངོ་བོ་ཉིད་ཀྱིས་རྣལ་འབྱོར་པའི་ཤེས་པ་ལ་སྣང་བའི་ཕྱིར། དངོས་མེད་ལས་རྣམ་པར་གྲོལ་བའོ། །ཡེ་ཤེས་ལུས་ཅན་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་ཀྱིས་ཉེ་བར་ཐོབ་པའི་ཕྱིར་རོ། །ཕྱོགས་ཡུལ་དུས་དང་རྣམ་པར་བྲལ། །ཞེས་བྱ་བ་ནི་དངོས་པོ་ལ་ཡུལ་དང་དུས་དང་རྣམ་པ་རྣམས་ཀྱིས་ཡོངས་སུ་འཆད་པ་མ་ཡིན་པའོ། །ཐོག་མ་བར་དང་ཐ་མ་སྤངས། །ཞེས་བྱ་བ་ནི་ཡི་གེ་མེད་པའི་བདག་ཉིད་ཀྱི་ཕྱིར་རོ། །ཡི་གེའི་རང་བཞིན་ཧཱུཾ་ཡིག་ལ་སོགས་པ་ལ་ཐོག་མ་དང་པར་མ་ལ་སོགས་པ་ཐ་དད་པར་བརྟགས་པས་ལེགས་པ་སྟེ། འདི་ལ་ཡང་དེ་སྤངས་པ་ཉིད་ཀྱི་ཕྱིར་དེ་བཞིན་དུ་ཞེས་བྱ་བའོ། །ཆ་མེད་ཅེས་བྱ་བ་ནི་ཆ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །རང་གི་ངོ་བོས་གནས་ཞེས་བྱ་བ་ནི་རང་གི་ངོ་བོས་གནས་པ་ཉིད་ཀྱི་ཕྱིར་རོ། །ངག་གི་དྲི་མ་ཡོངས་སུ་སྤངས། །ཞེས་བྱ་བ་ནི་སྤྲོས་པ་མེད་པ་ཉིད་ཀྱིས་ངག་གི་སྤྲོས་པའི་སྤྱོད་


DTG034_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཏན་ཚིགས་ཚད་མ་དང་བྲལ་ཞེས་བྱ་བ་ནི་རྟོག་གེ་པས་ཡོངས་སུ་བརྟགས་པའི་མངོན་སུམ་དང་རྗེས་སུ་དཔག་པ་ལས་ཕྱི་རོལ་དུ་འགྱུར་བ་ཉིད་ཀྱི་ཕྱིར་གཏན་ཚིགས་དང༌། ཚད་མ་དག་གིས་སྤངས་པ་ཞེས་བྱ་བ་བྱས་ནས་སོ། །རྟོག་པའི་སྤྱོད་ཡུལ་འདས་པ་ཞེས་བྱ་བ་ནི་རང་རྒྱུད་ལོག་པའི་རྣམ་པར་རྟོག་པ་ལས་རིང་བ་ཉིད་དུ་ཡུལ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་བྱ་བ་ནི་གཉིས་ཀྱི་རྣམ་པར་རྟོག་པ་མ་ལུས་པས་མ་གོས་པའོ། །རྟག་ཅིང་ཞེས་བྱ་བ་ནི་རང་བཞིན་གྱིས་རྟག་པའོ། །མཆོག་ཏུ་ཞེས་བྱ་བ་ནི་གཅིག་ཏུ་རྣལ་འབྱོར་པའི་ཡུལ་རྟོགས་པ་ཉིད་ཀྱི་ཕྱིར་རོ། །ཞིའོ་ཞེས་བྱ་བ་ནི་དེ་ལས་འབད་པ་མེད་པར་གཞན་དོན་འགྲུབ་པའི་ཕྱིར་རོ། །འདི་ནི་སྔགས་ཀྱི་ཐིག་ལར་བཤད། །ཅེས་བྱ་བ་ནི་སྙིང་གའི་གནས་སུ་རླུང་ལྔའི་བདག་ཉིད་ཆ་ལྔ་པ་བསྒོམས་པས་སོ། །ཞེ་སྡང་གི་རིགས་ཅན་གྱི་རྣལ་འབྱོར་པ་ལ་ལྟོས་པས་སོ། །དངོས་གྲུབ་སྟེར་ཞེས་བྱ་བ་ནི་རྡོ་རྗེའི་བཟླས་པའི་མཚན་ཉིད་ཅན་གྱི་དངོས་གྲུབ་སྟེར་བའི་ཕྱིར་རོ། །རྣལ་འབྱོར་རྣམས་ཀྱི་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་སྒོམ་པ་པོ་རྣམས་ལའོ། །རྟག་པའི་ཞེས་བྱ་བ་ནི་འབྲས་བུ་ཐོབ་པའི་མཐར་ཐུག་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་སྔགས་ཀྱི་ཐིག་ལེ་རྒྱས་པར་བཤད་པ་བསྟན་ནས། འོད་ཟེར་གྱི་ཐིག་ལེ་བསྟན་པའི་ཕྱིར། རླུང་གི་ཐིག་ལེ་ཞེས་བྱ་བ་གསུངས་ཏེ། རླུང་ལྔ་བསྡུས་པའི་རིམ་པའོ། །རྣལ་འབྱོར་མཆོག་ཅེས་བྱ་བ་ནི། སེམས་རྩེ་གཅིག་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཁ་དོག་རྣམ་ལྔ་ཞེས་བྱ་བ་ནི་རླུང་ལྔ་པོ་དེ་བཞིན་གཤེགས་པ་ལྔའི་མདོག་ཅན་ཉིད་ཀྱི་ཕྱིར་རོ། །གསལ་བ་ཆེ་ཞེས་བྱ་བ་ནི་འབར་བའི་རྣམ་པས་རྣལ་འབྱོར་པའི་ཤེས་པ་ལྔ་སྣང་བའི་ཕྱིར་རོ། །སྣ་རྩེར་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སྣ་རྩེར་རོ། །སྦྱོར་བའི་རྣལ་འབྱོར་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་སོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་རྣལ་འབྱོར་པས་དམིགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཀུན་ནས་ཀྱང་ནི་འདི་འདྲ་བའི། །ཨ་ཡིག་སྔགས་ཀྱི་མཆོག་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་ཨ་ཡིག་གི་རྣམ་པའོ། །དེ་དང་ཕྱི་རོལ་པ་ཉིད་ཀྱིས་དེ་མེད་པ་ཉིད་ཀྱི་


DTG034_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །བཟླས་པར་བྱ་ཞེས་བྱ་བ་ནི་རླུང་གི་གྲངས་ཉེ་བར་ཐོབ་པ་ལའོ། །རྣལ་འབྱོར་པ་ཡིས་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་སྒོམ་པ་པོས་སོ། །དེ་ལྟར་འོད་ཟེར་གྱི་ཐིག་ལེ་བསྒོམ་པ་བཤད་ནས། ཐིག་ལེ་གསུམ་བསྒོམ་པའི་ཕན་ཡོན་བརྗོད་པའི་ཕྱིར། སྔ་མ་བཞིན་དུ་ཞེས་བྱ་བ་ནི། ལེའུ་དྲུག་པར་བསྟན་པའི་ཐིག་ལེའི་དབྱེ་བའི་ཕན་ཡོན་བྱས་པའི་ཆོ་གས་སོ། །ཇི་སྐད་དུ། དེ་ལས་རྐང་མགྱོགས་གསེར་འགྱུར་དང་ནི་དུག་ལས་རྒྱལ་དང་མེ་ཡི་ནང་དུ་འཇུག་པ་ལ་སོགས་དང༌། །མངོན་ཤེས་ལྔ་ཡི་གོ་འཕང་དང་ནི་ཤིན་ཏུ་ཆེ་བའི་ཡེ་ཤེས་རྣམས་ནི་ཁྱོད་ཀྱིས་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་ལྔ་ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལྔའོ། །མངོན་ཤེས་ལྔ་ཡི་མཚན་ཉིད་ཅན། །ཞེས་བྱ་བ་ནི་ལྷའི་མིག་ལ་སོགས་པའི་ངོ་བོའོ། །ཞི་བ་ལ་སོགས་དེ་བཞིན་བསྒྲུབ། །ཅེས་བྱ་བ་ནི་འཇིག་རྟེན་པའི་དངོས་གྲུབ་རྣམས་སོ། །ཇི་སྐད་དུ། མེ་དང་རླུང་དང་དབང་ཆེན་དང༌། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་དུ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་གནས་པར་འགྱུར། །ཞེས་གསུངས་སོ། །ཐོབ་པར་འགྱུར་ཞེས་བྱ་བ་ནི་ཐིག་ལེ་གསུམ་སྒོམ་པ་པོའི་རྣལ་འབྱོར་པས་སོ། །རིམ་པའི་མཚན་ཉིད་ཅན་ཞེས་བྱ་བ་ནི་སྐས་ཀྱི་གདང་བུའི་རིམ་པའི་རིགས་པས་འགྲུབ་པའི་ཕྱིར་ཅིག་ཅར་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་བཞིས་ཐིག་ལེ་གསུམ་གྱི་ངོ་བོ་བསྟན་ནས། དེ་ཉིད་ཀྱི་རྩ་གསུམ་གྱི་ངོ་བོ་བརྗོད་པའི་ཕྱིར། དེའི་ཡན་ལག་རང་གི་ངོ་བོ་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཞེས་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་ཐིག་ལེ་གསུམ་སྐུ་ལ་སོགས་པའི་དབྱེ་བས་ལ་ལ་ནཱ་དང༌། ར་ས་ནཱ་དང༌། ཨ་བ་དྷཱུ་ཏཱིའི་ངོ་བོ་གསུངས་སོ། །དེ་ལ་ལུས་ལ་སོགས་པ་གཉིས་གང་ལ་ཡང་འབྲེལ་པར་བྱ་སྟེ། དེ་ལ་ལུས་ཀྱི་རྩ་ནི་ཁྲག་འབབ་པའོ། །ངག་གི་རྩ་ནི་ཁུ་བ་འབབ་པའོ། སེམས་ཀྱི་རྩ་ནི་རྣམ་པར་རྟོག་པ་ཐམས་ཅད་ཟ་བར་བྱེད་པས་ན་སྒྲ་གཅན་འབབ་པའོ། །ཡང་ན་ལུས་ཀྱི་ཐིག་ལེ་ནི་གཏི་མུག་གི་རིགས་ཅན་གྱི་རྣལ་འབྱོར་པ་ལ་ལྟོས་ནས་འོད་ཟེར་གྱི་ཐིག་ལེའི་ངོ་བོའོ། །


DTG034_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་ཐིག་ལེའི་རྫས་ཀྱི་ཐིག་ལེའི་ངོ་བོ་འདོད་ཆགས་ཀྱི་རིགས་ཅན་གྱི་རྣལ་འབྱོར་པ་ལ་ལྟོས་པས་སོ། །སེམས་ཀྱི་ཐིག་ལེ་སྔགས་ཀྱི་ཐིག་ལེའི་ངོ་བོ་ཞེ་སྡང་གི་རིགས་ཅན་གྱི་རྣལ་འབྱོར་པ་ལ་ལྟོས་པས་སོ། །བསྡུས་ནས་ཞེས་བྱ་བ་ནི་རྩ་མ་ལུས་པ་བསྡུས་ནས་སོ། །སླར་ཡང་དབྱེ་བ་ནི་སླར་ཡང་དབྱེ་བས་སྣ་ཚོགས་པའི་ངོ་བོ་ཉིད་ཀྱིས་སོ། །འགྲོ་ཞེས་བྱ་བ་ནི་འགྲོ་བའོ། །སོ་སོར་ཞེས་བྱ་བ་ནི་སོ་སོའི་རྩའི་ངོ་བོས་སོ། །དེ་ཡང་ཕན་ཚུན་ཏེ། གཅིག་ལ་གཅིག་གིས་ཞེས་བྱ་བའི་དོན་ཏོ། །ཡང་ན་སླར་ཡང་དབྱེ་བ་ནི། རྩ་གསུམ་གྱི་ངོ་བོ་ཉིད་དང། ཐིག་ལེ་གསུམ་གྱི་ངོ་བོ་ཉིད་ཀྱིས་སོ། །སོ་སོ་མ་ཡིན་པར་ཁྱབ་པར་ཞེས་བྱ་བའི་འདོད་པས་སོ། །ཕན་ཚུན་རྩ་གསུམ་ལའམ་ཐིག་ལེ་གསུམ་ལའོ། །སོ་སོ་མ་ཡིན་པ་ཞེས་བྱ་བ་ནི་ཐ་མི་དད་པས་སོ། །ཁྱབ་པ་ནི་ཁྱབ་པར་བྱེད་པ་ཉིད་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྩ་གསུམ་གྱི་ངོ་བོ་བསྟན་ནས། ཐིག་ལེ་གསུམ་ལ་ཕན་ཚུན་དུ་ཐིག་ལེ་གསུམ་གྱི་ངོ་བོ་ཉིད་བརྗོད་པའི་ཕྱིར། ཁོངས་སུ་ཞེས་བྱ་བ་གསུངས་ཏེ། རྫས་ཀྱི་ཐིག་ལེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོ་ལའོ། །སྔགས་དང་རླུང་དག་གི་ཁོངས་སུ་ཆུད་པ་ཞེས་བྱ་བ་དང་འབྲེལ་ཏོ། །སྔགས་དང་འོད་ཟེར་གྱི་ཐིག་ལེ་དག་ཁོངས་སུ་ཆུད་པ་ཞེས་བྱ་བའི་དོན་ཏོ། །རྫས་ཀྱི་ཐིག་ལེ་ལ་ཧཱུཾ་ཡིག་གི་རྣམ་པ་ཉིད་ཀྱི་ཕྱིར་རླུང་ལྔའི་བདག་ཉིད་ཀྱི་ཕྱིར་རོ། །སྔགས་ཀྱི་ཐིག་ལེ་ཞེས་བྱ་བ་ནི་སྙིང་གར་གནས་པའི་ཧཱུཾ་ཡིག་ལའོ། །དེ་ཉིད་མཆོག་ཅེས་བྱ་བ་ནི་སེམས་ཀྱི་ས་བོན་ཉིད་ཀྱི་ཕྱིར་མཆོག་གི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་ནོ། །ཐིག་ལེ་གཉིས་ནི་རྫས་དང་འོད། །ཅེས་བྱ་བ་ནི་ཁོངས་སུ་བསྡུས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཧཱུཾ་ཡིག་རླུང་ལྔའི་བདག་ཉིད་ཀྱི་ཕྱིར་དང༌། བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སླར་ཡང་རླུང་གི་ཐིག་ལེ་ཡང༌། །ཞེས་བྱ་བ་ནི་འོད་ཟེར་གྱི་ཐིག་ལེའོ། །སྔགས་དང་རྫས་ཀྱི་བདག་ཉིད་ཅན། །ཞེས་བྱ་བ་ནི་རྫས་དང་སྔགས་ཀྱི་ཐིག་ལེ་དག་ནང་དུ་བསྡུས་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ཡང་སྔགས་དང་རྫས་ཕྱི་རོལ་དུ་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །ཡང་དག་ཤེས་ཞེས་བྱ་བ་ནི་ཇི་ལྟར་གནས་པའི་ངོ་བོ་ཤེས་


DTG034_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འདིར་ཞེས་བྱ་བ་ནི་འཇིག་རྟེན་འདིར་རོ། །རྣལ་འབྱོར་པ་ཡིས་ཞེས་བྱ་བ་ནི། རླུང་གི་དེ་ཉིད་སྒོམ་པ་པོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐིག་ལེ་གསུམ་ཕན་ཚུན་དུ་ཐིག་ལེ་གསུམ་གྱི་ངོ་བོ་ཉིད་བསྟན་ནས། སླར་ཡང་རྩ་གསུམ་གྱི་ངོ་བོ་རྒྱས་པར་བསྟན་པ་བརྗོད་པའི་ཕྱིར། ཟླ་བ་ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་བ་ཉི་མ་མེའི་རྩ་གསུམ་པོ་མི་རྒྱུ་བ་རྣམས་ལའོ། །མཚན་ཉིད་དོ་ཞེས་བྱ་བ་ནི་ཐིག་ལེ་གསུམ་གྱི་ངོ་བོ་ཉིད་ཀྱིས་མཚོན་པ་ཞེས་བྱ་བའི་དོན་ཏོ། །གསུམ་ཞེས་བྱ་བ་བརྗོད་དེ། དེ་ལ་མི་ཤེས་པས་གསུམ་པོ་དེ་ཉིད་གང་ཡིན་སྙམ་པ་ལ། དེའི་ཕྱིར་ལ་ལ་ནཱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་སྐད་དུ། དགྱེས་པ་རྡོ་རྗེའི་རྒྱུད་ལས། ཤེས་རབ་ངོ་བོ་ལ་ལ་ནཱ། །ར་ས་ནཱ་ནི་ཐབས་ཀྱིས་གནས། །ཨ་བ་དྷཱུ་ཏཱི་དབུས་མའི་ཡུལ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་རང་བཞིན་དང༌། དེ་ཉིད་དུ་ནི་ཞེས་བྱ་བ་ནི་གསུམ་ཉིད་ནི་དེ་མ་ཐག་པར་གསུངས་པའི་རིགས་པས་དེ་མ་ཐག་པར་གསུངས་པའོ། །ཡོངས་སུ་གྲགས་ཞེས་བྱ་བ་ནི་བརྗོད་པའོ། །སྟེང་དང་འོག་ཏུ་ཁྱབ་པ་ཉིད། །ཅེས་བྱ་བ་ནི་རྩ་གསུམ་གཙོ་བོར་གྱུར་པ་དེ་རྣམས་ནི་གཙོ་བོའི་རྩ་རྣམས་སོ། །སོ་སོར་ལུ་གུ་རྒྱུད་ཚུལ་ཞེས་བྱ་བ་ནི་དབུས་སུ་མདུད་པ་བརྗོད་པར་འདོད་པས་སྟེང་དང་འོག་གི་དབྱེ་བས་ཐ་དད་པའི་ཕྱིར་དྲུག་ཉིད་དུ་འགྱུར་རོ། །ཇི་སྐད་དུ། བཤད་གཅི་ཟླ་བ་ཉི་མ་དང༌། །སྒྲ་གཅན་དུས་མེའི་རྩ་རྣམས་ནི། །དྲུག་ཅེས་བྱ་བ་ལ་སོགས་པའོ། །རྩ་རྣམས་ཀུན་ལ་ཁྱབ་ནས་ནི། །ཞེས་བྱ་བ་ནི་དེ་མ་ཐག་པར་གསུངས་པའི་གསུངས་པ་དེ་རྣམས་ཉིད་ནི་དེ་ལས་གཞན་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །དེ་མེད་པར་དེ་ལས་གཞན་པ་རྣམས་ཀྱི་ངོ་བོ་མ་གྲུབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ཡང་དག་རིམ་པར་ཞེས་བྱ་བ་ནི་བླ་མའི་གདམས་ངག་ལ་བརྟེན་ནས་ཐམས་ཅད་མཁྱེན་པའི་གསུང་གི་ཚད་མས་སོ། །གནས་ཞེས་བྱ་བ་ནི་རྣམ་པར་གནས་པའོ། །དེ་ལྟར་སླར་ཡང་རྩ་གསུམ་གྱི་ངོ་བོ་ཉིད་ཀྱིས་རྒྱས་པར་བསྟན་ནས་ཉེ་བར་བསྡུ་བ་སྔོན་དུ་འགྲོ་བས་ཕན་ཡོན་བརྗོད་པའི་ཕྱིར། དེ་ལྟར་རྣལ་འབྱོར་ཞེས་བྱ་བ་གསུངས་ཏེ། སྔར་གསུངས་པའི་ཐིག་ལེ་གསུམ་གྱི་ངོ་བོ་འམ་རྩ་གསུམ་


DTG034_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངོ་བོའོ། །མཆོག་ཏུ་ཞེས་བྱ་བ་ནི་མཆོག་གི་གོ་འཕང་ཐོབ་པར་བྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཕྲ་ཞེས་བྱ་བ་ནི་སྒོམ་པ་པོས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཤེས་དང་ཤེས་བྱ་རྣམ་པར་སྤངས། །ཞེས་བྱ་བ་ནི་འབྲས་བུའི་གནས་སྐབས་ལས་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་ཤེས་པ་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོའོ་ཞེས་བྱ་བ་ནི་འོད་ཟེར་དང་སྔགས་ཀྱི་ཐིག་ལེའི་ངོ་བོ་སྟེ་དེ་སྤངས་པའི་ཕྱིར་རོ། །དངོས་གྲུབ་ཐམས་ཅད་ཀྱི་ནི་གཞི། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ལ་བརྟེན་ནས་སོ། །རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་འཕགས་པ་ཉིད་ཀྱི་ཕྱིར་རོ། །རྨད་བྱུང་ཆེ་ཞེས་བྱ་བ་ནི་རྩ་དང་ཁམས་ཀྱི་ངོ་བོའི་ཐབས་ལ་བརྟེན་ནས་བྱང་ཆུབ་ཀྱི་ངོ་བོ་མངོན་དུ་བྱེད་པས་ན། ངོ་མཚར་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་བཞིས་དེ་ཉིད་ཀྱི་རྩ་གསུམ་གྱི་ངོ་བོ་ཉིད་བསྟན་ནས་བཅོས་མའི་བརྟུལ་ཞུགས་ལ་སོགས་པ་ཡོངས་སུ་དོར་ནས། དེ་སྒོམ་པ་པོ་ལ་བརྗོད་པའི་ཕྱིར། གསོ་སྦྱོང་མ་ཡིན་ཞེས་བྱ་བ་གསུངས་ཏེ། ཐིག་ལེ་གསུམ་སྒོམ་པ་པོའི་རྣལ་འབྱོར་པ་ལ་གསོ་སྦྱོང་ལ་སོགས་པའི་ངོ་བོ་མི་དགོས་ཏེ། མཆོག་གི་གོ་འཕང་ཐོབ་པའི་ཕྱིར་དང༌། ས་དགུ་པ་ལ་ཉེ་བར་གནས་པའི་ཕྱིར་རོ། །བཟླས་པ་མིན་ཞེས་བྱ་བ་ནི་དག་གི་བཟླས་པ་ལ་སོགས་པ་སྟེ། དབུགས་ཀྱི་འཁོར་ལོ་ཉིད་རང་བཞིན་གྱིས་གྲུབ་པ་ཉེ་བར་མཚོན་པའི་ཕྱིར་རོ། །ཕྲེང་བས་མ་ཡིན་ཞེས་བྱ་བ་ནི་མི་རུས་ཀྱི་ཕྲེང་བ་ལ་སོགས་པ་མ་ཡིན་ནོ། །སྲོག་རྩོལ་ལ་རང་བཞིན་གྱིས་གྲུབ་པ་ལ་ཕྲེང་བ་ཉིད་ཀྱི་ཕྱིར་རོ། །འཛིན་པ་མིན་ཞེས་བྱ་བ་ནི་རས་རིས་ལ་སོགས་པ་ལ་སེམས་འཛིན་མི་དགོས་ཏེ། སྣ་རྩེ་རྣམ་པ་གསུམ་ཐིག་ལེ་རྣམ་པ་གསུམ་འཛིན་པའི་ཕྱིར་རོ། །གྲངས་མིན་ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས་པའི་ངོ་བོ་མ་ཡིན་ཏེ། ཉིན་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་ཉམས་སུ་མྱོང་བའི་ཕྱིར་རོ། །ཆ་མིན་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གྱི་ངོ་བོ་བསྒོམས་པས་སམ། ཡི་གེ་བསྒོམས་པའི་ངོ་བོ་མ་ཡིན་ཏེ། དུས་ཐམས་ཅད་དུ་ཆ་དང་བྲལ་བའི་རྣམ་པ་ཆོས་ཉིད་ལ་


DTG034_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་ཕྱིར་རོ། །སྦྱིན་སྲེག་མིན་ཞེས་བྱ་བ་ནི་ཞི་བ་ལ་སོགས་པ་དང༌། དབྱེ་བ་ཐ་དད་པ་ནི་མ་ཡིན་ཏེ། འོད་གསལ་གྱི་མེས་རང་བཞིན་གྱི་རྣམ་པར་རྟོག་པ་སྲེག་པའི་ཕྱིར་རོ། །འབྱིན་བྱེད་ཅེས་བྱ་བ་ནི་ཕྱི་རོལ་པའི་གྲུབ་མཐའི་དགོངས་པས་འབྱུང་བའི་རླུང་གི་ངོ་བོ་ནི་མ་ཡིན་ནོ། །འགེངས་བྱེད་ཀྱིས་ནི་མིན་ཞེས་བྱ་བ་ནི་དེ་ཉིད་ཀྱིས་འཇུག་པའི་རླུང་གི་ངོ་བོ་དགོས་པ་མ་ཡིན་ཏེ། འཇུག་པ་དང་གནས་པ་དང་ལྡང་བ་གསུམ་སྤངས་པའི་མ་ནིང་གི་བཟླས་པ་མཚོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན་འོ་ན་ཇི་ལྟར་ཐོབ་པར་འགྱུར་ཞེ་ན། དེའི་ཕྱིར་གཅིག་བུས་མིན་ཞེས་བྱ་བ་ནི་མཆོག་གི་གཅིག་པུས་སོ། །རྣལ་འབྱོར་རང་རིག་པས་འབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་རང་རིག་པར་བྱའོ། །ཡེ་ཤེས་ཆེན་པོའི་གོ་འཕང་ནི། །ཞེས་བྱ་བ་ནི་འོད་གསལ་གྱི་ངོ་བོ་ཐིག་ལེ་གསུམ་བསྒོམ་པའི་ངོ་བོའོ། །ཞི་ཞེས་བྱ་བ་ནི་གཞན་གྱི་དོན་ལ་འབད་པ་མེད་པར་འགྲུབ་པའི་ཕྱིར་རོ། །དེ་ལྟར་བཅོས་མའི་བརྟུལ་ཞུགས་ལ་སོགས་པ་སྤངས་པ་བསྟན་ནས། དེའི་ཕན་ཡོན་བརྗོད་པའི་ཕྱིར། མངོན་པར་ཤེས་པ་ལྔ་དང་ནི། །ཞེས་བྱ་བ་གསུངས་ཏེ། ལྷའི་མིག་ལ་སོགས་པའི་ངོ་བོའོ། །དེ་བཞིན་ཞེས་བྱ་བ་ནི་མངོན་པར་ཤེས་པ་ཐོབ་པའི་ཤེས་པའོ། །ཡེ་ཤེས་ལྔ་ཞེས་བྱ་བ་ནི་མེ་ལོང་ལ་སོགས་པ་རྣམས་སོ། །ཐོབ་ཅེས་བྱ་བ་ནི་རྙེད་པའོ། །མཆོག་ཅེས་བྱ་བ་ནི་གཅིག་པུའོ། །སྔར་བཤད་པའི་རྣལ་འབྱོར་གྱི་ཆེ་བའི་བདག་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །འདིས་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་གསུངས་སོ། །འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྟན་པའི་ཕྱིར། ཞི་སོགས་བྱ་བ་ཡང་དག་ནི། །ཞེས་བྱ་བ་གསུངས་སོ། །ཞི་བ་ལ་སོགས་པའི་ལས་ཚོགས་ཐམས་ཅད་དོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་སོ། །ཐིག་ལེ་གསུམ་ནི་སྒོམ་པ་པོ། ཞེས་བྱ་བ་ནི་བཤད་མ་ཐག་པའི་རླུང་གི་སྒོམ་པ་པོའོ། །བསྒྲུབ་ཅེས་བྱ་བ་ནི་རིམ་པ་ལྔའི་རྗེས་སུ་འབྲངས་ནས་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། རྡོ་རྗེ་བཟླས་པའི་རིམ་པ་ལས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །ཞེས་གསུངས་པས་སོ། །དེ་བཞིན་དུ། རྡོ་རྗེའི་བཟླས་པ་འདི་ཡིས་ནི། །ཆོ་ག་ཇི་བཞིན་བསྙེན་


DTG034_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། །ཞེས་གསུངས་སོ། །འདི་གཅིག་བུ་སྒྲུབ་པར་མ་ཟད་ཀྱི་ཇི་སྲིད་དུ་འདི་ཡང་ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་མཆོག་གི་ཞེས་བྱ་བ་ནི་རྗེས་ཐོབ་ཀྱི་ཏིང་ངེ་འཛིན་གྱི་ངོ་བོའོ། །སྟོང་ཉིད་ཡེ་ཤེས་མཚན་ཉིད་ནི། ངག་རྣམ་པར་དབེན་པའི་རང་གི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གཉིས་ཀྱིས་བཅོས་མའི་བརྟུལ་ཞུགས་ལ་སོགས་པ་སྤངས་པ་བསྟན་ནས། ཐིག་ལེ་གསུམ་གྱི་རྣམ་གྲངས་བརྗོད་པའི་ཕྱིར། ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐིག་ལེ་གསུམ་ཡང་དག་པར་མིང་གི་རྣམ་གྲངས་ཀྱིས་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ཤེས་པར་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལ་ཡེ་ཤེས་སེམས་དཔའ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་གྱི་ཐིག་ལེ་ལའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རྫས་ཀྱི་ཐིག་ལེའོ། །འདི་ལ་སེམས་དཔའ་ཡོད་པ་སྙམ་དུ་བསམས་ནས་སོ། །དམ་ཚིག་སེམས་དཔའ་ཞེས་བྱ་བ་ནི་སྔགས་ཀྱི་ཐིག་ལེའོ། །དམ་ཚིག་གི་ངོ་བོ་མི་བསྐྱོད་པ་ལ་དེའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །གནས་དང་གྲངས་ཀྱི་དབྱེ་བ་ཡིས། །ཞེས་བྱ་བ་ནི་སྣ་རྩེ་རྣམ་པ་གསུམ་མོ། །གྲངས་ཀྱི་དབྱེ་བ་ཞེས་བྱ་བ་ནི་ཕན་ཚུན་སོ་སོ་ནས་ཐིག་ལེ་གསུམ་གྱི་ངོ་བོ་དང་རྩ་གསུམ་གྱི་ངོ་བོ་ཉིད་དོ། །གནས་དང་གྲངས་ནི་གནས་དང་གྲངས་དག་གོ །དེའི་དབྱེ་བ་ནི་དེའི་རབ་ཏུ་དབྱེ་བས་སོ། །ཤེས་པར་བྱ་ཞེས་བྱ་བ་ནི་རྟོགས་པར་བྱ་བའོ། །བླ་མའི་ཞལ་ལས་ཞེས་བྱ་བ་ནི་མ་འོངས་པའི་དུས་སུ་རྡོ་རྗེ་སློབ་དཔོན་གྱི་ཞལ་ནས་ཞེས་བྱ་བའི་ཐ་ཚིག་གོ །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ་ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ལས་ལེའུ་ཉི་ཤུ་རྩ་གཅིག་པའི་རྒྱ་ཆེར་བཤད་པའོ།། །།


previousལེའུ་ཉི་ཤུ་རྩ་གཅིག་པ། ཐིག་ལེ་གསུམ་གྱི་རྣམ་པར་དབྱེ་བའི་ཡུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།next