Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་དྲུག་པ།


   
  collapse section
   
   
   
   
   
   
   
   
   
ལེའུ་དགུ་པ། འོད་གསལ་བ་དང་ཟུང་དུ་འཇུག་པ་བསྟན་པ།
   
   
  expand section
  expand section
  expand section
   
  expand section
  expand section
   
   
   


 
previousལེའུ་དགུ་པ། འོད་གསལ་བ་དང་ཟུང་དུ་འཇུག་པ་བསྟན་པ།next

ལེའུ་དགུ་པ། འོད་གསལ་བ་དང་ཟུང་དུ་འཇུག་པ་བསྟན་པ།


DTG036_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྟོང་པ་ཉིད་ཀྱི་ཚུལ་ཇི་ལྟར་གསུངས་པ་བཤད་དུ་གསོལ། །རྡོ་རྗེ་སློབ་དཔོན་སྟོན་པས་ཡང་གསུངས་པ། ད་ནི་ཆོས་ཀུན་ཡང་དག་


DTG036_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པར། །དངོས་པོའི་ཚུལ་གྱིས་མི་ལེན་ཏེ། །སྒྱུ་མ་རྨི་ལམ་སྨིག་རྒྱུ་ལྟར། །རྐྱེན་གྱི་དབང་གིས་འཇུག་ཕྱིར་རོ། །དགག་པར་བྱ་བ་མེད་པས་ན། །ཡང་དག་བགག་པ་མེད་པར་མངོན། །དེ་ལྟར་དེ་ཉིད་རྟོགས་པ་དེ། །ཐམས་ཅད་དངོས་པོར་ལེན་མི་བྱེད། །དེ་ཡིས་དེ་ནི་རྟོགས་པ་སྟེ། །མི་སྟོང་མ་ཡིན་ཡོད་མེད་མིན། །མི་སྐྱེ་མ་ཡིན་སྐྱེ་མིན་ཞེས། །བྱ་བ་ལ་སོགས་བཅོམ་ལྡན་གསུངས། །བསམ་གཏན་གྱི་ནི་ལས་འདི་ཡིན། །གསང་བའི་ཚིག་རྣམས་བསམས་ན་ནི། །འབྲས་བུ་རྫོགས་པར་ཐོབ་འགྱུར་གྱི། །འདོད་པ་ཙམ་གྱིས་དེ་ལྟར་མིན། །ཚིག་རྣམས་རེ་རེའི་རྣལ་འབྱོར་ལ། །མངོན་དུ་ཕྱོགས་པར་བྱེད་བཞིན་དུ། །གསང་སྔགས་ངན་པ་བརྗོད་པ་འདི། །ཚིག་གི་སྒྲས་ནི་ཚིག་རེ་ལ། །མི་བྱར་མི་རུང་བསྟན་པ་ཡིན། །རྣལ་འབྱོར་མེད་པའི་གསང་སྔགས་འདི། །དེ་ལྟར་འབྲས་བུ་སྟེར་མི་འགྱུར། །གསང་སྔགས་ཚིག་འདི་གསང་སྔགས་ཏེ། །དེ་ཕྱིར་རྣལ་འབྱོར་མེད་མི་བྱ། །མདོའི་དོན་འདིས་འོད་གསལ་བ་ལ་འཇུག་པར་བྱས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བའོ། །འོད་གསལ་བ་ཡི་ངོ་བོ་ལས། །རྡོ་རྗེ་འཛིན་པས་སྙོམས་ཞུགས་ནས། །ཟུང་དུ་འཇུག་པའི་རྣལ་འབྱོར་ལ། །ཐབས་དང་ལྡན་པས་ལྡན་པར་བྱ། །བསྐྱེད་པའི་རིམ་པའི་སྦྱོར་བ་དང༌། །དེ་བཞིན་རྫོགས་པའི་རིམ་པ་ཡང༌། །གང་ལ་དེ་གཉིས་གཅིག་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པ་ནི། །གང་ཞིག་དངོས་པོ་གཅིག་འགྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཀུན་རྫོབ་དང་ནི་དོན་དམ་དག །རྟོག་པ་གཉིས་དང་ཡང་དག་བྲལ། །གང་དུ་ཡང་དག་འདྲེས་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །རྡོ་རྗེ་བཟླས་པར་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་ཡང་དག་གཅོད། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །བདག་བྱིན་བརླབ་པའི་རིམ་པས་ཀྱང༌། །དངོས་གྲུབ་ཆེན་པོ་བརྒྱད་ཐོབ་འགྱུར། །སྲ་བ་ལ་སོགས་རིམ་པས་ཤེས། །མངོན་པར་བྱང་ཆུབ་ཐོབ་པར་འགྱུར། །


DTG036_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་རིམ་པ་ལ་གནས་པས། །དངོས་གྲུབ་ཐམས་ཅད་སྡུད་པ་ནི། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རྣལ་འབྱོར་པ་ཡིས་ཐེ་ཚོམ་མེད། །ཕྱག་རྒྱ་ཆེན་པོ་དངོས་གྲུབ་ཆེ། །ཟུང་དུ་འཇུག་པའི་ཏིང་འཛིན་གྱིས། །རྣམ་རྟོག་མེད་པར་ཞུགས་པས་ནི། །ཐོབ་པར་འདི་ལ་ཐེ་ཚོམ་མེད། །འོད་གསལ་བ་དང་ཟུང་དུ་འཇུག་པའི་ལེའུ་སྟེ་དགུ་པའོ།། །།


previousལེའུ་དགུ་པ། འོད་གསལ་བ་དང་ཟུང་དུ་འཇུག་པ་བསྟན་པ།next