Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་བཞི་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཉི་ཤུ་རྩ་བརྒྱད་པ། རྩ་རྣམས་འཆར་བ་དང་ནུབ་པའི་ལྱུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་ཉི་ཤུ་རྩ་བརྒྱད་པ། རྩ་རྣམས་འཆར་བ་དང་ནུབ་པའི་ལྱུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།next

ལེའུ་ཉི་ཤུ་རྩ་བརྒྱད་པ། རྩ་རྣམས་འཆར་བ་དང་ནུབ་པའི་ལྱུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།


DTG034_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ལེའུ་ཉི་ཤུ་རྩ་བདུན་པས་ལྷའི་འཁོར་ལོའི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་རྩ་རྣམས་འཆར་བ་དང་ནུབ་པའི་ཡུལ་ལ་དྲི་བའི་ལན་བསྟན་པའི་ཕྱིར། ལེའུ་ཉི་ཤུ་རྩ་བརྒྱད་པ་ཉེ་བར་དགོད་ཅིང་དང་པོར་རེ་ཞིག་དེའི་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་ཉི་ཤུ་རྩ་བདུན་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྩ་རྣམས་ཀྱིས་ནི་ཞེས་བྱ་བ་ནི་འཁོར་ལོ་བཞིར་གཏོགས་པ་ཐམས་ཅད་ཀྱིས་སོ། །འཆར་དང་ནུབ་པའི་མཚན་ཉིད་ནི། །བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །མཆོག་ཅེས་བྱ་བ་ནི་བསྐྱེད་པའི་རིམ་པ་ལ་ལྟོས་ནས། མཚན་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་ཞེས་བྱ་བ་ནི་སེམས་མཉམ་པར་གཞག་པ་དང༌། རྗེས་སུ་མཐུན་པའི་ཕྱིར་རོ། །དངོས་གྲུབ་ཐམས་ཅད་ཀྱི་ནི་གནས། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་གནས་སོ།།


DTG034_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དེ་རྩོམ་པ་བསྟན་ནས། ད་ནི་དངོས་སུ་བཤད་པའི་ཕྱིར་དེའི་ཡན་ལག་རྩ་རྣམས་ཀྱི་འཆར་བའི་རྒྱུ་རང་གི་ངོ་བོ་ནི། མདུན་ན་གནས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བའི་ཡུལ་ན་གནས་པའོ། །ཡུལ་རྣམས་ལས་ཞེས་བྱ་བ་ནི། སྔོན་པོ་ལ་སོགས་པའི་ངོ་བོ་ལས་སོ། །ཡིད་ལ་བྱེད་པ་ཞེས་བྱ་བ་ནི་དེ་མ་ཐག་པའི་རྐྱེན་གྱི་ངོ་བོ་ལས་སོ། །དེ་ར་ནི་འགྲོ་ཞེས་བྱ་བ་ནི་ཡུལ་ལ་མངོན་པར་ཕྱོག་པ་ལས་སོ། །དབུགས་ནི་ནང་དུ་བསྡུས་པ་ལས། །ཞེས་བྱ་བ་ནི་རླུང་རྣམ་པར་ཤེས་པ་དང་ཡང་དག་པར་ལྡན་པའོ། །ནང་དུ་བསྡུས་ཞེས་བྱ་བ་ནི་ཚོགས་པའི་ནང་དུ་ཞུགས་པས་སོ། །འབྱུང་བ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ། །དབང་པོ་ཞེས་བྱ་བ་ནི་ཡུལ་འཛིན་པར་བྱེད་པའི་མིག་ལ་སོགས་པ་རྣམས་སོ། །དེ་ཡིས་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་སོ། །རབ་ཏུ་སད་ཅེས་བྱ་བ་ནི་ཡང་དག་པར་སད་པར་བྱེད་པའོ། །དེ་རྣམས་ཞེས་བྱ་བ་ནི་འཁོར་ལོ་བཞིར་གནས་པའི་རྩ་རྣམས་ཀྱིའོ། །རིམ་པ་བཞིན་གནས་ཞེས་བྱ་བ་ནི་ཇི་ལྟར་གནས་པའི་ངོ་བོས་གནས་པའོ། །དེ་ལྟར་རང་གི་ངོ་བོ་བསྟན་ནས། ད་ནི་དེའི་འཆར་བ་ལ་ལྷ་མོ་འཆར་པ་བརྗོད་པའི་ཕྱིར། རབ་སད་ཅེས་བྱ་ལ་སོགས་པ་གསུངས་ཏེ། རྩ་རྣམས་ནི་སྔར་བཤད་པའི་རིགས་པས་རབ་ཏུ་སད་པ་ལས་སོ། །རབ་སད་ལྷ་མོ་ཞེས་བྱ་བ་ནི་རྩའི་ནང་དུ་གཏོགས་པའི་རིག་མ་ལ་སོགས་བ་རྣམས་སོ། །རང་རང་འཁོར་ལོ་ཞེས་བྱ་བ་ནི་རང་རང་གི་སྤྲུལ་པ་ལ་སོགས་པའི་འཁོར་ལོ་ལས་སོ། །དེ་ནི་འཆར་བའི་རིམ་པར་གསུངས། །ཞེས་བྱ་བ་ནི་དེ་མ་ཐག་པར་གསུངས་པའི་རིགས་པས་བཤད་པའོ། །ད་ལྟར་རྣམ་པ་གཉིས་ཀྱིས་རྩ་རྣམས་ཀྱི་འཆར་བའི་རྒྱུ་བསྟན་ནས། ད་ནི་དེ་རྣམས་ཀྱི་ནུབ་པའི་རྒྱུ་བསྟན་པར་བྱ་བའི་ཕྱིར། དེའི་ཡན་ལག་ཏུ། རང་གི་ངོ་བོ་ནུབ་པ་ཡང་ནི་ཞེས་བྱ་བ་ལ་སོགས་བ་གསུངས་ཏེ། རྩ་རྣམས་ཀྱིས་རབ་ཏུ་སད་པ་མ་ཡིན་པའི་གནས་སྐབས་སོ། །བཤད་པར་བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །ཡུལ་རྣམས་ཀྱང་ནི་དངོས་པོ་མེད། །ཅེས་བྱ་བ་ནི་སྔོན་པོ་ལ་སོགས་བའི་རིང་བ་ཉིད་ཀྱིས་སོ། །ཡིད་ལ་བྱེད་པས་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཡུལ་ཅན་ལས་སོ། །གཞན་དུ་སོང་ཞེས་བྱ་བ་ནི་ཡུལ་གཞན་ལ་མངོན་པར་ཕྱོགས་པས་སོ། །བག་ཆགས་རྣམས་ནི་ཞེས་བྱ་བ་ནི་ཆགས་པ་དང་ཆགས་བྲལ་གྱི་ངོ་བོ་ལས་སོ། །


DTG034_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སད་པ་དང་ཞེས་བྱ་བ་ནི་བསྐུམ་བ་མེད་པའོ། །རྩ་རྣམས་ཞེས་བྱ་བ་ནི་ལ་བོང་ལོར་གཏོགས་པ་རྣམས་སོ། །འཆར་བར་མི་འགྱུར་ཞེས་བྱ་བ་ནི་ནུབ་པ་ཉིད་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རང་གི་ངོ་བོ་བཤད་ནས། ད་ནི་ནུབ་པ་ལ་ལྷ་རྣམས་ནུབ་པ་བསྟན་པའི་ཕྱིར། ལྷ་རྣམས་ཡང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་ལ་ཡང་དག་པར་གནས་པའི་རྣམས་ལའོ། །ཡང་དག་སད་པ་ནི་ཞེས་བྱ་བ་ནི་རབ་ཏུ་སད་པའོ། །དེའི་ཕྱིར་ནི་ཞེས་བྱ་བ་ནི་རྩ་རྣམས་རབ་ཏུ་སད་པ་ལས་སོ། །མི་འགྱུར་ཉིད་ཅེས་བྱ་བ་ནི་འབྱུང་བར་མི་འགྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གཉིས་ཀྱིས་དེ་རྣམས་ཉིད་ལ་ནུབ་པའི་རྒྱུ་བསྟན་ནས། དེ་སད་པས་ལྷ་རྣམས་སད་པར་འགྱུར་བར་བརྗོད་པའི་ཕྱིར། དེའི་ཡན་ལག་ཏུ་ལྷ་མོ་རྣམས་སད་པའི་རྒྱུ་ནི། སྙིང་གི་དབུས་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་གའི་ནང་དུ་ངོ་བོ་ཉིད་ཀྱིས་གནས་པའོ། །གང་ཞེ་ན། དེའི་ཕྱིར། སངས་རྒྱས་ཉི་མ་གསལ་བའི་འོད། །ཅེས་བྱ་བ་གསུངས་ཏེ། རང་བཞིན་གྱིས་རྣམ་པར་དག་པ་ལ་ལྟོས་ནས་སངས་རྒྱས་ཉི་མའོ། །གསལ་བའི་འོད་ཅེས་བྱ་བ་ནི་འཆད་བཞིན་བའི་རིམ་པས། འོད་ཟེར་གྱི་ཚོགས་སྤྲོ་བའི་ངོ་བོ་དང༌། རང་བཞིན་གྱིས་འོད་གསལ་པའི་རྣམ་པ་ཅན་ནོ། །གཟུང་དང་ཞེས་བྱ་བ་ནི་སངས་རྒྱས་ཉི་མ་དེ་གཟུང་དང་འཛིན་པའི་ངོ་བོ་ནི་ཡུལ་དང་ཡུལ་ཅན་གྱི་ངོ་བོ་རྣམས་སོ། །འོད་ཟེར་བཅུ་གཉིས་ཏེ་ཞེས་བྱ་བ་ནི་ཟླ་བ་བཅུ་གཉིས་ཀྱི་རྣམ་པ་དག་པས་གནས་པ་ཞེས་བྱ་བའི་ལྷག་མའོ། །དེ་རྣམས་གང་ཞེ་ན། དེའི་ཕྱིར་འོད་འཕེལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ནི་དབང་པོ་ལ་བརྟེན་པའོ། །འོད་འཕེལ་ཞེས་བྱ་བ་ནི་འོད་གསལ་ཏེ་རྣ་བའི་དབང་པོ་ལ་བརྟེན་པའོ། །འབར་མ་ཞེས་བྱ་བ་ནི་གཟི་བརྗིད་དང་ལྡན་མ་སྟེ། སྣང་བའི་དབང་པོ་ལ་བརྟེན་པའོ། །གསལ་བ་ཞེས་བྱ་བ་ནི་མུན་པ་འཇོམས་པར་བྱེད་པ་སྟེ། ལྕེའི་དབང་པོ་ལ་བརྟེན་པའོ། །འོད་ཅེས་བྱ་བ་ནི་འོད་ཀྱི་ངོ་བོ་སྟེ་ལུས་ཀྱི་དབང་པོ་ལ་བརྟེན་པའོ། །དམར་མོ་ཞེས་བྱ་བ་ནི་དམར་བ་མིག་གསལ་བ་སྟེ། ཡིད་ཀྱི་དབང་པོ་ལ་བརྟེན་བའོ། །དེ་རྣམས་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཕྱི་རོལ་གཟུགས་ལ་སོགས་འཛིན་པ། །ཞེས་བྱ་བ་གསུངས་ཏེ། ཕྱི་རོལ་གྱི་གཟུགས་ལ་སོགས་པ་དྲུག་པོ་འཛིན་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་མིག་ལ་སོགས་པ་ལ་བརྟེན་ནས་ཞེས་གསུངས་ཏེ། དབང་པོ་


DTG034_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལ་བརྟེན་ནས་ཞེས་བྱ་བའི་དོན་ཏོ། །འོད་ཟེར་བྱེད་ཅེས་བྱ་བ་ནི་ཡུལ་གཟུགས་ལ་བརྟེན་པའི་དེ་ཉིད་གསལ་བའི་རང་བཞིན་ནོ། །འོད་ཟེར་ཞེས་བྱ་བ་ནི་སྒྲ་ལ་བརྟེན་པའོ། །སྣང་བ་ཞེས་བྱ་བ་ནི་དྲིལ་བརྟེན་པའོ། །འདོད་མ་ཞེས་བྱ་བ་ནི་རོལ་བརྟེན་པའོ། །འོད་ཟེར་ཞེས་བྱ་བ་ནི་རེག་བྱ་ལ་བརྟེན་པའོ། །ཉི་མ་ཞེས་བྱ་བ་ནི་ཆོས་ལ་བརྟེན་པ་སྟེ། འདི་ནི་ཉི་མའོ་སྙམ་དུ་བྱས་ནས་སོ། །འདི་རྣམས་ནི། ཕྱི་རོལ་གཟུགས་སོགས་རྣམ་པའོ། །ཞེས་བྱ་བ་ནི་ཡུལ་དྲུག་ལ་བརྟེན་པའོ། །དྲུག་པོ་འདི་དག་འོད་དུ་འདོད། ཅེས་བྱ་བ་ནི་ཡུལ་གྱིས་བསྡུས་པ་གཟུང་བའི་ངོ་བོའོ། །འདོད་ཅེས་བྱ་བ་ནི་བརྗོད་པའོ། །དེ་ལྟར་ལྷ་མོ་རྣམས་སད་པའི་རྒྱུ་བརྗོད་ནས། དེ་སད་པར་བྱེད་པ་ལ་ལྷ་མོ་རྣམས་སད་པ་རང་གི་ངོ་བོ་བརྗོད་པའི་ཕྱིར་རོ། །ལྷ་མོ་རྣམས་གང་ཤར་བ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩའི་འཁོར་ལོར་གནས་པ་རྣམས་ཀྱིའོ། །གང་ལས་ཤེ་ན། དེའི་ཕྱིར། ཡེ་ཤེས་ཉི་མ་འཆར་བ་ཡིན། །ཞེས་གསུངས་ཏེ། འོད་ཟེར་བཅུ་གཉིས་ཀྱི་གྲོགས་དང་ལྡན་པའི་སྙིང་གར་གནས་པའི། སངས་རྒྱས་ཉི་མ་སད་པ་ལས། །ཞེས་བྱ་བའི་དོན་ཏོ། །དེ་དག་ཡང་དག་ནུབ་པ་ནི། །ཞེས་བྱ་བ་ནི་ལྷ་རྣམས་ལའོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །དེའི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཉི་མ་ལའོ། །ནུབ་པའོ་ཞེས་བྱ་བ་ནི་དབང་པོ་དང་ཡུལ་གྱི་སྙིང་པོ་ཀུན་དུ་སྤྱོད་པ་ལ། མི་གནས་ཕ་ལས་འབྱུང་བར་འགྱུར། །ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་མཆོག་ཏུ་ཞེས་གསུངས་ཏེ། ཁྱད་པར་དུ་འཕགས་པའི་གོ་འཕང་གི་རྒྱུར་གྱུར་པའོ། །དེ་ལྟར་རང་གི་ངོ་བོ་བསྟན་ནས། ད་ནི་འཆར་བ་དང་ནུབ་པ་སྤངས་པས་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་བསྟན་པའི་ཕྱིར། འཆར་བ་ནུབ་པ་རྣམས་འཆད་པ། །ཞེས་བྱ་བ་གསུངས་ཏེ། ཕྱོགས་གཉིས་པོ་ལ་འཆད་པའོ། །གོ་འཕང་མཆོག་ཏུ་ཤེས་པར་བྱ། །ཞེས་བྱ་བ་ནི་རང་བཞིན་གྱི་འོད་གསལ་བའི་རྣམ་པའོ། ཕྱོགས་གཉིས་ཆད་པ་ཡང་ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་བསྒོམས་པས་འབྱུང་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ལེགས་པར་སད་ཅེས་བྱ་བ་གསུངས་ཏེ། ཕྱོགས་གཉིས་སྤངས་པས་བསྐུམ་པ་དང་རྣམ་པར་དབེན་པའི་ཕྱིར་རོ། །རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ནི་དེ་ལས་གཞན་པ་བསྐྱེད་པའི་རིམ་པ་ལ་སོགས་པའི་རྣལ་འབྱོར་གྱི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །སངས་རྒྱས་ཉི་མ་སྡོམ་པའོ། །ཞེས་བྱ་བ་ནི་དེ་ཉིད་ཀྱི་ངོ་བོས་སོ། །སྡོམ་པ་ནི་བསྡུས་པའི་ཕྱིར་རོ། །


DTG034_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དོན་རྣམ་པ་གསུམ་གྱིས་དེ་སད་པ་ལ་ལྷ་མོ་རྣམས་སད་པ་བསྟན་ནས། ད་ནི་འཆར་བ་དང་ནུབ་པ་དག་ལ། རྒྱུད་གཞན་ལས་ཤེས་པར་བྱ་བ་དག་བསྟན་པར་བྱ་བའི་ཕྱིར། འདི་ནི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་དུ་བསྟན་པའི་རིགས་པས་སོ། །རྣལ་འབྱོར་ཞེས་བྱ་བ་ནི་ལྷ་མོ་རྣམས་ཀྱི་རྣལ་འབྱོར་དེ་ཉིད་མཆོག་ཅེས་བྱ་བ་ནི། དེའི་རྒྱུར་གྱུར་པའི་ཕྱིར་རོ། །འཆར་དང་ནུབ་པའི་མཚན་ཉིད་དོ། །ཞེས་བྱ་བ་ནི་དེ་མ་ཐག་པར་བཤད་པ་རྣམས་སོ། །རྡོ་རྗེ་གསལ་བའི་རྗེས་འབྲངས་ནས། །ཞེས་བྱ་བ་ནི་རྡོ་རྗེ་གསལ་བ་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་སོ། །ཤེས་པར་བྱ་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །བླ་མའི་ཞལ་ལས་ཞེས་བྱ་བ་ནི་མ་འོངས་པའི་དུས་ན་རྡོ་རྗེ་སློབ་དཔོན་གྱི་ཞབས་ཀྱི་ཞལ་ལས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ། ལེའུ་ཉི་ཤུ་རྩ་བརྒྱད་པའི་རྒྱ་ཆེར་བཤད་པའོ།། །།


previousལེའུ་ཉི་ཤུ་རྩ་བརྒྱད་པ། རྩ་རྣམས་འཆར་བ་དང་ནུབ་པའི་ལྱུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།next