Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་དྲུག་པ།


   
མདོར་བསྡུས་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ།  རིན་ཆེན་འབྱུང་གནས་ཞི་བ།
  collapse section
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
   
  expand section
  expand section
   
   
   


 
no previousམདོར་བསྡུས་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ། རིན་ཆེན་འབྱུང་གནས་ཞི་བ།next

མདོར་བསྡུས་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ།
རིན་ཆེན་འབྱུང་གནས་ཞི་བ།


DTG036_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པིཎྜ་ཀྲི་ཏ་སཱ་དྷ་ནོ་པི་ཀ་བྲྀཏྟི་རཏྣ་ཝ་ལི་ནཱ་མ། བོད་སྐད་དུ། མདོར་བསྡུས་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་སྐུ་གཅིག་པ། །རྡོ་རྗེ་འཆང་ཆེན་ལ་བཏུད་དེ། །མདོར་བསྡུས་པ་ཡི་འགྲེལ་པ་འདི། །དོན་གསལ་བདག་གིས་བཤད་པར་བྱ། །དཔལ་ལྡན་ཀླུ་སྒྲུབ་ཞལ་སྔ་ཡི། །ཇི་ལྟར་མན་ངག་ཐུགས་ལ་གནས། །དེ་བཞིན་དུ་ནི་ཕྱེ་བ་སྟེ། མེ་ལོང་ལ་ནི་གཟུགས་བརྙན་བཞིན། །འཕགས་སྐོར་ཤིན་ཏུ་རྟོགས་དཀའ་བ། །བདག་གིས་ཡང་དག་གསལ་བར་བྱ། །ཉི་མས་ཕྱོགས་རྣམས་གསལ་གྱུར་ན། །ལམ་ལོག་པར་ནི་འཁྲུལ་པ་མེད། །འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུའི་ངོ་བོ་འགྲོ་བའི་དོན་དུ་སྤྲོས་པ་གཞོན་ནུ་དོན་ཐམས་ཅད་གྲུབ་པས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ། སྟོང་པ་ཉིད་བཅུ་དྲུག་བསྡུས་པར་གྱུར་པ་མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡང་དག་པར་རྫོགས་པའི་བྱང་


DTG036_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་བདག་གིས་ཐོབ་པོ་ཞེས་བསམས་པས་བྲག་བཞིན་དུ་མི་གཡོ་བར་གནས་པར་གྱུར་རོ། །དེའི་ཚེ་སྲིད་པའི་རྩེ་མོའི་སྟེང་དུ་དཀྱིལ་འཁོར་གྱི་འཁོར་ལོ་རིམ་པའམ། དཔག་ཚད་ལྔ་སྟོང་གི་བར་གྱི་ཚད་ཀྱི་སྟེང་དང་འོག་གི་རིམ་པས་མངོན་པར་དགའ་བ་དང༌། འོག་མིན་དང༌། རིན་ཆེན་འབྱུང་གནས་དང༌། བདེ་བ་ཅན་དང༌། མེ་ཏེག་ཅན་ཞེས་བྱ་བ་ཐུགས་རྡོ་རྗེ་འཆང་ལ་སོགས་པ་དེ་བཞིན་གཤེགས་པ་ལྔས་བྱིན་གྱི་བརླབས་པ་རིན་ཆེན་སྣ་བདུན་གྱི་རང་བཞིན་གྱི་སངས་རྒྱས་ཀྱི་ཞིང་ལྔ་གཡོ་བར་གྱུར་ཏེ། ཏིང་ངེ་འཛིན་ལས་ལྡང་བའི་སངས་རྒྱས་ལྔས་ཀྱང་གཞན་གྱི་སེམས་མཁྱེན་པའི་དབང་གིས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་མཁྱེན་པར་གྱུར་ཏོ། །དེའི་ཚེ་ཕན་ཚུན་བསམ་པ་གཅིག་པས། །གང་ན་གཞོན་དུ་དོན་ཐམས་ཅད་གྲུབ་པ་གནས་པ་དེར་ཉེ་བར་གཤེགས་སོ། །ཉེ་བར་གཤེགས་ནས་བར་སྣང་གི་ནམ་མཁའ་ལ་ཏིལ་གྱི་གང་བུ་བཞིན་དུ་ཁྱབ་ནས་ཀྱེ་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་བསམ་གཏན་འདི་ནི་མཐར་ཐུག་པའི་གནས་ཐོབ་པའི་རྒྱུ་མ་ཡིན་པས་དེ་ཉིད་སྤོངས་ཤིག་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པའི་གསུང་


DTG036_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ནས་ཏིང་ངེ་འཛིན་ལས་ལངས་ནས་ལྷའི་མིག་གིས་མཐའ་ཡས་པའི་དེ་བཞིན་གཤེགས་པའི་སྐུས་ཡོངས་སུ་གང་བའི་ནམ་མཁའི་ཁམས་ལ་བལྟས་ནས་པུས་མོ་གཉིས་ས་ལ་བཙུགས་ཏེ། ཕྱག་བཞི་བྱས་ནས་བཅོམ་ལྡན་འདས་ཡང་དག་པའི་ཏིང་ངེ་འཛིན་ཇི་ལྟ་བུ་ལགས་ཞེས་གསོལ་བ་བཏབ་པ་བྱས་སོ། །དེའི་ཚིག་གསན་མ་ཐག་ཏུ་བཅོམ་ལྡན་འདས་མི་བསྐྱོད་པ་ལ་སོགས་པས་ཡེ་ཤེས་ཀྱི་ཕྱག་རྒྱའི་རང་བཞིན་གྱི་སྤྱན་ལ་སོགས་པའི་ལྷ་མོ་བཞི་ཐུགས་ཀ་ནས་སྤྲུལ་ཏེ། དང་པོ་འོད་ཟེར་གྱི་འཁོར་ལོས་དབང་བསྐུར་ཞིང་སློབ་དཔོན་ལ་སོགས་པ་དབང་བཞི་པོས་དབང་བསྐུར་ཏེ། རྣལ་འབྱོར་བཞི་ལ་སོགས་པའི་རིམ་གྱིས་མན་ངག་ཉེ་བར་བསྟན་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཅུག་ཅིང་མི་སྣང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་ས་བཅུ་གཅིག་པ་ཐོབ་ནས་མཚན་ཕྱེད་ཀྱི་དུས་སུ་སངས་རྒྱས་ཏེ་ཐོར་ངས་ཀྱི་དུས་སུ་བདུད་བཅོམ་ནས་གོང་དུ་དགའ་ལྡན་གྱི་གནས་དེར་གཤེགས་སོ། །ཉེ་བར་གཤེགས་ནས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་ཁང་བཟངས་སྤྲུལ་ལ། ཐུགས་ཀ་ནས་དེ་བཞིན་གཤེགས་པ་ལྔ་སྤྲོས་ཏེ། དེ་རྣམས་ཀྱིས་གསོལ་བ་བཏབ་པས་དཔལ་གསང་བ་འདུས་པའི་རྒྱུད་ཉི་ཁྲི་ལྔ་སྟོང་གསུངས་སོ། །ཚེའི་སྙིགས་མ་དང༌། ལྟ་བའི་སྙིགས་མ་དང༌། ཉོན་མོངས་པའི་སྙིགས་མ་དང༌། སེམས་ཅན་གྱི་སྙིགས་མ་དང༌། བསྐལ་པའི་སྙིགས་མ་དང་ལྡན་པ་ཤེས་རབ་དང་བརྩོན་འགྲུས་དམན་པའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་ཡང་གསོལ་བ་བཏབ་པ་བྱས་ཏེ། བཅོམ་ལྡན་འདས་མདོར་བསྡུས་པའི་རྒྱུད་བཀའ་སྩོལ་ཅིག་དང༌། གང་གི་ཕྱིར་ད་ལྟར་བྱུང་བའི་སེམས་ཅན་རྣམས་ནི་རྒྱ་ཆེ་བའི་དོན་འཛིན་པར་མི་ནུས་སོ། །ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་ཀྱང་དེ་ལས་བསྡུས་པ་ལེའུ་བཅོ་བརྒྱད་པ་བརྒྱ་ཕྲག་བཅོ་བརྒྱད་ཀྱི་ཚད་ཙམ་གྱི་རྒྱུད་གསུངས་སོ། །ལག་ན་རྡོ་རྗེ་ཡང་སྡུད་པ་པོ་ཡིན་ཏེ། དེས་ནི་གཅིག་ནས་གཅིག་གི་རིམ་གྱིས་མིའི་ཡུལ་དུ་འཇུག་པར་བྱས་སོ། །དེ་ནས་བརྩམས་ཏེ་གླེགས་བམ་ལ་སོགས་པ་བྱུང་ངོ༌། །གང་གི་


DTG036_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ལོ་འབུམ་ཕྲག་ཉི་ཤུའི་ཚད་ཙམ་གྱི་རྫོགས་ལྡན་གྱི་དུས་སུ་ཞལ་གྱི་མན་ངག་འབའ་ཞིག་ཏུ་བྱུང་ངོ༌། །གསུམ་ལྡན་གྱི་དུས་སུ་རྩ་བའི་རྒྱུད་བྱུང་བར་གྱུར་པ་དང༌། གཉིས་ལྡན་གྱི་དུས་སུ་དེ་དག་གཏན་ལ་འབེབས་པར་བྱེད་པ་དེའི་ཡན་ལག་བྱུང་བ་དང༌།། སྐལ་ལྡན་གྱི་དུས་སུ་དེའི་བཤད་པའི་རྒྱུད་དང༌། དེ་མ་རྟོགས་པས་གང་ཟག་གིས་བརྩམས་པའི་འགྲེལ་པ་ལ་སོགས་པ་ཡང་འབྱུང་ངོ༌། །གསུམ་ལྡན་ནི་ལོ་འབུམ་ཕྲག་བཅོ་ལྔའི་ཚད་དང༌། གཉིས་ལྡན་ནི་ལོ་འབུམ་ཕྲག་བཅུའི་ཚད་དང༌། སྐལ་ལྡན་ནི་ལོ་འབུམ་ཕྲག་ལྔའི་ཚད་ཡིན་ནོ། །དེ་ལ་དཔལ་གྱི་རི་བོ་ལ་གནས་པའི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་དཔལ་གསང་བ་འདུས་པའི་རྒྱུད་ལས་མདོར་བསྡུས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས་འདི་མ་འོངས་པའི་སེམས་ཅན་ལ་ཕན་གདགས་པར་བྱ་བའི་ཕྱིར་བསྡུས་ཏེ། དེ་དང་པོར་ཉན་པ་པོ་འཇུག་པའི་ཆེད་དུ་བརྗོད་པ་ལ་སོགས་པ་ལྔ་པོ་དེས་བཤད་པར་བྱ་བ་ཡིན་ཏེ། དེ་མ་བརྗོད་ན་ཉན་པ་པོ་འཇུག་པ་མེད་པའི་ཕྱིར་རབ་ཏུ་བྱེད་པ་འདི་ནི་དོན་མེད་པར་ཐལ་བར་འགྱུར་རོ། །དེ་རྣམས་ཀྱང་རྗོད་པར་བྱེད་པ་དང༌། བརྗོད་པར་བྱ་བ་དང༌། འབྲེལ་བ་དང༌། དགོས་པ་དང་དེའི་དགོས་པའོ། །གང་གི་ཕྱིར། །ཐ་སྙད་ལ་ནི་འཇུག་ཕྱིར་དང༌། །གཞན་རྣམས་ལ་ནི་དངོས་གཞིའི་ཕྱིར། །བརྗོད་པ་མེད་པས་འཇིག་རྟེན་འདི། །ལོང་དང་ལྐུགས་པ་འདྲ་བར་འགྱུར། །ཞེས་བཤད་པའི་ཕྱིར་རོ། །དེ་ལ་རྗོད་པར་བྱེད་པ་ནི་མདོར་བསྡུས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས་ཏེ། དེ་ནི་དོན་དང་བཅས་པ་ཡིན་ན་དོན་མེད་པ་ཡིན་ཞེ་ན། སྨྲས་པ། དོན་དང་བཅས་པ་ཡིན་ཏེ། དེའི་དོན་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོའི་ལེའུ་བཅོ་བརྒྱད་ཀྱིས་སྒྲུབ་པའི་བསྐྱེད་པའི་རིམ་པ་བྱིས་པའི་བློ་གྲོས་ཀྱིས་ཁོང་དུ་ཆུད་པར་མི་ནུས་པ་བསྡུས་ནས་བསྟན་པ་ནི་མདོར་བསྡུས་པ་དང༌། བཅོམ་ལྡན་འདས་རྡོ་རྗེ་འཆང་གི་དཀྱིལ་འཁོར་བསྒྲུབ་པའི་དོན་དུ་ཐབས་ནི་འདི་ཉིད་ཡིན་ནོ་ཞེས་སྒྲུབ་པའི་ཐབས་སོ། །མདོར་བསྡུས་པ་ཡང་ཡིན་ལ་སྒྲུབ་ཐབས་ཀྱང་ཡིན་པས་མདོར་བསྡུས་པའི་སྒྲུབ་པའི་ཐབས་ཏེ་ལས་འཛིན་པའོ། །བརྗོད་པར་བྱ་བ་ནི་དོན་གྱི་མཚན་ཉིད་དེ། བསྐྱེད་པའི་རིམ་པ་ཞེས་བྱའོ། །


DTG036_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དབྱེ་བ་ནི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་པོ་མཆོག་དང་ལས་ཀྱི་རྒྱལ་པོ་མཆོག་སྟེ་གསུམ་མོ། །དེ་རྣམས་ཀྱི་དབྱེ་བ་སུམ་ཅུ་རྩ་བརྒྱད་ནི་གཞན་ལས་གསུངས་ཏེ་འདིར་མ་བསྟན་ཏོ། །ལེའུ་བཅུ་བདུན་པ་ལས་དེའི་མདོ་བསྲེས་བྱས་ཏེ། དེ་ལ་ལེའུ་བཅུ་གཉིས་པ་ལས། དགོན་པ་ཆེན་པོའི་ས་ཕྱོགས་སུ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པར་དངོས་གྲུབ་ཀུན། །བསྡུས་པ་ཡང་དག་སྒྲུབ་པར་བྱེད། །ཅེས་བྱ་བའི་མདོས་ཁྱད་པར་གྱི་གནས་དམིགས་པ་བསྟན་ཏོ། །ལེའུ་གསུམ་པ་ལས་གསུངས་པའི། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པའི། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པའི་མདོས་བྱང་ཆུབ་སེམས་ཀྱི་རྡོ་རྗེའི་གཟུགས་བསྒོམས་ལ། ལེའུ་བཅོ་ལྔ་པ་ལས་གསུངས་པའི། རྣམ་པར་སྣང་མཛད་འོད་དང་མཚུངས། །ཞེས་བྱ་བ་ལ་སོགས་པའི་མདོས་ཁ་དོག་དཀར་པོར་བདག་ཉིད་བསྒོམས་ལ། ལེའུ་བཅུ་གསུམ་པ་དང་བཅུ་བཞི་པ་ལས་གསུངས་པའི་ཨོཾ་སུཾ་བྷ་ནི་སུཾ་བྷ་ཞེས་བྱ་བ་ལ་སོགས་པའི་སྔགས་དང༌། བསམ་གཏན་ལས་སྐྱེས་ཞེས་བྱ་བ་ལ་སོགས་པས་ཀྱང་བགེགས་བསྐྲད་པ་བསྟན་ཏོ། །དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ཕྱིར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་བའོ། །ཞེས་བྱ་བ་ལེའུ་གཉིས་པ་ལས་གསུངས་པའི་མདོས་སྟོང་པ་ཉིད་བསྒོམ་པ་བསྟན་ཏོ། །དེ་ནས་བཅུ་གཅིག་པ་དང་བརྒྱད་པ་དང༌། ལེའུ་བཅུ་གཉིས་པ་སྟེ་གསུམ་པ་ལས་གསུངས་པའི། །ནམ་མཁའ་རྡོ་རྗེ་དབུས་གནས་པའི། །རྡོ་རྗེ་ཀུན་འབྱུང་དཀྱིལ་འཁོར་བསམ། །ཞེས་བྱ་བ་ལ་སོགས་པའི་མདོས་ཡེ་ཤེས་ཀྱི་ས་གཞི་སྒོམ་པ་བསྟན་ཏོ། །ཡི་གེ་བྷྲཱུཾ་གྱིས་གནས་བསྒོམས་ཏེ། །ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གསུམ་པ་ལས་གསུངས་པའི་མདོས་གཞལ་ཡས་ཁང་པ་བསྒོམ་པ་བསྟན་ཏེ། །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བྱ་བ་ལ་སོགས་པ་ལེའུ་དང་པོ་ལས་གསུངས་པའི་རྡོ་རྗེའི་མདོས་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ལེའུ་གསུམ་པ་


DTG036_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་པའི། །ལྷག་པར་མོས་པའི་དཀྱིལ་འཁོར་དེར། །གསལ་བ་དེ་ཡི་ངོ་བོ་ཉིད། །སྣ་ཚོགས་གཟུགས་ཀྱིས་ཀུན་དུ་ཁྱབ། །ཅེས་བྱ་བ་ལ་སོགས་པ་ལེའུ་དང་པོ་ལས་གསུངས་པའི་མདོས་བསྒོམ་པ་བསྟན་ཏོ། །དམ་ཚིག་ལས་ནི་རེ་རེ་སྤྲོ། །ཞེས་བྱ་བ་ལ་སོགས་པ་ལེའུ་བདུན་པ་ལས་གསུངས་པའི་མདོས་དོན་དམ་པའི་དཀྱིལ་འཁོར་བསྒོམ་པ་བསྟན་ཏོ། །ལེའུ་བརྒྱད་པ་ལས་གསུངས་པའི། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པའི། །ཞེས་བྱ་བ་ལ་སོགས་པའི་མདོས་ཡེ་ཤེས་ཀྱི་རྒྱ་མཚོའི་རང་བཞིན་དོན་དམ་པའི་དཀྱིལ་འཁོར་བསམ་པར་བྱའོ་ཞེས་བསྟན་ཏོ། །ཡི་གེ་ཨོཾ་ནི་སྐུ་རྡོ་རྗེ། །ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གཉིས་པ་ལས་གསུངས་པའི་མདོས་ཡི་གེ་གསུམ་ཡོངས་སུ་གྱུར་པའི་ཟླ་བ་ལ་སོགས་པའི་གདན་གྱི་དབྱེ་བ་བསྟན་ཏོ། །ལེའུ་བཅུ་གསུམ་པ་ལས་གསུངས་པའི་ཡི་གེ་གསུམ་ཞེས་བྱ་བ་ལ་སོགས་པའི་མདོས་ཡི་གེ་གསུམ་དགོད་པ་ལ་སོགས་པ་བསྟན་ཏོ། །ལེའུ་གསུམ་པ་ལས་གསུངས་པའི་ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་བསྟན་ཏོ། །ལེའུ་བཅུ་གསུམ་པ་ལས་གསུངས་པའི་ཨོཾ་ཡིག་ཅེས་བྱ་བ་ལ་སོགས་པའི་མདོས་ཡི་གེ་གསུམ་དགོད་པ་སྔོན་དུ་འགྲོ་བར་རྡོ་རྗེའི་ང་རྒྱལ་བྱས་ལ་སྐུ་རྫོགས་པ་བསྟན་ཏོ་ཞེས་རྣལ་འབྱོར་རོ། །སྙིང་གར་ཟླ་བ་བསྒོམ་པར་བྱ་བ་ལ་སོགས་པ་ལེའུ་བཅུ་གཉིས་པ་ལས་གསུངས་པའི་མདོས་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པར་བསྟན་ཏེ། རྗེས་སུ་རྣལ་འབྱོར་རོ། །ལེའུ་བཅུ་གཅིག་པ་ལས་གསུངས་པའི་ཐླྷིཾ་ཞེས་བྱ་བ་ལ་སོགས་པའི་མདོས་སྐྱེ་མཆེད་བྱིན་གྱིས་བརླབ་པ་བསྟན་ཏོ། །ནུམ་ནས་བརྩམས་སྤྱི་བོའི་བར། །ཞེས་བྱ་བ་ལ་སོགས་པ་ལེའུ་བརྒྱད་པ་ལས་གསུངས་པའི་མདོས་ཕུང་པོ་བྱིན་གྱིས་བརླབ་པ་བསྟན་ཏོ། །ས་ནི་སངས་རྒྱས་སྤྱན་བཤད་པ། ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་བདུན་པ་ལས་གསུངས་པའི་རྡོ་རྗེའི་མདོས་ཁམས་བྱིན་གྱིས་བརླབ་པ་བསྟན་ཏོ། །ལེའུ་བཅུ་གསུམ་པ་ལས་གསུངས་པའི་ཁྲོ་བོའི་འཁོར་ལོ་བསྒོམ་པས་ཡན་ལག་དང་ཉིང་ལག་ལ་དགོད་པ་བསྟན་ཏོ་ཞེས་ཤིན་ཏུ་རྣལ་འབྱོར་རོ། །རྡོ་རྗེ་དཀྱིལ་འཁོར་དབུས་གནས་པ། །ཞེས་བྱ་


DTG036_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པ་ལེའུ་བཅུ་གཅིག་པ་ལས་གསུངས་པའི་མདོས་ཡི་གེ་ཧཱུཾ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ལ་སོགས་པ་བསྒོམ་པར་བྱ་སྟེ། ལེའུ་བཅུ་གཉིས་པ་ལས་གསུངས་པའི། དཔལ་ལྡན་སངས་རྒྱས་སྐུ་འཆང་པ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་གདབ་པར་བྱ་སྟེ། ལེའུ་བདུན་པ་ལས་གསུངས་པའི་རིགས་གསུམ་གྱི་ཚིགས་སུ་བཅད་པ་རྣམས་ཀྱིས་ང་རྒྱལ་བྱས་ལ། ལེའུ་དྲུག་པ་ལས་གསུངས་པའི་སྔགས་རྣམས་ཀྱིས་བྱིན་གྱིས་བརླབས་ནས། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་བསྟན་ཏོ་ཞེས་རྣལ་འབྱོར་ཆེན་པོའོ། །ཕྱག་རྒྱ་འདུས་བྱས་པ་ནི་ལེའུ་བརྒྱད་པ་ལས་བསྟན་ཏོ། །ལེའུ་བཅོ་ལྔ་པ་ལས་གསུངས་པའི་རིགས་ཀྱི་དབྱེ་བའི་མདོས་དེ་ལ་དམིགས་པ་བསྟན་ཏོ། །ལེའུ་བདུན་པ་ལས་གསུངས་པའི་རྡོ་རྗེ་མདོས་རྡོ་རྗེ་དང་པདྨ་ལ་སྙོམས་པར་འཇུག་པ་བསྟན་ཏོ། །ལེའུ་དང་པོ་ལས་གསུངས་པའི་རྡོ་རྗེ་མདོས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་བསྟན་ཏོ། །དེ་ཉིད་ལས་གསུངས་པའི་མདོས་དམ་ཚིག་གི་དཀྱིལ་འཁོར་སྤྲོ་བར་བསྟན་ཏོ། །ལེའུ་དང་པོ་ནས་གསུངས་པའི་ཕྱུང་བའི་སྔགས་ཀྱིས་ཕ་རོལ་ཏུ་སྤྲོ་བ་བསྟན་ཏོ། །ལེའུ་དང་པོ་ནས་གསུངས་པ་དེ་ཉིད་དང༌། ལེའུ་བཅུ་གཅིག་པ་ལས་གསུངས་པའི་མདོས་དབང་བསྐུར་བ་བསྟན་ཏོ། །ལེའུ་བཅོ་ལྔ་པ་ལས་གསུངས་པའི་རྡོ་རྗེ་མདོས་རྒྱས་གདབ་པ་བསྟན་ཏོ། །དཀྱིལ་འཁོར་རྒྱལ་པོ་མཆོག་གི །ལེའུ་དྲུག་པ་ནས་གསུངས་པའི་རྡོ་རྗེ་མདོས་ཕྲ་མོའི་རྣལ་འབྱོར་བསྟན་ཏོ། །ལེའུ་གསུམ་པ་ལས་གསུངས་པའི་རྡོ་རྗེ་མདོས་དེའི་དབྱེ་བ་བསྟན་ཏོ། །ལེའུ་བཅུ་གསུམ་པའམ་བདུན་པ་ལས་གསུངས་པའི་མདོས་བཟླས་པའི་ཆོ་ག་བསྟན་ཏོ། །ལེའུ་བཅུ་བདུན་པ་ལས་གསུངས་པའི་མདོས་འོད་དུ་ཞུ་བ་དང༌། སླར་ལྡང་བ་དང༌། ལྷ་མོ་རྣམས་ཀྱིས་བསྐུལ་བ་དང༌། །དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་པ་བསྟན་ཏོ། །ལེའུ་བཅུ་བདུན་པ་དང༌། བཅུ་གཉིས་པ་དང༌། བཅོ་ལྔ་པ་ལས་གསུངས་པའི་མདོས་ཚིམ་པའི་ཆོ་ག་བསྟན་ཏོ། །ལེའུ་བཅུ་བདུན་པ་ལས་གསུངས་པའི་མདོས་དཀྱིལ་འཁོར་གྱི་འཁོར་ལོ་ཉེ་བར་བསྡུ་བ་བསྟན་ཏོ། །ལེའུ་བཅུ་


DTG036_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལས་གསུངས་པའི་མདོས་ནང་གི་སྦྱིན་སྲེག་དང༌། མཆོད་པ་དང༌། གཏོར་མ་བསྟན་ཏོ། །ལེའུ་བཅུ་བདུན་པ་དང་བཅོ་ལྔ་པ་ལས་གསུངས་པའི་མདོ་དག་གིས་གཤེགས་སུ་གསོལ་བ་དང༌། ཉལ་པའི་ཆོ་ག་དག་བསྟན་ཏོ་ཞེས་ལས་ཀྱི་རྒྱལ་པོ་མཆོག་གོ།། དེ་ལྟར་བརྗོད་པར་བྱ་བ་རྣམ་པ་དུ་མ་འོག་ནས་དབྱེ་བས་འཆད་པར་འགྱུར་རོ། །སྒྲ་དང་དོན་དག་གི་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པའི་མཚན་ཉིད་ཉི་འབྲེལ་པའོ། །འདིར་སྨྲས་པ། སྒྲ་དང་དོན་དག་གི་འབྲེལ་པ་ཇི་ལྟར་བཤད་པར་རིགས་ཤེ་ན། གང་གི་ཕྱིར་བདེ་པར་གཤེགས་པ་རྣམས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་སྒྲ་དང་དོན་དག་གི་འབྲེལ་པ་མེད་པའོ། །དེ་ལ་འབྲེལ་པ་ནི་རྣམ་པ་གཉིས་ཏེ་དེའི་བདག་ཉིད་ཀྱི་མཚན་ཉིད་དང༌། དེ་ལས་བྱུང་པའི་མཚན་ཉིད་དེ་མི་རྟག་པ་དང་བྱས་པ་ལ་སོགས་པ་བཞིན་དང་མེ་དང་དུ་བ་ལ་སོགས་པ་བཞིན་ནོ། །གཉིས་པོ་དེ་དག་ཀྱང་སྒྲ་དང་དོན་གྱི་ཕྱོགས་སུ་མེད་དོ། །གང་གི་ཕྱིར་སྒྲས་ནི་སྐྱེས་བུའི་དགོངས་པ་མངོན་པར་བརྗོད་པའི་ཕྱི་རོལ་གྱི་དོན་ལ་སྐྱེ་བར་མི་འགྱུར་རོ། །ཕྱི་རོལ་གྱི་དོན་ཡོན་ན་ཡང་དེ་མི་འབྱུང་བ་སྟེ། སྐྱེས་བུའི་འདོད་པ་མེད་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་མེད་ཀྱང་སྒྲ་འབྱུང་བ་མཐོང་བ་སྟེ། སྐྱེས་བུའི་འདོད་པ་འཇུག་པའི་ཕྱིར་རྒྱ་མཚོ་ལ་སོགས་པའི་སྒྲ་བརྗོད་པ་བཞིན་ནོ་ཞེས་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་དོ། །རྒྱུ་དང་འབྲས་བུའི་དངོས་པོ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པ་སྔོན་དུ་འགྲོ་བ་ཡིན་ལ་དཔེར་ན་མེ་ཡོད་པས་དུ་བ་འབྱུང་བ་དང༌། མེ་མེད་པས་དུ་བ་སྐྱེ་བར་མི་འགྱུར་རོ་ཞེས་སྐྱེ་བའི་རིམ་པའོ། །རྟོགས་པའི་རིམ་པ་ཡང་དུ་བ་མཐོང་བས་མེ་ཤེས་པ་དང༌། མེ་མེད་པས་དུ་བ་མེད་པ་ཤེས་པར་འགྱུར་རོ་ཞེས་སྒྲ་དང་དོན་དག་གིས་དེ་ལས་བྱུང་བའི་འབྲེལ་པ་མེད་དོ། །དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ཡང་ཡོད་པ་མ་ཡིན་ཏེ། ཐ་དད་པ་དམིགས་པའི་ཕྱིར་རོ། །དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ནི་ཐ་མི་དད་པ་གཙོ་བོ་ཡིན་ཏེ། ཤིང་དང་ཤ་པ་བཞིན་ནོ། །བསྒྲུབ་བྱ་དང་སྒྲུབ་པའི་དངོས་པོའི་མཚན་ཉིད་ཀྱི་ཐ་སྙད་ནི་གཞན་སེལ་བའི་བློས་བྱས་ཏེ། དངོས་པོ་ཐམས་ཅད་ནི་ལྡོག་པ་དུ་མ་དང་ལྡན་པའི་ཕྱིར་རོ། །གང་


DTG036_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལ། །ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་འབྱུང་བའི་ཕྱིར་རོ། །སྒྲ་དང་དོན་དག་ལ་དེ་ལྟ་བུའི་མཚན་ཉིད་མ་མཐོང་སྟེ། གང་གི་ཕྱིར་སྒྲ་ནི་ཁར་ཡོད་པ་དང༌། དངོས་པོ་ནི་ཕྱི་རོལ་དུ་ཡོད་པ་སྟེ་དེ་དག་ཐ་དད་པ་ཡིན་ནོ། །ཕན་ཚུན་ལས་ཐ་མི་དད་པ་ཁས་བླངས་ནས་བུམ་པས་ཁ་ཁེངས་པར་འགྱུར་བ་དང༌། མེ་ཞེས་བརྗོད་པས་ཁ་ཚིག་པར་ཐལ་བར་འགྱུར་རོ་ཞེས་རིགས་པས་དེའི་བདག་ཉིད་ཀྱང་མེད་དོ། །དེ་བས་ནས་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པའི་འབྲེལ་པ་ནི་སྒྲ་དང་དོན་དག་ལ་མི་རིགས་སོ། །བདེན་ཏེ་རང་གི་མཚན་ཉིད་ཀྱི་འབྲེལ་པ་ནི་མེད་དེ་དོན་གྱི་བྱ་བ་བྱེད་པ་མེད་པའི་ཕྱིར་རོ། །དེ་མེད་པ་ནི་དངོས་པོ་ཐམས་ཅད་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དངོས་པོའི་སྐད་ཅིག་མ་འཇིག་ན་སྒྲ་འབྱུང་སྟེ། དེའི་ཚེ་རང་གི་མཚན་ཉིད་མེད་པས་བརྡར་བྱས་པ་ཡང་མེད་དོ་ཞེས་སྒྲས་ནི་ཐ་སྙད་གང་ལ་བྱ་བ་ཡིན། རྣམ་འགྲེལ་ལས་ཀྱང༌། སྒྲ་རྣམས་བརྡར་བྱས་པས་དོན་ཏེ། དེ་ནི་ཐ་སྙད་བྱ་ཕྱིར་བཤད། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡ་མེད་དོ། །ཞེས་འབྱུང་ངོ༌། །གལ་ཏེ་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་བྱ་བ་དོན་གྱི་བྱ་བ་ཡིན་ནོ་ཞེས་བརྗོད་ན། དེ་ཡང་མི་རིགས་ཏེ། གསལ་བར་སྣང་བ་མེད་པའི་ཕྱིར་རོ། །གསལ་བར་སྣང་བ་ཉིད་ནི་དོན་གྱི་བྱ་བ་ཡིན་ནོ། །རིགས་པའི་ཐིགས་པ་ལས་ཀྱང༌། །དོན་གང་ཞིག་ཉེ་བ་དང་མི་ཉེ་བ་དག་ལས་ཤེས་པ་ལ་སྣང་བ་ཐ་དད་པ་དེ་ནི་རང་གི་མཚན་ཉིད་དོ། །དེ་ལས་གཞན་ནི་སྤྱིའི་མཚན་ཉིད་དོ་ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན་སྤྱིའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་དེ། རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ་སོ་སོར་སྣང་བའི་དོན་ནི་སྤྱིའི་མཚན་ཉིད་ཅེས་བཤད་པ་ཡིན་ནོ། །དེ་བས་ན་རྣམ་རྟོག་ལ་སྣང་བའི་བུམ་པའི་རྣམ་པ་ལས་བུམ་པ་ཞེས་བྱ་བའི་སྒྲ་འབྱུང་བ་སྟེ། རྒྱུ་དང་འབྲས་བུའི་འབྲེལ་པ་ཡོད་དོ། །འཆད་པ་པོས་སྨྲས་པའི་བུམ་པའི་སྒྲ་ལས་ཀྱང་ཉན་པ་པོ་རྣམ་ལར་ཤེས་པ་ལ་བུམ་པའི་རྣམ་པ་སྐྱེ་ཞེས་གོ་བཟློགས་པས་ཀྱང་རྒྱུ་དང་འབྲས་བུའི་འབྲེལ་པ་ཡོད་ངོ༌། །སྒྲ་རྣམས་རྣམ་རྟོག་ལས་བྱུང་བ་དང༌། སྒྲ་ལས་རྣམ་རྟོག་རྣམས་འབྱུང་བའི་ཞེས་


DTG036_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་ཕྱིར་རོ། །དེ་ལྟར་དངོས་པོའི་འབྲེལ་བ་བགག་ནས་སྒྲ་དང་དོན་གྱི་རྣམ་པར་རྟག་པའི་འབྲེལ་བ་བསྟན་ཏོ། །བརྗོད་པ་ཀུན་རྫོབ་ཀྱིས་སྒྲ་དང་དོན་གཉིས་བྱས་པའི་ཐ་སྙད་ཐམས་ཅད་འདི་ཡིན་ནོ་ཞེས་ཤིན་ཏུ་ཕལ་ཆེར་ཐལ་བས་ཆོག་གོ །ཇི་སྐད་དུ། གང་ཕྱིར་འབྲེལ་བ་བསྟན་པ་ཡིས། །ཉན་པ་པོ་རྣམས་འཇུག་པར་འགྱུར། །དེ་ཕྱིར་བསྟན་བཅོས་ཐམས་ཅད་ཀྱི། །འབྲེལ་པ་སྔོན་དུ་བཤད་པ་ཡིན། །ཞེས་བཤད་པའི་ཕྱིར་རོ། །དགོས་པ་བསྟན་པར་མ་བྱས་པས། །དམན་པ་ཡང་ནི་འཇུག་མི་འགྱུར། །ཞེས་བྱ་བའི་ཚིག་གི་དགོས་པ་ནི་ངེས་པར་བརྗོད་པར་བྱ་སྟེ་དེ་ཡང་ཐོས་པ་ལ་སོགས་པ་རབ་ཀྱི་ཐ་མལ་པའི་ལུས་སྤངས་ནས་འཇིག་རྟེན་ལས་འདས་པའི་ལྷའི་སྐུ་ཐོབ་པའི་མཚན་ཉིད་དོ་ཞེས་བྱ་བ་སྟེ། རང་གི་དོན་ཕུན་སུམ་ཚོགས་པའོ། །དེའི་དགོས་པ་ཡང་བསྟན་པ་ལ་སོགས་པའི་རྣམ་པས་འགྲོ་བའི་དོན་བྱེད་པའི་མཚན་ཉིད་དེ་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །ཇི་སྐད་དུ། འགྲོ་བ་མ་ལུས་རང་བཞིན་མངོན་མཛད་པའི། །དེ་བཞིན་གཤེགས་ཉིད་གང་གི་ཞལ་ལས་བྱུང༌། །ཞེས་བཤད་པ་ལྟ་བུའོ། །གཞན་དག་ན་རེ་ཕྱིན་ཅི་མ་ལོག་པའི་རྟོགས་པའི་མཚན་ཉིད་ནི་དགོས་པ་ཡིན་ལ། དེ་ཁོང་དུ་ཆུད་པས་ཡི་དམ་གྱི་ལྷའི་སྐུ་ཐོབ་པ་ནི་དེའི་དགོས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། གཞན་གྱི་དོན་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་གྱི་བྱ་བ་གཙོ་བོ་ཡིན་ནོ་ཞེས་བརྗོད་པ་ལ་སོགས་པ་ལྔ་པོ་བསྟན་ཏོ། །ཡང་ན་རབ་ཏུ་བྱེད་པ་འདིའི་དངོས་པོ་གསུམ་ནི་གཙོ་བོ་ཡིན་ཏེ། བྱ་བ་དང༌། བྱ་བའི་འབྲས་བུ་དང༌། བྱ་བའི་འབྲས་བུའི་འབྲས་བུའོ། །དེ་ལས་མདོར་བསྡུས་པ་འདི་ལེའུ་བཅུ་བདུན་པ་ལས་བསྡུས་པ་ནི་བྱ་བའོ། །བདེ་བླག་ཏུ་འགྲོ་བར་རྟོགས་པ་ནི་བྱ་བའི་འབྲས་བུའོ། །དེ་རྟོགས་པས་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ནི་བྱ་བའི་འབྲས་བུའི་འབྲས་བུ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །དེ་ལ་དང་པོ་བགེགས་ཞི་བར་བྱ་བའི་ཕྱག་བཙལ་བར་བྱ་སྟེ། གང་གི་ཕྱིར་མངོན་པར་འདོད་པའི་ལྷ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བ་ནི་འཇུག་པ་ཡིན་ནོ་ཞེས་དམ་པ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །དེ་ལ་བགེགས་རྣམ་པ་གསུམ་སྟེ། ལུས་


DTG036_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནི་རིམས་ལ་སོགས་པའོ། །ངག་གི་ནི་ཚིག་རྩུབ་ལ་སོགས་པའོ། །སེམས་ཀྱི་ནི་འདོད་ཆགས་ལ་སོགས་པའོ། །ཡང་ན་བེམས་པོ་དང་བེམས་པོ་མ་ཡིན་པ་དང༌། གཉི་གའི་རང་བཞིན་ནི་བགེགས་སོ། །བམས་པོ་ནི་གྲང་བ་དང་དྲོ་བ་ལ་སོགས་པའོ། །བེམས་པོ་མ་ཡིན་པ་ནི་རྒྱལ་པོའི་རྩོད་པ་ལ་སོགས་པའོ། །གཉི་ག་ནི་གཉི་གས་སྦྲུལ་པའོ། །ཇི་སྐད་དུ། ཤིན་ཏུ་ཆར་དང་ཆར་དཀོན་དང༌། །བྱི་བ་ཆ་ག་ནེ་ཚོ་དང༌། །ཕན་ཚུན་རྩོད་པའི་རྒྱལ་པོ་རྣམས། །དྲུག་པོ་རྣམ་པར་འཚེ་བར་བཤད། །ཅེས་འབྱུང་ངོ༌། །བགེགས་རྣམས་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་ཕྱག་འཚལ་བས་རབ་ཏུ་ཞི་བར་འགྱུར་རོ། །འདིར་རིགས་པ་ནི་ཕྱག་འཚལ་བར་བྱས་ནས་སྐྱེས་བུ་ཆེན་པོ་ལ་རབ་ཏུ་བསྟོད་པས་བསོད་ནམས་ཐོབ་ཅིང་བསོད་ནམས་མ་ཡིན་པས་ལྡོག་པས་མི་དགེ་བ་ལས་བྱུང་བའི་ཕྱི་དང་ནང་གི་བགེགས་རྣམས་ཉེ་བར་ཞི་བར་འགྱུར་རོ་ཞེས་བདེ་བས་བསྟན་བཅོས་རྫོགས་པར་འགྱུར་རོ་ཞེས་འགལ་བ་དམིགས་པའམ། འགལ་བའི་འབྲས་བུ་དམིགས་པའི་ཕྱག་འཚལ་བས་བགེགས་ཉེ་བར་ཞི་བར་འགྱུར་རོ། །དཔེར་ན་འདིར་ནི་གྲང་བའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་དང་དེ་བཞིན་དུ་འདི་ན་བ་མོའི་རེག་པ་མེད་དེ་དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་མཁའ་དང་མཉམ་གྱུར་དངོས་ཀུན་ངོ་བོ་ཉིད། །དག་ཅིང་ཞི་བ་རྣམས་དབེན་བདེ་མཆོག་རང་བཞིན་རྣལ་འབྱོར་པ་ཉིད་ཡུལ། །རྟོགས་དཀའ་བརྟག་པར་དཀའ་ལ་བདག་གཞན་རབ་ཕན་ཁྱབ་ཅིང་སྤྲོས་པ་མེད། །རྒྱལ་བ་རྣམས་ཀྱི་ཞི་བ་མཉམ་མེད་མཉམ་སྐུ་མི་རྟོགས་ཚུལ་གཅིག་ལ་ཕྱག་འཚལ། ཞེས་སྨྲོས་པ་ལས། རྒྱ་བ་ནི་སངས་རྒྱས་རྣམས་ཀྱི་སྐུ་སྟེ། སྐུ་གསུམ་ལ་ཕྱག་འཚལ་བ་ནི་འདུད་དེ་ཇི་ལྟ་བུ་ཡིན་ཞེ་ན། ཁམས་གསུམ་སྤྱོད་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་སོ། །དེ་རྣམས་ལས་གྲོལ་བ་ནི་བྲལ་བའོ། །དེ་བཞིན་དུ་མཁའ་དང་མཉམ་གྱུར་པ་ནི་ནམ་མཁའ་དང་འདྲ་བར་གནས་པའོ། །བུམ་པའི་ནམ་མཁའ་དང་འདྲ་བའི་ཕྱོགས་གཅིག་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཅེས་བྱ་བ་ནི་སེམས་ཅན་དང༌། སྣོད་ཀྱི་


DTG036_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ངག་གི་ཆོས་ཉིད་ཀྱི་རང་བཞིན་ནོ། །དེས་ནི་ཆོས་ཀྱི་སྐུའི་རང་བཞིན་གྱི་ཕྱག་འཚལ་བར་བསྟན་ཏོ། །སངས་རྒྱས་ཀྱིས་ནི་ཞིང་ཡོངས་སུ་དག་པས་ན་དག་པའོ། །འོད་གསལ་བའི་རང་བཞིན་ཡིན་པས་ན་ཞི་བའོ། །ཆོས་ཀྱི་སྐུ་ལས་བྱུང་བས་ན་རྣམ་དབེན་པའོ། །ཆོས་ཀྱི་བདུད་རྩིས་གང་བས་ན་བདེ་མཆོག་གི་རང་བཞིན་ནོ། །ས་ཐོབ་པའི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡིན་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ། །དེས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་གྱི་ཕྱག་འཚལ་བར་བསྟན་ཏོ། །སེམས་དང་སེམས་ལས་བྱུང་བའི་ཆོས་དང་བྲལ་བས་ན་རྟོགས་དཀའ་བརྟག་པར་དཀའ་བ་སྟེ། སྐུ་དང་གསུང་གི་ངོ་བོ་ཡིན་པའི་ཕྱིར་རོ། །སྐྱེ་བ་ལ་སོགས་པ་བསྟན་པས་བདག་ལ་རབ་ཕན་ནོ། །སེམས་ཅན་གྱི་དོན་བྱ་བ་བསྟན་པས་གཞན་ལ་རབ་ཕན་ནོ། །ཀུན་དུ་འགྲོ་བས་ན་ཁྱབ་པ་སྟེ། དགོན་པ་ལ་འབར་བའི་མེ་བཞིན་ནོ། །ཆོས་ཀྱི་སྐུར་གྱུར་པས་ན་སྤྲོས་པ་མེད་པའོ། །དེས་ནི་སྤྲུལ་པའི་སྐུའི་རང་བཞིན་གྱིས་ཕྱག་འཚལ་བར་བསྟན་ཏོ། །ཉེ་བར་བསྡུ་བར་བཤད་པར་བྱ་སྟེ། ཞི་བ་ནི་ཆོས་ཀྱི་སྐུའོ། །མཉམ་མེད་ནི་དེ་ཉིད་དོ། །དེ་དང་མཉམ་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སེམས་དང་བྲལ་བའི་ཕྱིར་མི་རྟོགས་ཚུལ་གཅིག་ཅེས་བྱ་བ་ནི་སྤྲུལ་པའི་སྐུའོ། །དེ་ལྟར་རྒྱལ་བ་རྣམས་ཀྱི་རྣམ་པ་གསུམ་གྱི་སྐུ་ལ་ཕྱག་འཚལ་ལོ་ཞེས་ཡི་གེའི་དོན་ཏོ། །ཁམས་གསུམ་སྤྱོད་པ་ལས་འགྲོལ་བ་ནི་བགེགས་བསྐྲད་པའོ། །མཁའ་དང་མཉམ་པར་གྱུར་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དངོས་ཀུན་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་ཡེ་ཤེས་ཀྱི་གཞིའི་ངོ་བོའོ། །ངག་པ་ནི་རིན་ཆེན་སྣ་བདུན་གྱི་རང་བཞིན་གྱི་གཞལ་ཡས་ཁང་གི་ངོ་བོའོ། །ལྷག་པར་མོས་པའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས་ན་ཞི་བའོ། །དོན་དམ་པའི་དཀྱིལ་འཁོར་གྱི་ངོ་བོ་ཡིན་པས་ན་རྣམ་དབེན་ནོ། །གདན་གྱི་དབྱེ་བའི་ངོ་བོ་ཡིན་པས་ན་བདེ་མཆོག་རང་བཞིན་ནོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ། །ཡི་གེ་གསུམ་གྱི་བདག་ཉིད་ཡིན་པས་ན་རྟོགས་དཀའ་བའོ། །དེ་ཡོངས་སུ་གྱུར་པ་ལས་


DTG036_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་རྣམ་པ་ཡིན་པས་ན་བརྟག་པར་དཀའ་བའོ། །སྤྲོ་བའི་བདག་ཉིད་ཡིན་པས་ན་བདག་དང་གཞན་ལ་རབ་ཕན་ནོ། །དེའི་ང་རྒྱལ་གྱི་བདག་ཉིད་ཡིན་པས་ན་ཁྱབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པས་ན་སྤྲོས་པ་མེད་པའོ། །རྒྱལ་བའི་སྐུ་ནི་དཔལ་རྡོ་རྗེ་འཆང་གི་སྐུ་འགྲུབ་པ་སྟེ་རྣལ་འབྱོར་རོ། །ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའི་བདག་ཉིད་ཡིན་པས་ན་ཞི་བ་སྟེ། རྗེས་སུ་རྣལ་འབྱོར་རོ། །མཉམ་མེད་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པས་ན་མཉམ་མེད་མཉམ་པ་སྟེ། ཤིན་ཏུ་རྣལ་འབྱོར་རོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབས་པས་ན་མི་རྟོག་ཚུལ་གཅིག་ཅེས་བྱ་བ་སྟེ། རྣལ་འབྱོར་ཆེན་པོའོ། །དེ་ལྟར་དང་པོའི་སྦྱོར་བའི་བདག་ཉིད་ཡིན་པས་ན་སྤྱིའི་དོན་ཏོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་བ། །ཞེས་བྱ་བ་ནི་རླུང་གསུམ་ཉེ་བར་བསྡུས་པས་གཅིག་ཏུ་གྱུར་པའོ། །མཁའ་དང་མཉམ་གྱུར་པ་ནི་འདོད་པའི་གདུགས་ཀྱི་རྩ་ལ་གནས་པ་སྟེ། རྩ་དབུ་མ་ལ་གནས་པའོ། །དངོས་ཀུན་དོ་བོ་ཉིད་ཅེས་བྱ་བ་ནི་སྤྱོད་པ་དང་མི་སྤྱོད་པའི་བདག་ཉིད་དོ། །སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལས། །ཞེས་བཤད་པའི་ཕྱིར་རོ། །ཀུནད་ལྟར་དཀར་བ་ཡིན་པས་ན་དག་པའོ། །རྣམ་པར་མི་རྟོག་པའི་ངོ་བོ་ཡིན་པས་ན་ཞི་བའོ། །ཡུངས་ཀར་གྱི་ཚད་ཙམ་ཡིན་པའི་ཕྱིར་རྣམ་དབེན་ནོ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ལས་བྱུང་བས་ན་བདེ་མཆོག་རང་བཞིན་ནོ། །རང་རིགས་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ། །རགས་པ་དང་ཕྲ་བའི་རྣམ་པར་རྟོག་པ་དང་བྲལ་བས་ན་རྟོགས་དཀའ་བརྟག་པར་དཀའ་བའོ། །སྤྲོ་བ་དང་བསྡུ་བདག་གིས་འགྲོ་བའི་དོན་མཛད་པས་ན་བདག་དང་གཞན་ལ་རབ་ཕན་ནོ། །འགྲོ་བ་སྐྱེད་པའི་རྒྱུར་གྱུར་པས་ན་ཁྱབ་བའོ། །ཕུང་པོ་དང་དབང་པོ་དང་རླུང་ཉེ་བར་བསྡུས་པས་ན་སྤྲོས་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་ཕུང་པོ་རྣམས་ཀྱི་ཉེ་བར་གྲགས་པའི་རྒྱལ་བ་རྣམས་ཉེ་བར་བསྡུས་པས་ན་རྒྱལ་བའི་སྐུ་སྟེ། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་ནོ། །དེ་ཉིད་བཤད་པ་ཞི་བ་ནི་གསང་བའི་སྣ་རྩེ་ལ་གནས་པའོ། །མཉམ་མེད་


DTG036_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ནི་སྙིང་གའི་པདྨའི་ནང་ན་གནས་པའོ། །མི་རྟོག་ཚུལ་གཅིག་ཅེས་བྱ་བ་ནི་ཀུན་རྫོབ་སྣའི་རྩེ་ལ་གནས་པའོ། །ཕྱག་འཚལ་བ་ནི་ཉམས་སུ་མྱོང་བ་སྟེ་སྦས་པའོ། །སྣང་བ་གསུམ་དང་བྲལ་བས་ན་ཁམས་གསུམ་སྤྱོད་པ་ལས་གྲོལ་བའོ། །འོད་གསལ་བའི་རང་བཞིན་ཡིན་པས་ན་ནམ་མཁའ་དང་མཉམ་གྱུར་པའོ། །བརྟན་པ་དང་གཡོ་བའི་ངོ་བོ་ཡིན་པས་ན་དངོས་ཀུན་ངོ་བོ་ཉིད་དོ། །ཤེས་རབ་ཀྱི་རང་བཞིན་དང་བྲལ་བས་ན་དག་པའོ། །ཐབས་ཀྱི་རང་བཞིན་དང་བྲལ་བས་ན་ཞི་བའོ། །མ་རིག་པའི་རང་བཞིན་དང་བྲལ་བས་ན་རྣམ་དབེན་ནོ། །ཕྱག་རྒྱའི་ཐབས་ཀྱིས་ཐོབ་པས་ན་བདེ་མཆོག་རང་བཞིན་ནོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པས་བླང་བར་བྱ་བས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ། །ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་རྣམས་ཀྱིས་མི་ཤེས་པས་རྟོགས་པར་དཀའོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་དཀའ་བས་ན་བརྟག་པར་དཀའ་བའོ། །བདག་དང་གཞན་ལ་ཕན་འདོགས་པའི་རྒྱུར་གྱུར་པས་ན་བདག་གཞན་རབ་ཕན་ནོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་ཁྱབ་པའོ། །སྣང་བ་ལ་སོགས་པའི་གསལ་བ་གསུམ་བྲལ་བས་ན་སྤྲོས་པ་མེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་ན་རྒྱལ་བ་རྣམས་ཀྱི་སྐུའོ། །ཟླ་བའི་སྣང་བ་ཡིན་པས་ན་ཞི་བའོ། །ཉི་མ་ལྟར་སྣང་བ་ཡིན་པས་ན་མཉམ་མེད་མཉམ་པའོ། །མཚམས་ཀྱི་སྣང་བ་དང་དེ་དག་དང་བྲལ་བས་ན་མི་རྟོག་ཚུལ་གཅིག་ཅེས་བྱ་བ་སྟེ་སྦས་པའོ། །སྣང་བ་ཉེ་བར་ཐོབ་པ་ལ་སོགས་པ་དང་བྲལ་པའི་བསྒོམས་པ་ལས་བྱུང་བས་ན་ཁམས་གསུམ་སྤྱོད་པ་ལས་གྲོལ་བའོ། །འོད་གསལ་བ་ལས་བྱུང་བས་ན་ནམ་མཁའ་དང་མཉམ་པར་གྱུར་པའོ། །སྒྱུ་མའི་དཔེ་བཅུ་གཉིས་དང་མཚུངས་པས་ན་དངོས་ཀུན་ངོ་བོ་ཉིད་དོ། །ཆོས་ཀྱི་སྐུར་བདག་བྱིན་གྱིས་བརླབས་པས་ན་དག་པའོ། །ལོངས་སྤྱོད་རྫོགས་པའི་སྐུར་བདག་བྱིན་གྱིས་བརླབས་པས་ན་ཞི་བའོ། །སྤྲུལ་པའི་སྐུར་བདག་བྱིན་གྱིས་བརླབས་པས་ན་རྣམ་དབེན་ནོ། །རང་རིག་པས་ན་བདེ་བ་མཆོག་རང་བཞིན་ནོ། །ས་བཅུ་པ་ལ་ཡེ་


DTG036_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་དབང་ཉིད་ཐོབ་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ། །བདག་དང་གཞན་གྱི་རྒྱུད་ལ་གནས་པའི་རྣམ་པར་རྟོག་པ་བཅོམ་པས་ན་རྟོགས་དཀའ་བརྟག་པར་དཀའ་བའོ། །སྒྱུ་མ་ལྟ་བུ་ཡིན་ན་ཡང་བདག་དང་གཞན་ལ་ཕན་པར་མཛད་པས་ན་བདག་གཞན་རབ་ཕན་ནོ། །ཆུའི་ཟླ་བ་དང་འདྲ་བས་ན་ཁྱབ་པའོ། །འོད་གསལ་བ་ལས་བྱུང་བས་ན་སྤྲོས་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་མོས་པའི་དབྱེ་བས་དེ་བཞིན་གཤེགས་པ་ལྔའི་སྐུ་འཆང་བས་ན་རྒྱལ་བ་རྣམས་ཀྱི་སྐུའོ། །དམ་ཚིག་སེམས་དཔའི་ངོ་བོ་ཡིན་པས་ན་ཞི་བའོ། །ཡེ་ཤེས་སེམས་དཔའི་ངོ་བོ་ཡིན་པས་ན་མཉམ་མེད་མཉམ་པའོ། །ཏིང་ངེ་འཛིན་སེམས་དཔའི་ངོ་བོ་ཡིན་པས་ན་རྟོག་མེད་ཚུལ་གཅིག་སྟེ་སྦས་པའོ། །ཆགས་པ་དག་ཆགས་པ་དང་བྲལ་བ་དང༌། ཆགས་པ་བར་མ་དང་བྲལ་བས་ན་ཁམས་གསུམ་སྤྱོད་པ་ལས་གྲོལ་བའོ། །ནམ་མཁའ་སྤྲོས་པ་ཐམས་ཅད་ཞི་བ་ཡིན་པས་ནམ་མཁའ་དང་མཉམ་གྱུར་བའོ། །ཁམས་གསུམ་གྱི་བདག་ཉིད་ཡིན་པས་ན་དངོས་ཀུན་ངོ་བོ་ཉིད་དོ། །ཆགས་པ་སྤོང་བས་ན་དག་པའོ། །ཆགས་པ་དང་བྲལ་བ་མེད་པས་ན་ཞི་བའོ། །ཆགས་པ་དང་བྲལ་བས་རྣམ་དབེན་ནོ། །ལྷན་ཅིག་སྐྱེས་པའི་ཕྱིར་བདེ་མཆོག་གི་རང་བཞིན་ནོ། །རྣལ་འབྱོར་གྱི་མངོན་སུམ་གྱི་ཚད་མས་རྟོགས་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ། །སྨིག་རྒྱུ་ལ་སོགས་པའི་རྟགས་མེད་པས་ན་རྟོགས་དཀའོ། །ཕྲ་བའི་ལྟ་བས་རྟོགས་པས་བརྟག་དཀའ་བའོ། །དེ་ལས་ལྡང་བ་ནི་བདག་དང་གཞན་གྱི་དོན་གྲུབ་པས་ན་བདག་གཞན་རབ་ཕན་ནོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པས་ན་ཁྱབ་པའོ། །དོན་དམ་པ་བྱང་ཆུབ་སེམས་ནི་རྣམ་པར་རྟོག་པ་དང་བྲལ་བས་ན་སྤྲོས་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་རྒྱལ་བ་རྣམས་ཀྱི་སྐུ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །ཞི་བ་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་གྱིས་རྟོགས་པའོ། །མཉམ་མེད་མཉམ་པ་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱིས་ཐོབ་པའོ། །ཐམས་ཅད་ཀྱི་འབྲས་བུ་ཡིན་པས་ན་མི་རྟོག་ཚུལ་གཅིག་གོ །ཕྱག་འཚལ་ལོ་ཞེས་བྱ་བ་ནི་བདག་ཉིད་དུ་བྱས་པ་སྟེ་མཐར་ཐུག་པའོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་འཇིག་རྟེན་


DTG036_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆོས་བརྒྱད་དང་བྲལ་བའོ། །མཁའ་དང་མཉམ་གྱུར་པ་ནི་ས་བཅུ་གཉིས་པ་ཐོབ་པའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པས་ན་དངོས་ཀུན་ངོ་བོ་ཉིད་དོ། །ཀུན་རྫོབ་ཀྱི་རྣམ་པར་རྟོག་པ་སྤོང་བས་ན་དག་པའོ། །དོན་དམ་པའི་རྣམ་པར་རྟོག་པ་དང་བྲལ་བས་ན་ཞི་བའོ། །བདེན་པ་གཉིས་དང་གཉིས་སུ་མེད་པས་ན་རྣམ་དབེན་ནོ། །ཆོས་ཀྱི་བདུད་རྩིའི་ཆར་འབེབས་པས་ན་བདེ་མཆོག་གི་རང་བཞིན་ནོ། །ཟག་པ་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཁོང་དུ་ཆུད་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པས་ན་རྟོགས་དཀའོ། །དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་རྣམ་པ་ཡིན་པས་ན་བརྟག་དཀའ་བའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཕན་འདོགས་པས་ན་བདག་གཞན་རབ་ཕན་ནོ། །མཐའ་གཉིས་དང་བྲལ་བས་ན་ཁྱབ་པའོ། །དེ་ཉིད་ཀྱི་ཕྱིར་སྤྲོས་པ་མེད་པའོ། །རྒྱལ་བ་རྣམས་ཀྱི་སྐུ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དོ། །ཕུང་པོ་ལྷག་མ་དང་བཅས་པ་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རྣམ་པར་རྟོག་པ་མེད་པས་ན་ཞི་བའོ། །རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་ལ་སོགས་པ་སྤོང་བས་ན་མཉམ་མེད་མཉམ་བའོ། །འབྲས་བུའི་ངོ་བོ་ཡིན་པས་ན་མི་རྟོག་ཚུལ་གཅིག་གོ །ཕྱག་འཚལ་ཞེས་བྱ་བ་ནི་དེའི་བདག་ཉིད་དུ་འཇུག་པར་བྱ་ཞེས་པའི་དོན་ཏེ་མཐར་ཐུག་པའོ། །དེ་ནི་བཤད་པ་རྣམ་པ་བཞིའོ། །ཡང་ན་ཁམས་གསུམ་སྤྱོད་པ་ལས་གྲོལ་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་འཆང་གི་རང་བཞིན་ནོ། །མཁའ་དང་མཉམ་གྱུར་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ། །དངོས་ཀུན་ངོ་བོ་ཉིད་ཅེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་ངོ་བོའོ། །དག་པ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །ཞི་བ་ནི་དོན་ཡོད་གྲུབ་པའི་རང་བཞིན་ནོ། །རྣམ་དབེན་ནི་སྤྱན་གྱི་རང་བཞིན་ནོ། །བདེ་མཆོག་རང་བཞིན་ནི་མཱ་མ་ཀཱིའི་ངོ་བོའོ། །རྣལ་འབྱོར་པ་ཉིད་ཡུལ་ནི་གོས་དཀར་མོའི་བདག་ཉིད་དོ། །རྟོགས་དཀའ་ནི་སྒྲོལ་མའི་བདག་ཉིད་དོ། །བརྟག་པར་དཀའ་བ་ནི་གཤིན་རྗེ་མཐར་བྱེད་ཀྱི་བདག་ཉིད་དོ། །བདག་གཞན་རབ་ཕན་ནི་ཤེས་རབ་མཐར་བྱེད་ཀྱི་བདག་ཉིད་དོ། །ཁྱབ་པ་ནི་པདྨ་མཐར་བྱེད་ཀྱི་བདག་


DTG036_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །སྤྲོས་པ་མེད་པ་ནི་བགེགས་མཐར་བྱེད་ཀྱི་བདག་ཉིད་དོ། །ཞི་བ་ནི་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་རང་བཞིན་ནོ། །མཉམ་མེད་མཉམ་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་མཆོད་པའི་ལྷ་མོ་ལྔའི་རང་བཞིན་ནོ། །མི་རྟོག་ཚུལ་གཅིག་ནི་ཁྲོ་བོའི་རྒྱལ་པོ་བཅུའི་རང་བཞིན་ནོ། །དེ་དང་འདྲ་བ་རྒྱལ་བ་རྣམས་ཀྱི་སྐུ་ནི། རྡོ་རྗེ་འཆང་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་འཚལ་བ་ནི་འདུད་ཅེས་བྱ་བ་ཚིག་གི་དོན་ཏེ་སྒྲ་ཇི་བཞིན་པའོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་ནང་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །མཁའ་དང་མཉམ་གྱུར་པ་ནི་ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དངོས་ཀུན་ངོ་བོ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དག་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞི་བ་ནི་ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །རྣམ་དབེན་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །བདེ་མཆོག་རང་བཞིན་ནི་འདུས་ཁྱས་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །རྣལ་འབྱོར་པ་ཉིད་ཡུལ་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །རྟོགས་དཀའ་བ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །བརྟག་པར་དཀའ་བ་ནི་དོར་བ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །བདག་གཞན་རབ་ཕན་ནི་ཐོབ་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཁྱབ་པ་ནི་རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྤྲོས་པ་མེད་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞི་བ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །མཉམ་མེད་མཉམ་པ་ནི་མི་དམིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །མི་རྟོག་ཚུལ་གཅིག་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་ལྟར་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་རྒྱལ་བ་རྣམས་ཀྱི་སྐུ་ནི་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ་ཞེས་སྒྲ་ཇི་བཞིན་མ་ཡིན་པའོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་སྣང་བ་ཆུང་བའི་བདག་ཉིད་དོ། །མཁའ་དང་མཉམ་གྱུར་པ་ནི་སྣང་བ་འབྲིང་གི་བདག་ཉིད་དོ། །དངོས་ཀུན་ངོ་བོ་ཉིད་ནི་སྣང་བ་རབ་ཀྱི་བདག་ཉིད་དོ། །དག་པ་ནི་སྣང་བ་རབ་ཀྱི་བདག་ཉིད་དོ། །ཞི་བ་ནི་སྣང་བ་མཆེད་པ་ཆུང་བའི་རང་བཞིན་ནོ། །རྣམ་དབེན་ནི་སྣང་བ་མཆེད་པ་འབྲིང་གི་བདག་ཉིད་དོ། །


DTG036_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་རང་བཞིན་ནི་སྣང་བ་མཆེད་བ་རབ་ཀྱི་བདག་ཉིད་དོ། །རྣལ་འབྱོར་པ་ཉིད་ཡུལ་ནི་སྣང་བ་མཆེད་པ་རབ་ཀྱི་རབ་ཀྱི་བདག་ཉིད་དོ། །རྟོགས་དཀའ་བ་ནི་སྣང་བ་ཉེ་བར་ཐོབ་པ་ཆུང་དུའི་བདག་ཉིད་དོ། །བརྟག་པར་དཀའ་བ་ནི་སྣང་བ་ཉེ་བར་ཐོབ་པ་འབྲིང་གི་བདག་ཉིད་དོ། །བདག་གཞན་རབ་ཕན་ནི་སྣང་བ་ཉེ་བར་ཐོབ་པ་རབ་ཀྱི་བདག་ཉིད་དོ། །ཁྱབ་པ་ནི་སྣང་བ་ཉེ་བར་ཐོབ་པའི་རབ་ཀྱི་རབ་ཀྱི་བདག་ཉིད་དོ། །སྤྲོས་པ་མེད་པ་ནི་འོད་གསལ་བ་ཆུང་དུའི་བདག་ཉིད་དོ། །ཞི་བ་ནི་འོད་གསལ་བ་འབྲིང་གི་བདག་ཉིད་དོ། །མཉམ་མེད་མཉམ་པ་ནི་འོད་གསལ་བ་རབ་ཀྱི་བདག་ཉིད་དོ། །མི་རྟོག་ཚུལ་གཅིག་ནི་འོད་གསལ་བ་རབ་ཀྱི་རབ་ཀྱི་བདག་ཉིད་དོ། །དེ་རྣམས་ཀྱི་དབྱེ་བ་ནི་ཉིན་པར་གྱི་ཟླ་བའི་སྣང་བ་དང༌། ཟླ་བ་ཕྱེད་ཀྱི་སྣང་བ་དང་སྤྲིན་དང་བཅས་པའི་ཟླ་བའི་སྣང་བ་དང༌། སྤྲིན་མེད་པའི་ཟླ་བའི་སྣང་བ་བཞིན་དུ་སྣང་བའི་ཡེ་ཤེས་སོ། །དེ་བཞིན་དུ་ཉི་མ་ཤར་བའི་སྣང་བ་དང༌། ཉི་མ་ནུབ་བཞིན་པའི་སྣང་བ་དང༌། སྤྲིན་དང་བཅས་པའི་ཉི་མའི་སྣང་བ་དང༌། སྤྲིན་མེད་པའི་ཉི་མའི་སྣང་བ་ལྟ་བུ་ནི་སྣང་བ་མཆེད་པའི་ཡེ་ཤེས་སོ། །སྲོད་ཀྱི་མཚམས་དང་ནང་པར་གྱི་མཚམས་དང༌། སྤྲིན་དང་བཅས་པའི་མཚན་དང༌། སྤྲིན་མེད་པའི་མཚམས་ལྟ་བུ་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །མར་ངོ་ཕྱོགས་ཀྱི་ནམ་མཁའ་དང༌། ཡར་ངོ་ཕྱོགས་ཀྱི་ནམ་མཁའ་དང༌། སྤྲིན་དང་བཅས་པའི་ནམ་མཁའ་དང༌། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ནི་འོད་གསལ་བའི་ཡེ་ཤེས་ཏེ། དགོངས་པས་བཤད་པའོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་སྲོག་གི་རླུང་ཀུན་དུ་རྒྱུབ་དང་བྲལ་བའོ། །མཁའ་དང་མཉམ་གྱུར་ནི་ཐུར་དུ་སེལ་བའི་རླུང་གི་ཀུན་དུ་རྒྱུ་བ་དང་བྲལ་བའོ། །དངོས་ཀུན་ངོ་བོ་ཉིད་ནི་མེ་དང་མཉམ་པའི་རླུང་ཀུན་དུ་རྒྱུ་བ་དང་བྲལ་བའོ། །དག་པ་ནི་གྱེན་དུ་རྒྱུ་བའི་རླུང་ཀུན་དུ་རྒྱུ་བ་དང་བྲལ་བའོ།། ཞི་བ་ནི་ཁྱབ་བྱེད་ཀྱི་རླུང་ཉེ་བར་སྡུད་པར་བྱེད་པའོ། །རྣམ་དབེན་ནི་རྒྱུ་བ་དང་བྲལ་བའོ། །བདེ་མཆོག་རང་བཞིན་ནི་རྣམ་པར་རྒྱུ་བ་དང་བྲལ་བའོ། །རྣལ་འབྱོར་པ་ཉིད་ཡུལ་ནི་ཡང་དག་པར་རྒྱུ་བ་དང་བྲལ་བའོ། །རྟོགས་དཀའ་ནི་རབ་ཏུ་རྒྱུ་བ་དང་བྲལ་བའོ། །བརྟག་པར་དཀའ་བ་ནི་ངེས་


DTG036_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱུ་བ་དང་བྲལ་བའོ། །བདག་གཞན་རབ་ཕན་ནི་ལུས་ཀྱི་རླུང་ཉེ་བར་སྡུད་པའོ། །ཁྱབ་པ་ནི་ངག་གི་རླུང་ཉེ་བར་སྡུད་པའོ། །སྤྲོས་པ་མེད་པ་ནི་སེམས་ཀྱི་རླུང་ཉེ་བར་སྡུད་པའོ། །དེ་ལ་ལུས་ཀྱི་རླུང་ནི་འགྲོ་བ་དང༌། བསྒུལ་བ་དང་བསྐྱོད་པའི་མཚན་ཉིད་དོ། །ངག་གི་རླུང་ནི་རྟོག་དཔྱོད་ཀྱི་མཚན་ཉིད་དོ། །བརྟགས་ཤིང་དབྱང་ནས་ཚིག་བརྗོད་པ་ཡིན་ནོ་ཞེས་རིགས་པས་སོ། །སེམས་ཀྱི་རླུང་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་དོ། །ཞི་བ་ནི་འཇུག་པ་མེད་པའོ། །མཉམ་མེད་མཉམ་པ་ནི་གནས་པ་མེད་པའོ། །མི་རྟོག་ཚུལ་གཅིག་ནི་འབྱུང་བ་མེད་པའོ། །དེ་ལྟ་བུའི་རྒྱལ་བ་རྣམས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཉེ་བར་སྡུད་པར་བྱེད་པ་མ་ནིང་གི་བཟླས་པའི་བདག་ཉིད་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ་ཞེས་དགོངས་པ་ཡིན་པའོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་འཆི་བ་ལས་ཕ་རོལ་ན་དེ་བཞིན་གཤེགས་པ་མེད་དོ་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །མཁའ་དང་མཉམ་གྱུར་པ་ནི་འཆི་བ་ལས་པ་རོལ་ན་དེ་བཞིན་གཤེགས་པ་ཡོད་དོ་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །དངོས་ཀུན་ངོ་བོ་ཉིད་ནི་འཆི་བ་ལས་ཕ་རོལ་ན་དེ་བཞིན་གཤེགས་པ་ཡོད་པ་ཡང་ཡིན། མེད་པ་ཡང་ཡིན་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །དག་པ་ནི་འཆི་བ་ལས་ཕ་རོལ་ན་དེ་བཞིན་གཤེགས་པ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །ཞི་བ་ནི་འཇིག་རྟེན་མཐའ་དང་ལྡན་པ་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །རྣམ་དབེན་ནི་འཇིག་རྟེན་མཐའ་དང་ལྡན་པ་འང་མ་ཡིན་ནོ་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །བདེ་མཆོག་རང་བཞིན་ནི་འཇིག་རྟེན་མཐའ་དང་ལྡན་པ་ཡང་མ་ཡིན་མཐའ་དང་མི་ལྡན་པ་ཡང་མ་ཡིན་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །རྣལ་འབྱོར་པ་ཉིད་ཡུལ་ནི་འཇིག་རྟེན་ནི་མཐའ་དང་ལྡན་པ་ཡང་མ་ཡིན། མཐའ་དང་མི་ལྡན་པ་ཡང་མ་ཡིན་ཞེས་རྣམས་པར་རྟོག་པ་དང་བྲལ་བའོ། །རྟོགས་དཀའ་ནི་འཇིག་རྟེན་རྟག་པ་ཡིན་ནོ་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །བརྟག་པར་དཀའ་བ་ནི་འཇིག་རྟེན་མི་རྟག་པའོ་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །བདག་གཞན་རབ་ཕན་ནི་འཇིག་རྟེན་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་


DTG036_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །ཁྱབ་པ་ནི་འཇིག་རྟེན་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ཉིད་ཀྱི་ཕྱིར་སྤྲོས་པ་མེད་པའོ། །སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ན་ཞི་བའོ། །མཚན་མ་མེད་པས་མཉམ་མིང་མཉམ་པའོ། །སྨོན་པ་མེད་པས་ན་མི་རྟོག་ཚུལ་གཅིག་གོ །རྒྱལ་བ་རྣམས་ཀྱི་སྐུ་ནི་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་དྲང་བའི་དོན་ཏོ། །ཁམས་གསུམ་སྤྱོད་པ་ལས་གྲོས་བ་ནི་རྡོ་རྗེ་འཆང་ཆེན་པོའི་བཟླས་པའི་རང་བཞིན་ནོ། །མཁའ་དང་མཉམ་གྱུར་ནི་ཐུགས་ཀྱི་བཟླས་པའི་རང་བཞིན་ནོ། །དངོས་ཀུན་ངོ་བོ་ཉིད་ནི་ངག་གི་བཟླས་པའི་རང་བཞིན་ནོ། །དག་པ་ནི་སྐུའི་བཟླས་པའི་རང་བཞིན་ནོ། །ཞི་བ་ནི་རིན་ཆེན་བཟླས་པའི་རང་བཞིན་ནོ། །རྣམ་དབེན་ནི་དོན་ཡོད་བཟླས་པའི་རང་བཞིན་ནོ། །བདེ་མཆོག་རང་བཞིན་ནི་ཞེ་སྡང་བཟླས་པའི་རང་བཞིན་ནོ། །རྣལ་འབྱོར་པ་ཉིད་ཡུལ་ནི་འདོད་ཆགས་བཟླས་པའི་རང་བཞིན་ནོ། །རྟོགས་དཀའ་ནི་གཏི་མུག་བཟླས་པའི་རང་བཞིན་ནོ། །བརྟག་པར་དཀའ་བ་ནི་ཁྲོ་བོའི་བཟླས་པའི་རང་བཞིན་ནོ། །བདག་གཞན་རབ་ཕན་ནི་མ་ནིང་གི་བཟླས་པའི་རང་བཞིན་ནོ། །དེ་ཉིད་ཀྱི་ཁྱད་པར་ནི་ཁྱབ་པ་སྟེ། འོད་གསལ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །སྤྲོས་པ་མེད་པ་ནི་ངག་གི་སྤྲོས་པ་ལས་འདས་པའོ། །འཇུག་པ་ལ་སོགས་པ་དང༌། བྲལ་བས་ཞི་བ་དང་མཉམ་མེད་མཉམ་པ་དང༌། མི་རྟོག་ཚུལ་གཅིག་སྟེ་ངེས་པའི་དོན་ཏོ། །དེ་ལྟར་དོན་བཅུ་བཞི་སྟོན་པར་བྱེད་པའི་ཕྱག་འཚལ་བའི་ཚིག་གིས་རྒྱུད་ཀྱི་དོན་མ་ལུས་པར་བསྟན་ཏོ། །ད་ནི་སྔར་བསྟན་པའི་བརྗོད་པ་ལ་སོགས་པ་བཤད་པར་བྱ་སྟེ། དཔལ་ལྡན་འདུས་པའི་རྒྱུད་ཀྱི་ནི། །དོན་བསྡུས་རྟོགས་པར་བྱ་བའི་ཕྱིར། །སེམས་ཅན་ཀུན་ལ་ཕན་བསྐྱེད་པ། །མདོར་བྱས་བདག་གིས་བཤད་པར་བྱ། །ཞེས་བྱ་བ་ནི་མདོར་བྱས་པ་ཞེས་བྱ་བ་སྒྲུབ་པའི་ཐབས་ནི་བདག་གིས་བཤད་པར་བྱ་སྟེ་དབྱེ་བར་བྱའོ། །འོ་ན་གལ་ཏེ་སྒྲུབ་པའི་ཐབས་འདིས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དོན་བསྡུས་པ་ཡིན་ན་དེ་གཞུང་གིས་བསྡུས་སམ་དོན་གྱིས་བསྡུས་གལ་ཏེ་གཞུང་གིས་བསྡུས་ན་དེའི་ཚེ་དོན་རྫོགས་པར་བསྡུས་པར་མི་འགྱུར་རོ། །


DTG036_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་དོན་གྱིས་བསྡུས་ན་དེའི་ཚེ་རབ་ཏུ་བྱེད་པས་ཅི་ཞིག་བྱ་ཞེ་ན་སྨྲས་པ་གཞུང་དང་དོན་གྱིས་བསྡུས་སོ། །འོ་ན་གཞུང་ཉུང་བས་དོན་རྒྱས་པ་ཇི་ལྟར་བསྡུ་བར་ནུས་ཤེ་ན། སྨྲས་པ། ཚིག་གི་དོན་ཐབ་མོ་ཡིན་པའི་ཕྱིར་དོན་རྒྱས་པ་ཡང་བསྡུས་ཏེ། དཔེར་ན་ཇི་ལྟར་སོར་གདུབ་ཀྱི་མེ་ལོང་ལ་གླང་པོ་ཆེའི་གཟུགས་བརྙན་སྣང་བ་དེ་བཞིན་དུ་ཚིག་ཉུང་བ་ལ་ཡང་དོན་མང་པོ་བསྡུས་པར་ཤེས་པར་བྱ་སྟེ། ཆོས་གང་རྒྱུ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །ཕུར་བུ་ན་རེ་ཡིད་མ་ཆེས། །ལྔ་ལེན་ན་རེ་བུད་མེད་འཇམ། །ཟླ་བ་ན་རེ་ཞུན་བཟའ། །སེར་སྐྱེན་རེ་སྲོག་ཆགས་བརྩེ། །ཞེས་བྱ་བའི་མདོས་རྒྱལ་པོའི་བསྟན་བཅོས་དང་འདོད་པའི་བསྟན་བཅོས་དང༌། སྨན་པའི་བསྟན་བཅོས་དང༌། ཆོས་ཀྱི་བསྟན་བཅོས་ཏེ། འབུམ་ཕྲག་བཞི་ཇི་ལྟར་བསྡུས་པ་དེ་བཞིན་དུ་འདིར་ཡང་བསྡུས་པ་ཡིན་ནོ། །འོ་ན་རང་དབང་གིས་བཤད་པ་ཡིན་ན་མ་ཞེ་ན་མ་ཡིན་ཏེ། དཔལ་ལྡན་འདུས་པའི་རྒྱུད་ཀྱི་ནི། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཡིན་པས་ན་དཔལ་ལྡན་ནམ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཙོ་བོར་གྱུར་པས་ན་དཔལ་ལྡན་ནོ། །སངས་རྒྱས་ལྔ་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ་ཡི་གེའི་དོན་ཏོ། །ཡི་གེ་གསུམ་འདུས་པས་ན་འདུས་པ་སྟེ་སྤྱིའི་དོན་ཏོ། །སྟོང་པ་ཉིད་བསྒོམ་པ་ནི་འདུས་པ་སྟེ་ཡང་སྤྱིའི་དོན་ཏོ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ནི་འདུས་པ་སྟེ་སྦས་པའོ། །ཡི་གེ་གསུམ་ཉེ་བར་འདུས་པ་ནི་འདུས་པ་སྟེ་ཡང་སྦས་པའོ། །སྣང་བ་ཉེ་པར་ཐོབ་པ་ལ་སོགས་པ་འདུས་པ་ནི་འདུས་པ་སྟེ་ཡང་སྦས་པའོ། །བྱང་ཆུབ་ཀྱི་སེམས་འཛིན་པ་ནི་འདུས་པ་སྟེ་མཐར་ཐུག་པའོ། །བདེན་པ་གཉིས་འདུས་པ་ནི་འདུས་པ་སྟེ་ཡང་མཐར་ཐུག་པའོ། །ལེའུ་བཅོ་བརྒྱད་ཀྱི་བདག་ཉིད་ཀྱི་རྒྱུད་ནི་འདུས་པ་སྟེ། སྒྲ་ཇི་བཞིན་པའོ། །ས་ནི་སྲོག་གི་རླུང་ངོ༌། །མ་ནི་ཐུར་དུ་སེལ་བའི་རླུང་ངོ༌། །ཛ་ནི་མེ་དང་མཉམ་པའི་རླུང་ངོ༌། །སྒྲ་ཇི་བཞིན་མ་ཡིན་པའོ། །ཡི་གེ་གསུམ་ཉེ་བར་བསྡུས་པ་ནི་འདུས་པ་སྟེ་དགོངས་པས་བཤད་པའོ། །ཕྱིར་མི་ལྡོག་པའི་དབང་བསྐུར་བའི་དུས་སུ་ཚངས་པའི་སྒོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་ནི་འདུས་པ་སྟེ་


DTG036_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་མ་ཡིན་པའོ། །སྐུ་རྡོ་རྗེ་འཆང་ལ་སོགས་པ་དཀྱིལ་འཁོར་བསྒོམ་པ་ནི་འདུས་པ་སྟེ་དྲང་བའི་དོན་ཏོ། །ལུས་ལ་སོགས་པའི་རྣམ་པར་རྟོག་པ་ཉེ་བར་བསྡུས་པ་ནི་འདུས་པ་སྟེ་ངེས་པའི་དོན་ཏོ། །ཡང་ན་སྐུའི་དཀྱིལ་འཁོར་འདུས་པ་ནི་འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ཀྱི་ཕུང་པོ་ནི་འོད་དཔག་ཏུ་མེད་པའོ། །འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་པར་གྲུབ་པའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་མི་བསྐྱོད་པའོ། །སའི་ཁམས་ནི་སངས་རྒྱས་སྤྱན་ནོ། །ཆུའི་ཁམས་ནི་མཱ་མ་ཀཱིའོ། །མེའི་ཁམས་ནི་གོས་དཀར་མོའོ། །རླུང་གི་ཁམས་ནི་དམ་ཚིག་སྒྲོལ་མའོ། །མིག་གི་དབང་པོ་ནི་སའི་སྙིང་པོའོ། །རྣ་བའི་དབང་པོ་ནི་ལག་ན་རྡོ་རྗེའོ། །སྣའི་དབང་པོ་ནི་ནམ་མཁའི་སྙིང་པོའོ། །ལྕེའི་དབང་པོ་ནི་འཇིག་རྟེན་དབང་ཕྱུག་གོ །ལུས་ཀྱི་དབང་པོ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ཡིད་ཀྱི་དབང་པོ་ནི་འཇམ་དཔལ་ལོ། །ཚིགས་ཀུན་ནི་ཀུན་དུ་བཟང་པོའོ། །རྩ་རྒྱུད་ཐམས་ཅད་དང་རྩ་བདུན་ཁྲི་ཉིས་སྟོང་ནི་བྱམས་པའོ། །གཟུགས་ནི་གཟུགས་རྡོ་རྗེ་མའོ། །སྒྲ་ནི་སྒྲ་རྡོ་རྗེ་མའོ། །དྲི་ནི་དྲི་རྡོ་རྗེ་མའོ། །རོ་ནི་རོ་རྡོ་རྗེ་མའོ། །རེག་བྱ་ནི་རེག་བྱ་རྡོ་རྗེ་མའོ། །དཔུང་བ་གཡས་པའི་རྩ་བར་ནི་གཤིན་རྗེ་མཐར་བྱེད་དོ། །དཔུང་པ་གཡོན་པར་ནི་གཞན་གྱིས་མི་ཐུབ་པའོ། །ཁའི་པདྨར་ནི་རྟ་མགྲིན་ནོ། །གསང་བར་ནི་བདུད་རྩི་འཁྱིལ་པའོ། །ལག་ངར་གཡས་པར་ནི་མི་གཡོ་བའོ། །ལག་དར་གཡོན་པར་ནི་འདོད་པའི་རྒྱལ་པོའོ། །པུས་མོ་གཡས་པར་ནི་དབྱིག་སྔོན་ནོ། །པུས་མོ་གཡོན་པར་ནི་སྟོབས་པོ་ཆེའོ། །ཚངས་པའི་སྒོར་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །རྐང་པའི་དཀྱིལ་འཁོར་ལ་གནོད་མཛེས་ཀྱི་རྒྱལ་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་སྐུའི་དཀྱིལ་འཁོར་ནི་འདུས་པ་སྟེ་སྒྲ་ཇི་བཞིན་པའོ། །ཡང་ན་གསུང་གི་དཀྱིལ་འཁོར་འདུས་པ་ནི་འདི་ལྟ་སྟེ། ཨ་ཨཱ་ནི་མི་བསྐྱོད་པ་དང་མཱ་མ་ཀཱིའོ། །ཨི་ཨཱི་ནི་རྣམ་པར་སྣང་མཛད་དང་སྤྱན་ནོ། །ཨུ་ཨཱུ་ནི་རིན་ཆེན་འབྱུང་ལྡན་དང་གཞན་མཱ་མ་ཀཱིའོ། །རྀ་རཱྀ་ནི་འོད་དཔག་ཏུ་མེད་


DTG036_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་གོས་དཀར་མོའོ། །ལྀ་ལཱྀ་ནི་དོན་ཡོད་གྲུབ་པ་དང་སྒྲོལ་མའོ། །ཨེ་ནི་གཤིན་རྗེ་མཐར་བྱེད་དོ། །ཨཻ་ནི་ཤེས་རབ་མཐར་བྱེད་དོ། །ཨོ་ནི་པདྨ་མཐར་བྱེད་དོ། །ཨཽ་ནི་བགེགས་མཐར་བྱེད་དོ། །ཀ་ཁ་ག་གྷ་ད་ནི་མི་བསྐྱོད་པ་དང་སྤྱན་ལ་སོགས་པའོ། །ཙ་ཚ་ཛ་ཛྙ་ཉ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །ཊ་ཋ་ཌ་ཌྷ་ཎ་ནི་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་རོ། །ཏ་ཐ་ད་དྷ་ན་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ། །པ་པ་བ་བྷ་མ་ནི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་རོ། །ཡ་ར་ལ་ཝ་ཤ་ཥ་ས་ཧ་ཨོཾ་ཨཱཿ། ནི་ཁྲོ་བོ་བཅུའི་དཀྱིལ་འཁོར་རོ། །ཡང་ན་ཨཱ་ལི་ནི་ལྷ་མོའི་རང་བཞིན་དང༌། ཀཱ་ལི་ནི་ཐབས་ཀྱི་རང་བཞིན་ཏེ། གསུང་གི་དཀྱིལ་འཁོར་ནི་འདུས་པ་སྟེ་སྤྱིའི་དོན་ཏོ། །ཡང་ན་ཐུགས་ཀྱི་དཀྱིལ་འཁོར་འདུས་པ་ནི་འདི་ལྟ་སྟེ། ཞེ་སྡང་ནི་མི་བསྐྱོད་པའོ། །གཏི་མུག་ནི་རྣམ་པར་སྣང་མཛད་དོ། །འདོད་ཆགས་ནི་འོད་དཔག་ཏུ་མེད་པའོ། །ང་རྒྱལ་ནི་རིན་ཆེན་འབྱུང་ལྡན་ནོ། །ཕྲག་དོག་ནི་དོན་ཡོད་གྲུབ་པའོ། །བདག་ཏུ་ལྟ་བ་ནི་སྤྱན་ནོ། །བདག་ཏུ་རྨོངས་པ་ནི་མཱ་མ་ཀཱིའོ། །བདག་ཏུ་ང་རྒྱལ་བ་ནི་གོས་དཀར་མོའོ། །བདག་ལ་ཆགས་པ་ནི་སྒྲོལ་མའོ། །ཁྲོ་བ་ནི་སའི་སྙིང་པོའོ། །ཁོན་དུ་འཛིན་པ་ནི་བྱམས་པའོ། །འཚིག་པ་ནི་རྡོ་རྗེའོ། །འཆབ་པ་ནི་མཱ་མ་ཀཱིའི་སྙིང་པོའོ། །རྒྱགས་པ་ནི་འཇམ་དཔལ་ལོ། །རྣམ་པར་འཚེ་བ་ནི་འཇིག་རྟེན་དབང་ཕྱུག་གོ །སྒྱུ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །གཡོ་ནི་ཀུན་དུ་བཟང་པོའོ། །ངོ་ཚ་མེད་པ་ནི་གཤིན་རྗེ་མཐར་བྱེད་དོ། །ཁྲེལ་མེད་པ་ནི་ཤེས་རབ་མཐར་བྱེད་དོ། །ཕྲག་དོག་ནི་པདྨ་མཐར་བྱེད་དོ། །སེར་སྣ་ནི་བགེགས་མཐར་བྱེད་དོ། །རྣམ་པར་གཡེང་བ་ནི་མི་གཡོ་བའོ། །འགྱོད་པ་ནི་འདོད་པའི་རྒྱལ་པོའོ། །བྱིང་བ་ནི་དབྱུག་སྔོན་ནོ། །རྒོད་པ་ནི་སྟོབས་པོ་ཆེའོ། །རྟོག་པ་ནི་གནོད་མཛེས་སོ། །དཔྱོད་པ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེ། ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་སྟེ་ངེས་པའི་དོན་ཏོ། །དེ་དང་འདྲ་བའི་དཔལ་ལྡན་འདུས་པ་ནི། །རྒྱུད་ཀྱི་ངོ་བོ་ཡིན་པས་ན་རྒྱུད་དོ། །དེ་ནི་རྣམ་པ་གསུམ་སྟེ་རྒྱུའི་རྒྱུད་དང༌། འབྲས་བུའི་རྒྱུད་དང༌། ཐབས་


DTG036_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད་དོ། །དེ་ལ་རྒྱུའི་རྒྱུད་ནི་རིམ་པ་གཉིས་བསྒོམ་པའོ། །འབྲས་བུའི་རྒྱུད་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་མཚན་ཉིད་དོ། །ཐབས་ཀྱི་རྒྱུད་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པའི་མཚན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་འཆང་ཡང་རྣམ་པ་གསུམ་སྟེ། རྒྱུའི་རྡོ་རྗེ་འཆང་དང༌། འབྲས་བུའི་རྡོ་རྗེ་འཆང་དང༌། ཐབས་ཀྱི་རྡོ་རྗེ་འཆང་ངོ༌། །དེ་ལ་རྒྱུའི་རྡོ་རྗེ་འཆང་ནི་རྡོ་རྗེའི་འཆང་ཆེན་པོ་སྟེ་དྲུག་པའོ། །འབྲས་བུའི་རྡོ་རྗེ་འཆང་ནི་སྙིང་ག་ལས་མི་བསྐྱོད་པ་སྤྲོ་ཞིང་དེ་དང་རྗེས་སུ་འཇུག་པས་བྱུང་བ་ནི་ཐུགས་རྡོ་རྗེ་འཆང་ངོ༌། །ཐབས་ཀྱི་རྡོ་རྗེ་འཆང་ནི་འཁོར་ལོས་སྒྱུར་པའི་དཀྱིལ་འཁོར་གྱི་རང་བཞིན་ནོ། །དེ་ནི་རྒྱུད་ལ་གཏན་ལ་དབབ་པའོ། །དེ་ནས་ལས་འཛིན་པས་ཏེ་དཔལ་ལྡན་ཡང་ཡིན་ལ་འདུས་པ་ཡང་ཡིན་པས་ན་དཔལ་ལྡན་འདུས་པའོ། །དཔལ་ལྡན་འདུས་པ་ཡང་ཡིན་ལ་རྒྱུད་ཀྱང་ཡིན་པས་ན་དཔལ་ལྡན་འདུས་པའི་རྒྱུད་དེ་གཞི་མཐུན་པ་གཉིས་སོ། །དེའི་འབྲེལ་པ་དང་ལྡན་པ་དོན་བསྡུས་པ་ནི་བརྗོད་པར་བྱ་བའི་ངོ་བོ་སྒྲ་དང་དོན་གྱི་རྒྱན་གྱི་རང་བཞིན་མཐའ་དྲུག་སྟེ་དགོངས་པས་བཤད་པ་ལ་སོགས་པའོ། །དེ་ཉིད་བརྗོད་པར་བྱ་བ་ཡིན་པས་ན་དོན་ཏོ། །དེ་རྟོགས་པར་བྱ་བའི་ཕྱིར་ན་དེ་ཉིད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །སེམས་ཅན་ཀུན་ལ་ཕན་སྐྱེད་པ། །ཞེས་བྱ་བ་ནི་དེ་ལ་སེམས་ཅན་ཀུན་ནི་གང་ཟག་ལྔ་སྟེ་ཙནྡན་དང༌། ཨུཏྤལ་ལ་དང༌། པདྨ་དཀར་པོ་དང༌། པདྨ་དང༌། རིན་པོ་ཆེའོ། །དེ་ལ་ཙནྡན་ནི་བེམས་པོ་ལྟ་བུའོ། །ཨུཏྤལ་ནི་དབང་པོ་དམན་པའོ།། པདྨ་དཀར་པོ་ནི་དབང་པོ་བར་པའོ། །པདྨ་ནི་དབང་པོ་རབ་པོ། །རིན་པོ་ཆེ་ལྟ་བུ་ནི་དབང་པོ་རབ་ཀྱི་རབ་བོ། །དེ་ལ་དང་པོ་བཞི་པོ་ལ་བསྐྱེད་པའི་རིམ་པ་བཤད་པ་རིགས་དང༌། ལྔ་པ་ལ་ནི་རྫོགས་པའི་རིམ་པ་བཤད་པའི་རིགས་སོ་ཞེས་འདིར་གང་གཟུང་བར་འགྱུར་ཞེ་ན་སྨྲས་པ། འདིར་རེ་ཞིག་རབ་ཏུ་བྱེད་པ་འདིས་ཙནྡན་གྱི་བེམས་པོ་ཉིད་བསལ་ནས། ཡང་དག་པའི་ལྟ་བ་ལ་འཇུག་གོ །ཨུཏྤལ་གྱི་དབང་པོ་དམན་པ་ཉིད་བསལ་ནས་བར་པ་ཉིད་དུ་བསྐྱེད་དོ། །པདྨ་དཀར་པོའི་བདེ་བ་རྟོགས་པས་འཁྲུལ་པ་ཟློག་ཅིང་དབང་པོ་རྣོ་བ་ཉིད་དུ་བྱེད་དོ། །དབང་པོ་རྣོ་


DTG036_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བའི་པདྨ་ལ་བསྒོམ་པའི་རང་བཞིན་ཤེས་རབ་བསྐྱེད་དེ་རིན་པོ་ཆེ་ལྟ་བུ་ནི་རང་གི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ལ་ཡང་ཡིད་དགའ་བ་དང་རྗེས་སུ་དྲན་པ་ཙམ་བྱེད་དོ་ཞེས་གང་ཟག་ལྔ་ནི་སེམས་ཅན་ཀུན་གྱི་སྒྲས་བསྟན་ཏོ། །དེ་རྣམས་ལ་ཕན་སྐྱེད་པ་ན་སྔར་བཤད་པའི་རིམ་པས་ཕན་འདོགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། མདོར་བྱས་པ་ནི་མདོར་བསྡུས་པ་ཞེས་བྱ་བ་སྒྲུབ་པའི་ཐབས་ཏེ། བདག་གིས་བཤད་པ་ནི་སོ་སོར་བསྟན་པ་ཡིན་གྱི་རང་བཟོར་བརྩམས་པ་མ་ཡིན་ནོ། །དེ་ནི་ལུང་དང་རྟོགས་པའི་བདག་ཉིད་སྟོན་པའི་གསུང་གི་རྗེས་སུ་འབྲང་བ་ཡིན་ནོ། །སྟོན་པའི་དམ་ཆོས་རྣམ་གཉིས་ཏེ་ལུང་དང་རྟོགས་པའི་བདག་ཉིད་དོ་ཞེས་བཤད་པའི་ཕྱིར་རོ། །དེས་ནི་བརྗོད་པ་ལ་སོགས་པ་ལྔ་པོ་བསྟན་པ་ཡིན་ཏེ། དེ་ལ་མདོར་བྱས་ཞེས་བྱ་བ་ནི་རྗོད་པའོ། །དོན་བསྡུས་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །བརྗོད་བྱ་རྗོད་བྱེད་འབྲེལ་བ་ནི། །མ་བསྟན་པར་ཡང་དོན་གྱིས་རྟོགས། །འཇིག་རྟེན་འབྲེལ་པའི་སྒྲ་དག་ནི། །གཉིས་ལ་གནས་ཏེ་རིང་ཐུང་བཞིན། །སེམས་ཅན་ཀུན་ལ་ཕན་སྐྱེད་པ། །ཞེས་བྱ་བ་ནི་དགོངས་པའི་དགོས་པ་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དགོས་པ་ནི་དོན་གྱིས་རྟོགས་པ་སྟེ། རང་གི་དོན་ཕུན་སུམ་ཚོགས་པ་མ་ཐོབ་པའི་སྐྱེས་བུས་གཞན་གྱི་དོན་ཇི་ལྟར་བྱེད་ནུས་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ། དོན་བསྡུས་རྟོགས་པར་བྱ་བའི་ཕྱིར། །ཞེས་བྱ་བའི་རྟོགས་པའི་ཚིག་གིས་དགོས་པ་འཆད་པར་བྱེད་དེ་དེ་ལ་དོན་བསྡུས་པ་ནི་མངོན་དུ་རྟོགས་ལ་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱིས་བསྒོམ་ཞིང་རྡོ་རྗེ་འཆང་གི་སྐུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བརྗོད་པ་ལ་སོགས་པ་ལྔ་པོ་བསྟན་ནས། སྒྲུབ་པའི་ཐབས་འདི་གང་ལས་བསྡུས་པ་དེ་ཉིད་ཉོན་མོངས་པ་རྣམས་ལས་གྲོལ་བའི་རྒྱུ་དང་ཐར་པ་ཐོབ་པའི་རྒྱུ་ཡིན་ནོ་ཞེས་རྒྱུད་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། ཐོག་མེད་བག་ཆགས་ཉེས་པ་རྣམས། །འགྲོ་གསུམ་རྣམ་པར་རྨོངས་བྱེད་པ། །བློ་དང་ལྡན་པས་དེ་བསྟན་ཏེ། །རྣལ་འབྱོར་རྒྱུད་ཀྱིས་སྦྱང་བར་བྱ། །ཞེས་སྨོས་པ་ལ། གང་ལ་ཐོག་མ་མེད་


DTG036_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་ཐོག་མ་མེད་པའོ། །དེས་ནི་དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་པ་ལས་བྱུང་བ་ཡིན་གྱིས། དབང་ཕྱུག་ལ་སོགས་པས་སྤྲུལ་པ་ནི་མ་ཡིན་ནོ་ཞེས་བསྟན་ཏེ། དབང་ཕྱུག་ལ་སོགས་པ་རྣམས་དཔྱད་ན་མེད་པའི་ཕྱིར་རོ། །དེ་ལ་དབང་ཕྱུག་ཅེས་བྱ་བ་ནི་རྟག་པ་ཡིན་ནམ་མི་རྟག་པ་ཡིན། གལ་ཏེ་རྟག་པ་ཡིན་ན་དངོས་པོ་རྣམས་ཇི་ལྟར་སྐྱེད་པར་བྱེད་དེ། སྐྱེད་པ་པོ་ནི་རིམ་དང་ཅིག་ཅར་གྱི་དོན་གྱི་བྱ་བ་བྱུང་ན་རྟག་པ་ཉིད་དང་བྲལ་བར་འགྱུར་རོ། །དེ་བས་ན་དེ་ནི་བྱེད་པ་པོ་ཉིད་མ་ཡིན་ནོ། །བྱེད་པ་ཡིན་ན་རྟག་པ་ཉམས། །རྟག་པ་ཡིན་ན་བྱེད་པ་མིན། །ཕན་ཚུན་རྣམ་པར་འགལ་བ་ཉིད། །ཇི་ལྟར་གཅིག་ལ་རིགས་པར་འགྱུར། །འདིར་སྦྱོར་བ་ནི་གང་དང་གང༌། །དོན་གྱི་བྱ་བྱེད་པ་དེ་ནི། །མི་རྟག་པ་སྟེ་བུམ་པ་བཞིན་ནོ། །རིམ་པ་དང་ཅིག་ཅར་གྱིས་འགྲོ་བ་དབང་ཕྱུག་གིས་བྱེད་དོ་ཞེས་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བའོ། །གཞན་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་ལས་ཟློག་པའི་དབང་ཕྱུག་གཞན་ནི་མ་མཐོང་ངོ༌། །དེ་བས་མ་མཐོང་བ་དེ་ནི་ཇི་ལྟར་སྟོབས་ཀྱིས་འཇོག་པར་བྱེད། །ཆོས་ཅན་མེད་པ་དེ་ལ་རྟག་པ་དང་བྱེད་པ་ཉིད་མི་རིགས་ཏེ་ཆོས་ཅན་མེད་པའི་ཕྱིར་རོ། །བདག་ཅེས་བྱ་བ་དངོས་པོ་མེད། །བྱེད་པ་པོ་ཞེས་ཇི་ལྟར་བརྗོད། །ཆོས་ཅན་ཡོད་ན་ཆོས་རྣམས་ནི། །འཇིག་རྟེན་པ་ནི་རྟོགས་པར་བྱེད། །ཅེས་བྱང་ཆུབ་སེམས་ཀྱི་རྣམ་འགྲེལ་ལས་གསུངས་པའི་ཕྱིར་རོ། །འདིར་སྦྱོར་བ་ནི་གང་དང་གང་ཆོས་ཅན་དེ་དང་དེ་མི་རྟག་པའི་ཆོས་དང་འབྲེལ་པ་ཡོད་དེ་བུམ་པའི་བྱས་པ་དང་མི་རྟག་པ་བཞིན་ནོ། །ཕུང་པོ་ལྔ་ལ་སོགས་པའི་དབང་ཕྱུག་ནི་མི་དམིགས་པས་དེའི་རྟག་པ་དང་བྱེད་པ་ཉིད་ཀྱང་མེད་དོ་ཞེས་རང་བཞིན་མི་དམིགས་པའི་སྦྱོར་བའོ། །རིགས་པ་པོ་དང་བྱེ་བྲག་པ་རྣམས་ཀྱི་འདོད་པའི་བདག་ཉིད་ཀྱང་ལོགས་པར་བརྟགས་པ་ཡིན་ནོ། །དེ་ལ་དེ་རྣམས་ནི་འདི་སྐད་སྨྲ་སྟེ། བདག་ཉིད་ཕུང་པོ་དང་བདག་ལ་ཕུང་པོ་དང༌། ཕུང་པོ་བདག་དང༌། མེ་དང་བུད་ཤིང་བཞིན་དུ་ཕུང་པོ་དང་བདག་ཐ་མི་དད་པ་སྟེ་རྟོག་པ་བཞིའོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པའི་དབྱེ་བས་རྣམ་པ་ཉི་ཤུ་འཇིག་ཚོགས་ལ་ལྟ་བ་མི་རིགས་ཏེ། རིགས་པས་འདི་མི་


DTG036_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའི་ཕྱིར་རོ། །གལ་ཏེ་ཕྱོགས་དང་བོ་ཡིན་ན་དེའི་ཚེ་ཕུང་པོ་རྣམས་མི་རྟག་པས་བདག་ཀྱང་མི་རྟག་པར་ཐལ་བར་འགྱུར་རོ། །བར་པ་ཕྱོགས་གཉིས་པོའང་མི་རིགས་ཏེ། རྟག་པ་དང་མི་རྟག་པ་ལ་རྟེན་དང༌། བརྟེན་པའི་འབྲེལ་པ་མི་རིགས་པའི་ཕྱིར་རོ། །གལ་ཏེ་ཤིང་བཅད་པས་བྱ་རོག་མ་བཅད་པ་དང༌། བྱ་རོག་ཤི་བས་ཤིང་མི་འཇིག་གོ་ཞེས། ཇི་ལྟར་རྟེན་དང་རྟེན་པའི་འབྲེལ་པ་མི་འགྲུབ་ཅེས་ཟེར་ན། དེ་ནི་མི་འདྲ་སྟེ། བྱ་རོག་དང་ཤིང་དག་མི་རྟག་པའི་ཕྱིར་རོ། །ཕྱི་རོལ་གྱི་དངོས་པོ་རྣམས་ལ་སྔར་བཤད་པའི་ཚད་མས་མི་རྟག་པ་མི་ཉིད་གྲུབ་པོ། །མེ་དང་བུད་ཤིང་བཞིན་ཡང་མི་རིགས་ཏེ། བུད་ཤིང་འཇིག་ན་མེ་འབྱུང་བས་ཐ་དད་པས་མི་འགྲུབ་པའི་ཕྱིར་རོ། །དེ་བཞིན་དུ་བདག་འཇིགས་པས་ཕུང་པོ་འབྱུང་བ་དང༌། ཕུང་པོ་འཇིག་པས་བདག་འབྱུང་བའི་ཕྱིར་རོ། །དཔྱོད་པ་བས་བརྟགས་པའི་ཞི་བའི་ཚངས་པ་དང༌། སྣ་ཚོགས་ཀྱི་ཚངས་པ་ནི་མི་རིགས་ཏེ། བྱས་པ་ཡིན་པས་མི་རྟག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གྲངས་ཅན་གྱིས་བརྟགས་པའི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་སྐྱེས་བུ་རྟག་པར་བཤད་པ་མི་རིགས་ཏེ། རང་བཞིན་ཉིད་ལ་དེ་ཁོ་ན་ཉིད་ཐམས་ཅད་བྱུང་ན་དེའི་དགོས་པ་མེད་པའི་ཕྱིར་རོ། །དེའི་རྟོགས་པ་ཉིད་དགོས་པ་ཡིན་ནོ་ཞེས་ཟེར་ན་དེ་ནི་ཡང་དག་པ་མ་ཡིན་ཏེ། དེའི་བྱ་བ་ནི་བློས་གཟུང་བ་ཡིན་ན་ཇི་ལྟར་གཞན་གྱི་བྱ་བ་བྱེད་པའི་སྐྱེས་བུ་ཡིན། དེའི་ལྟ་བ་པོ་ཉིད་གཙོ་བོ་ཡིན་ནོ་ཞེས་ཟེར་ན་དེ་ནི་མི་རིགས་ཏེ། ལྟ་བ་པོ་ཉིད་ནི་མིག་ལ་སོགས་པའི་བྱ་བ་ཡིན་ནོ་ཞེས་དེ་བྱེད་ན་དེ་དང་འདྲ་བར་ཐལ་བར་འགྱུར་བས་མི་རྟག་པ་ཉིད་དུ་འགྱུར་རོ། །བཏང་སྙོམས་ཡིན་ན་སྐྱེས་བུ་ཉིད་མེད་པར་རིགས་ཀྱི་ཡོད་པ་ནི་མ་ཡིན་ནོ། །འབྱུང་བ་སེམས་སུ་སྨྲ་བ་རྣམས་ལ་ཡང་བེམས་པོའི་ངོ་བོར་ཐལ་བར་འགྱུར་བས་འགྲོ་བ་དང་འོང་བ་ལ་སོགས་པ་མེད་པར་འགྱུར་རོ། །རྗེས་སུ་དཔག་པའི་ཚད་མ་མ་ཡིན་ནོ་ཞེས་ཚད་མ་གང་གིས་སུན་འབྱིན་པ་དེ་ཉིད་རྗེས་སུ་དཔག་པ་ཡིན་ནོ་ཞེས་འཇིག་རྟེན་རྒྱང་པན་པ་ནི་རང་གི་ཚིག་དང་འགལ་བ་ཡིན་ནོ། །ཕྱོགས་ཀྱི་གོས་ཅན་ངོ་ཚ་མེད་པས་ཀྱང་ཞོ་ཡང་རྔ་མོ་ཡིན་ལ། རྔ་མོ་ཡང་ཞོ་ཡིན་ནོ། །ཞེས་དངོས་


DTG036_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐམས་ཅད་ཡོངས་སུ་འགྱུར་ན་མི་འགྱུར་བའི་ཆོས་ཅན་གང་ཟག་ཇི་ལྟར་ཡིན། དེ་དང་འདྲ་བ་གཞན་དག་དུ་མ་ཡང་མི་རིགས་པར་སྨྲ་བ་མི་རུང་ངོ༌། །དེ་ལྟར་བདག་ལ་སོགས་པ་བཀག་ནས། དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་པ་ལས་བྱུང་ཞེས་སྒྲུབ་པོ་དེ་ཉིད་ཀྱི་ཕྱིར། ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་ཉེས་པ་ནི། སེམས་ཀྱི་རྒྱུད་རྙོག་པར་བྱེད་པས་ན་འདོད་ཆགས་ལ་སོགས་པའོ། །འོ་ན་ཐོག་མ་མེད་པའི་བག་ཆགས་ཉིད་ནི་བདག་ལ་སོགས་པ་ཡིན་ནོ་ཞེས་ཟེར་ན་དེ་ནི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་བག་ཆགས་ཞེས་བྱ་བ་རྟེན་ཅིང་འབྲེལ་པ་ལས་བྱུང་བའི་དངོས་པོའི་འཁྲུལ་པས་མེད་པར་ཡང་བྱིས་པ་རྣམས་ཀྱིས་བརྟགས་སོ། །དོན་དམ་པར་ནི་དེ་ཉིད་སྟོང་པའོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་སྟོང་པ་ལ་ཆོས་རྣམས་སྟོང་པར་འབྱུང་བ་དང༌། རྒྱུ་དང་འབྲས་བུ་ནི་བརྫུན་པའི་རང་བཞིན་ནོ། །དེ་ལ་བརྟེན་ནས་གང་སྐྱེ་བ། །དེ་ནི་ཉིད་སྐྱེ་བ་མིན། །གང་ཞིག་རང་བཞིན་མ་སྐྱེས་པ། །དེ་ནི་ཇི་ལྟར་སྐྱེད་པ་ཡིན། །ཞེས་བཤད་པ་དང༌། དེ་བཞིན་དུ། སྟོང་པ་ཡི་ནི་ཆོས་རྣམས་ལ། །ཆོས་རྣམས་སྟོང་པ་ཉིད་འབྱུང་ངོ༌། །ཞེས་བཤད་པའི་ཕྱིར་རོ།། གང་གི་ཕྱིར་དེ་ལྟར་གྱུར་པའི་དངོས་པོ་རྣམས་ལས་སྟོང་པའི་རང་བཞིན་གྱི་འཇིག་རྟེན་ཕ་རོལ་ལ་སོགས་པ་ཐ་སྙད་དུ་བྱས་ཏེ། ཁ་ཐོན་མར་མེ་མེ་ལོང་བརྒྱ། །བྲག་ཅ་མེ་ཤེལ་ས་བོན་རྒྱུར། །ཕུང་པོ་སོ་སོར་ཆགས་པ་དང༌། །མི་འཕོ་མཁས་པ་དེས་གཟུང་བྱ། །ཞེས་བཤད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་གྱུར་པའི་དངོས་པོ་རྣམས་དེ་ལྟར་ཐོག་མ་མེད་པའི་བག་ཆགས་ཀྱི་ཉེས་པ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་དེ་ཉིན་དང་མཚན་མོ་རང་བཞིན་དྲུག་ཅུའི་ངོ་བོ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་འགྲོ་དྲུག་གི་སྲིད་པའི་འཁོར་ལོར་འཁོར་བའི་རྒྱུ་ཡིན་ནོ། །དེ་རྣམས་རྣམ་པར་དཔྱད་ན་ཕྱི་ལ་སོགས་པའི་དབྱེ་བས་རང་བཞིན་མེད་དེ། དེ་ལ་ཉོན་མོངས་པ་རྣམས་ནི་ཡུལ་ན་མི་གནས་ཏེ། ཡུལ་ནི་བེམས་པོ་ཡིན་པའི་ཕྱིར་རོ། །དབང་པོ་ལ་མི་གནས་ཏེ། དབང་པོ་རྣམས་སེམས་


DTG036_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །སེམས་ལ་མི་གནས་ཏེ། རྟེན་དང་བརྟེན་པ་དག་ལ་མེད་པའི་ཕྱིར་རོ། །རྒྱུ་དང་རྐྱེན་མེད་ན་འབྲས་བུ་གང་ལས་བྱུང༌། དེ་ལྟར་རང་བཞིན་པའི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་པའི་ཉེས་པས་འགྲོ་བ་གསུམ་རྣམ་པར་རྨོངས་པ་སྟེ་རྨུགས་པར་བྱེད་པ་ཡིན་ནོ། །དེ་རྣམས་ཐབས་གང་གིས་སྤང་བར་བྱ་ཞེ་ན་སྨྲས་པ། བློ་དང་ལྡན་པས་དེ་བལྟས་ཏེ། ཞེས་བྱ་བ་ནི་དེ་ལྟར་ཡང་བཤད་པའི་རིགས་པའི་ཁྱད་པར་གྱིས་ཉེས་པ་དེ་རྣམས་ཡང་དག་པར་བལྟས་ཏེ། ཐོས་པ་ལ་སོགས་པའི་རང་བཞིན་གྱི་ཤེས་རབ་ཀྱིས་ཕྱིན་ཅི་མ་ལོགས་པར་བརྟགས་ལ། རྣལ་འབྱོར་རྒྱུད་ཀྱིས་སྦྱང་བར་བྱ། །ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱིས་སྦྱང་བར་བྱའི་ཉན་ཐོས་ལ་སོགས་པའི་ཐེག་པས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར་ཉན་ཐོས་པ་ནི་མི་སྡུག་པ་བསྒོམས་པ་ཙམ་གྱིས་རུས་པའི་ཀེང་རུས་ཙམ་དེ་ཁོ་ན་ཉིད་སྒོམ་པར་བྱེད་དེ། དེ་ནི་ཡང་དག་པ་མ་ཡིན་ཏེ། བག་ཆགས་བྱུང་ན་ཡང་འཁོར་བའི་རྒྱ་མཚོར་ལྟུང་བའི་ཕྱིར་སྲིན་བུ་བཞིན་ནོ། །དེ་ནི་དགུན་གྱི་དུས་སུ་མི་འགུལ་བར་འགྱུར་ཞིང་དཔྱིད་ཀྱི་དུས་སུ་འགུལ་བ་དེ་བཞིན་དུ་ཉན་ཐོས་པ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་ཞུགས་ཏེ། ཡང་ཉོན་མོངས་པ་འབྱུང་བས་འཁོར་བ་པར་འགྱུར་རོ་ཞེས་དེ་རྣམས་ཀྱི་དེ་ཁོ་ན་ཉིད་དང་དེ་ཐོབ་པའི་རྒྱུ་ཡང་ཡང་དག་པ་མ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱང་རྣམ་པ་དང་བཅས་པ་དང༌། རྣམ་པ་མེད་པའི་དབྱེ་བས་རྣམ་པ་གཉིས་ཀྱི་རྣམ་རིག་ཙམ་ཆོས་ཀྱི་སྐུར་འདོད་པ་དེ་རྣམས་ཀྱི་ཡེ་ཤེས་ནི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་གཅིག་དང་དུ་མ་དང་བྲལ་བས་ཕྱི་རོལ་གྱི་དོན་མེད་ན། འཛིན་པར་བྱེད་པ་རྣམ་རིག་ནི་ཇི་ལྟར་རིགས། གལ་ཏེ་རྣམ་པ་དང་བཅས་པ་ཡིན་ན་ཇི་ལྟར་དོན་མེད། གལ་ཏེ་རྣམ་པ་མེད་པ་ཡིན་ན་སྟོང་པ་ཉིད་རིགས་ཀྱི་རྣམ་རིག་ནི་མ་ཡིན་ནོ། །ཇི་སྲིད་དམིགས་པ་སོ་སོར་སྣང་བ་དེ་སྲིད་རྣམ་པར་རྟོག་པའི་ངོ་བོ་ཡིན་པས་ན་འཁོར་བའི་ཕྱོགས་སོ། །སྤྲོས་པ་ཐམས་ཅད་རབ་ཏུ་ཞི་བ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །ཇི་སྐད་དུ། རྐྱེན་གཞན་


DTG036_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཞི་བ་སྟེ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ཐ་དད་དོན་མིན་རྣམ་མི་རྟོག །དེ་ནི་ཡང་དག་མཚན་ཉིད་དོ། །ཞེས་བཤད་པའི་ཕྱིར་རོ། །དེ་བས་ན་རྣལ་འབྱོར་སྤྱོད་པའི་ཕྱོགས་ཀྱིས་ཐར་པ་ནི་མ་དག་པ་ཡིན་ནོ། །དབུ་མ་པ་རྣམས་ཀྱང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་ཁས་བླངས་པས་ཆོས་ཀྱི་དབྱིངས་ཐ་མི་དད་པ་ཡང་ཐ་མལ་པའི་ལུས་མ་སྤངས་པས་ཡུན་རིང་པོས་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། ཐབས་ལ་མི་མཁས་པའི་ཕྱིར་རོ། །དེ་ལ་དེ་རྣམས་ནི་སེམས་ཅན་གཅིག་གི་ཕྱིར་གོས་ལ་སོགས་པ་སྦྱིན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འདོད་པ་དེ་རྣམས་ཀྱི་སྦྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཡོངས་སུ་གཟུང་བ་མེད་པའི་ཕྱིར་རོ། །དེ་བས་ན་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱར་ཆུབ་ཐོབ་པ་ཡིན་ནོ་ཞེས་ཉོན་མོངས་པ་རྣམ་པར་དག་པའི་ཕྱིར་ཐེག་པ་ཆེན་པོ་ནི་མྱུར་བའི་ཐབས་མ་ཡིན་ནོ། །བྱ་བའི་རྒྱུད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱང་སྤྲོས་པ་མང་བས་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་བཞིན་དུ་ཤེས་པར་བྱའོ། །དེ་བས་ན་རྣལ་འབྱོར་པ་ཆེན་པོའི་རྒྱུད་ཉིད་ནི་ཉེས་པ་དེ་རྣམས་སྤྱོད་བའི་ཐབས་ཡིན་ནོ། །དེ་ལ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་བཅོམ་ལྡན་འདས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པའི་རང་བཞིན་ཡིན་ནོ་ཞེས་བསྒོམས་པས་དེ་ཡོངས་སུ་གྱུར་ཅིང་དེའི་ཡེ་ཤེས་ཐོབ་ནས་ཚེ་འདི་ཉིད་དུ་རྡོ་རྗེ་འཆང་ཉིད་འཐོབ་པར་འགྱུར་རོ། །དེ་བཞིན་དུ་ཞེ་སྡང་ནི་ཞེ་སྡང་ཆེན་པོའི་ཏིང་ངེ་འཛིན་གྱིས་དང༌། འདོད་ཆགས་ནི་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱིས་དང༌། གཏི་མུག་ནི་གཏི་མུག་ཆེན་པོའི་ཏིང་ངེ་འཛིན་གྱིས་ཟློག་སྟེ་འགལ་བའི་ཆོས་ཀྱི་ཉོན་མོངས་པ་རྣམས་སྦྱང་བར་བྱ་སྟེ། རྣ་བ་ལ་ཞུགས་པའི་ཆུ་ནི་ཆུ་གཞན་གྱིས་དགུག་པ་བཞིན་དང་ཡན་ལག་ཚིག་པ་ནི་མེས་བསྲོས་པ་བཞིན་ནོ་ཞེས་རྣལ་འབྱོར་པ་ཆེན་པོའི་རྒྱུད་ནི་རྣམ་པ་སྣ་ཚོགས་པའི་ཐབས་དང་ལྡན་པ་ཡིན་ནོ། །དེ་ལ་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པས་འདོད་ཆགས་ལ་སོགས་པ་སྤོང་བར་འགྱུར་བ་དང་ཁྲོ་བོའི་ཏིང་ངེ་འཛིན་གྱིས་ཞེ་སྡང་


DTG036_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བར་འགྱུར་ཏེ། དེ་དག་གི་རང་བཞིན་ཡོངས་སུ་ཤེས་པའི་ཕྱིར་རོ། །རང་བཞིན་མི་ཤེས་པ་རྣམས་ལ་སྤོང་བ་རྣམས་ཀྱིས་དགོས་པ་མེད་དོ། །འོ་ན་རྣལ་འབྱོར་གྱི་རྒྱུད་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ཇི་ལྟར་ཡིན་ཞེ་ན་སྔ་མའི་ཚིག་མི་མངོན་པས་བདེན་པར་ཁྲོས་པ་ལ་ཁྲོས་པ་བཞིན་ནོ། །རྣལ་འབྱོར་ཞེས་བྱ་བ་དོན་གང་ཞིག་ཡིན་ཞེ་ན། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ནི་རྣལ་འབྱོར་ཏེ་ཡི་གེའི་དོན་ཏོ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ནི་རྣལ་འབྱོར་ཏེ་སྤྱིའི་དོན་ཏོ། །རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པ་ནི་རྣལ་འབྱོར་ཏེ་སྦས་བའོ། །འོད་གསལ་བ་དང་གཉིས་སུ་མེད་པའི་རྟོགས་པ་ནི་རྣལ་འབྱོར་ཏེ་མཐར་ཐུག་པའོ། །སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་དང་རྩོལ་བ་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་འཛིན་ནི། །ཡན་ལག་དྲུག་གི་རྣལ་འབྱོར་བཤད། །ཅེས་པ་དགོངས་པ་མ་ཡིན་པའོ། །དཀྱིལ་འཁོར་བཞི་འབྱུང་བ་ནི་རྣལ་འབྱོར་ཏེ་དགོངས་པས་བཤད་པའོ། །ལེའུ་བཅུ་བདུན་གྱི་རྒྱུད་ནི་རྣལ་འབྱོར་ཏེ་སྒྲ་ཇི་བཞིན་པའོ། །སེམས་ཀྱི་རྟོག་པ་འགོག་པ་ནི་རྣལ་འབྱོར་ཏེ་ངེས་པའི་དོན་ཏོ། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་རྣལ་འབྱོར་གྱི་རྒྱུད་ནི་ཉོན་མོངས་པ་ཐམས་ཅད་སྦྱང་བའི་ཕྱིར་ཐབས་ཡིན་ནོ་ཞེས་རབ་ཏུ་བསྒྲུབས་ནས། ད་ནི་དེའི་རྗེས་སུ་འབྲང་བས་ལུས་ཀྱི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། འདོད་པ་ལྔ་ནི་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་མ་གདུངས་པར། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ལ། །བདེ་བས་བྱང་ཆུབ་བསྒྲུབ་པར་བྱ། །ཞེས་སྨོས་པ་ལ། རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ལ། །ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལ་བརྟེན་ནས་སོ། །བདེ་བས་ནི་འདོད་པའི་ཡོན་ཏན་དང་ལོངས་སྤྱོད་ཀྱི་སྒོ་ནས་སོ། །བྱང་ཆུབ་ནི་རྡོ་རྗེ་འཆང་གི་གོ་འཕང་སྟེ། བསྒྲུབ་པར་བྱ་བ་ནི་རྫོགས་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདོད་པའི་ཡོན་ཏན་ལྔ་ནི་གཟུགས་ལ་སོགས་པ་ཡོངས་སུ་སྤངས་ཏེ་བྲལ་ནས་དཀའ་ཐུབ་ཀྱིས་ནི་ལུས་ངལ་བའི་རྒྱུར་གྱུར་པ་བརྟུལ་ཞུགས་དང་སྦྱངས་བའི་ཡོན་ཏན་ལ་སོགས་


DTG036_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་ལུས་གདུང་པར་བྱའོ། །བདེ་བ་དང་ལྡན་པའི་སེམས་ནི་མཉམ་པར་གཞག་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །མཉམ་པར་གཞག་པའི་སེམས་ཀྱིས་ཡང་དག་པར་གྱུར་པ་ཤེས་པར་འགྱུར་རོ། །འོན་འདོད་པའི་ཡོན་ཏན་ལྔ་ནི་སེམས་རྣམ་པར་གཡེང་པའི་རྒྱུ་ཡིན་པས་ན་དེ་རྣམས་ཀྱིས་ཇི་ལྟར་བྱང་ཆུབ་ཐོབ་པར་འགྱུར་ཞེ་ན་སྨྲས་པ། ཐབས་ལ་མཁས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་རྣམས་ནི་ཕན་འདོགས་པར་གྱུར་པ་ཡིན་ཏེ། དཔེར་ན་ཀེ་ཏ་ཀེའི་མེ་ཏོག་སྤོས་ཀྱི་གླང་པོས་ཟོས་ན་གླ་རྩིའི་ངོ་བོར་འགྱུར་རོ། །དེ་ཉིད་ཐ་མལ་པའི་གླང་པོས་ཟོས་ན་མི་གཙང་བར་ཡོངས་སུ་འགྱུར་རོ། །དེ་བཞིན་དུ་དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་འདི་ལྟ་སྟེ། འོད་སྲུངས་བུ་རམ་ཤིང་དང་འབྲས་སཱ་ལུའི་ཞིང་ལ་ལུད་ཀྱིས་ཕན་འདོགས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཉོན་མོངས་པ་རྣམས་ཕན་འདོགས་པར་འགྱུར་རོ། །དེ་བཞིན་དུ་དུག་གི་དེ་ཁོ་ན་ཉིད་མི་ཤེས་པའི་སྐྱེས་བུས་དུག་ཟོས་ན་འཆི་བར་འགྱུར་རོ། །དེ་ཉིད་དུག་གི་དེ་ཉིད་ཤེས་པས་ཟོས་ན་བདུད་རྩི་ཉིད་དུ་འགྱུར་རོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འདོད་ཆགས་ཞེ་སྡང་གཏི་མུག་ནི། །འཇིག་རྟེན་ལ་ནི་དུག་ཆེན་གསུམ། །དུག་ཉིད་རྣམ་པར་བཅོམ་པ་ཡིས། །དུག་ནི་དུག་ཉིད་མེད་པར་བྱས། །ཞེས་བཤད་པའི་ཕྱིར་རོ། །དོན་ཡོད་གྲུབ་པའི་རྒྱུད་ལས་ཀྱང༌། །གང་གིས་རྨོངས་པ་འཆིང་འགྱུར་བ། །དེས་ནི་མཁས་པ་གྲོལ་བར་འགྱུར། །དེ་ལྟར་བྱང་ཆུབ་བསྒོམ་པ་ཡི། །ཐམས་ཅད་རྣམ་པར་ལྡོག་པ་ཡིན། །ཞེས་གསུངས་སོ། །འདིར་མན་ངག་ནི་རེ་ཞིག་ལས་དང་པོ་པའི་རྣལ་འབྱོར་པ་སྤྲོས་པ་དང་བཅས་པའི་སྤྱོད་པ་ལ་གནས་པར་གྱུར་པས་ལྷ་ཁང་སུམ་བརྩེགས་ཀྱི་འོག་ཁང་དུ་བཟའ་བ་ལ་སོགས་པ་གཞག་སྟེ། བར་ཁང་དུ་རོལ་མོ་ལ་སོགས་པ་བཞག་ལ། ཁང་ཏོག་ཏུ་རྣམ་པ་སྣ་ཚོགས་པའི་གདན་ལ་འདུག་སྟེ། དམ་ཚིག་གི་ཕྱག་རྒྱ་བཞི་ལོ་བཅུ་གཉིས་པའམ། བཅུ་དྲུག་པའམ་ཉི་ཤུ་ལོན་པ་གཟུགས་བཟང་བ་ལེགས་པར་བརྒྱན་པ་དཀྱིལ་འཁོར་དུ་རིམ་གྱིས་


DTG036_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ལ། དང་པོའི་སྦྱོར་བ་ལ་སོགས་པའི་རིམ་གྱིས་ལྷའི་རྣམ་པ་ཐམས་ཅད་བྱས་ལ་བཟའ་བ་དང་བཏུང་བ་ལ་སོགས་པ་དང་བདུད་རྩི་མྱོང་བས་ཚིམ་པར་བྱས་ལ། བུད་པའི་དྲ་བ་ལ་སོགས་པས་བདེ་བ་ཉམས་སུ་མྱོང་ཞིང་བདེ་བ་ལ་སོགས་པའི་རིམ་གྱིས་འོད་གསལ་བ་མངོན་དུ་བྱའོ། །དེ་བས་ན་རྒྱུད་འདི་ཉིད་ལས་བདེ་བས་བྱང་ཆུབ་བསྒྲུབ་པར་བྱའི། ལུས་གདུངས་པས་ནི་མ་ཡིན་ནོ། །ཞེས་སོ། །ད་ནི་རྣལ་འབྱོར་པ་རྣམས་ཀྱི་དབང་བསྟན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། དེ་ན་འདི་ནི་སྔོམ་གནས་འདི། །རྟག་ཏུ་མི་ཕྱེད་བརྟུལ་ཞུགས་གང༌། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །བསྒྲུབ་པ་དག་ཀྱང་བརྩམ་པར་བྱ། །ཞེས་སྨོས་པ་ལ་དོན་ནི་འདི་ཡིན་ཏེ། དེས་ན་ནི་སྔར་བཤད་པའི་བདེ་བའི་ཐབས་ཀྱི་རྒྱུ་ཡིས་སོ། །འདིར་དཔལ་གསང་བ་འདུས་པའི་རྒྱུད་ལས་སྔོམ་པ་བསྲུངས་པ་གང་ཡིན་པ་དེ་རྣམས་ལ་གནས་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་བརྟུལ་ཞུགས་སོ། །རྟག་ཏུ་ནི་དུས་གསུམ་དུ་ཡང་མི་ཕྱེད་པ་སྟེ་ཕྱིར་མི་ལྡོག་པས་བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་སྒྲུབ་པ་སྟེ་མངོན་དུ་བྱེད་པའི་ཐབས་བརྩམ་པ་ནི་བརྩམ་པར་བྱའོ། །དོན་ནི་འདི་ཡིན་ཏེ། རེ་ཞིག་དང་པོ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་བསྒྲུབ་པའི་དོན་དུ་སྙིང་རྗེ་ཆེན་པོའི་དབང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་གཏོང་བ་ལ་སོགས་པ་ལ་འཇུག་པ་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཀྱི་སྔགས་ཀྱི་ཐེག་པ་ཆེན་པོ་ལ་མོས་པ་དང་ལྡན་པས་རྡོ་རྗེ་སློབ་དཔོན་གྱི་སྤྱན་སྔར་ཕྱིན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བར་མཎྜལ་བྱས་ནས་མཆོད་ཅིང་གསོལ་བ་གདབ་པ་མང་པོར་བྱས་ནས། མགུ་བར་གྱུར་པའི་སློབ་དཔོན་དེས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་བྲི་བ་སྔོན་དུ་འགྲོ་བས་སློབ་དཔོན་དང༌། གསང་བ་དང༌། ཤེས་རབ་དང༌། བཞི་པའི་དབང་བསྐུར་དང༌། བཟའ་བར་བྱ་བ་དང༌། བསྲུང་བའི་དམ་ཚིག་དང༌། སྔོམ་པ་སྦྱིན་པའི་སྔོན་དུ་འགྲོ་བས་དབང་བསྐུར་བའི་རྡོ་རྗེ་བརྟུལ་ཞུགས་དང༌། སྤྱོད་པའི་བརྟུལ་ཞུགས་དང༌། རིག་པའི་བརྟུལ་ཞུགས་དང་ལྡན་པ།


DTG036_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་རྒོལ་བ་རྣམས་ཀྱིས་མི་ཟློགས་པ། དཔལ་གསང་བ་འདུས་པའི་རྒྱུད་ཕྱིན་ཅི་མ་ལོག་པར་བཤད་པ་རྣམ་པ་བཞི་ལ་སོགས་པའི་རིམ་གྱིས་བླ་མའི་ཞལ་ནས་ཁོང་དུ་ཆུད་དེ་རིག་པ་བཞིའི་རིམ་གྱིས་བསམས་ལ་བདག་དང་གཞན་ལ་ཕན་པའི་ཕྱིར་སློབ་དཔོན་གྱི་སྤྱན་སྔར་ཕྱིན་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ཅིང་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་སློབ་དཔོན་དམ་པ་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལས་དགྲོལ་བའི་དོན་དུ་ཐུགས་རྗེ་བསྐྱེད་པ། བདག་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་བསྒྲུབ་པར་འདོད་དེ། དེ་བས་ན་སློབ་དཔོན་གྱི་ཞལ་སྔ་ནས་བྱིས་དབེན་པར་བསྒོམ་པར་བྱ་བའི་ཕྱིར་བདག་ལ་རྗེས་སུ་གནང་བར་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །དེའི་རྗེས་ལ་སློབ་མ་འདི་སྐལ་བ་དང་ལྡན་པ་ཡིན་ནོ་ཞེས་ངེས་པར་བྱས་ལ། རྡོ་རྗེ་སློབ་དཔོན་གྱིས་དེ་ལ་སྨྲ་བར་བྱ་སྟེ། རིགས་ཀྱི་བུ་རང་དང་གཞན་ལ་ཕན་པར་བྱ་བའི་ཕྱིར་དབེན་པ་ལ་འདུག་སྟེ། ཇི་ལྟར་ཐོས་པ་དེ་བཞིན་དུ་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱིས་རྡོ་རྗེ་འཆང་གི་དཀྱིལ་འཁོར་བསྒྲུབ་པར་གྱིས་ཤིག་ཅེས་དེས་རྗེས་སུ་གནང་བས་དེའི་ཞབས་ལ་གཏུགས་ཏེ། ཁྱེད་ཀྱི་བཀས་རྡོ་རྗེ་འཆང་གི་དཀྱིལ་འཁོར་བདག་ལ་མྱུར་དུ་སྒྲུབས་ཤིག་ཅེས་སྨྲས་ལ་དབེན་པར་སོང་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པར་བྱ་བའི་ཕྱིར་བསྒོམ་པ་ལ་བརྩོན་པར་བྱའོ་ཞེས་ངག་གི་དོན་ཏོ། །དེ་ལྟར་རྗེས་སུ་གནང་བ་བྱང་ཆུབ་བསྒྲུབ་པའི་ཕྱིར་སྣོད་དུ་རུང་བ་ཡིན་གྱིས་གཞན་དུ་ནི་མ་ཡིན་ནོ། །འདིར་སྔོམ་པའི་སྒྲ་ནི་ཉེ་བར་མཚོན་པའི་དོན་ཏེ། དམ་ཚིག་ལ་གནས་པ་ཡང་བཤད་པར་བྱའོ། །དེ་ལ་རིག་པའི་དབང་བསྐུར་ལ། །རིགས་ལྔའི་དམ་ཚིག་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། སློབ་དཔོན་འཛིན་པ་དང༌། སྦྱིན་པ་བཞི་དང༌། དམ་པའི་ཆོས་རྣམ་པ་གསུམ་པོ་འཛིན་པ་དང༌། ཅི་ནུས་པས་མཆོད་པའི་ཆོ་གའོ། །སྔོམ་པ་ནི་ལྔ་སྟེ། མི་དགེ་བ་བཅུ་སྤང་བ་དང༌། ཐེག་པ་དམན་པ་ལ་འདོད་པ་མི་བྱེད་པ་དང༌། ཆང་སྤོང་བ་དང༌། སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་སྤོང་བ་དང༌། ལྷ་ལ་སོགས་པའི་མཚན་མ་ལ་


DTG036_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མི་འགོམ་པའོ། །ཕྱིར་མི་ལྡོག་པའི་དབང་བསྐུར་བ་ལ་དམ་ཚིག་ནི་བཅུ་བཞི་སྟེ། སློབ་དཔོན་ལ་སྨོད་པ་དང༌། བདེ་བར་གཤེགས་པའི་བཀའ་ལས་འདས་པ་དང༌། རྡོ་རྗེ་སྤུན་ལ་སྨོད་པ་དང༌། བྱམས་པ་ཆེན་པོ་སྤོང་བ་དང༌། བྱང་ཆུབ་ཀྱི་སེམས་གཏོང་བ་དང༌། ཐེག་པ་གསུམ་ལ་སྨོད་པ་དང༌། སྐལ་བ་མེད་པ་ལ་གསང་བའི་ཆོས་སྟོན་པ་དང༌། རང་གི་ཕུང་པོ་སྨོད་པ་དང༌། ཆོས་རང་བཞིན་མེད་པ་ལ་སོམ་ཉི་ཟ་བ་དང༌། གདུག་པ་ཅན་ལ་བྱམས་པ་དང༌། ཆགས་པ་དང་བྲལ་བ་དང༌། ཆོས་རྣམས་ལ་མཐའ་གཉིས་གཞག་པ་དང༌། དད་པའི་སེམས་སྨོད་པ་དང༌། ཇི་སྙེད་པའི་དམ་ཚིག་ལ་མི་བརྟེན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བུད་མེད་ལ་སྨོད་པའོ་ཞེས་རྩ་བའི་ལྟུང་བ་བཅུ་བཞི་སྤོང་བ་ནི་དམ་ཚིག་གོ །མི་དགའ་བའི་རིགས་བསྟེན་པ་དང༌། དམ་ཚིག་རྣམས་མི་སྦྱོར་བ་དང༌། ཚོགས་ཀྱི་དཀྱིལ་འཁོར་ལ་རྩོད་པ་དང༌། དད་པའི་སེམས་སྨོད་པ་དང༌། ཞག་བདུན་གྱི་བར་དུ་ཉན་ཐོས་པའི་ནང་ན་གནས་པ་དང༌། རྣལ་འབྱོར་པའི་ང་རྒྱལ་དང༌། དད་པ་དང་ལྡན་པའི་སེམས་ཅན་རྣམས་ལ་ལོག་པའི་ཆོས་སྟོན་པ་དང༌། མ་ངེས་པ་ལ་ཆོས་སྟོན་པ་དང༌། མ་སྦྱོར་བ་ལ་གསང་བ་སྟོན་པ་དང༌། སྣོད་མ་ཡིན་པ་ལ་ཟབ་མོའི་ཆོས་སྟོན་པ་སྟེ། ཁ་ན་མ་ཐོ་བ་བཅུ་མི་བྱེད་པ་ནི་སྔོམ་པའོ། །གསང་བའི་དབང་བསྐུར་བ་ལ་དམ་ཚིག་གསུམ་སྟེ། རྡོ་རྗེའི་དེ་ཁོ་ན་ཉིད་དང༌། དྲིལ་བུའི་དེ་ཁོ་ན་ཉིད་དང༌། ཕྱག་རྒྱའི་དེ་ཁོ་ན་ཉིད་དོ། །སྔོམ་པ་གསུམ་སྟེ། སྒྲོན་མ་མྱང་བ་དང༌། ལྕགས་ཀྱུ་མྱང་བ་དང༌། བྷ་ག་ལ་ཙུམྦ་ནའོ། །ཤེས་རབ་ཀྱི་དབང་བསྐུར་བ་ལ་དམ་ཚིག་ལྔ་སྟེ། སྲོག་གཅོད་པ་དང༌། མ་སྦྱིན་པར་ལེན་པ་དང༌། འདོད་པས་ལོག་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང་ཕྲ་མའོ། །སྔོམ་པ་ནི་ལྔ་སྟེ། གཏི་མུག་གི་སྔོམ་པ་དང༌། ཞེ་སྡང་གི་སྔོམ་པ་དང༌། འདོད་ཆགས་ཀྱི་སྔོམ་པ་དང༌། ང་རྒྱལ་གྱི་སྔོམ་པ་དང༌། ཕྲག་དོག་གི་སྔོམ་པའོ། །དེ་རྣམས་ལ་གནས་པར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་མི་ཕྱེད་པ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པས་མི་གཡོ་བ་སྟེ་དྲང་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་མི་གཏོང་བ་ནི་མི་ཕྱེད་པ་སྟེ་ངེས་པའི་དོན་ཏོ། །སྤྱོད་པའི་བརྟུལ་ཞུགས་


DTG036_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་ཕྱེད་པ་སྟེ་སྒྲ་ཇི་བཞིན་པའོ། །ཀུ་གོ་ད་ཧ་ན་ལ་བརྟེན་པ་ནི་མི་ཕྱེད་པ་སྟེ་སྒྲ་ཇི་བཞིན་མ་ཡིན་པའོ། །འདོད་པའི་གཟུགས་ལ་གནས་པ་ནི་དགོངས་པས་བཤད་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ལ་དགའ་བ་ནི་དགོངས་པས་མ་ཡིན་པའོ། །དམ་ཚིག་དང་སྔོམ་པ་ལ་བརྟེན་པ་ནི་ཡི་གེའི་དོན་ཏོ། །དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་བརྩོན་པ་ནི་སྤྱིའི་དོན་ཏོ། །སྙོམས་པར་འཇུག་པ་ལ་མཁས་པ་སྟེ་སྦས་པའོ། །པདྨ་ཅན་དང་དུང་ཅན་དང༌། །ཨུཏྤལ་ཅན་དང༌། སྦྱོར་བའི་དབྱེ་བས་འདོད་མ་ལ་དགའ་བ་སྟེ་མཐར་ཐུག་པའོ། །རྡོ་རྗེའི་བརྟུལ་ཞུགས་དང༌། སྤྱོད་པའི་བརྟུལ་ཞུགས་དང༌། རིག་པའི་བརྟུལ་ཞུགས་དང་ལྡན་པ་ནི་བརྟུལ་ཞུགས་ཏེ་དྲང་བའི་དོན་ཏོ། །འོད་གསལ་བ་རྟོགས་པས་བརྟུལ་ཞུགས་ཏེ་ངེས་བའི་དོན་ཏོ། །རལ་ཅན་གཅེར་བུ་མགོ་རེག་དང༌། །གཙུག་པུད་ཅན་དང་འདུ་འཛི་བྲལ། །རྟགས་ནི་དེ་དེ་སྣ་ཚོགས་པས། །མངོན་པར་བྱང་ཆུབ་འདོད་པ་ཡིན། །ཞེས་བཤད་པའི་ཕྱིར་རོ། །སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །གསུང་རྡོ་རྗེ་ནི་འོད་དཔག་ཏུ་མེད་པའོ། །ཐུགས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། ཡི་གེའི་དོན་ཏོ། །སྐུ་རྡོ་རྗེ་ནི་ཡི་གེ་ཨོཾ་མོ། །གསུང་རྡོ་རྗེ་ནི་ཡི་གེ་ཨཱཿ་འོ། །ཐུགས་རྡོ་རྗེ་ནི་ཡི་གེ་ཧཱུཾ་སྟེ། སྤྱིའི་དོན་ཏོ། །སྐུ་རྡོ་རྗེ་ནི་རུས་སྦལ་ཀྱི་རྩ་དང༌། གསུང་རྡོ་རྗེ་ནི་ཟླ་བའི་རྩ་དང༌། ཐུགས་རྡོ་རྗེ་ནི་འདོད་པའི་གདུགས་ཀྱི་རྩ་སྟེ་སྦས་པའོ། །སྐུ་རྡོ་རྗེ་ནི་ཆགས་པ་དང༌། གསུང་རྡོ་རྗེ་ནི་ཆགས་པ་དང་བྲལ་བ་དང༌། ཐུགས་རྡོ་རྗེ་ནི་ཆགས་པ་བར་མ་སྟེ། མཐར་ཐུག་པའོ། །སྐུ་རྡོ་རྗེ་ནི་ཁྲག་དང༌། གསུང་རྡོ་རྗེ་ནི་ཤུ་ཀྲ་དང་། ཐུགས་རྡོ་རྗེ་ནི་དྲི་ཆབ་སྟེ། དགོངས་པས་བཤད་པའོ། །སྐུ་རྡོ་རྗེ་ནི་སྣང་བའོ། །གསུང་རྡོ་རྗེ་ནི་སྣང་བ་མཆེད་པའོ། །ཐུགས་རྡོ་རྗེ་ནི་སྣང་བ་ཉེ་བར་ཐོབ་པ་སྟེ། དགོངས་པ་མ་ཡིན་པའོ། །སྐུ་རྡོ་རྗེ་ནི་ཁྲུ་ཉི་ཤུ་པའི་དཀྱིལ་འཁོར་དང༌། གསུང་རྡོ་རྗེ་ནི་ཁྲུ་བཅུ་དྲུག་པའི་དཀྱིལ་འཁོར་དང་། །ཐུགས་རྡོ་རྗེ་ནི་ཁྲུ་གཉིས་པའི་དཀྱིལ་འཁོར་ཏེ་སྒྲ་ཇི་བཞིན་པའོ། །སྐུ་རྡོ་རྗེ་ནི་ཚངས་པའོ། །གསུང་རྡོ་རྗེ་ནི་དབང་ཕྱུག་ཆེན་པོ་དང༌། ཐུགས་རྡོ་རྗེ་ནི་ཁྱབ་འཇུག་སྟེ། སྒྲ་ཇི་བཞིན་མ་ཡིན་པའོ། །སྐུ་རྡོ་རྗེ་ནི་ཞིབ་དང༌། གསུང་རྡོ་རྗེ་ནི་དབང་དང༌། ཐུགས་རྡོ་རྗེ་ནི་མངོན་སྤྱོད་དེ། དྲང་


DTG036_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་ཏོ། །སྐུ་རྡོ་རྗེ་ནི་སྐུའི་དཀྱིལ་འཁོར་དང༌། གསུང་རྡོ་རྗེ་ནི་གསུང་གི་དཀྱིལ་འཁོར་དང༌། ཐུགས་རྡོ་རྗེ་ནི་ཐུགས་ཀྱི་དཀྱིལ་འཁོར་ཏེ་ངེས་པའི་དོན་ཏོ། །མན་ངག་ཇི་ལྟ་བ་བཞིན་དུ་བསྒོམ་པ་ནི་བསྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ །ད་ནི་སྙིང་རྗེ་ཆེན་པོ་མངོན་སྤྱོད་དུ་གྱུར་པ་སྔོན་དུ་འགྲོ་བས་ཁྱད་པར་གྱི་གནས་ལ་བརྟེན་པ་བཤད་པར་བྱ་སྟེ། །དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པ་དག་ཏུ་ནི། །དངོས་གྲུབ་ཐམས་ཅད་བསྡུས་པས་འགྲུབ། །ཅེས་སྨོས་པ་ལ། འདིར་དང་པོར་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ལ། ཕྱིས་གནས་ལ་བརྟེན་པར་བྱ་སྟེ། དགོན་པ་ཆེན་པོའི་ས་ཕྱོགས་ནི་ཁྱད་པར་གྱི་གནས་ཡིན་ཏེ། རྫིང་བུ་ལ་སོགས་པས་ཡིད་འཕྲོག་པའི་ཕྱིར་རོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི་རི་བོའི་ཁྱད་པར་རོ། །དབེན་པ་ནི་གཞན་ཡང་དབེན་པའི་ས་ལའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་བསྡུས་པ་ནི་གང་དུ་བསྡུས་པར་གྱུར་པ་དེ་ནི་དངོས་གྲུབ་ཐམས་ཅད་བསྡུས་པ་སྟེ་སངས་རྒྱས་ཉིད་དོ། །སྒྲུབ་པ་ནི་བསྒྲུབ་པར་བྱ་བ་སྟེ་དྲང་བའི་དོན་ཏོ། །ནམ་མཁར་རྟོགས་པའི་སྦྱོར་བ་ཡིས། །ཕུང་པོ་དགོན་པ་ཆེན་པོར་འདོད། །གནས་མེད་གནས་ཀྱི་སྦྱོར་བ་ཡིས། །ས་ཡི་ཕྱོགས་ནི་གནས་ཆེན་པོ། །དཔག་བསམ་ཤིང་ལྟར་ལོངས་སྤྱོད་ནི། །སྣ་ཚོགས་དངོས་གྲུབ་མེ་ཏོག་ཅན། །སྦྲུལ་པའི་འབྲས་བུ་ཀུན་མཛེས་པའོ། །ཡང་དག་བྱང་ཆུབ་རི་བོ་ཡིན། །རང་བཞིན་མེད་པ་དབེན་པ་ལ། །སངས་རྒྱས་མཛེས་ཏེ་བསྒྲུབ་པ་བྱ། །ཞེས་ངེས་པའི་དོན་ཏོ། །དགོན་པ་ཆེན་པོ་ནི་ཆོས་འབྱུང་གི་ཕྱག་རྒྱ་སྟེ། དེའི་ས་ཕྱོགས་ནི་འདོད་པའི་གདུགས་སོ། །འབྲས་བུ་ནི་བྱང་ཆུབ་ཀྱི་སེམས་འཛག་པ་ཟླ་བ་མའི་རྩའོ། །མེ་ཏོག་ནི་རང་བྱུང་གི་མེ་ཏོག་འཛག་པ་རུས་སྦལ་མའི་རྩའོ། །སོགས་པའི་སྒྲས་ནི་བཤང་གཅི་དང་ལྡན་པའི་ལྷས་བྱིན་མ་དང༌། ནོར་རྒྱལ་མའི་རྩ་གཟུང་ངོ༌། །དེ་རྣམས་ཀྱིས་བརྒྱན་པའི་བྷ་ག་ལའོ། །རི་བོ་ནི་སོར་བཞིའི་ཚད་ཙམ་གྱི་མོའི་དབང་པོའི་རྩའོ། །དེ་ཉིད་ཆགས་པ་ལ་སོགས་པ་སྤོང་བར་བྱེད་པས་ན་དབེན་པའོ། །དེ་ལ་དངོས་གྲུབ་ཐམས་ཅད་བསྡུས་པ་ནི་ཐིག་ལེ་ཙམ་སྒྲུབ་པ་སྟེ། དགོངས་


DTG036_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཤད་པའོ། །དགོན་པ་ཆེན་པོ་ནི་གསང་བའི་དཀྱིལ་འཁོར་རོ། །དེ་ཉིད་ས་ཕྱོགས་ཏེ་གསང་བ་ཡིན་པའི་ཕྱིར་རོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི་ལྟེ་བའི་དཀྱིལ་འཁོར་རོ། །རི་བོ་ནི་སྙིང་གའི་དཀྱིལ་འཁོར་རོ། །དབེན་པ་ནི་མགྲིན་པའི་དཀྱིལ་འཁོར་རོ། །དེ་ལ་བསྒྲུབ་པ་སྟེ་དགོངས་པ་མ་ཡིན་པའོ། །དགོན་པ་ཆེན་པོ་ནི་འདོད་པའི་གདུགས་ཀྱི་ནམ་མཁའོ། །ས་ཕྱོགས་ནི་ལྷ་སྦྱིན་མའི་ནམ་མཁའོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི་ཟླ་བ་མའི་ནམ་མཁའོ། །རི་བོ་ནི་རུས་སྦལ་མའི་ནམ་མཁའོ། །དབེན་པ་ནི་ནོར་རྒྱལ་མའི་ནམ་མཁའ་སྟེ་སྒྲ་ཇི་བཞིན་མ་ཡིན་པའོ། །ཇི་སྐད་དུ། བྷ་གའི་དབུས་ན་ནམ་མཁའ་གང༌། །ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ། །ལྟེ་བ་གེ་སར་དང་ལྡན་པ། །འདབ་མ་བརྒྱད་ཀྱིས་རྣམ་པར་མཛེས། །ཤུ་ཀྲའི་གཟུགས་ཅན་བདུད་རྩི་ནི། །དེར་གནས་རྟག་ཏུ་འཛག་པར་འགྱུར། །ཞེས་བཤད་པའི་ཕྱིར་རོ། །དགོན་པ་ཆེན་པོའི་ནི་དབྱངས་སོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི་གསལ་བྱེད་རྣམས་སོ། །དེ་རྣམས་ཀྱིས་ཉེ་བར་མཚོན་པ་ནི་རི་བོ་དབེན་པ་སྟེ་ལུས་སོ། །དེ་ལ་བསྒྲུབ་པར་བྱ་སྟེ་སྒྲ་ཇི་བཞིན་པའོ། །དགོན་པ་ཆེན་པོ་ནི་པདྨ་ཅན་ནོ། །ས་ཕྱོགས་ནི་དུང་ཅན་མའོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི་ཨུཏྤལ་ཅན་ནོ། །རི་བོ་དབེན་པ་ནི་བྷ་གའོ། །དེ་ལ་པདྨ་ཅན་ནི་འབྲིང་གི་པདྨའོ། །དུང་ཅན་ནི་གཡོན་པའི་པདྨའོ། །ཨུཏྤལ་ཅན་ནི་ཕྲ་མོའི་པདྨའོ། །བ་ནི་རྒྱས་པའི་པདྨའོ། །དེ་རྣམས་ལ་དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ་པར་བྱ་སྟེ་སྦྲས་པའོ། །དགོན་པ་ཆེན་པོ་ནི་ལས་ཀྱི་ཕྱག་རྒྱའོ། །ས་ཕྱོགས་ནི་དམ་ཚིག་གི་ཕྱག་རྒྱའོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །རི་བོ་དབེན་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་རྣམས་ལ་སྒྲུབ་པ་སྟེ་ཡི་གེའི་དོན་ཏོ། །དགོན་པ་ཆེན་པོ་ནི་སྙིང་གར་ཡི་གེ་ཧཱུཾ་དོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི་ལྐོག་མར་ཡི་གེ་ཨཱཿའོ། །རི་བོ་དབེན་པ་ནི་སྤྱི་བོར་ཡི་གེ་ཨོཾ་མོ། །དེ་ལ་བསྒྲུབ་པ་སྟེ་སྤྱིའི་དོན་ཏོ། །དགོན་པ་ཆེན་པོ་ནི་ཆོས་ཀྱི་སྐུའོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི་ཡེ་ཤེས་ཀྱི་སྐུའོ། །རི་བོ་དབེན་པ་ནི་དེ་དང་ཐ་མི་དང་པ་རྡོ་རྗེའི་སྐུའོ། །དེ་


DTG036_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྒྲུབ་པར་བྱ་སྟེ་མཐར་ཐུག་པའོ། །དེ་ལ་བསྡུས་པའི་དོན་ནི་འདི་ཡིན་ཏེ། རེ་ཞིག་དང་པོར་སྐྱེ་བོས་དབེན་པའི་ས་ཕྱོགས་སུ་བདུད་རྩི་ལྔས་གྲུ་བཞི་པའི་དཀྱིལ་འཁོར་བྱུགས་ལ། དེར་བྱ་འགན་ལ་སོགས་པའི་འཇམ་པའི་སྟན་ལ་འདུག་སྟེ། སྡུག་བསྔལ་དུ་མས་མནན་པའི་ཁམས་གསུམ་པ་མངོན་དུ་བྱས་ལ། སེམས་ཅན་ཐམས་ཅད་བདེ་བ་དང༌། སྦྱོར་བར་འདོད་པའི་རྣམ་པ་བྱམས་པ་དང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འདོད་པའི་རྣམ་པའི་སྙིང་རྗེ་དང་འཕགས་པ་དང་སོ་སོ་སྐྱེ་བོའི་བསོད་ནམས་ལ་རྗེས་སུ་ཡི་རང་བའི་རྣམ་པའམ། སེམས་ཅན་ཐམས་ཅད་བྱང་ཆུབ་ལ་གཞུག་པར་བགྱི་ཞེས་དེའི་རྣམ་པ་དགའ་བ་དང༌། སེམས་ཅན་ཐམས་ཅད་ལན་ཅིག་སྣོད་མིན་པ་སྟེ། སྨིན་པའི་དུས་གདུལ་བར་བགྱི་ཞེས་བཏང་སྙོམས་ཏེ། རྣམ་པར་སྡང་བ་དང༌། རྣམ་པར་འཚེ་བ་དང༌། རྣམ་པར་མི་དགའ་བ་དང༌། འདོད་པའི་འདོད་ཆགས་རྣམས་ཀྱི་གཉེན་པོར་གྱུར་པ་མཐའ་ཡས་པའི་སེམས་ཅན་རྣམས་ལ་དམིགས་པ་ཚད་མེད་པ་བཞི་སྟེ། རྣལ་འབྱོར་བསྲུང་བའི་དོན་དུ་བསྒོམ་པར་བྱའོ། །ཇི་སྐད་དུ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ནི་བདེ་བ་དང་། སྡུག་བསྔལ་བ་དང་བསོད་ནམས་དང༌། བསོད་ནམས་མ་ཡིན་པའི་ཡུལ་ལ་བསྒོམས་པས་སེམས་དང་བར་འགྱུར་རོ་ཞེས་འབྱུང་ངོ༌། །ད་ནི་གནས་བསྲུང་བར་བྱ་བའི་ཕྱིར་བསྒོམ་པ་བཤད་པར་བྱ་སྟེ། འཇམ་པའི་སྟན་ལ་འདུག་ནས་ནི། །སེམས་དཔའི་སྐྱིལ་ཀྲུང་ལེགས་གནས་ཏེ། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །གནས་བསྲུང་བ་ནི་བསམ་པར་བྱ། །ཞེས་སྨོས་པ་ལ། རྣལ་འབྱོར་བསྲུང་བའི་འོག་ཏུ་རྣལ་འབྱོར་པས་ཅིག་ཅར་དུ་བཅོམ་ལྡན་འདས་ཞལ་གཅིག་པ། ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཆང་བ་དཀར་ཞིང་ཞི་བ་རྡོ་རྗེ་འཆང་ཆེན་པོས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པ་བསྒོམ་པར་བྱའོ། །དེ་ནས་བགེགས་བསྐྲད་པར་མངོན་པ་དགོངས་ནས། ཐུགས་ཀ་ནས་སྤྲོས་པའི་ཅུང་ཟད་ཁྲོས་པའི་ཨིནྡྲ་ནཱི་ལའི་ཁ་དོག་འདྲ་བའི་ཞེ་སྡང་རྡོ་རྗེ་དང་དབྱེར་མེད་པར་བྱས་ལ་བཅོམ་ལྡན་འདས་དེ་ཉིད་དུ་བདག་ཉིད་བསྒོམ་


DTG036_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། གང་གི་ཕྱིར་ཁྲོ་བོའི་དཀྱིལ་འཁོར་ནི་ཞེ་སྡང་རྡོ་རྗེ་ལས་བྱུང་ངོ་ཞེས་དེ་ཉིད་བསྒོམ་པར་བྱ་བར་རིགས་ཀྱི་མི་བསྐྱོང་པ་ནི་མ་ཡིན་ནོ། །ཐུགས་རྡོ་རྗེའི་དབྱེ་བས་གཉིས་ཏེ། ཞེ་སྡང་རྡོ་རྗེ་དང་མི་བསྐྱོད་པའོ། །དེ་ལ་ཞེ་སྡང་རྡོ་རྗེ་ནི་མཆེ་བ་རྣམ་པར་གཙིགས་པ་ཁ་དོག་མཐིང་ནག་གོ །མི་བསྐྱོད་པ་ནི་སྒེག་ཅིང་ཞི་བ་ཨིནྡྲ་ནཱི་ལའི་ཁ་དོག་གོ །གནས་བསྲུང་བ་ནི་ཕྱོགས་བཅུའི་བགེགས་རབ་ཏུ་ཞི་བའི་མཚན་ཉིད་བསམ་པར་བྱ་ཞེས་དྲང་བའི་དོན་ཏོ། །འཇམ་པའི་སྟན་ནི་ཤེས་རབ་ཀྱི་མཚོ་སྐྱེས་ཀྱི་ཟེ་འབྲུ་སྟེ། འདོད་པའི་གདུགས་ཀྱི་རྩའོ། །དེ་ལ་འདུག་ནས་ནི་དེའི་རེག་པ་ཙམ་ལ་དགའ་བའོ། །སེམས་དཔའི་སྐྱིལ་མོ་ཀྲུང་ནི་རྡོ་རྗེ་པདྨ་སྙོམས་པར་འཇུག་པ་སྟེ། དེས་ལེགས་གནས་ཏེ་བདེ་བར་གནས་པར་གྱུར་ནས་སོ། །ཞེ་སྡང་རྡོ་རྗེ་ནི་ཉོན་མོངས་པ་ཐམས་ཅད་བཅོམ་པའི་མཚན་ཉིད་འོད་གསལ་བ་སྟེ། དེ་ཉིད་ཏིང་འཛིན་ནི་སེམས་རྩེ་གཅིག་པ་བསྐྱེད་པའི་ཕྱིར་རོ། །དེར་གནས་པ་ནི་འཇུག་པར་འགྱུར་ཞིང༌། གནས་བསྲུང་པ་ནི་སྒོ་བཅུའི་གནས་ལས་སྲོག་ལ་སོགས་པ་རླུང་བཅུ་འགོག་པ་བསམ་པར་བྱ་ཞེས་ངེས་པའི་དོན་ཏོ། །ད་ནི་དེ་ཉིད་བསྟན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། འབར་བའི་འོད་འཕྲོ་འཇིགས་པར་བྱེད།། ཉི་མ་ལ་གནས་ཧཱུཾ་ལས་བྱུང༌། །གཡོན་བརྐྱང་བ་ཡིས་གནས་ལ་གནས། །ཁྲོ་བོ་བཅུ་ནི་སྤྲོ་བར་བྱ། །ཞེས་སྨོས་པ་ལ་སྔར་བཤད་པའི་ཞེ་སྡང་རྡོ་རྗེའི་ཏིང་ངེས་འཛིན་ལ་དམིགས་ཏེ། ཐུགས་ཀ་ནས་རང་དང་འདྲ་བའི་རེག་བྱ་རྡོ་རྗེ་མ་སྤྲོས་ལ་དེས་བྷ་གར་ཧཱུཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་སྙིང་གའི་པདྨ་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའི་ཡིག་འབྲུ་ལས་འོད་ཟེར་གྱི་འཁོར་ལོ་བ་སྤུའི་བུ་ག་ཐམས་ཅད་ལས་སྤྲོས་པ་ལྕགས་ཀྱུའི་རྣམ་པ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་ཁྲོ་བོའི་རྒྱལ་པོ་རྣམས་བཀུག་ཅིང་ངག་གི་ལམ་ནས་ཞུགས་ཏེ་རྩ་དབུ་མའི་ལམ་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་སྤྲོས་ལ་ཐིག་ལེ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཡི་གེ་ཧཱུཾ་བཅུ་བསྒོམས་ཏེ། དེ་ཡོངས་སུ་གྱུར་པ་ལས་གཙིགས་པའི་རྡོ་རྗེ་བཅུ་འབར་བའི་འོད་འཕྲོ་བ་ཧཱུཾ་གིས་མཚན་པ་བསམས་ཏེ། སྤྲོ་


DTG036_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་བསྡུ་བ་སྔོན་དུ་འགྲོ་བར་ཡོངས་སུ་གྱུར་པ་ལས་བྱུང་བའི་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་བཅུ་ཇི་ལྟར་བཤད་པའི་དབྱིབས་དང་ཁ་དོག་དང་ཕྱག་མཚན་དང་ལྡན་པ་བསྐྱེད་ལ། དེ་རྣམས་བསྐྱེད་པའི་སྔོན་དུ་ཧཱུཾ་ལས་བྱུང་བ་གནོད་མཛེས་ཀྱི་རྒྱལ་པོ་ཞལ་གསུམ་ཕྱག་དྲུག་པ་ཁ་དོག་སྔོན་པོ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམས་ཏེ། དེ་ནས་ལྷ་མོའི་བ་སྤུའི་བུ་ག་ཐམས་ཅད་ཀྱི་སྒོ་ནས་ཁྲོ་བོ་བཅུ་གཅིག་སྤྲོས་ཏེ། བདག་ཉིད་ཀྱི་ཕྱོགས་བཅུ་དང་མདུན་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པར་བསམ་པར་བྱའོ། །དེ་ལ་གཤིན་རྗེ་མཐར་བྱེད་ནི་སྔོན་པོ། སྔོན་པོ་དང༌། དཀར་པོ་དང༌། དམར་པོའི་ཞལ་མངའ་བ། དབྱུག་ཏོ་དང༌། འཁོར་ལོ་དང༌། རྡོ་རྗེ་དང༌། པདྨ་དང༌། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་འཆད་བ། མ་ཧེའི་སྟེང་དུ་གཤིན་རྗེ་མནན་ནས་གཡས་བརྐྱང་གིས་གནས་པའོ། །ཤེས་རབ་མཐར་བྱེད་དཀར་པོ། དཀར་པོ་དང༌། སྔོན་པོ་དང༌། དམར་པོའི་ཞལ་མངའ་བ། དབྱིག་པ་དང༌། རལ་གྲི་དང༌། རྡོ་རྗེ་དང༌། ནོར་བུ་དང༌། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་འཛིན་པ། ཁྱབ་འཇུག་གི་སྟེང་དུ་གཡོན་བརྐྱང་བས་གནས་བའོ། །པདྨ་མཐར་བྱེད་དམར་པོ། དམར་པོ་དང་། སྔོན་པོ་དང༌། དཀར་པོའི་ཞལ་མངའ་བ། པདྨ་དང༌། རལ་གྲི་དང༌། རྡོ་རྗེ་དང༌། ནོར་བུ་དང༌། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང༌། དྲིལ་བུ་འཆང་བ། ལྷ་ཆེན་བོའི་སྟེང་དུ་རྐང་པ་མཉམ་པས་གནས་པའོ། །བགེགས་མཐར་བྱེད་ནི་ལྗང་གུ། ལྗང་གུ་དང་། སྔོན་པོ་དང༌། དམར་པོའི་ཞལ་མངའ་བ་རྡོ་རྗེ་དང༌། རལ་གྲི་དང༌། པདྨ་དང༌། ནོར་བུ་དང༌། སྡིགས་མཛུབ་ཞགས་པ་དང༌། དྲིལ་བུ་འཆང་བ་ལོག་འདྲེན་གྱི་སྟེང་དུ་མི་མཉམ་པའི་རྐང་པས་གནས་པའོ། །མི་གཡོ་བ་དང༌། འདོད་པའི་རྒྱལ་པོ་དང༌། དབྱིག་སྔོན་དང༌། སྟོབས་པོ་ཆེ་དང༌། གནོད་མཛེས་དང་གཙུག་ཏོར་འཁོར་ལོ་སྟེ་ཞལ་གསུམ་ཕྱག་དྲུག་པ། ཁ་དོག་ནག་པོ། གཡོན་བརྐྱང་བས་ཉི་མ་ལ་གནས་པ། གཙོ་བོའི་ཕྱག་གིས་ལྕགས་ཀྱུ་དང༌། རྩེ་གསུམ་དང༌། དབྱིག་པ་དང༌། རལ་གྲི་དང༌། འཁོར་ལོ་དང༌། རྡོ་རྗེ་འཆང་བ་དང༌།


DTG036_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་རྣམས་ཀྱིས་གཤིན་རྗེ་མཐར་བྱེད་ལ་སོགས་པ་བཞིན་དུ་ཕྱག་མཚན་འཛིན་པ་བསྒོམ་པར་བྱའོ། །ཁྲོ་བོ་དེ་དག་ཀྱང་མིའུ་ཐུང་ལྟོ་འཕྱང་བ། སྐུ་རྒྱས་པ། མཆེ་བ་རྣམ་པར་གཙིགས་པ་ཧ་ཧར་སྒྲོགས་པ། སྐྲ་འབར་བ་གྱེན་དུ་བརྫེས་པ། ཉི་མ་དང་ཟླ་བ་དང་མེའི་རང་བཞིན་སྤྱན་གསུམ་པ། སྨིན་མ་དང༌། སྨ་ར་དང༌། དབུ་སྐྲ་ཁམ་པ། རལ་པའི་ཐོར་ཚུགས་འཇོག་པོས་བཅིངས་པ། པདྨ་དང༌། པདྨ་ཆེན་པོས་རྣ་ཆ་བྱས་པ། ནོར་རྒྱས་ཀྱི་བུས་ཚངས་སྐུད་བཏང་བ། དུང་སྐྱོང་དང་རིགས་ལྡན་དག་གིས་རྐང་གདུབ་བྱས་པ། མཐའ་ཡས་ཀྱིས་སྟག་གི་བགས་པའི་ཤམ་ཐབས་བཅིངས་པ། ཧུ་ལུ་ཏས་བྱས་པའི་གདུ་བུས་བརྒྱན་པ། ཧ་ཧར་དགོད་པས་བྲག་རྣམས་འཇིག་པ། སོ་རྣམས་ཀྱིས་མཆུ་འཛིན་པ་བསམ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་ཧཱུཾ་ལས་བྱུང༌། །ཞེས་བྱ་བ་ནི་ཡི་གེ་ཧཱུཾ་བཅུ་ལས་བྱུང་བའོ། །གཡོན་བརྐྱང་བ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། སྔར་བཤད་པའི་སྟང་སྟབས་ཀྱིས་གནས་པ་ཞེས་བྱ་བའི་དོན་ཏོ། །འབར་བའི་འོད་འཕྲོ་འཇིགས་པར་བྱེད། །ཅེས་བྱ་བ་ནི་མཐའ་ཡས་པའི་ཁྲོ་བོའི་རྒྱལ་པོ་སྤྲོ་བར་བྱེད་པའོ། །བཅུ་ཞེས་བྱ་བ་ནི་གནོད་མཛེས་ཀྱི་རྒྱལ་པོ་བཅུ་གཅིག་པ་ཡང་སྤྲོ་བར་བྱའོ། །དེ་ལ་བཀའ་སྦྱིན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། ཕྱོགས་བཅུའི་དཀྱིལ་འཁོར་རྩེ་མོར་ནི། །རིམ་པ་བཞིན་དུ་བསམ་བྱ་སྟེ། །བགེགས་ཀུན་རྣམ་པར་གཞིག་པའི་ཕྱིར། །གནོད་མཛེས་བཀའ་སྩལ་ཕུར་བུས་གདབ། །ཅེས་སྨོས་པ་ལ། ཁྲོ་བོ་བཅུ་པོ་དེ་དག་ཕྱོགས་བཅུའི་དཀྱིལ་འཁོར་རྩེ་མོར་ཏེ། བདག་ཉིད་ཀྱི་ཕྱོགས་བཅུའི་མཐར་རིམ་པ་བཞིན་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཤར་ལ་སོགས་པར་རིམ་གྱིས་བསམ་པར་བྱ་སྟེ་ཞེས་བྱ་བ་ནི་དགོད་ཅིང་གསལ་བར་བལྟས་ལ། དེའི་ནང་དུ་བཅུ་གཅིག་པ་གནོད་མཛེས་ནི་བཀའ་ཉན་གྱི་གཟུགས་ཅན་བཀའ་སྩལ་པ་ནི་བཀའ་བྱིན་ནས་བགེགས་ཀུན་ནི་འཇིག་རྟེན་སྐྱོང་བ་སྟེ། དབང་པོ་ལ་སོགས་པ་དེ་རྣམས་འཇིག་པར་བྱ་བའི་ཕྱིར་ཕུར་བུས་གདབ་པའི་ཆོ་ག་བྱ་སྟེ་དྲང་པའི་དོན་ཏོ། །འོད་གསལ་བ་ལ་སྐད་ཅིག་མ་བཅུ་སྟེ། སྨིག་རྒྱུ་ལ་སོགས་པ་རྟགས་ལྔ་དང༌། དེ་འདས་པའི་སྐད་ཅིག་མ་ལྔའོ། །དེ་རྣམས་


DTG036_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་བཅུ་པོའི་བགེགས་འགོག་པར་བྱེད་པས་ན་ཕུར་བུ་སྟེ། འོད་གསལ་བ་སྔོན་དུ་བྱེད་པ་ནི་གནོད་མཛེས་ཏེ་ངེས་པའི་དོན་ཏོ། །ཕུར་ཕུ་གདབ་པའི་སྔགས་བཤད་པར་བྱ་སྟེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། གྲྀཧྞཱ་བ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨཱ་ན་ཡ་ཧོ་བྷ་ག་བཱ་ན་བིདྱ་རཱ་ཛ་བཛྲ་ཧཱུཾ་ཧཱུཾ་ཕཊ། ཅེས་སྨོས་པ་ལ། དེ་ནས་ཞེ་སྡང་རྡོ་རྗེས་བགེགས་ཀྱི་བདག་པོ་དགུག་པར་བྱ་བའི་དོན་དུ་སྡིགས་མཛུབ་དང་མཐེ་བོང་གི་ཕྱག་རྒྱས་ཕྱོགས་བཅུར་བསྐུལ་བའི་ཕྱིར་སྔགས་འདིས་གནོད་མཛེས་ལ་བཀའ་སྩལ་ཏོ། །ཨོཾ་ནི་རྡོ་རྗེ་འཆང་བའོ། །སུཾ་བྷ་ནི་བོད་པའོ། །ནི་སུམ་བྷ་ནི་བགེགས་གནོན་པའོ། །ཧཱུཾ་ནི་མི་བསྐྱོད་པའི་སྙིང་པོའོ། །ཧཱུཾ་གཉིས་པ་ནི་སྙིང་པོ་བསྐུལ་བའོ། །ཕཊ་ནི་གསོད་པ་ལའོ། །གྲྀཧྞ་གྲྀཧྞ་ནི་སོང་བ་རྣམས་ཆིངས་ཤིག་ཆིངས་ཤིག་པའོ། །གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ནི་འཁོར་རྣམས་ཀྱིས་ཆིངས་ཤིག་ཆིངས་ཤིག་པའོ། །བཅིངས་ནས་བདག་གི་གམ་དུ་ཨཱ་ན་ཡ་ཧོ་ཞེས་ཁྲིད་ཅིག་པའོ། །བྷ་ག་བཱ་ན་བཛྲ་ཞེས་བྱ་བ་ནི་དད་པས་དགུག་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །སྔགས་དེ་གནོད་མཛེས་ཀྱི་རྒྱལ་བོ་ཐལ་མོ་སྦྱོར་ཞིང་ཉན་པར་བསྒོམ་པར་བྱའོ། །སོང་ནས་ཅི་བྱེད་ཅེ་ན། སྨྲས་པ། ཁྲོ་བོའི་གཟུགས་ཅན་འདི་ཡིས་ནི། །བགེགས་ཀྱི་དབང་པོ་ཉིད་བཀུག་ནས། །བློ་དང་ལྡན་པས་སྦྱོར་བ་ཡིས། །ཆོ་ག་བཞིན་དུ་ཕུར་བུས་གདབ། །ཅེས་སྨོས་པ་ལ། ཁྲོ་བོའི་གཟུགས་ཅན་དེ་ཉིད་ནི་གནོད་མཛེས་ཀྱི་རྒྱལ་པོའི་གཟུགས་དང༌། ཁྲོ་བོ་བཅུའི་གཟུགས་ཀྱིས་སོ། །བགེགས་ཀྱི་དབང་པོ་ནི་བརྒྱ་བྱིན་ལ་སོགས་པའོ། །བཀུག་པ་ནི་མནན་ནས་སོ། །བློ་དང་ལྡན་པས་ནི་དྲན་པ་དང་ལྡན་པའི་ངང་ཚུལ་ཅན་གྱི་རྣལ་འབྱོར་པས་སོ། །སྦྱོར་བ་ཡིས་ནི་ཕུར་བུས་གདབ་པའི་སྦྱོར་བའི་ཏིང་ངེ་འཛིན་གྱིས་སོ། །ཆོ་ག་བཞིན་དུ་ནི་ལེའུ་བཅོ་ལྔ་པ་ལས་གསུངས་པའི་བསམ་གཏན་གྱིས་དེ་རྣམས་ཕུར་བུས་གདབ་པར་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། ཞེ་སྡང་རྡོ་རྗེའི་བཀའ་བླངས་ལ། །གནོད་མཛེས་ཀྱི་རྒྱལ་པོས་རྡོ་རྗེ་སེམས་དཔའ་ཕྱོགས་བཅུར་སྤྲོས་ལ། དེས་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་དགུག་ཅིང་ཞེ་སྡང་རྡོ་རྗེའི་


DTG036_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་འཇོག་པར་བྱེད་པར་བསམ་པར་བྱའོ། །དེ་ལ་ཤར་ཕྱོགས་སུ་བརྒྱ་བྱིན་དཀར་པོ་གདོང་གཅིག་པ། ལག་པ་གཉིས་པ། རྡོ་རྗེ་དང་ཨུཏྤལ་འཛིན་པ། གླང་པོ་ཆེ་ལ་གནས་པ། བདེ་སོགས་མ་དང་བཅས་པ། ལྷོ་ཕྱོགས་སུ་གཤིན་རྗེ་ཁ་དོག་སྔོན་པོ་གདོང་གཅིག་པ། ལག་པ་གཉིས་པ། དབྱིག་པ་དང་མི་མགོ་འཛིན་པ། མ་ཧེ་ལ་གནས་པ། ནག་མོ་དང་བཅས་པ། ནུབ་ཕྱོགས་སུ་ཆུ་ལྷ་དཀར་པོ་གདོང་གཅིག་པ། ལག་པ་གཉིས་པ། ལག་པ་གཉིས་ཀྱིས་ཀླུའི་ཞགས་པ་འཛིན་པ། ཆུ་སྲིན་ལ་ཞོན་པ། མཛེས་མ་དང་བཅས་པའོ། །བྱང་ཕྱོགས་སུ་རྣམ་ཐོས་སྲས་དམར་པོ་གདོང་གཅིག་པ། ལག་པ་གཉིས་པ། སེང་གེའི་རྒྱལ་མཚན་དང་ནེའུ་ལེའི་གཏེར་འཛིན་པ། སེང་གེའི་ཁྲི་ལ་གནས་པ། ཟླ་བའི་འོད་དང་བཅས་པའོ། །མེའི་མཚམས་སུ་མེ་ལྷ་དམར་པོ་གདོལ་གཅིག་པ། ལག་པ་གཉིས་པ། གུནྡྷེ་དང་ཕྲེང་བ་འཛིན་པ། ནེ་ཙོ་ལ་ཞོན་པ་སྭཱ་ཧཱ་མ་དང་བཅས་པའོ། །བདེན་བྲལ་གྱི་མཚམས་སུ་བདེན་བྲལ་ནག་པོ་གདོང་གཅིག་པ། ལག་པ་གཉིས་པ། རལ་ཕུབ་འཛིན་པ། ཡི་དགས་ལ་གནས་པ། རྣམ་པར་གཙིགས་མ་དང་བཅས་པའོ། །རླུང་གི་མཚམས་སུ་རླུང་ལྷ་ལྗང་གུ་གདོང་གཅིག་པ། ལག་པ་གཉིས་པ། རྒྱལ་མཚན་འཛིན་པ། ཤ་བ་ལ་གནས་པ། རླུང་མ་དང་བཅས་པའོ། །དབང་ལྡན་གྱི་མཚམས་སུ་དབང་ལྡན་དཀར་པོ་གདོང་གཅིག་པ། ལག་པ་གཉིས་པ། མ་ཏུ་ལུང་ག་དང་རྩེ་གསུམ་འཆང་བ། ཁྱུ་མཆོག་ལ་ཞོན་པ། ཨུ་མ་དང་བཅས་པའོ། །སྟེང་དུ་ཚངས་པ་དང་ཉི་མ་དང་ཟླ་བ་སྟེ་གདོང་གཅིག་པ། ལག་པ་གཉིས་པ། སེར་པོ་དང་དམར་པོ་དང་དཀར་པོའོ། །གུནྡྷེ་དང༌། ཕྲེང་བ་དང༌། པདྨ་དང༌། ཀུ་མུ་ཏ་འཛིན་པ། ངང་པ་དང་རྟ་དང་ཀུ་མུ་ཏ་ལ་གནས་པ། གྲགས་མ་དང་འོད་ལྡན་མ་དང་བེ་རྫི་དང་བཅས་པའོ། །འོག་ཏུ་ཐགས་པ་ཟངས་རིས་ནག་པོ་གདོང་གཅིག་པ། ལག་པ་གཉིས་པ། རལ་གྲི་དང་སྡིགས་མཛུབ་འཛིན་པ་གླང་པོ་ཆེ་ལ་ཞོན་པ་སའི་ལྷ་མོ་ཡང་ལུས་ཕྱེད་འཐོན་པ་སེར་མོ་ལག་པ་


DTG036_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་གསེར་གྱི་བུམ་པ་འཛིན་པ་དེ་དག་ཐམས་ཅད་བུ་སྨད་དང་འཁོར་དང་བཅས་པ། ཀུན་ཅོ་དུ་མ་བྱེད་པ་བསམ་པར་བྱའོ། །དེ་ནས་ཞེ་སྡང་རྡོ་རྗེའི་བཀས་གནོད་མཛེས་ཀྱི་རྒྱལ་པོས་ཁྲོ་བོ་བཅུ་སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་སྟོད་ཁྲོ་བོའི་རྣམ་པ་ཅན་བླངས་ཏེ། རྟ་མགྲིན་གྱི་རང་བཞིན་གྱི་ཐོ་བས་བརྒྱ་བྱིན་ལ་སོགས་པའི་སྤྱི་བོར་གང་བ་ཅིང་རྡུང་བཞིན་པར་བསམ་པར་བྱའོ། །ཕུར་བུས་གདབ་པའི་དུས་སུ་ཁྲོ་བོ་བཅུ་བཅོམ་ལྡན་འདས་བདུད་རྩི་འཁྱིལ་པ་དང་འདྲ་བ། ཨུཏྤལ་སྔོན་པོ་ལྟ་བུ་བསམ་པར་བྱ་སྟེ། བདུད་རྩི་འཁྱིལ་པ་ནི་ལས་ཐམས་ཅད་པ་ཡིན་པའི་ཕྱིར་རོ། །དེ་ནས་ཁྲོ་བོའི་རྒྱལ་པོ་དེ་རྣམས་ཀྱིས་བགེགས་དེ་དག་ས་འོག་བདུན་གྱི་བར་དུ་སོན་པར་བསམ་པར་བྱའོ། །དེ་ལས་བྱུང་བའི་ཁྲོ་བོ་འབར་བའི་ཚོགས་ཀྱིས་ཁྱུད་མོ་ལྕགས་རིའི་མཐར་དེ་རྣམས་ཀྱི་འཁོར་གནོད་སྦྱིན་དང༌། སྲིན་པོ་དང༌། འབྱུང་པོ་དང༌། ཤ་ཟ་དང༌། ཡི་དགས་དང་། སྨྱོ་བྱེད་དང༌། གྲུལ་བུ་ལ་སོགས་པ་བསྲེགས་ཤིང་ཐལ་པར་གྱུར་པ་ཁྲོ་བོའི་ཞལ་ནས་བྱུང་བའི་ཡི་གེ་ཧཱུཾ་གི་དབུགས་ཀྱི་རླུང་གིས་ཁྱེར་བས་མི་སྣང་བར་བྱས་པར་བསྒོམ་པར་བྱའོ་ཞེས་འཁོར་དང་བཅས་པའི་བགེགས་རབ་ཏུ་ཞི་བ་བསྟན་ཏོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །ཨུཏྤལ་སྔོན་པོ་འདབ་མའི་མདོག །འབར་ཕྲེང་འཁྲིགས་བའི་འདོ་ལྡན་པ། །རྡོ་རྗེ་ཕུར་བུ་རྣམ་པར་བསྒོམ། །ཞེས་སྨོས་པ་ལ། ཕུར་བུས་གདབ་པའི་དུས་སུ་སྒྲུབ་པ་པོས་རྡོ་རྗེ་བདུད་རྩི་ནི་བདུད་རྩི་འཁྱིལ་པ་སྟེ། དེ་ཉིད་རྒྱལ་པོ་ཆེ་སྟེ་ཁྲོ་བོ་ཐམས་ཅད་ཀྱི་ནང་ན་གཙོ་བོར་གྱུར་པ་ལས་ཐམས་ཅད་ཀྱི་རིགས་ལས་བྱུང་བའི་ཕྱིར་རོ། །ཨུཏྤལ་སྔོན་པོའི་འདབ་མའི་མདོག་ནི་ལྗང་གུའོ། །འབར་ཕྲེང་འཁྲིགས་པའི་འོད་ལྡན་པ། །ཞེས་བྱ་བ་ནི་ཁྲོ་བོའི་འབར་བ་སྤྲོ་བར་བྱེད་པའོ། །རྡོ་རྗེ་ཕུར་བུ་ནི་ཁྲོ་བོའི་རྒྱལ་པོ་བཅུའི་རང་བཞིན་དུ་བསམ་པར་བྱའོ། །གལ་ཏེ་ཁ་དོག་གིས་བདུད་རྩི་འཁྱིལ་པ་དང་འདྲ་བར་བསྒོམ་ན་དེ་རྣམས་ཀྱི་དབྱིབས་ཇི་ལྟ་བུ་ཡིན་ཞེ་ན་སྨྲས་པ། ལྟེ་བའི་ཕྱོགས་ནས་སྨད་ཀྱི་ཆ། །རྩེ་མོ་ལྟ་བུར་རྣམ་བསམ་ཞིང༌། །སྟོད་ནི་ཁྲོ་བོའི་དབྱིབས་ཅན་ཏེ། །ཞལ་གསུམ་ཕྱག་དྲུག་ལྟ་


DTG036_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བུར་བསྒོམ། །ཞེས་སྨོས་པ་ལ། ཁྲོ་བོ་བཅུ་པོ་དེ་དག་སྟེང་དུ་ནི་ལྟེ་བའི་བར་དུ་ཞལ་གསུམ་ཕྱག་དྲུག་པ་ལྟ་བུའོ། །དེའི་ལྟེ་བ་མན་ཆད་ནི་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་བསམ་པར་བྱའོ། །གང་གིས་བགེགས་རྣམས་ཕུར་བུས་བཏབ་པར་གྱུར་ཏེ་དྲང་བའི་དོན་ཏོ། །འདོད་པའི་གདུགས་དང༌། རུས་སྦལ་མ་དང༌། ཟླ་བ་མ་སྟེ་རྩ་གསུམ་ལྟེ་བ་ཡན་ཆད་ཆ་གཉིས་ཀྱིས་གནས་པས་ཕྱག་དྲུག་པ་ལྟ་བུའོ། །སྙོམས་པར་འཇུག་པའི་དུས་སུ་རོ་གཅིག་པར་འགྱུར་བས་རྩེ་གཅིག་པའི་རྡོ་རྗེ་ལྟ་བུར་གྱུར་པ་དེའི་ཚེ་སྣང་བ་ལ་སོགས་པའི་བགེགས་ལ་ཕུར་བུས་བཏབ་པར་འགྱུར་རོ་ཞེས་པ་ངེས་པའི་དོན་ཏོ། །དེ་ཉིད་སྤྲོ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། །དེ་ཡི་གསང་སྔགས་ལེགས་བརྗོད་ལ། །བལྟས་པས་འོག་ཏུ་བགེགས་ཀྱི་ཚོགས། །རྡོ་རྗེའི་ཕུར་བུས་ངེས་བཏབ་ན། །བགེགས་ཀྱི་ལུས་ལ་མི་གཡོ་འགྱུར། །ཞེས་སྨོས་པ་ལ། རྡོ་རྗེ་བདུད་རྩི་འཁྱིལ་པའི་གཟུགས་ཀྱིས་གནོད་མཛེས་ཀྱི་རྒྱལ་པོས་མགོ་བོ་ནས་བརྩམས་ཏེ། རྐང་པའི་མཐིལ་གྱི་བར་དུ་ཕུར་བུས་བཏབ་ནས་ས་འོག་བདུན་གྱི་བར་དུ་སོན་པར་བལྟས་ཏེ། དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། སྔགས་འདི་བརྗོད་པར་བྱ་སྟེ་དྲང་བའི་དོན་ཏོ། །རྣམ་པར་རྟོག་པའི་ཚོགས་ཞི་བར་འགྱུར་ན་འོད་གསལ་བའི་བདག་ཉིད་ཀྱི་སྔགས་ཡིད་ཀྱིས་བསམ་པར་བྱ་སྟེ་ངེས་པའི་དོན་ཏོ། །སྔགས་དེ་ཉིད་བཤད་པར་བྱ་སྟེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུ་ཥྚཱཾ་ཧཱུཾ་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཕཊ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི། སརྦ་བི་གྷནཱཾ་ཀཱ་ཡ་བཱ་ཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་སྨོས་པ་ལ། ཞེ་སྡང་རྡོ་རྗེའི་རང་བཞིན་གྱི་རྣལ་འབྱོར་པས་སྔགས་འདི་བརྗོད་པས་བཀའ་བསྒོ་བར་བྱ་སྟེ། ཨོཾ་ནི་བཤད་ཟ་ནི་ཏོ། །གྷ་གྷ་ཞེས་བྱ་བ་ལ་སོགས་པ་ནི་སོད་ཅིག་པའོ། །སརྦ་དུཥྚཱཾ་ནི་དབང་པོ་ལ་སོགས་པའོ། །ཧཱུཾ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཀཱི་ལ་ཡ་ནི་སྤྱི་བོར་ཕུར་བུས་ཐོབ་ཤིག་པའོ། །སརྦ་པཱ་པཾ་ཞེས་བྱ་བ་ནི་ཁྱབ་འཇུག་ལ་སོགས་པའོ། །བཛྲ་ཀཱི་ལ་ཡ་ཞེས་བྱ་བ་ནི་ཁྲོ་བོ་བཅུ་བོད་པའོ། །བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཞེས་བྱ་བ་ནི་བདག་ཞེ་སྡང་རྡོ་


DTG036_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཀའ་སྩལ་པའོ། །སརྦ་བིགྷ་ནཾ་ཞེས་བྱ་བ་ནི་སྔར་བཤད་པ་རྣམས་ཀྱིའོ། །ཀཱ་ཡ་བཱ་ཀ་ཙིཏྟཾ་ནི་ལུས་ལ་སོགས་པའོ། །བྫྲ་ཀཱི་ལ་ཡ་ནི་དབྱེ་བར་གྱིས་ཤིག་པའོ། །ཧཱུཾ་གསུམ་ནི་ལུས་ལ་སོགས་པ་ཕུར་བུས་གཏབ་པའི་ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །སྔགས་ཀྱི་ཚིག་གཉིས་པོ་དེ་དག་གིས་བགེགས་རྣམས་ལ་ཕུར་བུས་བཏབ་པ་དང༌། གཅིག་གིས་ནི་བརྡུང་བར་བྱ་སྟེ་དྲང་བའི་དོན་ཏོ། །རྣམ་པར་རྟོགས་པ་ཐམས་ཅད་སེལ་བ་ནི་ཕུར་བུས་བཏབ་པ་དང༌། འོད་གསལ་བ་ལ་བརྟེན་པར་བྱ་བ་ནི་བརྡུང་བར་བྱ་སྟེ་ངེས་པའི་དོན་ཏོ། །བརྡུང་བ་ནི་ཇི་ལྟར་བྱེད་ཅེ་ན་སྨྲས་པ། རྡོ་རྗེ་ཐོ་བ་ཕྱག་བསྣམས་པའི། །གནོད་མཛེས་རྒྱལ་པོ་རྣམ་པར་བསམ། །རྡོ་རྗེ་མེ་ནི་སྔགས་བཅས་པས། །རྣམ་པར་འཕྲོ་བ་ངེས་པར་བསྒོམ། །ཞེས་སྨོས་པ་ལ། གནོད་མཛེས་ཀྱི་རྒྱལ་པོ་ཡང་རྡོ་རྗེ་ལྕགས་ཀྱུ་ཡོངས་སུ་གྱུར་པས་རྡོ་རྗེ་ཐོ་བ་ལག་ན་བསྣམས་པ་བསྒོམ་བར་བྱའོ། །དེ་ཡང་རྟ་མགྲིན་གྱི་རང་བཞིན་ཞེས་མན་ངག་གོ །རྡོ་རྗེ་ཐོ་བ་དེ་ཡང་རྡོ་རྗེའི་མེ་འཕྲོ་བར་བྱེད་པར་བསམ་མོ། །རྡོ་རྗེ་ཐོ་བ་དེས་དེ་དག་བརྡུང་ཞིང་ས་འོག་བདུན་དུ་སོན་པར་བསམ་སྟེ། ཁྲོ་བོའི་སྐུ་ལས་བྱུང་བའི་འབར་བའི་ཚོགས་ཀྱིས་བསྲེགས་ལ་དབུགས་ཀྱི་རླུང་གིས་ཐལ་བར་འགྱུར་བར་བྱའོ་ཞེས་དྲང་བའི་དོན་ཏོ། །གནོད་མཛེས་ཀྱི་རྒྱལ་པོ་ནི་རྩ་དབུ་མ་སྟེ། དེ་ཉིད་ཀྱི་རྡོ་རྗེའི་ཐོ་བའི་དབྱིབས་ཅན་འོད་གསལ་བའི་མེ་འཕྲོ་བ་བསམ་པ་ནི་ངེས་པའི་དོན་ཏོ། །དེ་ཉིད་བཤད་པ། གདུག་པ་ཚིག་པས་ཕན་ཚུན་དུ། །འབྲོས་པར་གྱུར་པར་རྣམ་པར་བསམ། །ཞེས་བྱ་བ་ནི་ཕན་ཚུན་ཏེ། བདག་པོ་རྣམས་ཕུར་བུས་བཏབ་ན་འཁོར་རྣམས་ཀྱང་འཇིགས་པ་དང་ལྡན་པར་འགྱུར་ཞིང་འབྲོས་པར་གྱུར་པར་བལྟས་ཏེ། སྔ་མའི་རིམ་གྱིས་བསྲེག་བར་བྱ་སྟེ་དྲང་བའི་དོན་ཏོ། །སྣང་བ་གསུམ་སྤངས་པར་གྱུར་ན། དེའི་འཁོར་དུ་གྱུར་པའི་རང་བཞིན་བརྒྱ་དྲུག་ཅུ་ཁྲོས་པར་གྱུར་བ་ནི་མི་སྣང་བར་གྱུར་པར་བསམ་པར་བྱ་སྟེ་ངེས་པའི་དོན་ཏོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། ཕྱོགས་བཅུར་ཕུར་བུས་བཏབ་ནས་ནི། །སྟེང་འོག་ཡང་དག་བྱིན་གྱིས་བརླབ། །ཅེས་བྱ་བ་ནི་དེ་ལྟར་སྔར་བཤད་པའི་རིམ་གྱིས་ཕྱོགས་བཅུར་ཕུར་བུས་བཏབ་པར་བསྟན་ཏོ།།


DTG036_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ཕྱོགས་བརྒྱད་ནི་རབ་ཏུ་གྲགས་པ་སྟེ། ཇི་ལྟར་ཕྱོགས་བཅུ་ཞེས་བཤད་ཅེ་ན་སྨྲས་པ། སྟེང་འོག་ཡང་དག་བྱིན་གྱིས་བརླབ། །ཅེས་བྱ་བ་ནི་སྟེང་འོག་དང་ལྷན་ཅིག་ཕྱོགས་བཅུར་ཕུར་བུས་གདབ་པས་སྐྱོན་མེད་དོ། །དེ་ཉིད་བཤད་པ་ཡང་དག་བྱིན་གྱིས་བརླབ་པ་ནི་ཕུར་བུས་གདབ་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནས་ཡེ་ཤེས་སེམས་དཔའི་ས་བོན་ལས་འོད་ཟེར་གྱི་འཁོར་ལོ་སྤྲོས་ལ་ལྕགས་ཀྱུའི་རྣམ་པ་དེས་ཁྲོ་བོ་བཅུ་གཅིག་པོ་བཀུག་ཅིང་རང་གི་སྙིང་གར་བཅུག་སྟེ། ཐབས་དང་ཤེས་རབ་འབའ་ཞིག་ཏུ་གནས་པར་བལྟ་བར་བྱའོ།། དེ་ལྟར་བྱས་ན་ཡང་གལ་ཏེ་ལས་དང་པོ་པ་ཡིན་པའི་ཕྱིར་བགེགས་ཞི་བར་མ་གྱུར་ན་དེའི་ཚེ་ཇི་ལྟར་བྱེད་ཅེ་ན་སྨྲས་པ། དམ་པའི་དོན་དུ་སྲིད་གསུམ་ནི། །དངོས་པོ་མེད་པར་བསྒོམ་པར་བྱ། །ཞེས་བྱ་བ་ནི་འདོད་པ་དང༌། གཟུགས་དང་གཟུགས་མེད་པ་ནི་སྲིད་གསུམ་མོ། །གཅིག་དང་དུ་མ་དང་བྲལ་བས་ན་སྟོང་པ། དབང་ཕྱུག་ལ་སོགས་པ་རྒྱུ་མེད་པས་ན་མཚན་མ་མེད་པ་སྟེ། རྟོག་པ་དང་བྲལ་བས་སྨོན་པ་མེད་པ་སྟེ། དེ་ཉིད་ཀྱི་ཕྱིར་དངོས་པོ་མེད་པ་སྟེ། འདི་ཉིད་ཀྱི་ངོ་བོ་ཞེས་བརྗོད་དུ་མི་ནུས་པ་ཐམས་ཅད་སྟོང་བའི་རང་བཞིན་དུ་བསྒོམ་པར་བྱའོ། །ཇི་སྐད་དུ། གཟུགས་ནི་དབུ་བ་ལྟ་བུར་བཤད། །ཚོར་བ་ཆུ་བུར་དང་མཚུངས་པ། །འདུ་ཤེས་སྨིག་རྒྱུ་ལྟ་བུར་ཏེ། །འདུ་བྱེད་ཆུ་ཤིང་དང་འདྲ་བ། །སྒྱུ་མ་ལྟ་བུར་རྣམ་པར་ཤེས། །དེ་ལྟར་ཕུང་པོ་རྣམས་བསྟན་པའོ་ཞེས་འབྱུང་ངོ༌། །དེ་བཞིན་དུ། རང་བཞིན་བྲལ་བ་སྟོང་པ་ཉིད་ཡིན་ཏེ། །རྒྱུ་དང་བྲལ་བས་དེ་བཞིན་མཚན་མ་མེད། །རྟོག་པ་མེད་པས་དངོས་པོ་མ་ལུས་ནི། །སྨོན་པ་ལས་ནི་ངེས་པར་གྲོལ་བ་ཡིན། །ཞེས་འབྱུང་ངོ༌། །དེ་བཞིན་དུ། རང་ལས་མ་ཡིན་གཞན་ལས་མིན། །གཉི་ག་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན།། ཞེས་འབྱུང་ངོ༌། །དངོས་པོ་འདི་དག་རང་བཞིན་མེད། །གཅིག་དང་དུ་མ་དང་བྲལ་ཕྱིར། །གཟུགས་བརྙན་བཞིན་ཞེས་གཞན་ལས་ཀྱང་འབྱུང་ངོ༌། །འདིར་མན་ངག་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་ཡབ་ཡུམ་ཞུ་སྟེ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བདག་ཉིད་


DTG036_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་སྤྲོས་ཏེ་བཤད་པར་བྱ་བའི་ཕྱིར། །དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་སྨོས་པ་ལ། བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་མེད་ན་སྒོམ་པ་ནི་མེད་དེ། བསྒོམ་པར་བྱ་བ་མེད་པའི་ཕྱིར་རོ། །བསྒོམ་པར་བྱ་བ་སྒོམ་པ་མིན། །ཞེས་བྱ་བ་ནི། གང་ཡོད་པའི་སྒོམ་པ་དེ་ཡང་སྒོམ་པ་མ་ཡིན་ཏེ། སྒོམ་པ་མེད་པས་ཀྱང་ཡོད་པའི་ཕྱིར་རོ། །དེ་བས་ན་དངོས་པོ་དང་དངོས་པོ་མེད་པ་དང་ལྡན་པ་ནི་དངོས་པོ་མ་ཡིན་ནོ། །དེ་བས་ན་བསྒོམ་པར་བྱ་བ་དང༌། སྒོམ་པ་པོ་དང་སྒོམ་པ་ནི་མི་དམིགས་ཏེ་ཡི་གེའི་དོན་ཏོ། །སྟེང་ལ་སོགས་པའི་དབྱེ་བས་ཆོས་ཐམས་ཅད་སེལ་ཅིང་འདུས་བྱས་དང་འདུས་མ་བྱས་པའི་ཆོས་རྣམས་སྟོང་པ་ཞེས་བསྒོམ་པ་གང་ཡིན་པ་དེ་ནི་མེད་པ་སྟེ། སྟོང་པ་ཉིད་ལ་མངོན་པར་ཞེན་པའི་ལྟ་བ་ཡིན་པའི་ཕྱིར་རོ། །མཚན་མ་སེལ་བར་བྱ་བའི་ཕྱིར། །བསྒོམ་པར་བྱ་བ་བསྒོམ་པ་མིན། །ཞེས་སྨོས་ཏེ། རྒྱུ་དང་འབྲས་བུའི་རྣམ་པ་ལ་མངོན་པར་ཞེན་པའི་སྒོམ་པ་གང་ཡིན་པ་དེ་ཡང་མི་རིགས་ཏེ། རྒྱུ་དང་འབྲས་བུ་གཉིས་སུ་མེད་པའི་ཕྱིར་རོ། །སྨོན་པ་སེལ་བར་བྱ་བའི་ཕྱིར་དེ་བས་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཕྱིའི་རྣམ་པའི་སྨོན་པའི་འབྲས་བུ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ཏེ། སྨོན་པ་ལ་སོགས་པ་དམིགས་པ་མེད་པའི་ཕྱིར་རོ། །དེ་བས་ན་ཕྱིའི་དངོས་པོའི་རྣམ་པའི་བསྒོམ་པ་དམིགས་སུ་མེད་པ་ནི་ཡོད་པ་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྤྱིའི་དོན་ཏོ། །དངོས་པོ་མེད་པ་ནི་ཕུང་ཕོ་ལ་སོགས་པ་གང་ཡིན་པ་དེ་རྣམས་མེད་པས་བསྒོམ་པར་གྱུར་པ་སེམས་ཙམ་གང་ཡིན་པ་དེ་ནི་མེད་དེ། མ་དག་པ་དང་རྟག་ཏུ་མེད་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་སེལ་བར་བྱ་བའི་ཕྱིར། བསྒོམ་པར་བྱ་བ་སྒོམ་པ་མིན། །ཞེས་སྨོས་ཏེ། ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་ལྷའི་སྐུ་བསྒོམ་པ་གང་ཡིན་པ་དེ་ནི་མི་རིགས་ཏེ། འོད་གསལ་བས་རྣམ་པར་དག་པར་བྱ་བའི་ཕྱིར་རོ། །དེ་བས་ན་ཀུན་རྫོབ་ཀྱི་བདེན་པ་ཙམ་གྱི་དངོས་པོ་ནི་དངོས་པོ་མ་ཡིན་ཏེ་


DTG036_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་གཉིས་དབྱེར་མེད་པའི་ཕྱིར་རོ། །དེས་ན་སྒོམ་པ་ནི་བདེན་པ་གཉིས་ཀྱི་རྣམ་པའི་སྒོམ་པ་དམིགས་པ་མེད་པ་སྟེ། དཀའ་བས་དམིགས་པ་ཞེས་བྱ་བ་སྟེ་སྦས་པའོ། །དངོས་པོ་མེད་པ་ནི་དོན་དམ་པའི་བདེན་པ་བསྒོམ་པ་མེད་དེ། ཐོག་མ་ནས་དག་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་སྒོམ་པ་གང་ཡིན་པ་དེ་ནི་བསྒོམ་པར་བྱ་བ་མ་ཡིན་ཏེ། བདེན་པ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་བདེན་པ་གཉིས་ཀྱི་བདག་ཉིད་ཀྱི་དངོས་པོ་ནི་བསྒོམ་པར་བྱ་བ་མ་ཡིན་ནོ། །བདེན་པ་གཉིས་སུ་མེད་པར་བྱ་བ་མཐོང་བ་ཙམ་གྱིས་ཐར་པ་ཡིན་པའི་ཕྱིར་རོ། །དེས་ན་སྒོམ་པ་པོ་དང༌། བསྒོམ་པ་དང་བསྒོམ་པར་བྱ་བར་མངོན་པར་ཞེན་པ་འདི་ཟུང་འཇུག་གི་རིམ་པ་ཁོང་དུ་ཆུད་པས་མི་དམིགས་སོ་ཞེས་མཐར་ཐུག་པའོ། །དངོས་པོ་མེད་པ་ནི་ལྟ་བ་དྲུག་ཅུ་རྩ་གཉིས་མེད་ན་དེ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྒོམ་པ་མེད་དེ། དེའི་རང་བཞིན་མི་དམིགས་པའི་ཕྱིར་རོ། །ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་ནི་ཡོད་དོ་ཞེས་ཉན་ཐོས་པ་རྣམས་ཀྱི་སྒོམ་པ་གང་ཡིན་པ་དེ་ནི་སྒོམ་པ་མ་ཡིན་ཏེ། གཅིག་དང་དུ་མ་དང་བྲལ་བས་དེ་རྣམས་མེད་པའི་ཕྱིར་རོ། །དེ་བས་ན་རྣམ་པ་འདིས་དངོས་པོ་ནི་ཕུང་པོ་ལྔ་ལ་སོགས་པའི་མཚན་ཉིད་དངོས་པོ་མེད་པ་སྟེ། རྫས་སུ་ཡོད་པ་མ་ཡིན་ཏེ། དེ་བས་ན་བསྒོམ་པ་ནི་དེ་ལས་ལྡོག་པའི་ཕྱིར་མི་སྡུག་པ་ལ་སོགས་པ་དམིགས་པ་མེད་པ་སྟེ་སྒྲ་ཇི་བཞིན་པའོ། །དངོས་པོ་མེད་པ་ནི་ཆོས་ཐམས་ཅད་མེད་པས་ཆོས་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྒོམ་པ་མེད་དོ་ཞེས་སྟོང་པའོ། བསྒོམ་པར་བྱ་བ་ནི་ཀུན་བརྟགས་ཀྱི་བསྒོམ་པ་སྟེ། སྒོམ་པ་མ་ཡིན་ནོ་ཞེས་ཤིན་ཏུ་སྟོང་པའོ། །དེ་བས་ན་དངོས་པོ་ནི་གཞན་དབང་གི་མཚན་ཉིད་གང་ཡིན་པ་དེ་ནི་དངོས་པོ་མ་ཡིན་ཏེ། རྫས་མ་ཡིན་ནོ་ཞེས་སྟོང་པ་ཆེན་པོའོ། །བསྒོམ་པ་དམིགས་སུ་མེད་པ་ནི་ཡོངས་སུ་གྲུབ་པའི་བསྒོམ་པ་བརྟགས་པ་མ་ཡིན་ནོ་ཞེས་ཐམས་ཅད་སྟོང་པ་སྟེ། སྒྲ་ཇི་བཞིན་པ་མ་ཡིན་པའོ། །དངོས་པོ་མེད་པ་ནི་རྙེད་པའོ། །སྒོམ་པ་མིན་པ་ནི་མ་རྙེད་པའོ། །བསྒོམ་པར་བྱ་བ་ནི་བདེ་བའོ། །སྒོམ་པ་མིན་


DTG036_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྡུག་བསྔལ་ལོ། །དེ་ལྟར་དངོས་པོ་ནི་གྲགས་པའོ། །དངོས་པོ་མེད་པ་ནི་མ་གྲགས་པའོ། །བསྒོམ་པ་ནི་བསྟོད་པའོ། །དམིགས་སུ་མེད་པ་ནི་སྨོད་པ་སྟེ། དགོངས་པས་བཤད་པའོ། །དངོས་པོ་མེད་པ་ནི་ལས་ཀྱི་ཕྱག་རྒྱས་སྤངས་ནས་སྒོམ་པ་མེད་པ་སྟེ། དེའི་སྤྲོས་པ་ནི་སྒོམ་པ་རིགས་ཏེ། བསྐྱེད་པའི་རིམ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བསྒོམ་པར་བྱ་བ་སྒོམ་པ་མིན་ནི་དམ་ཚིག་གི་ཕྱག་རྒྱའི་སྒོམ་པ་ནི་འཇིག་རྟེན་ལས་འདས་པ་མ་ཡིན་ཏེ། སྔགས་ལ་སོགས་པས་སྦྱོར་བ་ལ་ལྟོས་པའི་ཕྱིར་རོ། །དེ་བས་ན་དངོས་པོ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའི་བསྒོམ་པ་ཡང་དངོས་པོ་མ་ཡིན་ཏེ། དོན་དམ་པ་ཡིན་གྱི་བརྟགས་པའི་ཕྱིར་རོ། །དེ་བས་ན་སྒོམ་པ་ནི་ཕྱག་རྒྱ་ཆེན་པོའི་སྒོམ་པ་དམིགས་སུ་མེད་པ་སྟེ། ཕྱག་རྒྱ་གསུམ་གྱི་རྣམ་པར་རྟོག་པ་དེ་ལ་མི་དམིགས་སོ་ཞེས་དགོངས་པ་མ་ཡིན་པའོ། །འཇིག་ཚོགས་ཀྱི་ལྟ་བ་དངོས་པོ་མེད་ན་མཐར་འཛིན་པའི་ལྟ་བའི་སྒོམ་པ་མེད་དོ། །བསྒོམ་པར་བྱ་བ་ནི་ལོག་པའི་ལྟ་བའི་རྟོག་པ་ནི་མི་དམིགས་ཏེ། བརྫུན་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ལྟ་བ་མཆོག་ཏུ་འཛིན་པའི་དངོས་པོ་དེ་ནི་དངོས་པོ་མ་ཡིན་པས་མེད་དེ། དེ་བས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བའི་མཚན་ཉིད་ཀྱི་སྒོམ་པ་ནི་དམིགས་པ་མེད་པ་སྟེ་དྲང་བའི་དོན་ཏོ། །དངོས་པོ་མེད་པ་ནི་རྣམ་རིག་ཙམ་མེད་པས་སྒོམ་པ་མེད་པ་སྟེ། དེ་ཐོབ་པར་བྱེད་པའི་ལམ་གྱི་སྒོམ་པ་མེད་དོ། །བསྒོམ་པར་བྱ་བ་སྒོམ་པ་མིན་ནི་སྟོང་པ་ཉིད་ཀྱི་སྒོམ་པ་ཡང་མི་རིགས་ཏེ། བཅོ་བརྒྱད་ལ་ལྟོས་པའི་ཕྱིར་དང་ཆད་པའི་ཕྱོགས་ཡིན་པའི་ཕྱིར་རོ། །དེ་བས་དངོས་པོ་དངོས་མེད་པ་ནི་བསྐྱེད་པའི་རིམ་པ་བསྒོམ་པའི་བདག་ཉིད་དོན་དམ་པ་མ་ཡིན་ཏེ་བརྟགས་པའི་ཕྱིར་རོ། །དེ་བས་ན་རྫོགས་པའི་རིམ་པ་བསྒོམ་པ་ནི་དམིགས་པ་མེད་པ་སྟེ། སྤྲོས་པ་མེད་པའི་ཕྱིར་དང༌། ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ་ཞེས་ངེས་པའི་དོན་ཏོ། །དེ་ཉིད་བསྡུ་བར་བྱ་བའི་ཕྱིར། །ཚིགས་བཅད་འདི་ཡིས་རྒྱུ་མི་རྒྱའོ། །བདག་ཉིད་ཅན་རྣམས་སྟོང་པར་བསྒོམ། །ཞེས་སྨོས་ཏེ། ཚིགས་བཅད་འདི་ཡིས་ནི་སྔར་བཤད་པས་སོ།།


DTG036_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དང་མི་རྒྱུའི་བདག་ཉིད་ཅན་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་གྱི་ཁམས་གསུམ་པ་སྟོང་པ་ཉིད་དུ་བསམ་པར་བྱའོ། །དེའི་རིམ་པ་ནི་རང་གི་ཐུགས་ཀ་ནས་འོད་ཟེར་གྱི་འཁོར་ལོ་སྤྲོས་ལ་དེས་སྣོད་དང་བཅུད་ཀྱི་འཇིག་རྟེན་གཉིས་དགུག་ཅིང་དེར་བཅུག་ལ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་བདག་ཉིད་སྟོང་པ་ཉིད་དུ་བསྒོམ་མོ། །དེ་བས་ན་འོད་གསལ་བའི་སེམས་ལ་བགེགས་འབྱུང་བ་གང་ཡིན་པ་དེ་ནི་གནས་མ་ཡིན་གྱི་ཀླགས་སྐབས་ཀྱང་མ་ཡིན་ནོ། །དེ་ནི་བགེགས་རབ་ཏུ་ཞི་བར་བྱ་བའི་ཐབས་དམ་པ་ཡིན་ནོ། །ཐིག་ལེ་ཙམ་ལུས་པར་གྱུར་ཏམ་ཞེ་ན་མ་ཡིན་ཏེ། ཐིག་ལེ་ཡང་སྒྲ་ལ་ཐིམ་པ་དང༌། སྒྲ་ནི་སྒྲ་ཙམ་ལ། སྒྲ་ཙམ་ནི་འོད་གསལ་བ་ལ་ཞེས་རྣམ་རིག་ཙམ་དུ་ཐལ་བར་མི་འགྱུར་ཏེ། གཞུང་མཁན་ནི་དབུ་མ་པ་ཡིན་པའི་ཕྱིར་རོ། །དེ་ནི་ཡན་ལག་གསུམ་པའོ། །ད་ནི་འཆད་པའི་ལྟ་བ་སེལ་བའི་ཕྱིར་དང༌། འགྲོ་བའི་དོན་བྱ་བའི་ཕྱིར་བསྐྱེད་པའི་རིམ་པ་བཤད་པར་བྱ་སྟེ། དེའི་དང་པོའི་ཡེ་ཤེས་ཀྱི་ས་གཞི་བསྒོམ་པ་ནི། ཆོ་གའི་སྦྱོར་བ་འདི་ཡིས་ནི། །ཡེ་ཤེས་ས་གཞི་བྱིན་གྱིས་བརླབ། །ཅེས་སྨོས་ཏེ། འདིར་དང་པོའི་རྟེན་གྱི་དཀྱིལ་འཁོར་བསྒོམ་པར་བྱ་བ་དང༌། ཕྱི་ནས་བརྟེན་པའི་དཀྱིལ་འཁོར་རོ། །རྟེན་གྱི་འཁོར་གང་ཡིན་པ། །དེ་ནི་ཡེ་ཤེས་ས་གཟི་སྟེ། །དེ་བཞིན་གཤེགས་པ་ལྔའི་ངོ་བོ་ནམ་མཁའ་དང༌། རླུང་དང༌། མེ་དང༌། ཆུ་དང༌། སའི་དཀྱིལ་འཁོར་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྣོད་ཀྱི་འཇིག་རྟེན་ནི་གླིང་གཞི་དང༌། རི་རབ་ཀྱི་རང་བཞིན་ཡིན་ནོ་ཞེས་དེའི་རྣམ་པར་དག་པ་ཡིན་པས་ཡེ་ཤེས་ཀྱི་ས་གཞི་བསྒོམ་པར་བྱའོ། །དེ་ཉིད་བསྟན་པ་ནི། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཧཱུཾ། གཉིས་ས་བོན་ཡཾ་ལས་བྱུང༌། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་སྨོས་ཏེ། དང་པོ་ཧཱུཾ་ལས་བྱུང་བའི་ཆོས་འབྱུང་གི་ཕྱག་རྒྱའི་སྟེང་དུ་ཧཱུཾ་གཉིས་ཀྱིས་མཚན་པའི་ཡི་གེ་ཡཾ་སྔོན་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གཉིས་ཀྱིས་མཚན་པའི་


DTG036_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས། ཧཱུཾ་གཉིས་ས་བོན་རཾ་ལས་བྱུང༌། །རྡོ་རྗེ་གཉིས་ཀྱིས་ཡང་དག་མཚན། །མེ་ཡི་དཀྱིལ་འཁོར་ཉིད་ཀྱང་ནི། །དེ་ཡི་སྟེང་དུ་རྣམ་པར་བསམ། །ཞེས་སྨོས་ཏེ། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་གཉིས་ཀྱིས་མཚན་པ་ཡི་གེ་རཾ་དམར་པོ་ཡོངས་སུ་གྱུར་པ་རྡོ་རྗེ་གཉིས་ཀྱིས་མཚན་པ་མེའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས། ཧཱུཾ་གཉིས་ས་བོན་བཾ་ལས་བྱུང༌། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །ཆུ་ཡི་དཀྱིལ་འཁོར་ཉིད་ཀྱང་ནི། །དེ་ཡི་སྟེང་དུ་རྣམ་པར་བསམ། །ཞེས་སྨོས་ཏེ། མེ་ཡི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་གཉིས་ཀྱིས་མཚན་པ་བཾ་དཀར་པོ་ལས་སྐྱེས་པའི་རྡོ་རྗེ་གཉིས་ཀྱིས་མཚན་པའི་ཆུའི་དཀྱིལ་འཁོར་བསྒོམ་མོ། །དེ་ནས། ཧཱུཾ་གཉིས་ས་བོན་ལཾ་ལས་བྱུང༌། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །ས་ཡི་དཀྱིལ་འཁོར་ཉིད་ཀྱང་ནི། །དེ་ཡི་སྟེང་དུ་ཡང་དག་བསམ། །ཞེས་སྨོས་ཏེ། ཧཱུཾ་གཉིས་ཀྱིས་མཚན་པའི་ལཾ་སེར་པོ་ལས་བྱུང་བ་ཆུའི་དཀྱིལ་འཁོར་གྱི་སྟེང་དུ་སའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས། དཀྱིལ་འཁོར་བཞི་པོ་ཡང་དག་བསྡུ། །རྡོ་རྗེའི་ས་གཞི་དཀྱིལ་འཁོར་ལ། །ཞེས་སྨོས་ཏེ། ཆོས་འབྱུང་བའི་ཕྱག་རྒྱ་སྤངས་ནས་ལྷག་མ་རླུང་གི་དཀྱིལ་འཁོར་ལ་སོགས་པ་བཞི་གཅིག་ཏུ་གྱུར་པས་ཡེ་ཤེས་ཀྱིས་གཞིར་གྱུར་པར་བསམ་མོ། །འདིར་ཞལ་གྱི་མན་ངག་ནི་དང་པོ་ཐམས་ཅད་སྟོང་པའི་རང་བཞིན་འོད་གསལ་བ་ལས་ཅིག་ཅར་དུ་སྤྲིན་མེད་པའི་ནམ་མཁའི་དབུས་ནས་སྤྲིན་གྱི་དུམ་བུ་བཞིན་དུ་ཡི་གེ་ཧཱུཾ་བསྒོམས་ནས་དེ་ཡོངས་སུ་གྱུར་པས་ཁམས་གསུམ་གྱི་རང་བཞིན་གྱི་ཕྱག་རྒྱ་ཆོས་འབྱུང་དཀར་པོ་ནང་ཁོང་སྟོང་ནམ་མཁའི་ཁམས་ཀྱི་རང་བཞིན་བསམས་ཏེ། དེའི་སྟེང་དུ་ཁ་དོག་དཀར་པོ་དབྱངས་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དེ་ཉིད་ལ་ཁྱབ་ནས་གནས་པ་བལྟས་ཏེ། དེའི་དབུས་སུ་ཧཱུཾ་སྔོན་པོ་བཀོད་ལ། དེ་ལས་འཕྲོས་པའི་དབྱངས་དང་གསལ་བྱེད་ཕྲེང་བ་དཀར་པོ་དང༌། དམར་པོ་ཤེས་རབ་དང་ཐབས་ཀྱི་རང་བཞིན་བསམས་ཏེ། ཧཱུཾ་སྤངས་ནས་དབྱངས་དང་གསལ་བྱེད་ཡོངས་སུ་གྱུར་ཅིང༌། ལྷ་མོ་དང་


DTG036_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ལྷ་སུམ་ཅུ་རྩ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་སྙོམས་པར་འཇུག་པའི་བདེ་བ་ཉམས་སུ་མྱོང་བ་སེམས་དཔའ་གསུམ་གྱི་བདག་ཉིད་བསམ་མོ། །དེ་ནས་ཆགས་པ་ཆེན་པོ་ལས་བྱུང་བའི་སྒྲས་ནམ་མཁའི་ཁམས་ན་གནས་པའི་དེ་བཞིན་གཤེགས་པའི་ཚོགས་དགུག་ཅིང་ངག་གི་ལམ་ནས་ཞུགས་ཏེ། དེ་མ་ཐག་ཏུ་ཞུ་ཞིང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རོ་གཅིག་པར་བསམ་མོ། །ཧཱུཾ་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་ཡང་ཆོས་འབྱུང་ལ་ཐིམ་མོ། །ཆོས་འབྱུང་ནི་དབུས་སུ་སྔོན་པོ་དང༌། གཡོན་དང་གཡས་ཕྱོགས་སུ་དཀར་པོ་དང་དམར་པོ་སྟེ། ནམ་མཁའི་ཁམས་ཞེས་བྱ་བའི་དོན་ཏོ། །དེའི་སྟེང་དུ་ཧཱུཾ་གཉིས་ཀྱིས་མཚན་པའི་ཡི་གེ་ཡཾ་སྔོན་པོ་བཀོད་དེ། དེ་ཡོངས་སུ་གྱུར་པ་ལས་བ་དན་གྱིས་མཚན་པ་གཞུའི་དབྱིབས་ཅན་རྡོ་རྗེ་གཉིས་དང་ལྡན་པ་ས་འོག་ནས་བརྩམས་ཏེ། མཐའ་ཡས་པར་རླུང་གི་དཀྱིལ་འཁོར་སྔོན་པོ་བསམ་མོ། །དེའི་སྟེང་དུ་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པའི་ས་བོན་ཡི་གེ་ཁཾ་བཀོད་ལ་དེ་ཡོངས་སུ་གྱུར་པ་ལས་ཁཾ་དང་བཅས་པའི་རལ་གྲི་བསམས་ལ། དེའི་འོད་ཟེར་གྱིས་མེ་ཏོག་ཅན་གྱི་སངས་རྒྱས་ཀྱི་ཞིང་ན་གནས་པའི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་བཀུག་ཅིང་བཅུག་ལ། དེ་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པ་ཞལ་གསུམ་ཕྱག་དྲུག་པ་ལྗང་གུ་སྒྲོལ་མ་དང་སྙོམས་པར་འཇུག་པ་སེམས་དཔའ་གསུམ་གྱི་བདག་ཉིད་བལྟ་སྟེ། དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བར་ཞུ་སྟེ། རླུང་གི་དཀྱིལ་འཁོར་དང་ཐ་མི་དད་པར་བསྒོམ་མོ། །དེ་ནས་རླུང་གི་དཀྱིལ་འཁོར་ཉིད་ཡོངས་སུ་གྱུར་པ་ལས་ཧཱུཾ་གཉིས་དང་ལྡན་པའི་ཡི་གེ་རཾ་ལས་བྱུང་ཞིང་དེ་ལས་སྐྱེས་པ་དམར་པོ་གྲུ་གསུམ་ལ་འབར་བའི་ཕྲེང་བས་མཚན་པ་མེའི་དཀྱིལ་འཁོར་བསྒོམས་ཏེ། དེའི་སྟེང་དུ་ཡི་གེ་ཨཱཿཡོངྶ་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་དམར་པོ་དེ་ཉིད་ཀྱིས་མཚན་པ་བསམས་ལ། དེའི་འོད་ཟེར་གྱིས་བདེ་བ་ཅན་གྱི་སངས་རྒྱས་ཀྱི་ཞིང་ལས་འོད་


DTG036_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་བཀུག་ཅིང་བཅུག་ལ་དེ་ཡོངས་སུ་གྱུར་པ་ལས་འོད་དཔག་ཏུ་མེད་པ་ཞལ་གསུམ་ཕྱག་དྲུག་པ་དམར་པོ་གོས་དཀར་མོ་དང་སྙོམས་པར་འཇུག་པར་བསམས་ཏེ། དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པར་སྔོན་དུ་འགྲོ་བར་ཞུ་ཞིང་ཡང་མེའི་དཀྱིལ་འཁོར་བསམ་མོ། །དེ་ནས་མེའི་དཀྱིལ་འཁོར་ཉིད་ཧཱུཾ་གཉིས་ཀྱིས་མཚན་པ་པཾ་དཀར་པོར་གྱུར་ཅིང་དེ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་རྡོ་རྗེ་གཉིས་ཀྱིས་མཚན་པ། འོ་མའི་རྒྱ་མཚོ་དང་འདྲ་བ་དཔའ་རླབས་འཕྲོ་བ་བསམས་ཏེ། དེའི་དབུས་སུ་ཧཱུཾ་སྔོན་པོ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། དེའི་འོད་ཟེར་གྱིས་མངོན་པར་དགའ་བའི་སངས་རྒྱས་ཀྱི་ཞིང་ན་བཞུགས་པའི་མི་བསྐྱོད་པ་བཀུག་ཅིང་བཅུག་ལ། དེ་ལས་བྱུང་བ་ཞལ་གསུམ་ཕྱག་དྲུག་པ་སྔོན་པོ་མི་བསྐྱོད་པ་མཱ་མ་ཀཱི་དང་བཅས་པར་བསྒོམས་ཏེ། དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བར་ཞུ་ཞིང་ཡང་ཆུའི་དཀྱིལ་འཁོར་བསམ་མོ། །དེ་ནས་ཆུའི་དཀྱིལ་འཁོར་ཉིད་ཧཱུཾ་གཉིས་ཀྱིས་མཚན་པ་ལཾ་སེར་པོར་གྱུར་ཅིང་དེ་ལས་བྱུང་བ་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་བསམས་ཏེ། དེའི་སྟེང་དུ་ཨོཾ་དཀར་པོ་ལས་རྩིབས་བརྒྱད་པའི་འཁོར་ལོ་དེ་ཉིད་ཀྱིས་མཚན་པ་བསམས་ཏེ། དེའི་འོད་ཟེར་གྱིས་འོག་མིན་དང་རྣམ་པར་སྣང་མཛད་སྤྱན་མ་དང་བཅས་པ་བཀུག་ཅིང་བཅུག་ལ་དེ་ཡོངས་སུ་གྱུར་པ་ལས་ཞལ་གསུམ་ཕྱག་དྲུག་པ་དཀར་པོ་རྣམ་པར་སྣང་མཛད་སྤྱན་མ་དང་སྙོམས་པར་འཇུག་པ་བསྒོམས་ལ་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བར་ཞུ་ཞིང་ཡང་དབང་ཆེན་གྱི་དཀྱིལ་འཁོར་བསམ་མོ། །དེའི་སྟེར་དུ་ཏྲཱཾ་ལས་ཟུང་དྲུག་པའི་རིན་པོ་ཆེའི་འོད་ཟེར་གྱིས་རིན་ཆེན་འབྱུང་གནས་ན་གནས་པའི་རིན་ཆེན་འབྱུང་ལྡན་མཱ་མ་ཀཱི་དང་བཅས་པ་བཀུག་ཅིང་བཅུག་ལ། དེ་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་སྙོམས་པར་འཇུག་པ་བསམས་ཏེ། དེ་བཞིན་གཤེགས་པ་འཇུག་པ་སྔོན་དུ་འགྲོ་བར་ཞུ་ཞིང་དབང་ཆེན་གྱི་དཀྱིལ་འཁོར་ཉིད་ནམ་མཁའ་བཞིན་དུ་རྒྱ་ཆེ་བར་བསྒོམ་


DTG036_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དྲང་བའི་དོན་ཏོ། །ཚངས་པའི་བུ་ག་ནི་མཆོད་སྦྱིན་གྱི་ཕྱག་རྒྱའོ། །ལྟེ་བར་རླུང་གི་དཀྱིལ་འཁོར་དང༌། །ལྐོག་མར་མེའི་དཀྱིལ་འཁོར་དང༌། །སྙིང་གར་ཆུའི་དཀྱིལ་འཁོར་དང༌། །གསང་བར་དབང་ཆེན་གྱི་དཀྱིལ་འཁོར་རོ། །གཡས་པ་ལས་བྱུང་བའི་འོད་ཟེར་ནི་མེའི་དཀྱིལ་འཁོར་ཉིད་དོ་ཞེས་བཤད་པའི་ཕྱིར་ཏེ་ངེས་པའི་དོན་ཏོ། །དེ་ཉིད་བཤད་པ། དཀྱིལ་འཁོར་བཞི་པོ་ཡང་དག་བསྡུ། །རྡོ་རྗེ་ས་གཞིའི་དཀྱིལ་འཁོར་ལ། །སྟེང་དུ་དབང་ཆེན་དཀྱིལ་འཁོར་ཉིད། །འབྱུང་བ་བཞི་ཡི་རང་བཞིན་ཏེ། །དྲང་བའི་དོན་ཏོ།། ལྐོག་མ་ལ་སོགས་པའི་དཀྱིལ་འཁོར་བཞི་ཉེ་བར་སྡུད་པར་བྱེད་པ་རྡོ་རྗེ་ས་གཞིའི་དཀྱིལ་འཁོར་ཏེ། རྡོ་རྗེ་ས་གཞིའི་དཀྱིལ་འཁོར་ནི་འོད་གསལ་བ་སྟེ་ངེས་པའི་དོན་ཏོ། །ད་ནི་ཡེ་ཤེས་སེམས་དཔའ་བསྒོམ་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་བྷྲཱུཾ་ལས་བྱུང་བ་ཡི། །གཞལ་ཡང་ཁང་པ་རྣམ་པར་བསྒོམ། །ཟུར་བཞི་དང་ནི་སྒོ་བཞི་དང༌། །རྟ་བ་བས་བཞི་ཡིས་མཛེས་བྱས་ལ། །ཐིག་བཞི་དང་ནི་ཡང་དག་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །དྲ་བ་དྲ་བ་ཕྱེད་པ་དང༌། །རྡོ་རྗེ་ནོར་བུ་ཟླ་ཕྱེད་བརྒྱན། །གྲྭ་ཡི་མཚམས་ནི་ཐམས་ཅད་ནི། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བྱ། །བུམ་པ་ཀ་བ་རྡོ་རྗེ་ཆེ། །བྲེ་ཡི་ཕྲེང་བ་བྱ་རྣམས་གནས། །བ་དན་དྲིལ་བུ་མཛེས་བྱས་ལ། །རྔ་ཡབ་སོགས་ཀྱིས་རྣམ་པར་བརྒྱན། །ཞེས་སྨོས་ཏེ། ཚིགས་སུ་བཅད་པ་བཞི་པོས་གཞལ་ཡས་ཁང་སྒོམ་པ་བཤད་པར་བྱ་སྟེ། དེ་ལ་ཞེས་བྱ་བ་ནི་རྡོ་རྗེའི་དཀྱིལ་འཁོར་གྱི་སྟེང་དུ་ཁ་དོག་སེར་པོའི་ཡི་གེ་གསུམ་བཀོད་ལ། དེ་ལས་རིའི་རྒྱལ་པོ་རི་རབ་རྩེ་མོ་བརྒྱད་ཀྱིས་མཛེས་པ། རིན་པོ་ཆེ་སྣ་བཞིའི་རང་བཞིན་རྒྱལ་པོ་ཆེན་པོ་ལ་སོགས་པ་ལྷའི་རིས་དྲུག་གིས་བརྒྱན་པ། དགའ་བོ་ལ་སོགས་པ་ནགས་ཚལ་ཆེན་པོའི་ཚོགས་དང་ལྡན་པ་བསམས་ཏེ། དེའི་སྟེང་དུ་སྤྲིན་སྒྲ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ཆང་གཟུངས་ལ་བཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ཟེ་འབྲུར་བྷྲཱུཾ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་


DTG036_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཆོད་རྟེན་གྱི་བུམ་པའི་ནང་དུ་བྷྲཱུཾ་བཀོད་ལ་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བར་ཡོངས་སུ་གྱུར་པ་ལས་བྱུང་བའི་རྩིབས་བརྒྱད་པའི་འཁོར་ལོའི་སྟེ་བར་ས་བོན་དེ་ཉིད་ལས་བྱུང་བའི་འོད་ཟེར་གྱི་ཕྲེང་བས་རྣམ་པར་སྣང་མཛད་ཀྱི་རིགས་བཀུག་ཅིང་བཅུག་ལ། དེ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་དཀར་པོ་ཀུན་དུ་ཞལ་དཀར་པོ་སྤྱན་དང་བཅས་པའི་སེམས་དཔའ་གསུམ་གྱི་བདག་ཉིད་འཁོར་ལོ་དང༌། དྲིལ་བུ་འཆང་བ་བསམས་ཏེ། ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་བཀུག་པའི་སངས་རྒྱས་བཞུགས་པ་ཞུ་སྟེ། ཐིག་ལེ་ཉིད་དུ་གྱུར་པ་བལྟས་ཏེ། ཐིག་ལེའི་དྲོད་ཀྱིས་མཆོད་རྟེན་དང༌། སྣ་ཚོགས་པདྨ་དང༌། སྣ་ཚོགས་རྡོ་རྗེ་དང༌། རི་རབ་དང་དབང་ཆེན་གྱི་དཀྱིལ་འཁོར་གཅིག་ཏུ་གྱུར་པ་ལས་བྱུང་བའི་གཞལ་ཡས་ཁང་པ་འོག་ཏུ་ཧཱུཾ་ཧ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་སྟེང་ན་གནས་པར་བསམ་པར་བྱའོ་ཞེས་ཚིག་གི་དོན་ཏོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཟུར་བཞི་པའི་ནང་དུ་ཁྱུད་མོ་ལྕགས་རིའི་མཐར་ཁྱབ་པ་སོར་བཞི་དང་ལྡན་པ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པའི་ཕྱིར་རོ། །སྒོ་བཞི་པ་ནི་ཕྱོགས་རེ་རེར་སྒོ་དང་བཅས་པ་སྟེ། རྣམ་པར་ཐར་པའི་སྒོ་བཞི་དང༌། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པའི་ཕྱིར་རོ། །རྟབ་བས་བཞི་ནི་སྒོའི་སྟེང་དུ་དབྱིབས་ཀྱི་ཁྱད་པར་ཏེ། དེས་མཛེས་པ་ནི་སྤྲས་པ་སྟེ། བསམ་གཏན་བཞི་རྣམ་པར་དག་པའི་ཕྱིར་རོ། །དེ་བཞིན་དུ་ཐིག་བཞི་ཚངས་པའི་ཐིག་གཉིས་ལས་བྱུང་བའམ། ཕྱོགས་ཀྱི་ཐིག་བཞི་ལས་བྱུང་བ་ནི་དེ་དང་ལྡན་པ་སྟེ། ཚངས་པའི་གནས་བཞི་རྣམ་པར་དག་པའི་ཕྱིར་རོ། །ཀ་བ་བརྒྱད་ནི་འཁོར་ལོས་སྒྱུར་བའི་རེའུ་མིག་གི་ཤར་ལ་སོགས་པ་རྣམས་ལ་གནས་པ་དེ་རྣམས་ཀྱིས་མཛེས་པ་ནི། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེ་དང་ལྡན་པ་དང༌། རྡོ་རྗེ་མེ་ལོང་ལ་སོགས་པས་མཚན་པའི་ཕྱིར་ཏེ། བསམ་གཏན་གྱི་རྣམ་པར་ཐར་པ་རྣམ་པར་དག་པའི་ཕྱིར་རོ། །དེ་བཞིན་དུ་དྲ་བ་ནི་གཙོ་བོ་དང་བཅས་པ་དང༌། དྲ་བ་ཕྱེད་པ་ནི་གཙོ་བོ་མེད་པ་དང༌། ཟླ་བ་ཕྱེད་པ་དང༌། རྡོ་རྗེ་རིན་པོ་ཆེ་སྟེ། དེ་རྣམས་ཀྱིས་བརྒྱན་པ་ནི་བརྒྱན་


DTG036_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པའི་ཕྱིར་རོ། །དེ་བཞིན་དུ་གྲྭ་བཞིའི་མཚམས་ཐམས་ཅད་ནི་ཕྱོགས་བཞིའི་མཚམས་དང༌། དེ་བཞིན་དུ་སྒོ་ཁྱུད་ནི་ཕྱིའི་ཆ་དང༌། མཚམས་ནི་ནང་གི་ཆ་སྟེ། དེ་རྣམས་ལ་རྡོ་རྗེ་རིན་ཆེན་ནི་ཅུང་ཟད་འཕྱང་བ། རིན་པོ་ཆེས་མཚན་པ་རྡོ་རྗེས་སྤྲས་པ་ནི་འོད་འཕྲོ་བ་སྟེ། ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བུམ་པ་ནི་སྒོ་རེ་རེར་ལོགས་གཉིས་གཉིས་ལ་གནས་པ་གསེར་གྱི་བུམ་པ་བརྒྱད་དེ། དེ་ལ་ཤར་གྱི་སྒོར་རྒྱལ་བ་དང་བཀྲ་ཤིས། ལྷོར་ཆོ་འཕྲུལ་དང་དངོས་གྲུབ་པོ། །ནུབ་ཏུ་རྒྱལ་བ་དང་ཞི་བའོ། །བྱང་དུ་གྲུབ་པ་དང་སྤྲུལ་པ་སྟེ། ཞི་བ་ལ་སོགས་པའི་དངོས་གྲུབ་བརྒྱད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཀ་བ་ནི་སྒོ་རེ་རེ་ལ་གཉིས་གཉིས་ཡིན་པས་ན་བརྒྱད་དེ། དེ་རྣམས་ཀྱིས་བརྒྱན་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་བཅུ་གཅིག་སྟེ་ས་རྣམ་པར་དག་པའི་ཕྱིར་རོ། །བྲེ་ཡི་ཕྲེང་ལ་བྱ་རྣམས་གནས། །ཞེས་བྱ་བ་ནི། རྟ་བབས་ཀྱི་རྩེ་མོར་ཤར་ཕྱོགས་སུ་རྨ་བྱ་གཉིས་དང༌། ལྷོ་ཕྱོགས་སུ་ངང་པ་གཉིས་དང༌། ནུབ་ཕྱོགས་སུ་དུར་པ་གཉིས་དང༌། བྱང་ཕྱོགས་སུ་ཤང་ཤང་ཏེའུ་གཉིས་གནས་ཏེ། འདོད་ཆགས་རྣམ་པར་དག་པའི་ཕྱིར་རོ། །དེ་བཞིན་དུ་དྲིལ་བུ་དང་བཅས་པའི་བ་དན་ནི་དྲིལ་བུ་བ་དན་ཏེ། རྒྱལ་མཚན་གྱི་རྩེ་མོར་འཛུགས་པའི་དར་དཔྱངས་དང༌། པ་དན་དང་གཡེར་ཁའི་དྲ་བ་དང་ལྡན་པའོ། །དེ་བཞིན་རྔ་ཡབ་ལ་སོགས་པ་ནི་རྔ་ཡབ་དང༌། མེ་ཏོག་གི་ཕྲེང་བ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་རྣམ་པར་བརྒྱན་པ་ནི་བརྒྱན་པ་སྟེ། གསུང་རབ་ཡན་ལག་དགུ་རྣམ་པར་དག་པ་སྟེ་དྲང་བའི་དོན་ཏོ། །དེ་ལ་རི་རབ་ནི་ལུས་ཏེ། སྒོ་བརྒྱད་ནི་རྩེ་མོ་བརྒྱད་དོ། །སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་པདྨ་ནི་དབང་པོ་གཉིས་ཏེ། བུད་མེད་དང་སྐྱེས་པའི་དབྱེ་བས་སོ། །གཞལ་ཡས་ཁང་ནི་ལུས་ཉིད་དོ། །ཟུར་བཞི་པ་ནི་མདུན་དང་རྒྱབ་དང༌། གཡས་དང་གཡོན་གྱི་ཆའོ། །སྒོ་བཞི་ནི་ཁ་དང༌། གསང་བ་དང༌། ལྟེ་བ་དང༌། ཚངས་པའི་སྒོའོ། །རྟ་བབས་བཞི་ནི་མིག་གཉིས་དང་རྣ་བ་གཉིས་སོ། །ཐིག་བཞི་ནི་རུས་སྦལ་


DTG036_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་། ཟླ་བ་མ་དང༌། ལྷ་སྦྱིན་མ་དང༌། ནོར་རྒྱལ་མའོ། །ཀ་བ་བརྒྱད་ནི་དཔུང་པ་གཉིས་དང༌། ལག་ངར་གཉིས་དང༌། བརླ་གཉིས་དང༌། རྗེ་ངར་གཉིས་སོ། །དྲ་བ་ནི་རྩ་རགས་པའོ། །དྲ་བ་ཕྱེད་པ་ནི་རྩ་རྒྱུས་ཏེ། བདུན་ཁྲི་ཉིས་སྟོང་ངོ༌། །ཤེས་རབ་ཀྱི་ཆ་ཉེ་བར་བསྡུས་པས་ཐབས་ཀྱི་ཆ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཟླ་བ་ཕྱེད་པའོ། །རྡོ་རྗེ་ནི་གསང་བའི་རྡོ་རྗེའོ། །རིན་ཆེན་ནི་དེའི་རྩེ་མོའོ། །གྲྭའི་ཆ་ནི་གཡོན་གྱི་སྒོ་དང༌། སྒོ་ཁྱུད་མཚམས་ནི་སྣ་བུག་གཡས་ཀྱི་སྒོའོ། །དེ་རྣམས་ལ་རྡོ་རྗེ་ནི་རྣམ་པར་ཤེས་པའོ། །རིན་ཆེན་ནི་དེ་ལས་འཛག་པའི་རྫས་ཏེ་དེ་དང་ལྡན་པའོ། །བུམ་པ་ནི་ལྟོ་བའོ། །ཀ་བ་ནི་སྒལ་བུའོ། །རྡོ་རྗེ་ཆེན་པོ་ནི་ཁམས་དྲུག་གོ །བྱ་རྣམས་ནི་རླུང་བཅུ་སྟེ། གཡོ་བའི་ཕྱིར་རོ། །དྲིལ་བུ་ནི་ལྕེ་སྟེ་སྒྲ་སྒྲོགས་པའི་ཕྱིར་རོ། །བ་དན་ནི་རྩ་དབུས་མའོ། །རྔ་ཡབ་ནི་སྐྲའི་ཚོགས་སོ། །སོགས་པའི་སྒྲས་ནི་མེ་ཏོག་གི་ཕྲེང་བ་ནི་རྒྱུ་མའོ། །རི་དགས་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་དེ་ངེས་པའི་དོན་ཏེ། བདག་ཉིད་ཕྱག་རྒྱར་ལྡན་པ་ནི། །ཞལ་གསུམ་ཕྱག་དྲུག་ལྟ་བུ་ལ། །ཨིནྡྲ་ནཱི་ལའི་འོད་མཉམ་པ། །དཀྱིལ་འཁོར་དབུས་སུ་བསྒོམ་པར་བྱ། །རྣམ་སྣང་མཛད་དཔལ་རིན་ཆེན་དང༌། །འོད་དཔག་མེད་དང་ལས་ཀྱི་རྒྱལ། །ཞལ་གསུམ་ཕྱག་དྲུག་ལྟ་བུར་ནི། །ཤར་ལ་སོགས་པའི་ཕྱོགས་སུ་བསམ། །གཏི་མུག་དགའ་སོགས་ལྷ་མོ་རྣམས། །ཞལ་གསུམ་ཕྱག་དྲུག་ལྟ་བུར་ནི། །མེ་ཡི་ཕྱོགས་ནས་བརྩམས་ནས་སུ། །རིམ་པ་ཇི་བཞིན་ངེས་པར་དགོད། །དེ་བཞིན་གཟུགས་རྡོ་རྗེ་ལ་སོགས།། ཕྱི་ཡི་མཚམས་ནི་རྣམ་པ་བཞིར། །རེག་བྱ་རྡོ་རྗེ་ཉིད་ཀྱང་ནི། །རྡོ་རྗེ་སེམས་དཔའ་དང་ལྡན་ནས། །བྱམས་པ་ས་ཡི་སྙིང་པོ་སྟེ། །ཤར་གྱི་སྣམ་བུར་དགོད་པར་བྱ། །ཕྱག་ན་རྡོ་རྗེ་མཁའ་སྙིང་པོ། །བརྟུལ་ཞུགས་ཅན་གྱིས་ལྷོ་རུ་དགོད། །འཇིག་རྟེན་དབང་ཕྱུག་འཇམ་པའི་དབྱངས། །ནུབ་ཏུ་ཡང་ནི་དགོད་པར་བྱ། །སྒྲིབ་པ་ཐམས་ཅད་སེལ་བ་དང༌། །ཀུན་དུ་བཟང་པོ་བྱང་ཕྱོགས་སུ། །གཤིན་རྗེ་གཤེད་ནི་ཤར་གྱི་སྒོར། །གཞན་གྱིས་མི་ཐུབ་ལྷོ་ཕྱོགས་སུ། །ནུབ་ཕྱོགས་སུ་ནི་རྟ་མགྲིན་ཏེ། །བདུད་རྩི་འཁྱིལ་པ་བྱང་དུའོ། །མི་གཡོ་འདོད་པའི་རྒྱལ་པོ་


DTG036_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དབྱིག་སྔོན་དང་ནི་སྟོབས་པོ་ཆེ། །ཤར་ལྷོའི་མཚམས་སོགས་ནས་བརྩམས་ཏེ། །རིམ་པ་བཞིན་དུ་དགོད་པར་བྱ། །གནོད་མཇེས་རྒྱལ་པོ་ཁྲོ་བོ་ཆེ། །དེ་ཡི་འོག་ཏུ་རྣམ་པར་བསམ། །གཙུག་ཏོར་འཁོར་ལོས་སྒྱུར་རྒྱལ་ཡང༌། །དེ་བཞིན་སྟེང་དུ་རབ་ཏུ་བསྒོམ། །ཆོ་ག་ཇི་བཞིན་དཀྱིལ་འཁོར་བ། །དེ་ལྟར་ལྷག་པར་མོས་བསམས་ནས། །ཞེས་སྨོས་ཏེ། གཞལ་ཡས་ཁང་གི་དབུས་སུ་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བ་ལས་བྱུང་བའི་འོད་ཟེར་གྱིས། སྣ་ཚོགས་པདྨ་སུམ་ཅུ་སྤྲོས་ལ། དེ་རྣམས་ཀྱི་ལྟེ་བར་དབྱངས་ཡིག་དང་པོ་ལས་བྱུང་བའི་ཉི་མ་དང༌། ཟླ་བའི་གདན་བསམ་མོ། །དེ་ལ་དབུས་དང་ཤར་ཕྱོགས་སུ་ཟླ་བ་གཉིས་དང༌། ལྷོ་དང་ནུབ་དང་བྱང་ཕྱོགས་སུ་ཉི་མ་གསུམ་མོ། །མཱ་མ་ཀཱིའི་གནས་སུ་ཉི་མའི་དཀྱིལ་འཁོར་དང་སྤྱན་ལ་སོགས་པའི་ཟླ་བ་གསུམ་མོ། །ཕྱག་ན་རྡོ་རྗེའི་ཉི་མའི་དཀྱིལ་འཁོར་དང༌། བྱང་ཆུབ་སེམས་དཔའ་ལྷག་མ་རྣམས་ཀྱི་ཟླ་བའི་གདན་ནོ། །མཆོད་པའི་ལྷ་མོའི་ཟླ་བའི་གདན་དང༌། ཁྲོ་བོ་བཅུ་ནི་ཉི་མའི་གདན་ནོ། །དེ་ལྟར་གདན་གྱི་དབྱེ་བ་བསྒོམས་ནས། ཕྱི་ནས་ཟླ་བའི་དབུས་སུ་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པ། ཁ་དོག་སྔོན་པོ་ཅིག་ཅར་དུ་བྱུང་བ་དེ་དང་འདྲ་བའི་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པ། རྡོ་རྗེ་དང༌། འཁོར་ལོ་དང༌། པདྨ་དང༌། ནོར་བུ་དང༌། རལ་གྲི་དང༌། དྲིལ་བུ་འཆང་བ། སེམས་དཔའ་གསུམ་དང་ལྡན་པར་བདག་ཉིད་བསམ་མོ། །དེ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་བཞིར་ཁ་དོག་དང་ཞལ་དང་ཕྱག་མཚན་འཆང་བར་འགྱུར་བའི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་བསྒོམ་མོ། །མེའི་མཚམས་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་མོ་བཞི་ཞལ་གསུམ་ཕྱག་དྲུག་པ་ལ་སོགས་པ་ལྟ་བུར་བསྒོམ་མོ། མཆོད་པའི་ལྷ་མོ་བཞི་པོ་ཡང་སྤྱན་ལ་སོགས་པ་བཞིན་དུ་དབྱིབས་དང་ཁ་དོག་དང་ལྡན་པ་བསྒོམ་མོ། །ཤར་ལ་སོགས་པའི་སྣམ་བུ་རྣམས་ལ་བྱང་ཆུབ་སེམས་དཔའ་བྱམས་པ་དང་སའི་སྙིང་པོ་ནི་དཀར་པོའོ། །ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་ནི་སྔོན་པོའོ། །འཇིག་རྟེན་


DTG036_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་དང་འཇམ་དཔལ་ནི་དམར་པོའོ། །སེལ་བ་དང་ཀུན་དུ་བཟང་པོ་ནི་ལྗང་གུ་སྟེ། རིགས་དང་མཐུན་པའི་ཁ་དོག་གོ །ཡང་ན་སའི་སྙིང་པོ་ནི་དཀར་པོ། བྱམས་པ་ནི་དམར་པོ། ཕྱག་ན་རྡོ་རྗེ་སྔོན་པོ། ནམ་མཁའི་སྙིང་པོ་སེར་པོ། འཇིག་རྟེན་དབང་ཕྱུག་དམར་པོ། འཇམ་དཔལ་དཀར་པོ། སེལ་བ་ལྗང་གུ། ཀུན་དུ་བཟང་པོ་དམར་པོའོ། །གཤིན་རྗེ་མཐར་བྱེད་ནག་པོ། ཤེས་རབ་མཐར་བྱེད་དཀར་པོ། པདྨ་མཐར་བྱེད་དམར་པོ། བགེགས་མཐར་བྱེད་ནི་ལྡང་གུའོ། །མི་གཡོ་བ་ལ་སོགས་པ་དྲུག་ནི་ནག་པོའོ། །ཞལ་གསུམ་པ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལ་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ནི་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་གནས་པའོ། །བྱང་ཆུབ་སེམས་དཔའ་དང་མཆོད་པའི་ལྷ་མོ་རྣམས་ནི་སེམས་དཔའི་སྐྱིལ་མོ་ཀྲུང་ཅན་ནོ། །གཤིན་རྗེ་མཐར་བྱེད་ནི་གཡས་བརྐྱང་བ། ཤེས་རབ་མཐར་བྱེད་ནི་གཡོན་བརྐྱང་བ། རྟ་མགྲིན་ནི་རྐང་པ་མཉམ་པ། བདུད་རྩི་འཁྱིལ་པ་ནི་རྐང་པ་མི་མཉམ་པ་དང༌། མི་གཡོ་བ་ལ་སོགས་པ་ཁྲོ་བོ་དྲུག་ནི་གཡོན་བརྐྱང་བས་གནས་པའོ། །མི་བསྐྱོད་པ་ནི་དྲག་པོ་དང་ཞི་བ་དང༌། སྒེག་པའི་ཉམས་འཆང་བའོ། །རྣམ་པར་སྣང་མཛད་ལ་སོགས་པ་ནི་ཞི་བའི་ཉམས་འཆང་བའོ། །རིགས་ཀྱི་ཡུལ་ནི་ཞི་བ་དང་སྒེག་པའི་ཉམས་འཆང་བའོ། །མཆོད་པའི་ལྷ་མོ་ནི་སྒེག་པའི་ཉམས་འཆད་བ་དང༌། བྱང་ཆུབ་སེམས་དཔའ་ནི་ཞི་བའི་ཉམས་འཆང་བའོ། །ཁྲོ་བོ་རྣམས་ནི་དྲག་པོ་དང་དཔའ་བོ་དང་འཇིགས་སུ་རུང་བའི་ཉམས་འཆང་བའོ། །དེ་བཞིན་གཤེགས་པ་དང་ལྷ་མོ་དང༌། བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་ཟློས་པས་རང་གི་སྙིང་པོ་བརྗོད་བཞིན་པ་དང༌། ཁྲོ་བོ་རྣམས་ནི་ཁྲོ་བོའི་བཟླས་པ་ཡི་གེ་ཧཱུཾ་བརྗོད་བཞིན་པའོ། །དཀྱིལ་འཁོར་པ་ཐམས་ཅད་ནི་དབུས་ཀྱི་གཙོ་བོ་ལ་མངོན་པར་བལྟས་པ་དང༌། གཙུག་ཏོར་འཁོར་ལོས་སྒྱུར་པ་ནི་སྟེང་དུ་ཞལ་བལྟས་པ་དང༌། གནོད་མཛེས་རྒྱལ་པོ་ནི་འོག་ཏུ་ཞལ་བལྟས་པའོ། །དེ་རྣམས་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་སྣ་ཚོགས་པདྨ་དང༌། ཟླ་བ་དང༌། ཉི་མ་


DTG036_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའི་རང་དང་རང་གི་མཚན་མ་ལ་རང་རང་གི་ཡིག་འབྲུའི་ཐིག་ལ་རེ་རེར་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཕྲ་མོ་རྣལ་འབྱོར་གྱེས་བསྒོམ་བཞིན་པ་བསམ་པར་བྱའོ། །བསྡུས་ན་དེ་བཞིན་གཤེགས་པ་ནི་སྟོང་ཕྲག་གཅིག་དང་ཉི་ཤུ་རྩ་བཞིར་འགྱུར་རོ་ཞེས་པ་སྟེ་དྲང་བའི་དོན་ཏོ། །འདོད་པའི་གདུགས་ནི་མི་བསྐྱོད་པ་སྟེ། དེ་ཉིད་སྟེང་དང་བར་དང་འོག་གི་དབྱེ་བ་སྣང་བ་ལ་སོགས་པའི་རང་བཞིན་ཡིན་པས་ཞལ་གསུམ་པའོ། །སྨིག་རྒྱུ་ལ་སོགས་པ་རྟགས་ལྔ་དང༌། འོད་གསལ་བ་ནི་ཕྱག་དྲུག་པའོ། །རུས་སྦལ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དཀྱིལ་འཁོར་བཞིའི་རྩ་ནི་སྤྱན་ལ་སོགས་པའོ། །མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་དང༌། ཡན་ལག་ཐམས་ཅད་ཀྱི་ཚིགས་དང༌། རྩ་རྒྱུས་ཐམས་ཅད་ཀྱི་རྩ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །མིག་གཡོན་པའི་རྩ་ནི་གཟུགས་རྡོ་རྗེ་མ། རྣ་བ་གཡོན་པའི་རྩ་ནི་སྒྲ་རྡོ་རྗེ་མ་དང༌། སྣ་གཡོན་པའི་རྩ་ནི་དྲི་རྡོ་རྗེ་མ་དང༌། ལྕེའི་རྩ་ནི་རོ་རྡོ་རྗེ་མ་དང༌། རྡོ་རྗེའི་དབུས་ཀྱི་རྩ་ནི་རེག་བྱ་རྡོ་རྗེ་མའོ། །དཔུང་པ་གཉིས་དང༌། ལག་ངར་གཉིས་དང༌། ཁ་དང་། གསང་བ་དང༌། པུས་མོ་གཉིས་དང༌། ཚངས་པའི་སྒོ་དང༌། རྐང་པའི་མཐིལ་གྱི་རྩ་ནི་ཁྲོ་བོ་བཅུའོ། །སྟེང་ལ་སོགས་པའི་དབྱེ་བས་ཞལ་གསུམ་ལ་སོགས་པ་སྟེ། སྔ་མ་བཞིན་ཏེ་ངེས་པའི་དོན་ཏོ། །སྤྲོས་པ་སྤང་བར་བྱ་བའི་ཕྱིར། །དོན་དམ་པའི་དཀྱིལ་འཁོར་གྱི་བསྒོམ་པ་བཤད་པར་བྱ་སྟེ། སླར་ཡང་ཁ་སྦྱར་སྦྱོར་བ་ཡིས། །རང་གི་ལུས་ལ་དེ་རྣམས་གཞུག །ཅེས་སྨོས་པ་ལ། དེ་ལྟར་སྔར་བཤད་པའི་རིམ་པས་ལྷག་པར་མོས་པའི་དཀྱིལ་འཁོར་བྱིན་གྱིས་བརླབས་ལ། སླར་ཡང་ཁ་སྦྱར་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ལུས་ཀྱི་དཀྱིལ་འཁོར་དང༌། ཕྱི་རོལ་གྱི་དཀྱིལ་འཁོར་གཅིག་ཏུ་གྱུར་པས་རང་གི་ལུས་ལ་དེ་རྣམས་ནི་དཀྱིལ་འཁོར་པ་རྣམས་གཞུག་པར་བྱ་སྟེ་དྲང་བའི་དོན་ཏོ། །སླར་ཡང་ཁ་སྦྱར་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཁ་སྦྱོར་ནི་བཞི་སྟེ་ཁ་གཉིས་ཀྱི་ཁ་སྦྱོར་དང༌། དབང་པོ་གཉིས་ཀྱི་ཁ་


DTG036_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་དང༌། རྩ་གཉིས་ཀྱི་ཁ་སྦྱོར་དང༌། །བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ཁ་སྦྱོར་རོ། །དེའི་སྦྱོར་བ་ནི་དེ་དག་གཅིག་ཏུ་གྱུར་པས་དེ་རྣམས་ནི་རྩ་སུམ་ཅུ་རྩ་གཉིས་རང་གི་ལུས་ནི་དབུས་མ་ལ་གཞུག་པར་བྱ་བ་ནི་མི་སྣང་བར་བྱས་ཏེ་ངེས་པའི་དོན་ཏོ། །ཕྱིའི་དཀྱིལ་འཁོར་དང༌། ལུས་ཀྱི་དཀྱིལ་འཁོར་དང༌། ངག་གི་དཀྱིལ་འཁོར་དང༌། སེམས་ཀྱི་དཀྱིལ་འཁོར་ཏེ་ཁ་སྦྱར་རོ། །དེ་རྣམས་ཀྱི་སྦྱོར་བ་ནི་གཅིག་ཏུ་གྱུར་པས་སོ། །དེ་རྣམས་ནི་དཀྱིལ་འཁོར་བཞི་སྟེ། རང་གི་ལུས་ནི་རང་གི་ལུས་ལ་འཇུག་པར་བྱ་སྟེ་ཡི་གེའི་དོན་ཏོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཁ་སྦྱོར་གྱིས་རང་གི་ལུས་ནི་ཆོས་དང༌། ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཀྱི་རྡོ་རྗེ་འཆད་ཆེན་པོ་ལ་འཇུག་པར་བྱ་སྟེ་སྤྱིའི་དོན་ཏོ། །ཁ་སྦྱོར་གྱི་སྦྱོར་བ་སྟེ་སྣང་བ་ནི་སྣང་བ་མཆེད་པ་ལ་འཇུག་གོ །སྣང་བ་མཆེད་པ་ནི་སྣང་བ་ཉེ་བར་ཐོབ་པ་ལའོ།། སྣང་བ་ཉེ་བར་ཐོབ་པ་ནི་འོད་གསལ་བ་སྟེ་སྦས་པའོ། །ཨོཾ་ནི་ཨཱཿ་ལའོ། །ཨཱཿ་ནི་ཧཱུཾ་ལའོ། །ཧཱུཾ་ནི་ཨ་ལའོ། །ཨ་ནི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ལའོ། །ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ནི་ལྟེ་བའི་ནམ་མཁའ་ལ་སྟེ་སྦས་པའོ། །ཆགས་པ་དང་བྲལ་བ་ནི་ཆགས་པ་ལའོ།། ཆགས་པ་ནི་ཆགས་པ་བར་པ་ལའོ། །ཆགས་པ་བར་པ་ནི་འོད་གསལ་བ་སྟེ་མཐར་ཐུག་པའོ། །ཀུན་རྫོབ་དང་དོན་དམ་པ་ཁ་སྦྱོར་གྱི་སྦྱོར་བ་ནི་ཐ་མི་དང་པའི་ཏིང་ངེ་འཛིན་གྱིས་དེ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། རང་གི་ལུས་ལ་འཇུག་པར་བྱ་སྟེ། རྣམ་པར་མི་རྟོག་པར་བྱ་བ་ནི་མཐར་ཐུག་པའོ། །དེ་ཉིད་བཤད་པར་བྱ་སྟེ། ལུས་ཀྱི་འཁོར་ལོར་རྫོགས་སངས་རྒྱས། །རིམ་པ་ཇི་བཞིན་ཡང་དག་བསམས། །དོན་དམ་པ་ཡི་རྡོ་རྗེ་ཡིས། །དེ་བཞིན་ཉིད་ལ་གཞུག་བྱ་བས། །དེ་བཞིན་གཤེགས་པའི་ཚོགས་བསགས་ན། །དངོས་གྲུབ་རབ་མཆོག་འགྲུབ་པར་འགྱུར། །ཞེས་སྨོས་ཏེ། ལྷག་པར་མོས་པའི་བདག་ཉིད་ཀྱི་ལུས་ཀྱི་དཀྱིལ་འཁོར་ལ་སྔར་བཤང་པའི་རིམ་གྱིས་རྫོགས་པའི་སངས་རྒྱས་སུམ་ཅུ་རྩ་གཉིས་བཤད་པ་གང་ཡིན་པ་དེ་རྣམས་རིམ་པ་ཇི་བཞིན་དུ་ནི་ཕྱིན་ཅི་མ་ལོག་པའི་རིམ་གྱིས་ཡང་


DTG036_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བསམ་པ་ནི། རྣམ་པར་བསྒོམས་ཏེ། སླར་ཡང་ཁ་སྦྱར་སྦྱོར་བའི་ཏིང་ངེ་འཛིན་ནི་དོན་དམ་པའི་རྡོ་རྗེ་སྟེ། རང་བཞིན་མེད་པའི་བདག་ཉིད་ཀྱིས་དེ་ནི་འོད་གསལ་བ་ལ་འཇུག་པར་བྱའོ། །དེ་ཉིད་བཤད་པ་དེ་བཞིན་གཤེགས་པའི་ཚོགས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཏེ། བསད་པ་ནི་གང་གི་ཚེ་མི་སྣང་བར་བྱས་པ་དེའི་ཚེ་དངོས་གྲུབ་རབ་མཆོག་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་ཏེ་དགོངས་པ་བཤད་པའོ། །དེ་ཉིད་ཚད་མ་ཉིད་དུ་བྱ་བའི་ཕྱིར་བཤད་པར་བ་བྱ་སྟེ། འདི་དོན་རྡོ་རྗེ་ཕྲེང་བ་ལས། །གསལ་བ་རུ་ནི་རྣམ་ཕྱེ་སྟེ། །ཞེས་སྨོས་ཏེ། འདི་དོན་ནི་དོན་དམ་པའི་དཀྱིལ་འཁོར་གྱི་དོན་ཏོ། །རྡོ་རྗེ་ཕྲེང་བ་ཞེས་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལས། གསལ་བ་དུ་ནི་རྣམ་ཕྱེ་སྟེ། །རབ་ཏུ་གསལ་བ་ཉིད་བྱས་སོ། །ཞེས་ལུང་གི་ཚད་མ་ཉིད་དུ་སྟོན་ཏོ། །དེ་ཉིད་བཤད་པ། གཟུགས་ཕུད་གཏོགས་ལ་མེ་ལོང་དང༌། །སའི་ཁམས་དང་མིག་དབང་པོ། །གཟུགས་ཀྱང་རིགས་ནི་ལྔ་པ་སྟེ། །ཁྲོ་བོ་བྱམས་པ་ཡང་དག་ལྡན། ཞེས་སྨོས་པ་ལ། གཟུགས་ཀྱི་ཕུང་པོ་ལ་རྣམ་པར་སྣང་མཛད་བསྡུ་བ་དང༌། དེ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སའི་ཁམས་ལ་སྤྱན་ནོ།། མིག་གི་དབང་པོ་སའི་སྙིང་པོའོ། །གཟུགས་ལ་གཟུགས་རྡོ་རྗེ་མའོ། །ཁྲོ་བོ་གཉིས་ནི་གཤིན་རྗེ་མཐར་བྱེད་དང༌། མི་གཡོ་བ་ནི་དཔུང་པ་གཡས་པ་དང་པུས་མོ་གཡས་པ་ལའོ། །བྱམས་པ་ནི་རྩ་རྒྱུས་ཐམས་ཅད་ལའོ། །དེས་ནི་ཤར་ཕྱོགས་ཀྱི་ཆ་དང༌། མེའི་མཚམས་ཀྱི་ཆ་ལ་གནས་པའི་དཀྱིལ་འཁོར་པ་རྣམས་བསྡུ་བར་བསྟན་ཏོ། །དེ་བཞིན་དུ་ཚོར་བའི་ཕུང་པོ་མཉམ་པ་ཉིད་དང༌། ཆུ་ཁམས་རྣ་བའི་དབང་པོ་དང༌། སྒྲ་ཡང་རིགས་ནི་ལྔ་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཞེས་སྨོས་ཏེ། ཚོར་བའི་ཕུང་པོ་ལ་རིན་ཆེན་འབྱུང་ལྡན་དང༌། དེ་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཆུའི་ཁམས་ལ་མཱ་མ་ཀཱིའོ། །རྣ་བའི་དབང་པོ་ལ་ཕྱག་ན་རྡོ་རྗེ་དང༌། ནམ་མཁའི་སྙིང་པོའོ། སྒྲ་ལ་སྒྲ་རྡོ་རྗེ་མའོ། །ཁྲོ་བོ་གཉིས་ནི་གཤིན་རྗེ་མཐར་བྱེད་དང༌། འདོད་པའི་རྒྱལ་པོ་སྟེ། དཔུང་པ་གཡོན་དང་པུས་


DTG036_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མོ་གཡོན་པ་ལ་འཇུག་གོ །དེས་ནི་ལྷོའི་ཕྱོགས་དང་བདེན་བྲལ་མཚམས་ཀྱི་དཀྱིལ་འཁོར་པ་རྣམས་བསྡུ་བ་བསྟན་ཏོ། །འདུ་ཤེས་སོ་སོར་རྟོག་པ་དང༌། །བྱིན་ཟ་སྣ་ཡི་དབང་པོ་དང༌། །དྲི་ཡང་རིགས་ནི་ལྔ་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཞེས་སྨོས་ཏེ། འདུ་ཤེས་ལ་འོད་དཔག་ཏུ་མེད་པ་དང༌། དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་སོ། །མེའི་ཁམས་ལ་གོས་དཀར་མོའོ། །སྣའི་དབང་པོ་ལ་འཇིག་རྟེན་དབང་ཕྱུག་གོ །ཡིད་ལ་འཇམ་དཔལ་ལོ། །དྲི་ལ་དྲི་རྡོ་རྗེ་མའོ། །ཁྲོ་བོ་གཉིས་ནི་པདྨ་མཐར་བྱེད་དང་དབྱིག་པ་སྔོན་པོའོ། །ཁ་དང་ལག་ངར་གཡས་པ་ལ་འཇུག་གོ །དེས་ནི་ནུབ་ཕྱོགས་དང་རླུང་གི་ཕྱོགས་ཀྱི་དཀྱིལ་འཁོར་རྣམས་བསྡུ་བ་བསྟན་ཏོ། །འདུ་བྱེད་བྱ་བ་ནན་ཏན་སྒྲུབ། །རླུང་དང་ལྕེ་ཡི་དབང་པོ་དང༌། །རོ་ཡང་རིགས་ནི་ལྔ་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཞེས་སྨོས་ཏེ། འདུ་བྱེད་ལ་དོན་ཡོད་པར་གྲུབ་པ་བསྡུ་བ་དང༌། དེ་ཉིད་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་སོ། །རླུང་གི་ཁམས་ལ་སྒྲོལ་མའོ། །ལྕེའི་དབང་པོ་ལ་སེལ་བའོ། །ཚིགས་ཐམས་ཅད་ལ་ཀུན་དུ་བཟང་པོའོ། །རོ་ལ་རོ་རྡོ་རྗེ་མའོ། །ཁྲོ་བོ་གཉིས་ནི་བགེགས་མཐར་བྱེད་དང་སྟོབས་པོ་ཆེ་སྟེ། གསང་བ་དང་ལག་ངར་གཡས་པ་ལ་འཇུག་གོ །དེས་ནི་ནུབ་ཕྱོགས་དང་དབང་ལྡན་གྱི་མཚམས་ཀྱི་དཀྱིལ་འཁོར་པ་རྣམས་བསྡུ་བ་བསྟན་ཏོ། །སྟེང་འོག་ཁྲོ་བོར་ཡང་དག་ལྡན། །རང་བཞིན་གྱིས་ནི་སྣང་བ་ཉིད། །རྣམ་ཤེས་ཕུང་པོར་ཞུགས་པ་སྟེ། །རྣམ་ཤེས་ཀྱང་ནི་འོད་གསལ་བའོ། །ཞེས་སྨོས་ཏེ། སྟེང་དུ་ནི་ཚངས་པའི་སྒོར་རོ། །ཁྲོ་བོ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་བསྡུ་བའོ། །འོག་ནི་རྐང་པའི་མཐིལ་ལ་ཁྲོ་བོ་ནི་གནོད་མཛེས་ཀྱི་རྒྱལ་པོ་འཇུག་གོ །རང་བཞིན་སྣང་བ་ནི་རང་བཞིན་བརྒྱ་དྲུག་ཅུ་སྟེ། རྣམ་པར་ཤེས་པའི་ཕུང་པོ་ལའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་མི་བསྐྱོད་པ་དང་མཱ་མ་ཀཱིའོ། །འོག་གསལ་བ་ལ་འཇུག་གོ །འདིར་ནི་འདི་སྐད་བཤད་པ་ཡིན་ཏེ། དཔྲལ་བ་ལས་སྤོས་པའི་འོད་ཟེར་གྱིས་རྣམ་པར་སྣང་མཛད་བཀུག་ཅིང་དེ་ཉིད་དུ་གཞུག་པ་དང༌། ཤ་དང་


DTG036_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རུས་པའི་འོད་ཟེར་གྱིས་སྤྱན་མའོ། །མིག་གཡས་པའི་འོད་ཟེར་གྱིས་སའི་སྙིང་པོའོ། །མིག་གཡོན་པའི་འོད་ཟེར་གྱིས་གཟུགས་རྡོ་རྗེ་མའོ། །རྩ་རྒྱུས་ཐམས་ཅད་ཀྱི་འོད་ཟེར་གྱིས་བྱམས་པའོ། །དཔུང་པ་གཡས་པའི་འོད་ཟེར་གྱིས་གཤིན་རྗེ་མཐར་བྱེད་དོ། །དཔུང་པ་གཡོན་པའི་འོད་ཟེར་གྱིས་མི་གཡོ་བའོ། །དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པ་རྒྱུ་མཐུན་པའི་འབྲས་བུའོ། །ལྟ་བའི་འོད་ཟེར་གྱིས་རིན་ཆེན་འབྱུང་ལྡན་ནོ། །ཤུ་ཀྲ་དང་ཆུ་ལ་སོགས་པའི་འོད་ཟེར་གྱིས་མཱ་མ་ཀཱིའོ། །རྣ་བ་གཡས་པའི་འོད་ཟེར་གྱིས་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོའོ། །རྣ་བ་གཡོན་པའི་འོད་ཟེར་གྱིས་སྒྲ་རྡོ་རྗེ་མའོ། །དཔུང་པ་གཡས་པའི་འོད་ཟེར་གྱིས་ཤེས་རབ་མཐར་བྱེད་དོ། །ལག་ངར་གཡོན་པའི་འོད་ཟེར་གྱིས་འདོད་པའི་རྒྱལ་པོའོ། །དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པ་རྒྱུ་མཐུན་པའི་འབྲས་བུའོ། །ལྐོག་མའི་རྩའི་འོད་ཟེར་གྱིས་འོད་དཔག་ཏུ་མེད་པ་དང་དྲོ་བའི་རེག་པའི་འོད་ཟེར་གྱིས་གོས་དཀར་མོའོ། །སྙིང་གའི་པདྨའི་འོད་ཟེར་གྱིས་འཇམ་པའི་རྡོ་རྗེའོ། །སྣའི་འོད་ཟེར་གྱིས་འཇིག་རྟེན་དབང་ཕྱུག་གོ །ལུས་ཀྱི་དིའི་འོདྲོ་ཟེར་གྱིས་དྲི་རྡོ་རྗེ་མའོ། །ཁའི་འོད་ཟེར་གྱིས་པདྨ་མཐར་བྱེད་དོ། །པུས་མོ་གཡས་པའི་འོད་ཟེར་གྱིས་དབྱིག་སྔོན་ནོ། །ངེས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །གསང་བའི་འོད་ཟེར་གྱིས་དོན་ཡོང་པར་གྲུབ་པའོ། །འགྲོ་བ་ལ་སོགས་པའི་འོད་ཟེར་གྱིས་སྒྲོལ་མའོ། །རྡོ་རྗེ་རྩེ་མོའི་འོད་ཟེར་གྱིས་སེལ་བའོ། །ལྕེའི་འོད་ཟེར་གྱིས་རོ་རྡོ་རྗེ་མའོ། །ཚིགས་ཐམས་ཅད་ཀྱི་འོད་ཟེར་གྱིས་ཀུན་དུ་བཟང་པོའོ། །གསང་བའི་འོད་ཟེར་གྱིས་བདུད་རྩི་འཁྱིལ་པའོ། །པུས་མོ་གཡས་པའི་འོད་ཟེར་གྱིས་སྟོབས་པོ་ཆེའོ། །ཚངས་པའི་སྒོའི་འོད་ཟེར་གྱིས་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །རྐད་པའི་འོག་གི་འོད་ཟེར་གྱིས་གནོད་མཛེས་འཇུག་པར་བྱའོ། །དེས་ནི་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་ཐོབ་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །དེས་ན་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པའི་རིམ་གྱིས་ཚངས་པའི་བུ་གནས་བྱང་ཆུབ་ཀྱི་སེམས་འཛག་


DTG036_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཡན་ལག་གི་ཚིགས་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཕྱིན་པ་དང༌། རྡོ་རྗེའི་དཀྱིལ་དུ་བྱང་ཆུབ་ཀྱི་སེམས་འབབ་པའི་ཚེ་ཤེས་རབ་དང༌། ཐབས་དང་མ་རིག་པའི་རང་བཞིན་སྤངས་ལ། རྣམ་པར་ཤེས་པ་གསུམ་ནུབ་ཅིང་འོད་གསལ་བའི་སྔོན་དུ་འགྲོ་བས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའི་རྣམ་པར་དག་པས་རྟགས་ལྔ་མ་མཐོང་སྟེ། ཐམས་ཅད་སྟོང་པ་འོད་གསལ་བ་ཉམས་སུ་མྱོང་ཞིང་ཡབ་ཡུམ་ཞུ་ནས་ཐིག་ལེར་འགྱུར་ཞིང་ཐིག་ལེ་ཡང་སྒྲ་དང་སྒྲ་ཙམ་གྱིས་ཐིམ་ལ་རང་དང་གཞན་གྱི་དབྱེ་བ་མཆོག་ཏུ་འཛིན་པ་མེད་པས་འབའ་ཞིག་དྲི་མ་མེད་པ། མཐའ་ཡས་པ་ནམ་མཁའ་དང་མཚུངས་པའི་ཡེ་ཤེས་མངོན་དུ་བྱའོ། །འདིས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱ་བ་ནི་རྒྱུ་མཐུན་པའི་འབྲས་བུ་དང༌། རྣམ་པར་ཤེས་པའི་ཕུང་པོ་ཡང་གནས་པར་འགྱུར་རོ་ཞེས་དོན་དམ་པའི་དཀྱིལ་འཁོར། དེ་ཉིད་བརྟན་པར་བྱ་བའི་ཕྱིར། །མྱ་ངན་འདས་བཅས་ཀུན་སློང་དང༌། ཆོས་ཀྱི་སྐུ་ཡང་བཤད་པ་ཡིན། །བསྟན་པར་བྱ་བའི་དོན་དུ་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཞེས་སྨོས་ཏེ་དེ་ཉིད་མྱ་ངན་ལས་འདས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་མཚན་ཉིད་དོ། །དེ་ཉིད་ཀུན་སློང་ནི་དེ་ཁོ་ན་ཉིད་བཞི་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་ཉིད་ཆོས་ཀྱི་སྐུ་བཤད་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྣམ་པ་ཡིན་པའི་ཕྱིར་རོ། །གང་གི་ཚེ་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཉིད་ཐོབ་པ་དེའི་ཚེ། སྔགས་ཀྱི་ཐེག་པ་ལ་དེ་ལས་ཁྱད་པར་གང་ཡིན་ཞེས་རྟོག་སྟེ། སྔགས་ཀྱི་ཐེག་པ་ལ་སྔགས་ཀྱི་མཐུ་བཤད་པར་བྱ་སྟེ། དེ་ཁོ་ན་ཉིད་དེ་བསྟན་པའི་དོན་དུ་ནི་མི་གཡོ་བར་བྱ་བའི་ཕྱིར་འོག་ནས་བཤད་པའི་སྔགས་འདི་བརྗོད་པར་བྱ་སྟེ། ནང་གི་བཟླས་པ་དང༌། རྡོ་རྗེའི་ཚིག་གིས་ཞེས་ཚིག་གི་ལྷག་མའོ། །སྔགས་བརྗོད་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ལ། ཨོཾ་ནི་རྣམ་པར་སྣང་མཛད་དོ། །ཤཱུ་ནྱ་ཏཱ་ནི་རིན་ཆེན་འབྱུང་ལྡན་ནོ། །ཛྙཱ་ན་ནི་འོད་དཔག་ཏུ་མེད་པའོ། །བཛྲ་ནི་མི་བསྐྱོད་པའོ། །སྭཱ་བྷཱ་བ་ཨཱཏྨ་ཀོ་ནི་དོན་ཡོད་གྲུབ་


DTG036_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཨ་ཧཾ་ཞེས་བྱ་བ་ནི་དྲུག་པ་རྡོ་རྗེ་འཆང་ཆེན་པོའོ། །དེས་ནི་དེ་བཞིན་གཤེགས་པ་དྲུག་གི་ང་རྒྱལ་བྱ་སྟེ། རྡོ་རྗེ་འཆང་ནི་ཀུན་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོའོ། །ཛྙཱ་ན་བཛྲ་ནི་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོའོ། །སྭ་བྷཱ་བ་ཨཱཏྨ་ཀོ་ནི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོའོ། །དེའི་རང་བཞིན་དུ་ཨ་ཧཾ་ཞེས་ང་རྒྱལ་བྱའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། འདི་ནི་དོན་དེ་མ་དཀྱིལ་འཁོར་ཏེ། །སྣང་བ་མེད་ཅིང་མཚན་ཉིད་མེད། །དོན་དམ་བདེན་པ་ཞེས་བྱ་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སྨོས་ཏེ། དེ་ནི་སྔར་བཤད་པའོ། །དོན་དམ་པའི་དཀྱིལ་འཁོར་ཕུང་པོ་ལྔ་དང༌། དབང་པོ་དང༌། ཡུལ་དང༌། ཁམས་ཉེ་བར་སྡུད་པར་བྱེད་པའོ། །མཐའ་དྲུག་ལས་ཀྱང་ལྔ་བཅུ་ནས་བརྩམས་ཏེ། ཕུང་པོ་ལ་སོགས་པ་བཏུང་བར་བྱའོ། །དེའི་དོན་འདི་ཡིན་ཏེ། གཟུགས་ནི་རྣམ་པ་གཉིས་ཏེ། ཁ་དོག་གི་རྣམ་པ་བཅུ་གཉིས་དང༌། དབྱིབས་ཀྱི་བདག་ཉིད་བརྒྱད་དོ། །དབང་པོའི་དབྱེ་པས་ཚོར་བ་ནི་བཅོ་བརྒྱད་དོ། །འདུ་ཤེས་ནི་གཅིག་གོ །དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་འདུ་བྱེད་རྣམ་པ་གསུམ་མོ། །ཀུན་གཞི་ལ་སོགས་པའི་དབྱེ་བས་རྣམ་པར་ཤེས་པ་ནི་བརྒྱད་དེ། ལྔ་བཅུ་དེ་དག་དོན་དམ་པའི་བསྒོམས་པས་བཏུང་བ་ནི་བསྡུ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སྙིང་པོར་གྱུར་པས་ན་དཀྱིལ་འཁོར་རོ། །རང་བཞིན་དང་སྣང་བ་བྲལ་བས་ན་སྣང་བ་མེད་པའོ། །མཚན་ནི་བཞི་སྟེ། སྐྱེ་བ་དང༌། གནས་པ་དང༌། རྒ་བ་དང༌། མི་རྟག་པའོ། །དེ་དང་བྲལ་བས་ན་མཚན་ཉིད་མེད་པས་ཏེ། འདུས་མ་བྱས་པའི་ཕྱིར་རོ། །དེ་ཉིད་དོན་དམ་པའི་བདེན་པ་སྟེ། ཀུན་རྫོབ་ཉེ་བར་བསྡུས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཀུན་གྱི་གནས་ཏེ། སྐྱེ་བའི་གནས་ཡིན་ལ། སྔར་བཤད་པའི་རིམ་པས་ཐམས་ཅད་དེ་ཉིད་དུ་བསྡུ་ཞིང་འོག་ནས་བཤད་པའི་རིམ་པས་དེ་ཉིད་ནས་འབྱུང་བའི་ཕྱིར་རོ། །ད་ནི་ཆད་པའི་ཕྱོགས་སྤང་བར་བྱ་བའི་ཕྱིར། དོན་དམ་


DTG036_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པ་ལས་ལྡང་བ་བསྟན་པར་བྱ་སྟེ། འོད་གསལ་བར་ནི་རབ་ཞུགས་ནས། །ལྡང་པ་ཡང་ནི་བསྟན་པར་བྱ། །ཞེས་སྨོས་ཏེ། སྔར་བཤད་པའི་རིམ་གྱིས་འོད་གསལ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་ཞུགས་པའི་རྣལ་འབྱོར་པ་གང་ཡིན་པ་དེའི་དེ་ལས་ལྡང་བ་ནི་འོག་ནས་བཤད་པའི་རིམ་གྱིས་ལྷའི་སྐུ་འཛིན་པ་བསྟན་པར་བྱ་བ་ནི་བཤད་པར་བྱ་སྟེ། སྔ་མའི་སྨོན་ལམ་འབྲས་བུར་བཅས་པ་དང༌། ཆད་པའི་ལྟ་བ་སྤོང་བ་དང༌། སེམས་ཅན་གྱི་དོན་བྱ་བའི་ཕྱིར་རོ། །དེ་ཉིད་བཤད་པ། སྔགས་ཀྱི་སྐུ་ཡི་སྦྱོར་བ་ཡིས། །ལྷ་ཡི་གཟུགས་ལ་དམིགས་པའི་ཕྱིར། །ཞེས་སྨོས་ཏེ། སྔགས་ཡོངས་སུ་གྱུར་པ་ལས་སྐྱེས་པའི་སྐུ་ནི་སྔགས་ཀྱི་སྟེ། རྡོ་རྗེ་འཆང་ལ་སོགས་པའི་མཚན་ཉིད་དོ། །དེའི་སྦྱོར་བ་ནི་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱིས་མངོན་དུ་བྱེད་པའོ། །དེས་ལྷའི་གཟུགས་ནི་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་རོ། །དེ་ལ་དམིགས་པ་ནི་སྤྲོ་བ་སྔོན་དུ་འགྲོ་བར་བསྒོམ་པ་སྟེ། དེའི་ཕྱིར་དེ་ནི་དེའི་དོན་དུའོ། །དེས་ནི་ཏིང་ངེ་འཛིན་གསུམ་བསྟན་པ་ཡིན་ནོ། །དེ་ལ་སྔགས་ཀྱི་སྐུའི་སྦྱོར་བ་ནི་དང་པོའི་སྦྱོར་བའོ། །ལྷའི་གཟུགས་ལ་དམིགས་པའི་ཕྱིར་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་དང༌། ལས་རྒྱལ་བ་མཆོག་བསྟན་ཏོ། །དེ་ཉིད་བཤད་པ། ནམ་མཁའི་ཁམས་ཀྱི་དབུས་གནས་པ། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །སྔགས་པས་ཀྱང་ནི་དེ་སྟེང་དུ། །ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ། །དེར་ཡང་པདྨ་འདབ་མ་བརྒྱད། །ཁ་དོག་དམར་པོ་བསྒོམ་པར་བྱ། །ཞེས་སྨོས་ཏེ། འདིས་ནི་གདན་གྱི་དབྱེ་བ་བཤད་པར་བྱ་སྟེ། རེ་ཞིག་དང་པོ་སྣ་ཚོགས་པདྨའི་སྟེང་དུ་ཡི་གེ་ཧཱུཾ་སྔོན་པོ་བཀོད་ལ་དེའི་འོད་ཟེར་གྱིས་ནམ་མཁའ་ལས་མི་བསྐྱོད་པའི་རིགས་བཀུག་ཅིང་བཅུག་ལ། དེ་ཡོངས་སུ་གྱུར་པ་ལས་ཆ་བཅུ་གཉིས་བ་ཉི་མའི་དཀྱིལ་འཁོར་བསྐལ་པའི་མེ་ལྟར་འབར་བའི་དཔེ་བྱད་ཀྱི་རང་བཞིན་བསྒོམ་མོ། །དེ་ནས་དེའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨོཾ་དཀར་པོ་བཀོད་ལ། དེའི་འོད་ཟེར་གྱིས་ནམ་མཁའ་ལས་རྣམ་པར་སྣང་མཛད་ཀྱི་རིགས་བཀུག་ཅིང་བཅུག་ལ་དེ་


DTG036_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྱུར་པ་ལས་ཆ་བཅུ་དྲུག་གི་རང་བཞིན་དཀར་པོ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་བསམ་མོ། །དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁ་དོག་དམར་པོའི་ཡི་གེ་ཨ་བཀོད་ལ་དེའི་འོད་ཟེར་གྱིས་ནམ་མཁའ་ལས་འོད་དཔག་ཏུ་མེད་པའི་རིགས་བཀུག་ཅིང་བཅུག་ལ་དེ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་བསམ་སྟེ་དྲང་བའི་དོན་ཏོ། །མི་བསྐྱོད་པའི་རང་བཞིན་ཉི་མའི་དཀྱིལ་འཁོར་དང༌། རྣམ་པར་སྣང་མཛད་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་དང༌། འོད་དཔག་ཏུ་མེད་པའི་རང་བཞིན་གྱི་པདྨའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉི་མ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཟླ་བ་དང༌། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་པདྨའོ། །མངོན་སྤྱོད་ནི་ཉི་མ་དང༌། ཞི་བ་ནི་ཟླ་བ་དང༌། དབང་ནི་པདྨའོ། །སེམས་ཀྱི་རང་བཞིན་ཉི་མ་དང༌། ལུས་ཀྱི་རང་བཞིན་ཟླ་བ་དང༌། ངག་གི་རང་བཞིན་པདྨའོ། །ཁྲག་གི་ཁམས་ནི་ཉི་མ་དང༌། ཤུ་ཀྲའི་ཁམས་ནི་ཟླ་བ་དང༌། དེ་དག་གི་རྟེན་ནི་པདྨའོ། །དབུས་མའི་རྩ་ཉི་མ་དང༌། གཡོན་པའི་ཟླ་བ་དང༌། གཡས་པའི་པདྨའོ། །འདོད་པའི་ཁམས་ནི་ཉི་མ་དང༌། གཟུགས་ཀྱི་ཁམས་ནི་ཟླ་བ་དང༌། གཟུགས་མེད་པའི་ཁམས་ནི་པདྨའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཉི་མ་དང༌། སྤྲུལ་པའི་སྐུ་ནི་ཟླ་བ་དང༌། ཆོས་ཀྱི་སྐུ་ནི་པདྨའོ། །སྣང་བ་ནི་ཟླ་བ་དང༌། སྣང་བ་མཆེད་པ་ནི་ཉི་མ་དང༌། སྣང་བ་ཉེ་བར་ཐོབ་པ་ནི་པདྨའོ། །ཆགས་པ་དང་བྲལ་བ་ནི་ཟླ་བ་དང༌། ཆགས་པ་ནི་ཉི་མ་དང༌། ཆགས་པ་བར་མ་ནི་པདྨའོ། །ཚུལ་ཁྲིམས་ནི་ཟླ་བ་དང༌། ཏིང་ངེ་འཛིན་ནི་ཉི་མ་དང༌། ཤེས་རབ་ནི་པདྨའོ། །སྟོང་པ་ཉིད་ནི་ཉི་མ་དང༌། སྙིང་རྗེ་ནི་ཟླ་བ་དང༌། གཉི་ག་ནི་པདྨའོ། །འཇམ་པ་ནི་ཟླ་བ་དང༌། རྣོ་བ་ནི་ཉི་མ་དང༌། གཉི་ག་ནི་པདྨའོ། །ཀུན་བརྟགས་ནི་ཉི་མ་དང་། གཞན་དབང་ནི་ཟླ་བ་དང༌། ཡོངས་སུ་གྲུབ་པ་ནི་པདྨའོ། །མོ་རྟགས་ནི་ཟླ་བ་དང༌། ཕོ་རྟགས་ནི་ཉི་མ་དང༌། མ་ནིང་གི་རྟགས་ནི་པདྨའོ། །མཚན་མོ་ནི་ཟླ་བ་དང༌། ཉིན་མོ་ནི་ཉི་མ་དང༌། མཚམས་ནི་པདྨའོ། །ཨོཾ་ཟླ་བ་དང༌། ཨ་ཉི་མ་དང༌། གཉི་ག་མེད་པ་ནི་པདྨའོ། །


DTG036_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཟླ་བ་དང༌། ཐབས་ཉི་མ་དང༌། གཉི་གའི་བདག་ཉིད་པདྨའོ། །ཧཱུཾ་ཉི་མ་དང༌། ཨོཾ་ཟླ་བ་དང༌། ཨ་པདྨའོ། །སྟོང་པ་ཟླ་བ་དང༌། ཤིན་ཏུ་སྟོང་པ་ཉི་མ་དང༌། ཆེན་པོ་སྟོང་པ་པདྨའོ། །ཁྱབ་བྱེད་ཟླ་བ་དང༌། ཁྱབ་བྱ་ཉི་མ་དང༌། གཉི་ག་ནི་པདྨའོ། །སྟོང་པ་ཉིད་ཟླ་བ་དང་། མཚན་མ་མེད་པ་ཉི་མ་དང༌། སྨོན་པ་མེད་པ་ནི་པདྨའོ། །ཚངས་པ་ནི་ཟླ་བ་དང༌། དབང་ཕྱུག་ཆེན་པོ་ནི་ཉི་མ་དང༌། ཁྱབ་འཇུག་ནི་པདྨའོ། །འདས་པ་ནི་ཟླ་བ་དང༌། དེ་ལྟར་བྱུང་བ་ནི་ཉི་མ་དང༌། མ་འོངས་པ་ནི་པདྨའོ། །ཞེ་སྡང་ཟླ་བ་དང༌། འདོད་ཆགས་ཉི་མ་དང༌། གཏི་མུག་ནི་པདྨའོ། །ཆུའི་ཁམས་ནི་ཟླ་བ་དང༌། མེའི་ཁམས་ནི་ཉི་མ་དང༌། སའི་ཁམས་ནི་པདྨའོ། །གཟུགས་ཀྱི་ཕུང་པོ་ཟླ་བ་དང༌། རྣམ་པར་ཤེས་པའི་ཕུང་པོ་ཉི་མ་དང༌། འདུ་ཤེས་ཀྱི་ཕུང་པོ་ནི་པདྨའོ། །ས་བླ་ནི་ཟླ་བ་དང༌། ས་སྟེང་ནི་ཉི་མ་དང༌། ས་འོག་ནི་པདྨའོ། །དམ་ཚིག་སེམས་དཔའ་ནི་ཟླ་བ་དང༌། ཡེ་ཤེས་སེམས་དཔའ་ནི་ཉི་མ་དང༌། ཏིང་ངེ་འཛིན་སེམས་དཔའ་ནི་པདྨའོ། །སེམས་ཅན་ལ་དམིགས་པ་ནི་ཟླ་བ་དང༌། ཆོས་ལ་དམིགས་པ་ནི་ཉི་མ་དང༌། དམིགས་པ་མེད་པ་ནི་པདྨའོ། །དཔྱིད་ནི་ཟླ་བ་དང༌། སོ་ག་ནི་ཉི་མ་དང༌། སྟོན་ཀ་ནི་པདྨའོ། །བདེ་བའི་དུས་ནི་ཟླ་བ་དང༌། སྡུག་བསྔལ་གྱི་དུས་ནི་ཉི་མ་དང༌། བསམ་གྱིས་མི་ཁྱབ་པའི་དུས་ནི་པདྨའོ། །ཆ་དང་བཅས་པ་ཟླ་བ་དང༌། ཆ་མེད་པ་ནི་ཉི་མ་དང༌། གཉི་ག་དང་བྲལ་བ་ནི་པདྨའོ། །དེ་ལྟར་རིགས་བརྒྱའི་དབྱེ་བས་བཅོམ་ལྡན་འདས་ཀྱི་གདན་གྱི་དབྱེ་བ་བསྟན་ཏེ་ངེས་པའི་དོན་ཏོ། །ཆོས་ཀྱི་དབྱིངས་ཀྱི་བསྒོམ་པ་བཤད་པར་བྱ་སྟེ། པདྨའི་སྟེང་དུ་སྔགས་ཆེན་པོ། །ཡི་གེ་གསུམ་ཡང་རྣམ་པར་བསམ། །ཞེས་སྨོས་པ་ལ་དེ་ནས་པདྨ་འདབ་མ་བརྒྱད་པ་དམར་པོའི་ལྟེ་བར་དཀར་པོ་དང༌། དམར་པོ་དང༌། ནག་པོའི་ཡི་གེ་གསུམ་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་སེམས་སོ་སོར་རྟོག་པའི་བདག་ཉིད་ཀྱི་ཟླ་བའི་དཀྱིལ་འཁོར་ཉིད་བསམ་པར་བྱ་ཞེས་མན་ངག་གོ །དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ནས་ཀུན་རྫོབ་ཀྱི་བདེན་པ་དོན་དམ་པ་ཉིད་དུ་


DTG036_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་བྱ་བ་བཤད་པར་བྱ་སྟེ། སྔགས་དང་པདྨ་ཉི་མ་དག །ཟླ་བའི་དཀྱིལ་འཁོར་ལ་ཞུགས་པས། །ཞེས་སྨོས་པ་ལ། སྔགས་ནི་ཨོཾ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དང༌། དེ་བཞིན་དུ་པདྨ་དང་ཉི་མའི་དཀྱིལ་འཁོར་གསུམ་པོ་དེ་དག་ཀྱང་ཟླ་བའི་དཀྱིལ་འཁོར་ནི་ཡི་གེ་གསུམ་པོ་ཡོངས་སུ་གྱུར་པ་ལས་སྐྱེས་པ་ལ་ཞུགས་པར་བསམ་པར་བྱའོ། །དེས་ནི་སྐུ་གསུང་ཐུགས་གཅིག་ཏུ་གྱུར་པའི་མཚན་ཉིད་ཀྱི་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་མངོན་དུ་བྱས་པར་བསྟན་ཏེ། ཉེ་བར་བསྡུ་བའི་དགོངས་པ་མ་ཡིན་པའོ། །ཉེ་བར་བསྡུ་བའི་སྒོ་དེ་ཉིད་ཀྱི་ཁྱད་པར་བཤད་པ། ཟླ་བའི་དཀྱིལ་འཁོར་ཀུན་རྫོགས་པ། །བྱང་ཆུབ་སེམས་སུ་རྣམ་པར་བརྟག །ཅེས་སྨོས་པ་ལ། གདན་གསུམ་པོ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས་ཀུན་དུ་རྫོགས་པ་གང་ཡིན་པ་དེ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཡིན་པས་ན་བྱང་ཆུབ་ཀྱི་སེམས་ཏེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་བརྡ་རྣམ་པར་བརྟག་པ་སྟེ། རྗེས་སུ་དྲན་པར་བྱའོ། །ཕྱོགས་གཉིས་པོ་ལས་རྣམ་གྲོལ་བའི། །རྣམ་རྟོག་མུན་པ་སེལ་བྱེད་པ། །ཉོན་མོངས་དྲི་མ་ཀུན་ལས་དག །ཟླ་བ་བཞིན་སེམས་ཟླ་བའོ། །ཞེས་བཤད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་བསྡུས་པ་ལས་ཀྱང་བཅོམ་ལྡན་འདས་ཟླ་བའི་དཀྱིལ་འཁོར་ལྟ་བུར་སེམས་མཐོང་ངོ་ཞེས་འབྱུང་ངོ༌། །དེའི་ཁྱབ་པ་ཉིད་དུ་བསྟན་པའི་ཕྱིར། རྒྱུ་དང་མི་རྒྱུ་ཐམས་ཅད་ཀྱང༌། །དེ་ཉིད་དུ་ནི་རྣམ་བསམ་ཞིང༌། །ཞེས་སྨོས་ཏེ། ཟླ་བའི་དཀྱིལ་འཁོར་དེ་ཉིད་ལ་རྒྱུ་དང་མི་རྒྱུ་བའི་རང་བཞིན་ཐམས་ཅད་ནི་ཁམས་གསུམ་པར་གནས་པར་བསམ་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་ཐམས་ཅད་ལ་ཁྱབ་པའི་ཕྱིར་ཏེ་དྲང་བའི་དོན་ཏོ། །ས་ལ་སོགས་པའི་མི་རྒྱུ་བའི་ཁམས་དང་བཤད་གཅི་ལ་སོགས་པ་རྒྱུ་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བས་ཁམས་ཐམས་ཅད་ཁྱབ་པའི་ཕྱིར་ཏེ་ངེས་པའི་དོན་ཏོ། །དེ་ཉིད་བརྟན་པར་བྱ་བའི་ཕྱིར་སྔགས་བསྟན་པ། བརྟན་


DTG036_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་དོན་དུ་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཞེས་བྱ་བ་སྨོས་ཏེ། ལས་དང་པོ་པ་ཡིན་པས་ཆོས་ཀྱི་དབྱིངས་མངོན་དུ་མ་གྱུར་ན། དེའི་ཚེ་དེ་ཉིད་བསྟན་པར་བྱ་བའི་དོན་དུ་འོག་ནས་བཤད་པའི་སྔགས་བརྗོད་དེ། རྡོ་རྗེའི་ཚིག་གིས་ཞེས་ཚིག་ལྷག་མ་སྟེ་སྒྲ་ཇི་བཞིན་པའོ། །སྔགས་བརྗོད་པ་ནི། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་ནི་དྷརྨ་དྷཱ་ཏུ་སྟེ་འོད་གསལ་བའོ། །དེའི་སྭ་བྷཱ་བ་ནི་རྣམ་པར་མི་རྟོག་པ་ཉིད་དོ། །ཨཱཏྨཀོ྅ཧཾ་ནི་དེའི་བདག་ཉིད་དེ། དགོངས་པ་མ་ཡིན་པའོ། །སྐུ་བསྐྱེད་པའི་ཕྱིར། དེ་ནས་རྣལ་འབྱོར་པ་ཡིས་ཀྱང༌། །ཟླ་བའི་དབུས་སུ་ཡི་གེ་གསུམ་བསམ། །ཞེས་སྨོས་ཏེ། དེ་ནས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་སྐུ་གསུང་ཐུགས་གཅིག་ཏུ་གྱུར་པ་ལས་བྱུང་བའི་ཟླ་བའི་དབུས་སུ་ཁ་དོག་དཀར་པོ་ལས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་གྱིས་ཡི་གེ་གསུམ་བསམ་པ་ནི་དགོད་པ་སྟེ་སྒྲ་ཇི་བཞིན་པའོ། །དེ་ནས་ཡིག་གསུམ་ལས་བྱུང་བ། །ཀུནད་ཟླ་བ་དཀར་དང་མཚུངས། །དང་པོའི་མགོན་པོ་བསམས་ནས་ཀྱང༌། །ཞེས་སྨོས་པ་ལ། དེ་ནས་ཡི་གེ་གསུམ་ལས་འོད་ཟེར་གྱི་ཚོགས་སྤྲོས་ལ། དེ་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་དང་བཅས་པ་བཀུག་ཅིང་དེ་ཉིད་དུ་བཅུག་སྟེ། རྡོ་རྗེ་རྩེ་ལྔ་པ་དམར་པོ་བསམ་མོ། །དེའི་རྣམ་པར་དག་པ་ནི་སྟེང་གི་རྩེ་ལྔ་ནི་མི་བསྐྱོད་པ་ལ་སོགས་པ་དང༌། འོག་གི་རྩེ་ལྔ་ནི་རེག་བྱ་རྡོ་རྗེ་མ་ལ་སོགས་པའོ། །སྟེང་གི་རྩེ་མོའི་འོག་ཏུ་པདྨ་འདབ་མ་བརྒྱད་པ་ནི་བྱམས་པ་ལ་སོགས་པ་དང༌། འོག་མའི་རྩེ་མོའི་འོག་ཏུ་པདྨ་འདབ་མ་བརྒྱད་པ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་རྡོ་རྗེ་མ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཀྱི་ལྷ་མོའོ། །སྟེང་དང་འོག་གི་ཆུ་སྲིན་གྱི་ཁ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པ་བརྒྱད་དོ། །སྟེང་དང་འོག་གི་དབུ་མའི་རྩེ་མོ་ནི། །གཙུག་ཏོར་དང་གནོད་མཛེས་རྒྱལ་པོའོ། །ཆང་གཟུངས་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། སྙོམས་པར་ཞུགས་པ་ནི་རྡོ་རྗེ་འཆང་ངོ༌། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་བསམས་ལ། བཛྲ་ཨཱཏྨ་


DTG036_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཀོ྅ཧཾ་ཞེས་ང་རྒྱལ་བྱ་སྟེ། དེའི་རྩེ་མོར་ཧཱུཾ་བཀོད་ཅིང་སྤྲོ་བ་དང༌། བསྡུ་བའི་རིམ་གྱིས་འགྲོ་བའི་དོན་བྱས་ཏེ། སངས་རྒྱས་ཀྱི་ཞིང་ལ་འཇུག་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་ལ་སྔོན་དུ་འགྲོ་བར་རྡོ་རྗེ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་དཀར་པོ་རྡོ་རྗེ་སྐྱིལ་ཀྲུང་བཅས་པ་ཞལ་དཀར་པོ་དང༌། དམར་པོ་དང་སྔོན་པོ་དང་མངའ་བ་འོད་གསལ་བའི་ཡེ་ཤེས་ཀྱི་རྣམ་པ་རང་གི་སྐུ་ལས་བྱུང་པའི་འོད་ཟེར་གྱི་འཁོར་ལོས་ནམ་མཁའི་ཁམས་ཀྱི་དཀྱིལ་འཁོར་དེ་བཞིན་གཤེགས་པ་དང༌། ལྷ་མོ་དང་ཁྲོ་བོའི་ཚོགས་ཀྱིས་གང་བར་མཛད་པ་བསམ་པར་བྱ་སྟེ་སྤྱིའི་དོན་ཏོ། །དེ་ནི་ཡན་ལག་བཅུ་པའི་རྣལ་འབྱོར་རོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། དེ་ལྟར་རྣལ་འབྱོར་དམིགས་ནས་ནི། །ཞེས་སྨོས་པ་ལ། དེ་བཞིན་གཤེགས་པའི་རིགས་དྲུག་པ་བསྐྱེད་པའི་བར་དུ་རྣལ་འབྱོར་གྱི་ཏིང་ངེ་འཛིན་ཏེ་དང་པོའོ། །རྗེས་སུ་རྣལ་འབྱོར་བཤད་པར་བྱ་སྟེ། རྗེས་སུ་རྣལ་འབྱོར་བ་རྩམ་པར་བྱ། །ཞེས་སྨོས་ཏེ། རྣལ་འབྱོར་གྱི་ཕྱི་ནས་འབྱུང་བས་རྗེས་སུ་རྣལ་འབྱོར་ཏེ་ཡི་གེའི་དོན་ཏོ། །དེ་ཉིད་བཤད་པ། མི་བསྐྱོད་པ་ནི་རྗེས་ཞུགས་པ། །ཞལ་གསུམ་ཕྱག་དྲུག་འབར་བ་དང༌། །ཨིནྡྲ་ནཱི་ལའི་འོད་འབར་བའི། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ཞེས་སྨོས་ཏེ། བཅོམ་ལྡན་འདས་དབུས་ཀྱི་གཙོ་བོ་རྡོ་རྗེ་འཆང་གི་ཐུགས་ཀ་ནས་འོད་ཟེར་སྤྲོས་ཏེ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མི་བསྐྱོད་པ་བསྒོམས་ལ། དེ་དང་རྗེས་སུ་ཞུགས་པ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཐུགས་རྡོ་རྗེའི་རྣམ་པ་ཨིནྡྲ་ནཱི་ལ་ནོར་བུ་དང་འདྲ་བ་ཞེ་སྡང་གི་རིགས་ཡིན་པས་ན་ཁྲོ་བོ་འབར་བ་སྤྲོ་བ་རྣམ་པར་ཐར་པ་གསུམ་རྣམ་པར་དག་པས་ཞལ་གསུམ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པས་ཕྱག་དྲུག་པ་བསམ་མོ། །དེ་ནས་དེའི་སྙིང་གར་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར་དབྱངས་དང་པོ་ལས་བྱུང་བའི་ཟླ་བ་ལ་ཡི་གེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པ་ལས་བྱུང་བའི་ཐུགས་རྡོ་རྗེ་འཆང་དེ་དང་འདྲ་བར་བསམས་ཏེ། དེའི་ཐུགས་ཀར་ཡང་དེ་


DTG036_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྣ་ཚོགས་པདྨ་དང༌། ཟླ་བ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡི་གེ་ཧཱུཾ་ཉིད་བསམ་པར་བྱ་སྟེ། ཡེ་ཤེས་སེམས་དཔའ་དང༌། ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་ནི་རྗེས་སུ་རྣལ་འབྱོར་ཏེ་ཏིང་ངེ་འཛིན་གཉིས་པའོ། །དེ་ཉིད་ཀྱི་ཕྱག་རྒྱ་མཚན་བསྟན་པའི་ཕྱིར། །རྡོ་རྗེ་འཁོར་ལོ་པདྨ་རྣམས། །གཡས་པའི་ཕྱག་ཏུ་བསམ་པར་བྱ། །དྲིལ་བུ་རིན་ཆེན་རལ་གྲི་ནི། །གཡོན་པའི་ཕྱག་ཏུ་བསམ་པར་བྱ། །ཞེས་སྨོས་ཏེ། དེ་ལ་རྡོ་རྗེ་མི་བསྐྱོད་པའི་ཕྱག་མཚན་ཏེ། ཡེ་ཤེས་ལྔའི་རང་བཞིན་ནོ། །འཁོར་ལོ་རྣམ་པར་སྣང་མཛད་ཀྱི་ཕྱག་མཚན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་རང་བཞིན་ནོ། །པདྨ་ནི་འོད་དཔག་ཏུ་མེད་པའི་ཕྱག་མཚན་ཏེ། འདོད་ཆགས་ལ་སོགས་པའི་འདམ་གྱིས་མ་གོས་པའི་ཤེས་རབ་ཀྱི་རང་བཞིན་ནོ། །དྲིལ་བུ་ནི་སྲིད་པ་རྣམ་པར་དག་པ་སྟེ་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །ཡིད་བཞིན་ནོར་བུ་ནི་རིན་ཆེན་འབྱུང་ལྡན་གྱི་ཕྱག་མཚན་ཏེ། བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་ཡེ་ཤེས་སོ། །རལ་གྲི་ནི་དོན་ཡོད་པར་གྲུབ་པའི་ཕྱག་མཚན་ཏེ། ཉོན་མོངས་པ་གཅོད་པའི་ཤེས་རབ་བོ། །དེ་ལྟར་རིགས་དྲུག་གི་མཚན་མ་འཛིན་པ་བཅོམ་ལྡན་འདས་པདྨ་དང་ཉི་མའི་དབུས་སུ་བཞུགས་པ་བསྒོམ་མོ་ཞེས་རྗེས་སུ་རྣལ་འབྱོར་རོ། །ཤིན་ཏུ་རྣལ་འབྱོར་གྱི་བསྒོམ་པ་བཤད་པར་བྱ་སྟེ། དེ་ནས་ཕུང་པོ་ལ་སོགས་པའི། །དབྱེ་བ་ཤེས་པས་སྣང་མཛད་སོགས། །གནོད་མཛེས་བར་དུ་བོན་གྱི། །དགོད་པས་ཡང་དག་ཉིད་དུ་དགོད། །ཅེས་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་སུ་རྣལ་འབྱོར་གྱི་འོག་ཏུ། ཕུང་པོ་ལ་སོགས་པ་ནི་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་དང༌། ཡན་ལག་དང་ཉིང་ལག་ལའོ། །དགོད་པ་ནི་ས་བོན་གྱི་ཡི་གེ་དགོད་པ་སྟེ་མཚོན་པར་བྱའོ། །ས་བོན་ཡོངས་སུ་གྱུར་པ་ལས་སྣང་མཛད་སོགས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང༌། ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་སྟེ། གནོད་མཛེས་ཀྱི་བར་དུ་བསྒོམ་མོ། །དེ་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་གནོད་མཛེས་ཞེས་བཤད་པ་ཡིན་ནོ། །ས་བོན་དགོད་པ་ནི་ཨོཾ་ལ་སོགས་པའི་ས་བོན་དགོད་པས་སོ། །ཡང་དག་ཅེས་བྱ་བ་ནི་རང་བཞིན་རྗེས་


DTG036_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དྲན་པས་སོ། །ཡང་ན། གང་དང་གང་གིས་ཁ་དོག་དང༌། །གཟུགས་ལ་སོགས་པ་དེ་དང་དེའི། །རིམ་པ་དེ་ཉིད་ཀྱིས་བསམ་མོ། །རྒྱས་པར་བཤད་པར་བྱ་སྟེ། རྣམ་པར་སྣང་མཛད་འདི་ཡི་ས་བོན་ནི། །ཁ་དོག་དཀར་པོ་ཡི་གེ་ཨོཾ། །གཟུགས་ཕུང་ངོ་བོ་ཉིད་ཀྱིས་ནི། །སྔགས་ཤེས་པས་ནི་སྤྱི་བོར་དགོད། །ཅེས་སྨོས་ཏེ། དང་པོར་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་བཀོད་ལ། དེའི་འོད་ཟེར་གྱིས་ནམ་མཁའ་ནས་རྣམ་པར་སྣང་མཛད་ཀྱི་རིགས་བཀུག་ལ་དེ་ཉིད་དུ་བཅུག་སྟེ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཞལ་གསུམ་ཕྱག་དྲུག་པ་ཞི་བ་དཀར་པོའོ། །གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའི་རང་བཞིན་འོག་ནས། བཤད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན། ཏིང་ངེ་འཛིན་སེམས་དཔའི་ཡེ་གེ་ཨོཾ་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དང་བཅས་པ། མཐའ་ཡས་པའི་སངས་རྒྱས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུ་ཁྱབ་པར་བྱེད་པ་བསྒོམས་ན། དེའི་ཚེ་མེ་ལོང་ལྟ་བུའི་ཡེ་ཤེས་འབྱུང་བར་འགྱུར་རོ། །འདུ་ཤེས་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། ཨཿ་ནི་མགོན་པོ་འོད་དཔག་མེད། །འདུ་ཤེས་ཕུང་པོ་བདག་ཉིད་ཅན། །མདོག་དམར་ཁ་ལ་བསམས་ནས་ནི། །ངག་གི་དབང་ཕྱུག་ཉིད་ཐོབ་འགྱུར། །ཞེས་སྨོས་ཏེ། །དེ་ནས་ལྐོག་མའི་དབུས་སུ་པདྨ་འདབ་མ་བརྒྱད་པ་དམར་པོ་དང༌། ཉི་མའི་སྟེང་དུ་ཨཿ་དམར་པོ་བཀོད་ནས་དེའི་འོད་ཟེར་གྱིས་ནམ་མཁའ་ལ་འོད་དཔག་ཏུ་མེད་པའི་རིགས་བཀུག་ཅིང་བཅུག་ལ། དེ་ཡོངས་སུ་གྱུར་པ་ལས་འོད་དཔག་ཏུ་མེད་པ་ཞལ་གསུམ་ཕྱག་དྲུག་པ་དམར་པོ་ཞི་བ། འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་འོག་ནས་བཤད་པའི་ཕྱག་མཚན་འཛིན་པ། །སེམས་དཔའ་གསུམ་གྱི་བདག་ཉིད་ཅན། ཏིང་ངེ་འཛིན་སེམས་དཔའི་ཐིག་


DTG036_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པས། སངས་རྒྱས་མཐའ་ཡས་པའི་འོད་ཟེར་གྱིས་ཕྱོགས་བཅུ་ཁྱབ་པར་བསྒོམས་ན། དེའི་ཚེ་སོ་སོར་རྟོག་བའི་ཡེ་ཤེས་དང་ཐོབ་པ་དང༌། ངག་གི་དབང་ཕྱུག་ཉིད་ཐོབ་པར་འགྱུར་རོ། །རྣམ་པར་ཤེས་པའི་ཕུང་པོ་ཉིད་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། མི་བསྐྱོད་པ་ཡི་ཡི་གེ་ཧཱུཾ། །རབ་ཏུ་བཟང་པོའི་མཐིང་ཤུན་མདོག །རྣམ་ཤེས་ཕུང་པོའི་ངོ་བོ་ཉིད། །སྔགས་པས་སྙིང་གར་རྣམ་པར་དགོད། །ཅེས་སྨོས་ཏེ་སྙིང་གའི་སྟེང་དུ་པདྨ་དང༌། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པ་སྔོན་པོ་རྣམ་པར་ཤེས་པའི་ཕུང་པོའི་ངོ་བོ་འོག་ནས་བཤད་པའི་ཕྱག་མཚན་འཛིན་པ། ཏིང་ངེ་འཛིན་སེམས་དཔའི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ། སངས་རྒྱས་མཐའ་ཡས་པའི་འོད་ཟེར་གྱིས་ཕྱོགས་བཅུར་ཁྱབ་པར་བསྒོམས་ནས། དེའི་ཚེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འབྱུང་བར་འགྱུར་རོ། །ཚོར་བ་བྱིན་གྱིས་བརླབ་པ་བཤད་པ་ནི། རིན་ཆེན་མགོན་པོའི་ཡི་གེ་སྭཱ། །ཚོར་བའི་ཕུང་པོའི་ངོ་བོ་ཉིད། །ཚོར་བ་དག་པའི་རྒྱུ་ཅན་ནི། །ཁ་དོག་སེར་པོ་ལྟེ་བར་དགོད། །ཅེས་སྨོས་ཏེ། དེ་ནས་ལྟེ་བར་པདྨ་དང་ཉི་མའི་སྟེང་དུ་ཁ་དོག་སེར་པོའི་ཡི་གེ་སྭཱ་དགོད་ཅིང༌། དེ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་ཞི་བ་སེར་བོ་ཞལ་གསུམ་ཕྱག་དྲུག་པ། ཚོར་བའི་ཕུང་པོའི་ངོ་བོ་འོག་ནས་བཤད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཏིང་ངེ་འཛིན་སེམས་དཔའི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ། སངས་རྒྱས་མཐའ་ཡས་པའི་འོད་ཟེར་གྱིས་ཕྱོགས་བཅུ་ཁྱབ་པར་བསྒོམས་ན། དེའི་ཚེ་མཉམ་པ་ཉིད་ཀྱི་ཡེ་ཤེས་འབྱུང་ངོ༌། །འདུ་བྱེད་རྣམ་པར་དག་པ་བཤད་པར་བྱ་སྟེ། རྐང་པ་གཉིས་ལ་


DTG036_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་ཧཱ། །འདུ་བྱེད་ཕུང་པོའི་ངོ་བོ་ཉིད། །ལས་ཀྱི་མགོན་པོ་ཉིད་ནི། །སྔགས་པས་ཁ་དོག་ལྗང་གུར་དགོད། །ཅེས་སྨོས་ཏེ། དེ་ནས་རྐང་པ་གཉིས་ཀྱི་སྟེང་དུ་ཁ་དོག་ལྗང་གུའི་ཧཱ་གཉིས་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་ལྗང་གུ་འདུ་བྱེད་ཀྱི་ཕུང་པོའི་ངོ་བོ་འོག་ནས་བཤད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཏིང་ངེ་འཛིན་སེམས་དཔའི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོ་བས་ཕྱོགས་བཅུ་ཁྱབ་པར་བསྒོམས་ན་དེའི་ཚེ་བྱ་བ་ནན་ཏན་བསྒྲུབ་པའི་ཡེ་ཤེས་འབྱུང་ངོ་ཞེས་ཕུང་པོ་བྱིན་གྱིས་བརླབ་པའོ། །ཁམས་བྱིན་གྱིས་བརླབ་པའི་ཕྱིར་བཤད་པར་བྱ་སྟེ། སྔགས་པས་གཏི་མུག་དགའ་སོགས་ནི། །ས་ལ་སོགས་པར་རབ་ཏུ་གཞག །སྲ་དང་གཤེར་དང་དྲོ་བ་དང༌། །གཡོ་བ་ཉིད་ཤེས་རིམ་པ་བཞིན། །ཞེས་སྨོས་ཏེ། ལུས་པོ་འདི་ལ་ཤ་དང་རུས་པ་ལ་སོགས་པ་སྲ་བའི་རང་བཞིན་ནི་ས་སྟེ། དེ་ལ་མོ་ཧ་ར་ཏི་ཞེས་བྱ་བའི་སྔགས་ལས་བྱུང་བ་སངས་རྒྱས་སྤྱན་དཀར་མོ་ཞལ་གསུམ་ཕྱག་དྲུག་པ་རྣམ་པར་སྣང་མཛད་དང་སྙོམས་པར་ཞུགས་པ་བདེ་བ་ཆེན་པོའི་དབང་གིས་ཞུ་སྟེ། ཡང་ཤ་དང་རུས་པ་ལ་སོགས་པར་ཡོངས་སུ་གྱུར་ཏེ། དེ་ལ་མོ་ཧ་ར་ཏི་ཞེས་སྔགས་དགོད་པར་བྱ་སྟེ། དེའི་ཚེ་སའི་ཁམས་རྣམ་པར་དག་པར་འགྱུར་རོ། །དེ་ནས་དྭེ་ཥ་ར་ཏི་ཞེས་བྱ་བའི་སྔགས་ལས་བྱུང་བ་ཆུ་དང་ཁྲག་ལ་སོགས་པ་ཞུ་བའི་རྫས་ལ་མཱ་མ་ཀཱི་བཀོད་དེ། མི་བསྐྱོད་པ་དང་ལྷན་ཅིག་ཏུ་ཞུ་ཞིང༌། ཡང་ཁྲག་ལ་སོགས་པའི་རང་བཞིན་དུ་ཡོངས་སུ་གྱུར་ཏེ། ཡང་དྭེ་ཥ་ར་ཏི་ཞེས་སྔགས་བཀོད་ན། དེའི་ཚེ་ཆུའི་ཁམས་རྣམ་པར་དག་པར་འགྱུར་རོ། །དེ་ནས་སྲོག་གི་དབང་པོ་དང༌། ཉེ་བའི་དྲོ་བའི་རེག་པའི་རང་བཞིན་གྱིས་མེའི་ཁམས་ལ་རཱ་ག་ར་ཏི་ཞེས་བྱ་བའི་སྔགས་དགོད་པ་སྔོན་དུ་འགྲོ་བས་གོས་དཀར་མོ་དམར་པོ་ཞལ་གསུམ་ཕྱག་དྲུག་པ་བསྒོམས་ཏེ། འོད་དཔག་ཏུ་མེད་པ་དང་ལྷན་ཅིག་ཏུ་ཞུ་སྟེ། སླར་ཡང་མེའི་ཁམས་སུ་གྱུར་ཅིང་དེ་ཉིད་ལ་རཱ་ག་ར་ཏི་ཞེས་བྱ་བའི་སྔགས་བཀོད་ན། དེའི་ཚེ་མེའི་ཁམས་


DTG036_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པར་འགྱུར་རོ། །དེ་ནས་རྩའི་ཁོང་སྟོང་གི་ནང་དུ་རྒྱུ་བའི་རླུང་གི་ཁམས་ལ་བཛྲ་ར་ཏི་ཞེས་བྱ་བའི་སྔགས་དགོད་པ་སྔོན་དུ་འགྲོ་བ་ལས་བྱུང་བའི་སྒྲོལ་མ་ཞལ་གསུམ་ཕྱག་དྲུག་པ་ལྗང་གུ་དོན་ཡོད་གྲུབ་པ་དང་བཅས་པར་བསྒོམས་ཏེ་སྙོམས་པར་ཞུགས་པས་ཞུ་ཞིང་ཡང་རླུང་གི་ཁམས་སུ་འགྱུར་ཞིང་དེ་ཉིད་ལ་བཛྲ་ར་ཏི་ཞེས་བྱ་བའི་སྔགས་བཀོད་ན། དེའི་ཚེ་རླུང་གི་ཁམས་རྣམ་པར་དག་པར་འགྱུར་རོ། །སྐྱེ་མཆེད་བྱིན་གྱིས་བརླབ་བ་བཤད་པར་བྱ་སྟེ། ཐླྷིཾ་ནི་མིག་ཏུ་བཀོད་ནས་ནི། །སའི་སྙིང་པོ་རྣམ་པར་བསྒོམ། །ཨོཾ་ནི་རྣ་བདག་ལ་དགོད། །ཕྱག་ན་རྡོ་རྗེ་བསྒོམ་པར་བྱ། །ཨོཾ་ནི་སྣ་ལ་རྣམ་བཀོད་དེ། །ནམ་མཁའི་སྙིང་པོ་རབ་ཏུ་བསྒོམ། །ཨོཾ་ནི་ལྕེ་ལ་བཀོད་ནས་ནི། །འཇིག་རྟེན་དབང་པོར་བརྟག་པར་བྱ། །ཡིད་ལ་ཨོཾ་དང་ཧཱུཾ་བཀོད་དེ། །འཇམ་པའི་དབྱངས་ནི་རབ་ཏུ་བསྒོམ། །ཡི་གེ་ཨོཾ་ནི་ལུས་ཀུན་ལའང༌། །བསྒོམས་པས་སྒྲིབ་སེལ་དྲན་པར་བྱ། །མཾ་ཡིག་རྩ་རྒྱུས་ལ་བཀོད་དེ། །བྱམས་པ་ཉིད་དུ་ཡོངས་སུ་བརྟག །ཚིགས་ཀུན་ལ་ནི་སཾ་བཀོད་དེ། །ཀུན་དུ་བཟང་པོ་བསམ་པར་བྱ། །ཞེས་སྨོས་ཏེ། ཚིགས་སུ་བཅད་པ་བཞིས་སྐྱེ་མཆེད་དྲུག་དང་རྩའི་འཁོར་ལོ་དན་ཚིགས་ཐམས་ཅད་ལ་དགོད་པ་བཤད་པར་བྱ་སྟེ། དེ་ལ་དང་པོ་མིག་གི་དབང་པོ་སྟོང་པ་ཉིད་དུ་བསྒོམས་ལ། སྟོང་པའི་གནས་སུ་ཡི་གེ་ཐླྷིཾ་དཀར་པོ་དགོད་ཅིང་དེ་ཡོངས་སུ་གྱུར་པ་ལས་སའི་སྙིང་པོ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་དཀར་པོ་འཆད་པར་འགྱུར་བའི་ཕྱག་མཚན་འཛིན་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན་དེའི་ཚེ་ཐ་མལ་པའི་མིག་གི་དབང་པོ་ལོག་ནས་ལྷའི་མིག་ཏུ་འགྱུར་རོ། །དེ་བཞིན་དུ་རྣ་བའི་དབང་པོ་སྟོང་པར་བསྒོམས་ནས། སྟོང་པའི་གནས་སུ་ཨོཾ་སྔོན་པོ་བཀོད་ལ་དེ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་སྔོན་པོ་འོག་ནས་འཆད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་ལྷ་སུམ་


DTG036_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན་དེའི་ཚེ་ཐ་མལ་པའི་རྣ་བའི་དབང་པོ་ལོག་ནས་ལྷའི་རྣ་བ་ཐོབ་པར་འགྱུར་རོ། །དེའི་རྗེས་ལ་སྣའི་དབང་པོ་སྟོང་པར་བསྒོམས་ལ། སྟོང་པའི་གནས་སུ་ཡི་གེ་ཨོཾ་སེར་པོ་བཀོད་ལ་དེ་ལས་ནམ་མཁའི་སྙིང་པོ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་སེར་པོ་འོག་ནས་འཆད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསྒོམས་ན། དེའི་ཚེ་ཐ་མལ་པའི་སྣའི་དབང་པོ་ལོག་ནས་ལྷའི་སྣ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ལྕེའི་དབང་པོ་སྟོང་པ་ཉིད་དུ་བསྒོམས་ལ་སྟོང་པའི་གནས་སུ་ཨོཾ་དམར་པོ་ལས་འཇིག་རྟེན་དབང་ཕྱུག་ཞལ་གསུམ་ཕྱག་དྲུག་པ་ཞི་བ་དམར་པོ་འོག་ནས་འཆང་པའི་ཕྱག་མཚན་ཉིད་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན། དེའི་ཚེ་ཐ་མལ་པའི་ལྕེའི་དབང་པོ་ལོག་ནས་ལྷའི་ལྕེ་ཐོབ་པར་འགྱུར་རོ། །དེ་ནས་ཡིད་ཀྱི་གནས་སྙིང་གར་ཨོཾ་དང་བཅས་པའི་ཧཱུཾ་ཡོངས་སུ་གྱུར་པ་ལས་ཁ་དོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པའི་འཇམ་པའི་དབྱངས་འོག་ནས་འཆད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ནས། དེའི་ཚེ་ཐ་མལ་པའི་ཡིད་ལོག་ནས་གཞན་གྱི་སེམས་ཤེས་པ་དང༌། འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བའི་ཤེས་པ་ཐོབ་པར་འགྱུར་རོ། །དེའི་རྗེས་ལ་ལུས་ཀུན་ནི་གསང་བའི་རྡོ་རྗེའི་མཐར་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་ཞལ་གསུམ་ཕྱག་དྲུག་པ་ཞི་བ་ལྗང་གུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འོག་ནས་འཆད་པའི་ཕྱག་མཚན་འཛིན་


DTG036_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན། དེའི་ཚེ་ཐ་མལ་པའི་ལུས་ལོག་ནས་ལྷའི་སྐུ་ཐོབ་པར་འགྱུར་རོ། །དེ་ནས་རྩ་རྒྱུས་ཐམས་ཅད་ལ་ཡི་གེ་མཻཾ་ལས་བྱམས་པ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་དམར་པོ་འོག་ནས་འཆད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན། དེའི་ཚེ་རྩའི་ཁོང་སྟོང་ལོག་ནས་མི་ཕྱེད་པའི་སྐུ་ཐོབ་པར་འགྱུར་རོ། །དེ་ནས་ཡན་ལག་ཐམས་ཅད་ཀྱི་ཚིགས་ལ་སཾ་དམར་པོ་ལས་ཀུན་དུ་བཟང་པོ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་དམར་པོ་འོག་ནས་འཆད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ། སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན། དེའི་ཚེ་རྡོ་རྗེའི་སྐུ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་བརྒྱད་པོ་དེ་དག་ཡོངས་སུ་གྱུར་ནས་ཡང་མིག་ལ་སོགས་པར་སྔར་བཤད་པའི་ཡི་གེའི་འབྲུ་རྣམས་དགོད་པར་བྱའོ། །ཁ་ཅིག་ན་རེ་མི་འགྱུར་བ་ཉིད་ཡིན་ནོ་ཞེས་ཟེར་རོ། །ཡན་ལག་དང་ཉིང་ལག་ལ་དགོད་པ་བཤད་པར་བྱ་སྟེ། ལག་པ་གཡས་པར་གཤིན་རྗེ་གཤེད། །གཡོན་པར་གཞན་གྱིས་མི་ཐུབ་པ། །རྟ་མགྲིན་ཁ་ལ་བསམ་པར་བྱ། །རྡོ་རྗེ་ལ་ནི་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་མི་གཡོ་བ། །གཡོན་པར་འདོད་པའི་རྒྱལ་པོའོ། །པུས་མོ་གཡས་པར་བསམ་པ་ནི། །དབྱིག་པ་སྔོན་པོ་ཆེར་འབར་བ། །པུས་མོ་གཡོན་པར་སྟོབས་པོ་ཆེ། །སྤྱི་བོར་གཙུག་ཏོར་འཁོར་ལོས་སྒྱུར། །གནོད་མཛེས་རྒྱལ་པོ་བསམ་པ་ནི། །རྐང་པ་གཉིས་ལ་དགོད་པར་བྱ། །ཞེས་སྨོས་པ་ལ། དཔུང་པ་གཡས་པ་དང༌། གཡོན་པ་དང༌། ཁ་དང༌། གསང་བ་དང༌། ལག་ངར་


DTG036_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང༌། པུས་མོ་གཉིས་དང༌། ཚངས་པའི་སྒོ་དང༌། རྐང་པའི་མཐིལ་ལ་ཡི་གེ་ཧཱུཾ་སྔོན་པོ་བཅུ་དགོད་པ་འམ། ཡང་ན། ཡ་མཱནྟ་ཀྲྀཏ། པྲཛྙཱནྟ་ཀྲྀཏ། པད་མཱནྟ་ཀྲྀཏ། བིགྷྣཱནྟ་ཀྲྀཏ་དང༌། ཧཱ་སྭཱ་ཨཱཿ་ཨོཾ་བྷཱུཾ་ཧཱུཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་གཤིན་རྗེ་གཤེད་ལ་སོགས་པ་འོག་ནས་འཆད་པར་འགྱུར་བའི་ཕྱག་མཚན་དང་ཁ་དོག་འཛིན་པ་ཁྲོ་བོ་བཅུ་ཞལ་གསུམ་ཕྱག་དྲུག་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ། སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན། དེའི་ཚེ་འབར་བ་དང་སྣང་བ་དང༌། གློག་སྟོན་པ་དང༌། གསལ་བ་དང༌། ཆར་འབེབས་པ་དང༌། མི་སྣང་བ་དང༌། གཟུགས་བསྒྱུར་བ་དང༌། སྐད་ཅིག་གཅིག་གིས་གླིང་བཞི་བསྐོར་བ་དང༌། མཁའ་སྤྱོད་དང༌། ས་འོག་སྤྱོད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། །དགོད་བྱས་དེ་ནས་སྔགས་པ་ཡིས། །ཕུང་པོ་ལ་སོགས་ཆོ་ག་བཞིན། །སྐུ་ཡི་དཀྱིལ་འཁོར་རྫོགས་གྱུར་ནས། །རྣལ་འབྱོར་ཆེན་པོ་ཡང་དག་བསམ། །ཞེས་སྨོས་པ་ལ། དགོད་བྱས་ནི་ཤིན་ཏུ་རྣལ་འབྱོར་གྱི་རིམ་གྱིས་ལྷ་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལོ་བཀོད་ནས་སོ། །ཕུང་པོ་ལ་སོགས་པ་ནི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་དང༌། ཡན་ལག་དང་ཉིང་ལག་ལའོ། །ཆོ་ག་བཞིན་སྔར་བཤད་པའི་རིམ་པས་སོ། །དེས་ནི་ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་འགྱུར་རོ། །ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་ནས། རྣལ་འབྱོར་ཆེན་པོ་ནི་སྐུ་ལ་སོགས་པ་བྱིན་གྱིས་རློབ་པའི་བདག་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཡང་དག་བསམ་ནི་བསྒོམ་པར་བྱའོ། །དེ་ཉིད་བཤད་པ། ཟླ་བའི་དཀྱིལ་འཁོར་ཡང་དག་རྫོགས། །སྤྱི་བོའི་དབུས་སུ་གནས་པར་བསམ། །དེར་ནི་ཡི་གེ་ཨོཾ་དཀར་པོ། །འོད་ཟེར་ལྔ་ནི་རབ་འཕྲོ་བའོ། །ཞེས་སྨོས་པ་ལ། རེ་ཞིག་དང་པོ་སྤྱི་བོའི་དབུས་སུ་ཀླད་པའི་ནང་རྩ་ལ་དགོད་པའི་དབྱངས་དང་པོ་ལས་བྱུང་བ་ཟླ་བའི་དཀྱིལ་འཁོར་ཡང་དག་རྫོགས་ནི་ཉའི་ཟླ་བ་དང་འདྲ་བར་བསྒོམ་མོ། །དེའི་སྟེང་དུ་ཁ་དོག་དཀར་


DTG036_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཡི་གེ་ཨོཾ་ནི་རྣམ་པར་སྣང་མཛད་ཀྱི་ས་བོན་འོད་ཟེར་ལྔ་སྤྲོ་བར་བྱེད་པ་ནི་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དུ་བསྒོམས་ཏེ། དེ་ལས་འོད་ཟེར་གྱི་འཁོར་ལོ་སྤྲོས་ལ་ནམ་མཁར་དེ་ཡོངས་སུ་གྱུར་པ་ལས་སྤྱན་མཐའ་ཡས་པའི་སྤྱན་གྱི་ཚོགས་ཀྱིས་བསྐོར་བ་བསྒོམས་ཏེ། །འོག་མིན་གྱི་གནས་སུ་སོང་ནས་དེ་ལས་ཡེ་ཤེས་ཀྱི་རྣམ་པར་སྣང་བ་ལ་མཆོད་པ་ལྔ་དང་སྙོམས་པར་འཇུག་པས་མཆོད་ཅིང་མགྲིན་པར་ལག་ངར་གྱི་ཞགས་པ་བཅུག་སྟེ་འོག་ཏུ་བཀུག་ཅིང་དེའི་འཁོར་དུ་མ་ཡང་སྤྲུལ་པའི་སྤྱན་གྱི་ཚོགས་ཀྱིས་བཀུག་པར་བསམས་ལ། ཤར་ཕྱོགས་ཀྱི་སྒོའི་མདུན་དུ་པཾ་ལས་སྐྱེས་པའི་སྣ་ཚོགས་པདྨ་དང༌། ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་བཞུགས་སུ་གསོལ་ལ། སྙིང་གནས་མཆོད་པའི་ལྷ་མོ་སྤྲོ་ཞིང་མཆོད་ནས། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསོལ་བ་བཏབ་ནས། དབའ་རླབས་བཞིན་དུ་ཨོཾ་གྱི་ཐིག་ལེར་ཞུགས་ལ། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པས་ང་རྒྱལ་བྱས་ལ་བརྟན་པར་བྱེད་པའི་སྔགས་བརྗོད་པར་བྱ་སྟེ་སྐུ་བྱིན་གྱིས་བརླབ་པའོ། །དེ་ལྟར་གྱུར་ནས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུས་སྤྲས་པའི་བདག་ཉིད་ཐོབ་པར་འགྱུར་རོ་ཞེས་ཕན་ཡོན་ནོ། །དེ་ཉིད་བཤད་པ། དེ་ནས་ལྷ་མོ་ཕྱུང་ནས་ནི། །བདག་པོའི་རབ་ཏུ་སྦྱོར་བ་ཡིས། །སྤྱན་ནི་དུ་མ་བསམས་ནས་ནི། །ནམ་མཁའ་ཐམས་ཅད་རབ་ཏུ་གང༌། །ཞེས་སྨོས་པ་ལ། ལྷ་མོ་ནི་སྤྱན་གཙོ་མོའོ། །བདག་པོའི་སྦྱོར་བ་ཡིས་ནི་དབུས་ཀྱི་གཙོ་བོ་ལ་འཁྱུད་ནས་གནས་པའོ། །སྤྱན་དུ་མ་ནི་དེས་སྤྲོས་པའི་སྤྱན་མང་པོ་སྟེ། འཁོར་གྱི་རང་བཞིན་ནོ། །ནམ་མཁའ་ཐམས་ཅད་རབ་ཏུ་གང༌། ཞེས་བྱ་བ་ནི་ནམ་མཁའི་ཁམས་མ་ལུས་པ་ཁྱབ་ཅིང་ལག་ན་མཆོད་པ་ཐོགས་པའོ། །དེ་ནས་སྐུ་ཡི་རྡོ་རྗེ་ནི། །ནམ་མཁའ་གང་བར་བཞུགས་བསམས་ཏེ། །ཞེས་སྨོས་པ་ལ། དེ་ནས་འོག་མིན་གྱི་གནས་ཐོབ་ནས་སྐུ་རྡོ་རྗེ་


DTG036_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་པར་སྣང་མཛད་ལ་མཆོད་ཅིང་སྙོམས་པར་འཇུག་པ་ཆེན་པོས་མཆོད་ལ། ནམ་མཁའ་གང་བར་བཞུགས་པ་ནི་སངས་རྒྱས་ཀྱི་ཞིང་ལས་བྱུང་ཞིང་གང་དུ་བསྒྲུབས་པའི་གནས་དེའི་ནམ་མཁའ་ལ་ཁྱབ་ནས་བཞུགས་པར་བསམ་པར་བྱའོ། །དེ་དབུས་བདག་པོ་བསྒོམ་པ་ནི། །བདག་ཉིད་ཀྱི་ནི་མདུན་དུ་གནས། །ཞེས་སྨོས་ཏེ། དེ་ནས་བར་སྣང་གི་ནམ་མཁའ་ལ་བཀུག་ཅིང་བདག་ཉིད་ཀྱི་མདུན་དུ་ཞེས་བྱ་བ་ནི་ཤར་ཕྱོགས་ཀྱི་སྒོའི་མདུན་དུ་པདྨ་དང་ཟླ་བའི་སྟེང་དུ་བཞུགས་སུ་གསོལ་བར་བྱ་བ་ནི་བལྟ་བར་བྱ་བའོ།། མཆོད་པ་བྱས་ནས་གསོལ་བ་གདབ་པའི་ཕྱིར་བཤད་པ། དེ་ནས་སྔགས་པས་ཚིགས་བཅད་འདིས། །གཉིས་བརྗོད་ནས་ནི་གསོལ་བ་གདབ། །ཅེས་སྨོས་ཏེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བརྒྱད་ཅུས་སྐུ་ལ་སྤྲས་པ། སྔགས་པ་ནི་བསྒོམ་པ་མི་བརྗེད་པའི་ངང་ཚུལ་གྱིས་འོག་ནས་འཆད་པའི་ཚིགས་སུ་བཅད་པ་གཉིས་བརྗོད་པས་གསོལ་བ་གདབ་པ་ནི་དོན་དུ་གཉེར་བའོ། །དེ་ཉིད་བཤད་པ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཞེས་སྨོས་ཏེ། སངས་རྒྱས་ཀྱི་སྐུ་ནི་རྡོ་རྗེའི་སྐུ་སྟེ། དེ་འཆང་བས་ན་སངས་རྒྱས་སྐུ་འཆང་བའོ། །དཔལ་ནི་སྤྱན་ཏེ་དེ་དང་ལྡན་ནོ། །རྡོ་རྗེ་གསུམ་ནི་སྐུ་རྡོ་རྗེ་ལ་སོགས་པ་སྟེ། དེ་དང་མི་ཕྱེད་པར་བསྒོམས་པ་ནི་ཐ་མི་དད་པའི་རང་བཞིན་ནོ། །བཅོམ་ལྡན་འདས་སྐུ་རྡོ་རྗེ་ནི་ཁྱེད་བདག་ལ་བྱིན་གྱིས་བརླབ་པའི་གནས་ནི་ཡང་དག་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པའོ། །འཁོར་རྣམས་ལ་ཡང་བཤད་པ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཞེས་པ་ནི་གོ་སླའོ། །གསོལ་བ་བཏབ་ཅིང་ཞུས་པ་བཤད་པ་སྟེ། སྤྱན་དང་ལྷན་ཅིག་ལྡན་


DTG036_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །རྣམ་པར་སྣང་མཛད་བསམས་ནས་སུ། །དེ་བཅུག་ནས་ནི་བྱིན་བརླབས་ཏེ། ཕུང་པོ་ལྔ་ཡིས་རབ་བཀང་བའོ། །ཞེས་སྨོས་ཏེ། མཆོད་པའི་མཐར་ཡང་ཨོཾ་གྱི་འོད་ཟེར་གྱིས་སྤྱན་དང་ལྡན་པའི་རྣམ་པར་སྣང་མཛད་བཞུགས་ཤིང་བྱིན་གྱིས་བརླབས་ཏེ་ང་རྒྱལ་བྱའོ།། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་བཀང་བ། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །བདག་ཀྱང་དེ་དང་འདྲ་བར་ཤོག །ཅེས་སྨོས་པ་ལ། སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་གྱི་སྐུ་ནི་རྡོ་རྗེའི་སྐུའོ། །ཇི་ལྟ་བུ་ཡིན་ཞེ་ན། ཕུང་པོ་ལྔ་ཡིས་རབ་བཀང་བ་ནི་ཡེ་ཤེས་ལྔའི་རང་བཞིན་དང༌། དེའི་རྒྱུ་མཐུན་པར་འགྱུར་བ་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔས་རབ་བཀང་བ་ནི་གང་བའོ། །དེ་བཞིན་དུ། བདག་ཀྱང་དེ་དང་འདྲ་བར་ཤོག །ཅེས་བྱ་བ་ནི་གྲུབ་པར་གྱུར་ཅིག་པའོ། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་སྐུའི་རྣམ་པས་སོ། །སྔགས་བཤད་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཉ་ཧོ་ཞེས་སྨོས་ཏེ། ཨོཾ་ནི་རྣམ་པར་སྣང་མཛད་དོ། །སརྦ་ཏ་ཐའ་ག་ཏ་ཀཱ་ཡ་བཛྲ་ནི་སྐུ་མི་ཕྱེད་པའི་སྐུའི་རང་བཞིན་ནོ། །དེའི་སྭ་བྷཱ་བ་ནི་མཚན་མ་ལ་སོགས་པས་བརྒྱན་པ་ཉིད་དང༌། མི་འཇིགས་པ་ཉིད་དོ། །ཨཱཏྨ་ཀོ྅ཧཾ་ནི་དེའི་རང་བཞིན་ང་ཡིན་ནོ་ཞེས་བརྟན་པར་བྱ་བའོ། །ངག་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། ཨཱཿ་ནི་ཁ་དོག་དམར་ལྡན་པ། །ལྕེ་ཡི་དབུས་སུ་གནས་བསམས་ཏེ། །གོས་དཀར་ཞེས་བྱ་བ་ནམ་མཁའ་རུ། །སྤྲོས་ནས་ནམ་མཁའི་ཁམས་རྣམས་དགང༌། ཞེས་སྨོས་ཏེ། རེ་ཞིག་དང་པོ་ལྐོག་མའི་དབུས་སུ་པཾ་ལས་སྐྱེས་པའི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཡི་གེ་ཨཱཿ་དམར་པོ་ལས་འོད་ཟེར་སྤྲོས་ལ། དེ་ཡོངས་སུ་གྱུར་པ་ལས་གོས་དཀར་མོ་མཐའ་ཡས་པའི་གོས་དཀར་མོས་བསྐོར་བར་བསྒོམས་ཏེ། བདེ་བ་ཅན་གྱི་བར་དུ་འགྲོ་ཞིང་དེ་ལ་མཆོད་པ་རྣམ་པ་ལྔས་ཡེ་ཤེས་ཀྱི་འོད་དཔག་ཏུ་མེད་པ་ལ་མཆོད་ཅིང་འཁྱུད་ལ། སྙོམས་པར་འཇུག་པའི་མཆོད་པས་ཀྱང་མཆོད་དེ།


DTG036_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་ལག་ངར་གྱི་ཞགས་པས་དགུག་ཅིང་དེའི་འཁོར་རྣམས་དུ་མ་ཡང་སྤྲུལ་པའི་གོས་དཀར་མོའི་ཚོགས་ཀྱིས་བཀུག་པར་བསམས་ལ། ཤར་གྱི་སྒོའི་མདུན་དུ་པཾ་ལས་སྐྱེས་པའི་པདྨ་དང་ཟླ་བ་ལ་བཞུགས་སུ་གསོལ་ཞིང་རང་གི་སྙིང་གནས་སྔ་མ་བཞིན་དུ་མཆོད་པའི་ལྷ་མོ་སྤྲོ་ཞིང་མཆོད་ལ། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་གསོལ་བ་བཏབ་ལ་འོད་ཟེར་གྱི་དབའ་རླབས་བཞིན་དུ་ཨཱཿ་འི་ཐིག་ལེར་དག་གི་ལམ་ནས་ཞུགས་ལ། གར་ཞིག་རྡོ་རྗེ་ཆོས་ཀྱི་ནི། ཞེས་བྱ་བ་ལ་སོགས་པས་ང་རྒྱལ་བྱས་ལ་བརྟན་པར་བྱེད་པའི་སྔགས་བརྗོད་པར་བྱའོ་ཞེས་གསུང་བྱིན་གྱིས་བརླབ་པའོ། །དེ་ལྟར་གྱུར་ན་གཡས་སུ་འཁྱིལ་པའི་དུང་དང་འདྲ་བ་མགྲིན་པ་དང་གདོང་གི་དཀྱིལ་འཁོར་འབྱོག་པར་བྱེད་པའི་ལྕེ་དང་བསྟན་བཅོས་སྣ་ཚོགས་རྩོམ་པ་གཞུང་དང༌། དོན་དང་ངེས་ཚིག་དང་སོ་སོར་སྣང་བ་རྣམས་ཀྱི་གཞིར་གྱུར་པར་ངག་འགྱུར་རོ་ཞེས་ཕན་ཡོན་ནོ། །དེ་ཉིད་བཤད་པ། གསུང་གི་རྡོ་རྗེ་སྔགས་པས་ནི། །ནམ་མཁའི་དབུས་སུ་བཞུགས་པ་ལ། །དེ་ནས་སྔགས་པས་ཚིགས་བཅད་ནི། །གཉིས་བརྗོད་པས་ནི་གསོལ་བ་གདབ། །ཅེས་སྨོས་པ་ལ། ལྷ་མོའི་མཆོད་པའི་མཐར་གསུང་རྡོ་རྗེ་ནི་འོད་དཔག་ཏུ་མེད་པ་སྟ། འོད་དཔག་ཏུ་མེད་པའི་འཁོར་དང་བཅས་པ་འགུགས་ཤིང་ནམ་མཁའི་དབུས་སུ་སྔ་མ་བཞིན་དུ་པདྨ་དང༌། ཟླ་བའི་དབུས་སུ་བཞུགས་པར་བལྟས་ལ་མཆོད་ཅིང་འོག་ནས་བཤད་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསོལ་བ་གདབ་པར་བྱའོ། །ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབ་གནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཞེས་སྨོས་པ་ལ། གསུང་རབ་ཡན་ལག་དགུའི་རང་བཞིན་ཡིན་པས་ན། ཆོས་ནི་འོད་དཔག་ཏུ་མེད་པའོ། །དེ་ཉིད་གསུང་གི་ལམ་སྟེ་ངག་གི་དབང་ཕྱུག་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པ་དང་དབྱེར་མེད་པས་ན་རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པའོ། །རྡོ་རྗེ་གསུམ་གྱིས་བདག་ལ་


DTG036_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབ་པ་ནི་གསུང་བྱིན་གྱིས་བརླབ་པ་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པའོ། །འཁོར་རྣམས་ལ་བཤད་པར་བྱ་སྟེ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབ་གནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཞེས་པ་ནི་གོ་སླའོ། །ཞུགས་པ་བརྟན་པར་བྱ་སྟེ། གོས་དཀར་མོ་དང་ལྷན་ཅིག་ཉིད། །རང་གི་གཙོ་བོར་ཡང་དག་ལྡན། །ལྕེ་ལ་ཞུགས་པར་རབ་བསམས་ཏེ། །གསུང་གིས་བྱིན་གྱིས་བརླབ་པ་བརྩམ། །ཞེས་སྨོས་ཏེ། མཆོད་པའི་མཐར་ཨཱཿ་འི་འོད་ཟེར་གྱིས་རང་གི་གཙོ་བོ་དང་བཅས་པའི་གོས་དཀར་མོའི་ཚོགས་དབའ་རླབས་བཞིན་དུ་ངག་གི་ལམ་ནས་ཞུགས་ཤིང་ང་རྒྱལ་བྱའོ། །རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་ཞིང༌།། ཆོས་འཛིན་པ་དང་འདྲ་བར་ཤོག །ཅེས་སྨོས་པ་ལ། རྡོ་རྗེ་ཆོས་ནི་འོད་དཔག་ཏུ་མེད་པའོ། །དེ་ཇི་ལྟར་ཕུན་སུམ་ཚོགས་པ་ནི་གཞུང་དང༌། དོན་དམ་ཚིག་དང༌། སོ་སོའི་སྣང་བ་ཡང་དག་པར་རིག་པ་དེ་བཞིན་དུ་བདག་ཀྱང་འགྱུར་རོ་ཞེས་ང་རྒྱལ་བྱའོ། །སྔགས་བཤད་བ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་སྨོས་ཏེ། ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་སརྦ་ཏ་ཐའ་ག་ཏ་ཝཱཀ་བཛྲ་ནི་འོད་དཔག་ཏུ་མེད་པ་སྟེ་དེ་ཉིད་མི་ཕྱེད་པ་ཡིན་བས་བཛྲའོ། །དེའི་སྭ་བྷཱ་བ་ནི་ཡན་ལག་དྲུག་ཅུ་ལ་སོགས་པ་དང་ལྡན་བ་ཉིད་དོ། །དེའི་ཨཱཏྨ་ཀོ྅ཧཾ་ནི་བརྟན་པར་བྱའོ། །ཐུགས་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། སྔགས་པས་སྙིང་གར་ཟླ་བ་ཡི། །གཟུགས་བརྙན་འབར་བ་བསམ་བྱ་སྟེ། །དེར་ནི་མཐིང་ཤུན་ལྟ་བུ་ཡི། །འོད་ཟེར་ལྔ་ལྡན་ཧཱུཾ་དགོད་དོ། །ཞེས་སྨོས་པ་ལ། རེ་ཞིག་དང་པོ་སྙིང་གའི་པཾ་ལས་སྐྱེས་པའི་སྣ་ཚོགས་པདྨའི་ལྟེ་བར་དབྱངས་དང་པོ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་མཐིང་ཤུན་གྱི་འོད་དང་འདྲ་བའི་ཡི་གེ་ཧཱུཾ་འོད་ཟེར་མཐའ་ཡས་བ་སྤྲོ་ཞིང་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་བསྒོམས་ཏེ། དེ་ལས་འོད་ཟེར་སྤྲོ་ཞིང༌། དེ་ཡོངས་སུ་གྱུར་པ་


DTG036_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཐའ་ཡས་པའི་མཱ་མ་ཀཱིའི་ཚོགས་ཀྱིས་བསྐོར་བའི་མཱ་མ་ཀཱི་བསྒོམས་ལ། མངོན་པར་དགའ་བའི་བར་དུ་གཤེགས་ནས་དེ་ལ་ཡེ་ཤེས་ཀྱི་མི་བསྐྱོད་པ་ལ་མཆོད་པ་རྣམ་པ་ལྔ་དང༌། སྙོམས་པར་འཇུག་པའི་མཆོད་པས་མཆོད་ལ། མགྲིན་པར་ལག་ངར་གྱི་ཞགས་པས་བཀུག་ཅིང་དེའི་འཁོར་དུ་མ་ཡང་སྤྲུལ་པའི་མཱ་མ་ཀཱིའི་ཚོགས་ཀྱིས་བཀུག་པར་བསམས་ལ། ཤར་ཕྱོགས་ཀྱི་སྒོའི་མདུན་དུ་པཾ་ལས་སྐྱེས་པའི་པདྨ་དང་ཟླ་བའི་སྟེང་དུ་བཞུགས་སུ་གསོལ་ཏེ། རང་གི་སྙིང་གནས་སྔ་མ་བཞིན་དུ་མཆོད་པའི་ལྷ་མོ་སྤྲོ་ཞིང་མཆོད་ལ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསོལ་བ་བཏབ་ལ། འོད་ཟེར་གྱི་དབའ་རླབས་བཞིན་དུ་ཧཱུཾ་གི་ཐིག་ལེར་ནུ་མ་གཉིས་ཀྱི་ལམ་ནས་ཞུགས་ལ། ཀུན་དུ་བཟང་པོའི་ཐུགས་གང་ཡིན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ང་རྒྱལ་བྱས་ལ། བརྟན་པར་བྱེད་པའི་སྔགས་བརྗོད་པར་བྱ་སྟེ་ཐུགས་བྱིན་གྱིས་བརླབ་པའོ། །དེ་ལྟར་གྱུར་ན་གསལ་བ་ཟླ་བའི་དཀྱིལ་འཁོར་དང་འདྲ་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་འདས་པ་དང༌། མ་འོངས་པ་དང་ད་ལྟར་བྱུང་བའི་དུས་གསུམ་ལ་གནས་པའི་དངོས་པོ་མཁྱེན་པའི་ཐུགས་སུ་འགྱུར་རོ་ཞེས་ཕན་ཡོན་ནོ། །དེ་ཉིད་བརྟན་པ། དེ་ནས་ཧ་མོ་མཱ་མ་ཀཱིའི། །ཚོགས་དང་བཅས་པའང་དབྱུང་བར་བྱ། །ཞེས་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་ཧཱུཾ་ལས་སོ། །མཱ་མ་ཀཱི་ནི་དབུས་ཀྱི་གཙོ་བོའི་ངོ་བོ་ཉིད་དོ། །ཚོགས་དང་བཅས་པ་ནི་འཁོར་དང་བཅས་པ་མཐའ་ཡས་པའི་མཱ་མ་ཀཱི་དབྱུང་བར་བྱ་སྟེ། འོད་ཟེར་དབྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་ནས་དེ་མངོན་པར་དགའ་བར་སོང་ནས་སྔ་མ་བཞིན་དུ་མི་བསྐྱོད་པ་དགུག་ཅིང་ཤར་གྱི་སྒོར་པདྨ་དང་ཟླ་བ་ལ་གནས་པ་ལ་གསོལ་བ་གདབ་པར་བྱ་བའི་ཕྱིར་བཤད་པ། དེ་བཞིན་ཐུགས་ཀྱི་རྡོ་རྗེ་བསྒོམ། །དེ་ལ་སྔོན་བཞིན་གསོལ་བ་གདབ། །ཅེས་སྨོས་ཏེ། ཐུགས་རྡོ་རྗེ་ནི་མི་བསྐྱོད་པ་དེ་བཞིན་དུ་བསམས་ལ། སྔ་མ་བཞིན་དུ་མི་བསྐྱོད་པས་བསྐོར་བར་བལྟས་


DTG036_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ལ། གསོལ་བ་གདབ་པ་ནི་དོན་དུ་གཉེར་བའོ། །སྔོན་བཞིན་ནི་སྐུ་དང་གསུང་རྡོ་རྗེ་ལ་གསོལ་བ་བཏབ་པ་བཞིན་ནོ། །དེ་ཉིད་བཤད་པ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབ་གནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་སྨོས་ཏེ། ཡེ་ཤེས་ལྔའི་རང་བཞིན་གྱི་ཐུགས་ནི་རྡོ་རྗེ་སྟེ་མི་ཕྱེད་པའི་ཕྱིར་རོ། །དེ་འཆང་བ་ནི་ཐུགས་རྡོ་རྗེ་འཆང་སྟེ་མི་བསྐྱོད་པའོ། །དཔལ་ནི་མཱ་མ་ཀཱི་སྟེ་དེ་དང་ལྡན་པས་ན་དཔལ་ལྡན་ནོ། །རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེ་སྟེ། དང་བདག་མི་ཕྱེད་པར་བསྒོམས་པས་ནི་ཐ་མི་དད་པའི་རང་བཞིན་ཁྱོད་ཀྱིས་བདག་ལ་བྱིན་གྱིས་བརླབ་པའི་གནས་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པའོ། །འཁོར་རྣམས་ལ་ཡང་བཤད་པར་བྱ་སྟེ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླག་གནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་བྱ་བ་ནི་གོ་སླའོ། །གསོལ་བ་བཏབ་ནས་ཞུགས་པ་བཤད་པར་བྱ་སྟེ། མཱ་མ་ཀཱི་ཚོགས་མ་ལུས་པ། །རྡོ་རྗེ་ཐུགས་དང་ཡང་དག་ལྡན། །སྙིང་གར་ཡང་ནི་བཅུག་ནས་སུ། །ཐུགས་ཀྱིས་བྱིན་གྱིས་བརླབས་པ་བརྩམ། །ཞེས་སྨོས་ཏེ། སྔ་མ་བཞིན་དུ་འོད་ཟེར་གྱི་འཁོར་ལོས་མཆོད་པ་སྔོན་དུ་འགྲོ་བར་མཱ་མ་ཀཱི་ཚོགས་དང་བཅས་པའི་མཱ་མ་ཀཱི་བཞུགས་པར་ང་རྒྱལ་བྱའོ། །ཀུན་དུ་བཟང་པོའི་ཐུགས་ནི་གང༌། །གསང་བའི་དབང་པོ་བློ་ལྡན་པ། །བདག་ཀྱང་དེ་དང་འདྲར་གྱུར་ཅིག །རྡོ་རྗེ་འཛིན་དང་འདྲ་བར་ཤོག །ཅེས་སྨོས་ཏེ། ཀུན་ནི་ཐོག་མ་དང་བར་མ་དང༌། ཐ་མར་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་གང་ལས་བྱུང་བ་དེ་ནི་ཀུན་དུ་བཟང་པོ་སྟེ། བཅོམ་ལྡན་འདས་མི་བསྐྱོད་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ནི་མ་ཡིན་ཏེ། འདིར་ནི་མི་དགོས་པའི་ཕྱིར་རོ། །དེའི་ཐུགས་གང་ཡིན་པ་ནི་ཡེ་ཤེས་ལྔའི་བདག་ཉིད་དོ། །ཇི་ལྟ་བུ་ཞེ་ན། གསང་བའི་དབང་པོ་སྟེ། གསང་བ་ནི་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་


DTG036_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའོ། །དེ་རྣམས་ཀྱི་དབང་པོ་ནི་བདག་པོ་སྟེ་ཐུགས་རྡོ་རྗེའོ། །དེ་བཞིན་དུ་བློ་ནི་མཱ་མ་ཀཱི་སྟེ། དེ་གང་ལ་ཡོད་པ་དེ་ནི་བློ་ལྡན་པའོ། །བློ་དང་ལྡན་པ་དེ་ཇི་ལྟ་བུའི་ཐུགས་མངའ་བདེ་བཞིན་དུ་བདག་ཀྱང་རྡོ་རྗེ་འཆང་དང་འདྲ་བ་སྟེ་སྔར་བཤད་པའི་མི་བསྐྱོད་པ་དང་མཚུངས་པར་ཤོག་ཅེས་ང་རྒྱལ་བྱའོ། །སྔགས་བཤད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་སྨོས་ཏེ། ཨོཾ་ནི་རྡོ་རྗེ་འཆང་ངོ༌། །སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་ནི་མི་བསྐྱོད་པ་སྟེ། སྭཱ་བྷཱ་བ་ནི། དེ་ཡི་རང་བཞིན་བདག་ཡིན་ནོ། །ཞེས་བསྟན་པར་བྱའོ། །ཐ་མི་དད་པར་བཤད་པར་བྱ་སྟེ། དེ་ལྟར་རིགས་གསུམ་དབྱེ་བ་ཡིས། །སོ་སོར་བྱིན་གྱིས་བརླབས་ནས་སུ། །བློ་དང་ལྡན་པས་གསང་སྔགས་འདིས། །སྔར་ཡང་ཐམས་ཅད་བདག་ཉིད་བྱ། །ཞེས་སྨོས་ཏེ། དེ་ལྟར་སྔར་བཤད་པའི་རིམ་གྱིས་སོ་སོར་བྱིན་གྱིས་བརླབས་པ་ནི་སྐུ་ལ་སོགས་པ་སོ་སོར་བྱིན་གྱིས་བརླབས་ནས། རིགས་གསུམ་གྱི་དབྱེ་བ་ཞེས་བྱ་བ་ནི་སྐུ་ལ་སོགས་པ་རིགས་གསུམ་གྱི་དབྱེ་བས་བྱིན་གྱིས་བརླབས་ལ། སླར་ཡང་ནི་ཐམས་ཅད་བདག་ཉིད་དེ་སྐུ་ལ་སོགས་པ་ཐ་མི་དད་པར་བྱིན་གྱིས་བརླབས་ལ་སྔགས་འདིས་ནི་འོག་ནས་བཤད་པར་བྱའོ། །བློ་དང་ལྡན་པ་ནི་རྣལ་འབྱོར་གྱི་བསྒོམ་པ་ལ་མཁས་པས་སོ། །སྔགས་བཤད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་སྨོས་ཏེ། ཨོཾ་ནི་བཤད་ཟིན་ཏོ། །སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ལ་སོགས་པ་རྡོ་རྗེའི་སྐུ་གསུངས་ཐུགས་ནི་ཡེ་ཤེས་ལྔའི་རང་བཞིན་གང་ཡིན་པ་དེ་རྣམས་རྡོ་རྗེ་སྟེ་མི་ཕྱེད་པའོ། །དེ་རྣམས་ཀྱི་སྭ་བྷཱ་བ་ནི་སྔར་བཤད་པའི་མཚན་ལ་སོགས་པས་བརྒྱན་པ་སྟེ། དེ་ཡི་བདག་ཉིད་ང་ཡིན་ནོ། །ཞེས་ང་རྒྱལ་བྱའོ། །སྔར་བཤད་པའི་སེམས་དཔའ་གསུམ་ཆར་ཉེ་བར་བསྡུ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། དེ་ལྟར་བདག་ཉིད་བྱིན་བརླབས་ནས། །ཟླ་བའི་དཀྱིལ་འཁོར་དབུས་གནས་པའི། །མཚན་མ་དྲུག་དང་ཡང་དག་ལྡན། །དམ་ཚིག་སེམས་དཔའ་བསམ་པར་བྱ། །ཞེས་སྨོས་ཏེ། དང་པོ་སྦྱོར་བའི་


DTG036_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དང་པོས་རྫོགས་པ་དམ་ཚིག་སེམས་དཔའ་གང་ཡིན་པ་དེ་ནི་སྔར་བཤད་པའི་རྡོ་རྗེ་ལ་སོགས་པ་མཚན་མ་དྲུག་དང་ལྡན་པ། ཟླ་བའི་དཀྱིལ་འཁོར་ལ་གནས་པ་བསྒོམ་པར་བྱའོ་ཞེས་སྤྲུལ་པའི་སྐུ་བསྟན་པའོ། །སྙིང་གའི་དབུས་ན་ཕྲ་བ་ཡི། །ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ། །ཏིང་འཛིན་སེམས་དཔའ་ཞེས་བྱ་བའི། །ཡི་གེ་ཧཱུཾ་ནི་དེ་རུ་དགོད། །ཅེས་སྨོས་ཏེ། སྔར་བཤད་པའི་དམ་ཚིག་སེམས་དཔའི་ཐུགས་ཀར་པཾ་ལས་སྐྱེས་པའི་པདྨ་ལ་གནས་པའི་ཟླ་བ་ལ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་དེ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བསྒོམས་ལ། དེའི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེའི་རྩེ་མོར་ཧཱུཾ་གི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པར་དགོད་པར་བྱའོ་ཞེས་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུ་བསྟན་ཏོ། །འདིར་ནི་གྲངས་ཀྱི་རིམ་པ་འདི་ཡིན་ཏེ། རྣལ་འབྱོར་གྱི་ཕྱོགས་སུ་རྡོ་རྗེ་འཆང་གཅིག་གོ །རྗེས་སུ་རྣལ་འབྱོར་གྱི་ཕྱོགས་སུ་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའི་དབྱེ་བས་རྣམ་པ་གསུམ། ཤིན་ཏུ་རྣལ་འབྱོར་གྱི་ཕྱོགས་སུ་ལྷ་སུམ་ཅུ་རྩ་གཉིས་བཀོད་པས་སུམ་ཅུ་རྩ་ལྔར་འགྱུར་རོ། །རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན་གྱིས་ལྷ་སུམ་ཅུ་རྩ་བརྒྱད་དུ་འགྱུར་རོ། །འོག་ནས་བཤད་པའི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཕྱོགས་སུ་ཡེ་ཤེས་ཀྱི་འཁོར་ལོ་འཇུག་པ་དང༌། རྒྱས་གདབ་པའི་ལྷ་གཉིས་ཏེ། ལྷ་བཞི་བཅུའི་མཚན་ཉིད་དོ། །རེ་རེ་ཡང་ལྷ་བཞི་བཅུའི་དབྱེ་བས་བརྒྱ་ཕྲག་བཅུ་གཉིས་དང་བརྒྱད་ཅུར་འགྱུར་རོ། །ཡང་རེ་རེ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་སྟོང་ཕྲག་གཉིས་དང་ལྔ་བརྒྱ་དྲུག་ཅུར་འགྱུར་རོ། །དེ་ནི་དབུས་ཀྱི་གཙོ་བོ་གཅིག་པུ་ལ་གྲངས་ཀྱི་རིམ་པས་ཤེས་པར་བྱའོ། །དཀྱིལ་འཁོར་བ་རྣམས་ལ་གྲངས་དེ་ལྟ་བུས་བདུན་ཁྲི་བཞི་སྟོང་བརྒྱད་བརྒྱར་འགྱུར་ཏེ་མི་བསྐྱོད་པའི་དཀྱིལ་འཁོར་རོ། །རྣམ་པར་སྣང་མཛད་ལ་སོགས་པའི་དབང་དུ་བྱས་ན་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ནི་སྔར་བཤད་པའི་རྩིས་ཀྱིས་བགྲངས་ན་འབུམ་ཕྲག་ཉི་ཤུ་རྩ་གཉིས་དང་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་དང༌།


DTG036_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཕྲག་ཉི་ཤུ་རྩ་ལྔ་དང་བཞི་བཅུར་འགྱུར་རོ། །རྩིས་སོ་ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན། །དེ་ལྟར་རྣལ་འབྱོར་ཆེར་བསྐྱེད་ནས། །ཞེས་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་སྔར་བཤད་པའི་རིམ་གྱིས་རྣལ་འབྱོར་ཆེན་པོ་སེམས་དཔའ་གསུམ་གྱི་བདག་ཉིད་བསྐྱེད་ལ་ཕྱི་ནས་དཀྱིལ་འཁོར་རྒྱལ་བ་མཆོག་བསྒོམ་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། ཆོ་གའི་སྦྱོར་བ་འདི་ཡིས་ནི། །ཕྱག་རྒྱ་བསྒྲུབ་པ་བརྩམ་པར་བྱ། །ཞེས་སྨོས་ཏེ། འོག་ནས་བཤད་པའི་ཆོ་གའི་སྦྱོར་བ་ནི་བསྒོམ་པའི་རིམ་པས་ཕྱག་རྒྱ་བསྒྲུབ་པ་ནི་དེའི་དབྱེ་བ་ཡོངས་སུ་ཤེས་པའི་མཚན་ཉིད་ལ་བརྩོན་པ་ནི་བརྩམ་པར་བྱའོ། །དང་པོ་ཕྱག་རྒྱའི་དབྱེ་བ་བསྟན་པར་བྱ་སྟེ། བུ་མོ་གཟུགས་བཟང་ཕུན་སུམ་ཚོགས། །སྨེ་ཤ་ཅན་ནི་བདག་ཉིད་ཆེ། །བུ་མོ་ཨུཏྤལ་མཐིང་གའི་མདོག །མིག་ཡངས་དམ་པ་རྙེད་ནས་ནི། །ཞེས་སྨོས་པ་ལ། བུ་མོ་ཞེས་བྱ་བ་ནི་ལོ་བཅུ་གཉིས་ལོན་པའོ། །མིག་ཡངས་ཞེས་བྱ་བ་ནི་སྐྲག་པའི་ཤ་བའི་མིག་དང་མཚུངས་པའོ། །ཡང་ན་མིག་ཡངས་པ་ནི་གསང་བའི་པདྨ་གང་ལ་ཡོད་པ་དེ་ནི་མིག་ཡངས་ཏེ། པདྨ་ཅན་ཡིན་གྱི་དུང་ཅན་མ་དང་རི་དགས་ཅན་མ་ནི་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ །དེ་བཞིན་དུ་གཟུགས་ནི་ན་ཚོད་ཡན་ལག་དང་ཉིད་ལག་གི་མཚན་ཉིད་དོ། །བཟང་བ་ནི་ལོ་བཅུ་གཉིས་ལོན་པའོ། །དེ་དག་གིས་ཕུན་སུམ་ཚོགས་པ་ནི་བརྒྱན་པ་སྟེ། བཅོས་མའི་ཕྱིའི་རྒྱན་གྱིས་བརྒྱན་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཨུཏྤལ་མཐིང་གའི་མདོག་ཅེས་བྱ་བ་ནི་མི་བསྐྱོད་པའི་རིགས་ཀྱི་ཁ་དོག་དང་མཐུན་པའོ། །སྨེ་ཤ་ཅན་ཞེས་བྱ་བ་ནི་སྨེ་ཤ་ཅན་གྱི་བུ་མོའོ། །བདག་ཉིད་ཆེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའོ། །ཡང་ན་རྣལ་འབྱོར་པའིའོ། །རྙེད་ན་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བའམ་རྨི་ལམ་དུ་མཐོང་བའོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། མཉམ་པར་གཞག་ཅིང་ལེགས་པར་བསླབ། །སྒྲུབ་པ་པོ་ལ་ཤིན་ཏུ་མོས། །ཞེས་སྨོས་ཏེ། དམ་ཚིག་དང་སྔོམ་པ་ལ་ཕ་རོལ་ཏུ་ཕྱིན་པས་ན་ལེགས་པར་བསླབ་


DTG036_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་བཞིན་དུ་སྒྲུབ་པ་པོ་ནི་དེ་ཉིད་ལེན་པའི་རྣལ་འབྱོར་པ་ལ་ཤིན་ཏུ་མོས་པ་ནི་ཆགས་པ་དང་བཅས་པའམ་དད་པ་དང་ལྡན་པའོ། །དེ་ནི་མི་བསྐྱོད་པའི་རིགས་ཀྱི་ཕྱག་རྒྱའི་དབྱེ་བའོ། །ཁྲུས་མཁན་དང་གར་མཁན་གྱི་བུ་མོ་དག་ནི་སྐུའི་རིགས་དང༌། གསུང་གི་རིགས་ཀྱི་ཕྱག་རྒྱ་སྟེ། ཉི་ཤུ་ལེན་པ་དང༌། བཅུ་དྲུག་ལོན་པ་ནི་འདིར་མི་དགོས་པའི་ཕྱིར་མ་བསྟན་ཏོ། །དེ་ནི་ཕྱག་རྒྱའི་དབྱེ་བའོ། །འདུས་བྱས་པ་བཤད་པར་བྱ་སྟེ། ཨོཾ་ནི་སྤྱི་བོར་བསམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་མན་ངག་ནི་འདི་ཡིན་ཏེ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ལ་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་པོས་དུར་ཁྲོད་དུ་སོང་སྟེ། ཟླ་བ་གསུམ་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་དེ་ནི་ནམ་མཁའ་ལས་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ཡིན་ཏེ། ཆེ་གེ་མོ་ཞེས་བྱ་བའི་སྒྲུབ་པ་པོས་ཆེ་གེ་མོ་ཞེས་བྱ་བའི་ཡུལ་ནས། ཆེ་གེ་མོ་ཞེས་བྱ་བའི་ཕྱག་རྒྱ་བླངས་ཏེ། དེ་དང་ལྷན་ཅིག་ཏུ་སྙོམས་པར་འཇུག་པའི་རིམ་གྱིས་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་ན་རང་དང་གཞན་གྱི་དོན་སྒྲུབ་པ་ལ་ནུས་པ་དང་ལྡན་པར་འགྱུར་རོ་ཞེས་ཐོས་ནས་མཚན་མ་དེ་དག་གི་རིགས་དང༌། ན་ཚོད་དང་། མཚན་ཉིད་དང༌། ཡི་དམ་དུ་བསྒོམ་པ་དང༌། ཁ་དོག་ལ་སོགས་པས་ཉེ་བར་མཚོན་ལ། རང་གི་སྙིང་ག་ནས་རེག་བྱ་རྡོ་རྗེ་མ་སྤྲོས་ནས་དེའི་ཆོས་འབྱུང་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་དག་བཀོད་ལ། དམ་ཚིག་གི་ཕྱག་རྒྱ་ཡང་དེའི་གཡོན་ཕྱོགས་སུ་བཞག་ལ། ཏིང་ངེ་འཛིན་སེམས་དཔའི་ས་བོན་ལས་མེའི་རང་བཞིན་གྱི་འོད་ཟེར་སྣ་ཁུང་གཡས་པ་ལས་ཕྱུང་སྟེ། དེའི་རྐང་པའི་འོག་ཏུ་ཡཾ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་འབར་བ་དང༌། འོད་ཟེར་དེས་དེའི་ལུས་པོ་བསྲེག་ཅིང་རླུང་གིས་ཀྱང་ཐལ་བ་ཁྱེར་བར་བསམས་ཏེ། དེའི་རྣམ་པར་ཤེས་པ་ཡང་གསལ་ཞིང་མར་མེའི་རྩེ་མོ་ལྟ་བུར་བལྟས་ལ། ཡང་སྣ་ཁུང་གཡོན་པ་ནས་སྤྲོས་པའི་འོད་ཟེར་ཁ་དོག་སྔོན་པོ་ལྕགས་ཀྱུའི་རྣམ་པས་བཅིངས་ཤིང་བཀུག་ལ་བཅུག་སྟེ། རྩ་དབུས་


DTG036_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཞུ་བའི་གཟུགས་སུ་བསྒོམ་སྟེ། སྔར་བཤད་པའི་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་གི་དབུས་སུ་ཁཾ་ཡོངས་སུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མ་སྤྲོས་ལ་སེམས་དཔའ་གསུམ་གྱི་བདག་ཉིད་དུ་བྱས་ཏེ། མགོ་བོ་དང༌། ལྐོག་མ་དང༌། སྙིང་ག་དང༌། ལྟེ་བ་དང༌། རྐང་པ་གཉིས་ལ་ཨོཾ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་སངས་རྒྱས་སྤྱན་མ་ལ་སོགས་པ་དང་སྙོམས་པར་ཞུགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ལྷའི་འཁོར་ལོ་མ་ལུས་པར་བཀོད་པར་བསམ་པར་བྱའོ། །ནུ་མ་གཉིས་རྩེ་མ་མཆུ་གཉིས་དང་ནི། །བྷ་ག་བྷ་གའི་ཁོང་སྟོང་ནང་དུ་ནི། །རིམ་པ་ཇི་བཞིན་རིགས་ཀྱི་ལྷ་མོ་ཡིས། །ཕྱུང་བའི་སྔགས་ནི་ངེས་པར་དགོད་པར་བྱ། །དེ་ཡོངས་སུ་གྱུར་པ་ལས་སྤྱན་མ་ལ་སོགས་པ་རིགས་ཀྱི་ལྷ་མོ་བཞི་སེམས་དཔའ་གསུམ་གྱི་བདག་ཉིད་རང་རང་གི་བདག་པོ་ལ་འཁྱུད་པ། ཆགས་པ་ཆེན་པོའི་མེས་བཞུས་པ། ནུ་མ་ལ་སོགས་པའི་དངོས་པོ་ཡོངས་སུ་གྱུར་པ་ལས་ཀྱང་ཕྱུང་བའི་སྔགས་དགོད་པ་བསྒོམ་པར་བྱའོ། །མིག་དང་རྣ་བ་སྣ་དང་ལྕེ་རྩ་དང༌། །སྙིང་ག་དང་ནི་རྩ་རྒྱུས་ཚིགས་རྣམས་ལ། །གཟུགས་རྡོ་རྗེ་སོགས་ལྷ་མོ་རྣམས་ཀྱང་ནི། །ས་སྙིང་ལ་སོགས་པས་ནི་འཁྱུད་པར་དགོད། །དེ་ལ་མིག་གཉིས་ལ་ཛཿ་ཡོངས་སུ་གྱུར་པ་ལས་གཟུགས་རྡོ་རྗེ་མ་སའི་སྙིང་པོས་འཁྱུད་པའོ། །རྣ་བ་གཉིས་ལ་ཧཱུཾ་ཡོངས་སུ་གྱུར་པ་ལས་སྒྲ་རྡོ་རྗེ་མ་ཕྱག་ན་རྡོ་རྗེ་དང་བཅས་པའོ། །སྣ་གཉིས་ལ་བཾ་ཡོངས་སུ་གྱུར་པ་ལས་དྲི་རྡོ་རྗེ་མ་ནམ་མཁའི་སྙིང་པོ་དང་བཅས་པའོ། །ལྕེ་ལ་ཧོཿ་ཡོངས་སུ་གྱུར་པ་ལས་རོ་རྡོ་རྗེ་མ་འཇིག་རྟེན་དབང་ཕྱུག་དང་བཅས་པའོ། །བྷ་གའི་རྩེ་མོར་ཁཾ་ཡོངས་སུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མ་སྒྲིབ་སེལ་དང་ལྡན་པའོ། །སྙིང་གར་རཾ་ཡོངས་སུ་གྱུར་པ་ལས་སྙིང་རྗེ་ལྷ་མོ་འཇམ་དཔལ་དང་བཅས་པའོ། །རྩ་རྒྱུས་ལ་མཻཾ་ཡོངས་སུ་གྱུར་པ་ལས་བྱམས་པ་དང་བཅས་པའོ། །ཚིགས་རྣམས་ལ་གཾ་ཡོངས་སུ་གྱུར་པ་ལས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ཀུན་དུ་བཟང་པོ་དང་ལྡན་པ་བཀོད་ལ། དེ་རྣམས་ཡོངས་སུ་གྱུར་པ་ལས་ཡང་མིག་ལ་སོགས་པ་ས་བོན་དེ་རྣམས་ཀྱི་མཚན་མར་བསམ་པར་བྱའོ།།


DTG036_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་དཔུང་པ་གཡས་པ་དང༌། གཡོན་པའི་རྩ་བ་དང༌། ཁ་དང༌། གསང་བ་དང༌། དེ་བཞིན་དུ་རྗེ་ངར་གཡས་པ་དང༌། གཡོན་པ་དང༌། པུས་མོ་གཡས་པ་དང༌། གཡོན་པ་དང༌། སྤྱི་བོ་དང༌། རྐང་པའི་མཐིལ་ལ་རྡོ་རྗེ་རོ་ལངས་མ་དང༌། ཁྲོ་གཉེར་མ་དང༌། གཞན་གྱིས་མི་ཐུབ་མ་དང༌། རལ་པ་གཅིག་མ་དང༌། སྣ་ཚོགས་རྡོ་རྗེ་མ་དང༌། སྣ་ཚོགས་རིན་ཆེན་མ་དང༌། སྣ་ཚོགས་པདྨ་དང༌། སྣ་ཚོགས་ལས་མ་དང༌། ནམ་མཁའི་རྡོ་རྗེ་མ་དང༌། ས་འཛིན་མ་སྟེ། ཁྲོ་བོའི་རྒྱལ་པོ་བཅུའི་བཙུན་མོ་ཡི་གེ་ཧཱུཾ་བཅུ་ལས་བྱུང་བ་གཤིན་རྗེ་གཤེད་ལ་སོགས་པ་རང་རང་གི་བདག་པོས་འཁྱུད་པ་སྔ་མ་བཞིན་དུ་ལྷའི་འཁོར་ལོ་བསྒོམ་པར་བྱའོ། །དེས་ནི་ཕྱག་རྒྱའི་སྐུ་པདྨའི་ནང་དུ་བསྐྱེད་ལ། དབང་པོ་གཉིས་ཀྱི་ལམ་ནས་ཕྱུང་ལ། རེག་བྱ་རྡོ་རྗེའི་སྐུ་ལ་མར་ལ་མར་བཅུག་པ་བཞིན་དུ་གཅིག་ཏུ་གྱུར་པ་ལས་ཕྱག་རྒྱ་བསྒོམ་པར་བྱའོ། །དེ་ཉིད་བཤད་པ། ཨོཾ་ནི་སྤྱི་བོར་དགོད་པར་བྱ། །ཨཱཿ་ནི་ངག་གི་ལམ་ལ་དགོད། །ཧཱུཾ་ནི་སྙིང་གར་བསམ་བྱ་ཞིང༌། །ལྟེ་བར་སྭཱ་དང་རྐང་གཉིས་ཧཱ། །ཞེས་སྨོས་པ་ལ། མགོ་བོ་ལ་སོགས་པ་ལ་ས་བོན་དེ་དག་ཡོངས་སུ་གྱུར་པ་ལས་ཕྱག་རྒྱ་དང་བཅས་པའི་དེ་བཞིན་གཤེགས་པ་བསྒོམ་པར་བྱའོ་ཞེས་ཕུང་པོ་བྱིན་གྱིས་བརླབ་པའོ། །ཁམས་བྱིན་གྱིས་བརླབ་པར་བྱ་སྟེ། །སྤྱན་དང་མཱ་མ་ཀཱི་དང་ནི། །དེ་བཞིན་དུ་ནི་གོས་དཀར་མོའོ། །སྒྲོལ་མ་ཡང་ནི་སྔགས་པ་ཡིས། །ས་ལ་སོགས་པར་རྣམ་པར་དགོད། །ཅེས་སྨོས་པ་ལ། དེ་ནས་མོ་ཧ་ར་ཏི་ལ་སོགས་པ་ལྷ་མོ་བཞི་ཕྱུང་བའི་སྔགས་ཡོངས་སུ་གྱུར་པ་ལས་རིགས་ཀྱི་ཡུམ་བཞི་ནུ་མ་ལ་སོགས་པར་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་ཀྱང་ས་བོན་དེ་རྣམས་ཀྱིས་མཚན་པའི་ནུ་མ་ལ་སོགས་པ་བཞིན་ནོ། །སྐྱེ་མཆེད་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། ལྷ་མོ་རྡོ་རྗེ་གཟུགས་ལ་སོགས། །དེ་ཉིད་ལ་ནི་རྣམ་བསམས་ལ། །ས་སྙིང་ལ་སོགས་དེ་རྣམས་དང༌། །སྙོམས་པར་འཇུག་པ་བསྒོམ་པར་བྱ། །ཞེས་སྨོས་ཏེ། མིག་ལ་སོགས་པའི་སྐྱེ་མཆེད་དྲུག་དང༌། རྩ་རྒྱུས་དང་ཚིགས་རྣམས་ལ་ཛཿ་ལ་སོགས་པ་ཡོངས་སུ་གྱུར་པ་


DTG036_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཟུགས་རྡོ་རྗེ་མ་ལ་སོགས་པའི་སའི་སྙིང་པོ་ལ་སོགས་པས་འཁྱུད་པ་བདེ་བ་ཆེན་པོའི་དབང་གིས་ཞུ་ཞིང་ཡང་ས་བོན་དེ་རྣམས་ཀྱིས་མཚན་པའི་མིག་ལ་སོགས་པར་བསྒོམ་པར་བྱའོ། །ཡན་ལག་དང་ཉིང་ལག་ལ་དགོད་པ་བཤད་པ་ནི། ལག་གཡས་རྡོ་རྗེ་རོ་ལངས་མ། །གཡོན་ལ་གཞན་གྱིས་མི་ཐུབ་མ། །དེ་ཡི་ཁར་ནི་ཁྲོ་གཉེར་མ། །གསང་བར་རལ་པ་གཅིག་མའོ། །གཞན་ཡང་དཔུང་པ་གཡས་པར་ནི། །དེ་བཞིན་གཤེགས་ཡུམ་རྡོ་རྗེ་མ། །གཡོན་དུ་སྣ་ཚོགས་རིན་ཆེན་གྱི། །ཕྱག་རྒྱ་དག་ནི་བསྒོམ་པར་བྱ། །པུས་མོ་གཡས་ལ་གནས་པ་ཡང༌། །སྣ་ཚོགས་པདྨ་དེ་བཞིན་གཤེགས། །གཡོན་པ་ལ་ནི་སྣ་ཚོགས་ལས། །སྤྱི་བོར་ནམ་མཁའ་རྡོ་རྗེ་མ། །རྐང་པ་གཉིས་ལས་ཡི་ནི། །ས་འཛིན་ལྷ་མོ་གཞག་པར་བྱ། །ཞེས་བྱ་བ་ནི་ཡི་གེ་ཧཱུཾ་བཅུ་པོ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་གཤེད་ལ་སོགས་པས་འཁྱུད་པའི་རྡོ་རྗེ་རོ་ལངས་མ་ལ་སོགས་པ་ཞལ་གསུམ་ཕྱག་དྲུག་རང་རང་གི་བདག་པོ་དང་འདྲ་བའི་ཁ་དོག་དང༌། ཕྱག་མཚན་དང་སྟང་སྟབས་དང་བཅས་པ། དཔུང་པ་གཡས་པ་ལ་སོགས་པ་ལ་དགོད་དོ། །འོ་ན་ཐབས་བྱིན་གྱིས་བརླབས་པའི་དུས་དེ་བཞིན་གཤེགས་པ་འབའ་ཞིག་བསྒོམ་པར་བྱ་སྟེ། ཕྱག་རྒྱ་ནི་བྱིན་གྱིས་བརླབས་པའི་དུས་སུ་ཇི་ལྟར་སྙོམས་པར་འཇུག་པ་དང་བཅས་པ་ལྷ་མོ་རྣམས་བསྒོམ་པར་བྱ་ཞེ་ན་སྨྲས་པ། ཕྱག་རྒྱ་རྣམས་ནི་སྒེག་པའི་རོ་གཙོ་བོ་ཡིན་ནོ་ཞེས་དེ་བྱིན་གྱིས་རློབ་པར་བྱེད་པའི་ལྷའི་འཁོར་ལོ་ཡང་དེ་བཞིན་དུ་བསྒོམ་པར་བྱའོ། །ཐབས་རྣམས་ནི་ཞི་བའི་ཉམས་གཙོ་བོར་གྱུར་པས་ལྷ་མོ་རྣམས་ཀྱི་ནང་དུ་ཆུང་པའི་སྙོམས་པར་འཇུག་པ་དང་བཅས་པ་ཡིན་ནོ་ཞེས་སྐྱོན་མེད་དོ། །ཕྱག་རྒྱ་འདུས་བྱས་ནས་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། དེ་ལྟར་འདུས་བྱས་རྣལ་འབྱོར་པས། །རྡོ་རྗེ་པདྨ་ཡང་དག་བརྩམ། །ཞེས་སྨོས་ཏེ། དེ་ལྟར་ནི་སྔར་བཤད་པའི་རིམ་གྱིས་ལྷ་མོ་རྣམས་དེ་ནི་ཕྱག་རྒྱར་འདུས་བྱས་ལ། ཕྱི་ནས་རྡོ་རྗེ་དང་པདྨ་འདུས་པ་བརྩམ་པར་


DTG036_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཐབས་དང་ཤེས་རབ་འདུས་མ་བྱས་པ་ནི་ཐ་མལ་པའི་སྐྱེས་བུ་བཞིན་དུ་མ་དག་པར་ཐལ་བར་འགྱུར་རོ་ཞེས་དེའི་འདུས་བྱས་པ་བརྩམ་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། རེ་ཞིག་དང་པོ་རང་གི་གསང་བའི་གནས་སྟོང་པར་བསྒོམས་ལ། དེ་ནས་ཁ་དོག་སྔོན་པོའི་ཡི་གེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པ་ཡི་གེ་ཨོཾ་གྱིས་རྩེ་མོར་མཚན་པ། འོད་ཟེར་ལྔ་འཕྲོ་བར་བྱེད་པར་བསམས་ལ། ཕྱག་རྒྱའི་པདྨ་ཡང་སྟོང་པ་ཉིད་དུ་བསྒོམས་ལ། དེ་ཉིད་ཨ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་དེའི་རྩའི་རྩེ་མོའི་ཆར་ངེས་པར་བྱེད་པ་ཕཊ་སེར་པོ་བཀོད་པ་ལ་དེ་དག་ཀྱང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་བསམས་ལ། རྗེས་སུ་ཆགས་པ་བརྩམ་པར་བྱ་སྟེ་དྲད་པའི་དོན་ཏོ། །རྩ་ལྔ་རང་བཞིན་གྱིས་གསང་བ་རྡོ་རྗེ་དང༌། རྩ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ཆོས་འབྱུང་གི་ཕྱག་རྒྱ་སྟེ་ངེས་པའི་དོན་ཏོ། །དེ་ནས་རྗེས་སུ་ཆགས་པའི་ཆོ་ག་བསྒོམ་པར་བྱའོ། །དེ་ཉིད་བཤད་པ། ཧཱུཾ་གི་སྔགས་ཀྱིས་རྡོ་རྗེ་ནི། །རྩེ་མོ་ལྔ་པ་བསམ་པར་བྱ། །དེ་ཚེ་དེ་ཡི་རྩེ་དབུས་སུ། །ཡི་གེ་ཨོཾ་ནི་རྣམ་པར་བསྒོམ། །དེ་བཞིན་པདྨ་འདབ་མ་བརྒྱད། །ཡི་གེ་ཨ་ལས་བྱུང་བར་བསམ། །འོད་ཟེར་ལྔ་ཡིས་ཁྱབ་བསམས་ལ། །དེ་འོག་བསྒྲུབ་པ་བརྩམ་པར་བྱ། །ཞེས་སྨོས་པ་ལ། ཧཱུཾ་སྔོན་པོ་ལས་བྱུང་བའི་དོན་ཏོ། །ཡེ་ཤེས་ལྔའི་རང་བཞིན་ཡིན་པས་ན་རྩེ་ལྔ་པའོ། །རྩ་དབུས་མ་ལ་ནི་རྩ་དབུས་མའི་རྩེ་མོར་རོ། །ཨོཾ་ནི་རྣམ་པར་སྣང་མཛད་ཀྱི་ས་བོན་ཏེ། སའི་ཁམས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང༌། སྲ་བ་དང་ལྕི་བ་ཡིན་པའི་ཕྱིར་རོ། །འདབ་མ་བརྒྱད་པ་ནི་སྡེ་ཚན་བརྒྱད་པའི་རང་བཞིན་དང༌། རྩ་བརྒྱད་པའི་རང་བཞིན་ནོ། །ཨཿ་ནི་ངག་གི་དབང་ཕྱུག་གི་ས་བོན་ཏེ། འདོད་ཆགས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོད་ཟེར་ལྔ་དང་ལྡན་པ་ནི་གཉི་ག་ཡང་ཞེས་ཚིག་གི་ལྷག་མའོ། །དེ་འོག་བསྒྲུབ་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་བརྩམ་པར་བྱ་བའོ། །རྗེས་སུ་ཆགས་པའི་ཚོགས་བཤད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱཏྨཀོ྅ཧཾ་ཞེས་སྨོས་པ་ལ། རེ་ཞིག་དང་


DTG036_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྡོ་རྗེ་དང་པདྨ་འདུས་བྱས་ལ་ཡེ་ཤེས་ཀྱི་གསང་བའི་རྡོ་རྗེ་ལས་ཁ་དོག་ལྔ་པའི་འོད་ཟེར་སྤྲོས་ལ། དམ་ཚིག་རྡོ་རྗེ་ལས་བྱུང་ཞིང༌། །དམ་ཚིག་གི་ལྷ་མོའི་པདྨ་ལས་ཡེ་ཤེས་ཀྱི་ལྷ་མོའི་པདྨར་ཞུགས་ཏེ། ཡེ་ཤེས་དང་དམ་ཚིག་གི་ལྷ་མོའི་དག་གི་ལམ་ནས་བྱུང་ཞིང་དམ་ཚིག་དང༌། ཡེ་ཤེས་སེམས་དཔའི་ངག་གི་ལམ་ནས་ཞུགས་ཏེ། ཡང་རང་གི་གསང་བའི་གནས་སུ་ཕྱིན་པར་བསམ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ལྷ་མོའི་ལྟེ་བར་པདྨའི་འོད་ཟེར་དང༌། དམ་ཚིག་གི་ལྷ་མོའི་ལྟེ་བའི་པདྨའི་འོད་ཟེར་ཕྱུང་ཞིང་ཐབས་ཀྱི་དམ་ཚིག་སེམས་དཔའི་རྡོ་རྗེ་ལས། ཡེ་ཤེས་ཀྱི་གསང་བའི་རྡོ་རྗེའི་ནང་དུ་ཞུགས་ཏེ། ཡང་ཡེ་ཤེས་དང་དམ་ཚིག་གི་ཞལ་ནས་བྱུང་ཞིང་ལྷ་མོ་གཉིས་པོའི་ངག་གི་ལམ་ནས་རང་གི་གསང་བའི་གནས་སུ་ཕྱིན་པར་བསམ་པར་བྱའོ། །དེ་ལ་དམ་ཚིག་སེམས་དཔའི་རྡོ་རྗེ་ལ། དེ་ལ་ཕྱག་རྒྱའི་གསང་བར་འོད་ཟེར་ཐོབ་ན་སྣང་བའི་ཡེ་ཤེས་སོ། །ལྟེ་བར་སྣང་བ་མཆེད་པའི་ཡེ་ཤེས་སོ། །སྙིང་གར་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །ལྐོག་མར་འོད་གསལ་བའོ། །ཐབས་ཀྱི་ལྐོག་མར་སྣང་བའི་ཡེ་ཤེས་སོ། །སྙིང་གར་སྣང་བ་མཆེད་པའི་ཡེ་ཤེས་སོ། །ལྟེ་བར་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །གསང་བར་འོད་གསལ་བའོ། །ཡང་ལྷ་མོ་སྤྲོ་བའི་དུས་སུ་ཐབས་ཀྱི་གསང་བར་སྣང་བའི་ཡེ་ཤེས་སོ། །ལྟེ་བར་སྣང་བ་ཉིད་བར་མཆེད་པའི་ཡེ་ཤེས་སོ། །སྙིང་གར་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །ལྐོག་མར་འོད་གསལ་བ་སྟེ་ངེས་པའི་དོན་ཏོ། །རྗེས་སུ་ཆགས་པའི་ཆོ་ག་འདིས་ཕན་ཚུན་སྐུ་གཉིས་གསལ་བ་དང་དགའ་བའི་རང་བཞིན་དུ་བསྒོམ་པར་བྱའོ། །སེམས་རྩེ་གཅིག་པ་ཐོབ་ནས་སྔགས་བརྗོད་པར་བྱ་སྟེ། ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ནི་བདེ་བ་ཆེན་པོས་དགའ་བ་སྟེ། དེ་ཉིད་མི་ཕྱེད་པས་ན་བཛྲའོ། །དེའི་སྭ་བྷཱ་བ་ནི། འོད་གསལ་བ་ཁོང་དུ་ཆུད་པ་སྟེ། དེའི་བདག་ཉིད་ང་ཡིན་ནོ་ཞེས་ང་རྒྱལ་བྱའོ། །དེས་ནི་བསྙེན་པ་དང་ཉེ་བར་


DTG036_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་བསྟན་ཏོ། །བསྒྲུབ་བྱ་བ་བསྒྲུབ་པ་སྦྱོར་བ་ནི། །གང་ཕྱིར་བསྙེན་པ་ཞེས་བཤད་དོ། །རྡོ་རྗེ་པདྨ་སྦྱོར་བ་ཡིས། །ཉེ་བར་སྒྲུབ་པ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་སྒྲུབ་པའི་ཡན་ལག་བཤད་པར་བྱ་སྟེ། རྡོ་རྗེ་འཛིན་པའི་ང་རྒྱལ་ལེགས་འཆང་སྟེ། །ཧཱུཾ་གི་གླུ་ཡིས་ཀྱང་ནི་བསྐྱོད་བྱ་ཞིང༌། །རང་གི་བྱང་ཆུབ་སེམས་ཉིད་བྱུང་བའི་ཚེ། །དེས་ནི་ཕཊ་ཀྱི་གསང་སྔགས་བརྗོད་པར་བྱ། །ཞེས་སྨོས་པ་ལ། དང་པོ་མིག་ལ་སོགས་པའི་ཕྱག་རྒྱས་པདྨ་བསྐུལ་ཞིང་རྩ་རྣམས་གཤེར་བར་བྱ་སྟེ། དྲོ་བའི་རེག་པའི་རྟགས་ཀྱིས་བྱང་ཆུབ་ཀྱི་སེམས་བྱུང་བ་ཉེ་བར་མཚོན་ཏེ། ལྕེ་རྡོ་རྗེས་ཅུང་ཟད་མྱང་ཞིང་རྡོ་རྗེ་འགྲེང་བར་འགྱུར་བས་པདྨ་རྡོ་རྗེ་དག་སྦྱོར་ཏེ། གཡོ་བ་བརྩམས་ནས་ཁ་གཉིས་དང༌། དབང་པོ་གཉིས་ལས་བྱུང་བའི་སྒྲ་ནི་ཧཱུཾ་གི་རང་བཞིན་དུ་དམིགས་ལ། རྡོ་རྗེ་འཆང་གི་ང་རྒྱལ་འཆང་བས་བདེ་བ་ཆེན་པོའི་སྒྲ་དང༌། སྦྱོར་བའི་སྒྲ་དང༌། ཏིང་ངེ་འཛིན་སེམས་དཔའི་ས་བོན་གྱི་འོད་ཟེར་གྱིས་བར་སྣང་ནམ་མཁའ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་ཏེ། རྩ་དབུས་མར་བྱང་ཆུབ་ཀྱིས་སེམས་ཞུ་བར་བྱས་ལ་ཚངས་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་འཛགས་ནས་སྣང་བ་དང་ཡན་ལག་ཀུན་ཁྱབ་པའི་དུས་སུ་སྣང་བ་མཆེད་པ་དང༌། རྡོ་རྗེ་དཀྱིལ་དུ་སྣང་བ་ཉེ་བར་ཐོབ་པ་དང༌། རྡོ་རྗེའི་རྩེ་མོར་འོད་གསལ་བ་མྱོང་ཞིང་ཕཊ་གྱི་སྒྲའི་རང་བཞིན་པདྨའི་ནང་དུ་བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྣམ་པར་ཕབ་པར་བྱའོ། །མཆོད་པའི་ཆོ་ག་བཤད་པར་བྱ་སྟེ། ཕྱུང་ནས་སྔགས་པས་སླར་ཡང་ནི། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བྱང་ཆུབ་སེམས་ཀྱིས་མཆོད་ནས་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཞེས་སྨོས་ཏེ། ཕྱུང་ནས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྤྲོ་བའི་མཐར་རོ། །དེས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་ཏེ། དེ་བཞིན་གཤེགས་པ་རྣམས་མཆོད་པར་བྱ་ཞིང་མཆོད་པའི་མཐར་འོག་ནས་བྱུང་བའི་སྔགས་བརྗོད་དོ། །མན་ངག་ནི་པདྨའི་ནང་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་


DTG036_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་བཛྲ་དྷྲྀ་ཀ་ཅེས་བྱ་བ་ལ་སོགས་པའི་སྔགས་རྣམས་ལས་དེ་བཞིན་གཤེགས་པ་ལྔ་ཞལ་གསུམ་ཕྱག་དྲུག་པ་རང་གི་རིག་མ་དང་འཁྱུད་པ་བསྒོམས་ཏེ། རེག་པའི་བདེ་བ་ལ་ཞུ་ཞིང་བྱུང་བ་མཆོད་པའི་ལྷ་མོ་ཕྱི་དང་ནང་གི་མཆོད་པའི་རྫས་དང་བཅས་པ་བསམས་ལ། ལྷ་མོ་བ་སྤུའི་བུ་ག་ནས་ཕྱུང་ཞིང་ནམ་མཁའི་ཁམས་ན་གནས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱི་དང་ནང་དང་གསང་བའི་མཆོད་པས་མཆོད་ལ། མཆོད་པའི་མཐར་སྔགས་རྗོད་ཅིང༌། དེ་བཞིན་གཤེགས་པ་དང༌། ལྷ་མོ་དེ་རྣམས་འོད་ཟེར་གྱིས་རང་གི་ཁར་བཅུག་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པའུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པ་ལས་ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ནི་སརྦ་ཏ་ཐཱ་ག་ཏའི་རང་བཞིན་ནོ། །དེ་ལ་པཱུ་ཛ་ནི་མཆོད་པ་སྟེ། སྔར་བཤད་པའི་རྣམ་པ་གསུམ་དང་བླ་ན་མེད་པའོ། །དེ་ཉིད་མི་ཕྱེད་པས་ན་བཛྲའོ། །དེའི་སྭ་བྷཱ་བ་ནི་བདེ་བ་ཆེན་པོ་བསྐྱེད་པ་སྟེ། དེ་ཡི་བདག་ཉིད་ང་ཡིན་ནོ། །ཞེས་ང་རྒྱལ་བྱའོ། །ད་ནི་སྤྲོས་པའི་ཆོ་ག་བཤད་པར་བྱ་སྟེ། རང་སྔགས་ས་ཡིག་ལས་བྱུང་བ། །རྡོ་རྗེ་གསུམ་གྱིས་བྱིན་བརླབས་བདག །པདྨའི་དབུས་སུ་བསྐྱེད་ནས་ནི། །སླར་ཡང་ཞེ་སྡང་རྡོ་རྗེར་གྱུར། །ཞེས་སྨོས་ཏེ། དེ་ནས་རྡོ་རྗེ་འཆང་གི་ང་རྒྱལ་གྱིས་སྔར་བསྡུས་པའི་དེ་བཞིན་གཤེགས་པ་རྣམས་ཐིག་ལེའི་གཟུགས་སུ་ལྷ་མོའི་པདྨ་དང་ཟླ་བར་སྤྲོས་ལ་དེ་ཡོངས་སུ་གྱུར་པ་ལས་བཛྲ་དྷྲྀ་ཀ་ཅེས་བྱ་བ་ལ་སོགས་པའི་རང་བཞིན་སྔགས་ལས་བྱུང་བའི་རང་གི་མཚན་མ་ལས་སྤྲོས་པའི་མི་བསྐྱོད་པ་ལ་སོགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན། ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་བཀོད་ལ། རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའི་རིམ་གྱིས་རྫོགས་པ་དེ་རྣམས་ཀྱི་སྤྱི་པོར་རྡོ་རྗེ་བདུད་རྩིས་དབང་བསྐུར་ལ། སྤྱི་བོར་དབང་གི་བདག་པོས་དམ་ཚིག་སེམས་དཔས་རྒྱས་བཏབ་སྟེ། ཕྱི་རོལ་དུ་ཕྱུང་ཞིང་ཞེ་སྡང་ལ་སོགས་པའི་སྤྱོད་པ་ཅན་གྱི་སེམས་ཅན་གྱི་ཁམས་སྦྱོང་ཞིང་སངས་རྒྱས་ཀྱི་ཞིང་


DTG036_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རབ་ཏུ་འཇུག་པ་སྔོན་དུ་འགྲོ་བ་གཤེགས་ཏེ། དབུས་གྱི་གཙོ་བོ་ལ་འཇུག་པ་དང༌། ཤར་ཕྱོགས་ལ་སོགས་པར་བཞུགས་པར་བྱའོ། །དེ་ཉིད་བཤད་པ། རང་སྔགས་ཡི་གེ་ནི་འོག་ནས་འཆད་པའི་ཕྱུང་བའི་སྔགས་སོ། །དེ་ནས་བྱུང་པ་ནི་མཚན་མ་ལས་བྱུང་བའོ། །རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་དོ། །པདྨའི་དབུས་སུ་ནི་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་གི་ནང་དུའོ། །ཞེ་སྡང་རྡོ་རྗེ་ནི་ཐུགས་རྡོ་རྗེ་འཆང་དུ་འགྱུར་པའོ། །དེ་ཉིད་བཤད་པ། བཛྲ་དྷྲྀ་ཀ་སྔགས་ལས་བྱུང་བའི། །མི་བསྐྱོད་རྡོ་རྗེ་ཅན་བསམས་པ། །མགོན་པོ་རལ་པའི་ཐོར་ཚུགས་འཆང༌། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། །ཞེས་སྨོས་པ་ལ། ཐིག་ལེ་ཡོངས་སུ་གྱུར་པ་ལས་བྱུང་བའི་བཛྲ་དྷྲྀ་ཀ་ཅེས་བྱ་བའི་སྔགས་དང༌། དེ་ལས་བྱུང་བའི་རྡོ་རྗེ་འབར་བ་དེ་ཉིད་ཀྱིས་མཚན་པའོ། །དེ་ནས་སྤྲོ་བ་དང་། བསྡུ་བ་དང༌། གནས་པ་དང༌། བརྟན་པ་དང༌། རྗེས་སུ་ཆགས་པ་སྔོན་དུ་འགྲོ་བར་ཡོངས་སུ་གྱུར་པ་ལས་བྱུང་བ་སེམས་དཔའ་གསུམ་གྱི་བདག་ཉིད་ལྷ་སུམ་ཅུ་རྩ་གཉིས་ཀྱིས་བྱིན་གྱིས་བརླབས་པ་མི་བསྐྱོད་པའི་གཟུགས་ཅན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་དམིགས་པ་ནི་བསམ་པར་བྱའོ། །རལ་པའི་ཐོར་ཚུགས་འཆང་བ་ནི་ཐུབ་པའི་ཆ་ལུགས་སོ། །མི་བསྐྱོད་པས་ནི་ཅོད་པན་བྱས། །ཞེས་བྱ་བ་ནི་ངག་གི་རིགས་ཀྱི་མཚན་མའོ། །ཁ་དོག་ལ་སོགས་པ་བཤད་པ། མཐིང་ཤུན་བཟང་པོའི་མདོག་ལྟར་སྣང༌། །སྔོ་ནག་དམར་དང་དཀར་བའི་ཞལ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཕྱག་དྲུག་པར་ནི་རྣམ་པར་བསྒོམ། །ཞེས་སྨོས་ཏེ། མཐིང་ཤུན་བཟང་པོ་ནི་རྒྱལ་པོའི་མཐིང་ཤུན་ཏེ། དེ་དང་མཚུངས་པའི་སྔོན་པོ་སྟེ། བྱམས་པ་རྣམ་པར་དག་པ་དང་མངོན་སྤྱོད་ཀྱི་ཕྱིར་རོ། །དབུས་མ་ནི་ནག་པོ་སྟེ། ཐུགས་རྡོ་རྗེའི་རང་བཞིན་ནོ། །གཡོན་པ་ནི་དམར་པོ་སྟེ་གསུང་རྡོ་རྗེ་རང་བཞིན་ནོ། །གཡས་པ་ནི་དཀར་པོ་སྟེ་སྐུ་རྡོ་རྗེའི་རང་བཞིན་ནོ། །རྒྱན་རྣམས་ཐམས་ཅད་ནི་དྲ་བ་དང༌། གདུ་བུ་དང༌། རྐང་གདུབ་དང༌། རྣ་ཆ་དང༌། དཔུང་རྒྱན་


DTG036_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་བརྒྱན་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་ཐོབ་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པ་སྟེ་དྲང་བའི་དོན་ཏོ། །རྩ་དབུས་མ་ནི་ནག་པོ་སྟེ་ཆུ་རྒྱུ་བའི་ཕྱིར་རོ། །གཡས་པ་ནི་དཀར་པོ་སྟེ། སྟེང་དུ་བྱང་ཆུབ་ཀྱི་སེམས་འཛག་པའི་ཕྱིར་རོ། །གཡོན་པ་ནི་དམར་པོ་སྟེ་སྟེང་དུ་ཁྲག་འཛག་པའི་ཕྱིར་རོ། །རྩ་གཉིས་པོ་དེ་དག་གི་འོག་ཏུ་རཀྟ་དང་ཤུ་ཀྲ་རྒྱུ་བ་སྟེ་མན་ངག་གོ །ཕྱག་མཚན་བཤད་པར་བྱ་སྟེ། རྡོ་རྗེ་འཁོར་ལོ་པདྨ་ནི། །གཡས་པའི་ཕྱག་ཏུ་བསམ་བྱ་ཞིང༌། །དྲིལ་བུ་རིན་ཆེན་རལ་གྲི་ནི། །དེ་ཡི་གཡོན་ལ་བསམ་པར་བྱ། །ཞེས་སྨོས་པ་ལ། རྡོ་རྗེ་ནི་མི་བསྐྱོད་པའི་ཕྱག་མཚན་ནོ། །འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་མཚན་ནོ། །པདྨ་ནི་འོད་དཔག་ཏུ་མེད་པའི་ཕྱག་མཚན་ནོ། །དྲིལ་བུ་ནི་རྡོ་རྗེ་འཆང་ཆེན་པོའི་ཕྱག་མཚན་ནོ། །རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་གྱི་ཕྱག་མཚན་ནོ། །རལ་གྲི་ནི་དོན་ཡོད་གྲུབ་པའི་ཕྱག་མཚན་ཏེ་དྲང་བའི་དོན་ཏོ། །རྩ་གསུམ་ནི་སྟེང་དང་འོག་གི་དབྱེ་བས་རྡོ་རྗེ་ལ་སོགས་པའི་རྣམ་པ་སྟེ་ངེས་པའི་དོན་ཏོ། །དེ་བཞིན་དུ་འོག་མ་ལ་ཡང་ངོ༌། །ཕྱི་རོལ་དུ་སྤྲོ་བ་བཤད་པར་བྱ་སྟེ། འདི་ནི་སྙིང་པོ་ཕྱུང་ནས་ནི། །ཕྱོགས་བཅུ་རྣམས་སུ་གཟིགས་ནས་ཀྱང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །སངས་རྒྱས་མཛད་པ་ཀུན་མཛད་དེ། །སེམས་ཅན་མ་ལུས་ལེགས་སྦྱངས་ནས། །ཞེ་སྡང་རྡོ་རྗེ་ལ་གནས་འཇོག །སླར་བྱོན་རྡོ་རྗེ་མགོན་པོ་ཡི། །སྤྱན་སྔ་རུ་ནི་འདུག་པར་འགྱུར། །ཞེས་སྨོས་པ་ལ། ཚིགས་སུ་བཅད་པ་གཉིས་ཀྱིས་ཕྱི་རོལ་དུ་སྤྲོ་བ་དང་སེམས་ཅན་གྱི་དོན་མཛད་པ་དང༌། ཡང་གཤེགས་པ་རྣམས་བསྟན་ཏེ། སྙིང་པོས་ཞེས་བྱ་བ་ནི་ལྷ་མོའི་པདྨ་ནས་སོ། །ཕྱོགས་བཅུར་གཟིགས་པ་ནི་མ་གྲོལ་བ་ལ་སོགས་པ་དགྲོལ་བའི་དོན་དུའོ། །སངས་རྒྱས་མཛད་པ་ཞེས་བྱ་བ་ནི་ཞེ་སྡང་གི་སྤྱོད་པ་ཅན་གྱི་སེམས་ཅན་སྦྱོང་བའོ། །དེ་ནས་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པ་ཆེན་པོའི་ཆོས་སྟོན་པ་བསྐོར་ནས་སོ། །སྦྱངས་པ་ནི་ཞེ་སྡང་ལས་བཟློག་ནས་


DTG036_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཞེ་སྡང་རྡོ་རྗེ་ནི་མི་བསྐྱོད་པའིའོ། །གནས་ནི་མངོན་པར་དགའ་བའི་སངས་རྒྱས་ཀྱི་ཞིང་སྟེ། དེ་ལ་གནས་པ་ནི་འཇོག་པར་མཛད་ནས་སོ། །རྡོ་རྗེ་མགོན་པོ་ནི་རྡོ་རྗེ་འཆང་ཆེན་པོའི་སྤྱན་སྔར་ཏེ། སྔར་བཤད་པའི་ཤར་ཕྱོགས་ཀྱི་རེའུ་མིག་ལ་གནས་པ་བསམ་པའོ། །དབུས་ཀྱི་གཙོ་བོ་དང་མི་བསྐྱོད་པ་དག་ཐ་མི་དད་པར་བཤད་པར་བྱ་སྟེ། སྔགས་པས་དེ་ནི་སྙིང་ག་རུ། །རྗེས་ཞུགས་བདག་ཉིད་རྣམ་བསྒོམས་པས། །སྔ་མའི་གཟུགས་ནི་ཡོངས་གྱུར་ནས། །ཞེ་སྡང་རྡོ་རྗེའི་གནས་ན་བཞུགས། །ཞེས་སྨོས་པ་ལ། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོའི་མཛད་པའི་ནུས་པ་དང་ལྡན་པ་ཡིན་པས་མི་བསྐྱོད་པ་དེའོ་མ་དང་ཆུ་བཞིན་དུ་གཅིག་ཏུ་བྱས་ནས་བདག་ཉིད་སྔ་མའི་གཟུགས་ཡོངས་སུ་ལོག་སྟེ། རྡོ་རྗེ་འཆང་གི་གཟུགས་ཡོངས་སུ་སྤངས་ཏེ། ཞེ་སྡང་རྡོ་རྗེའི་གནས་ལ་གནས་པར་བསམ་པར་བྱའོ་ཞེས་འབྲས་བུའི་རྡོ་རྗེ་འཆང་གི་བསྒོམ་པ་བསྟན་ཏོ། །དེ་ཉིད་ཀྱི་ཁྱད་པར་བཤད་པ། ཨིནྡྲ་ནཱི་ལའི་འོད་འབར་བ། །ཉི་མའི་དཀྱིལ་འཁོར་དབུས་ན་བཞུགས། །དཔའ་བོ་རང་གི་ཕྱག་འཁྱུད། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཞེས་སྨོས་ཏེ། ཨིནྡྲ་ནཱི་ལ་ཞེས་བྱ་བ་ནི་རིན་པོ་ཆེ་རྒྱ་མཚོ་ལས་བྱུང་བའོ། །ཨིནྡྲ་ནཱི་ལའི་མདོག་ནི་དེ་དང་འདྲ་བས་ཏེ། དྲག་པོའི་ལས་དང་མཐུན་པའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པ། །ཞེས་བྱ་བ་ནི་ཐབས་ཀྱི་རང་བཞིན་དང་རྣོ་བའི་ཕྱིར་རོ། །རང་གི་ཕྱག་རྒྱས་འཁྱུད་པ་ནི་སྔར་བཤད་པའི་རེག་བྱ་རྡོ་རྗེ་མས་སོ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན་སྨྲས་པ། དྲག་པོ་ཞི་དང་འདོད་ཆགས་ཆེ། །ཞལ་གསུམ་གྱིས་ནི་རྣམ་མཛེས་པའི། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །དཀྱིལ་འཁོར་ཐམས་ཅད་སྤྲོ་བར་བྱ། །ཞེས་སྨོས་ཏེ། དང་པོའི་ཞལ་ནི་དྲག་པོ་སྟེ། །གདུལ་དཀའ་འདུལ་བའི་ཕྱིར་རོ། །གཡས་པ་ནི་ཞི་བ་སྟེ། རྣམ་པར་སྣང་མཛད་བདག་པོ་ཡིན་པས་ན་ཞེ་བ་མཛད་


DTG036_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ཆགས་པ་ཆེ་ནི་གཡོན་པ་སྟེ། འོད་དཔག་ཏུ་མེད་པ་བདག་པོ་ཡིན་པས་ན་དབང་མཛད་པའི་ཕྱིར་རོ། །དེ་ལྟ་བུའི་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་དཀྱིལ་འཁོར་ཐམས་ཅད་ནི་སུམ་ཅུའི་བདག་ཉིད་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྲོ་བ་ནི་པདྨའི་ནང་དུ་སྤྲོ་བར་བྱ་བའོ། །དེ་ཉིད་སྤྲོ་བ་བཤད་པར་བྱ་སྟེ། ཛི་ན་ཛི་ཀ་སྔགས་ལས་བྱུང་བའི། །གཙོ་བོ་རྣམ་པར་སྣང་མཛད་དབྱུང༌། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། །སྟོན་ཀའི་ཟླ་ཟེར་ལྟར་སྣང་ཞིང༌། །གཙུག་ཏོར་ཅོད་པན་དག་གིས་བརྒྱན། །དཀར་དང་ནག་དང་དམར་བའི་ཞལ། །ཕྱག་དྲུག་ཞི་བའི་ཚུལ་ཅན་ཏེ། །འཁོར་ལོ་རིན་ཆེན་པདྨ་དག །གཡས་པ་ཡི་ནི་ཕྱག་ལ་བསམ། །དྲིལ་བུ་རིན་ཆེན་རལ་གྲི་ནི། །དེ་ཡི་གཡོན་དུ་རྣམ་པར་བསམ། །ཞེས་སྨོས་པ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་ཐིག་ལེ་ཡོངས་སུ་གྱུར་པ་ལས། ཛི་ན་ཛི་ཀ་སྔགས་ལས་བྱུང་བའི་རྣམ་པར་སྣང་མཛད་སེམས་དཔའ་གསུམ་གྱི་བདག་ཉིད། གཙོ་བོ་ནི་རང་གི་རིགས་ཀྱི་བདག་པོའོ། །སྤྲོ་བ་ནི་ཕྱུང་བར་བྱའོ། །སྟོན་ཀའི་ཟླ་ཟེར་ནི་འོད་དེ། དེ་དང་འདྲ་བ་ནི་ཞི་བ་མཛད་པའོ། །རལ་པའི་ཐོར་ཚུགས་ནི་སྔ་མ་བཞིན་ནོ། །གཞན་ཡང་ཞལ་དང་པོ་ནི་དཀར་པོ་སྟེ་ཞི་བ་ཡིན་པའི་ཕྱིར་རོ། །ཞལ་གཡས་པ་དང་གཡོན་པ་ནི་ནག་པོ་དང་དམར་པོ་སྟེ། ཐུགས་རྡོ་རྗེ་དང༌། གསུང་རྡོ་རྗེ་སྟེ། མངོན་སྤྱོད་དང་དབང་མཛད་པའི་ཕྱིར་རོ། །ཕྱག་དྲུག་ནི་བཤད་ཟིན་ཏོ། །ཞི་བའི་ཚུལ་ཅན་ནི་ནད་ཐམས་ཅད་འཇམས་པའི་ཕྱིར་རོ། །ཕྱག་གཡས་པའི་དང་པོ་ལ་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་དང༌། བསྒྲིབས་པའི་དྲི་མ་འཇོམས་པའི་ཕྱིར་རོ། །གཡས་པའི་གཉིས་པ་ལ་རྡོ་རྗེ་སྔོན་པོ་སྟེ། མངོན་པར་བྱང་ཆུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཡས་པའི་གསུམ་པ་ལ་པདྨ་དཀར་པོ་ནི་ཞི་བ་དང་མཐུན་པའི་ཕྱིར་རོ། །རྩ་བའི་ཕྱག་གཡོན་པ་ལ་དྲིལ་བུ་སྟེ། རང་བཞིན་མེད་པར་སྟོན་


DTG036_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གཡོན་པ་གཉིས་ལ་རིན་པོ་ཆེ་སྟེ། བསམ་པ་ཐམས་ཅད་རྫོགས་པའོ། །གཡོན་པའི་གསུམ་པ་ལ་རལ་གྲི་ནི་ཉོན་མོངས་པའི་ཞགས་པ་གཅོད་པ་སྟེ། དོན་ཡོད་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཕྱི་རོལ་དུ་སྤྲོ་བ་བཤད་པར་བྱ་སྟེ། དེ་བཞིན་ཐུགས་ཀ་ལས་བྱུང་སྟེ། །གཏི་མུག་སྤྱོད་གནས་སེམས་ཅན་རྣམས། །ཡང་དག་སྦྱངས་ཏེ་སླད་བྱོན་ནས། །ཤར་ཕྱོགས་ཀྱི་ནི་ཟླ་བར་བཞུགས། །ཞེས་སྨོས་ཏེ། ཐུགས་ཀ་ལས་ནི་ལྷ་མོའི་པདྨ་ལས་སོ། །གཏི་མུག་སྤྱོད་པ་ལ་གནས་པ་ནི་གཏི་མུག་གི་རིགས་ཅན་ནོ། །སེམས་ཅན་ནི་ཁམས་གསུམ་པའོ། །སྦྱང་བ་ནི་སྤྲུལ་པ་སྤྲོ་བ་དང༌། སྟོན་པ་ལ་སོགས་པ་དྲི་མ་མེད་པར་བྱས་པའོ། །བྱོན་པ་ནི་རང་གི་སངས་རྒྱས་ཀྱི་ཞིང་ལས་སོ། །ཤར་ཕྱོགས་ནི་ཤར་ཕྱོགས་ཀྱི་རེ་མིག་ལའོ། །ཟླ་བ་ནི་སྣ་ཚོགས་པདྨ་དང༌། ཟླ་བ་དང༌། འཁོར་ལོའི་སྟེང་དུ་བཞུགས་པར་བསམ་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་སྤྲོ་བ་བཤད་པར་བྱ་སྟེ། རཏྣ་དྷྲྀ་ཀ་སྔགས་ལས་བྱུང་བའི། །རིན་ཆེན་ཏོག་ནི་མཁས་པས་དབྱུང༌། །ཞི་བ་ཐོར་ཚུགས་ཅོད་པན་འཆང༌། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། །སེར་དང་གནག་དང་དཀར་བའི་ཞལ། །ཕྱག་དྲུག་པ་ནི་རྣམ་པར་བསྒོམ། །ཡིད་བཞིན་ནོར་བུ་རྡོ་རྗེ་དང༌། །འཁོར་ལོ་དེ་ཡི་གཡས་སུ་བསྒོམ། །དྲིལ་བུ་པདྨ་སེར་པོ་དང༌། །རལ་གྲི་གཡོན་དུ་བསྒོམ་པར་བྱའོ། །ཞེས་སྨོས་པ་ལ་སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་ཐིག་ལེ་ཡོངས་སུ་གྱུར་པ་ལས། རཏྣ་དྷྲྀ་ཀ་སྔགས་ལས་བྱུང་བའི་རིན་པོ་ཆེ་ཟུར་དྲུག་པ་ལས་རིན་ཆེན་ཏོག་དབྱུང་བ་སྤྲོ་བར་བྱའོ། །རལ་པའི་ཐོར་ཚུགས་འཆང་བ་ནི་སྔ་མ་བཞིན་ནོ། །ཞི་བ་ནི་དབུལ་བའི་སེམས་ཅན་རྣམས་རྒྱས་པའི་ཕྱིར་རོ། །བྱམས་པ་དང་། ཆོས་དང༌། མི་འཇིགས་པ་དང༌། ཟང་ཟིང་གི་སྦྱིན་པས་འཇིགས་པ་ཞི་བའོ། །མི་བསྐྱོད་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་དབུ་རྒྱན་བྱས་པ་སྟེ་བརྒྱན་པའོ། །མཁས་པ་ནི་མི་བརྗེད་པའི་ངང་ཚུལ་གྱིས་སོ། །གཞན་ཡང་ཞལ་དང་པོ་ནི་སེར་པོ་སྟེ། རྒྱས་པར་


DTG036_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་ཕྱིར་རོ། །གཡས་པ་དང་གཡོན་པ་ནི་ནག་པོ་དང་དཀར་པོ་སྟེ། ཐུགས་དང་སྐུའི་བདག་ཉིད་དེ། དྲག་པོ་དང་ཞི་བ་མཛད་པའི་ཕྱིར་རོ། །ཕྱག་དྲུག་གི་དོན་ནི་བཤད་ཟིན་ཏོ། །དེ་ནི་རིན་ཆེན་དཔལ་གྱིའོ། །རིན་ཆེན་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའོ། །པདྨ་སེར་པོ་ནི་རྒྱས་པར་བྱེད་པའོ། །ལྷག་པའི་དོན་ནི་སྔ་མ་བཞིན་ནོ། །ཕྱི་རོལ་དུ་སྤྲོ་བ་ལ་སོགས་པ་བཤད་པར་བྱའོ། །དེ་བཞིན་ཐུགས་ཀ་ལས་བྱུང་སྟེ། །ང་རྒྱལ་གནས་ལ་གནས་པ་རྣམས། །ཡང་དག་སྦྱངས་ནས་ལྷ་མོའི་ཆར། །རིན་ཆེན་དབུས་སུ་བཞུགས་པར་འགྱུར། །ཞེས་སྨོས་ཏེ། ཐུགས་ཀ་ནས་ནི་པདྨ་ནས་སོ། །ང་རྒྱལ་གནས་ལ་གནས་པ་ནི། །ང་རྒྱལ་དང་བཅས་པའི་སེམས་ཅན་རྣམས་བསྟན་པ་ལ་སོགས་པས་སྦྱངས་ཏེ། བྱོན་ཞིང་ལྷོ་ཕྱོགས་ཀྱི་རེ་མིག་ལ་གནས་པ་པདྨ་དང་ཉི་མ་དང་ཟུར་དྲུག་པའི་རིན་པོ་ཆེའི་སྟེང་དུ་གནས་པར་བསམ་པར་བྱའོ། །འོད་དཔག་ཏུ་མེད་པ་སྤྲོ་བ་བཤད་པར་བྱ་སྟེ། ཨཱ་རོ་ལྀཀ་སྔགས་ལས་བྱུང་བའི། །མཐའ་ཡས་རྡོ་རྗེ་ཅན་དབྱུང་སྟེ། །ཞི་བ་པདྨ་རཱ་གའི་མདོག །མི་བསྐྱོད་པས་ནི་དབུས་བརྒྱན་བྱས། །ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་ཐིག་ལེ་ཡོངས་སུ་གྱུར་པ་ལས། ཨཱ་རོ་ལྀཀ་སྔགས་ལས་བྱུང་བ་པདྨ་འདབ་མ་བརྒྱད་པ་ལས་འོད་དཔག་ཏུ་མེད་པ་སེམས་གསུམ་གྱི་བདག་ཉིད་དབྱུང་བ་ནི་སྤྲོ་བར་བྱ་བའོ། །པདྨ་རཱ་ག་ནི་ནོར་བུ་སྟེ་དེའི་མདོག་ནི་དེ་དང་མཚུངས་པ་སྟེ་དབང་མཛད་པའི་ཕྱིར་རོ། །ཞི་བ་ནི་སྒེག་པའི་རོ་གཙོ་བོར་གྱུར་པའོ། །མི་བསྐྱོད་པ་ནི་སྔ་མ་བཞིན་ནོ། །དེ་ནས་གཞན་ཡང༌། མགོན་པོ་རལ་པའི་ཐོར་ཚུགས་འཆང༌། །དམར་དང་གནག་དང་དཀར་པའི་ཞལ། །སྒེག་པའི་ཉམས་དང་ཡང་དག་ལྡན། །ཕྱག་དྲུག་པ་ནི་རྣམ་པར་བསྒོམ། །ཞེས་སྨོས་པ་ལ། རལ་པའི་ཐོར་ཚུགས་ཀྱི་དོན་ནི་བཤད་ཟིན་ཏོ། །པདྨའི་རིགས་ཀྱི་བདག་པོ་ཡིན་པས་ན་མགོན་པོའོ། །རྩ་བའི་ཞལ་ནི་དམར་པོ་སྟེ་དབང་མཛད་པའི་ཕྱིར་རོ། །ཞལ་གཡས་པ་དང་གཡོན་པ་ནི་ནག་པོ་དང་དཀར་པོ་སྟེ། རྣམ་


DTG036_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་སྔར་བཤད་ཟིན་ཏོ། །སྒེག་པའི་ཉམས་དང་ལྡན་པ་ནི་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཕྱག་དྲུག་གི་དོན་ནི་བཤད་ཟིན་ཏོ། །ཕྱག་མཚན་བཤད་པར་བྱ་སྟེ། གཡོན་པའི་ཕྱག་གིས་དྲིལ་བུ་དང༌། །པདྨའི་སྡོང་བུའང་འཛིན་པར་མཛད། །པདྨ་ཐུགས་ཀའི་ཕྱོགས་གནས་པ། །གཡས་པ་ཡིས་ནི་འཛིན་པར་མཛད། །ཅེས་པ་ལ། དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཕྱག་གཡོན་པས་འཛིན་པས་དེའི་ཕྱོགས་གཅིག་ལས་བྱུང་བའི་པདྨའི་འདབ་མ་བརྒྱད་པ་ནི་མཚོ་སྐྱེས་ཏེ། ཐུགས་ཀྱི་ཕྱོགས་གཉིས་ཀར་ཕྱག་གཡས་པའི་མཐེ་བོ་དང༌། གུང་མོ་དང༌། མཛུབ་མོ་དག་གི་ལྟེ་བ་ནས་བརྩམས་ཏེ། འདབ་མའི་བར་དུ་དབྱེ་བར་མཛད་པར་བསྒོམ་པར་བྱའོ། །ཇི་ལྟར་པདྨ་དམར་པོ་འདི། །གནས་ཀྱི་སྐྱོན་གྱིས་མ་གོས་པ། །དངོས་པོའི་ཡོན་ཏན་ཚོགས་པས་ན། །དེ་བཞིན་ཁམས་གསུམ་དག་པའོ། །ཞེས་བྱ་བ་དངོས་པོའི་རང་བཞིན་སྟོན་པར་མཛད་པ་པདྨ་དབྱེ་བའི་ཕྱག་རྒྱ་སྟེ་དྲང་བའི་དོན་ཏོ། །གཡོན་ཕྱོགས་སུ་གནས་པའི་ཤེས་རབ་ཀྱི་ཆོས་འབྱུང་གི་པདྨའི་གཡས་ཕྱོགས་ཀྱི་ཐབས་ཀྱི་རང་བཞིན་གྱིས་རྩེ་ལྔ་པའི་གསང་བའི་རྡོ་རྗེའི་ཕྱག་གིས་དབྱེ་བར་མཛད་པ་ཞེས་པ་ནི་ངེས་པའི་དོན་ཏོ། །ཕྱག་མཚན་ལྷག་མ་བཤད་པར་བྱ་སྟེ། རྡོ་རྗེ་འཁོར་ལོ་གཡས་གཉིས་ལ། །རིན་ཆེན་རལ་གྲི་གཡོན་གཉིས་ལ། །ཞེས་སྨོས་ཏེ། ཕྱག་མཚན་གྱི་དོན་ནི་སྔར་བཤད་ཟིན་ཏོ། །ཕྱི་རོལ་སྤྲོ་བ་བཤད་པར་བྱ་སྟེ། སྔོན་བཞིན་འདོད་ཆགས་ཅན་སྦྱངས་ནས། །རྒྱབ་ཀྱི་པདྨ་ལ་བཞུགས་གྱུར། །ཅེས་སྨོས་ཏེ། སྔོན་བཞིན་ནི་པདྨ་ལས་བྱུང་ནས་སོ། །འདོད་ཆགས་ཅན་ནི་ཐ་མལ་པའི་འདོད་ཆགས་ཅན་ནོ། །སྦྱངས་པ་ནི་བསྟན་པ་ལ་སོགས་པས་སོ། །རྒྱབ་ཀྱི་ནི་སངས་རྒྱས་ཀྱི་ཞིང་ལས་བྱུང་ཞིང༌། ནུབ་ཕྱོགས་སུ་པདྨ་དང༌། ཉི་མ་དང༌། པདྨའི་སྟེང་དུ་བཞུགས་པར་བསམ་པར་བྱའོ། །དོན་ཡོད་གྲུབ་པའི་སྤྲོ་བ་བཤད་པར་བྱ་སྟེ། པྲ་ཛྙཱ་དྷྲྀ་ཀ་སྔགས་ལས་བྱུང་བའི། །སྔགས་པས་དོན་ཡོད་རྡོ་རྗེ་ཅན། །མགོན་པོ་སྐུ་མདོག་ལྗང་གུ་དབྱུང༌། །ཐོར་ཚུགས་ཅོད་པན་དག་གིས་བརྒྱན། །


DTG036_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་པྲྫྙཱ་དྷྲྀཀ་གི་སྔགས་ལས་བྱུང་བའི་རལ་གྲི་ལས་བྱུང་བ། སེམས་དཔའ་གསུམ་གྱི་བདག་ཉིད་མགོན་པོ་ནི་ལས་ཀྱི་རིགས་ཀྱི་བདག་པོ་བསམ་པར་བྱའོ། །ཐོར་ཚུགས་ཅོད་པན་ནི་སྔ་མ་བཞིན་ནོ། །གཞན་ཡང༌། ལྗང་དང་གནག་དང་དཀར་བའི་ཞལ། །ཕྱག་དྲུག་འོད་ཟེར་རྣམ་པར་འཕྲོ། །ཞེས་པ་ལས་དང་པོའི་ཞལ་ནི་དམར་པོ་སྟེ། དགུག་པར་མཛད་པའི་ཕྱིར་རོ། །ཞལ་གཡས་པ་དང་གཡོན་པ་ནི་གནག་པ་དང་དཀར་བ་སྟེ། ཐུགས་དང་སྐུའི་རིགས་ཀྱིས་དྲག་པོ་དང་ཞི་བ་མཛད་པའི་ཕྱིར་རོ། །ཕྱག་དྲུག་ནི་སྔ་མ་བཞིན་ནོ། །འོད་ཟེར་འཕྲོ་བ་ནི་འོད་ཟེར་ལྔས་ཁྱབ་པ་སྟེ། ལས་ཐམས་ཅད་པ་ཡིན་པའི་ཕྱིར་རོ། །ཕྱག་མཚན་བཤད་པར་བྱ་སྟེ། རལ་གྲི་སྣ་ཚོགས་རྡོ་རྗེ་དང༌། འཁོར་ལོ་གཡས་སུ་བསྒོམ་པར་བྱ། །ཕྱག་གཡོན་གྱིས་ནི་དྲིལ་བུ་དང༌། །དེ་བཞིན་པད་ལྗང་ནོར་བུའོ། །ཞེས་སྨོས་པ་ལ། ཉོན་མོངས་པ་གཅོད་པའི་ཤེས་རབ་ནི་རལ་གྲིའོ། །མངོན་པར་བྱང་ཆུབ་པ་རྣམ་པ་ཉི་ཤུ་ནི་སྣ་ཚོགས་རྡོ་རྗེའོ། །པདྨ་ལྗང་གུ་ནི་ལས་ཐམས་ཅད་མ་ཡིན་པའི་ཕྱིར་རོ། །དྲིལ་བུ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །མཛད་པ་བཤད་པར་བྱ་སྟེ། ལོག་པའི་ངག་ཅན་སེམས་ཅན་རྣམས། །རྣམ་པར་སྦྱངས་ནས་སླར་བྱོན་ཏེ། །དེ་བཞིན་བྱང་གི་ཕྱོགས་སུ་ནི། །སྣ་ཚོགས་རྡོ་རྗེ་དག་ལ་བཞུགས། །ཞེས་པ་ལ་སྔ་མ་བཞིན་དུ་ཆོས་འབྱུང་ལས་བྱུང་ཞིང་ལོག་པའི་ཚིག་ཅན་གྱི་སེམས་ཅན་ཅན་གྱི་སེམས་ཅན་རྣམས་བསྟན་པ་ལ་སོགས་པས་སྦྱངས་ཤིང་སངས་རྒྱས་ཀྱི་ཞིང་ལ་འཇུག་ཅིང་སླར་ལོག་ནས་བྱང་ཕྱོགས་སུ་པདྨ་དང་ཉི་མ་དང་སྣ་ཚོགས་རྡོ་རྗེ་ལ་ཞུགས་པར་བསམ་པར་བྱའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། ཞེ་སྡང་གཏི་མུག་དེ་བཞིན་ཆགས། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ནི་ལྔ་པོ་འདི་དག་ཉིད། །འདོད་དང་ཐར་པ་རབ་བསྒྲུབ་པའོ། །ཞེས་པ་ལ་ཞེས་སྡང་རྣམ་པར་དག་པ་ནི་མི་བསྐྱོད་པ་དང༌། གཏི་མུག་རྣམ་པར་དག་པ་ནི་རྣམ་པར་སྣང་མཛད་དང༌། འདོད་ཆགས་རྣམ་པར་


DTG036_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པ་ནི་འོད་དཔག་ཏུ་མེད་པ་དང༌། ཡིད་བཞིན་ནོར་བུ་ནི་རིན་ཆེན་འབྱུང་ལྡན་ནོ། །དམ་ཚིག་ཉམས་པ་རྣམས་སླར་ཡང་དམ་ཚིག་གསོ་བར་བྱེད་པས་ན་དམ་ཚིག་པ་ནི་དོན་ཡོད་གྲུབ་པའོ། །རིགས་ལྔ་པོ་དེ་དག་ནི་ཉོན་མོངས་པ་རྣམ་པར་དག་པའོ། །འདོད་པ་ནི་བདེ་བའི་ཐབས་ཀྱིས་ཐར་པ་བསྒྲུབ་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པར་བྱེད་པའོ། །ཡང་ན་འདོད་པ་དང་ཐར་པ་ནི་འདོད་པ་དང་ཐར་པ་དག་སྟེ། ལོངས་སྤྱོད་དང་གྲོལ་བའོ། །དེ་དག་འགྲུབ་པ་ནི་རྩོལ་བའོ། །དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཆོས་ཀྱི་དབྱིངས་དང་མེ་ལོང་མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་དང༌། ཀུན་གཞི་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང༌། འཇུག་པ་དང༌། གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་རྣམ་པར་དག་པ་དང༌། གཟུགས་དང༌། ཚོར་བ་དང་། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་དང༌། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་དང༌། དགུག་པ་རྣམ་པར་དག་པ་དང༌། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་རང་བཞིན་དང༌། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། སེམས་དང༌། དོན་དང༌། བདག་དང༌། རྣམ་པར་རྟོག་པ་དང༌། འཇུག་པའི་རྣམ་པར་ཤེས་པ་རྣམ་པར་དག་པའི་རང་བཞིན་ཤེས་པར་བྱའོ། །ལྷ་མོ་རྣམས་ཀྱི་སྤྲོ་བ་བཤད་པར་བྱ་སྟེ། མོ་ཧ་ར་ཏི་སྔགས་ལས་བྱུང༌། །ལྷ་མོ་སྤྱན་ནི་དབྱུང་བར་བྱ། །དཀར་ཞིང་ཞི་བའི་ཉམས་དང་ལྡན། །རྣམ་སྣང་མཛད་ཀྱིས་སྤྱི་བོར་མཚན། །ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་མོ་ཧ་ར་ཏིའི་སྔགས་ལས་འཁོར་ལོ་རྩིབས་བརྒྱད་པ་ལས་བྱུང་བའི་ལྷ་མོ་སྤྱན་སེམས་དཔའ་གསུམ་གྱི་བདག་ཉིད་དབྱུང་བ་ནི་སྤྲོ་བར་བྱའོ། །ཇི་ལྟ་བུ་ཡིན་ཞེ་ན། དཀར་པོ་ཞེས་བྱ་བ་ནི་ཞི་བ་


DTG036_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་ཕྱིར་རོ། །ཞི་བའི་ཉམས་དང་ལྡན་པ་ནི་རྒྱུ་དེ་ཉིད་ལས་སོ། །རྣམ་པར་སྣང་མཛད་ཀྱིས་མཚན་པ་ནི་རང་གི་བདག་པོའི་ཅོད་པན་ཏེ། རིགས་རྗེས་སུ་དྲན་པའི་ཕྱིར་རོ། །གཞན་ཡང༌། དཀར་དང་གནག་དང་དམར་བའི་ཞལ། །ཕྱག་དྲུག་པར་ནི་རྣམ་པར་བསྒོམ། །འཁོར་ལོ་རྡོ་རྗེ་དེ་བཞིན་དུ། །ཨུཏྤལ་དཀར་པོ་གཡས་སུ་བསམ། །དྲིལ་བུ་དེ་བཞིན་རིན་ཆེན་དང༌། །རལ་གྲི་གཡོན་དུ་བསྒོམ་པར་བྱ། །ཞེས་སྨོས་པ་ལ། ཨུཏྤལ་དཀར་པོ་ནི་ཞི་བ་དང་མཐུན་པའི་ཕྱིར་རོ། །ཞལ་དཀར་པོ་ལ་སོགས་པ་དང༌། འཁོར་ལོ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ད་ནི་ཕྱི་རོལ་དུ་སྤྲོ་བ་བཤད་པར་བྱ་སྟེ། དེ་བཞིན་ཐུགས་ཀ་ནས་བྱུང་སྟེ། །ཕྱོགས་བཅུ་ངག་ཏུ་གཟིགས་ནས་ནི། །གདོན་དང་ནད་གདུངས་འཇིག་རྟེན་རྣམས། །ཐུགས་རྗེ་ཆེན་པོས་ཞི་མཛད་དེ། །སླར་བྱོན་ནས་ནི་ཟླ་དཀྱིལ་དུ། །ཤར་གྱི་མཚམས་སུ་བཞུགས་པར་གྱུར། །ཞེས་སྨོས་པ་ལ། ཐུགས་ཀ་ནས་ཞེས་པ་ནི་པདྨའི་དབུས་ནས་སོ། །ཕྱོགས་བཅུར་གཟིགས་པ་ནི་ནད་དང་ལྡན་པའི་ནད་ཞི་བར་བྱ་བའི་དོན་དུའོ། །གདོན་ནི་རེ་བ་ཏིའི་གདོན་ལ་སོགས་པས་བྱས་པའོ། །ནད་ནི་རིམས་ལ་སོགས་པ་སྟེ། དེ་རྣམས་ཀྱིས་གདུངས་པ་ནི་མནན་པའི་འཇིག་རྟེན་པ་གང་ཡིན་པ་དེ་ལ་བདུད་རྩིའི་འོད་ཟེར་སྤྲོ་བས་ཞི་བར་མཛད་པ་ནི། རབ་ཏུ་ཞི་བར་བྱས་ནས་རང་གི་སངས་རྒྱས་ཀྱི་ཞིང་ལ་འཇོག་ཅིང༌། སླར་ལོག་སྟེ་ཤར་ལྷོའི་མཚམས་སུ་སྣ་ཚོགས་པདྨ་དང༌། ཟླ་བ་དང༌། འཁོར་ལོ་ལ་བཞུགས་པར་བསམ་པར་བྱའོ། །མཱ་མ་ཀཱིའི་སྤྲོ་བ་བཤད་པར་བྱ་སྟེ། དྭེ་ཥ་ར་ཏིའི་སྔགས་ལས་བྱུང༌། །ལྷ་མོ་མཱ་མ་ཀཱི་དབྱུང་སྟེ། །ཨུཏྤལ་སྔོན་པོའི་འདབ་ལྟར་སྔོ། །བཞིན་བཟངས་ཤིན་ཏུ་ཡིད་དུ་འོང༌། །ཞེས་སྨོས་པ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་ཐིག་ལེ་ཡོངས་སུ་གྱུར་པས་དྭེ་ཥ་ར་ཏིའི་སྔགས་ལས་བྱུང་བ་རྡོ་རྗེ་རྩེ་ལྔ་པ་ལས་ལྷ་མོ་མཱ་མ་ཀཱི་སྤྲོ་བར་བྱ་སྟེ། ཇི་ལྟ་བུ་ཡིན་ཞེ་ན། ཨུཏྤལ་སྔོན་པོའི་འདབ་ལྟར་སྔོ་བ་ནི་ཁ་དོག་སྔོ་བའོ། །དེ་བཞིན་དུ་བཞིན་བཟངས་ནི་ཞལ་མཛེས་པའོ། །དེ་ཉིད་ཀྱི་ཕྱིར་ཡིད་དུ་འོང་བ་ནི་བཅོམ་ལྡན་འདས་མི་བསྐྱོད་པ་འམ། རིན་ཆེན་འབྱུང་ལྡན་གྱི་ཐུགས་འཕྲོས་པ་སྟེ། མཱ་མ་ཀཱི་


DTG036_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རིགས་གཉིས་པ་ཡིན་པའི་ཕྱིར་རོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། གནག་དང་དཀར་དང་དམར་པ་སྟེ། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། །རྡོ་རྗེ་འཁོར་ལོ་དེ་བཞིན་དུ། །ཨུཏྤལ་སྡོ་དམར་གཡས་པ་ལ། །དྲིལ་བུ་རིན་ཆེན་རལ་གྲི་ནི། །གཡོན་པའི་ཕྱག་ན་བསྣམས་པར་མཛད། །ཅེས་སྨོས་པ་ལ། ཞལ་ནག་པོ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །མི་བསྐྱོད་པས་ནི་དབུ་རྒྱན་བྱས་པ་ནི་རང་གི་བདག་ཉིད་ཅན་ནོ། །གང་གི་ཚེ་རིན་ཆེན་འབྱུང་ལྡན་གྱི་རིགས་ཡིན་ན། དེའི་ཚེ་རིན་ཆེན་འབྱུང་ལྡན་གྱི་ཅོད་པན་བྱའོ། །རྡོ་རྗེ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྔོན་པོ་དང་དམར་པོ་འདྲེས་པར་གྱུར་པ་ན་སེར་བོ་དང་ནག་པོར་སྣང་བར་འགྱུར་ཏེ། གཉི་གའི་རིགས་ཀྱི་རྟགས་བཤད་དོ། །ཕྱི་རོལ་དུ་སྤྲོ་བ་བཤད་པར་བྱ་སྟེ། བགེགས་ཆེན་འཇིགས་པས་གཟིར་བ་རྣམས། །ཐུགས་རྗེ་ཆེན་པོས་སྲུང་མཛད་པར། །བྱུང་ནས་སླར་ནི་བྱོན་ནས་སུ། །ལྷོ་ནུབ་ཏུ་ནི་བཞུགས་པར་གྱུར། །ཅེས་སྨོས་ཏེ། བགེགས་ཆེན་པོ་ནི་སྲིན་པོ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་འཇིགས་པ་ནི་རྨི་ལམ་ངན་པ་ལ་སོགས་པ་དེ་རྣམས་ཀྱིས་གཟིར་བ་ནི་གནོད་པ་གང་ཡིན་པ་དེ་རྣམས་ལས་སྲུང་བ་མཛད་ནས་སོ། །སྲིན་པོ་ལ་སོགས་པ་བསྐྲད་ཅིང་རང་གི་སངས་རྒྱས་ཀྱི་ཞིང་ནས་ལོག་ཅིང་ལྷོ་ནུབ་ནི་བདེན་བྲལ་གྱི་མཚམས་སུ་སྣ་ཚོགས་པདྨ་དང༌། ཉི་མ་དང༌། རྡོ་རྗེའི་སྟེང་དུ་བཞུགས་པར་བྱའོ། །གོས་དཀར་མོའི་སྤྲོ་བ་བཤད་པར་བྱ་སྟེ། རཱ་ག་ར་ཏིའི་སྔགས་ལས་བྱུང༌། །གོས་དཀར་མོ་ནི་དབྱུང་བྱ་སྟེ། །ཞལ་ནི་དམར་དང་གནག་དང་དཀར། །པདྨ་རཱ་གའི་འོད་དང་ལྡན། །ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་ཐིག་ལེ་ལས་རཱ་ག་ར་ཏི་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་ལས་བྱུང་བའི་གོས་དཀར་མོ་པདྨ་རཱ་གའི་ནོར་བུའི་ཁ་དོག་དང་འདྲ་བ་སྤྲོ་བར་བྱའོ། །དམར་པོ་ལ་སོགས་པ་ཞལ་གྱི་དོན་ནི་བཤད་ཟིན་ཏོ། །གཞན་ཡང༌། འོད་དཔག་མེད་བཅས་རལ་བའི་ཚོགས། །ཕྱག་དྲུག་པ་ནི་རྣམ་བསྒོམས་ཏེ། །གཡོན་པའི་དྲིལ་བུར་བཅས་པ་ཡིས། །ཨུཏྤལ་སྡོང་བུ་འཛིན་མཛད་ལ། །ཐུགས་ཀར་གནས་པའི་ཨུཏྤལ། །


DTG036_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་གཡས་ཀྱིས་འཛིན་པར་མཛད། །ཅེས་སྨོས་པ་ལ། རལ་བ་རྣམས་ཀྱི་ཚོགས་ནི་རལ་པའི་ཚོགས་སོ། །འོད་དཔག་ཏུ་མེད་པ་དང་བཅས་པའི་རལ་པའི་ཚོགས་གང་ལ་ཡོད་པ་དེ་ནི་འོད་དཔག་མེད་དང་བཅས་པའི་རལ་བའི་ཚོགས་ཏེ། རང་གི་བདག་པོའི་ཅོད་པན་ཞེས་བྱ་བའི་དོན་ཏོ། །ཕྱག་དྲུག་གི་དོན་ནི་བཤད་ཟིན་ཏོ། །ཕྱག་གཡོན་པ་དྲིལ་བུ་དང་བཅས་པས་ཕྱོགས་གཅིག་ཏུ་པདྨའི་སྡོང་བུ་བཟུང་སྟེ། ཕྱག་གཡས་པས་ཐུགས་ཀར་ཁ་དོག་དམར་པོ་ཉིད་དབྱེ་བར་མཛད་པར་བསམ་པར་བྱའོ། །རྣམ་པར་དག་པ་ནི་འོད་དཔག་ཏུ་མེད་པ་བཞིན་ནོ། །ཕྱག་མཚན་ལྷག་མ་རྣམས་བཤད་པར་བྱ་སྟེ། རྡོ་རྗེའི་འཁོར་ལོ་གཡས་དག་ལ། །ནོར་བུ་རལ་གྲི་གཡོན་པ་ན། །བསྣམས་པར་མཛད་པ་བྱུང་ནས་ནི། །གདོན་གྱིས་ཉེན་པ་ཞི་མཛད་དེ། །སླར་བྱོན་པདྨོའི་དབུས་ཉིད་དུ། །ནུབ་བྱང་མཚམས་སུ་བཞུགས་པར་གྱུར། །ཞེས་སྨོས་ཏེ། རྡོ་རྗེ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གདོན་གྱིས་ཉེན་པ་ནི་དབུལ་བའི་གདོན་གྱིས་ཉེན་པ་ལ་ཞི་བར་མཛད་པ་ནི་རྒྱས་པར་མཛད་ནས་སོ། །ཡང་ན་དབང་དུ་མ་གྱུར་པའི་གདོན་གྱིས་ཉེན་པ་ལ་ཞི་བར་མཛད་པ་སྟེ། དབང་དུ་མཛད་ནས་སངས་རྒྱས་ཀྱི་ཞིང་ལས་བྱུང་སྟེ། རླུང་གི་མཚམས་སུ་སྣ་ཚོགས་པདྨ་དང༌། ཟླ་བ་དང༌། མཚོ་སྐྱེས་ལ་བཞུགས་པར་བསམ་པར་བྱའོ། །སྒྲོལ་མའི་སྤྲོ་བ་བཤད་པར་བྱ་སྟེ། བཛྲ་ར་ཏིའི་སྔགས་ལས་བྱུང༌། །ཡིད་འོང་སྒྲོལ་མ་དབྱུང་བྱ་སྟེ། །ལྗང་དང་གནག་དང་དཀར་བའི་ཞལ། །དཱུར་བའི་ལོ་མའི་མདོག་དང་མཉམ། །ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་ཐིག་ལེ་ཡོངས་སུ་གྱུར་པ་ལས་བཛྲ་ར་ཏིའི་སྔགས་ལས་བྱུང་བའི་ཨུཏྤལ་ལས་སྐྱེས་པ་དཱུར་བའི་ལོ་མ་བཞིན་ནི་ལྗང་སྐྱའི་ལྷ་མོ་སྒྲོལ་མ་སྤྲོ་བར་བྱ་སྟེ། ལྗང་གུ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གཞན་ཡང༌། དོན་ཡོད་པས་ནི་གཙུག་ཏོར་བྱས། །ཕྱག་དྲུག་པར་ནི་རྣམ་པར་བསྒོམ། །སྣ་ཚོགས་རྡོ་རྗེ་འཁོར་ལོ་དང༌། །ཨུཏྤལ་དཀར་པོ་གཡས་པ་ན། །དྲིལ་བུ་རིན་ཆེན་རལ་གྲི་ནི། །བརྟུལ་ཞུགས་ཅན་གྱིས་གཡོན་དུ་བསམ། །ཞེས་


DTG036_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཏེ། དོན་ཡོད་ཅེས་བྱ་བ་ནི་རང་གི་བདག་པོས་སོ། །ཕྱག་དྲུག་ལ་སོགས་པའི་དོན་བཤད་ཟིན་ཏོ། །བྱ་བ་བཤད་པར་བྱ་སྟེ། སེམས་ཅན་ཐམས་ཅད་དབང་མཛད་དེ། །སྣ་ཚོགས་རྡོ་རྗེའི་སྟན་ལ་ཡང༌། །བྱུང་ནས་སླར་ནི་བྱོན་ནས་སུ། །བྱང་ཤར་མཚམས་སུ་བཞུགས་པར་གྱུར། །ཞེས་སྨོས་པ་ལ། སེམས་ཅན་ཐམས་ཅད་ནི་འཇིགས་པ་ཆེན་པོ་བརྒྱད་འདི་ལྟ་སྟེ། སེང་གེ་དང༌། གླང་པོ་དང༌། མེ་དང༌། སྤྲུལ་དང༌། ཆོམ་རྐུན་དང༌། བཙོན་ར་དང༌། རྒྱ་མཚོ་དང༌། ཤ་ཟའི་འཇིགས་པའོ། །ཁ་ཅིག་ན་རེ་མཛེ་དང༌། དབུལ་བའི་འཇིགས་པ་དང་བཅས་པའི་འཇིགས་པ་ཆེན་པོ་བཅུ་ཡིན་ནོ་ཞེས་ཟེར་རོ། །དེ་རྣམས་དབང་དུ་བྱས་པ་ནི་སེལ་ནས་སོ། །བྱུང་ནས་ནི་པདྨ་ལས་སོ། །བྱོན་ནས་ནི་སངས་རྒྱས་ཀྱི་ཞིང་ལས་སོ། །བྱང་ཤར་མཚམས་སུ་ནི་དབང་ལྡན་གྱི་མཚམས་སུ་སྣ་ཚོགས་པདྨ་དང༌། ཟླ་བ་དང༌། སྣ་ཚོགས་རྡོ་རྗེ་ལ་བཞུགས་པར་བསམ་པར་བྱའོ། །ཡུམ་བཞི་པོ་དེ་རྣམས་ཀྱི་རྣམ་པར་དག་པ་བཤད་པར་བྱ་སྟེ། དེ་ལ་སའི་ཁམས་དང༌། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང༌། སྙིང་རྗེ་ཆེན་པོ་དང༌། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་རང་བཞིན་ནི་གཏི་མུག་དགའ་མ་སྟེ། རྣམ་པར་སྣང་མཛད་ཀྱི་རང་སྣང་བའི་རིག་མ་དེ་དང་མཚུངས་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྙིང་རྗེ་ཆེན་པོ་དང་བྲལ་བའི་སེམས་ཅན་རྣམས་སྡུག་བསྔལ་མ་ལུས་པ་ལས་སྐྱོབ་པ་ལས་སྦྱར་ཞིང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཁུར་ཐེག་པ་དང༌། མཉམ་པ་ཉིད་ཀྱི་རང་གི་སྐྱོན་དགུག་པ་དང༌། སེམས་ཅན་གྱི་དོན་ལ་འཇུག་པ་དང༌། མྱུར་དུ་རང་བདེ་བར་བྱང་ཆུབ་ཐོབ་པ་རྣམས་པ་གསུམ་གྱི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་རིང་དུ་སོང་བའི་ས་ལ་སེམས་ཅན་རྣམས་འཇོག་ཅིང་མེའི་མཚམས་ལ་ཞི་བ་མཛད་པའོ། །ཞེ་སྡང་དགའ་མ་ནི་བྱམས་པ་ཆེན་པོ་དང༌། རྣམ་པར་ཐར་པ་མཚན་མ་མེད་པ་དང༌། ཆུའི་ཁམས་དང༌། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ལྷ་མོ་མཱ་མ་ཀཱི་སྟེ། མི་བསྐྱོད་པའི་རང་གི་རིག་མ་དེ་དང་འདྲ་བ་བྱམས་པ་


DTG036_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང༌། སྨོན་ལམ་དང་བྲལ་བའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བ་ལ་ངེས་པར་སྦྱར་ཞིང་ཆོས་ཐམས་ཅད་མཚན་མ་མེད་པ་ཉིད་དུ་བསྐྱེད་ལ། སེམས་ཅན་ཐམས་ཅད་ཀྱི་སྲིད་པ་ཉེ་བར་ཞི་བ་ལ་སོགས་པའི་དོན་གྱི་བྱ་བ་དང་ཐུགས་མཉམ་པ་ཉིད་ཀྱི་ཚོགས་ཀྱི་རྒྱུ་དང༌། སེམས་ཅན་གྱི་དོན་གྱི་རྒྱུ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞེས་བྱ་བ་རྣམ་པ་གསུམ་གྱིས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་མི་གཡོ་བའི་ས་ལ་འཇོག་ཅིང་བདེན་བྲལ་གྱི་མཚམས་སུ་གདུལ་དཀའ་བ་འདུལ་བར་མཛད་པའོ། །འདོད་ཆགས་དགའ་མ་ཞེས་བྱ་བ་དགའ་བ་ཆེན་པོ་དང༌། རྣམ་པར་ཐར་པ་སྨོན་པ་མེད་པ་དང༌། མེའི་ཁམས་དང༌། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་གོས་དཀར་མོ་སྟེ། འོད་དཔག་ཏུ་མེད་པའི་རང་སྣང་བའི་རིག་མ་དེ་དང་འདྲ་བ་དང༌། དགའ་བ་ཆེན་པོ་དང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་སེམས་ཅན་རྣམས་སངས་རྒྱས་ཀྱི་ཆོས་ཀྱི་དགའ་བས་ཡང་དག་པར་རབ་ཏུ་སྦྱོར་ལ། རང་རིག་ལས་ལྡོག་པའི་ཆོས་ཐམས་ཅད་མེད་པའི་ཕྱིར་ཆོས་ཐམས་ཅད་ལ་སྨོན་པ་མེད་པ་ཉིད་གསལ་བར་བྱས་ལ། འདར་བ་སེལ་བ་དང༌། སྨིན་པ་ལ་སོགས་པའི་བྱ་བས་མེ་དང་མཚུངས་པ་དང༌། དེ་བཞིན་དུ་ལས་ལས་ལྡོག་པ་དང༌། ཉོན་མོངས་པ་བཅོམ་པ་དང༌། བདུད་དང་ཕ་རོལ་རྒོལ་བ་རྣམས་འཇོམས་པར་བྱེད་པ། རྣམ་པ་གསུམ་གྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་ལེགས་པའི་བློ་གྲོས་ཀྱི་ས་ལ་འཇོག་ཅིང་རླུང་གི་མཚམས་སུ་རྒྱས་པར་མཛད་པའོ། །རྡོ་རྗེ་དགའ་མ་ཞེས་བྱ་བ་བཏང་སྙོམས་ཆེན་པོ་དང༌། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པ་དང་། རླུང་གི་ཁམས་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་སྒྲོལ་མ་སྟེ། བསྟང་སྙོམས་ཆེན་པོ་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་སེམས་ཅན་རྣམས་རྙེད་པ་དང༌། མ་རྙེད་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌།


DTG036_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་དང༌། མ་གྲགས་པ་དང༌། བསྟོད་པ་དང༌། སྨད་པ་ལ་བཏང་སྙོམས་དང༌། སེམས་ཅན་ཐམས་ཅད་ཀྱི་གདུང་བ་རབ་ཏུ་ཞི་བ་ལ་སོགས་པའི་བྱ་བས་རླུང་དང་འདྲ་བའི་སེམས་ཉིད་རབ་ཏུ་སྦྱར་ཏེ། ཉོན་མོངས་པ་རྣམས་གློ་བུར་བ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་འོད་གསལ་བ་ཉིད་གསལ་བར་བྱས་ལ་རྣམ་པར་མི་རྟོག་པ་དང༌། རྟོག་པ་མཉམ་པ་ཉིད་དུ་རྟོགས་པ་དང༌། སེམས་ཅན་གྱི་དོན་གྱི་ཐབས་ལྐོག་ཏུ་གྱུར་པ་མ་ཡིན་པ་ཞེས་པ་རྣམ་པ་གསུམ་གྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱོར་ཞིང་ཆོས་ཀྱི་སྤྲིན་གྱི་ས་ལ་འཇོག་ཅིང་དབང་ལྡན་གྱི་མཚམས་སུ་དབང་མཛད་པ་སྟེ་དྲང་བའི་དོན་ཏོ། །སྣང་བ་དང༌། ཟླ་བའི་སྣང་བ་དང༌། མོ་རྟགས་དང༌། གཞན་དབང་དང༌། རྗེས་སུ་འཇུག་པའི་དབྱངས་དང༌། འཇམ་པ་དང༌། ཆགས་པ་དང་བྲལ་བ་ལ་སོགས་པ་རང་བཞིན་གྱིས་གཉེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་ནི་སྤྱན་ནོ། །སྣང་བ་མཆེད་པ་དང༌། ཉི་མའི་སྣང་བ་དང༌། ཕོ་རྟགས་དང༌། ཀུན་བརྟགས་དང༌། ཚེག་དྲག་དང༌། བར་པ་དང༌། འདོད་ཆགས་ལ་སོགས་པའི་རང་བཞིན་གྱི་གཉེན་པོ་ཤིན་ཏུ་སྟོང་པའི་ངོ་བོ་ནི་ལྷ་མོ་མཱ་མ་ཀཱིའོ། །སྣང་བ་ཉེ་བར་ཐོབ་པ་དང༌། མཚམས་ཀྱི་སྣང་བ་དང་མ་ནིང་གི་རྟགས་དང༌། ཐིག་ལེ་དང༌། ཚེག་དྲག་དང་བརླ་བ་དང༌། ཡོངས་སུ་རྫོགས་པ་དང༌། མ་རིག་པ་ལ་སོགས་པ་རང་བཞིན་གྱིས་གཉེན་པོ་སྟོང་པ་ཆེན་པོའི་རང་བཞིན་ནི་གོས་དཀར་མོའོ། །སྣང་བ་ལ་སོགས་པ་དང་བྲལ་བ་དང་ཟླ་བ་དང་ཉི་མ་དང༌། མཚམས་ཀྱི་སྣང་བ་མེད་པ་དང༌། ཕོ་དང༌། མོ་དང༌། མ་ནིང་གི་རྟགས་མེད་པ་དང༌། རྗེས་སུ་འཇུག་པའི་དབྱངས་དང༌། ཚེག་དྲག་དང༌། དེ་མེད་པ་མ་ཡིན་པ་དང༌། རང་བཞིན་གསུམ་དང་བྲལ་བ་དང༌། འཇམ་བ་དང་། པར་མ་དང༌། རབ་སྤོང་པ་དང༌། ཆགས་པ་དང་བྲལ་བ་དང༌། ཆགས་པ་དང༌། ཆགས་པ་བར་པ་དང་བྲལ་བ་དང༌། སྟོང་བ་དང༌། ཤིན་ཏུ་སྟོང་བ་དང༌། སྟོང་པ་ཆེན་པོའི་གཉེན་པོ་ཐམས་ཅད་སྟོང་པའི་རང་བཞིན་ནི་སྒྲོལ་མ་སྟེ་ངེས་པའི་དོན་ཏོ། །མཆོད་པའི་ལྷ་མོའི་སྤྲོ་


DTG036_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཤད་པར་བྱ་སྟེ། རྣལ་འབྱོར་བས་ནི་རིམ་གཉིས་པར། །རྡོ་རྗེ་གཟུགས་ལ་སོགས་པ་དབྱུང༌། །ཞེས་སྨོས་ཏེ་རིམ་པ་གཉིས་པ་ནི་ཆ་ཆེན་བཞི་ལས་ཕྱི་རོལ་གྱི་ཆ་ཆེན་གཅིག་ལ་མེའི་མཚམས་ལ་སོགས་པ་བཞི་པོར་ཆ་ཆུང་ཅིག་ལ་རྡོ་རྗེ་རབ་བྲིས་པ་ལ་ལྷག་མ་རྣམས་གཟུགས་རྡོ་རྗེ་མ་ལ་སོགས་པ་དགོད་དོ། །དེ་ཉིད་བཤད་པ། མེ་ཡི་ཕྱོགས་སུ་དགོད་བྱ་བ། །རྡོ་རྗེ་གཟུགས་ནི་ཡིད་འོད་བ། །ཞལ་གསུམ་ཕྱག་དྲུག་དཀར་བ་སྟེ། །དབུ་རྒྱན་རྣམ་པར་སྣང་མཛད་དཔལ། །གཉིས་ཀྱིས་མེ་ལོང་འཛིན་མཛད་དེ། །ལྷག་མ་གཏི་མུག་དགའ་དང་མཚུངས། །ཞེས་པ་ལ་སྔ་མ་བཞིན་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པའི་ཛ་ལས་བྱུང་བའི་མེ་ལོང་ལས་སྐྱེས་པའི་གཟུགས་རྡོ་རྗེ་མ་སེམས་དཔའ་གསུམ་གྱི་བདག་ཉིད་ཡིད་དུ་འོང་བ་ལ་ནི་ཆུ་ཤེལ་གྱི་ནོར་བུའི་འོད་དང་ལྡན་པས་སེམས་འཕྲོག་པ་རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན། རྩ་བའི་ཕྱག་གཉིས་ཀྱིས་ཤེལ་གྱི་ནོར་བུའི་མེ་ལོང་གི་ནང་གི་དཀྱིལ་འཁོར་ལ་བཞུགས་པའི་དེ་བཞིན་གཤེགས་པ་དང༌། ལྷ་མོ་རྣམས་ཀྱིས་སྐུ་གསལ་བར་མཛད་པ། ཕྱག་ལྷག་མ་རྣམས་ཀྱིས་བདག་པོ་སྤྱན་མ་དང་འདྲ་བའི་ཕྱག་མཚན་འཛིན་པ་སྤྲོས་ཏེ། དེས་ནི་གཟུགས་ལ་མངོན་པར་ཞེན་པའི་སེམས་ཅན་གྱི་ཁམས་སྦྱངས་པ་ལས་བྱུང་སྟེ། མེའི་མཚམས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་བསམ་པར་བྱའོ། །སྒྲ་རྡོ་རྗེ་མའི་སྤྲོ་བ་བཤད་པར་བྱ་སྟེ། བདེན་བྲལ་ཕྱོགས་དགོད་ལྷ་མོ་ནི། །རྡོ་རྗེ་སྒྲ་སྟེ་ཕྱག་དྲུག་པ། །ཞལ་གསུམ་སྐུ་མདོག་སེར་མོ་སྟེ། །དབུ་རྒྱན་རིན་ཆེན་འབྱུང་ལྡན་ཡིན། །ཕྱག་གཉིས་ཀྱིས་ནི་བི་ཝང་བསྣམས། །ལྷག་མ་མཱ་མ་ཀཱི་དང་མཚུངས། །ཞེས་སྨོས་པ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་ཐིག་ལེ་ཡོངས་སུ་གྱུར་པའི་ཧཱུཾ་ལས་བྱུང་བའི་པི་ཝང་ལས་སྒྲ་རྡོ་རྗེ་མ་སེམས་དཔའ་གསུམ་གྱི་བདག་ཉིད་རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན། རྩ་བའི་ཕྱག་གིས་རྒྱུད་མངས་བསྒྲེངས་པའི་སྒྲས་ནང་གི་དེ་བཞིན་གཤེགས་པའི་སྙན་ཚིམ་ཞིང་ཐུགས་བདེ་བས་རྩེ་གཅིག་


DTG036_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་སྐྱེད་པར་བྱེད་པ། ཕྱག་ལྷག་མ་རྣམས་ཀྱིས་མཱ་མ་ཀཱི་དང་འདྲ་བའི་ཕྱག་མཚན་སྤྲོས་ཏེ། དེས་ནི་སྒྲ་ལ་མངོན་པར་ཞེན་པའི་སེམས་ཅན་གྱི་ཁམས་སྦྱངས་ནས་སྦར་ལོག་སྟེ་བདེན་བྲལ་གྱི་མཚམས་སུ་སྣ་ཚོགས་པདྨ་དང་ཟླ་བ་ལ་བཞུགས་པར་བསམ་མོ།། དྲི་རྡོ་རྗེ་མའི་སྤྲོ་བ་བཤད་པར་བྱ་སྟེ། རླུང་གི་ཕྱོགས་དགོད་ལྷ་མོ་ནི། །རྡོ་རྗེ་དྲི་སྟེ་ཕྱག་དྲུག་མ། །ཞལ་གསུམ་སྐུ་མདོག་དམར་མོ་སྟེ། །འོད་དཔག་མེད་ཀྱི་ཐོར་ཚུགས་འཆང༌། །ཕྱག་གཉིས་ཀྱིས་ནི་དུང་བསྣམས་ཏེ། །ལྷག་མ་གོས་དཀར་མ་དང་མཚུངས། །ཞེས་སྨོས་པ་ལ། སྡ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་སུ་ཐིག་ལེ་ཡོངས་སུ་གྱུར་པའི་བཾ་ལས་བྱུང་བའི་དུང་ཕོར་ལས་སྐྱེས་པའི་དྲི་རྡོ་རྗེ་མ་སེམས་དཔའ་གསུམ་གྱི་སྐུའི་བདག་ཉིད་ཅན་པདྨ་རཱ་གའི་ནོར་བུ་དང་འདྲ་བ་དག་གི་དབང་ཕྱུག་གི་ཅོད་པན་ཅན་རྩ་བའི་ཕྱག་དག་གིས་ག་པུར་དང༌། གུར་གུམ་དང༌། ཙནྡན་དང༌། གླ་རྩི་དང༌། ཡང་དག་པར་སྦྱར་བའི་དྲིས་གང་བའི་ཚེས་བརྒྱད་པའི་རྣམ་པ་དང་མཚུངས་པའི་དུང་ཕོར་འཛིན་པ་སྤྲོས་ཏེ། ལྷག་མ་རྣམས་ཀྱིས་གོས་དཀར་མོ་དང་འདྲ་བའི་ཕྱག་མཚན་འཆང་བ། དེས་ནི་དྲི་ལ་མངོན་པར་ཞེན་པའི་སེམས་ཅན་གྱི་ཁམས་སྦྱངས་ཏེ་རླུང་གི་མཚམས་སུ་སྣ་ཚོགས་པདྨ་དང༌། ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསམ་མོ། །རོ་རྡོ་རྗེ་མའི་སྤྲོ་བ་བཤད་པར་བྱ་སྟེ། དབང་ལྡན་ཕྱོགས་དགོད་ལྷ་མོ་ནི། །རྡོ་རྗེ་རོ་སྟེ་ཕྱག་དྲུག་བ། །ཞལ་གསུམ་ཁ་དོག་ལྗང་གུ་སྟེ། །དབུ་རྒྱན་ལ་ནི་རྔ་སྒྲ་བཞུགས། །ཕྱག་གཉིས་ན་ནི་རོ་ཡི་སྣོད། །ལྷག་མ་སྒྲོལ་མ་ལྟ་བུ་ཡིན། །ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཧོཿ་ལས་བྱུང་བའི་རིན་ཆེན་སྣ་བདུན་གྱི་རོའི་སྣོད་ལས་སྐྱེས་པ། རོ་རྡོ་རྗེ་མ་སེམས་དཔའ་གསུམ་གྱི་བདག་ཉིད་ཨུཏྤལ་སྔོན་པོ་དང་ནམ་མཁའ་ལྡིང་གི་ནོར་བུ་དང་འདྲ་བ་དོན་ཡོད་གྲུབ་པའི་ཅོད་པན་ཅན་རྩ་བའི་ཕྱག་གིས་རོ་དྲུག་གིས་གང་བའི་རིན་པོ་ཆེའི་སྣོད་ཕུལ་བས་དེ་བཞིན་གཤེགས་པ་རྣམས་ཚིམ་པར་བྱེད་པ། ཕྱག་ལྷག་མ་རྣམས་ཀྱིས་


DTG036_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་དང་འདྲ་བའི་ཕྱག་མཚན་འཛིན་པ་སྤྲོས་ཏེ། རོལ་མངོན་པར་ཞེན་པའི་སེམས་ཅན་གྱི་ཁམས་སྦྱངས་ཏེ་ལོག་ནས་དབང་ལྡན་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་བཞུགས་པར་བསམ་མོ། །རེག་བྱ་རྡོ་རྗེ་མའི་གནས་བཤད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་ལེགས་འཁྱུད་དེ། །འཁོར་ལོའི་དབུས་ན་རྣམ་བཞུགས་པར། །རེག་བྱ་རྡོ་རྗེ་བསམ་བྱ་སྟེ། །ཞལ་སོགས་བདག་པོ་ལྟ་བུའོ། །ཞེས་པ་ལ། དཀྱིལ་འཁོར་རྒྱལ་བ་མཆོག་གི་དང་པོ་ཕྱག་རྒྱ་འདུས་པའི་དུས་སུ་དམ་ཚིག་གི་ཕྱག་རྒྱ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རེག་བྱ་རྡོ་རྗེ་མའོ། །དེ་ནི་རྡོ་རྗེ་སེམས་དཔའ་སྟེ། མི་བསྐྱོད་པ་ལ་ལེགས་པར་འཁྱུད་པ་ནི་བརྟན་པར་འཁྱུད་ཅིང་འཁོར་ལོའི་དབུས་སུ་གནས་པའོ། །དེ་ཉིད་ཀྱི་ཕྱིར། ཞལ་སོགས་བདག་པོ་ལྟ་བུའོ། །ཞེས་བྱ་བ་ནི་ཞལ་ལ་སོགས་པ་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་བས་ན་དེའི་སྤྲོ་བའི་ཆོ་ག་མ་བཤད་དོ། །དེ་ནས་སེར་སྣའི་གཉེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ། གཟུགས་རྡོ་རྗེ་མའོ། །སེར་སྣ་གཙོ་བོར་གྱུར་པ་ཆོས་དང་ཁ་ཟས་དང༌། བྱམས་པ་དང་ཞེས་བྱ་བ་རྣམ་པ་གསུམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་རབ་ཏུ་དགའ་བའི་ས་ལ་འཇོག་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མེ་ལོང་གིས་སྟོན་པ་ཕྱིའི་མེའི་མཚམས་ལ་གནས་པའོ། །ཚུལ་ཁྲིམས་འཆལ་བའི་གཉེན་པོར་གྱུར་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་ནི་སྒྲ་རྡོ་རྗེ་མ་སྟེ་ཚུལ་ཁྲིམས་འཆལ་བ་རྣམས་ནི་སྡོམ་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཏེ། རྣམ་པ་གསུམ་གྱི་ཚུལ་ཁྲིམས་ལ་ངེས་པར་སྦྱར་ཞིང་དྲི་མ་མེད་བའི་ས་ལ་འཇོག་སྟེ། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཀྱི་ཆོས་སྒྲ་ལ་དགའ་བར་བྱེད་པའི་ཕྱིའི་བདེན་བྲལ་གྱི་མཚམས་སུ་གནས་བའོ། །དེ་བཞིན་དུ་ཁོང་ཁྲོའི་གཉེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དྲི་རྡོ་རྗེ་མ་སྟེ། མི་བཟོད་པ་གཙོ་བོར་གྱུར་པ་གཞན་


DTG036_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནོད་པ་དང༌། སྡུག་བསྔལ་མྱོང་བ་དང༌། ཆོས་ལ་དམིགས་པའི་མཚན་ཉིད་ཀྱིས་རྣམ་པ་གསུམ་གྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་འོད་བྱེད་པའི་ས་ལ་འཇོག་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དྲིས་སེམས་ཅན་རྣམས་ལ་དགའ་བར་བྱེད་པ་ཕྱིའི་རླུང་གི་མཚམས་ལ་གནས་པའོ། །དེ་བཞིན་དུ་ལེ་ལོའི་གཉེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་རོ་རྡོ་རྗེ་མ་སྟེ། ལེ་ལོའི་གཙོ་བོར་གྱུར་པ་རྣམས་གོ་ཆའི་བརྩོན་འགྲུས་དང༌། སྦྱོར་བའི་བརྩོན་འགྲུས་དང༌། ཡོངས་སུ་རྫོགས་པའི་བརྩོན་འགྲུས་ཏེ། རྣམ་པ་གསུམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་འོད་འཕྲོ་བའི་ས་ལ་འཇོག་སྟེ། ཆོས་ཀྱི་བདུད་རྩིའི་ཟས་ཀྱིས་སེམས་ཅན་རྣམས་ཚིམ་པར་བྱེད་པ་ཕྱིའི་དབང་ལྡན་གྱི་མཚམས་ལ་གནས་པའོ། །གཡེང་བའི་གཉེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་ནི་རེག་བྱ་རྡོ་རྗེ་མ་སྟེ། གཡེང་བ་གཙོ་བོར་གྱུར་པའི་སྐྱོན་རྣམས་འཇོམས་པ་དང༌། རྣམ་པར་བཞུགས་པ་དང་སྦྱོར་བ་ཅན་ཏེ། རྣམ་པ་གསུམ་གྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་བྱང་དཀའ་བའི་ས་ལ་འཇོག་ཅིང་འོད་གསལ་བའི་རེག་པའི་བདེ་བས་ཚིམ་པར་བྱེད་པ་དབུས་ཀྱི་གཙོ་བོ་ལ་འཁྱུད་ནས་འཁོར་ལོའི་དབུས་སུ་གནས་པའོ། །ཤེས་རབ་འཆལ་བའི་གཉེན་པོར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་མི་བསྐྱོད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་རྣམས་ཐོས་པ་དང༌། བསམ་པ་དང་བསྒོམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱོར་ཞིང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱེད་པས་མངོན་དུ་གྱུར་པའི་ས་ལ་འཇོག་ཅིང་དབུས་སུ་གནས་པའོ། །དེ་རྣམས་ཀྱིས་ཕྱུང་བའི་སྔགས་ནི་ཛཿ་ཧཱུཾ་བཾ་ཧོཿ་ཁཾ་སྟེ་དྲང་བའི་དོན་ཏོ། །གསང་བའི་དཀྱིལ་འཁོར་གྱི་རྩ་ནི་མེ་ལོང་ལྟ་བུའི་གཟུགས་ཡིན་པས་གཟུགས་རྡོ་རྗེ་མའོ། །སྙིང་གའི་དཀྱིལ་འཁོར་གྱི་རྩ་ནི་པི་ཝང་ལྟ་བུ་སྟེ། སྒྲ་རྡོ་རྗེ་མའོ། །ལྐོག་མའི་དཀྱིལ་འཁོར་གྱི་རྩ་ནི་དུང་ལྟ་བུ་སྟེ། དྲི་


DTG036_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མའོ། །ལྟེ་བའི་དཀྱིལ་འཁོར་གྱི་རྩ་ནི་རོའི་སྣོད་ལྟ་བུའི་རྩ་སྟེ། རོ་རྡོ་རྗེ་མའོ། །འདོད་པའི་གདུགས་ཀྱི་རྩ་ནི་རེག་བྱ་རྡོ་རྗེ་མ་སྟེ། དེ་ཉིད་མི་བསྐྱོད་པ་སྟེ་ངེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའི་སྤྲོ་བ་བཤད་པར་བྱ་སྟེ། རིམ་གསུམ་ཤར་གྱི་སྣམ་བུ་ལ། བརྟུལ་ཞུགས་ཅན་གྱིས་དབྱུང་བ་ནི། །མཻཾ་ཐླྷིཾ་ས་བོན་ལས་བྱུང་བའི། །བྱམས་པ་ས་ཡི་སྙིང་པོ་གཉིས། །ཞེས་སྨོས་ཏེ། ཐིག་ལེ་གཉིས་ཡོངས་སུ་གྱུར་པ་ལས་མཻཾ་དང་ཐླྷིཾ་གི་ས་བོན་ལས་སྐྱེས་པ་ནཱ་ག་གེ་སར་གྱི་ཡལ་ག་དང༌། འཁོར་ལོ་ཡོངས་སུ་གྱུར་པ་ལས་དམར་པོ་དང་དཀར་པོའམ། ཡང་ན་དཀར་པོ་སེམས་དཔའ་གསུམ་གྱི་བདག་ཉིད་ཞལ་གསུམ་ཕྱག་དྲུག་པ་བྱམས་པ་དང་སའི་སྙིང་པོ་སྤྲོས་ལ་མིག་གི་སྐྱེ་མཆེད་དང༌། རྩ་རྒྱུས་ཐམས་ཅད་སྦྱངས་ཏེ་ལོག་ནས་རིམ་པ་གསུམ་པའི་ཤར་གྱི་སྣམ་བུའི་ལོགས་གཉིས་ལ་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པར་བསམ་པར་བྱའོ། །དེ་ནས། ཨོཾ་གྱི་ས་བོན་ལས་བྱུང་བ། །ཕྱག་ན་རྡོ་རྗེ་ནམ་མཁའི་སྙིང་པོ། །ལྷོ་ཡི་ཕྱོགས་ཀྱི་སྣམ་བུ་ལ། །གོ་རིམས་བཞིན་དུ་དབྱུང་བར་བྱ། །ཞེས་སྨོས་ཏེ། དེ་ནས་སྔ་མ་བཞིན་དུ་ལྷ་མོའི་པདྨའི་ཐིག་ལེ་ཡོངས་སུ་གྱུར་པའི་ཨོཾ་ལས་སྐྱེས་པའི་རྡོ་རྗེ་དང་རིན་པོ་ཆེ་ལས་བྱུང་བ། སྔོན་པོ་དང༌། སེར་པོ་འམ། ཡང་ན་སེར་པོ་སེམས་དཔའ་གསུམ་གྱི་བདག་ཉིད་ཞལ་གསུམ་ཕྱག་དྲུག་པ་ཕྱག་ན་རྡོ་རྗེ་དང༌། ནམ་མཁའི་སྙིང་པོ་སྤྲོས་ཏེ། རྣ་བ་དང༌། སྣ་ལ་མངོན་པར་ཞེན་པ་སྦྱངས་ཏེ། ལོག་ནས་ལྷོ་ཕྱོགས་ཀྱི་སྣམ་བུའི་ལོགས་གཉིས་ལ་སྣ་ཚོགས་པདྨ་དང༌། ཉི་མ་དང་ཟླ་བ་ལ་གནས་པར་བསམ་པར་བྱའོ། །དེ་ནས། ཨོཾ་དང་ཧཱུཾ་ལས་ཡང་དག་བྱུང༌། །འཇིག་རྟེན་དབང་པོ་འཇམ་པའི་དབྱངས། །འདི་དག་ནུབ་ཏུ་དབྱུང་བར་བྱ། །ཞེས་བྱ་ལ་དེ་ནས་སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས། ཨོཾ་དང་ཧཱུཾ་ལས་བྱུང་བ་དམར་པོ་དང༌། དཀར་པོ་འམ་ཡང་ན་དམར་པོ་སེམས་དཔའ་གསུམ་གྱི་བདག་ཉིད་ཞལ་གསུམ་ཕྱག་དྲུག་པ། འཇིག་རྟེན་དབང་ཕྱུག་དང༌། འཇམ་པའི་དབྱངས་


DTG036_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་ཏེ། ལྕེ་དང་ཡིད་ཀྱི་དབང་པོ་ལ་མངོན་པར་ཞེན་པའི་སེམས་ཅན་རྣམས་སྦྱངས་ནས་ལོག་སྟེ་ནུབ་ཀྱི་སྣམ་བུའི་ལོགས་གཉིས་སུ་སྣ་ཚོགས་པདྨ་དང་ཟླ་བ་ལ་བཞུགས་པར་བསམ་པར་བྱའོ། །དེ་ནས། བྱང་ཕྱོགས་སུ་ཡང་དབྱུང་བ་ནི། །ཨོཾ་དང་སཾ་གི་ས་བོན་སྐྱེས། །སྒྲིབ་སེལ་ཀུན་དུ་བཟང་པོར་བཅས། །ཞེས་པ་ལས། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཨོཾ་དང་སཾ་ལས་བྱུང་བའི་ལྗང་གུ་དང༌། དམར་པོའམ་ཡང་ན་ལྗང་གུ་སེམས་དཔའ་གསུམ་གྱི་བདག་ཉིད་ཞལ་གསུམ་ཕྱག་དྲུག་པ། རྡོ་རྗེ་དང་རལ་གྲི་ལས་བྱུང་བ་སྒྲིབ་པ་རྣམ་པར་སེལ་བ་དང༌། ཀུན་དུ་བཟང་པོ་སྟེ། ལུས་དང་ཡན་ལག་ཐམས་ཅད་ཀྱི་ཚིགས་ལ་མངོན་པར་ཞེན་བ་སྦྱངས་ཏེ། ལོག་ནས་བྱང་གི་སྣམ་བུའི་ལོགས་གཉིས་སུ་སྣ་ཚོགས་པདྨ་དང༌། ཟླ་བ་ལ་བཞུགས་པར་བསམ་པར་བྱའོ། །དེ་རྣམས་བདག་པོ་དང་འདྲ་བར་བསྟན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། འདི་དག་དབུ་རྒྱན་རང་གི་མགོན། །སྐུ་མདོག་སོགས་པའང་དེ་དང་མཚུངས། །ཕྱག་དང་མཚོན་ཆ་དག་ཀྱང་ནི། །རང་རང་གི་ནི་བདག་པོར་མཚུངས། །ཞེས་པ་ལ། དེ་དག་ནི་བྱང་ཆུབ་སེམས་དཔའ་བརྒྱད་དོ། །ཅོད་པན་རང་གི་མགོན་པོ་ནི་རང་གི་རིགས་ཀྱི་བདག་པོས་ཅོད་པན་བྱས་པའོ། །དེ་ལ་བྱམས་པ་དང༌། སའི་སྙིང་པོ་དག་ལ་རྣམ་པར་སྣང་མཛད་དོ། །ཕྱག་ན་རྡོ་རྗེ་ལ་མི་བསྐྱོད་པའོ། །ནམ་མཁའི་སྙིང་པོ་ལ་རིན་ཆེན་འབྱུང་ལྡན་ནོ། །འཇིག་རྟེན་དབང་ཕྱུག་དང་འཇམ་པའི་དབྱངས་ལ་འོད་དཔག་ཏུ་མེད་པའོ། །སྒྲིབ་པ་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོ་ལ་དོན་ཡོད་གྲུབ་པ་དབུ་རྒྱན་དུ་བསྒོམ་པར་བྱའོ། །ཁ་དོག་ལ་སོགས་པ་ནི་ཁ་དོག་དང་ཞལ་དང་ཉམས་ཀྱིས་སོ། །དེ་དང་མཚུངས་པ་ནི་རང་རང་གི་བདག་པོ་དང་འདྲ་བའོ། །ཕྱག་ནི་ཕྱག་དྲུག་དང་ཕྱག་མཚན་ནི་འཁོར་ལོ་ལ་སོགས་པས་རང་རང་གི་བདག་པོ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང་མཚུངས་པར་ཤེས་པར་བྱའོ་ཞེས་དཔེ་བསྟན་པ་དང་སྤྱིར་བཏང་བ་ཡིན་ནོ། །དམིགས་ཀྱིས་དགར་བ་བཤད་པར་བྱ་སྟེ། བྱམས་པ་འབའ་


DTG036_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གཡས་ན་ནི། །ཀླུ་ཤིང་མེ་ཏོག་བསྣམས་པར་མཛད། །ཅེས་པ་ལ། བྱམས་པ་འབའ་ཞིག་ནི་རྩ་བའི་ཕྱག་གཡས་པས་ཀླུ་ཤིང་གི་མེ་ཏོག་སྟེ། ནཱ་ག་གེ་སར་གྱི་ཡལ་ག་བསྣམས་པ་སྟེ། མ་འོངས་པའི་དུས་སུ་དེའི་དྲུང་དུ་སངས་རྒྱས་པར་འགྱུར་བའི་ཕྱིར་ཏེ་དྲང་བའི་དོན་ཏོ། །རྩ་རྒྱུས་ཐམས་ཅད་ཀྱི་ཡལ་ག་ནི་ཀླུའི་མེ་ཏོག་སྟེ་ངེས་པའི་དོན་ཏོ། །དེ་རྣམས་ཀྱི་མཛད་པ་བཤད་པར་བྱ་སྟེ། འདི་དག་སྐྱེ་མཆེད་རྣམས་སྦྱོང་ཞིང༌། །ལྷ་ཡི་མིག་སོགས་སྩོལ་བ་པོ། །སེམས་ཅན་སྐྱེ་མཆེད་སྦྱངས་ནས་སུ། །སླར་བྱོན་ནས་ནི་སྟན་ལ་བཞུགས། །ཞེས་སྨོས་ཏེ། བྱང་ཆུབ་སེམས་དཔའ་དེ་རྣམས་སེམས་ཅན་རྣམས་ཀྱི་ཐ་མལ་པའི་མིག་ལ་སོགས་པ་སྦྱངས་ཤིང་ལྷའི་མིག་ལ་སོགས་པ་བསྐྱེད་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་ལས་བྱོན་ཞིང༌། སྔར་བཤད་པའི་གདན་རྣམས་ལ་བཞུགས་པར་བསམ་མོ། །ཡིད་དུ་འོང་བ་དང༌། མི་འོང་བ་དང༌། གཉི་གའི་གཟུགས་རྣམ་པར་དག་པས་སོ་སོར་སྡུད་པའི་རང་བཞིན་མིག་གི་དབང་པོ་སྦྱངས་པས་མིག་ལྔ་རྩོལ་བ་སའི་སྙིང་པོའོ། །དེ་བཞིན་དུ་རྣམ་པ་གསུམ་གྱི་སྒྲ་རྣམ་པར་དག་པས་བསམ་གཏན་གྱི་རང་བཞིན་རྣ་བའི་དབང་པོ་སྦྱོང་བར་བྱེད་པ། ལྷའི་རྣ་བ་རྩོལ་བ་ཕྱག་ན་རྡོ་རྗེའོ། །དེ་བཞིན་དུ་རྣམ་པ་གསུམ་གྱི་དྲི་མ་རྣམ་པར་དག་པས་སྲོག་དང་རྩོལ་བའི་རང་བཞིན་སྣ་སྦྱོང་བར་བྱེད་པ་ལྷའི་སྣ་རྩོལ་བ་ནི་ནམ་མཁའི་སྙིང་པོའོ། །དེ་བཞིན་དུ་རྣམ་པ་གསུམ་གྱི་རོ་རྣམ་པར་དག་པས་འཛིན་པའི་རང་བཞིན་ལྕེ་སྦྱོང་བར་བྱེད་པ། ལྷའི་ལྕེ་རྩོལ་བ་ནི་འཇིག་རྟེན་དབང་ཕྱུག་གོ །དེ་བཞིན་དུ་རྣམ་པ་གསུམ་གྱི་རེག་བྱ་རྣམ་པར་དག་པས་རྗེས་སུ་དྲན་པའི་རང་བཞིན་ལུས་སྦྱོང་བར་བྱེད་པ། ལྷའི་སྐུ་རྩོལ་བ་ནི་སྒྲིབ་པ་སེལ་བའོ། །དེ་བཞིན་དུ་རྣམ་པ་གསུམ་གྱི་ཆོས་རྣམ་པར་དག་པས་ཏིང་ངེ་འཛིན་གྱི་རང་བཞིན་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ཡོངས་སུ་ཤེས་པའི་མཚན་ཉིད་ཡིད་རྣམ་པར་དག་པ་ནི་འཇམ་དཔལ་ལོ། །དེ་བཞིན་དུ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་རྩ་བ་རྣམ་པར་སྦྱོང་


DTG036_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པ་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནི་བྱམས་པའོ། །དེ་བཞིན་དུ་ཁམས་དྲུག་གི་རང་བཞིན་གྱི་ཚིགས་ཐམས་ཅད་སྦྱོང་བར་བྱེད་པ་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནི་ཀུན་དུ་བཟང་པོ་སྟེ་དྲང་བའི་དོན་ཏོ། །མིག་དང༌། རྣ་བ་དང༌། སྣ་དང་། ལྕེ་དང༌། ལུས་དང༌། ཡིད་དང༌། རྩ་རྒྱུས་ཐམས་ཅད་དང༌། ཚིགས་ཐམས་ཅད་ཀྱི་རྩའི་ཁོང་སྟོང་རྣམ་པར་དག་པས་སའི་སྙིང་པོ་ལ་སོགས་པ་སྟེ་ངེས་པའི་དོན་ཏོ། །ཁྲོ་བོ་རྣམས་ཀྱི་སྤྲོ་བ་བཤད་པར་བྱ་སྟེ། ཡ་མཱནྟ་ཀྲྀ་ཏ་སྔགས་ལས་བྱུང༌། །སྔགས་པས་གཤིན་རྗེ་གཤེད་དབྱུང་བ། །ཞལ་ནི་གནག་དང་དཀར་དང་དམར། །འབར་བའི་ཚོགས་ཀྱིས་རྣམ་པར་དཀྲིགས། །ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཡ་མཱ་ནྟ་ཀྲྀ་ཏ་སྔགས་ལས་བྱུང་བའི་དབྱིག་ཏོ་ལས་སྐྱེས་པ་སྔོན་པོ་དང༌། དཀར་པོ་དང༌། དམར་པོའི་ཞལ་མངའ་བ། ཞལ་གསུམ་ཕྱག་དྲུག་སེམས་དཔའ་གསུམ་གྱི་བདག་ཉིད་གཤིན་རྗེ་མཐར་བྱེད་ཁྲོ་བོའི་མེ་འབར་བའི་ཕྲེང་བས་ཕྱོགས་བཅུར་ཁྱབ་པ་སྤྲོ་བར་བྱའོ། །ཕྱག་མཚན་རྣམས་བཤད་པར་བྱ་སྟེ། ཐོབ་འཁོར་ལོ་རྡོ་རྗེ་རྣམས། །ཕྱག་གཡས་ན་ནི་བསྣམས་པར་མཛད། །ཐུགས་ཀར་སྡིགས་མཛུབ་ཞགས་པ་དང༌། །དྲིལ་བུ་དགྲ་སྟ་གཡོན་པ་ན། །ཞེས་སྨོས་ཏེ། སྡིགས་མཛུབ་དང་བཅས་པའི་ཞགས་པ་ནི་སྡིགས་མཛུབ་ཞགས་པ་སྟེ། བགེགས་རྣམས་འགུགས་པའི་ཕྱིར་རོ། །འཁོར་ལོ་སོགས་པའི་དོན་ནི་སྔ་མ་བཞིན་ནོ། །མཛད་པ་བཤད་པར་བྱ་སྟེ། དབང་པོ་ལ་སོགས་ཚོགས་དང་བཅས། །མི་བཟད་བགེགས་ཀྱང་སྐྲག་པར་མཛད། །པདྨ་ཉི་མ་མནན་ནས་ནི། །ཤར་གྱི་ཕྱོགས་སུ་བཞུགས་པར་གྱུར། །ཞེས་སྨོས་ཏེ། དབང་པོ་ལ་སོགས་པའི་བགེགས་རྣམས་ནི་ཤར་ཕྱོགས་ལ་དབང་བྱེད་པའོ། །ཚོགས་དང་བཅས་པ་ནི་འཁོར་དང་བཅས་པའོ། །སྐྲག་པར་མཛད་པ་ནི་ལམ་ངན་པ་ལས་བཟློག་པ་སྟེ། ཤར་ཕྱོགས་ཀྱི་སྒོར་སྣ་ཚོགས་པདྨ་དང༌། མ་ཧེ་དང༌། གཤིན་རྗེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་


DTG036_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞུགས་པར་བསམ་པར་བྱའོ། །ཤེས་རབ་མཐར་བྱེད་ཀྱི་སྤྲོ་བ་བཤད་པར་བྱ་སྟེ། པྲ་ཛྙྰྣྟ་ཀྲྀ་ཏ་སྔགས་ལས་བྱུང༌། །རིན་ཆེན་འབྱུང་ལྡན་དབུ་རྒྱན་ཅན། །སྐུ་མདོག་དཀར་ཞིང་ནོར་བུས་བརྒྱན། །གཞན་གྱིས་མི་ཐུབ་སྔགས་ལས་བྱུང༌། །ཞེས་སྨོས་ཏེ་སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་པྲཛྙཱ་ནྟ་ཀྲྀ་ཏ་སྔགས་ལས་བྱུང་བའི་དབྱིག་པ་ལས་ཤེས་རབ་མཐར་བྱེད་གཞན་གྱིས་མི་ཐུབ་པའི་རྣམ་གྲངས་ཅན་ཁ་དོག་དཀར་པོ་རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན་སྤྲོ་བར་བྱའོ། །གཏི་མུག་གི་རིགས་ཀྱི་ནང་དུ་བསྡུས་པས་རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱང་ཤེས་རབ་མཐར་བྱེད་དཀར་པོ་ཞེས་བྱའོ། །ཞལ་དང་དབྱིབས་ལ་སོགས་པ་བཤད་པར་བྱ་སྟེ། གསུས་ཁྱིམ་ཆེ་ཞིང་སྤྱན་གསུམ་པ། །དཀར་དང་གནག་དང་དམར་པའི་ཞལ། །མཆེ་བ་གཙིགས་ཤིང་རྣམ་པར་འགྱུར། །འབར་བའི་ཚོགས་ཀྱིས་རྣམ་པར་འཁྲིགས། །ཞེས་སྨོས་ཏེ། དོན་གསལ་བའོ། །ཕྱག་མཚན་བཤད་པར་བྱ་སྟེ། རྡོ་རྗེ་དབྱིག་པ་རལ་གྲི་ནི། །གཡས་ཀྱི་ཕྱག་ན་བསྣམས་པར་མཛད། །སྙིང་གར་སྡིགས་མཛུབ་ཞགས་པ་དང༌། །དྲིལ་བུ་དགྲ་སྟ་གཡོན་པ་ན། །ཞེས་སྨོས་ཏེ། རྩ་བའི་ཕྱག་གཡས་པ་ལ་དབྱིག་པ་དང་ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །མཛད་པ་བཤད་པར་བྱ་སྟེ། གཡོན་བརྐྱང་བ་ཡིས་གནས་པ་ཡིས། །མི་བཟད་བགེགས་རྣམས་སྐྲག་པར་མཛད། །པདྨ་ཉི་མ་མནན་ནས་ནི། ལྷོ་ཡི་ཕྱོགས་སུ་བཞུགས་པར་གྱུར། །ཞེས་སྨོས་ཏེ། བགེགས་ནི་ཁྱབ་འཇུག་གི་སྤྲུལ་པ་ཡི་དགས་ལ་སོགས་པའོ། །སྐྲག་པ་ནི་སྡིགས་མཛུབ་ཅན་བྱུང་ནས་ལྷོའི་སྒོར་སྣ་ཚོགས་པདྨ་དང༌། ཁྱབ་འཇུག་དང་ཉི་མའི་སྟེང་དུ་བཞུགས་པར་བསམ་པར་བྱའོ། །པདྨ་མཐར་བྱེད་ཀྱི་སྤྲོ་བ་བཤད་པར་བྱ་སྟེ། པདྨཱནྟ་ཀྲྀ་ཏ་སྔགས་ལས་བྱུང༌། །རྟ་མགྲིན་སྔགས་པས་དབྱུང་བར་བྱ། །སྤྱན་གསུམ་པདྨ་རཱ་གའི་མདོག །ཞལ་ནི་དམར་དང་གནག་དང་དཀར། །ཞལ་གསུམ་གསུས་ཁྱིམ་ཆེ་བ་དང༌། །འོད་དཔག་མེད་ཀྱི་ཅོད་པན་ཅན། །དཔའ་བོ་གཡོན་བརྐྱང་བ་ཡིས་གནས། །འབར་བའི་ཚོགས་ཀྱིས་རྣམ་པར་འཁྲུགས། །


DTG036_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨོས་པ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་པདྨཱནྟ་ཀྲྀ་ཏ་སྔགས་ལས་བྱུང་བ་ཁ་དོག་དམར་པོ་པདྨ་དམར་པོ་ལས་སྐྱེས་པའི་པདྨ་མཐར་བྱེད་པདྨ་རཱ་གའི་འོད་དང་འདྲ་བ་སྤྱན་གསུམ་པ་སྟེ། ཏིང་ངེ་འཛིན་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ།། ཞལ་གསུམ་པ་ཕྱག་དྲུག་པ་སེམས་དཔའ་གསུམ་གྱི་བདག་ཉིད་དེ། སྟེང་གི་ཞལ་ནི་རྟའི་རྣམ་པར་འཛིན་པ། འོད་དཔག་ཏུ་མེད་པའི་ཅོད་པན་ཅན་སྤྲོ་བར་བྱའོ། །ཞལ་གསུམ་ནི་ཡས་སོའི་རྩེ་མོས་མཆུ་འཛིན་པ་སྟེ། བགེགས་འཇོམས་པའི་ཕྱིར་རོ། །གཡོན་བརྐྱང་བ་ནི་འདིར་རྐང་པ་མཉམ་པའི་དབྱིབས་མཚོན་པའི་ཕྱིར་རོ། །དཔའ་བོ་ནི་ལྷ་ཆེན་པོ་མནན་ནས་བཞུགས་པའོ། །འབར་བའི་ཚོགས་ནི་རྣམ་པར་འཁྲུགས། །ཞེས་བྱ་བ་ནི་ཁྲོ་བོའི་འབར་བ་འཕྲོ་བའོ། །ཕྱག་མཚན་བཤད་པར་བྱ་སྟེ། པདྨ་རལ་གྲི་གཏུན་ཤིང་ནི། །གཡས་པའི་ཕྱག་ན་བསྣམས་པར་མཛད། །སྙན་དང་བཅས་བའི་དྲིལ་བུ་དང༌། །དགྲ་སྟ་ཞགས་པ་གཡོན་ན་བསྣམས། །ཞེས་སྨོས་ཏེ། རྩ་བའི་ཕྱག་ལ་པདྨ་དམར་པོ་བསྣམས་པ་དང་ལྷག་མ་རྣམས་ལ་རལ་གྲི་ལ་སོགས་པ་སྟེ་གོ་སླའོ། །མཛད་པ་བཤད་པར་བྱ་སྟེ། པདྨ་ཉི་མ་ལ་གནས་ཏེ། །ཕྱོགས་བཅུ་དག་ཏུ་གཟིགས་ནས་ནི། །ཀླུ་རྣམས་སྐྲག་པར་མཛད་ནས་སུ། །ནུབ་ཀྱི་ཕྱོགས་སུ་བཞུགས་པར་གྱུར། །ཞེས་སྨོས་ལ། ད་ལ་བགེགས་ནི་ཀླུ་དང་ལྷ་མ་ཡིན་ལ་སོགས་པ་ས་འོག་ལས་བྱུང་བའོ། །དེ་རྣམས་སྐྲག་ཅིང་ནུབ་ཕྱོགས་སུ་སྟེ། ནུབ་ཀྱི་སྒོ་སྣ་ཚོགས་པདྨ་དང༌། ལྷ་ཆེན་པོ་དང་ཉི་མའི་གདན་ལ་བཞུགས་པར་བསམ་པར་བྱའོ། །བགེགས་མཐར་བྱེད་ཀྱི་སྤྲོ་བ་བཤད་པར་བྱ་སྟེ། བིགྷྣཱནྟ་ཀྲྀ་ཏ་སྔགས་ལས་བྱུང༌། །རྔ་སྒྲའི་ཅོད་པན་དག་དང་ལྡན། །ཨུཏྤལ་སྔོན་པོའི་འདབ་ལྟར་ལྗང༌། །བདུད་རྩི་ཐབ་སྦྱོར་དབྱུང་བར་བྱ། །ཞལ་ནི་སྔོ་དང་དམར་དང་དཀར། །ཞལ་ནི་གདངས་པས་རྣམ་པར་འགྱུར། །གསུས་ཁྱིམ་ཆེ་ཞིང་སྤྱན་གསུམ་པ། །འབར་བའི་འོད་ཀྱིས་རྣམ་པར་བརྒྱན། །ཞེས་པ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་བྱུང་བའི་བིགྷྣཱནྟ་ཀྲྀ་ཏ་སྔགས་ལས་


DTG036_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་དྲག་པོ་རྡོ་རྗེ་ལས་བྱུང་བ། །ཁ་དོག་ལྗང་གུ་དོན་ཡོད་གྲུབ་པའི་ཅོད་པན་ཅན། །ཞལ་གསུམ་ཕྱག་དྲུག་པ་སེམས་དཔའ་གསུམ་གྱི་བདག་ཉིད་སྤྱན་གསུམ་པ་བདུད་རྩི་འཁྱིལ་པ་བསམ་པར་བྱའོ། །འབར་བའི་འོད་ནི་ལྗང་བ་དང་དམར་པོ་ཁྲོ་བོའི་འབར་བ་སྟེ། དེ་རྣམས་ཀྱི་རྒྱན་ནི་རྣམ་པར་བརྒྱན་པ་སྟེ། ཁྲོ་བོ་དང་མཐུན་པའི་ཐུགས་བསྟན་ཏེ། བགེགས་སྐྲོད་པའི་ཕྱིར་རོ། །ཞལ་གདངས་པས་ནི་རྣམ་པར་འགྱུར། །ཞེས་བྱ་བ་ཞལ་རྣམ་པར་ཕྱེ་ཞིང་ཧ་ཧར་དགོང་པ་དྲག་པོ་འབྱིན་པའོ། །དེའི་ཕྱག་མཚན་བཤད་པར་བྱ་སྟེ། སྣ་ཚོགས་རྡོ་རྗེ་འཁོར་ལོ་དང༌། །གཏུན་ཤིན་རྣམས་ནི་གཡས་པ་ན། སྡིགས་མཛུབ་ཞགས་པ་བསྣམས་པ་དང༌། །དྲིལ་བུ་དགྲ་སྟ་གཡོན་ན་བསྣམས། །ཞེས་སྨོས་ཏེ། རྩ་བའི་ཕྱག་གིས་སྣ་ཚོགས་རྡོ་རྗེ་བསྣམས་པ་དང༌། ལྷག་མ་ནི་སྔ་མ་བཞིན་ནོ། །མཛད་པ་བཤད་པར་བྱ་སྟེ། བགེགས་ནི་སྐྲག་པར་བྱས་ནས་སུ། །གཡོན་བརྐྱང་བ་ཡིས་གནས་པ་ཡིས། །པདྨ་ཉི་མ་མནན་ནས་ནི། །བྱང་གི་ཕྱོགས་སུ་བཞུགས་པར་གྱུར། །ཅེས་པ་ལ། བགེགས་ནི་དབང་ཕྱུག་ཆེན་པོའི་འཁོར་རྣམས་ཏེ། དགའ་བྱེད་དབང་ཕྱུག་དང་ནག་པོ་ཆེན་པོ་དང༌། བྷྲྀང་གི་རི་ཏི་དང༌། གཞོན་ནུ་ཀ་རྟི་ལ་སོགས་པའོ། །དེ་རྣམས་བསྐྲང་པ་ནི་སྡིགས་མཛུབ་མཛད་ནས་བྱོན་ཏེ་བྱང་ཕྱོགས་སུ་སྣ་ཚོགས་པདྨ་དང༌། ལོག་འདྲེན་དང་ཉི་མ་ལ་བཞུགས་པར་གྱུར་པར་བྱའོ། །མི་གཡོ་བའི་སྤྲོ་བ་བཤད་པར་བྱ་སྟེ། རང་གི་གསང་སྔགས་ལས་བྱུང་བའི། །མི་གཡོ་བ་ཡང་དབྱུང་བར་བྱ། །སྤྱན་གསུམ་ཨིནྡྲ་ནཱི་ལའི་མདོག །དབུ་རྒྱན་རྣམ་པར་སྣང་མཛད་དཔལ། །ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས། ཨོཾ་ལས་བྱུང་བ་རལ་གྲི་ལས་སྐྱེས་པའི་ཨིནྡྲ་ནཱི་ལའི་མདོག་ཅན། ཁྲོ་བོ་གཡོ་བ་ཞལ་གསུམ་ཕྱག་དྲུག་པ་སྤྱན་གསུམ་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་སྤྲོ་བར་བྱའོ། །གཞན་ཡང༌། མཆེ་བ་རྣམ་པར་གཙིགས་པའི་ཞལ། །ཞལ་ནི་གནག་དང་དམར་དང་དཀར། །མི་བཟད་ཧ་ཧ་ཞེས་བཞད་སྒྲ།།


DTG036_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གསུས་ཁྱིམ་ཆ་ཞིང་སྟོབས་པོ་ཆེ། །ཞེས་པ་ལ་མཆེ་བ་བཞི་པོ་གཙིགས་པའི་ཞལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེའི་ཕྱག་མཚན་བཤད་པར་བྱ་སྟེ། རལ་གྲི་རྡོ་རྗེ་འཁོར་ལོ་རྣམས། །གཡས་པའི་ཕྱག་ན་བསྣམས་པར་མཛད། །སྡིགས་མཛུབ་དང་ནི་དགྲ་སྟ་དང༌། །ཞགས་པ་གཡོན་གྱི་ཕྱག་ན་བསྣམས། །ཞེས་སྨོས་ཏེ། དེ་ལ་རྩ་བའི་ཕྱག་གིས་རལ་གྲི་འཛིན་པ་དང༌། ལྷག་མ་ནི་སྔ་མ་བཞིན་ནོ། །མཛད་པ་བཤད་པར་བྱ་སྟེ། །ཡམས་སོགས་འཇིགས་པའི་གནོད་བཅོམ་སྟེ། །གཡོན་བརྒྱང་བ་ཡིས་གནས་པ་ཡིས། །པདྨ་ཉི་མ་ལ་གནས་ནས། །ཤར་ལྷོའི་མཚམས་སུ་བཞུགས་པར་འགྱུར། །ཞེས་སྨོས་ཏེ། ཡམས་ལ་སོགས་པ་ནི་མེ་ལྷས་སྤྲུལ་པའི་བགེགས་རམས་ཏེ། རླུང་དག །མཁྲིས་པ་དང༌། བད་ཀན་དན། འདུས་པ་ལས་བྱུང་བའི་ཞག་གཅིག་དང༌། ཞག་གཉིས་དང་། ཞག་གསུམ་དང༌། ཞག་བཞི་པ་ལ་སོགས་པ་འཇོམས་པ་ནི་བཀའ་སྟེ། བྱོན་ནས་ཤར་ལྷོའི་མཚམས་སུ་སྣ་ཚོགས་པདྨ་དང༌། ཉི་མ་ལ་བཞུགས་པར་བསམ་པར་བྱའོ། །འདོད་པའི་རྒྱལ་པོའི་སྤྲོ་བ་བཤད་པར་བྱ་སྟེ། རང་གི་གསང་སྔགས་ལས་བྱུང་བ། །བརྟུལ་ཞུགས་ཅན་གྱིས་འདོད་རྒྱལ་དབྱུང༌། །དྲག་པོ་ཨིནྡྲ་ནཱི་ལའི་མདོག །རིན་ཆེན་འབྱུང་ལྡན་དབུ་རྒྱན་ཅན། །ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་ལྕགས་ཀྱུ་ལས་བྱུང་བ་སྔོན་པོ་རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན་འདོད་པའི་རྒྱལ་པོ་སྤྲོ་བར་བྱའོ། །ཇི་ལྟ་བུ་ཡིན་ཞེ་ན། །ཞལ་ནི་གནག་དང་དཀར་དང་དམར། སྤྱན་གསུམ་མཆེ་བ་འཇིགས་སུ་རུང༌། །ཕྱག་གཉིས་རྡོ་རྗེ་ཧཱུཾ་མཛད་ཀྱི། །ཕྱག་རྒྱ་དག་ནི་འཆིང་བར་མཛད། །ཅེས་སྨོས་ཏེ། ནག་པོ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རྡོ་རྗེ་ཁུ་ཚུར་གཉིས་བཟློག་ལ་མཛུབ་མོ་འཁྱུད་ཅིང་ལུ་གུ་རྒྱུད་དུ་བཅིངས་ཏེ། མཐེ་བོ་གཉིས་གུང་མོའི་རྩ་བའི་ཚིགས་ལ་བཙུགས་ཏེ། སོར་མོ་ལྷག་མ་རྣམས་བརྐྱང་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའོ། །ཕྱག་མཚན་ལྷག་མ་བཤད་པར་བྱ་སྟེ། རྡོ་རྗེ་རལ་གྲི་གཡས་དག་ལ། །གཡོན་ན་ཞགས་པ་


DTG036_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་ལྕགས་ཀྱུའོ། །བདེན་བྲལ་བགེགས་ནི་འཇིགས་པའོ། །གཡོན་བརྐྱང་གནས་པས་ཉི་མར་བཞུགས། །ཞེས་པ་ལ། རྡོ་རྗེ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྲིན་པོ་ལ་སོགས་པ་བགེགས་འཇོམས་ཤིང་སྣ་ཚོགས་པདྨ་དང༌། ཉི་མ་ལ་གཡོན་བརྐྱང་བས་གནས་པར་བསམ་མོ། །དབྱིག་སྔོན་གྱི་སྤྲོ་བ་བཤད་པར་བྱ་སྟེ། རང་སྔགས་ཡི་གེ་ལས་བྱུང་བ། བརྟུལ་ཞུགས་ཅན་གྱིས་དབྱིག་སྔོན་བསྐྱེད། །སྤྱན་གསུམ་སྤྲིན་སྔོན་ལྟ་བུ་སྟེ། །འོད་དཔག་མེད་ཀྱི་དབུ་རྒྱན་ཅན། །ཞལ་ནི་སྔོ་དང་དམར་དང་དཀར། །མི་བཟད་ཧ་ཧ་ཞེས་བཞད་སྒྲ། །ཞེས་བྱ་བ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨ་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཨ་ལས་བྱུང་བ། དབྱིག་པ་ལས་སྐྱེས་པ་ཞལ་གསུམ་ཕྱག་དྲུག་སྤྱན་གསུམ་པ་སྤྲིན་གྱི་མདོག་འཇིགས་བྱེད་ཀྱི་རྣམ་པ་འོད་དཔག་ཏུ་མེད་པའི་ཅོད་པན་ཅན་ཁྲོ་བོའི་རྒྱལ་པོ་དབྱིག་སྔོན་སྤྲོ་བར་བྱའོ། །དེའི་ཕྱག་མཚན་བཤད་པར་བྱ་སྟེ། །དབྱིག་པ་རལ་གྲི་འཁོར་ལོ་ནི། །གཡས་པའི་ཕྱག་ན་བསྣམས་པར་མཛད། །སྙིང་གར་སྡིགས་མཛུབ་རལ་གྲི་དང༌། །དགྲ་སྟ་རྣམས་ནི་གཡོན་ན་བསྣམས། །ཞེས་པ་ལ་རྩ་བའི་ཕྱག་གིས་དབྱིག་པ་སྔོན་པོ་བསྣམས་པ་དང༌། རལ་གྲི་ལ་སོགས་པ་ནི་སྔ་མ་བཞིན་ནོ། །མཛད་པ་བཤད་པར་བྱ་སྟེ། ཡམས་ཀྱི་འཇིགས་པ་བསལ་ནས་ནི། །གཏུམ་མོ་གཡོན་བརྐྱང་གནས་པ་ཡིས། །པདྨ་ཉི་མ་ལ་གནས་ཏེ། །ནུབ་བྱང་མཚམས་སུ་བཞུགས་པར་གྱུར། །ཞེས་སྨོས་ཏེ། ཡམས་ནི་རྣམ་པར་འཚེ་བ་སྟེ། འབྲས་དང༌། འབྲུམ་བུ་དང༌། ལུད་པ་ལ་སོགས་པ་སྟེ། དེ་རྣམས་ལས་འཇིགས་པ་ནི་འཆི་བའི་འཇིགས་པ་སྟེ། སེམས་ཅན་རྣམས་ཀྱི་འཇིགས་པ་བསལ་ནས་བྱོན་ཏེ། རླུང་གི་མཚམས་སུ་སྣ་ཚོགས་པདྨ་དང༌། ཉི་མ་ལ་བཞུགས་པར་བསམ་མོ། །སྟོབས་པོ་ཆེའི་སྤྲོ་བ་བཤད་པར་བྱ་སྟེ། རང་སྔགས་ཡི་གེ་ལས་བྱུང་བའི། །རྔ་སྒྲ་ཡི་ནི་དབུ་རྒྱན་ཅན། །སྟོབས་པོ་ཆེ་ནི་སྔགས་པས་དབྱུར། །ཨུཏྤལ་སྔོན་པོའི་མདོག་འདྲ་བ། །ཞེས་སྨོས་པ་ལ་སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་


DTG036_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ལས་བྱུང་བའི་རལ་གྲི་ཡོངས་སུ་གྱུར་པ་ལས་ཁ་དོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ། སྤྱན་གསུམ་པ་སེམས་དཔའ་གསུམ་གྱི་བདག་ཉིད་སྟོབས་པོ་ཆེ་སྤྲོ་བར་བྱའོ། །ཇ་ལྟ་བུ་ཡིན་ཞེ་ན། རྔ་སྒྲ་ནི་རྟ་མཆོག་སྟེ། དོན་ཡོད་གྲུབ་པ་དེའི་ཅོད་པན་ནི་དབུ་རྒྱན་གང་ལ་ཡོད་པ་དེ་སྤོ་བར་བྱའོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཞལ་ནི་གནག་དང་དམར་དང་དཀར། །སྤྱན་གསུམ་འཇིགས་པའི་སྒྲ་དང་ལྡན། །ཡན་ལག་ཐམས་ཅད་སྤྲུལ་གྱིས་བརྒྱན། །གསུས་ཁྱིམ་ཆེ་ཞིང་འཇིགས་པར་མཛད། །ཅེས་སྨོས་ཏེ། ནག་པོ་ལ་སོགས་པའི་ཞལ་གྱི་ཁ་དོག་ནི་སྔ་མ་བཞིན་ནོ། །འཇིགས་པའི་སྒྲ་དང་ལྡན་པ་ནི་བསྐལ་བའི་མཐར་སྤྲིན་གྱི་འབྲུག་སྒྲ་ལྟ་བུར་བྱེད་པའོ། །ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན་པ་ནི་འཇོག་པོ་ལ་སོགས་པའི་ཀླུའི་རྒྱལ་པོས་སྐུ་བརྒྱན་པ་སྟེ་དྲག་པོ་ཡིན་པའི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །ཕྱག་མཚན་བཤད་པར་བྱ་སྟེ། དབྱིག་པ་རལ་གྲི་འཁོར་ལོ་ནི། །གཡས་པའི་ཕྱག་ན་བསྣམས་པར་མཛད། །སྙིང་གར་སྡིགས་མཛུབ་རལ་གྲི་དང༌། །ཞགས་པ་དགྲ་སྟ་གཡོན་ན་བསྣམས། །ཞེས་སྨོས་པ་ལ། རྩ་བའི་ཕྱག་ན་རལ་གྲི་དང༌། ལྷག་མ་ནི་སྔ་མ་བཞིན་ནོ། །མཛད་པ་བཤད་པར་བྱ་སྟེ། གཡོན་བརྐྱང་བ་ཡིས་གནས་པ་སྟེ། །མཁའ་འགྲོ་ལ་སོགས་འཇིགས་པ་འཇོམས། །པདྨ་ཉི་མ་ལ་གནས་ཏེ། །བྱང་ཤར་མཚམས་སུ་བཞུགས་པར་གྱུར། །ཅེས་སྨོས་ཏེ། པདྨའི་ནང་ནས་བྱུང་ཞིང་ཁྱབ་འཇུག་དང༌། དྲག་པོ་དང༌། ཚངས་པ་དང༌། བརྒྱ་བྱིན་གྱི་སྤྲུལ་པའི་ཚངས་པ་མོ་དང༌། ཕག་མོ་དང༌། གཞོན་ནུ་མ་དང༌། དབང་མོ་དང༌། ཆུ་ལྷ་མོ་དང༌། རླུང་ལྷ་མོ་དང༌། ཙ་མུཎྜཱི་ལ་སོགས་པས་བྱས་པའི་འཇིགས་པ་སེལ་ཞིང་བྱོན་ཏེ་སྣ་ཚོགས་པདྨ་དང༌། ཉི་མ་ལ་བཞུགས་པར་བསམ་མོ། །གཙུག་ཏོར་འཁོར་ལོས་སྒྱུར་པའི་སྤྲོ་བ་བཤད་པར་བྱ་སྟེ། རང་སྔགས་ཡི་གེ་ལས་བྱུང་བའི། །གཙུག་ཏོར་འཁོར་ལོས་སྒྱུར་བ་དབྱུང༌། །མཁའ་ལྟར་སྔོ་བསངས་འཇིགས་པའོ། །མི་བསྐྱོད་པ་ཡིས་དབུ་རྒྱན་བྱས། །ཞལ་ནི་སྔོ་དང་དཀར་དང་


DTG036_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དམར། གཙོ་བོ་སྤྱན་གསུམ་གསུས་པ་འཆང༌། །ཞེས་སྨོས་པ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་བྷྲུཾ་ལས་སྐྱེས་པའི་འཁོར་ལོ་ལས་བྱུང་བའི་གཙུག་ཏོར་འཁོར་ལོས་སྒྱུར་བ་ཞལ་གསུམ་ཕྱག་དྲུག་པ་ནམ་མཁའི་མདོག་ཅན་ཐུབ་དབང་གི་ཅོད་པན་ཅན་སྤྲོ་བར་བྱའོ། །དེའི་ཕྱག་མཚན་བཤད་པར་བྱ་སྟེ། གཡས་དང་གཡོན་གྱི་ཕྱག་གཉིས་ཀྱིས། །སྤྱི་བོར་གཙུག་ཏོར་འཛིན་པར་མཛད། །རྡོ་རྗེ་པདྨ་གཡས་དག་ལ། །སྡིགས་མཛུབ་རལ་གྲི་གཡོན་ན་བསྣམས། །ཞེས་སྨོས་པ་ལ་རྩ་བའི་ཕྱག་གཉིས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྡུ་བའི་རང་བཞིན་རིན་ཆེན་ཐམས་ཅད་ཀྱི་ངོ་བོ་གཙུག་ཏོར་སྤྱི་བོར་འཆང་བ་སྟེ། རྣམ་པར་སྣང་མཛད་དང༌། རིན་ཆེན་ལྡན་རྣམ་པར་དག་པའི་ཕྱིར་རོ། །ལྷག་མི་ནི་གོ་སླའོ། །མཛད་པ་བཤང་པར་བྱ་སྟེ། འཚེ་བ་ཐམས་ཅད་རྣམ་འཇིག་ཅིང༌། །གཏུམ་པོ་གཡོན་བརྐྱང་གནས་པ་ཡིས། །པདྨ་ཉི་མ་ལ་གནས་ཏེ། །ཚངས་པའི་གནས་སུ་དེ་བཞུགས་སོ། །ཞེས་སྨོས་པ་ལ། སེམས་ཅན་ཐམས་ཅད་ཀྱི་འཚེ་བ་ཐམས་ཅད་ནི། ལྷ་དང༌། དྲི་ཟ་དང༌། རིག་པ་འཛིན་པས་བྱས་པའི་སྟེད་ནས་བྱུང་སྟེ། དེ་རྣམས་སྦྱང་ཞིང་བྱོན་ཏེ་ཚངས་པའི་གནས་ནི་བར་སྣང་གི་ནམ་མཁའི་སྟེང་དུ་འམ། །ཡང་ན་པདྨ་མཐར་བྱེད་ཀྱི་ཅུང་ཟད་རྒྱབ་ཏུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་བཞུགས་པར་བསམ་པར་བྱའོ། །གནོད་མཛེས་ཀྱི་སྤྲོ་བ་བཤད་པར་བྱ་སྟེ། རང་སྔགས་ཡི་གེ་ལས་བྱུང་བ། །བརྟུལ་ཞུགས་ཅན་གྱིས་གནོད་མཛེས་དབྱུང༌། །སྤྱན་གསུམ་ནམ་མཁའ་བཟང་པོའི་མདོག །ཞལ་ནི་གནག་དང་དཀར་དང་དམར། །གསུས་ཁྱིམ་ཆེ་ཞིང་འཇིགས་པའི་ཞལ། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། །ཞེས་སྨོས་པ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངས་སུ་གྱུར་པ་ལས་སྤྲིན་སྒྲ་ལས་བྱུང་བ་འབར་བའི་རྡོ་རྗེ་ལས་སྐྱེས་པ། གནོད་མཛེས་རྒྱལ་པོ་སྔོན་པོ་མི་བསྐྱོད་པའི་ཅོད་པན་ཅན། ཞལ་གསུམ་ཕྱག་དྲུག་པ་སྤྱན་གསུམ་པ་སྤྲོ་བར་བྱའོ། །དེའི་


DTG036_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཚན་བཤད་པར་བྱ་སྟེ། རྡོ་རྗེ་འཁོར་ལོ་རིན་ཆེན་ནི། །གཡས་པའི་ཕྱག་ན་འཛིན་པར་མཛད། །སྙིང་གར་སྡིགས་མཛུབ་ཞགས་པ་དང༌། །པདྨ་རལ་གྲི་གཡོན་ན་བསྣམས། །ཞེས་པ་རྩ་བའི་ཕྱག་གིས་འབར་བའི་རྡོ་རྗེ་དང་ལྷག་མ་ནི་གོ་སླའོ། །མཛད་པ་བཤད་པར་བྱ་སྟེ། རྒྱུ་བ་དང་ནི་གནས་པའི་དུག །ཀ་ལ་ཀུ་ཊ་སོགས་ཀུན་དང༌། །བགེགས་ཀྱི་བདག་པོ་ཀུན་བཅོམ་སྟེ། །ཐམས་ཅད་ཞི་བར་མཛད་ནས་ནི། །མ་ལུས་བཀའ་ནི་རྫོགས་བྱས་ནས། །གཡོན་བརྐྱང་བ་ཡིས་གནས་པ་ཡིས། །པདྨ་ཉི་མ་ལ་གནས་ཏེ། །ས་ཡི་འོག་ཏུ་དེ་བཞིན་བཞུགས། །ཞེས་སྨོས་ཏེ། པདྨའི་ནང་ནས་བྱུང་ཞིང་སེམས་ཅན་ཐམས་ཅད་ཀྱི་སྲོག་ཟད་པར་བྱེད་པ་ཀ་ལ་ཀུ་ཊ་ལ་སོགས་པ་བརྟན་པ་དང་གཡོ་བའི་བདག་ཉིད་དང༌། མཆེ་བའི་དུག་དང༌། ལྟ་བའི་དུག་དང༌། རེག་པའི་དུག་དང༌། དྲན་པའི་དུག་ཀྱང་བཅོམ་ཞིང་བསལ་ཏེ། དེ་བཞིན་དུ་བགེགས་ནི་འཇོག་པོ་ལ་སོགས་པ་ཀླུའི་རྒྱལ་པོ་སྟེ། དེ་རྣམས་བཅོམ་ཞིང་ཞི་བ་བསྐྱེད་ནས་ནི། དེ་བཞིན་དུ་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོ་བགེགས་ཐམས་ཅད་འགུགས་པའི་ཕྱིར་བཀའ་རྫོགས་ཏེ། ས་འོག་གམ་གཤིན་རྗེ་མཐར་བྱེད་ཀྱི་ཅུང་ཟད་ཀྱི་རྒྱབ་ཏུ་སྣ་ཚོགས་པདྨ་དང་ཉི་མ་ལ་བཞུགས་པར་བསམ་མོ། །ཁྲོ་བོའི་རྒྱལ་པོ་དྲུག་པོ་དེ་དག་ཁ་དོག་ནག་པོ་གཡོན་བརྐྱང་བར་བསྒོམ་པར་བྱ་སྟེ། ཞེ་སྡང་གི་རིགས་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན་རྣམ་པར་སྣང་མཛད་ལ་སོགས་པའི་དབུ་རྒྱན་དེ་རྣམས་ཇི་ལྟར་རིགས་ཤེ་ན་སྨྲས་པ། རྟེན་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་ལ་མིག་ལ་སོགས་པ་རྣམ་བར་ཤེས་པའི་ཚོགས་དྲུག་རྣམ་པར་དག་པའི་ཁྲོ་བོ་དེ་རྣམས་ཡིན་ནོ་ཞེས་འབྱུང་ངོ༌། །དེ་ལྟར་རྟེན་གྱི་ཕྱོགས་རྣམ་པར་དག་པས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཅོད་པན་ཅན་ཡིན་ལ་བརྟེན་པའི་ཆོས་རྣམ་པར་དག་པས་ནི་ཁ་དོག་ནག་པོ་དང་གཡོན་བརྐྱང་བ་ཉིད་ཡིན་ནོ་ཞེས་སྐྱོན་མེད་དོ། །དེ་རྣམས་ཀྱི་རྣམ་པར་དག་པ་ནི་མ་དད་པ་དང༌། ཕུང་པོའི་བདུད་དང༌། འཇིག་ཆོགས་སུ་ལྟ་བ་དང་ཤེས་བྱའི་སྒྲིབ་པའི་གཉེན་པོ་དད་པའི་རང་བཞིན་ནི་གཤིན་


DTG036_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མཐར་བྱེད་དེ། རྟོག་པའི་གཤིན་རྗེ་དགག་པར་བྱེད་པས་སོ། །ལེ་ལོ་དང་ཉོན་མོངས་པའི་བདུད་དང༌། མཐར་འཛིན་པའི་ལྟ་བ་དང༌། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་བརྩོན་འགྲུས་ཀྱི་རང་བཞིན་ཤེས་རབ་མཐར་བྱེད་དེ་བློ་ངན་པ་དགག་པར་བྱེད་པའི་ཕྱིར་རོ། །བརྗེད་ངས་དང༌། འཆི་བདག་གི་བདུད་དང༌། ལོག་པའི་ལྟ་བ་དང༌། སྐྱེ་བའི་སྒྲིབ་པའི་གཉེན་པོ་དྲན་པའི་རང་བཞིན་པདྨ་མཐར་བྱེད་དེ། པདྨ་བཞིན་དུ་མ་གོས་པས་སྔར་བཤད་པའི་ཉོན་མོངས་པ་གཅོད་པའི་ཕྱིར་རོ། །རྣམ་པར་གཡེང་བ་དང༌། ལྷའི་བུའི་བདུད་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ལས་ཀྱི་སྒྲིབ་པའི་གཉེན་པོ་ཏིང་ངེ་འཛིན་གྱི་རང་བཞིན་བགེགས་མཐར་བྱེད་དེ། སྡར་བཤད་པའི་རྣམ་པར་རྟོག་པ་རྣམས་བཅོམ་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པའི་རྣམ་པར་རྟོག་པའི་གཉེན་པོ་ཤེས་རབ་ཀྱི་དབང་པོའི་རང་བཞིན་མི་གཡོ་བའོ། །རྣ་བའི་རྣམ་པར་ཤེས་པའི་གཉེན་པོ་དད་པའི་སྟོབས་ཀྱི་རང་བཞིན་ནི་འདོད་པའི་རྒྱལ་པོའོ། །སྣའི་རྣམ་པར་ཤེས་པའི་གཉེན་པོ་བརྩོན་འགྲུས་ཀྱི་སྟོབས་ཀྱི་རང་བཞིན་ནི་དབྱིག་སྔོན་ནོ། །ལྕེའི་རྣམ་པར་ཤེས་པའི་གཉེན་པོ་དྲན་པའི་སྟོབས་ཀྱི་རང་བཞིན་ནི་སྟོབས་པོ་ཆེའོ། །ལུས་ཀྱི་རྣམ་པར་ཤེས་པའི་གཉེན་པོ་ཏིང་ངེ་འཛིན་གྱི་སྟོབས་ཀྱི་རང་བཞིན་ནི་གཙུག་ཏོར་འཁོར་ལོ་ས་སྒྱུར་བའོ། །ཡིད་ཀྱི་རྣམ་པར་ཤེས་པའི་གཉེན་པོ་ཤེས་རབ་ཀྱི་སྟོབས་ཀྱི་རང་བཞིན་ནི་གནོད་མཛེས་རྒྱལ་པོ་སྟེ་དྲང་བའི་དོན་ཏོ། །སྲོག་ལ་སོགས་པ་རླུང་བཅུ་བཀག་པ་ནི་ཁྲོ་བོ་བཅུ་སྟེ་ངེས་པའི་དོན་ཏོ། །དེ་ནས་རང་གི་སྙིང་ག་ནས་འོད་ཟེར་གྱི་འཁོར་ལོ་སྤྲོས་ལ་དེས་དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་བཀུག་སྟེ་གསོལ་བ་བཏབ་ལ་ཕྱིར་མི་ལྡོག་པའི་དབང་བསྐུར་བླངས་ལ་སླར་ཡང་དཔའ་རླབས་བཞིན་དུ་རང་རང་གི་ཏིང་ངེ་འཛིན་སེམས་དཔའ་ལ་ཚངས་པའི་སྒོ་ནས་ཞུགས་ཏེ་སྤྱི་བོ་ནས་ཅིག་ཅར་དུ་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་དམ་ཚིག་སེམས་དཔའ་རྒྱས་བཏབ་པའི་རང་བཞིན་གྱི་དེ་བཞིན་གཤེགས་པ་རྣམས་ལ་ཡེ་ཤེས་སེམས་དཔས་རྒྱས་གང་བ་བར་བྱའོ། །


DTG036_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཡན་ལག་གཉིས་པོ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་ལས་ཤེས་པར་བྱའོ། །སྐུ་ནི་ཕྱག་རྒྱ་ཆེན་པོ་སྟེ། །ལས་ཀྱི་ཕྱག་རྒྱ་གསུམ་ཡིན་དང༌། །ཐུགས་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། །ཤེས་རབ་མཆོག་ནི་དམ་ཚིག་མཆོག །ཅེས་བཤད་པས་ཕྱག་རྒྱ་བཞིས་རྒྱས་བཏབ་པ་བསྒོམ་པར་བྱའོ། །དེ་ལ་སེམས་ནི་དྲག་པོ་དང༌། ཞི་བ་དང༌། འོད་གསལ་བའི་དབྱེ་བས་རྣ་མ་པ་གསུམ་མོ། །གསུང་ཡང་ཁྲོ་བོ་དང་རྡོ་རྗེ་དང་དགའ་བའི་དབྱེ་བས་རྣམ་པ་གསུམ་མོ། །སྐུ་ཡང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྦྲུལ་པའི་དབྱེ་བས་རྣམ་པ་གསུམ་མོ། །ཤེས་རབ་མཆོག་ནི་རྣམ་པ་གསུམ་གྱི་ཕྱག་རྒྱའོ། །ཡང་ན་དགུག་པ་ལ་སོགས་པ་བཞིའམ་སྤྱན་ལ་སོགས་པ་བཞིའོ། །གཞལ་ཡས་ཁང་དེའི་ཤར་ཕྱོགས་ཀྱི་སྒོར་ལྷའི་དབང་པོ་ནི་གདུགས་འཛིན་པའོ། །ལྷོ་ཕྱོགས་སུ་ཁྱབ་འཇུག་རྔ་ཡབ་ཐོགས་པའོ། །ནུབ་ཕྱོགས་སུ་ལྷ་ཆེན་པོ་བ་དན་ཐོགས་པའོ། །བྱང་གི་སྒོར་ཚངས་པ་དབྱིག་པ་ཐོགས་པ་སྟེ་ཕྱིའི་འཁོར་རོ། །དེའི་ཕྱི་རོལ་ནི་རིན་པོ་ཆེའི་རྫིང་བུ་ལས་བྱུང་བའི་བཻ་ཌཱུ་ཪྻའི་སྡོང་བུ་ཅན་གསེར་གྱི་པདྨའི་ལྟེ་བར་བཞུགས་པ། བསམ་གཏན་ལ་ཆས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། དེའི་ཕྱི་རོལ་དུ་ཆོས་གོས་ཀྱིས་སྤྱི་བོར་བཀབ་པ་སྤྱོད་ལམ་ཞི་བའི་སངས་རྒྱས་དང༌། དེའི་ཕྱི་རོལ་དུ་འདོང་ཆགས་དང་བྲལ་བའི་ཆ་ལུགས་འཕགས་པ་ཉན་ཐོས་དང༌། དེའི་ཕྱི་རོལ་དུ་སྐུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལོ་བཅུ་དྲུག་ལོན་པའི་བྱང་ཆུབ་སེམས་དཔའ་གྲངས་མེད་པ་དང༌། དེའི་ཕྱི་རོལ་དུ་རིན་པོ་ཆེ་སྣ་བདུན་ཏེ། དེ་ལ་འཁོར་ལོ་རིན་པོ་ཆེ་ནི་བེ་ཤ་རཱ་གའི་ལྟེ་བ་ཅན། རྩིབས་བཻ་ཌཱུ་ཪྻའི་རྩིབས་ཀྱི་མཐའ་པདྨ་རཱ་གའི་རང་བཞིན་པདྨའི་གདན་ལ་གནས་པའོ། །གླང་པོ་རིན་པོ་ཆེ་ནི་དཀར་པོ་མཆེ་བ་དྲུག་པ་རྣམ་པ་སྣ་ཚོགས་ཀྱི་རྒྱང་ཡིས་བརྒྱན་པ། པུས་མོ་གཉིས་ས་ལ་བཙུགས་ཏེ་གྱེན་དུ་བསྒྲེང་བའི་སྣའི་ཀ་བས་བདག་ཉིད་ཀྱི་སྒྲ་སྒྲོགས་པའོ། །རྟ་རིན་པོ་ཆེ་ནི་རྨ་བྱའི་མདོག་ཅན་སྒ་དང་རིན་པོ་ཆེའི་སྲབ་ཀྱི་འོད་ཟེར་གྱི་འཇའ་ཚོ་ན་དང་འདྲ་བའོ། །བཙུན་མོ་རིན་པོ་ཆེ་ནི་ཁ་


DTG036_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དོག་ལྗང་གུ་ལོ་བཅུ་གཉིས་ལོན་པ་ནུ་མ་རྒྱས་པའི་ཁུར་གྱིས་སྟོད་ཀྱི་ཆ་འདུད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་ཕྲེང་བ་དབུལ་བར་བྱའོ། །ཁྱིམ་བདག་རིན་པོ་ཆེ་ནི་ཁ་དོ་གསེར་པོ་རྣམ་པ་སྣ་སོགས་ཀྱི་གདན་ལ་གནས་པ། རིན་པོ་ཆེས་བཀང་བའི་སྣོད་འབྲུལ་བའོ། །དམག་མི་རིན་པོ་ཆེ་ནི་ནག་པོ་ཁྲབ་དང་རྨོག་གྱོན་པ་རལ་གྲི་དང་མདུང་ཐོགས་པའོ། །ཡིད་བཞིན་ནོར་བུ་རིན་པོ་ཆེ་ནི་སེར་པོ་ཟུང་དྲུག་པ་རྣམ་པ་སྣ་ཚོགས་ཀྱི་འོད་ཟེར་གྱིས་རིན་པོ་ཆེའི་སྤྲིན་སྤྲོ་བར་བྱེད་པ་བསམ་མོ། །དེའི་ཕྱི་རོལ་དུ་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའི་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དག་ཐལ་མོ་སྦྱར་བ་སྟེ། ལ་ལ་ནི་རྣམ་པ་སྣ་ཚོགས་པའི་མཆོད་པ་ཐོགས་པ་དང༌། ལ་ལ་ནི་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེ་ཐོགས་པ་དང༌། ལ་ལ་ནི་རྣམ་པ་སྣ་ཚོགས་པའི་རོལ་མོ་བརྡུང་པས་ཕྱོགས་བཅུ་ཁྱབ་པ་དང༌། ལ་ལ་ནི་དགའ་བའི་དབང་གིས་མཆོད་པའི་དོན་དུ་གར་བྱེད་པ་དང༌། ལྷ་དང་ཀླུའི་བུ་མོ་རྣམས་ཀྱང་མགོ་བོ་བཏུད་དེ་རིན་པོ་ཆེའི་སྣོད་རྣམས་སུ་ལྷའི་ཁ་ཟས་རོ་དྲུག་པ་འབུལ་བར་བྱེད་པའོ། །ཤར་གྱི་སྒོའི་ལོགས་གཉིས་སུ་སེང་གེ་གཉིས་དང༌། ལྷོར་གླང་པོ་ཆེ་གཉིས་དང༌། ནུབ་ཏུ་རྨ་བྱ་གཉིས་དང༌། བྱང་དུ་ནམ་མཁའ་ལྡིང་གཉིས་བསྒོམ་པར་བྱའོ། །གཞལ་ཡས་ཁང་གི་བ་དན་ཡང༌། །སྲིད་པའི་རྩེ་མོའི་བར་དུ་ཁྱབ། །གླིང་བཞི་ཁྱུང་ཀོར་ཀུན་ཁྱབ་པའི། །སྒོ་བཞི་དག་ཀྱང་བསྒོམ་པར་བྱ། །ཞེས་དཀྱིལ་འཁོར་རྒྱལ་བ་མཆོག་སྟེ། ཏིང་ངེ་འཛིན་གཉིས་པའོ།། །།ད་ནི་ཡན་ལག་བཅུ་གཉིས་པ་ལས་ཀྱི་རྒྱལ་བ་མཆོག་བསྟན་པར་བྱ་སྟེ། ལྷ་ནི་སུམ་ཅུ་གཉིས་རང་བཞིན། །དཀྱིལ་འཁོར་ཐམས་ཅད་བསྐྱེད་ནས་ནི། །འཁོར་ལོའི་དབུས་སུ་གནས་གྱུར་ནས། །དེ་ནས་ཕྲ་མོའི་རྣལ་འབྱོར་བརྩམ། །ཞེས་སྨོས་པ་ལ། སྡར་བཤད་པའི་རིམ་གྱིས་ལྷ་སུམ་ཅུ་རྩ་གཉིས་བདག་ཉིད་ཀྱི་དཀྱིལ་འཁོར་བསྐྱེད་ཅིང་སྤྲོས་པ་ལ། སེམས་ཅན་གྱི་དོན་དང་


DTG036_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བརྟན་པར་བྱ་བའི་ཕྱིར་འཁོར་ལོའི་དབུས་སུ་གནས་པ་ནི་འཁོར་ལོས་སྒྱུར་བའི་གཟུགས་སུ་གྱུར་ཏེ། ཕྲ་མོའི་རྣལ་འབྱོར་ནི་འོག་ནས་བཤད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་བརྩམ་པར་བྱའོ། །དགོངས་པ་མ་ཡིན་པའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། སྣའི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །གསང་བའི་མཆོག་གིས་བརྟགས་པ་ཡིས། །ཡེ་ཤེས་མཆོག་གི་གནས་བསྒོམ་མོ། །ཞེས་སྨོས་པ་ལ། སྣའི་རྩེ་མོར་ནི་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བའི་ནང་གི་རྩ་དབུས་མ་ལའོ། །ཡུངས་ཀར་ནི་བྱང་ཆུབ་ཀྱི་སེམས་ཀྱིས་ཕྲ་མོའི་ཐིག་ལེ་ལའོ། །ཡུངས་ཀར་དེ་ལས་འགྲོ་དང་མི་འགྲོ་ནི་གཞལ་ཡས་ཁང་དང་བཅས་པའི་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་ལྷའི་འཁོར་ལོ་བསྒོམ་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཡེ་ཤེས་མཆོག་གི་གནས་ནི་ཡེ་ཤེས་ལྔའི་གཞི་སྟེ་དེའི་རང་བཞིན་ནོ། །དེ་ལ་དེའི་གསལ་བ་ཉིད་གང་ཡིན་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། ཁམས་ཐམས་ཅད་རོ་གཅིག་པ་གང་ཡིན་པ་དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། དེའི་བདེ་བ་ཆེན་པོ་མྱོང་བ་གང་ཡིན་པ་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་དང༌། དེའི་སྤྲོ་བ་དང་བསྡུ་བ་གང་ཡིན་པ་དེ་ནི་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་དང༌། དེའི་འོད་གསལ་བའི་ཆ་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མཆོག་གི་ཡིད་དགའ་བ་སྟེ་བདེ་བའི་རྒྱུ་མཐུན་པའོ། །གསང་བའི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཐོབ་པའོ། །ཡེ་ཤེས་ཀྱིས་བརྟགས་པ་ནི་རྣལ་འབྱོར་བ་རྣམས་ཀྱིས་རང་རིག་པའི་ཡེ་ཤེས་ཀྱིས་བརྟགས་པའོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། རིན་ཆེན་ཁ་དོགས་ན་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིགས་པས་རྟག་ཏུ་བསྒོམ། །ཞེས་སྨོས་ཏེ། རིགས་ལྔའི་ངོ་བོ་ཡིན་པས་ན་ཁ་དོག་སྣ་ལྔ་པའོ། །རང་དང་གཞན་གྱི་དོན་གྱི་རྒྱུར་གྱུར་པ་དང༌། འགྲོ་བ་སྐྱོབ་བའི་རྒྱུར་གྱུར་པས་ན་རིན་ཆེན་ནོ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །ཞེས་བྱ་བ་ནི་སྐྲའི་རྩེ་མོའི་བརྒྱ་སྟོང་གི་ཆའི་ཚད་


DTG036_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་མོ། །སྣའི་རྩེ་མོ་ནི་སྔར་བཤད་པ་ལའོ། །ནན་ཏན་ནི་སྐུ་གསུང་ཐུགས་བསྡམས་པས་སོ། །རྣལ་འབྱོར་རིག་པ་ནི་རྩེ་གཅིག་པ་ལ་གཞོལ་བས་སོ། །རྟག་ཏུ་ནི་མཚན་མ་ཐོབ་པའི་བར་དུ་སྟེ་དགོངས་པ་མ་ཡིན་པའོ། །སྤྲོ་བ་བཤད་པར་བྱ་སྟེ། རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །བརྟན་པར་མ་གྱུར་དེ་མི་སྤྲོ། །སངས་རྒྱས་འབར་བའི་འོད་མཉམ་པའི། །རབ་མཆོག་གི་སྤྲིན་ནི་སྤྲོ་བར་བྱ། །ཞེས་སྨོས་ཏེ། ཕྱི་རོལ་གྱི་ཡུལ་མི་དམིགས་པས་མི་མྱོང་པར་དེ་ལ་རྩེ་གཅིག་པ་ཉིད་ནི་བརྟན་པ་སྟེ། གང་གི་ཚེ་བྱུང་ན། དེའི་ཚེ་རིན་ཆེན་ནི་ཐིག་ལེ་སྤྲོ་བར་བྱའོ། །བརྟན་པར་མ་གྱུར་པར་ནི་བསྒོམ་པར་བྱ་བ་སྤྲོ་བར་མི་བྱ་སྟེ། བརྟན་པར་མ་གྱུར་པའི་ཕྱིར་རོ། །རབ་མཆོག་ནི་ཧཱུཾ་ལ་སོགས་པའི་ཡི་གེ་རྣམས་སོ། །སྤྲིན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ལྷ་མོ་དང་ཁྲོ་བོའི་ཚོགས་སོ། །སངས་རྒྱས་འབར་བ་ནི་ཁ་དོག་ལྔ་པའི་འོད་ཟེར་གྱི་ཚོགས་སོ། །འོད་མཉམ་པ་ནི་དེའི་ཕྱག་མཚན་ཏེ་རྡོ་རྗེ་ལ་སོགས་པ་སྤྲོ་བར་བྱ་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་བ་བཤད་དོ། །འདིར་མན་ངག་ནི་འདི་ཡིན་ཏེ། རེ་ཞིག་དང་པོར་རང་སྣང་བའི་ཆོས་འབྱུང་བའི་པདྨ་དང་ཟླ་བའི་སྟེང་དུ་སྙོམས་པར་འཇུག་པའི་སྦྱོར་བ་སྣམ་མཁའི་ཁམས་མ་ལུས་པ་ན་གནས་པའི་སངས་རྒྱས་ཀྱི་ཚོགས་དགུག་ཅིང་བཅུག་སྟེ། རྩ་དབུས་མར་ཐིམ་ཞིང་བྱང་ཆུབ་ཀྱི་སེམས་ཞུ་པར་གྱུར་པ་སྤྲོས་ལ། སྐྲའི་རྩེ་མོའི་ཚད་ཙམ་གྱི་ཐིག་ལེ་ཐོ་རངས་ཀྱི་སྐར་མ་དང་འདྲ་བའི་སེམས་དཔའ་གསུམ་གྱི་བདག་ཉིད་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་བསམ་ཏེ་། ཆགས་པ་ཆེན་པོའི་དབང་གིས་རང་གི་ལུས་ངག་ཡིད་ཀྱང་དེ་ཉིད་དུ་ཞུགས་ལ་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེའི་དབུས་སུ་ཡིད་མི་གཡོ་བར་བྱས་ལ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་མངོན་དུ་བྱས་ཏེ། ཕྲ་བ་དང་རིགས་པའི་རྣམ་པར་རྟོག་པ་མེད་ཅིད་ཕྱིའི་ཡུལ་གྱིས་མ་བསྒྲིབས་པར་གནས་པར་བྱའོ། །དེ་ལ་རྣམ་པ་སྣ་ཚོགས་ཀྱི་གོས་གྱོན་པའི་འདོད་པའི་གཟུགས་མཐོང་ན་ཡང་མིག་གི་


DTG036_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་མི་འབྱུང་བ་དང་པི་ཝང་ལ་སོགས་པའི་སྒྲས་ཀྱང་རྣ་བའི་རྣམ་པར་ཤེས་པ་མི་འབྱུང་བ་དང༌། གུར་ཀུམ་ལ་སོགས་པའི་དྲིས་སྣའི་རྣམ་པར་ཤེས་པ་མི་སྐྱེ་བ་དང༌། རྣམ་པ་སྣ་ཚོགས་པ་དང་ལྡན་པའི་རོའི་ཁ་ཟས་མི་མྱང་བ་དང་མྱ་ངན་ཡང་ལྕེའི་རྣམ་པར་ཤེས་པ་མི་འབྱུང་བ་དང༌། ཀ་ཙ་ལིན་དི་དང་ད་ར་ལ་སོགས་པ་དང༌། ན་སོ་གཞོན་པའི་འདོད་མའི་རྒྱས་པ་དང་སྲ་བ་དང༌། མཐོ་བ་གསེར་གྱི་བུམ་པ་དང་འདྲ་བའི་ནུ་མའི་རེག་པས་ཀྱང་རེག་བྱའི་བློ་མི་སྐྱེ་བ་དང་ལུས་ཀྱི་རྣམ་པར་ཤེས་པའི་བློ་མི་འབྱུང་ངོ༌། །དེ་བཞིན་དུ་ལྕག་དང་ལག་པས་བརྡུང་བ་ལ་སོགས་པས་སྡུག་བསྔལ་མི་ཚོར་བ་དང༌། ཙནྡན་གྱིས་བྱུག་པ་ལ་སོགས་པས་བདེ་བ་མི་ཚོར་བ་དང༌། བཀྲེས་སྐོམ་དང༌། གྲང་བ་དང༌། དྲོ་བ་དང༌། རྣམ་པར་འཚེ་བའི་སེམས་ཅན་རྣམས་ཀྱི་གནོད་པ་དང༌། རླུང་དང༌། ཚད་པ་དང༌། ཚར་བ་ལ་སོགས་པས་མི་གནོད་པར་འགྱུར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཐོང་བ་དང༌། དེས་ལུང་སྟོན་པ་ཡང་མྱོང་སྟེ། ཆེ་གེ་མོ་ཞེས་བྱ་བའི་སྒྲུབ་པ་པོ་ལོངས་ཤིག །རབ་ཏུ་གནས་པ་དང༌། དཀྱིལ་འཁོར་བྲི་བ་དང་བཤད་པ་དང༌། སློབ་མ་བསྡུ་བ་ལ་སོགས་པ་གྱིས་ཤིག །གང་གི་ཕྱིར་ཁྱོད་ལས་གཞན་རྩེ་གཅིག་པའི་སྒྲུབ་པ་པོ་མེད་དོ་ཞེས་རྨི་ལམ་བཞིན་དུ་ལུང་བསྟན་པ་ཐོས་ཤིང་ལྡང་བར་འགྱུར་རོ། །དེའི་ཐིག་ལེའི་རྣལ་འབྱོར་བསྟན་པར་འགྱུར་བས་དང་པོ་ཁ་དོག་ལྔའི་འོད་ཟེར་གྱིས་ནམ་མཁའ་བཀང་བར་བྱས་ལ་ཡང་བསྡུས་ཏེ། དེ་ནས་ཧཱུཾ་ལ་སོགས་པའི་ཡི་གེ་དང་རྡོ་རྗེ་ལ་སོགས་པ་ཕྱག་མཚན་དང་དཀྱིལ་འཁོར་པའི་ལྷ་སྤྲོ་ཞིང་འགྲོ་བའི་དོན་བྱས་ལ་བསྡུས་ཏེ་ལྡང་བར་བྱའོ་ཞེས་རྡོ་རྗེ་འཆང་ཆེན་པོའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་མཱ་མ་ཀཱིའི་པདྨའི་ལྟེ་བར་ཡུངས་ཀར་གྱི་ཚད་ཙམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་ཕྲ་མོའི་ཆང་གཟུངས་ལ་ཐུགས་རྡོ་རྗེའི་དཀྱིལ་འཁོར་བསམས་ཏེ། སྔ་མ་བཞིན་དུ་རྟགས་དམིགས་པས་དོན་དུ་འགྲོ་བར་ཡི་གེའི་འབྲུ་དང༌། འོད་དང་མཚན་མ་དང་ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་


DTG036_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དོན་བྱས་ནས་བསྡུས་པ་ནི་མི་བསྐྱོད་པའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་སྤྱན་གྱི་པདྨའི་ལྟེ་བར་ཕྲ་མོའི་ཐིག་ལེའི་དབུས་སུ་ཙ་ན་ཀའི་ཆད་ཅམ་གྱི་རྩིབས་བཅུ་གཉིས་པའི་འཁོར་ལོའི་ལྟེ་བར་རྟག་པའི་དཀྱིལ་འཁོར་བསྒོམ་སྟེ། སྔ་མ་བཞིན་དུ་རྟགས་མཐོང་བ་སྔོན་དུ་འགྲོ་བར་འོད་དང་ཡིག་འབྲུ་དང༌། མཚན་མ་དང་ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་འགྲོ་བའི་དོན་བྱའོ་ཞེས་རྣམ་པར་སྣང་མཛད་ཀྱི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་མཱ་མ་ཀཱིའི་ཆོས་འབྱུང་ལ་ཡུངས་ཀར་གྱི་ཚད་ཙམ་གྱི་ཕྲ་མོའི་ཐིག་ལེའི་དབུས་སུ་རྡུལ་ཕྲ་རབ་ཀྱི་ཚད་ཙམ་གྱི་ཟུར་དྲུག་པའི་རིན་པོ་ཆེའི་དཀྱིལ་དུ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་དམིགས་ལ། སྔ་མ་བཞིན་དུ་རྟགས་མཐོང་བ་སྔོན་དུ་འགྲོ་བར་འོད་དང༌། ཡིག་འབྲུ་དང༌། ཕྱག་མཚན་དང༌། ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་འགྲོ་བའི་དོན་བྱའོ་ཞེས་རིན་ཆེན་འབྱུང་ལྡན་གྱི་ཕྲ་མོའི་རྣལ་འབྱོར་རོ། །དེ་ནས་གོས་དཀར་མོའི་ཆོས་འབྱུང་གི་ནང་དུ་ཙ་ན་ཀའི་ཚད་ཙམ་གྱི་ཕྲ་མོའི་ཐིག་ལེའི་དབུས་སུ་དེའི་ཚད་ཙམ་གྱི་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པའི་ལྟེ་བར་དག་གི་དབང་ཕྱུག་གི་དཀྱིལ་འཁོར་དམིགས་ལ། སྔ་མ་བཞིན་དུ་མཚན་མ་མཐོང་བ་སྔོན་དུ་འགྲོ་བར་འོད་དང༌། ཡིག་འབྲུ་དང༌། མཚན་མ་དང༌། ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་འགྲོ་བའི་དོན་བྱའོ་ཞེས་འོད་དཔག་ཏུ་མེད་པའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་དམ་ཚིགས་གྲོལ་མའི་ཆོས་འབྱུང་ལ་རྡུལ་ཕྲ་རབ་ཀྱི་ཚད་ཙམ་གྱི་ཕྲ་མོའི་ཐིག་ལེའི་དབུས་སུ་རལ་གྲི་སྔོན་པོའི་དཀྱིལ་ལ་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དམིགས་ལ། སྔ་མ་བཞིན་དུམ་ཚན་མ་མཐོང་པ་སྔོན་དུ་འགྲོ་བར་འོད་དང༌། ཡིག་འབྲུ་དང༌། མཚན་མ་དང༌། ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་འགྲོ་བའི་དོན་ཡོད་གྲུབ་པའི་ཕྲ་མོའི་རྣལ་འབྱོར་རོ། །དེ་ནི་ཡན་ལག་གཅིག་གོ །བཟླས་པའི་ཆོ་ག་བཤད་པར་བྱ་སྟེ། སློང་མོ་ཟ་ཞིང་མི་བཟླ་སྟེ། མ་བསླངས་པ་ལ་ཆགས་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། །སྔགས་ཀྱི་ཡན་ལག་མ་ཉམས་ཟླས། །ཞེས་སྨོས་པ་ལ་སློང་མོ་ཟ་བ་ནི། སློང་མོ་ཟ་


DTG036_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དང་ཚུལ་གྱིས་བཟླས་པར་མི་བྱ་སྟེ་བརྗེད་པར་མི་བྱའོ། །སློང་མོ་ཟ་བ་ནི་ཉེ་བར་མཚོན་པའི་དོན་ཏོ། །དེ་བས་ན་སློང་མོ་ཟ་བ་བཞིན་དུ་ཚོལ་ཁྲོ་ལ་སོགས་པ་དམན་པའི་འཚོ་བས་བཟླ་བར་མི་བྱའོ། །མ་བསླངས་པ་ལ་ཆགས་པར་མི་བྱ་བ་ནི་སློང་བའི་ཁ་ཟས་ལ་ཆགས་པར་མི་བྱའོ། །ཇི་སྲིད་ཀྱི་ལུས་འཚོ་བ་དེ་སྲིད་ཀྱི་ཆོ་ག་ཤེས་པས་བཟླ་བར་བྱའོ། །བཟླ་བར་བྱ་བ་ནི་ནང་གི་བཟླས་པ་དང༌། ཕྱིའི་བཟླས་པ་བྱ་བའི། །ཅི་བཟླ་ཞེ་ན་སྔགས་ཞེས་བྱ་བ་ནི་དཀྱིལ་འཁོར་བ་དང༌། གཙོ་བོ་སུམ་ཅུ་རྩ་གཉིས་ཀྱི་སྔགས་བཟླ་བར་བྱའོ། །ཇི་ལྟར་བཟླ་པར་བྱ་ཞེ་ན། ཡན་ལག་མ་ཉམས་པ་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་གིས་ཡིད་ཀྱིས་བཟླས་པར་བྱ་བ་དང༌། ཕྱིའི་བཟླས་པ་ནི་ཁྲོ་བོའི་བཟླས་པས་བྱའོ། །དེ་ལྟར་གྱུར་ན། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། །ཞེས་སྔགས་པར་འགྱུར་རོ། །ཀུན་གྱིས་འདོད་བས་ན་འདོད་པ་ཀུན་ཏེ་རྡོ་རྗེ་འཆང་ངོ༌། །དེའི་ལོངས་སྤྱོད་པ་ནི་འདོད་པའི་དབང་ཕྱུག་ལ་སོགས་པ་ཆོ་འཕྲུལ་གྱི་ཁྱད་པར་ཏེ། དེ་རྣམས་བྱེད་པ་ནི་མངོན་དུ་བྱེད་པ་སྟེ། མངོན་དུ་བྱེད་པ་ཞེས་བྱ་བའོ། །བསྡུས་པའི་དོན་ནི་འདི་ཡིན་ཏེ་ཡེ་ཤེས་སེམས་དཔའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་དབུས་སུ་ཨོཾ་བཛྲ་དྷྲྀ་ཀ་ཅེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་མི་བསྐྱོད་པའི་སྔགས་གྱེན་དུ་འགྲེང་བ་ཤེལ་ལྟར་དག་པ་སྔགས་ཀྱི་ཡི་གེའི་ཁོང་སྟོང་སྲོག་དང་རྩོལ་བའི་རླུང་ཁ་དོག་དམར་པོ་སྲད་བུ་དང་འདྲ་བ་དང་ལྡན་པ་བཀོད་དེ། ཡེ་ཤེས་སེམས་དཔའི་ཞལ་ནས་དམ་ཚིག་སེམས་དཔའི་ཞལ་དུ་སྤྲོས་ཏེ། དམ་ཚིག་གི་ལྷ་མོའི་ཞལ་ནས་ཡེ་ཤེས་ཀྱི་ལྷ་མོའི་ཞལ་དུ་ཞུགས་ཏེ། རྩ་དབུས་མའི་ནང་ནས་ཡེ་ཤེས་ཀྱི་ལྷ་མོའི་པདྨ་དང༌། དམ་ཚིག་གི་ལྷ་མོའི་པདྨའི་ལམ་ནས་ཕྱུང་སྟེ། དམ་ཚིག་སེམས་དཔའི་གསང་བའི་རྡོ་རྗེ་དང༌། ཡེ་ཤེས་སེམས་དཔའི་གསང་བའི་རྡོ་རྗེའི་སྟེང་གི་ལམ་ནས་ཡང་སྙིང་གའི་ཟླ་བའི་དཀྱིལ་འཁོར་དུ་ཕྱིན་པར་བསམ་མོ། །ཞི་བ་དང་རྒྱས་པ་བསྒྲུབ་པ་ལ་སྟེང་གི་རིམ་པས་སྤྲོ་བ་དང་འོག་ཏུ་བསྡུ་བར་བྱའོ། །དབང་དང་དགུག་པ་དང༌། དྲག་པོའི།


DTG036_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་འོག་ནས་སྤྲོ་བ་དང༌། སྟེང་དུ་བསྡུ་བ་སྟེ་རིམ་པའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་དཀྱིལ་འཁོར་བ་སུམ་ཅུའི་བཟླས་པ་ཤེས་པར་བྱ་བའོ། །སྔགས་ཀྱི་ཕྲེང་བ་ནི་མུ་ཏིག་གི་ཕྲེང་བ་བཞིན་དུ་ཡོངས་སུ་འཁོར་བ་ཇི་སྲིད་མི་སྐྱོ་བདེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ངག་གི་བཟླས་པ་བྱ་སྟེ། ལག་པ་གཡས་པ་དང༌། གཡོན་པའི་དཀྱིལ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དབྱངས་དང་པོ་དང༌། རེ་ཕ་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དེ་དག་གིས་མཚན་བར་བསྒོམས་ཏེ། གཡོན་པའི་སོར་མོ་རྣམས་ལ་རང་རང་གི་ས་བོན་ཡོངས་སུ་གྱུར་པ་ལས་སྤྱན་ལ་སོགས་པ་བཀོད་དེ། གཡས་པའི་སོར་མོ་རྣམས་ལ། དེ་བཞིན་དུ་རང་གི་ཆོས་ཀྱི་ཡི་གེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ལ་སོགས་པ་དགོད་ཅིང་པདྨའི་ལག་ཀོར་ལྔ་བྱས་ལ་དགྲ་བཅོམ་པའི་རང་བཞིན་གྱི་རིལ་བུ་ཅན་ཤེལ་གྱི་ཕྲེང་བ་བླངས་ཏེ། ཡི་གེ་བརྒྱ་པ་མངོན་པར་བཟླས་ལ་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ཀྱི་བཟླས་པ་མྱུར་བ་ཡང་མ་ཡིན་དལ་བ་ཡང་མ་ཡིན་པར་ཞི་བའི་ངོ་བོ་རང་གི་རྣ་བས་ཐོས་པ་བཟླས་པར་བྱའོ། །དེའི་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་བཛྲ་དྷྲྀ་ཀ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཇི་ན་ཛི་ཀ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་ཨཱ་རོ་ལྀ་ཀ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་རཏྣ་དྷྲྀ་ཀ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་པྲཛྙཱ་དྷྲྀ་ཀ་ཨཱཿ་ཧཱུཾ་སྭཱ་ཧཱ། དེ་བཞིན་གཤེགས་པ་རྣམས་ཀྱིའོ། །ཨོཾ་མོ་ཧ་ར་ཏི་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་དྭེ་ཥ་ར་ཏི་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་རཱ་ག་ར་ཏི་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ར་ཏི་ཨཱཿ་ཧཱུཾ་སྭཱ་ཧཱ། རིགས་ཀྱི་ལྷ་མོ་རྣམས་ཀྱིའོ། །ཨོཾ་ཛཱཿ་རཱུ་པ་བཛྲ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཧཱུཾ་ཤབྟ་བཛྲེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་བཾ་གནྡྷ་བཛྲེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཧོཿ་ར་ས་བཛྲེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཁཾ་སྤ་ཪྴེ་བཛྲ་ཨཱཿ་ཧཱུཾ་སྭཱ་ཧཱ། མཆོད་པའི་ལྷ་མོ་རྣམས་ཀྱིའོ། །ཨོཾ་ཐླྷིཾ་ཀྵི་ཏི་གརྦྷ་ཨཿ་ཧཱུཾ་སྭཱ་ཧཱ། ཨོཾ་མཾ་མཻ་ཏྲི་ཡ་བཛྲ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཨོཾ་བཛྲ་པཱ་ཎི་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཨོཾ་ཁ་གརྦྷ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཨོཾ་ལོ་ཀེ་ཤྭ་རེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཨོཾ་མཉྫུ་གྷོ་ཤ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཨོཾ་སརྦྦ་ནི་བརྞ་བི་སྐཾ་བྷི་ནི་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་སཾ་ས་མནྟ་བྷ་དྲ་ཨཱཿ་ཧཱུཾ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཨོཾ་ཡ་མཱ་ནྟ་ཀྲྀཏ་


DTG036_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་པྲཛྙཱ་ནྟ་ཀྲྀ་ཏ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་པདྨཱ་ནྟ་ཀྲྀ་ཏ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བིགྷྣཱ་ནྟ་ཀྲྀ་ཏ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨ་ཙ་ལ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཊཀྐི་རཱ་ཛ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ནཱི་ལ་དཎྜ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བྷྲཱུཾ་ཨུཥྞཱི་ཥ་ཙཀྲ་བརྟི་ནི་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧཱུཾ་སུཾ་བྷ་རཱ་ཛ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཁྲོ་བོ་རྣམས་ཀྱིའོ། །འདི་དག་ནི་སྙིང་པོའོ། །ཨོཾ་ཨཱཿ་བཾ་ཧཱུཾ། ཨོཾ་ཨཱཿ་བྲུཾ་ཧཱུཾ། ཨོཾ་ཨཱཿ་རཱཾ་ཧཱུཾ། ཨོཾ་ཨཱཿ་ཛིཾ་ཧཱུཾ། ཨོཾ་ཨཱཿ་བཾ་ཧཱུཾ། དེ་བཞིན་གཤེགས་པ་རྣམས་ཀྱི་ཉེ་བའི་སྙིང་པོའོ། །ཨོཾ་ཨཱཿ་ལཾ་ཧཱུཾ། ཨོཾ་ཨཱཿ་མཾ་ཧཱུཾ། ཨོཾ་ཨཱཿ་པཾ་ཧཱུཾ། ཨོཾ་ཨཱཿ་ཏཱཾ་ཧཱུཾ། ལྷ་མོ་རྣམས་ཀྱི་ཉེ་བའི་སྙིང་པོའོ། །ཨོཾ་ཨཱཿ་ཐླྷིཾ་ཧཱུཾ། ཨོཾ་ཨཱཿ་མཻཾ་ཧཱུཾ། ཨོཾ་ཨཱཿ་ཛཾ་ཧཱུཾ། ཨོཾ་ཨཱཿ་ཁཾ་ཧཱུཾ། ཨོཾ་ཨཱཿ་གྷཾ་ཧཱུཾ། ཨོཾ་ཨཱཿ་མཾ་ཧཱུཾ། ཨོཾ་ཨཱཿ་ཀྵཾ་ཧཱུཾ། ཨོཾ་ཨཱཿ་སཾ་ཧཱུཾ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེ་བའི་སྙིང་པོའོ། །ཨོཾ་ཨཱཿ་ཛ་ཧཱུཾ། ཨོཾ་ཨཱཿ་ཧཱུཾ་ཧཱུཾ། ཨོཾ་ཨཱཿ་བཾ་ཧཱུཾ། ཨོཾ་ཨཱཿ་ཧོཿ་ཧཱུཾ། ཨོཾ་ཨཱཿ་ཁཾ་ཧཱུཾ། མཆོད་པའི་ལྷ་མོ་རྣམས་ཀྱི་ཉེ་བའི་སྙིང་པོའོ། །ཨོཾ་ཨཱཿ་ཡཾ་ཧཱུཾ། ཨོཾ་ཨཱཿ་པྲ་ཧཱུཾ། ཨོཾ་ཨཱཿ་བཾ་ཧཱུཾ། ཨོཾ་ཨཱཿ་བིཾ་ཧཱུཾ། ཨོཾ་ཨཱཿ་ཨོཾ་ཧཱུཾ། ཨོཾ་ཨཱཿ་སྭཱ་ཧཱུཾ། ཨོཾ་ཨཱཿ་ཧཱ་ཧཱུཾ། ཨོཾ་ཨཱཿ་བྲུཾ་ཧཱུཾ། ཨོཾ་ཨཱཿ་ཧཱུཾ་ཧཱུཾ། ཁྲོ་བོ་རྣམས་ཀྱི་ཉེ་བའི་སྙིང་པོའོ། །སྙིང་པོ་དང་ཉེ་བའི་སྙིང་པོ་དེ་དག་འབུམ་བཟླས་པས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་བྱེད་པར་འགྱུར་རོ། །ཇི་སྐད་དུ། འབུམ་ཕྲག་བཟླས་པས་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཕྲེང་བའི་དབྱེ་བ་ནི་ལས་ཀྱི་དབྱེ་བ་སྟེ། དེ་སྐད་དུ་ཤེལ་དང་དུང་དང་མུ་ཏིག་དང༌། དེ་བཞིན་ཁམས་ནི་དཀར་པོ་སྟེ། ཞི་བའི་ལས་ལ་བློ་ལྡན་པས། །འབྲས་བུ་འགྲུབ་ཕྱིར་བླང་བར་བྱ། །གསེར་དང་དངུལ་དང་ཟངས་མ་ནི། །རྒྱས་པའི་ལས་ལ་རྒྱལ་བས་གསུངས། །དབང་ལ་གུར་གུམ་གླ་རྩི་དང༌། །བཞི་མཉམ་རིམ་བཞིན་ཤེས་པར་བྱ། །དགུག་པ་ལ་ནི་རུ་དྲཱ་ཀྵ། །དང་པ་ལ་སོགས་གླང་པོའི་རུས། །རྩ་བ་ཡི་ནི་སྔགས་བཟླས་ཕྱིར། །མུ་ཏིག་རིན་ཆེན་རང་བཞིན་ཤེལ། །ལས་ཀུན་རབ་ཏུ་འགྲུབ་པའི་ཕྱིར། །བོ་དེ་ཙེ་ནི་འདོད་པ་ཡིན། །གཞན་ལས་ཀྱང༌། རྟ་ཡི་རུས་པས་གསོད་པ་དང༌། །ཁྭ་ཡི་རུས་པས་དགུག་པ་སྟེ། །བྲམ་ཟེའི་


DTG036_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རུས་པས་རེངས་པ་དང༌། །ཁྱི་ཡི་རུས་པས་དགར་བ་ཡིན། །ཞེས་གསུངས་པ་དང༌། དེ་བཞིན་དུ། མཐེ་བོ་མཛུབ་མོ་སྦྱོར་བ་ཡིས། །རྒྱལ་བ་ཡིས་ནི་ཞི་བ་གསུངས། །མཐེ་བོ་གུང་མོ་སྦྱོར་བ་ཡིས། །རྒྱས་པའི་ལས་ནི་འགྲུབ་པར་འགྱུར། །མཐེ་བོ་སྲིན་ལག་སྦྱོར་བ་ཡིས། །དབང་གི་ལས་ནི་འགྲུབ་པ་སྟེ། །མཐེ་བོ་མཐེའུ་ཆུང་སྦྱོར་བ་ཡིས། །མཁས་པས་དགུག་པའི་དོན་དུ་བཟླ། །གཡས་དང་གཡོན་པའི་མཐེ་བོང་ནི། །གཉིས་པོས་གསོད་པའི་ལས་འགྲུབ་འགྱུར། །ལག་པ་གཡས་པ་ཉིད་ཀྱིས་ནི། །བགྲང་ཕྲེང་ཡང་དག་བླང་བྱ་སྟེ། །ཐབས་དང་རྗེས་སུ་མཐུན་པས་ན། །རྣལ་འབྱོར་དབང་པོས་བཟླ་བར་བྱ། །ཞེས་བཤད་པའི་ཕྱིར་རོ། །བཟླས་པའི་ཆོ་ག་རྫོགས་ནས། ཟ་མ་ཏོག་གི་ནང་དུ་སྦ་བར་བྱ་སྟེ། ཇི་སྐད་དུ། བྲིས་སྐུ་འམ་ནི་ཡང་ན་གླེགས་བམ་སྟེ། །ཡང་ན་བགྲང་ཕྲེང་རྡོ་རྗེ་ལ་སོགས་པ། །སོ་སོའི་སྐྱེ་བོས་གལ་ཏེ་བག་མེད་པས། །མཐོང་ན་དེ་ནི་དམྱལ་བར་འགྲོ་བ་ཡིན། །རྣལ་འབྱོར་པ་ནི་ལེ་ལོ་བྱེད་པ་ན། །དམ་ཚིག་དང་ནི་སྡོམ་པ་ཉམས་པར་འགྱུར། །རིམས་དང་དུག་དང་འབྱུང་སོགས་ཀྱིས་གསོད་པའི། །འོག་ཏུ་འདོང་དང་དུ་འབོད་དམྱལ་བར་ལྟུང༌། །ཞེས་གསུངས་སོ། །སྔར་བཤད་པའི་དོན་བསྡུ་བར་བྱ་བའི་ཕྱིར། བརྗོད་ནས་རྡོ་རྗེ་སྤྲོ་བ་སྟེ། །རྫོགས་ནས་བསྡུ་བ་ཀུན་དུ་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དོན་དམ་པ་ཡི་བཟླས་པར་བཤད། །ཅེས་སྨོས་པ་ལ། བརྗོད་པ་ནི་ཞལ་གཉིས་པོ་ནས་བྱུང་ནས་སོ། །སྤྲོ་བ་ནི་ལྷ་མོའི་ཞལ་གཉིས་པོ་ལ་ཞུགས་ནས་སོ། །རྫོགས་པ་ནི་སྤྲོ་བའི་མཐར་རོ། །བསྡུ་བ་ཀུན་དུ་བྱ་བ་ནི་པདྨ་གཉིས་ལས་གསང་བའི་རྡོ་རྗེ་གཉིས་ཀྱིས་བསྡུ་བའོ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །དོན་དམ་པ་ནི་ནང་གི་བདག་ཉིད་ཀྱི་བཟླས་པ་སྟེ་དགོངས་པ་མ་ཡིན་པའོ། །ད་ནི་ཡན་ལག་གཉིས་པའོ། །བྱ་བ་བྱས་ནས་འོད་དུ་ཞུ་བའི་ཆོ་ག་བཤད་པར་བྱ་སྟེ། ཕྲ་མོའི་རྣལ་འབྱོར་བཟླས་པ་ཡང༌། །ཅི་འདོད་པར་ནི་རྣམ་གཉིས་བྱ། །སླར་ཡང་སྔགས་པ་བདག་ཉིད་ནི། །དེ་བཞིན་ཉིད་ལ་


DTG036_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པར་བྱ། །ཅེས་སྨོས་པ་ལ། སྔར་བཤད་པའི་ཕྲ་མོའི་རྣལ་འབྱོར་དང་བཟླས་པ་བྱས་ལ། ཕྱི་ནས་སྔགས་བ་བདག་ཉིད་ཤེས་རབ་དང་བཅས་པ་དེ་བཞིན་ཉིད་ནི་འོད་གསལ་བའི་མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་ལ་ཞུགས་པ་ནི་ཐིམ་པར་བྱའོ། །འདིར་མན་ངག་ནི་འདི་ཡིན་ཏེ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱིས་རང་གི་དོན་བསྒྲུབས་ལ། དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱིས་གཞན་གྱི་དོན་རྫོགས་ལ་ཕྲ་མོའི་རྣལ་འབྱོར་གྱིས་སེམས་བརྟན་པས་ཏིང་ངེ་འཛིན་གཉིས་པོ་ལ་དམིགས་པ་ཉེ་བར་མཚོན་ནས་བཟླས་པས་ཀྱང་སྔགས་སྦྱངས་ཏེ། དེ་བས་ན་ད་ནི་བྱ་བ་བྱས་པ་དག་ཡིན་ནོ་ཞེས་རྟོགས་ཏེ། བདག་གི་རྒྱུ་མཐུན་པར་གྱུར་པའི་དཀྱིལ་འཁོར་པ་རྣམས་ཀྱིས་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ་ཞེས་བསམས་ནས་བུ་དང་ཚ་བོ་ཡོད་པས་སྐྱེས་བུ་དགའ་བ་བཞིན་དུ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པས་ཡབ་ཡུམ་གཉིས་ཀྱང་ཞུ་སྟེ་ཐིག་ལེ་དང༌། སྒྲ་དང༌། སྒྲ་ཙམ་གྱི་དབྱེ་བས་ཁམས་ཕྲ་བ་ལ་ཞུགས་ཏེ། སྤྲིན་མེད་པའི་ནམ་མཁའ་དང་འདྲ་བ་ཐམས་ཅད་སྟོང་བའི་རང་བཞིན་གྱི་བདག་ཉིད་དུ་བསྒོམ་པར་བྱའོ་ཞེས་ཡན་ལག་གསུམ་པའོ། །ལྷ་མོ་རྣམས་ཀྱི་བསྐུལ་པ་བཤད་པར་བྱ་སྟེ། དེ་ནས་དཀྱིལ་འཁོར་གནས་བ་ཡི། །ལྷ་མོས་བདག་པོ་མ་མཐོང་བས། །ཚིགས་སུ་བཅས་པ་བཞི་ཡིས་ནི། །བདེ་བ་ཆེན་པོ་སྐུལ་བར་བྱེད། །ཅེས་སྨོས་པ་ལ། དེ་ནས་ཚངས་པའི་གནས་བཞིའི་རང་བཞིན་གྱི་ལྷ་མོ་སྤྱན་ལ་སོགས་པས་བདག་པོ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གྱི་མི་བསྐྱོད་པ་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པས་མཐོང་བ་ནི་དབུས་ཀྱི་རེ་མིག་སྟོང་པར་བལྟས་ཏེ། བཅོམ་ལྡན་འདས་བདེ་བ་ཆེན་པོ་ནི་འོད་གསལ་བའི་ཏིང་ངེ་འཛིན་ལ་ཞུགས་པ། འོག་ནས་བཤད་པའི་ཚིགས་སུ་བཅད་པ་བཞི་པོས་སྐུལ་བར་བྱེད་པ་ནི་ལྡང་བར་བྱེད་པ་སྟེ། ཚིག་འཇམ་པ་དང༌། དབྱངས་སྙན་པ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །འདིའི་དགོངས་པ་ནི་འདི་


DTG036_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། །སྔར་གྱི་སྨོན་ལམ་གྱི་བག་ཆགས་ཀྱི་ཤུགས་ཀྱིས་དེའི་སོ་སོའི་སྣང་བ་ཉིད་ལྷ་མོ་རྣམས་བཅོམ་ལྡན་འདས་ལ་སྐུལ་བར་བྱེད་པར་བསམ་མོ། །ལྷ་མོ་རྣམས་སྐུལ་བར་བྱེད་པ་ཅིའི་ཕྱིར་ཞེ་ན་སྨྲས་པ། འདིར་འདོད་པའི་ཁམས་ལ་ཕལ་ཆེར་བུད་མེད་ཀྱི་ཚིག་གིས་བསྐུལ་བས་ཞུགས་པ་མཐོང་གིས། སྐྱེས་པའི་ཚིག་གིས་བསྐུལ་བས་ནི་མ་ཡིན་ཏེ། འདོད་པའི་ཁམས་ནི་དེའི་རང་བཞིན་ཡིན་པའི་ཕྱིར་དང༌། ཐབས་དང་ཤེས་རབ་དབྱེར་མེད་པའི་ཕྱིར་སྐྱོན་མེད་དོ། །ཚིགས་སུ་བཅད་པ་བཞི་པོ་དེ་ཉིད་རིམ་གྱིས་བཤད་པར་བྱ་སྟེ། སེམས་ཅན་ཁམས་ན་གནས་པའི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དི་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །ཞེས་སྨོས་པ་ལ། འདི་ནི་སྤྱན་གྱི་ཚིགས་སུ་བཅད་པ་སྟེ། ཁྱོད་ནི་མདུན་དུ་གནས་པ་བཞིན་དུ་བལྟས་ནས་བསྐུལ་བ་སྟེ། རྡོ་རྗེ་ཐུགས་ནི་ཐུགས་ཀྱི་དབང་ཉིད་ཐོབ་པའོ། །ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཐོབ་པའི་ཕྱིར་གནས་ཀྱི་དབང་ཕྱུག་གོ །སེམས་ཅན་གྱི་ཁམས་ནི་འབྱུང་བ་ཐམས་ཅད་ཀྱི་རང་བཞིན་གྱི་བདག་པོ་ཡིན་པའི་ཕྱིར་རོ། །དགའ་བ་ནི་རོལ་བ་སྟེ། དེ་ལ་ཡིད་འོང་ནི་དགའ་བ་སྐྱེད་པས་དགའ་བ་ཡིད་འོང་ངོ༌། །དོན་ཆེན་ནི་མཆོག་ཏུ་དགའ་བ་སྟེ། འདོད་པས་ན་དོན་ཆེན་འདོད་པའོ། །དེ་ལྟ་བུའི་དགའ་བ་ཡིད་འོང་དོན་ཆེན་འདོད་པ་ནི་འཁྱུད་པ་ལ་སོགས་པས་སོ། །བདག་ལ་བསྐྱབ་ཏུ་གསོལ་བ་ནི་རོལ་བར་མཛད་དུ་གསོལ་ཞེས་པའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུར་གྱུར་པས་ཡབ་ཆེན་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་དང་བདེ་བ་མཛད་པའི་ཕྱིར་རོ། །བདག་ནི་གསོན་པར་མཆིས་བཞེད་པ་ནི་གསོན་པར་འདོད་པའོ། །མགོན་པོ་ནི་གཙོ་བོའོ། །བདག་ལ་དགྱེས་པར་མཛད་པ་ནི་རོལ་བར་མཛད་དུ་གསོལ་བའོ། །མཱ་མ་ཀཱིའི་བསྐུལ་བ་བཤད་པར་བྱ་སྟེ། རྡོ་རྗེ་སྐུ་ཁྱོད་


DTG036_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་གྲུབ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དི་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཞེས་སྨོས་པ་ལ། མི་འཇིག་པའི་སྐུ་ཡིན་པས་ན་རྡོ་རྗེའི་སྐུའོ། །བཀའི་འཁོར་ལོ་སེམས་ཅན་ཀུན་ལ་ཕན་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་སྟེ། བཀའི་འཁོར་ལོ་སྐོར་བར་བྱེད་པའི་ཕྱིར་རོ། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་གྲུབ་རབ་ཏུ་ཕན་པར་གཟིགས་པ་ནི་སངས་རྒྱས་ནི་ཕུང་པོ་ལྔའོ། །དོན་ནི་ཀུན་རྫོབ་ཀྱི་བདེན་པའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །དེ་དག་གི་མཆོག་ཏུ་གྲུབ་པ་ནི་བདེ་བ་ཆེན་པོའི་སྐུའོ། །རབ་ཏུ་ཕན་པར་གཟིགས་པ་ནི་སེམས་ཅན་རྣམས་ལ་ཕན་པར་མཛད་པའི་དགོངས་པས་གསལ་བར་མཛད་པའོ། །འདོད་ཆགས་ནི་འདོད་ཆགས་སྦྱོང་བའི་རྣམ་པས་སོ། །དམ་ཚིག་ཆགས་བ་ནི་འདོད་ཆགས་ཀྱི་སྦྱོང་བའི་རང་བཞིན་གྱིས་བདག་དགྱེས་བར་མཛད་པ་ནི་རོལ་བར་མཛོད་ཅིག་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །གོས་དཀར་མོའི་བསྐུལ་བ་བཤད་པར་བྱ་སྟེ། ཁྱོད་ནི་རྡོ་རྗེ་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་དི་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་དུ་བཟང་པོ་བདག་ལ་དགྱེས་པར་མཛོད། །ཅེས་སྨོས་པ་ལ། ཁྱོད་ནི་རྡོ་རྗེ་གསུང་སྟེ་ནི་གསུང་གི་དབང་ཕྱུག་ཉིད་ཐོབ་པའི་ཕྱིར་རོ། །ཀུན་ནི་སེམས་ཅན་གྱི་ཁམས་ལ་ཕན་པ་ཐུགས་བརྩེ་བ་ནི་ཐུགས་རྗེ་ཆེན་པོའི་བདག་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཚངས་པའི་གནས་བཞིས་འཇིག་རྟེན་པའི་དོན་མཛད་པའི་ཕྱིར། རྟག་ཏུ་བརྩོན་པ་ནི་དུས་ཐམས་ཅད་དུ་ཡང་དག་པར་གཞོལ་བའོ། །བདག་ལ་དགྱེས་པར་མཛོད་ཅེས་པ་ནི་རྟེན་པར་མཛོད་ཅིག་པའོ། །བདེ་བའི་སྤྱོད་པས་ཀུན་དུ་ནི་སེམས་ཅན་གྱིས་ཁམས་ལའོ། །བཟང་པོ་ནི་དགེ་བ་མཛད་པས་ན་ཀུན་དུ་བཟང་པོའོ། །གཞན་ནི་


DTG036_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཟིན་ཏོ། །སྒྲོལ་མའི་བསྐུལ་བ་བཤད་པར་བྱ་སྟེ། ཁྱོད་ནི་རྡོ་རྗེའི་ཐུགས་ཏེ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གསུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ་གལ་ཏེ་དེ་རིང་བདག་ཉིད་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཅེས་བྱ་བ་ནི་ཁྱོད་ནི་རྡོ་རྗེའི་ཐུགས་ཏེ་ནི་དོན་ཡོད་གྲུབ་པའི་སྒོ་ནས་བོད་པའོ། །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ལས། དཀྱིལ་འཁོར་གྱི་ལྷ་ཕྱུང་ཞིང༌། ཞེ་སྡང་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་སྦྱངས་བའི་ཕྱིར་རྡོ་རྗེའི་ཐུགས་སོ། །ལས་ཀྱི་རིགས་ཀྱི་བདག་པོ་ཡིན་པའི་ཕྱིར་དམ་ཚིག་མཆོག་གོ །འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་ལ་འདོད་ཆགས་རྣམ་པར་དག་པའི་ཐབས་ཀྱིས་ཐར་པ་སྩོལ་བས་ན་ཕན་དོན་ཆེའོ། །ཤཱཀྱའི་རིགས་ཀྱི་གཙོ་བོར་གྱུར་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཆོག་གོ །ཡང་ན་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་ཀྱིས་འགྲོ་བ་མ་ལུས་པའི་དོན་མཛད་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཆོག་གོ །རང་དང་གཞན་གྱི་དབྱེ་བ་ལ་དམིགས་པ་དང་བྲལ་བས་ཀྱང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བསན་མཉམ་ཉིད་གཟིགས་པའོ། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཅེས་པ་ནི་རྟེན་པར་མཛོད་ཅིག་པའོ། །གང་གི་ཕྱིར་འདོད་ཆགས་དང༌། འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་བར་པ་དང༌། འོད་གསལ་བ་སྐྱེད་པར་བྱེད་དོ་ཞེས་བདག་ཉིད་ལ་བསྔགས་པར་བྱེད་དེ། མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན། ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་གི་ཐབས་ཀྱིས་རྡོ་རྗེ་སེམས་དཔའ་ལྟ་བུའི་ཚེ་དང༌། སྲོག་སྦྱིན་པས་གསོན་པར་མཛོད་ཅེས་དགོངས་པ་སྟེ་ཡན་ལག་བཞི་པའོ། །དེ་ལྟར་ཚད་མེད་པ་རྣམ་པ་བཞིའི་རང་བཞིན་གྱི་ལྷ་མོ་རྣམས་ཀྱིས་བསྐུལ་བར་གྱུར་པས་སྨོན་ལམ་གྱི་རྒྱུན་གྱི་ཤུགས་ཀྱིས་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལས་ལྡང་སྟེ། སླར་ཡང་དྲག་པོ་དང་ཞེབ་


DTG036_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆགས་པ་ཆེན་པོ་ཉིད་ཉམས་དང་ལྡན་པས་སེམས་དཔའ་གསུམ་གྱི་བདག་ཉིད་དང་ལྡན་བའི་རྡོ་རྗེ་སེམས་དཔའི་འཁོར་ལོའི་དབུས་སུ་གནས་པར་བདག་ཉིད་བསྒོམ་པར་བྱ་སྟེ་ཡན་ལག་ལྔ་པའོ། །དེ་ཉིད་བཤད་པར་བྱ་སྟེ། དེ་ལྟར་ཡང་དག་ཡོན་ཏན་ནི། །བརྗོད་པས་མགོན་པོ་དེ་བསྐུལ་ནས། །མི་བསྐྱོད་པ་སོགས་ངོ་བོ་ཡིས། །དེ་བཞིན་གཤེགས་པ་བསྟོད་པར་མཛད། །ཅེས་སྨོས་པ་ལ། འདིར་ཚིགས་སུ་བཅད་པ་ཕྱེད་ཀྱིས་ཡན་ལག་ལྔ་པ་བསྟན་ཏོ། །ཡང་དག་ཡོན་ཏན་བརྗོད་པས་ནི་ཡང་དག་པར་གྱུར་པའི་ཡོན་ཏན་གྱི་ཚོགས་ལ་བསྟོད་པས་བསྐུལ་བ་ནི་ལྔ་པ་སྟེ། མགོན་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་མི་བསྐྱོད་པ་ཡིན་ལ། དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་སྟེ། བསྟོད་པ་མཛད་པ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པའི་རང་བཞིན་གྱི་ཚིག་གི་རྒྱུན་གྱི་བསྟོད་བ་མཛད་པ་བསྒོམ་པར་བྱའོ། །དེ་ཉིད་རྒྱས་པར་བཤད་པར་བྱ་སྟེ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་ནམ་མཁའ་ཆེའོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་རྡོ་རྗེ་ལ་ཕྱག་འཚལ། །ཞེས་སྨོས་ཏེ། ཉོན་མོངས་པ་ཐམས་ཅད་ཀྱི་ཚོགས་ཀྱིས་མི་བསྐྱོད་པ་ནི་མི་གཡོ་བའོ། །རྡོ་རྗེ་ནི་ཐུགས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྟོང་བ་བཞིའི་བདག་ཉིད་ཡིན་པས་ན་ཡེ་ཤེས་ཆེའོ། །རྡོ་རྗེ་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་རྣམས་འཛིན་པས་ན་རྡོ་རྗེ་དབྱིངས་སོ།། བདེན་པ་གཉིས་ཀྱི་དབྱེ་བ་ལ་ཡོངས་སུ་མཁས་པས་ནམ་མཁའི་ཆེན་པོའོ། །དོན་དམ་པའི་དཀྱིལ་འཁོར་དང་སྐུའི་དཀྱིལ་འཁོར་དང༌། ཕྱུང་བའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས་ན་དཀྱིལ་འཁོར་གསུམ་པོ། །སྐུ་རྡོ་རྗེ་ལ་སོགས་པའི་ནང་ན་གཙོ་བོར་གྱུར་པས་རྡོ་རྗེ་གསུམ་མཆོག་གོ །གསང་བའི་རྡོ་རྗེ་ནི་དམ་ཚིག་གི་དེ་ཁོ་ན་ཉིད་ཁོ་བོ་ཅག་ལ་བསྟན་དུ་གསོལ་ཞེས་མི་བསྐྱོད་པའི་སྒོ་ནས་བསྟོད་པའོ། །རྣམ་པར་སྣང་མཛད་དགའ་ཆེན་པོ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སྟོན་པ་རྡོ་རྗེ་ཕྱག་


DTG036_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ཞེས་སྨོས་ཏེ། འོད་གསལ་བའི་མས་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དོ། །དེ་ཉིད་ཀྱི་ཕྱིར་དག་པ་ཆེན་པོའོ། །དེ་རྣམས་ཀྱི་རྣམ་པར་དག་པའི་རང་བཞིན་དྲུག་པ་ཡིན་པས་ན་ཞི་བའོ། །མཆོག་ཏུ་དགའ་བའི་བདག་ཉིད་ཡིན་པས་ན་དགའ་བ་ཆེན་པོའོ། །རང་བཞིན་གྱིས་འོད་གསལ་བས་ན་རང་བཞིན་དག་པའོ། །མཆོག་ནི་ཆོས་ཏེ་སྟོན་པ་ནི་གསལ་བར་མཛོད་ཅིག་པའོ། །རྡོ་རྗེ་ནི་བོད་པའོ། །དེ་ནི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་བསྟོད་པའོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །ཞེས་སྨོས་ཏེ། རིན་ཆེན་ནི་རིན་པོ་ཆེའི་རིགས་ཅན་ནོ། །དེ་རྣམས་གསལ་བར་མཛད་པས་ན་རིན་ཆེན་རྒྱལ་པོའོ། །མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པས་ན་རབ་ཏུ་ཟབ་པའོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་རྡོ་རྗེ་དྲི་མ་མེད་པའོ། །ཐོག་མ་ནས་དག་པས་ན་རང་བཞིན་དག་པའོ། །ཆོས་ཐམས་ཅད་ཀྱིས་མ་རིག་པས་ན་གོས་པ་མེད་པས་སོ། །སྐུ་རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་བསྟོད་པའོ། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་བརྙེས་པ། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །ཞེས་སྨོས་ཏེ། རྡོ་རྗེ་མི་འཆི་ནི་པདྨའི་རིགས་ཅན་ནོ། །དེ་རྣམས་ཀྱི་བདག་པོ་ཡིན་པས་ན་རྒྱལ་པོ་ཆེའོ། །སོ་སོར་རྟོག་པའི་བདག་ཉིད་ཡིན་པས་ན་མི་རྟོག་པའོ། །དེ་བས་ནམ་མཁའ་རྡོ་རྗེ་འཛིན་པའོ། །འདོད་ཆགས་ནི་འཁོར་བ་ལ་ཆགས་བའི་མཚན་ཉིད་དེ། དེའི་ཕ་རོལ་ནི་མཐའོ། །དེར་ཕྱིན་པ་ནི་སོན་པའི་ཤེས་རབ་པོ། །དེ་བརྙེས་པ་ནི། འདོད་ཆགས་ཕ་རོལ་ཕྱིན་བརྙེས་ཐོབ་པའོ། །དེ་ནི་འདོད་དཔག་ཏུ་མེད་པའི་སྒོ་ནས་བསྟོད་པའོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་བྱེད་པ། །དག་པའི་རང་བཞིན་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །ཞེས་སྨོས་ཏེ། སྔོན་དང་ལྡན་པའི་ཡེ་ཤེས་སྩོལ་བས་ན་དོན་ཡོད་རྡོ་རྗེ་སྟེ། དོན་ཡོད་གྲུབ་པའི་རིགས་རྣམས་རྫོགས་སངས་རྒྱས་ནི་དེ་རྣམས་


DTG036_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པར་བྱ་སྟེ། དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས་སོ། །སྒྲུབ་པ་པོའི་སྐྱེས་བུ་ལ་སོགས་པའི་ལས་ཀྱིས་བསམ་པ་རྫོགས་པས་ན། བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །དག་པའི་རང་བཞིན་འོད་གསལ་བ་སྟེ། དེ་ལས་བྱུང་བས་ན་དག་པའི་རང་བཞིན་ལས་བྱུང་བའོ། །དེ་དང་འདྲ་བའི་རྡོ་རྗེ་སེམས་དཔའ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་དོན་ཡོད་གྲུབ་པའི་སྒོ་ནས་བསྟོད་པ་སྟེ། དགོངས་པ་མ་ཡིན་པའོ། །ཡན་ལག་དྲུག་པའོ། །དཀྱིལ་འཁོར་གྱི་འཁོར་ལོ་བསྡུ་བ་བཤད་པ་ནི་དེ་ནས། སངས་རྒྱས་ཀྱིས་བསྟོད་འཁོར་ལོ་རྗེས་ཆགས་ནས། །མཆོག་ཏུ་གསང་བ་ཇི་བཞིན་དོན་བཤད་ནས། །རང་སྐུའི་འཁོར་ལོ་ལ་ནི་འཁོར་ལོ་གཞུག །མགོན་པོ་བདེ་བ་ཆེན་པོ་གཅིག་པུ་བཞུགས། །ཞེས་སྨོས་ཏེ། དེ་ནས་ཞེས་བྱ་བའི་ཚིག་གི་ཕྲད་ནི་ཆོ་ག་གཞན་གྱི་དོན་དུའོ། །སངས་རྒྱས་ཀྱི་བསྟོད་པ་ནི་དེ་བཞིན་གཤེགས་པ་ལྔའི་སྒོ་ནས་བསྟོད་པ་མཛད་ནས་སོ། །འཁོར་ལོ་རྗེས་ཆགས་ནི་དཀྱིལ་འཁོར་ལའོ། །འདོད་པ་ཐམས་ཅད་ཀྱི་ལོངས་སྤྱོད་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། འཁྱུད་པ་དང༌། ཙུམྦ་ན་དང༌། ཙུ་ཤ་ཎ་དང༌། སོ་དང་སེན་མོས་གདབ་པ་དང༌། ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་ཚིམ་ནས་སོ། །དེ་བཞིན་དུ་ཇི་བཞིན་དོན་ནི་ཕྱིན་ཅི་མ་ལོག་པ། གསང་བ་མཆོག་ནི་དེ་ཁོ་ན་ཉིད་དེ་བཤད་ནས་ནི་བསྟན་པར་མཛད་ནས་ཏེ། ངེས་པའི་ཚིག་གི་སྒོ་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོན་པ་ནི་འདི་ལྟ་སྟེ། ཨ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ཏེ་ཐོག་མ་ནས་མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་ནས་བརྩམས་ཏེ། ཀཥ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ཏེ། ཉེས་པ་ཐམས་ཅད་ཟད་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་གསང་བ་མཆོག་བསྟན་ནས། ཕྱི་ནས་སྤྲོས་པ་འདིས་ཅི་ཞིག་བྱ་ཞེས་དགོངས་ཏེ། རང་སྐུའི་འཁོར་ལོ་ནི་སྔར་བཤད་པའི་ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་ལ། འཁོར་ལོ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་པའི་ལྷའི་འཁོར་ལོ་འདོ་ཟེར་གྱི་སྒོ་ནས་ཞུགས་ཏེ། དེ་རྣམས་ཀྱང་ཡི་གེ་གསུམ་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུས་དགུག་ཅིང་དེ་ཉིད་ལ་ཞུགས་ཏེ། ཨོཾ་དང་ཨཱཿ་ཡང་ཧཱུཾ་ལ་ཐིམ་ཞིང་མགོན་པོ་བདེ་བ་ཆེན་པོ།


DTG036_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ་ནི་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པར་བལྟ་སྟེ། ཡི་གེ་ཧཱུཾ་གི་དབུས་སུ་ཡང་འོད་ཟེར་གྱི་ཁམས་གསུམ་པ་དང་རང་གི་བདག་ཉིད་བཀུག་ཅིང་བཅུག་ལ་ཧཱུཾ་ཙམ་ལ་དམིགས་པས་གནས་པར་བྱའོ། །དེ་ཉིད་བཤད་པ། དེ་ལྟར་རྣལ་འབྱོར་བཞི་བྱེད་རྣལ་འབྱོར་པ། ཧཱུཾ་གི་སྙིང་པོའི་འཇིག་རྟེན་རབ་ཏུ་བསྒོམ། །དེ་བྱུང་འགྲོ་ཀུན་རྡོ་རྗེ་སེམས་དཔར་བསམ། །ལངས་ནས་འགྲོ་ལ་བལྟས་ཏེ་ཇི་བཞིན་སྤྱོང༌། །ཅེས་སྨོས་ཏེ། རྣལ་འབྱོར་བཞི་བྱེད་ནི་སྔར་བཤད་པའི་རྣལ་འབྱོར་བཞི་པ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་སྒོམ་པར་བྱེད་པའོ། །དེ་ཡང་ཉེ་བའི་མཚོན་པ་ཡིན་ཏེ། དཀྱིལ་འཁོར་རྒྱལ་བ་མཆོག་དང༌། ལས་ཀྱི་རྒྱལ་བ་མཆོག་ཀྱང་བསྒོམ་པའོ། །རྣལ་འབྱོར་པ་ནི་སྒྲུབ་པོའོ། །འཇིག་རྟེན་ནི་སྣོད་དང་སེམས་ཅན་གྱི་འཇིག་རྟེན་ཏེ། སྔར་བཤད་པའི་རིམ་གྱིས་ཧཱུཾ་གི་སྙིང་པོ་ནི་ཡི་གེ་ཧཱུཾ་བཞུགས་པ་ནི་བསམ་པར་བྱའོ། །གཞན་ཡང་ཡན་ལག་ལྷག་མ་རྫོགས་པར་བྱ་བའི་ཕྱིར་དེ་ལས་བྱུང་བ་ནི་དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་རེག་བྱ་རྡོ་རྗེ་མ་དང་བཅས་པ་བརྟན་པ་དང་གཡོ་བའི་བདག་ཉིད་བསམས་ནས་ལངས་ནས་ནི་ཏིང་ངེ་འཛིན་ལས་ལངས་ཏེ། འགྲོ་བ་ལ་བལྟས་པ་ནི་དེའི་གཅིག་པུར་སོ་སོར་སྣང་བའི་བརྟན་པ་དང༌། གཡོ་བའི་འགྲོ་བ་ལ་བལྟ་བའི་བློ་དང་ལྡན་པའོ། །ཇི་བཞིན་སྤྱོད་ནི་མཉམ་པར་གཞག་པའི་བློ་དང་ལྡན་པས་སྤྱོད་ལམ་བཞི་དམིགས་པར་བྱ་བའམ། ཡང་ན་གང་ཟག་དང་ཆོས་བདག་མེད་པར་རྟོགས་པར་བྱའོ་ཞེས་ཡན་ལག་བདུན་པའོ། །ཚིམ་པར་བྱ་བའི་ཆོ་ག་བཤད་པར་བྱ་སྟེ། སྔགས་པས་ཏིང་འཛིན་དམིགས་པའི་ཚེ། །གང་ཚེ་ལུས་ནི་སྐམས་ཀྱུར་ན། །ལུས་ངག་ཡིད་ནི་ཚིམ་བྱེད་པའི། །རྣལ་འབྱོར་འདི་ནི་བསྒོམ་པར་བྱ། །ཞེས་སྨོས་པ་ལ། ཏིང་ངེ་འཛིན་ནི་སྔར་བཤད་པའི་ཏིང་ངེ་འཛིན་གསུམ་སྟེ་ཡུན་རིང་བ་དང༌། རྒྱུན་མ་ཆད་པས་དམིགས་པ་བསྒོམ་པར་བྱ་བའི་ཕྱིར་རོ། །གང་གི་ཚེ་ལུས་སྐམས་པ་ནི་ཁམས་ཟད་པར་གྱུར་ན་དེའི་ཚེ་ལུས་ལ་སོགས་པ་ཚིམ་པར་བྱེད་པའི་རྣལ་


DTG036_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་འདི་ནི་འོག་ནས་བཤད་པའི་ཏིང་ངེ་འཛིན་བསྒོམ་པར་བྱ་བའི་ནན་ཏན་གྱིས་བསམ་པར་བྱ་སྟེ། གཞན་དུ་ན་ཁམས་ལོག་པས་བར་ཆོད་དུ་འགྱུར་རོ། །དེ་ཉིད་བཤད་པ། མཐོ་གང་ཙམ་གྱིས་དཔག་པ་རུ། །སྤྱི་བོར་དཀྱིལ་འཁོར་བརྟག་པར་བྱ། །བདུད་རྩི་ལྔ་ནི་ངེས་འབེབས་པའི། །ཨོཾ་ནི་དེ་རུ་བརྟག་པར་བྱ། །ཞེས་སྨོས་ཏེ། མཐོ་གང་ཙམ་ནི་སོར་བཅུ་གཉིས་ཀྱི་ཚད་ཙམ་མོ། །དཔག་པ་ནི་དཔག་ནས་སོ། །སྤྱི་བོར་ནི་མགོ་བོའི་སྟེང་དུ་བར་སྣང་ལའོ། །དཀྱིལ་འཁོར་བརྟག་པ་ནི་ཆ་བཅུ་དྲུག །སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་རུ་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུའོ། །ཨོཾ་ནི་རྣམ་པར་སྣང་མཛད་ཀྱི་ས་བོན་འོད་ཟེར་འབར་བ་དགོད་ཅིང༌། བདུད་རྩི་ལྔ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩི་ཚངས་པའི་སྒོ་ནས་བབ་བ་ནི་ཀུན་དུ་སྤྱོད་པའི་རིམ་གྱིས་ཕབ་པར་བྱའོ། །ཕན་ཡོན་བཤད་པར་བྱ་བ་སྟེ། རྡོ་རྗེའི་སྦྱོར་བ་འདི་ཡིས་ནི། །སྐད་ཅིག་གིས་ནི་གཟི་ཅན་འགྱུར། །ལུས་ངག་ཡིད་ཀྱིས་བདེ་བ་ཉིད། །ཐོབ་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་བ་ལ་འདི་ཡིས་ནི་སྔར་བཤད་པའི་རྡོ་རྗེ་རྣལ་འབྱོར་ཏེ། མི་ཕྱེད་པ་ནི་ཚིམ་བའི་ཚོགས་སོ།། གཟི་ཅན་ནི་ཉི་མ་ཤར་བའི་འོད་དང་འདྲ་བའོ། །སྐད་ཅིག་གིས་ནི་བདུད་རྩི་མྱངས་པ་ཙམ་གྱིས་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ལུས་ངག་ཡིད་ཀྱི་བདེ་བ་ཉིད་ནི་སྤྱོད་པ་བཟང་བ་དང༌། ལས་སུ་རུང་བ་དང༌། དྲན་པ་དང༌། བརྟན་པ་ཉིད་དུ་འགྱུར་ཏེ་སྒྲ་ཇི་བཞིན་པའོ། །དེ་ནི་ཡན་ལག་བརྒྱད་པའོ། །ནང་གི་སྦྱིན་སྲེག་བཤད་པ་ནི། དེ་ལྟར་གོམས་པའི་སྔགས་པ་ཡིས། །སྦྱང་བ་དང་ནི་དེ་བཞིན་སད། །སྙིང་ག་ལྐོག་མ་དག་སྦྱངས་ནས། །དེ་བཞིན་གཤེགས་རྣམས་ཚིམ་པར་བྱ། །ཞེས་སྨོས་ཏེ། འདིར་འཇིག་རྟེན་པའི་གཙང་བ་དང་མི་གཙང་བའི་རྟོག་པ་སྤོང་བའི་ཕྱིར་དང༌། ཚེ་རིང་བ་དང༌། ནད་མེད་པ་དང༌། བདེ་བ་ཐོབ་པའི་ཕྱིར་དང༌། དེ་བཞིན་དུ་བསམ་གཏན་གྱི་ཟས་ཀྱི་ཕྱིར་དང༌། ཁམ་གྱི་ཟས་སྤང་བར་བྱ་བའི་ཕྱིར་བདུད་རྩི་ལྔས་ནང་གི་སྦྱིན་སྲེག་བརྩམ་པར་བྱའོ། །དེ་ལྟར་གོམས་པ་ནི་སྔར་བཤད་པའི་ཏིང་ངེ་འཛིན་


DTG036_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོམས་པས་སོ། །སྦྱང་བ་དང་ནི་སད་པ་ནི་ཉེ་བར་མཚོན་པ་སྟེ་སྦར་བར་ཡང་བྱའོ། །སྙིང་ག་ལྐོག་མ་དག་ནི་ལག་པ་ཡང་སྦྱར་བར་བྱ་སྟེ། དེ་བཞིན་གཤེགས་པ་ནི་ཕུང་པོ་རྣམས་ཚིམ་པར་བྱའོ་ཞེས་མདོར་བསྟན་པའོ། །རྒྱས་པར་བཤད་པར་བྱ་སྟེ། ཡི་གེ་ཧཱུཾ་གིས་སྦྱང་བ་སྟེ། །ཡི་གེ་ཨཱ་ཡིས་སད་པར་བྱ། །ཨོཾ་གྱིས་མནན་ཞིང་སྦར་བ་སྟེ། །འདི་ནི་བཟའ་བ་སྒྲུབ་པ་ཡིན། །ཞེས་སྨོས་ཏེ། རེ་ཞིག་དང་པོ་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར་དང་རཾ་ལས་མེའི་དཀྱིལ་འཁོར་ལ་བ་ལས་པདྨའི་སྣོད་དུ་མར་བི་ཤུ་མུའི་ས་བོན་དང༌། གོ་ཀུ་ད་ཧ་ན་དང་བཅས་པའི་ས་བོན་བཀོད་དེ། ཡི་གེ་བཅུ་ཡོངས་སུ་གྱུར་པ་ལས། ག་པུར་དང༌། གླ་རྩི་དང༌། བཞི་མཉམ་པ་དང༌། རང་བྱུང་དང༌། རྩ་མཆོག་གི་རྫས་དང༌། གདོང་འགུལ་བ་དང༌། སྙིང་མོའི་བུ་དང༌། སྣ་ཅན་དང༌། མགྱོགས་པ་དང༌། དྲང་སྲོང་གི་བུ་ལས་སྐྱེས་པའི་བེ་ཤ་ཏ་བསྒོམས་ཏེ། བཅུ་འདྲེས་ཤིང་སྒྲོན་མ་ལྔ་བསམས་ལ། དེའི་སྟེང་དུ། ཨོཾ་ཨཱཿ་ཧཱུཾ་སྭཱ་ཧཱ་ཞེས་ས་བོན་ལྔ་བཀོད་དེ། དེ་ཉིད་ཀྱི་འོད་ཟེར་གྱིས་ནམ་མཁའ་ལ་བཞུགས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་བཀུག་ལ་དེ་ཉིད་དུ་བཅུག་སྟེ། དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པ་ཞལ་གསུམ་ཕྱག་དྲུག་པ་སེམས་དཔའ་གསུམ་གྱི་བདག་ཉིད་དཀྱིལ་འཁོར་མ་ལུས་པར་བཀད་པར་བསམས་ཏེ། སྙོམས་པར་ཞུགས་པའི་དབང་གིས་ཞུ་ཞིང་བྱང་ཆུབ་ཀྱི་སེམས་ཀྱི་དཔའ་རླབས་སུ་གྱུར་པར་བལྟས་ཏེ། དེ་ལ་ཡི་གེ་ཧཱུཾ་སྔོན་པོ་དགོད་ཅིང་དེ་སྤྱད་པར་བྱས་ལ་ངག་གི་དབང་ཕྱུག་གི་ས་བོན་གྱིས་སད་པ་ནི། གཡས་དང་གཡོན་དུ་བསྐོར་བས་ཡི་གེ་ཨོཾ་དགོད་ཅིད་འོད་ཟེར་ལྔ་འབྲོ་བར་བསམས་ལ། དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་ཤིང་བདུད་རྩི་སྒྲུབ་པ་བསྒོམ་མོ། །དེ་ཉིད་ཀྱི་ཕྱིར་འདི་ནི་བཟའ་བསྒྲུབ་པ་སྟེ། བདུད་རྩི་ལྔའི་ཁ་ཟས་སྒྲུབ་པའོ། །དེ་ནས་ལྐོག་མའི་ཕྱོགས་སུ་ཧྲཱིཿ་དམར་པོ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་དམར་པོ་བསམས་ཏེ། དེའི་ལྟེ་བར་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པ་བསམས་ལ། དེའི་རྩེ་མོ་དབུས་མ་ལ་ཡི་གེ་ཨོཾ་


DTG036_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་ཅིང་ཡེ་ཤེས་སེམས་དཔའི་ཐུགས་ཀར་རཾ་ལས་སྐྱེས་པའི་གྲུ་གསུམ་གྱི་དབུས་སུ་ཁ་དོག་དམར་པོའི་མེ་ལྕེ་གསུམ་སྤྲོ་བའི་སྤྲིན་སྒྲ་བསམས་ཏེ། ཁ་ནི་མེ་ཐབ་དང༌། ལག་པ་གཡོན་པ་དང་གཡས་པ་ནི་དགང་གཟར་དང༌། བླུགས་བཟར་དུ་བསམས་པའི་ཆོ་ག་བཞིན་དུ་ཡི་གེ་དགོད་པར་བསམས་ཏེ། བདུད་རྩིའི་སྣོད་བླངས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦ་དྷརྨྨཱཿ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བྱ་བ་འདིས་རང་བཞིན་དག་པར་ལྷག་པར་མོས་ཏེ། དཀྱིལ་འཁོར་པ་རྣམས་ལ་སུམ་ཅུ་རྩ་གཉིས་ཀྱི་ཐིགས་པ་སྲིན་ལག་དང་མཐེ་བོ་དག་གིས་ཕུལ་ལ། ངག་གི་པདྨའི་ལམ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མེ་ལ་བསྲེག་པར་བྱའོ། །དེ་ནི་ནང་གི་སྦྱིན་སྲེག་གོ །དེ་དུས་བརྩམས་ཏེ་དེ་ནི་རྟོག་པ་མེད། །དེ་ཡི་ཁ་དོག་དབྱིབས་དང་མཚན་ཇི་བཞིན། །བསམ་གྱིས་མི་ཁྱབ་རྣམ་པར་སྨིན་པའི་སྐུ། །བྱ་བ་བྱས་པས་སྔོམ་པ་དེ་ལ་ཐོབ། །ཅེས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་ལས་གསུངས་པའོ། །དེ་ཉིད་བཤད་པ། དང་པོ་ལྐོག་མར་པདྨ་བསམ། །དེ་ལ་ཡི་གེ་ཧྲཱིཿ་ལས་བྱུང༌། །འདབ་མ་བརྒྱད་པའི་པདྨ་ནི། །ལྟེ་བའི་སྟེང་དུ་ཧཱུཾ་ཡིག་བསམ། །ཞེས་སྨོས་ཏེ། ལྐོག་མའི་པདྨ་ནི་ལྕེ་རྩའོ། །ཧྲཱིཿ་ལས་བྱུང་ཞེས་བྱ་བ་ནི་ཁ་དོག་དམར་པོའི་ཧྲཱིཿ་ལས་བྱུང་བའོ། །པདྨ་འདང་མ་བརྒྱད་པ་ནི་ངག་གི་རྣམ་པར་དག་པ་སྟེ། ངག་གི་དབང་ཕྱུག་གི་མཚན་མ་ཡིན་པའི་ཕྱིར་རོ། །ལྟེ་བའི་སྟེང་དུ་ནི་པདྨའོ། །ཧཱུཾ་ནི་རྣམ་པར་ཤེས་པ་དང་བཅས་བ་ལྕེའི་དབང་པོ་བསྐྱེད་པའི་ཕྱིར་རོ། །དེ་ནས་ཅི་བྱ་ཞེ་ན། བཤད་པ། ཧཱུཾ་ཡིག་ལས་བྱུང་རྡོ་རྗེ་ཆེ། །རྩེ་ལྔ་པ་ནི་རྣམ་པར་བསྒོམ། །ལྐོག་མར་སྦྱོང་བའི་ཡི་གེ་ཨོཾ། །དགུས་མའི་རྩ་ཡི་རྩེ་མོར་དགོད། །ཅེས་སྨོས་ཏེ། ཧཱུཾ་ཡིག་ལས་བྱུང་བ་ནི་ཁ་དོག་སྔོན་པོ་སྤྲིན་སྒྲ་ལས་བྱུང་བའོ། །རྡོ་རྗེ་ཆེ་ནི་ལྕེའི་དབང་པོ་རྣམ་པར་དག་པའི་རང་བཞིན་ནོ། །ལྕེ་ལྔ་པ་ནི་བདུད་རྩི་ལྔ་མྱང་བའི་ཕྱིར་རོ། །དབུས་མའི་རྩའི་རྩེ་ནི་རྡོ་རྗེ་ལྕེའི་རྩེ་མོའོ། །ཡི་གེ་ཨོཾ་ནི་འཇུག་པའི་རང་བཞིན་དགོད་པར་བྱའོ། །ལྐོག་མ་སྦྱོང་བ་ཞེས་ཉེ་བར་བསྡུ་བའོ། །སྙིང་ག་སྦྱང་བ་བཤད་པར་བྱ་སྟེ།


DTG036_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་སྤྲིན་སྒྲ་བསམས་ནས་ནི། །དེ་ལས་མེ་ལྕེ་སྤྲོ་བར་བྱ། །ཞེས་བྱ་བ་སྨོས་ཏེ་སྤྲིན་སྒྲ་ནི་ཡི་གེ་ཧཱུཾ་སྟེ་ཁ་དོག་དང་སྒྲས་སྤྲིན་དང་འདྲ་བའི་ཕྱིར་རོ། །སྙིང་གར་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་གྲུ་གསུམ་གྱི་དབུས་སུའོ། །མེ་ལྕེ་ཞེས་བྱ་བ་ནི་མེ་ལྕེ་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་རང་བཞིན་ནོ། །དེ་ལས་སྤྲོ་བ་ནི་གྱེན་དུ་སྤྲོ་བ་བསྒོམ་པར་བྱའོ། །ཚིམ་པའི་ཆོག་བཤད་པར་བྱ་སྟེ། དེ་ལ་བཟའ་བ་བསྲེག་པ་ནི། །ནང་གི་སྦྱིན་སྲེག་འདི་ཡིན་ནོ། །ཞེས་སྨོས་ཏེ། དེ་ལ་ནི་དམ་ཚིག་དང་ཡེ་ཤེས་སེམས་དཔའི་ཞལ་ནས་སྤྲིན་སྒྲ་འབར་བའི་མེ་ལའོ། །བསྲེག་པ་ནི་དགང་བླུགས་དབུལ་བའོ། །དེ་བས་ན་ནང་གི་སྦྱིན་སྲེག་ནི་ཕྱིའི་ཏིལ་དང་མར་ལ་སོགས་པ་ལ་མི་ལྟོས་པའི་ཕྱིར་རོ། །དེ་ནི་བཟའ་བ་དང་བཏུང་བའི་ཆོ་གའི་སྒོ་ནས་ནང་གི་སྦྱིན་སྲེག་ཉིད་སྤྲོས་ནས་བཤད་པར་བྱ་སྟེ། རླུང་གིས་མེ་ནི་སྦར་བ་དང༌། །ཆུ་ཡིས་ཡོངས་སུ་སྨིན་པར་བྱེད། །དབང་ཆེན་གྱི་ནི་དཀྱིལ་འཁོར་གནས། །གང་དུ་སྲེག་བླུགས་ཡང་དག་གནས། །བཟའ་བ་བཏུང་བ་གང་ཡང་རུང༌། །དེ་ཀུན་དེས་ནི་འཛིན་པར་བྱེད། །ཅེས་སྨོས་ཏེ། འདིར་ལུས་པོ་འདི་ལ་དཀྱིལ་འཁོར་ནི་བཞི་སྟེ། སའི་དཀྱིལ་འཁོར་འཛིན་པའི་རང་བཞིན་གྲུ་བཞི་པ་གསང་བའི་གནས་སུའོ། །ཆུའི་དཀྱིལ་འཁོར་ཚིམ་པའི་རང་བཞིན་ཟླུམ་པོ་སྙིང་ག་ནའོ། །མེའི་དཀྱིལ་འཁོར་འཚེད་པའི་རང་བཞིན་གྲུ་གསུམ་པ་ལྐོག་མ་ནའོ། །རླུང་གི་དཀྱིལ་འཁོར་འབུད་པའི་རང་བཞིན་གཞུའི་དབྱིབས་ཅན་ཏེ་ལྟེ་བ་ནའོ། །དེ་ལ་བཟའ་བ་དང་བཏུང་བའི་དུས་སུ་བཟའ་བ་དང་བཏུང་བ་ལ་སོགས་པ་སྔར་བཀོད་པའི་རིམ་གྱིས་བདུད་རྩི་ལྔར་བྱས་ལ། ཁའི་པདྨར་ཞུགས་ཏེ། གསང་བའི་པདྨ་ལ་གནས་པའི་སའི་ཁམས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་གྱིས་འཛིན་ལ། ལྟེ་བའི་པདྨ་ལ་གནས་པའི་རླུང་གི་དཀྱིལ་འཁོར་གྱིས་ལྐོག་མར་གནས་པའི་དེའི་དཀྱིལ་འཁོར་འདུད་ལ། སྙིང་ག་ན་གནས་པའི་ཆུའི་དཀྱིལ་འཁོར་ལྷན་ཅིག་བྱེད་པའི་རྒྱུའི་རང་བཞིན་གྱིས་འཚེད་པར་བྱས་ལ། རྩ་རྒྱུས་ཐམས་ཅད་ལ་ཀུན་དུ་སྤྱད་པའི་རིམ་གྱིས་ཁྱབ་ཅིང་ཚིམ་པར་བྱའོ། །དེ་ཉིད་བཤད་


DTG036_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། ཁ་ཡི་པདྨས་བཟའ་བ་ནི། །སྙིང་གའི་པདྨར་ཡང་དག་འཇུག །ལྟེ་བའི་པདྨར་གནས་པ་ནི། །ཁ་སྦྱར་སྦྱོར་བའི་བྱེད་པ་ཡིས། །གསང་བའི་པདྨ་ལས་བྱུང་བའི། །མཐའ་མར་ཐལ་བར་ངེས་བར་བསྟན། །ཞེས་སྨོས་ཏེ། དེ་ལ་ཁའི་པདྨ་ནི་ལྐོག་མའི་མེའི་དཀྱིལ་འཁོར་གྱི་རང་བཞིན་དེས་བཟའ་བ་ལ་སོགས་པ་བཟའ་བར་བྱ་སྟེ། དེའི་ཚེ་འོད་དཔག་ཏུ་མེད་པའི་ང་རྒྱལ་བྱའོ། །སྙིང་གའི་པདྨ་ནི་ཆུའི་དཀྱིལ་འཁོར་ལ་འཇུག་པ་ནི་དེའི་ཚེ་མི་བསྐྱོད་པའི་ང་རྒྱལ་བྱའོ། །ལྟེ་བའི་པདྨ་ནི་རླུང་གི་དཀྱིལ་འཁོར་ཏེ། དེ་ལ་གནས་པ་ན་དེའི་ཚེ་དོན་ཡོད་གྲུབ་པའི་ང་རྒྱལ་བྱའོ། །ཐ་དད་པའི་གནས་ལ་གནས་པའི་བཟའ་བ་ལ་སོགས་པ་ཇི་ལྟར་འཚེད་པར་འགྱུར་ཞེ་ན་སྨྲས་པ། ཁ་སྦྱོར་བྱེད་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རླུང་དང་མེ་ནི་ཐ་དད་པའི་ཕྱོགས་ལ་གནས་པ་ཡིན་ན། ངོ་བོ་ཉིད་ཀྱི་གམ་ན་གནས་པ་བཞིན་ནོ། །དེ་ལྟར་དབང་ཆེན་དང་ཆུ་དག་ལ་ཡང་ཤེས་བར་བྱའོ། །ཁ་སྦྱོར་བྱེད་པ་ནི་མེ་དང་རླུང་དག་གིས་སྦར་བ་དང་སྨིན་པའི་དོན་དུའོ། །ས་དང་ཆུ་དག་ལས་འཛིན་པ་དང༌། སྨིན་པ་ལ་ལྷན་ཅིག་བྱེད་པ་ཉིད་ཤེས་པར་བྱའོ། །གསང་བ་ནི་པདྨའམ་བཤད་སྒོའི་ལམ་ནས་འབྱུང་ཞིང་ཕྱི་རོལ་དུ་ཕྱུང་ལ་ཐལ་བར་ངེས་པར་བསྟན་པ་ནི་མེའི་ལས་བྱས་ནས་ཐལ་བའི་རང་བཞིན་གྱི་བཤད་བ་དང༌། གཅི་བ་གཏང་བར་བྱའོ། །དེའི་ཚེ་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་བྱའོ། །ནང་གི་སྦྱིན་སྲེག་གི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། རྒ་བ་མ་ཡིན་ན་བ་མིན། །འཆི་བ་མ་ཡིན་དུག་སོགས་མིན། །དེས་ནི་དུས་མིན་འཆི་བ་མིན། །འཚེ་བ་ཐམས་ཅད་རྣམས་འཇོམས་བའོ། །ཞེས་སྨོས་ཏེ། རྒས་པ་ནི་རྒས་པ་ཉིད་དེ་སྐྲ་དང་ཁ་སྦུ་དཀར་པ་དང༌། བགས་པ་ཀུམ་པ་ཉིད་དོ། །ནད་ནི་རིམས་ལ་སོགས་པའོ། །འཆི་བ་ནི་སྲོག་གི་དབང་པོ་འགགས་པས་སྲོག་ལ་སོགས་པ་མི་རྒྱུ་བའོ། །དུག་ནི་བརྟན་པ་དང་གཡོ་བ་ལ་སོགས་པ་བྱས་པའི་ཉེས་པའོ། །དུས་མིན་འཆི་བ་ནི་གཞོན་པའི་དུས་སུ་འཆི་བའོ། །འཚེ་བ་ཐམས་ཅད་ནི་གདོན་ལ་སོགས་པ་རྣལ་འབྱོར་པ་དེ་ལ་མེད་དེ་བདུད་རྩི་མྱང་


DTG036_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ་ཞེས་ཕན་ཡོན་ཏ་ཡན་ལག་དགུ་པའོ། །ད་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་ལས་བསྡུས་ཏེ། ལྷག་མ་ཡན་ལག་གསུམ་བྲི་བར་བྱའོ། །འདིར་གཞལ་བྱ་ཙམ་གཙོ་བོ་ཡིན་པས་གཞུང་མཁན་གྱིས་མ་བསྟན་ནོ། །འདིར་ཚིགས་སུ་བཅད་པ་ནི། དཀྱིལ་འཁོར་འཁོར་ལོ་ལ་མཆོད་ཅིང༌། །དེ་ནས་གཏོར་མ་གཏང་བར་བྱ། །དེ་རྣམས་གཤེགས་སུ་གསོལ་བྱས་ནས། །ཕྱི་ནས་ཅི་བདེར་ཉལ་བར་བྱ། །འདི་ནི་མདོར་བསྟན་པ་སྟེ། དང་པོ་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པ་བྱས་ནས་ཕྱི་ནས་གཏོར་མ་གཏང་བར་བྱ་སྟེ། གཤེགས་སུ་གསོལ་ཞིང་ཉལ་བར་བྱའོ། །རྒྱས་པར་བཤད་པ་ནི། ཕྱི་དང་ནང་གི་དབྱེ་བ་དང༌། །གསང་བ་ཡི་ནི་དབྱེ་བ་དང༌། །དེ་བཞིན་བླ་མེད་དབྱེ་བ་ཡིས། །མཆོད་པ་རྣམ་པ་བཞི་རུ་འདོད། །དེ་དོན་གསལ་ལོ། །ཡང་བཤད་པ་ནི། ཕྱི་ནི་མཆོད་པ་རྣམ་པ་ལྔ། །ནང་ནི་ལྕགས་ཀྱུ་སྒྲོན་མ་སྟེ། །ཕྱག་རྒྱའི་སྦྱོར་བ་གསང་བ་ནི། །བླ་མེད་རྣམ་པ་བདུན་དུ་འདོད། །ཅེས་སྨོས་ཏེ། དེ་ལ་ཕྱིའི་ནི་མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། དྲི་དང་ལྷ་བཤོས་ཏེ་རྣམ་པ་ལྔའོ། །ནང་གི་ནི་ལྕགས་ཀྱུ་ལྔ་སྟེ། གོ་ཀུ་ད་ཧ་ནའོ། །སྒྲོན་མ་ལྔ་སྟེ། མ་ར་བི་ཤུ་མུའོ། །ཕྱག་རྒྱ་ནི་གསུམ་སྟེ། ལས་དང་དམ་ཚིག་དང་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེའི་སྦྱོར་བ་ལས་སྐྱེས་པའི་གསང་བའི་སྙོམས་པར་འཇུག་པའི་མཚན་ཉིད་དོ། །བླ་ན་མེད་པའི་མཆོད་པ་ནི་བདུན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ལམ་ལ་གནས་པ་དང༌། བདག་ཉིད་དབུལ་པ་དང༌། བསོད་ནམས་བསྔོ་བའི་མཚན་ཉིད་དོ། །དེ་རྣམས་ཀྱི་ཆོ་ག་རིམ་གྱིས་བཤད་པར་བྱ་སྟེ། རེ་ཞིག་དང་པོ་རྣལ་འབྱོར་པ་གནོད་མཛེས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན་དང་ལྡན་པས་གཙུག་ལག་ཁང་ངམ། ཀུན་དགའ་ར་བ་འམ། གྲོང་ངམ་གྲོང་རྡལ་ལམ། རྒྱ་མཚོའི་འགྲམ་དུ་འཇམ་པ་དང༌། སྣུམ་པ་དང་ཁ་དོག་དཀར་པོའི་ས་ཕྱོགས་སུ་དངོས་གྲུབ་ཀྱི་དབྱེ་བས་པུས་མོ་དང༌།


DTG036_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་དང་རྐེད་པ་ཙམ་བརྐོས་ལ། ཐལ་བ་དང༌། རུས་པ་དང༌། ཟུག་རྡུ་དང་རྡོ་དང༌། མི་གཙང་བའི་རྫས་རྣམས་བཏོན་ཏེ། ཁུང་བུ་ཡང་ཆུས་བཀང་བར་བྱས་ལ། རྡོ་རྗེ་ཤུགས་ཀྱིས་གོམ་པར་བརྒྱར་སོང་སྟེ། འོག་ནས་གལ་ཏེ་ཆུ་དེ་དེ་བཞིན་དུ་གནས་ན་དེའི་ཚེ་འདི་ནི་ཞིང་བདག་མེད་པ་ཞེས་རྟོགས་པར་བྱའོ། །གང་གི་ཚེ་ཆུ་ནང་དུ་ཐིམ་ན་དེའི་ཚེ་ཞིང་བདག་དང་ལྡན་པའི་ས་འདི་ཡིན་ནོ་ཞེས་སྔགས་དང་ཕྱག་རྒྱས་དེ་ལ་གཏོར་མ་གཏང་ངོ༌། །དེས་ནི་དེ་བསྐྲད་པར་འགྱུར་རོ། །སྔགས་ནི་ཨོཾ་ཛཱུཾ་སྭཱ་ཧཱ་རྡོ་རྗེ་ཁུ་ཚུར་གཉིས་སུ་བརྡུང་བའི་ཚུལ་དུ་བརྡེག་པ་ནི་ཞིང་སྐྱོང་བསྐྲད་པའི་ཕྱག་རྒྱ་སྟེས་བརྐོ་བའི་ཆོ་གའོ། །དེ་ནས་དྲི་ཞིམ་གྱིས་གཞན་བདུད་རྩི་ལྔའི་ཆུ་དང་ལྡན་པས་ཁུང་བུ་དགང་བར་བྱ། །བདུད་རྩི་འཁྱིལ་པ་བཟླས་པའི་ཐོ་བས་བརྟན་པར་བརྡུངས་ལ། དེའི་ནང་དུ་ཨིནྡྲ་ནཱི་ལ་དང༌། མར་གད་དང༌། པདྨ་རཱ་ག་དང༌། བཻཌཱུ་ཪྻ་དང༌། ཤེལ་ཏེ། མེ་ཏོག་དང་། གླ་རྩི་ལ་སོགས་པ་དང་ལྡན་པ། ཟ་མ་ཏོག་ལ་གནས་པ་གཞག་པར་བྱའོ་ཞེས་གཏེར་གཞུག་པའི་ཆོ་གའོ། །དེ་ནས་གནོད་མཛེས་ཀྱིས་བཟླས་པ་འམ། བདུད་རྩི་འཁྱིལ་པས་བཟླས་པའི་བདུད་རྩི་ལྔ་དང་ལྡན་པའི་དྲི་ཞིམ་པའི་ཆུས་དཀྱིལ་འཁོར་གྱིས་གཞི་ཀུན་དུ་ཁྲུ་བཅུ་གཉིས་པའམ། ལོགས་རེ་རེ་ལ་ཁྲུ་བཅུ་གཉིས་ཡོད་པ་བྱུགས་ཏེ། མེ་ཏོག་དགྲམ་ཞིང་དབུས་ཀྱི་ཆ་ལས་བྱུང་བ་ལུས་ཕྱེད་མི་མངོན་པ་ཁ་དོག་སེར་མོ་ཞལ་གཅིག་ཕྱག་གཉིས་པ་རྒྱན་ཐམས་ཅད་ཀྱིས་བརྒྱ་པ། ལག་པ་གཉིས་ཀྱིས་རིན་པོ་ཆེས་བཀང་བའི་གསེར་གྱི་བུམ་པ་བསྣམས་པ་སའི་ལྷ་མོ་བསྒོམས་ཏེ། ཐལ་མོ་སྦྱར་ཞིང་དེ་ལ་གསོལ་བ་གདབ་པར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཆོ་ག་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཁྱོད་ནི་སེམས་ཅན་ཀུན་གྱི་མ། །ཁྱོད་ནི་ཁམས་གསུམ་པ་ཡི་གཞི། །ཁྱོད་ནི་མངན་སུམ་ལྷ་མོ་སྟེ། །བདག་ལ་དགྱེས་པར་མཛད་དུ་གསོལ། །ཆེ་གེ་མོ་ཞེས་བདག་སྔགས་པ། །ཐུགས་ཀྱི་རྡོ་རྗེ་དཀྱིལ་འཁོར་མཆོག །ཁྱོད་ནི་ཀུན་དུ་དཔང་བྱས་ནས། །ནང་པར་དཀྱིལ་འཁོར་བྲི་བར་བྱ། །


DTG036_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཞུས་ཏེ་མཆོད་པ་རྣམ་པ་ལྔས་མཆོད་ལ་སྦོས་དང་དྲིལ་བུའི་སྒྲས། ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་བྱ་བ་ལ་སོགས་པས་གཤེགས་སུ་གསོལ་ཏོ། །དེ་ཉིད་དུ་ཐིམ་པར་བསམ་མོ། །ཞེས་ས་གཞི་གཟུང་བའི་ཆོ་གའོ། །དེ་ནས་དེའི་དབུས་སུ་ཧཱུཾ་ལས་བྱུང་བའི་ཆོས་འབྱུང་བའི་ཕྱག་རྒྱ་བསྒོམས་ཏེ། དེའི་སྟེང་དུ་ཡ་ར་ལ་ཝའི་ས་བོན་ཡོངས་སུ་གྱུར་པ་ལས་སྔར་བཤད་པའི་རིམ་གྱིས་རླུང་ལ་སོགས་པའི་དཀྱིལ་འཁོར་བསྒོམས་ལ་དེའི་སྟེང་དུ་ཧྲཱིཿ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་པ་དམར་པོའི་ལྟེ་བར་སུཾ་ལས་སྐྱེས་པའི་མཆོད་རྟེན་གྱི་བུམ་པའི་ནང་དུ་བྷྲཱུཾ་ལས་སྐྱེས་པ་རྣམ་པར་སྣང་མཛད་ཀུན་དུ་ཞལ་ཡོངས་སུ་གྱུར་པ་ལས་སྔ་མ་བཞིན་དུ་གཞལ་ཡས་ཁང་བསྒོམས་ཏེ། དེའི་དབུས་སུ་སྣ་ཚོགས་པདྨ་དང༌། ཉི་མའི་གདན་བཀོད་ལ་དེའི་ནད་ནས་ཅིག་ཅར་དུ་བྱུང་བ་མི་བསྐྱོད་པའི་དཀྱིལ་འཁོར་བལྟས་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ཅིང་གཤེགས་སུ་གསོལ་ལ། ཇིའི་ཐིག་ལེ་བྱས་ནས་མཆོད་ཅིང་གཞག་པར་བྱའོ་ཞེས་ཡེ་ཤེས་ཀྱི་ས་གཞི་བསྒྲུབ་པའི་ཆོ་གའོ། །དེ་ནས་ཧ་ལས་བྱུང་བ་སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ས་གཞི་དང་། སྟེང་དུ་རྡོ་རྗེའི་བླ་རེ་དང་ཕྱོགས་ཀུན་དུ་རྡོ་རྗེའི་ར་བ་དང༌། དྲ་བ་དང་མདའི་དྲ་བ་དང༌། མེ་འོད་དེ་རིགས་དྲུག་གི་རང་བཞིན་བཅིང་བར་བྱ་བ་ནི་བསྲུང་བའི་འཁོར་ལོའི་ཆོ་གའོ། །ཞག་གཉིས་པ་ལ་ཀུ་ཤའི་སྟན་ལ་འདུག་སྟེ། དགེ་བ་དང་མི་དགེ་བ་མཐུན་པའི་མཚན་མ་མཐོང་བས་བགེགས་བསྐྲད་པའི་དོན་དུ་བཞི་ཆས་སྦྱིན་སྲེག་བྱས་ལ། ལས་ཐམས་ཅད་པ་བཟླས་པའི་ཆུས་ས་གཞི་ལ་བསང་གཏོར་བྱ་སྟེ་བགེགས་ཞི་བའི་ཆོ་གའོ། །ཞག་གསུམ་པ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་ཕྱོགས་བཅུའི་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་གནོད་མཛེས་ཀྱིས་བཀུག་སྟེ། རང་རང་གི་གནས་སུ་བཞག་ལ་རྐང་པའི་འོག་ཏུ་དགོད་པ་ཡི་གེ་ཧཱུཾ་ལས་བྱུང་བ་རྡོ་རྗེ་ལྕགས་ཀྱུ་ཅན་གྱི་རྣལ་འབྱོར་པ་རྡོ་རྗེ་དང་དྲིལ་བུ་ཐོགས་པ་ཁྲོ་བོའི་ཚིག་གིས་ཁྲོ་བོའི་སྔགས་བཟླས་པ་དཀྱིལ་འཁོར་གྱི་ཕྱོགས་དང༌། མཚམས་


DTG036_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཡས་བརྐྱང་བ་དང༌། གཡོན་བརྐྱང་བ་དང༌། རྐང་པ་མཉམ་པ་དང༌། རྐང་པ་མི་མཉམ་པ་ལ་སོགས་པ་རྐང་པའི་ཚུལ་དང༌། ཐལ་མོ་སྦྱར་བ་དང༌། པདྨ་བཅིང་བ་དང༌། རྡོ་རྗེ་ཁུ་ཚུར་དང༌། མཆོག་སྦྱིན་པ་དང༌། ཏིང་ངེ་འཛིན་དང༌། མི་འཇིགས་པ་དང༌། ས་གནོན་ལ་སོགས་པའི་ལག་པའི་ཕྱག་རྒྱ་དང༌། སྟེང་དུ་ལྟ་བ་དང༌། འོག་ཏུ་ལྟ་བ་དང༌། གཡོན་དང༌། གཡས་དང༌། དལ་བུས་ལྟ་བ་དང༌། ནང་དུ་ལྟ་བ་དང༌། མི་དམིགས་པ་ལ་སོགས་པ་ལྟ་བའི་ཕྱག་རྒྱ་དང༌། དྲུག་ལྡན་དང༌། ཁྱུ་མཆོག་དང༌། ས་འཛིན་དང༌། བར་མ་དང༌། ལྷ་དང༌། ལྔ་པ་དང༌། བདུག་པ་ལ་སོགས་པ་དབྱངས་ཀྱི་ཁྱད་པར་གྱིས་གླུ་ལེན་པས་དཀྱིལ་འཁོར་གྱི་ས་གཞི་ཀུན་དུ་བསྐོར་ནས་ཤར་ཕྱོགས་སུ་ཁ་བལྟས་པས་འཇུག་སྟེ། བར་སྣང་ནམ་མཁའི་དེ་བཞིན་གཤེགས་པ་ལ་མཆོད་ཅིང་གུར་གུམ་ལ་སོགས་པས་བྱུགས་པའི་རས་དཀར་པོས་དཀྱིལ་འཁོར་དགབ་པར་བྱ་བ་ནི་དཀྱིལ་འཁོར་གྱི་ས་གཞི་ལ་བྱིན་གྱིས་བརླབས་པའི་ཆོ་གའོ། །ཞག་བཞི་པ་ལ་རིན་པོ་ཆེའམ། འབྲུའམ། ཁམ་པ་ལས་བྱུང་བ་ཅི་ནུས་པས་རྣམ་པ་ལྔའི་རྡུལ་ཚོན་བླངས་ལ་སངས་རྒྱས་ལྔའི་སྔགས་ཀྱིས་བསང་གཏོར་བྱ་ཞིང་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་དེ་བཞིན་གཤེགས་པ་བཀུག་ཅིང་དེ་ཉིད་དུ་བཅུག་ལ། དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོའི་ལྷོ་ཕྱོགས་སུ་བཞག་ལ། བུ་མོས་བསྒྲིལ་བའི་ཚོན་སྐུད་ལྔ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ་ཞེས་བྱ་བའི་སྔགས་གསུམ་གྱིས་བསྒྲིལ་ཏེ། སྣལ་མ་ལས་བྱུང་བའི་འོད་ཟེར་གྱིས་པར་སྣང་གི་ནམ་མཁའ་ལས་དེ་བཞིན་གཤེགས་པ་བཀུག་ཅིང་བཅུག་ལ་རྡོ་རྗེའི་ཐིག་སྐུད་རྫོགས་ཤིང་ཨ་ཁཾ་བཱི་ར་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་ཁ་སྦྱོར་གྱི་ནང་དུ་བྱིན་གྱིས་བརླབས་ལ་བདག་ཉིད་མི་བསྐྱོད་པ་དང་། ཕྱག་རྒྱ་མཱ་མ་ཀཱིར་དམིགས་ལ། དེ་མེད་ན་སློབ་མ་བདུད་རྩི་འཁྱིལ་པའམ། རྡོ་རྗེ་སེམས་དཔར་བསམས་ལ། སློབ་དཔོན་དང་སློབ་མ་དག་གིས་ནམ་མཁའ་ལ་ཐིག་བཏབ་ཅིང་ཚངས་པའི་ཐིག་གཉིས་གདབ་པར་བྱའོ། །དེ་ནས་མེའི་མཚམས་ནས་བརྩམས་


DTG036_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གཡས་སུ་བསྐོར་བས་ཐིག་གདབ་པོ། །ཆ་ཆེན་པོ་བཅུ་དྲུག་ཐིག་གདབ་ཅིང་ཕྱི་དང་ནང་གི་དཀྱིལ་འཁོར་ཕྱེད་ཕྱེད་དུ་བྱས་ལ། ནང་གི་ཕྱེད་ལ་ཆ་ཆེན་པོ་བཞི་ལ་ཆ་གསུམ་དུ་བྱས་ཏེ། རྡོ་རྗེ་གུར་ནི་ཆ་ཆུང་བཞི་དང༌། ལྷག་མ་ཆ་ཆེན་གསུམ་གྱི་ཆ་ཆུང་བཅུ་གཉིས་ཀྱི་རེ་མིག་དགུ་འབྱུང་ངོ༌། །ཆ་ཆེན་པོ་གཅིག་གིས་མཆོད་པའི་ལྷ་མོའི་རེ་མིག་གི་ཐིག་གདབ་པར་བྱའོ། །ཆ་ཆུང་གསུམ་དང་ཆ་ཆུང་གཅིག་གིས་བྱང་ཆུབ་སེམས་དཔའི་གནས་དང༌། རྡོ་རྗེ་ར་བའི་ཐིག་གདབ་པར་བྱའོ། །ཕྱོགས་གཉིས་པ་ལ་ཡང་དེ་བཞིན་ནོ། །ཕྱིའི་ཆ་ཆེན་པོ་ལ་བརྒྱད་དེ། དེ་ལ་ཕྱོགས་གཅིག་གི་ཆ་ཆེན་པོ་བཞི་ལ་ཆ་ཆུང་བཅུ་དྲུག་ཡིན་ཏེ། དེ་ལ་པཉྩ་རེ་ཁཱ་ལ་ཆ་ཆུང་གཅིག་དང༌། འདོད་ཡོན་ལ་གཉིས་དང༌། རིན་ཆེན་ཕ་གུ་ལ་གཅིག་དང༌། དྲ་བ་དང་དྲ་བ་ཕྱེད་པ་ལ་གཉིས་སོ། །གཡེར་ཁའི་དྲ་བ་ལ་གཅིག་དང༌། རྡོ་རྗེ་ལ་གཅིག་དང༌། རྟ་བབས་ལ་བཞི་དང༌། པདྨ་ལ་གཅིག་དང༌། འཁོར་ལོ་ལ་གཉིས་དང༌། བཅུགས་ལ་གཅིག་གོ །རྡོ་རྗེ་ར་བ་དང་མེ་འོད་ནི་ཆ་ཆུང་གསུམ་དུ་ཐིག་གདབ་པར་བྱ་སྟེ་མཛེས་པའི་ཕྱིར་རོ། །འདིར་ཐིག་སྐུད་ཆད་པ་ལ་སོགས་པའི་ཉེས་པ་བྱུང་ན་བགེགས་གཏོར་དང༌། ཞི་བའི་སྦྱིན་སྲེག་བྱ་སྟེ། གཞན་དུ་ནི་མ་ཡིན་ནོ་ཞེས་ཐིག་གདབ་པའི་ཆོ་གའོ། །དེ་ནས་སྔར་ལྷག་པར་གནས་པར་བྱས་པའི་རྔུལ་ཚོན་བདུད་རྩི་འཁྱིལ་པ་བཟླས་པའི་སྒྲུབ་པ་པོས་ལག་པ་གཡོན་པས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་རྔུལ་ཚོན་དགྱེ་བར་བྱའོ། །སྣ་ཚོགས་པདྨ་དང༌། ཟླ་བ་དང༌། ཉི་མའི་གདན་བྲིས་ལ་དབུས་སུ་རྡོ་རྗེ་ནག་པོའི་ཕྱག་རྒྱ་བྲིའོ། །ཤར་ལ་སོགས་པའི་རེ་མིག་ལ་འཁོར་ལོ་དང༌། རིན་པོ་ཆ་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེ་བྲི་བ་དང༌། མེའི་མཚམས་ལ་སོགས་པའི་རེ་མིག་ལ། མིག་དང༌། རྡོ་རྗེ་དང༌། པདྨ་དང༌། ཨུཏྤལ་བྲི་བར་བྱའོ། །ཕྱིའི་མེའི་མཚམས་སུ་མེ་ལོང་དང༌། བདེན་བྲལ་དུ་བི་ཝང་དང༌། རླུང་དུ་དུང་ཕོར་དང༌། དབང་ལྡན་ལ་རོའི་སྣོད་དོ། །བྱང་ཆུབ་སེམས་དཔའི་སྣམ་བུ་རྣམས་ལ། རིམ་པ་ཇི་ལྟ་བ་བཞིན་དུ་འཁོར་ལོ་དང༌། ནཱ་ག་གེ་སར་གྱི་ཡལ་ག་དང༌། རྡོ་རྗེ་དང༌། །


DTG036_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་དང༌། པདྨ་དང༌། རལ་གྲི་དང༌། ཡང་རལ་གྲི་དང༌། སྣ་ཚོགས་རྡོ་རྗེ་བྲིའོ། །སྒོ་དང་མཚོམས་རྣམས་སུ་དབྱུག་ཏོ་དང༌། དབྱིག་པ་དང༌། པདྨ་དང༌། རྡོ་རྗེ་དང༌། ལྕགས་ཀྱུ་དང༌། དབྱུག་པ་དང༌། རྩེ་གསུམ་དང༌། རལ་གྲི་རྣམས་བྲིའོ། །འོག་ནས་སྟེང་དུ་ནི་རྡོ་རྗེ་དང་འཁོར་ལོ་བྲིའོ། །ཁ་ཅིག་ན་རེ་སྟེང་དུ་ནི་རིན་པོ་ཆེའི་གཙུག་ཏོར་བྲིའོ་ཞེས་ཟེར་རོ། །ལྷག་པ་དང་མ་ཚང་བའི་ཉེས་པ་དང་བྲལ་བའི་དཀྱིལ་འཁོར་གསལ་པོ་བྲི་བར་བྱ་སྟེ། རྔུལ་ཚོན་དགྱེ་བའི་ཆོ་གའོ། །ཞག་ལྔ་པ་ལ་བུམ་པ་སུམ་ཅུ་རྩ་གཉིས་དང༌། ལས་ཐམས་ཅད་པའི་བུམ་པ་བསྡུ་བར་བྱ་སྟེ། མ་ཚོགས་ན་དེ་བཞིན་གཤེགས་པ་ལྔ་དང༌། ལྷ་མོ་བཞིའི་བུམ་པ་དང་ལས་ཐམས་ཅད་པའི་བུམ་པ་ཡང་བསྡུ་སྟེ། བཅུ་ལས་ཉུད་བར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱང་ལོ་མས་ཁ་བརྒྱན་པ། དར་གྱིས་བཅིངས་པ་མགྲིན་པ་རིང་བ། ལྟོ་བ་ཆེ་ཞིང་རྩ་བ་དང་ནག་ནོག་མེད་པ། རང་རང་གི་མཚན་མའམ་ཡིག་འབྲུས་མཚན་པ། དྲི་ཞིམ་པའི་ཆུས་བཀང་ལ། འབྲུ་དད་རིན་པོ་ཆེ་དང༌། སྨན་གྱི་སྙིང་པོ་ཅན་བདུད་རྩི་ལྔ་དང་ལྡན་པ། དཀྱིལ་འཁོར་གྱི་གཡས་ཕྱོགས་སུ་རྡོ་རྒྱུས་ཀྱིས་བྲིས་པའི་སྣ་ཚོགས་རྡོ་རྗེའི་སྟེང་དུ་དཀྱིལ་འཁོར་གྱི་རིམ་པས་གཞག་ཅིང་མེ་ཏོག་དོར་བར་བྱའོ། །རྣམ་པར་རྒྱལ་བའི་ནང་དུ་ཨོཾ་ཧཱུཾ་ལས་སྐྱེས་པ། ཟླ་བ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པ་སྤྲོ་བ་དང་བསྡུ་བའི་རིམ་གྱིས་དེ་བཞིན་གཤེགས་པ་འཇུག་པ་སྔོན་དུ་འགྲོ་བ་བསྐྱེད་ལ། ལྷག་མ་རྣམས་ལ་དེ་བཞིན་དུ་དཀྱིལ་འཁོར་བ་རྣམས་བསྐྱེད་ཅིང་ལས་ཐམས་ཅད་པའི་བུམ་པ་ཡང་བདུད་རྩི་འཁྱིལ་པས་སྡིགས་མཛུབ་དང༌། རྡོ་རྗེ་གསོར་བར་བྱེད་པར་བསམས་ཏེ། རང་གི་རིག་མ་དང་གཉིས་སུ་མེད་པས་ཞུ་བར་བསམ་མོ། །དེ་ནས་རེ་རེ་ལ་བཛྲ་དྷྲྀ་ཀ་ཅེས་བྱ་བ་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྔགས་ལ་མཆོད་པ་རྣམ་པ་ལྔས་མཆོད་ཅིང་གཏོར་མ་བཏང་སྟེ། རས་དམར་པོས་དགབ་པར་བྱའོ་ཞེས་བུམ་པ་ལྷག་པར་གནས་པའི་ཆོ་གའོ། །


DTG036_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འོག་ཏུ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ལས་གསུངས་པའི་ཡེ་ཤེས་ཀྱི་ས་གཞི་དང༌། གཞལ་ཡས་ཁང་བསྒོམས་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ཏེ། སྣ་ཁུང་གཡས་པ་དང༌། གཡོན་པ་ལ་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་རང་རང་གི་གནས་ལས་བྱུང་ཞིང༌། སྣ་ཚོགས་པདྨ་སུམ་ཅུ་དང༌། ཟླ་བ་དང༌། ཉི་མའི་གདན་ལ་བཞུགས་སུ་གསོལ་ཞིང་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་བཅུག་ལ་རོ་མཉམ་པར་གྱུར་པར་བལྟས་ཏེ། དཀྱིལ་འཁོར་གྱི་གཡས་ཕྱོགས་སུ་བཞག་པའི་ཨརྒྷཾ་དང༌། ཞབས་བསིལ་གྱི་སྣོད་དག་བླངས་ལ་རྡོ་རྗེའི་ཕྱག་རྒྱས་ཨརྒྷཾ་དང་ཞབས་བསིལ་ཕུལ་ཞིང༌། མཆོད་པ་རྣམ་པ་ལྔས་མཆོད་དེ། གཏོར་མ་བཏང་ནས་ཡི་གེ་བརྒྱ་པ་དང་བཅས་པའི་ཡི་གེ་གསུམ་གྱིས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ལ། དམ་ཚིག་གི་འཁོར་ལོ་ནི་དེ་ཉིད་དུ་བཞུགས་པར་བལྟས་ལ། རས་དམར་པོས་བཀབ་ལ་མེ་ཏོག་གཏོར་བར་བྱའོ་ཞེས་དཀྱིལ་འཁོར་ལྷག་པར་གནས་པའོ། །གལ་ཏེ་ཡོན་བདག་གི་རབ་ཏུ་གནས་པར་བྱེད་པ་འདོད་ན་དེའི་ཚེ་བྲིས་སྐུའམ། ལུགས་སྐུའམ། དམ་ཚོས་ཀྱི་གླེགས་བམ་མ། རྡོ་རྗེའམ། དྲིལ་བུའམ། མཆོད་རྟེན་ནམ། ཕྲེང་བ་རབ་ཏུ་གནས་པར་བྱ་སྟེ། དེ་ནས་བྲིས་སྐུ་དང་གཟུགས་སྐུ་མདུན་དུ་བཞག་ནས་སྟོང་པ་ཉིད་བསྒོམ་པ་སྔོན་དུ་འགྲོ་བར་དང་པོ་སྦྱོར་བའི་རིམ་གྱིས་ཇི་ལྟར་འདོད་པའི་ལྷ་བསྐྱེད་དེ། དེའི་ཐུགས་ཀར་ས་བོན་གྱི་ཡི་གེས་དེ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བཀུག་ཅིང་བཅུག་ལ་བཅིངས་ཏེ་དབང་དུ་བྱས་ནས། སྤོས་གཏུལ་ཞིང་དྲིལ་བུ་དཀྲོལ་ལ་དེ་མངོན་དུ་བྱས་ཏེ་མཆོད་པ་རྣམ་པ་ལྔས་མཆོད་ལ། གཏོར་མ་གཏང་ནས་ཡི་གེ་བརྒྱ་པ་དང་བཅས་པའི་ཡི་གེ་གསུམ་གྱིས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ཞིང༌། དམ་ཚིག་སེམས་དཔའ་དེ་ཉིད་དུ་གནས་པར་བལྟས་ཏེ། རས་དམར་པོས་བཀབ་ཅིང་མེ་ཏོག་གཏོར་བར་བྱའོ། །རིམ་པ་དེ་ཉིད་ཀྱིས་དམ་པའི་ཆོས་ཀྱི་གླེགས་བམ་ནི་རྡོ་རྗེ་


DTG036_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རང་བཞིན་དུ་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་ཀྱང་དེ་བསམ་པར་བྱའོ། །རྡོ་རྗེ་ནི་རྡོ་རྗེ་འཆང་གི་ངོ་བོ་དང་དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་དང༌། མཆོད་རྟེན་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང༌། ཕྲེང་བ་ནི་རང་གི་འདོད་པའི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་དུ་བསམ་པར་བྱའོ། །ལྷག་པར་གནས་པ་ནི་བྲིས་སྐུ་དང་གཟུགས་སྐུ་བཞིན་ནོ་ཞེས་བྲིས་སྐུ་ལ་སོགས་པའི་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་དད་པ་དང་ལྡན་པ་གཏོང་བ་ཆེ་བ་འཇིག་རྟེན་ཕ་རོལ་ཡོད་པ་ཡིན་ལ། ཡོད་པའི་སློབ་མ་གཅིག་གམ་མང་པོ་དཀྱིལ་འཁོར་དུ་བཅུག་སྟེ། གསོལ་བ་གདབ་པ་བྱེད་དུ་གཞུག་གོ །བཅོམ་ལྡན་འདས་སློབ་དཔོན་ཆེན་པོ་ཐོག་མ་མེད་པའི་འཁོར་བའི་བག་ཆགས་དང་ཉོན་མོངས་པ་རྣམས་ཀྱིས་བདག་ཟིལ་གྱིས་ནོན་ན། དེ་ལས་གྲོལ་བར་བྱ་བའི་ཕྱིར་ཁྱོད་ལ་གསོལ་བ་བཏབ་པ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྐྱབས་གསུམ་པོ་ནི་བདག་ལ་སྩོལ། །དམ་ཚིག་མཆོག་ནི་བདག་ལ་སྩོལ། །སྔོམ་པ་ཡང་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་རྡོ་རྗེ་སློབ་དཔོན་གྱིས་གནས་ནས་སློབ་མ་ཕྱག་བཞི་བྱེད་དུ་བཅུག་ལ། ལས་ཐམས་ཅད་པའི་བུམ་པ་ནས་ཆུ་བླངས་ཏེ། དེ་ནས་མཎྜལ་བྱས་ལ། གནས་ལྔ་ལ་མེ་ཏོག་གིས་མཆོད་ལ་དེ་བཞིན་དུ་སྤོས་དང༌། མར་མེ་དང༌། དྲི་དང༌། ལྷ་བཤོས་ཀྱིས་ཀྱང་ཤེས་པར་བྱའོ། །འདིར་རིམ་པ་ནི་དབུས་སུ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཤར་དུ་ཆོས་ལ་ཕྱག་འཚལ་ལོ། །ལྷོར་དགེ་འདུན་ལ་ཕྱག་འཚལ་ལོ། །ནུབ་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། སྔགས་དང༌། ཕྱག་རྒྱ་དང༌། དཀྱིལ་འཁོར་པ་དང༌། ལྷའི་ཁྱད་པར་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་དུ་ནི་བླ་མ་ལ་ཕྱག་འཚལ་ལོ། །ཡང་དབུས་སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥེཔ་པའུ་ཛ་མེ་གྷ་ས་མུ་དྲ་སྥ་རཎ་ས་མ་ཡ་ཤྲི་ཡེ་ཨ་ཧཱུཾ་ཞེས་པ་དང་མེ་ཏོག་གིས་མཆོད་དོ། །དེ་བཞིན་དུ་སྤོས་ལ་སོགས་པས་ཀྱང་ཤེས་པར་


DTG036_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ནས་པུས་མོ་གཉིས་ས་ལ་བཙུགས་ཤིང་ཐལ་མོ་སྦྱར་ལ། བླ་ན་མེད་པའི་མཆོད་པ་བྱེད་དུ་བཅུག་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་དང་གཞན་དོན་བསྒྲུབ་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་མཆོག་གི་སྤྱོད་པ་འདོད་སྤྱོད་ཅིང༌། །འགྲོལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱའོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་དུ་བསམས་ཏེ། ཨོཾ་པདྨ་ས་ར་སྭ་ཏྱ་མཱ་བརྟ་ཡ་ཧྲཱིཿ་ཞེས་པའི་སྔགས་ཀྱིས་སོར་བཅུ་གཉིས་པ་འབུས་མ་ཟོས་པ་ཨ་ཤྭྡྠ་དང༌། ཨུ་དུ་མྺཱ་རའི་སོ་ཤིད་སྦྱིན་ཏེ། ཁ་སྦྱང་དུ་བཅུག་ལ་བའི་ཀོ་བ་ཙམ་གྱི་ས་གཞི་ལ་དོར་དུ་བཅུག་ལ། ཤར་ཕྱོགས་ལ་སོགས་པར་བལྟས་པས། ཞི་བ་ལ་སོགས་པའི་དངོས་གྲུབ་ཉན་དུ་བཅུག་སྟེ། བདུད་རྩི་འཁྱིལ་བ་བཟླས་པའི་ལས་ཐམས་ཅད་པའི་ཆུས་ཁ་དག་ཅིང༌། སྐྱིལ་མོ་ཀྲུང་གིས་གནས་པས་ཞུགས་ལ། ལེའུ་བཅོ་ལྔ་པ་ལས་གསུངས་པའི་དབབ་པའི་ཆོ་གས་རྡོ་རྗེ་དབབ་པ་དང༌། ཡེ་ཤེས་དབབ་པ་བསྐྱེད་ཅིང་སྤོས་གཏུལ་ཏེ། དྲིལ་བུའི་སྒྲ་མངོན་དུ་བྱས་ལ། འདས་པ་ལ་སོགས་པ་དྲི་ཞིང་ལྷ་གཤེགས་སུ་གསོལ་ཏེ། སྣོད་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། བདུད་རྩི་འཁྱིལ་པ་བཟླས་པའི་སྲུང་སྐུད་དཔུང་པ་ལ་བཅིངས་ཏེ། སྔ་མ་བཞིན་དུ་སུ་ཤ་ལ་མངོན་པར་བཟླས་ཏེ། གཅིག་ནི་སྔས་དང༌། གཅིག་ནི་སྟན་དུ་བྱིན་ལ་རིགས་ཀྱི་བུ་སེང་གེའི་ཚུལ་དུ་ཉལ་བ་དང༌། ཇི་ལྟར་མཐོང་བའི་རྨི་ལམ་བདག་ལ་སྨྲོས་ཤིག་ཅེས་བསྟན་པར་བྱ་བ་ནི་སློབ་མ་ལྕག་པར་གནས་པའི་ཆོ་གའོ། །དེ་ནས་ཞག་དྲུག་པའི་ཐོ་རངས་ལངས་ཏེ། སྐུ་ཁྲུས་ཀྱི་ཆོ་གའི་རིམ་གྱིས་ཁྲུས་བྱས་ལ་མེ་ཏོག་ལ་སོགས་པ་མཆོད་པའི་


DTG036_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་བསོགས་ཏེ། རང་གི་ཡི་དམ་གྱི་ལྷའི་ང་རྒྱལ་དང་ལྡན་པས། སྐུ་ཁྲུས་བརྩམ་པར་བྱ་སྟེ། དེའི་རིམ་པ་ནི་ཇི་ལྟར་རྙེད་པའི་མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། དྲི་དང༌། ལྷ་བཤོས་དང༌། ན་བཟའ་དཔ་། རྒྱན་དང༌། མཆོད་ཡོན་དང༌། བུམ་པ་དང་། འབྲུ་ལྔ་ནི་ནས་དང༌། གྲོ་དང༌། འབྲས་དང༌། སོ་བ་དང༌། ཏིལ་དང༌། མ་ཤ་དང༌། འབྲས་ཡོས་དང༌། ཡུངས་ཀར་དང༌། སྟར་ག་དང༌། བིལ་བ་དང༌། གླ་གོར་ཞོ་ཤ་དང༌། ཛཱ་ཏི་ཕ་ལ་དང༌། སྨན་ལྔ་ནི་ཧ་ས་དེ་པ་དང༌། ཀཎྜ་ཀ་རི་དང༌། ས་ལ་པ་རྞི་དང༌། བྲྀ་ཧ་ཏི་དང༌། བྷ་ལ་མུ་དྲ་དང༌། རིན་པོ་ཆེ་ལྔ་ནི། ཨིནྡྲ་ནཱི་ལ་དང༌། མར་གད་དང༌། པདྨ་རཱ་ག་དང༌། བཻ་ཌཱུཪྻ་དང༌། ཤེལ་ལོ། །སྨན་ཐམས་ཅད་དང༌། དྲི་ཞིམ་པའི་ཏིལ་མར་དང༌། མར་དང༌། སྤྲང་རྩི་དང༌། ཞོ་དང༌། འོ་མ་དང༌། སྲན་མའི་ཕྱེ་དང༌། གྲོའི་ཕྱེ་དང༌། ལོ་མ་ལྔ་དང་། དར་ལ་སོགས་པ་བསོགས་ཤིང༌། རིམ་པ་ཇི་ལྟ་བ་བཞིན་དུ་བུམ་པ་བྱིན་གྱིས་བརླབ་པར་བྱ་སྟེ། དེའི་ཆོ་ག་ནི་མདུན་དུ་ཇི་ལྟར་ནུས་པའི་དཀྱིལ་འཁོར་གྱི་གཡས་ཕྱོགས་སུ་ཡོ་བྱད་ཐམས་ཅད་བཞག་ལ། སྔར་ལྷག་པར་གནས་པའི་བུམ་པ་བཅུ་འམ། ལྔའམ་གཅིག་སྲོག་ཆགས་མེད་པ་དྲི་ཞིམ་པའི་ཆུས་ཡོངས་སུ་གང་བ་འབྲུ་ལ་སོགས་པའི་སྙིང་པོ་ཅན་བཞག་ཅིང༌། ཨརྒྷའི་སྣོད་ནི་དྲི་ཞིམ་པའི་ཆུ་དང༌། ཞོ་དང་འབྲས་ཡོས་དང༌། ཀུ་ཤ་དང༌། སྨན་དང༌། ཡུངས་དཀར་དང༌། མེ་ཏོག་དང་གླ་གོར་ཞི་ཤ་དང༌། ལྡན་པ་གཡོན་ཕྱོགས་སུ་བཞག་སྟེ། རང་གི་འདོད་པའི་ལྷའི་སྔགས་ཀྱིས་ལན་ཉི་ཤུ་རྩ་གཅིག་བཟླས་ཤིང་དེ་ནས་ལས་ཐམས་ཅད་པའི་སྣོད་དྲི་ཞིམ་པའི་ཆུས་བཀང་བ་གཡས་ཕྱོགས་སུ་བཞག་སྟེ། བདུད་རྩི་འཁྱིལ་པའི་སྔགས་དེ་བཞིན་དུ་བཟླའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་མདོར་བསྡུས་པ་ཟླ་བ་དང༌། རྡོ་རྗེ་ལ་སོགས་པའི་བསྒོམ་པའི་རིམ་པས་བསྐྱེད་པར་བྱ་སྟེ། པི་ལས་སྐྱེད་པའི་པདྨའི་ལྟེ་བར་ཨ་ལས་སྐྱེས་པའི་ཟླ་བར་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའི་ཧཱུཾ་གི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་ཞུགས་པ་ཡོངས་


DTG036_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང༌། དྲིལ་བུ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྙིང་བར་ཟླ་བ་དང༌། རྡོ་རྗེ་དང༌། ཧཱུཾ་དང་ལྡན་པ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ། མི་བསྐྱོད་པའི་ཅོད་པན་བསམས་ཏེ། དེ་བཞིན་དུ་བུམ་པ་གཞན་ལ་མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པ་དང༌། སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་དང༌། བདུད་རྩི་འཁྱིལ་པའི་བར་དུ་བསྐྱེད་ལ། དེ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་པ། རང་རང་གི་སྐུ་མདོག་དང་ཕྱག་མཚན་འཛིན་པ། སྒེག་པ་དང་བཅས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རང་གི་ས་བོན་དང་མཚན་མ་དང་བཅས་པའི་སེམས་དཔའི་སྐྱིལ་མོ་ཀྲུང་གིས་པདྨ་དང༌། ཉི་མའི་སྟེང་དུ་བཞུགས་པ་བདུད་རྩི་འཁྱིལ་པ་ནི་ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་བས་བཞུགས་པ། སྡིགས་མཛུབ་དང་རྡོ་རྗེ་གསོར་བར་བྱེད་པ་བསམས་ཏེ། རྗེ་བཙུན་གྱི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ་རྡོ་རྗེ་ཡི་གེ་གསུམ་དང༌། མེ་ཏོག་ལ་སོགས་པས་མཆོད་ཅིང་དྲིལ་བུ་ཡང་དྲིལ་བུའི་སྔགས་ཀྱིས་མཆོད་པར་བྱའོ། །སྔགས་ནི། ཨོཾ་ཨཱཿ་ཧཱུཾ། ཨོཾ་བཛྲ་གྷཎྚེ་ར་ཎི་པྲ་ར་ཎི། སཾ་པྲ་ར་ཎི་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སྭ་བྷཱ་བེ་ཏ་བཛྲ་དྷ་རྨཱ་ཧྲྀ་ད་ཡ་ནི། སཾ་ཏོ་ཥ་ཎི་ཧཱུཾ་ཧཱུཾ་ཧུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་རྡོ་རྗེ་ལག་པ་གཡས་པས་བླངས་ཏེ། གཡོན་པས་དྲིལ་བུ་བཟུང་ལ། གཡས་པས་ཀྱང་སྤོས་ཁང་བཟུང་སྟེ་དྲིལ་བུ་དཀྲོལ་ཞིང༌། རྗེ་བཙུན་གྱི་ཡི་གེ་བརྒྱ་པ་ལན་ཅིག་བཟླས་ཏེ། ཨོཾ་བཛྲ་དྷྲྀ་ཀ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཛིན་ཛི་ཀ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་རཏྣ་དྷྲྀ་ཀ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱ་རོ་ལྀ་ཀ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་པྲཛྙཱ་དྷྲྀ་ཀ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཨོཾ་ཨཱཿཤཾ་ཀ་རེ་ཤྰྣྟི་ཀ་རེ་གྷུ་ཊ་གྷུ་ཊི་ནི་གྷུ་ཊ་ཡ་གྷ་ཊ་ཡ་གྷུ་ཊི་ནི་སྭཱ་ཧཱ། ཨོཾ་ཨ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་ག་རོ་ཊེ་བཱིཪྻ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་


DTG036_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿ་ས་མནྟ་ཀཱ་ཡ་བཱཀ་ཙིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥོཊྚྐ་ཊ་བྷེ་ར་བཱ་ཡ་ཨ་སི་མུ་ས་ལ་དྷ་རཱ་ཡ་པ་རི་ཤུ་པཱ་ཤ་ཧ་སྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏཥྛི་ཊཥྛི། བྣདྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། བིསྥོཊ་ཡ་བི་སྥོ་ཊ་ཡ། སརྦ་བི་གྷྣཱཾ་བི་ནཱ་ཡ་ཀ་ནེ་མ་ཧཱ་གཱ་ཎ་པ་ཏི་ཛཱི་བི་ཏ་ཨནྟ་ཀ་རཱ་ཡ་སྭཱ་ཧཱ་ཞེས་བྱ་བ་སྔགས་དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་རྒྱལ་བ་ལ་སོགས་པ་ལ་ཨརྒྷ་དང་མེ་ཏོག་ལ་སོགས་པས་མཆོད་ཅིང་སྔ་མ་བཞིན་དུ་སྤོས་གཏུལ་བ་དང༌། དྲིལ་བུ་དཀྲོལ་ཞིང་མར་མེ་དང་། ལྷ་བཤོས་དང༌། སྣོད་གང་བ་ལ་སོགས་པ་ཕུལ་ཞིང་ལག་པ་གཡོན་པ་སྒེག་པ་དང་བཅས་པས་དྲིལ་བུ་བླངས་ལ། ལག་པ་གཡས་པ་ཀུ་ཤ་དང་བཅས་པས་རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱ་བུམ་པའི་སྟེང་དུ་བཞག་ལ། རང་རང་སྔགས་ཀྱི་བུམ་པ་རྣམས་རྗེ་བཙུན་གྱི་ཡི་གེ་བརྒྱ་པ་དང་བཅས་པས་ལན་བརྒྱ་རྩ་བརྒྱད་རྣམ་པར་རྒྱལ་བ་ལ་ཡོངས་སུ་བཟླས་ལ། དེ་བཞིན་དུ་བུམ་པ་གཞན་དག་ཀྱང་ལན་ཉི་ཤུ་རྩ་བདུན་བཟླས་ལ། ཡང་མེ་ཏོག་ལ་སོགས་པས་མཆོད་ཅིང་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་ཞུ་བར་གྱུར་པར་བསམ་པ་ནི་བུམ་པ་བྱིན་གྱིས་བརླབ་པའོ། །དེ་ནས་སྔར་བཤད་པའི་བྲིས་སྐུ་ལ་སོགས་པའི་བཅོམ་ལྡན་འདས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། སྐུ་ཁྲུས་ཀྱི་ལས་བརྩམ་པར་བྱ་སྟེ། དང་པོར་སྔ་མ་བཞིན་དུ་སྤོས་གཏུལ་ལ་འབྲས་ཆན་གྱི་ཆང་བུ་གཉིས་དང་མེ་སྣོང་དང༌། མར་མེ་རྣམས་སྣོད་དམ་བུམ་པ་ལ་བཞག་སྟེ། མདུན་དུ་གནས་པའི་ཡུངས་ཀར་ལག་པས་བླངས་ཏེ། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མངོན་པར་བསྔགས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་མེ་དང༌། ཆུ་ལ་གཏོར་ལ་ལག་བ་གཉིས་ཀྱིས་བླངས་ཏེ། སྐུ་གཟུགས་ལ་སོགས་པའི་མདུན་དུ་ལན་གསུམ་བསྐོར་ལ་ཕྱི་རོལ་དུ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་གཏོར་བར་བྱའོ། །དེ་ནས་བསང་གཏོར་གྱི་ཆུས་ཁྲུས་ཀྱི་རྫས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ལན་གསུམ་བསང་གཏོར་


DTG036_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། མེ་ཏོག་ལ་སོགས་པ་ཡང་དེ་བཞིན་དུ་བསང་གཏོར་བྱས་ལ། དེ་ནས་དྲིལ་བུའི་སྒྲ་དང༌། སྤོས་གཏུལ་ཞིང་ཤིན་ཏུ་ཕྱིས་པའི་མེ་ལོང་གི་གཟུགས་བརྙན་ལ་རང་གི་སྔགས་ཀྱིས་ཞབས་བསིལ་ལན་གསུམ་ཕུལ་ཏེ། ཆུས་བརྐུས་ལ་རིམ་གྱིས་དྲི་ཞིམ་པོའི་ཏིལ་མར་དང༌། བག་ཕྱེས་མེ་ལོང་མཉེས་ཏེ། ཆུས་བཀྲུས་ལ། ཡང་ཨརྒྷ་དང་མེ་ཏོག་ཕུལ་ལ། མར་དང་སྦྲང་རྩིས་བཀྲུ་ཞིང་བག་ཕྱེས་མཉེ་ཞིང་ཆུས་བཀྲུས་ཏེ། ཞོ་དང༌། འོ་མ་དང༌། འབྲུ་དང༌། འབྲས་ཡོས་དང༌། སྟར་ཀ་ལ་སོགས་པའི་འབྲས་བུ་དང་མེ་ཏོག་དང༌། ཨརྒྷ་དང་ལྷན་ཅིག་སོ་སོར་ཁྲུས་གསོལ་ལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དེ་ལྟར་བྱས་ལ། བུམ་པ་རྣམས་མེ་ཏོག་དང་སྤོས་ཀྱིས་མཆོད་ལ། རིམ་གྱིས་དབང་བསྐུར་བརྩམ་པར་བྱའོ། །དང་པོ་ལས་ཐམས་ཅད་ཀྱི་བུམ་པ་སྔགས་ཀྱི་རྒྱལ་པོ་བདུད་རྩི་འཁྱིལ་པའི་སྔགས་དང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཞེས་དབང་བསྐུར་རོ། །དེ་ནས་ཤར་གྱི་བུམ་པས་ཛིན་ཛིཀ་ཅེས་བྱ་བའི་སྔགས་དང༌། སྔར་བཤད་པའི་ཚིགས་སུ་བཅང་པས་སྐུ་ཁྲུས་ཕུལ་ལ། དེ་བཞིན་དུ་རཏྣ་དྷྲྀ་ཀ་ཅེས་བྱ་བ་དང༌། པྲཛྙཱ་དྷྲྀ་ཀ་ཅེས་བྱ་བ་དང༌། ཨཱ་རོ་ལྀ་ཀ་ཅེས་བྱ་བ་དང༌། པདྨ་དྷྲྀ་ཀ་ཅེས་བྱ་བ་དང༌། རུ་རུ་སྥུ་རུ་དང༌། ཤཾ་ཀ་རི་དང༌། ཨ་ཀ་ཊེ་དང༌། ཏཱ་རེ་ཞེས་བྱ་བ་ལ་སོགས་པའི་སྔགས་རྣམས་དང༌། རང་རང་གི་བུམ་པ་དང༌། ཚིགས་སུ་བཅད་པ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །ཡང་རྣམ་པར་རྒྱལ་བའི་བུམ་པ་ལ་མེ་ཏོག་གྲོར་ཞིང་སྤོས་གཏུལ་ཏེ། རྗེ་བཙུན་གྱི་ཡི་གེ་བརྒྱ་པ་དང༌། ཨོཾ་བཛྲ་དྷྲྀ་ཀ་ཅེས་བྱ་བའི་སྔགས་ལན་བདུན་བཟླས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་བྱ་བ་དང༌། ཡང་སྔགས་ཀྱི་རྒྱལ་པོ་བརྗོད་ཅིང་དབང་བསྐུར་བར་བྱའོ། །དེ་ནས་ལེགས་པར་བདུགས་པའི་རས་བླངས་ཏེ། མེ་ལོང་ལ་ཆུས་ཕྱིས་པའི་དྲིའི་ཐིག་


DTG036_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ལྔ་བྱས་ཏེ། མེ་ཏོག་གཏོར་ཞིང་བཞག་ལ། དྲིལ་བུ་དང་སྤོས་བླངས་ཏེ། སྔ་མ་བཞིན་དུ་མཆོད་ཅིང་ཅི་འབྱོར་པས་ལྷ་བཤོས་ཕུལ་ཏེ། གཏོར་མ་གཏོང་ཞིང་ཕྱག་བཙལ་ནས་ལྡང་བར་བྱའོ་ཞེས་སྐུ་ཁྲུས་ཀྱི་ཆོ་གའོ། །དེ་ནས་སྔར་ལྷག་པར་གནས་པའི་བྲིས་སྐུ་ལ་སོགས་པ་ལ་རབ་ཏུ་གནས་པ་བྱ་སྟེ། དེའི་རིམ་པ་ནི་བྲིས་སྐུ་དང༌། གཟུགས་སྐུ་ལ་སོགས་པ་སྟོང་པ་ཉིད་དུ་བསྒོམས་ཏེ། ཡང་རང་གི་ཆོས་ཀྱི་ཡི་གེ་ཡོངས་སུ་གྱུར་པ་ལས་སྐྱེས་པ་དེའི་སྐུ་བསྒོམས་ལ། མངོན་དུ་གཞག་ཅིང་མགོ་བོ་དང༌། ལྐོག་མ་དང་སྙིང་གར་སྣ་ཚོགས་པདྨ་དང་ཉི་མ་དང༌། ཟླ་བའི་སྟེང་དུ་ཡི་གེ་གསུམ་བཀོད་ལ་དེའི་འོད་ཟེར་གྱིས་ནམ་མཁའ་ལས་རིགས་གསུམ་བཀུག་སྟེ་དེ་ཉིད་དུ་བཅུག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་བསམས་ལ་མངོན་དུ་གྱུར་པར་བལྟ་བར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ཅིང༌། དེ་ཉིད་དུ་བཅུག་ལ་བཅིངས་ཤིང་དབང་དུ་བྱས་ཏེ། འོ་མ་དང་ཆུ་བཞིན་དུ་རོ་གཅིག་པར་གྱུར་པར་བསམ་པར་བྱའོ། །དམ་ཚིག་དང་ཡེ་ཤེས་སེམས་དཔའ་གཅིག་ཏུ་གྱུར་པར་བལྟས་ལ། སྔ་མ་བཞིན་དུ་བགེགས་བསྐྲད་ཅིང་བསྲུངས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ། ཡི་གེ་གསུམ་གྱིས་རྗེས་སུ་ཆགས་ལ། རྡོ་རྗེ་དང་དྲིལ་བུ་བླངས་ཏེ། སྤོས་གཏུལ་ནས་སྤྱན་དྲང་བར་བྱ་སྟེ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་སོགས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །འགྲོ་བ་ཡི་ནི་དོན་མཛད་ཕྱིར། །འདིར་ནི་རྟག་ཏུ་བཞུགས་སུ་གསོལ། །ཇི་སྲིད་ནམ་མཁའ་རི་རབས། །ཇི་སྲིད་ཉི་ཟླ་རྒྱུ་སྐར་དང༌། །ཇི་སྲིད་ཐུབ་པའི་བསྟན་བཅོས་ཏེ། །དེ་སྲིད་འདིར་ནི་བཞུགས་སུ་གསོལ། །རྟག་ཏུ་འཁོར་དང་བཅས་པ་ཡི། །རྒྱལ་པོ་དང་ནི་ཡོན་བདག་དང༌། །བདག་དང་སློབ་མར་བཅས་སྐྱོབ་ཕྱིར། །འདིར་ནི་རྟག་ཏུ་བཞུགས་སུ་གསོལ། །ཞེས་གསོལ་བ་བཏབ་ནས་སྔར་བཞིན་དུ་བཀུག་ཅིང་མཆོད་པ་རྣམ་པ་ལྔ་སྔོན་དུ་འགྲོ་བར་གུར་ཀུམ་གྱིས་


DTG036_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས་པའི་རས་གཉིས་ཕུལ་ནས་མ་ཤ་ལྔའི་ཆད་ཙམ་གྱིས་གསེར་གྱི་མིག་ཐུར་གྱིས་ཨོཾ་ཙུཀྵ་ཙུཀྵ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སྤྱན་ཕྱེ་སྟེ། ཞོ་དང་འབྲས་ཆན་མེ་ཏོག་དང་བཅས་པའི་ལྷ་བཤོས་ཨོཾ་བཛྲ་ཨ་མྲྀ་ཏེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ཕུལ་ལ། རིམ་པ་ཇི་ལྟ་བ་བཞིན་དུ་དབྱིབས་དང་བཅས་པའི་མེ་ཏོག་གི་ཕྲེང་བ་ཕུལ་ཏེ། མཆོད་ཡོན་དང་འཐོར་འཐུང་དང༌། ཞབས་བསིལ་ཕུལ་བ་སྔོན་དུ་འགྲོ་བར་ལྷག་མའི་རྫས་ཀྱིས་མཆོད་ཅིང་བསྟོད་ནས་ཕྱག་འཚལ་ཞིང་བསྐོར་བ་བྱས་ཏེ། བཟོད་པར་གསོལ་ནས་མངོན་པར་འདོད་པའི་དོན་གཉེར་བར་བྱ་སྟེ་རབ་ཏུ་གནས་པའི་ཆོ་གའོ། །དེ་ནས་མཆོད་པའི་ཆོ་ག་བརྩམ་པར་བྱ་སྟེ། སྔ་མ་བཞིན་དུ་དཀྱིལ་འཁོར་གྱི་གནས་སུ་ལྷ་རྣམས་སྤྲོས་ཏེ། ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པར་བྱས་ལ། སྐུ་ཁྲུས་དང༌། ཞབས་བསིལ་དང༌། མཆོད་ཡོན་དང༌། ཕྱག་བཞི་སྔོན་དུ་འགྲོ་བའི་མཆོད་པ་རྣམ་པ་ལྔས་མཆོད་པར་བྱའོ། །དེའི་རིམ་པ་ནི་མེ་ཏོག་འདི་ནི་དགེ་བའི་མཆོག །གཙང་ཞིང་གཙང་མའི་རྒྱུ་དང་ལྡན། །བདག་གིས་དང་པས་འབུལ་ལགས་ན། །བཞེས་ཏེ་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་ཡ་ཤྲི་ཡེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་རང་རང་གི་སྔགས་དང་མེ་ཏོག་དབུལ་ལོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པ་དང་སྦྱར་བའི་སྤོས་གཏུལ་ལ། །ནགས་ཚལ་བཅུད་ནི་ཡི་གར་འོང༌། །དྲི་ཞིམ་རྒྱས་པ་ལྷ་ཡི་སྤོས། །བདག་གིས་དད་པས་འབུལ་ལགས་ན། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དབུལ་ལོ། །མར་མེའི་སྣོད་བླངས་ལ། གདོན་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་སེལ་མར་མེ་འདི། །བདག་གིས་དང་པས་འབུལ་ལགས་ན། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་དཱི་


DTG036_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དབུལ་ལོ། །དེ་བཞིན་དུ། ལྷན་ཅིག་སྐྱེས་དང་སྦྱར་བ་དང༌། །དེ་བཞིན་ཡོངས་སུ་གྱུར་པ་སྟེ། །བདག་གིས་དད་པས་འབུལ་ལགས་ནས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དབུལ་ལོ། །དེ་བཞིན་དུ་རོ་དྲུག་དང་ལྡན་པའི་ལྷ་བཤོས་ཀྱི་སྣོད་བླངས་ཏེ། འདི་ནི་བདུད་རྩིའི་ངོ་བོ་སྟེ། ཁ་ཟས་རྣམས་ཀྱི་གཙང་སྦྲ་རྣམས། །བདག་གིས་དད་པས་འབུལ་ལགས་ན། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནཻ་བི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཨོཾ་བཛྲ་ནཻ་བི་དྱ་ཨཱཿ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དབུལ་ལོ། །དེ་བཞིན་དུ་ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བདེན་དང༌། རོལ་མོ་དང༌། མཆོད་པའི་ཁྱད་པར་ནི་རང་གི་སྔགས་ཀྱིས་དབུལ་བར་བྱའོ། །འདི་ནི་ཕྱིའི་མཆོད་པའི་རིམ་པའོ། །དེ་ནས་པདྨའི་སྣོད་ལ་བདུད་རྩི་ལྔ་སྦྱང་བ་དང༌། སད་པ་དང་སྦར་བའི་རིམ་པས་བདུད་རྩིར་བྱས་ལ་ལྕགས་ཀྱུ་རྣམས་ཀྱང་དེ་བཞིན་དུ་བསྐྱེད་ལ། དཀྱིལ་འཁོར་པ་རྣམས་ལ་དབུལ་ལོ། །ཨོཾ་ཨ་མྲྀ་ཏེ་ན་པྲྀ་ཎ་ཡ་མེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་སོ། །དེ་ནས་ལོ་བཅུ་གཉིས་སམ། བཅུ་དྲུག་གམ་ཉི་ཤུ་ལོན་པའི་བུ་མོ་རིགས་ཀྱིས་དབྱེ་བས་བླངས་ནས་རིགས་ལྔས་ཁྱབ་པར་བྱས་ཏེ། རྡོ་རྗེ་དང་པདྨ་འདུས་བྱས་པ་སྔོན་དུ་འགྲོ་བར་སྙོམས་པར་འཇུག་པའི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་དག་གི་ལམ་ནས་ཞུགས་ཏེ། རྩ་དབུས་མ་ནས་སྣང་བ་ལ་སོགས་པ་མྱོང་བ་སྔོན་དུ་འགྲོ་བར་པདྨར་སྤྲོས་ལ། དུང་པོར་གྱིས་བླངས་ཏེ་དཀྱིལ་འཁོར་གྱི་དབུས་སུ་དབུལ་ལོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་ཧོ་སུ་ར་ཏ་སྟྭཾ་སུ་ར་ཏེ་ཧཾ་ཞེས་བྱ་བ་སྔགས་སོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་བླ་ན་མེད་པའི་མཆོད་པས་བཅོམ་ལྡན་འདས་ལ་


DTG036_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དོ། །ལངས་ཏེ་ཕྱག་འཚལ་ཞིང་བསྐོར་བ་བྱས་ཏེ། བཟོད་པར་གསོལ་ནས་སྨོན་ལམ་བཏབ་སྟེ། ཆོས་ཐམས་ཅད་སོ་སོར་སྣང་བ་ཙམ་དུ་བལྟས་ཏེ་གནས་པར་བྱའོ་ཞེས་མཆོད་པའི་ཆོ་གའོ། །དེ་ནས་སྔར་ལྷག་པར་གནས་པར་བྱས་པའི་སློབ་མ་རྣམས་ཀྱི་གདོང་གཡོགས་ཏེ་སྒོར་བཞག་ལ་གསོལ་བ་གདབ་པར་བྱེད་དུ་གཞུག་གོ །བཅོམ་ལྡན་སློབ་དཔོན་དམ་པ་ནི། །འཁོར་བ་ལས་ནི་སྐྱོབ་པའི་ཕྱིར། །སྐྱེ་དང་སྡུག་བསྔལ་རྒ་ཤི་ཡི། །ཞགས་པས་བདག་ནི་རབ་ཏུ་གདུངས། །དེ་ཕྱིར་བདག་ནི་འཇིགས་པ་ཡིས། །ཁྱོད་ལ་རྟག་ཏུ་སྐྱབས་སུ་མཆི། །སྔགས་ཀྱི་ལམ་གྱི་ཐེག་པ་ཡིས། །བདག་ལ་རྗེས་སུ་བཟུང་བར་མཛོད། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །ཁྱོད་ནི་སྟོན་པ་དགའ་ཆེན་པོ། །བྱང་ཆུབ་ཆེན་པོའི་ཚུལ་མཆོག་ནི། །མགོན་པོ་ཆེན་པོ་བདག་འཚལ་ལོ།། སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྐྱབས་གསུམ་པོ་ནི་བདག་ལ་སྩོལ། །དམ་ཚིག་མཆོག་ནི་བདག་ལ་སྩོལ། །སྡོམ་པ་ཡང་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་ལ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་བྱ་བས་སློབ་མས་གསོལ་བ་བཏབ་པའི་འོག་ཏུ་རྡོ་རྗེ་སློབ་དཔོན་གྱིས་ཐལ་མོ་སྦྱར་བ་མེ་ཏོག་དང་ལྡན་པའི་སློབ་མ་ཕྱག་བཞི་བྱེད་དུ་བཅུག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་ཀོ་ལ་མཎྜ་ལེ་དི་བ་ཏ་བྷྱ་ཀཱ་ཡ་བཱ་ཀ་ཙིཏྟ་པྲ་ཎ་མེ་པཱ་ད་བནྡྷཱ་ནཾ་ཀ་རོ་མི། ཤར་དུའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཀོ་ལ་དི་བ་ཏ་བྷྱ་ཀཱ་ཡ་བཱ་ཀ་ཙིཏྟ་པྲ་ཎ་མེ་ན་པཱ་ད་བནྡྷཱ་ནཾ་ཀོ་རོ་མི། ལྷོ་རུའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཀོ་ལ་དི་བ་ཏ་བྷྱ་ཀཱ་ཡ་བཱ་ཀ་ཙིཏྟ་པྲ་ཎ་མེ་བནྡྷཱ་ནཾ་ཀ་རོ་མི། ནུབ་ཏུའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཀོ་ལ་དི་བ་ཏ་བྷྱ་ཀཱ་ཡ་བཱ་ཀ་ཙིཏྟ་པྲ་ཎ་མེ་ན་པཱ་ད་བནྡྷཱ་ནཾ་ཀ་རོ་མི། བྱང་དུའོ། །དེ་ནས་མ་དང་ཁྱོད་ཀྱིས་རྨི་ལམ་ཇི་ལྟ་བུ་མཐོང་ཞེས་བླ་མས་དྲིས་ལ། སློབ་མས་དགེ་བ་དང་མི་དགེ་བའི་རྨི་ལམ་བརྗོད་དོ། །བླ་མས་ཀྱང་དེ་དང་མཐུན་པའི་དངོས་གྲུབ་བསྟན་པར་བྱའོ། །དེ་ནས་ཁྱོད་ཀྱི་མིག་ལ་ཇི་ལྟར་སྣང་ཞེས་དྲིས་ལ་སྔོན་པོ་ལ་སོགས་པ་སྣང་ངོ་ཞེས་གལ་ཏེ་སྨྲ་ན་དེའི་ཚེ་རིགས་


DTG036_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུན་པའི་དངོས་གྲུབ་བཤད་པར་བྱའོ། །དེ་ནས་བདུད་རྩི་འཁྱིལ་པ་བཟླས་པའི་ལས་ཐམས་ཅད་པའི་ཆུ་དེའི་ལག་པར་སྦྱིན་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་པས་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿ་ཋཿ་ཋཿ་ཏྲཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་མནའ་ཆུ་སྦྱིན་པར་བྱའོ། །དེ་ནས་དཀྱིལ་འཁོར་ལ་མེ་ཏོག་ཕྲེང་བ་འཐོར་དུ་གཞུག་སྟེ། གང་དུ་མེ་ཏོག་བབས་གྱུར་པ། །དེ་ལ་དེ་ཡི་རིགས་བསྟན་བྱ། །དབུས་ཀྱི་རེའུ་མིག་བབས་པ་ན། །ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར། །སངས་རྒྱས་ལྷ་མོའི་རེའུ་མིག་ལ། །བབས་པར་གྱུར་ན་དངོས་གྲུབ་མཆོག །མཆོད་པའི་ལྷ་མོའི་རེའུ་མིག་ལ། །བབས་པར་གྱུར་ན་ཞི་སོགས་འགྱུར། །སེམས་དཔའ་ཁྲོ་བོའི་གནས་སུ་ནི། །བབས་ན་དེ་ཉིད་བསྟན་པར་བྱ། །སྒོ་ལ་བབས་ན་བར་པ་ནི། །དེ་ཡི་ཕྱི་རོལ་དངོས་གྲུབ་དམན། །གང་ཚེ་ཀུན་གྱི་ཕྱི་རོལ་དུ། །མེ་ཏོག་བབས་ན་དེ་ཡི་ཚེ། །སླར་ཡང་དབུས་སུ་ཕབ་ཏུ་གཞུག །དེར་མ་བབ་ན་དངོས་གྲུབ་མེད། །དེ་ནས་དཀྱིལ་འཁོར་གྱི་དབུས་ནས་མེ་ཏོག་བླངས་ཏེ། གཟུགས་རྡོ་རྗེ་མའི་སྔགས་ཀྱིས་དེའི་སྤྱི་བོར་གདབ་པར་བྱའོ། །དེ་ལ་ཟབ་པ་དང༌། རྒྱ་ཆེ་བའི་མཚན་ཉིད་ཀྱི་ཆོས་བསྟན་པས་མགུ་བར་བྱ་སྟེ་ཐར་པ་ཆེན་པོའི་དཀྱིལ་འཁོར་དུ་ནི་ལྟོས་ཤིག་ཅེས་སྨྲས་ཏེ། ཨོཾ་ཙཀྵུ་ཞེས་བྱ་བ་ལ་སོགས་པའི་སྔགས་དང༌། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་རྣམས་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བྱ་བའི་ཚིགས་སུ་བཅད་པ་བརྗོད་ནས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་སློབ་མ་ངོ་མཚར་གྱིས་མིག་རྒྱས་པས་དཀྱིལ་འཁོར་ལ་བལྟས་ཏེ། ཕྱག་བཞི་བྱའོ། །དེ་ནས་སྔ་མ་བཞིན་དུ་མཎྜལ་དང༌། མཆོད་པ་རྣམ་པ་ལྔས་མཆོད་ནས་གསོལ་བ་བཏབ་པ་ལ་འཇུག་སྟེ། སྐྱབས་མེད་སྐྱབས་ཕྱིར་སྐྱོབ་འགྱུར་བ། །འགྲོ་བ་སྐྱོབ་པའི་རྒྱུ་ཡིན་ཏེ། །རྡོ་རྗེ་འཆང་


DTG036_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མི་ཕྱེད་པ། །བདག་ལ་དི་རིང་བསྐྱབ་ཏུ་གསོལ། །རྣམ་ཤེས་ལྔ་ནི་གཏི་མུག་གི །འདམ་པ་དག་པར་བྱ་བའི་ཕྱིར། །རིག་པའི་དབང་བསྐུར་ཆུ་ཡིས་ནི། །བདག་གི་ཡིད་ནི་དགའ་བར་མཛོད། །ཅེས་བྱ་བས་གསོལ་བ་བཏབ་པ་གསན་ནས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །དེ་ནས་སངས་རྒྱས་རིགས་མཆོག་ལ། །དམ་ཚིགས་སྡོམ་པར་བཤད་པ་ཡིན། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་ཡང་ནི་གཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ནི་རྡོ་རྗེའི་རིགས་དག་ལ། །དམ་ཚིག་སྔོམ་པ་ཡིན་པར་གསུངས། །ཉིན་དང་མཚན་མོ་ལན་གསུམ་དུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །རིན་ཆེན་རིགས་ལ་མཐོ་བའོ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་ཁྱོད་ཀྱིས་གཟུང༌། །དེ་ནི་པདྨའི་རིགས་དག་ལ། །དམ་ཚིག་སྡོམ་པ་ཡིན་པར་བཤད། །སྡོམ་པ་ཐམས་ཅད་དང་ལྡན་པའི། །དེ་ཉིད་དུ་ནི་གཟུང་བར་གྱིས། །མཆོད་པའི་ལས་ནི་ཅི་ནུས་གྱིས་། །ལས་ཀྱི་རིགས་མཆོག་དམ་པའོ། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །འདོད་པས་ལོག་པར་མི་སྤྱད་ཅིང༌། །བརྫུན་ཡང་སྨྲ་བར་མི་བྱ་སྟེ། །ཉེས་པ་ཀུན་གྱི་རྩ་བ་ཡི། །ཆང་འཐུང་པ་ཡང་སྤང་བར་བྱ། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་སྤང་བར་མི་བྱ་ཞིང༌། །མྱ་ངན་འདས་ལ་ཆགས་བྱ་མིན། །དམ་པ་རྣམས་ཀྱི་གམ་དུ་གནས། །རྣལ་འབྱོར་པ་ལ་བཀུར་སྟི་བྱ། །ལུས་ཀྱི་ལས་ནི་རྣམ་པར་གསུམ། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་ཡིན་ཏེ། །ཅི་ནུས་པར་ནི་གསུང་བར་བགྱི། །ཐེག་པ་ཆུང་ལ་འདོད་མི་བྱ། །སེམས་ཅན་དོན་ནི་ཀུན་དུ་སྤྱོད། །ལྷ་དང་ལ་མི་ན་གསང་བ་ལ། །ཁྱོད་ཀྱིས་བརྙས་པར་བྱ་བ་མིན། །ཕྱག་རྒྱ་བཞོན་པ་ཕྱག་མཚན་དང༌། །


DTG036_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་རྣམས་ཀྱང་བགོམ་མི་བྱ། །དེ་ནི་སྡོམ་པ་ཞེས་གསུངས་ཏེ། །བློ་ཆེན་ཁྱོད་ཀྱིས་བསྲུང་བར་གྱིས། །དེ་ནས་བླ་མའི་གསུང་དེས་ནི། །སྡོམ་པ་ལེགས་པར་གཟུང་བར་བྱ། །ཇི་ལྟར་མགོན་པོས་བཀའ་སྩལ་པ། །དེ་བཞིན་དུ་ནི་བདག་གིས་སྤྱད། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ལ་སོགས་དང༌། །རྡོ་རྗེ་ལ་སོགས་གཟུང་དང་སྦྱིན་པ་བཞི། །རྣམ་པ་གསུམ་གྱིས་ཆོས་དང་མཆོད་པ་དག །ཁྱོད་ཀྱིས་གསུང་གི་བདག་གིས་གཟུང་བར་བགྱི། །སྲོག་གཅོད་པ་ལ་སོགས་པ་དག་ལས་ནི། །སོ་སོར་ལོག་དང་གཞན་ཡང་སྔོམ་པའི་ཚོགས། །འཁོར་བའི་རྒྱ་མཚོ་ཕ་རོལ་བསྒྲལ་བའི་ཕྱིར། །མགོན་པོ་ཡང་དག་བདག་གིས་གཟུང་བར་བགྱི། །དེ་ནས་དཀྱིལ་འཁོར་པའི་བུམ་པ་རྣམས་ཀྱི་ཆུ་པདྨའི་སྣོད་དུ་གཅིག་ཏུ་བསྡུས་ཏེ། རྣལ་འབྱོར་བཞི་ཡི་རིམ་གྱིས་མི་བསྐྱོད་པར་བྱས་ལ། །མཆོད་ཅིང་སྙོམས་པར་ཞུགས་པས་ཞུ་ཞིང༌། ཆུའི་རྣམ་པར་བལྟས་ལ་རྡོ་རྗེ་འཆང་གི་རང་བཞིན་གྱིས་སློབ་མའི་སྤྱི་བོར་དབང་བསྐུར་རོ། །དབང་བསྐུར་བ་ནི། ཨོཾ་བཛྲ་དེ་བ་དཏྟ་ཨ་བྷི་ཥིཉྩཱ་མི། ཞེས་བྱ་བ་ནི་ཆུའི་དབང་ངོ༌། །དེ་ནས་ལུགས་མ་ལ་སོགས་པའི་ཅོད་པན་ལ་དེ་བཞིན་དུ་རིན་ཆེན་འབྱུང་ལྡན་བསམས་ལ། སྙོམས་པར་འཇུག་པས་ཞུ་ཞིང༌། དབུ་རྒྱན་གྱི་རྣམ་པ་དེའི་སྤྱི་བོར་བཞག་ལ། ཨོཾ་རཏྣ་དྷྲྀ་ཀ་ཨཱཿ་ཧཱུཾ། ཞེས་བྱ་བ་སྟེ་དབུ་རྒྱན་གྱི་དབང་ངོ༌། །དེ་བཞིན་དུ་རྡོ་རྗེ་འོད་དཔག་ཏུ་མེད་པར་བསྐྱེད་ལ། ཞུ་ཞིང་ཡང་རྡོ་རྗེའི་རྣམ་པ་དེའི་ལག་པར་བྱིན་ཏེ། དི་རིང་ཁྱོད་ནི་དབང་བསྐུར་བ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང༌། སྔགས་ཀྱིས་དབང་བསྐུར་བ་ནི་རྡོ་རྗེའི་དབང་ངོ༌། །དེ་བཞིན་དུ་དྲིལ་བུ་དོན་ཡོད་གྲུབ་པར་བསྐྱེད་ལ། ལག་པ་གཡོན་པར་གཏད་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པས་སྦྱིན་པ་ནི་བདག་པོའི་དབང་ངོ༌། །སྔར་ཕོག་པའི་མེ་ཏོག་གི་གནས་དང་མཐུན་པར་ཀྱེ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བ་ནི་མིང་གི་དབང་ངོ༌། །དེ་ནི་ཀུན་གཞི་ལ་སོགས་པ་སྤོང་བས་རིག་པའི་དབང་ཡིན་ནོ། །དེ་ནས་ཕྱིར་མི་ལྡོག་པ་ཐོབ་པའི་ཕྱིར། གསོལ་བ་གདབ་པ་ལ་


DTG036_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་སྟེ། ཕྱིར་མི་ལྡོག་བའི་འཁོར་ལོ་ལ། །མགོན་པོ་དབང་བསྐུར་བཤད་དུ་གསོལ། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་གྱི་ནི་ལས་རྣམས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྔོམ་པ་ཡང་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བྱ་བ་སློབ་དཔོན་གྱིས་གསན་ནས་རིགས་ཀྱི་བུ་སློབ་དཔོན་ལ་སྨོད་པ་དང༌། བདེ་གཤེགས་བཀའ་ལས་འདའ་བ་དང༌། རྡོ་རྗེ་སྤུན་ལ་སྡང་བ་དང༌། བྱམས་པ་སྤངས་པ་དང༌། བྱང་ཆུབ་ཀྱི་སེམས་དང་བྲལ་བ་དང༌། ཐེག་པ་གསུམ་ལ་སྨོད་པ་དང༌། སྣོད་མ་ཡིན་པ་ལ་གསང་བའི་ཆོས་བཤད་པ་དང༌། ཕུང་པོ་སྨོང་པ་དང༌། དག་པའི་ཆོས་ལས་སོམ་ཉི་དང༌། གདུག་པ་ལ་བྱམས་པ་དང༌། ཆགས་པ་དང་བྲལ་བ་དང༌། ཆོས་ལ་མཐའ་གཉིས་བཞག་པ་དང༌། དད་པ་དང་ལྡན་པའི་སེམས་སྨོད་པ་དང༌། དམ་ཚིག་དག་མི་བསྟན་པ་དང༌། །བུད་མེད་རྣམས་ལ་མི་སྨོད་པའོ། །དེ་བཞིན་དུ་རིག་མ་མི་བསྟེན་བ་དང༌། དམ་ཚིག་མི་སྦྱོར་བ་དང༌། ཚོགས་ཀྱི་འཁོར་ལོ་ལ་བརྩོན་པ་དང༌། གསང་བའི་ཆོས་སྟོན་པ་དང༌། དད་པ་དང་ལྡན་པའི་སེམས་ཅན་ལ་དམ་པའི་ཆོས་ལོག་པར་སྟོན་པ་དང༌། ཉན་ཐོས་ཀྱི་ནང་དུ་ཞག་བདུན་གནས་པ་དང༌། ང་རྒྱལ་དང༌། མ་ངེས་པ་དང༌། མ་སྦྱར་བ་དང༌། སྣོད་མ་ཡིན་པ་ལ་གསང་བའི་ཆོས་བསྟན་པར་མི་བྱའོ་ཞེས་སློབ་མས་ཐོས་ནས། རྩ་བའི་ལྟུང་བ་བཅུ་བཞི་དང༌། །སྦོམ་པོ་སྡིག་པ་བཅུ་དགའ་བར། །དི་རིང་ནས་བརྩམས་བདག་ཉིད་ཆེ། །བྱང་ཆུབ་ཐོབ་པར་མི་བགྱིད་དོ། །ཞེས་རྡོ་རྗེ་སློབ་དཔོན་གྱིས་ཐོས་ནས་ཕྲེང་བ་ལག་ཏུ་བྱིན་ཏེ། ཨོཾ་བཛྲ་དྷྲྀ་ཀ་ཅེས་བྱ་བ་ལ་སོགས་པའི་སྔགས་དང༌། རང་གི་ཡི་དམ་ཡང་ཁྱོད་ཀྱིས་བསྒོམ་པ་དང་བཟླ་བར་བྱའོ་ཞེས་སྔགས་ཀྱི་དབང་ངོ༌། །དེ་ནས་རྡོ་རྗེས་མཚན་པའི་རྒྱན་སྐེད་པ་ལ་སོགས་པ་ལ་བཏགས་ཤིང་ལག་པར་རྡོ་རྗེ་བཟུང་ལ། འདི་ནི་སངས་རྒྱས་ཐམས་ཅད་ཉིད། །ཅེས་པ་ལ་སོགས་པས་སྦྱིན་ཏེ། རྣམ་པར་དག་པ་བཤད་པ་ནི་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ངོ༌། །དེ་ནས་


DTG036_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གསུམ་གྱི་སྤྱོད་པ་བསྟན་ཞིང་རྣ་བ་གཡས་པ་དང༌། གཡོན་པ་ལ་ཤིང་གི་གདོང་པ་གཉིས་དང༌། དེ་དང་འདྲ་བ་ཕྱག་བཞི་དང༌། རལ་པའི་ཐོར་ཚུགས་བཏགས་ལ། ཇི་སྲིད་འཚོའི་བར་དུ་སྤྱོད་པ་འདི་ཉིད་ཀྱིས་གནས་པར་བྱའོ་ཞེས་སྤྱོད་པའི་བརྟུལ་ཞུགས་སོ། །དེ་ནས། སླར་ཡང་ཁྱོད་ལ་འཆི་བ་མེད། །ཐེག་པ་ཆེན་པོ་འདི་ཉིད་ལས། །ཟིལ་གྱིས་མི་གནོན་མི་གནོད་པ། །གང་ལས་འཇིགས་མེད་རོལ་བར་གྱིས། །ཞེས་བྱ་བ་ནི་ལུང་བསྟན་པའོ། །ཤཱ་ཀྱ་ཐུབ་པའི་གཟུགས་དང་འདྲ་བའི་རྡོ་རྗེ་སློབ་དཔོན་ལངས་ཏེ། གཡོན་པའི་ཆོས་གོས་ཀྱི་དཀྱིལ་ནས་གཟུང་ལ། གཡས་པས་མི་འཇིགས་པའི་ཕྱག་རྒྱ་དང་ལྡན་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་སྭ་བྷཱ་བ་སྟྭཾ་སརྦ་བཛྲ་དྷཱ་ར་སྟྭཾ་བྷཱ་བ་སྟྭཾ། ཞེས་བྱ་བ་ནི་དབུགས་དབྱུང་བའོ། །དེ་ནས་རྣམ་པར་སྣང་མཛད་དང༌། སྒྲ་རྡོ་རྗེ་མའི་སྔགས་བཟླས་པའི་འཁོར་ལོ་དང༌། དུང་ལག་པ་གཡས་པ་དང་གཡོན་པ་ལ་བྱིན་ཏེ། དེང་ནས་བརྩམས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཆོས་ཀྱི་དུང་བུས་ཤིག་ཅེས་བྱ་བ་ནི། འཁོར་ལོ་དང་དུང་གི་དབང་ངོ༌། །དེ་ནས་མེ་ལོང་བླངས་ཏེ་བསྟན་པར་བྱ་བ་ནི། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་བྱ་བ་ལ་སོགས་པས་མེ་ལོང་གི་དབང་ངོ༌། །དེ་ནས་མདའ་དང་གཞུ་བྱིན་ལ། ཕྱོགས་བཞི་དང་སྟེང་འོག་ཏུ་འཕང་བའི་ཚུལ་གྱིས་བདུད་བཞི་ལས་རྒྱལ་བ་དང༌། ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་སོ་སོར་རྟོག་པ་བཤད་པ་ནི་མདའ་དང་གཞུའི་དབང་ངོ༌། །དེ་ནས་གསེར་གྱི་མིག་ཐུར་གྱིས། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །རབ་རིབ་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་དག་གིས་བསལ། །ཞེས་བྱ་བས་མིག་ཕྱེ་བ་ནི་མིག་དབྱེ་བའི་དབང་ངོ༌། །དེ་ནས་སེང་གེའི་ཁྲི་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ཏུ་བཅུག་ལ། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། བླ་རེ་དང༌། རོལ་མོའི་སྒྲས་རྡོ་རྗེ་སློབ་དཔོན་གྱིས་རྣམ་པར་རྒྱལ་བའི་བུམ་པ་བླངས་ཏེ། ཉེ་བའི་སྒྲུབ་པ་པོ་བཞི་དང༌། དམ་ཚིག་གི་ཕྱག་རྒྱ་བཞི་པོས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པའི་


DTG036_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་དང༌། སྤྱན་ལ་སོགས་པའི་བུམ་པ་བརྒྱད་བླངས་ཏེ། རྒྱལ་བའི་དབང་པོ་ཐུགས་རྡོ་རྗེ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །གཙོ་བོ་དམ་པའི་བཀྲ་ཤིས་གང༌། །ཁྱོད་ལ་དེ་དང་འདྲ་བར་ཤོག །ཅེས་བྱ་བ་ལ་སོགས་པ་དབྱངས་གཅིག་དང༌། དུས་གཅིག་ཏུ་བུམ་པ་དགུའི་ཆུའི་རྒྱུན་སློབ་མའི་སྤྱི་བོར་ཕབ་ཅིང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་པས་དབང་བསྐུར་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་སྦྱིན་པར་བྱའོ། །དེ་ནས་ནམ་མཁའ་ནས་དེ་བཞིན་གཤེགས་པའི་ཚོགས་བཀུག་ཅིང་ཚངས་པའི་སྒོ་ནས་ཞུགས་ཏེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་ཐིག་ལེར་བསྡུ་བར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་མཆོད་པར་བྱ་སྟེ། སྤྱི་བོར་མེ་ཏོག་སྙིང་གར་དྲི། །སྤོས་དང་མར་མེ་མདུན་དུ་སྟེ། །ལྷ་བཤོས་ཀྱང་ནི་མདུན་དུ་སྦྱིན། །སྤོས་དང་དྲིལ་བུས་སད་པར་བྱ། །དེ་ནས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔས་བསྟོད་ལ། མེ་ཏོག་གི་ཕྲེང་བ་སྤྱི་བོར་བཏགས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་རབ་ཏུ་གནས་པར་བྱས་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་བཤད་པར་བྱ་སྟེ། དེ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་མཉམ་པ་ཉིད་ཡེ་ཤེས་རྣམ་པར་དག་པས་གྲུ་བཞི་པའོ། །དྲན་པ་ཉེ་བར་གཞག་པ་ནི་སྒོའོ། །རྟ་བབས་ནི་བསམ་གཏན་ནོ། །རྡོ་རྗེ་ར་བ་ནི་སྔགས་ཀྱི་ཐེག་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའོ། །མེ་ཏོག་འོད་ནི་དེའི་འཕྲོ་བའོ། །ཚོན་ལྔ་ནི་དེ་བཞིན་གཤེགས་པའི་རང་བཞིན་ནོ། །འདོད་ཡོན་ནི་འདོད་པའི་ཡོན་ཏན་ལྔའི་བདག་ཉིད་དོ། །རིན་པོ་ཆེའི་ཕ་གུ་ནི་ཡེ་ཤེས་ལྔའི་བདག་ཉིད་དོ། །དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུ་ནི་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ནོ། །ས་གཞི་ནི་དེ་བཞིན་གཤེགས་པ་བཞིའི་ངོ་བོའོ། །སྣ་ཚོགས་པདྨ་ནི་ཤེས་རབ་ཀྱི་རང་བཞིན་དང༌། ཟླ་བ་དང་ཉི་


DTG036_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གདན་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །རྡོ་རྗེའི་གུར་དང༌། རྡོ་རྗེ་ལ་སོགས་པའི་མཚན་མ་ནི་དེ་བཞིན་གཤེགས་པའི་ངོ་བོའོ། །བ་དན་ནི་གསུང་རབ་ཡན་ལག་དགུའི་རྣམ་པར་དག་པ་དང༌། གཡེར་ཁའི་དྲ་བ་ནི་ཆོས་ཀྱི་སྒྲའི་ངོ་བོའོ། །བཅུ་གཅིག་རྡོ་རྗེ་ནི་ས་བཅུ་གཅིག་གོ །འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། རི་དགས་ནི་གཏི་མུག་གི་རང་བཞིན་ཏེ། གཞིའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ། །ཡེ་ཤེས་ལྔའི་རང་བཞིན་ནི་མི་བསྐྱོད་པ་ལ་སོགས་པ་དང༌། ས་ལ་སོགས་པ་རྣམ་པར་དག་པ་ནི་སྤྱན་ལ་སོགས་པའོ། །ཕྱིའི་ཡུལ་རྣམ་པར་དག་པ་ནི། གཟུགས་རྡོ་རྗེ་མ་ལ་སོགས་པ་དང༌། སྐྱེ་མཆེད་དྲུག་དང༌། རྩ་རྒྱུས་དང་ཚིགས་རྣམ་པར་དག་པ་ནི་བྱང་ཆུབ་སེམས་དཔའ་དང༌། བདུད་བཞི་བཅོམ་པ་ནི་གཤིན་རྗེ་གཤེད་ལ་སོགས་པ་དང༌། རྣམ་པར་ཤེས་པའི་ཚོགས་དྲུག་རྣམ་པར་དག་པ་ནི་མི་གཡོ་བ་ལ་སོགས་པ་སྟེ། ལྷའི་དེ་ཁོ་ན་ཉིད་དེ་ཕྱིར་མི་ལྡོག་པའི་དབང་ངོ༌། །དེ་ནས་བྲིས་སྐུ་དང་མདའ་ལ་སོགས་པ་དང་བྲལ་བའི་ས་ཕྱོགས་གསང་བའི་དབང་ཐོབ་པའི་ཕྱིར་སློབ་མས་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། ཁམས་གསུམ་ལས་ནི་དེས་གྲོལ་བའི། །ནམ་མཁའ་དང་ནི་མཉམ་གྱུར་ཉིད། །འདོད་པ་རྣམས་ཀྱིས་མི་གོས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞིས་གསོལ་བ་བཏབ་པ་གསན་ནས། དམ་ཚིག་གསུམ་ཉན་པའི་དོན་དུ་བླ་མས་བསྟན་པར་བྱ་སྟེ། སྤོང་པ་ལྔ་དང་རིག་པ་ལྔ། །རྡོ་རྗེ་ཞེས་སུ་བཤད་པ་ཡིན། །ཞེས་རྡོ་རྗེའི་དེ་ཁོ་ན་ཉིད་དོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །རང་བཞིན་གྱིས་ནི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་འགྲུབ་པ་ཡིན། །ཞེས་བྱ་བ་ནི་དྲིལ་བུའི་དེ་ཁོ་ན་ཉིད་དོ། །ཕྱག་རྒྱ་དམ་ཚིག་བཤད་པ་སྟེ། །ཡིད་ཀྱི་སྐུ་ནི་བརྟན་ཕྱིར་རོ། །གང་གི་སྐུ་ཀུན་བརྟན་པས་ན། །ཕྱག་རྒྱའི་དེ་ཉིད་མངོན་པར་བརྗོད། །ཅེས་བྱ་བ་ནི་ཕྱག་རྒྱའི་དེ་ཁོ་ན་ཉིད་དོ། །དེ་ནས་སྡོམ་པ་གསུམ་བཤད་པར་བྱ་སྟེ། མ་ར་བི་ཤུ་མུའི་རྫས་ནི་སྦྱང་བ་ལ་སོགས་པའི་རིན་གྱིས་བཟའ་


DTG036_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ་ཞེས་སྒྲོན་མ་མྱང་བའོ། །གོ་ཀུ་ད་ཧ་ན་ནི་ཁ་ན་མ་ཐོ་བ་མེད་པ་བཟའ་བར་བྱ་སྟེ། ལྕགས་ཀྱུ་མྱོང་བའོ། །ཕྱག་རྒྱའི་པདྨ་ལ་ཡང་ཙུམྦ་ན་བྱ་སྟེ། བྷ་ག་ལ་ཙུམྦ་ན་སྨྲ་བར་བྱའོ། །དེ་རྣམས་ཀྱང་སློབ་མས་ཇི་ལྟར་བཀའ་སྩལ་པ། དེ་བཞིན་བགྱིའོ་ཞེས་ཚིག་གསན་ནས་རྡོ་རྗེ་སློབ་དཔོན་གྱིས་སློབ་མས་ཕུལ་བའི་ལོ་བཅུ་གཉིས་པའི་ཕྱག་རྒྱ་རིགས་ལྔས་ཁྱབ་པ། དང་པོ་སྙོམས་པར་འཇུག་པ་བྱ་སྟེ། བདེ་བ་ཆེན་པོའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་ནས་ངག་གི་ལམ་ནས་ཞུགས་ཏེ། རྩ་དབུས་མ་ནས་བྱང་ཆུབ་ཀྱི་སེམས་ཞུ་ཞིང་པདྨའི་དབུས་སུ་སྤྲོས་ལ། ལག་པས་མ་རེག་པ་དུང་ཕོར་གྱིས་བླངས་ཏེ་སློབ་མའི་ཁར་གཞུག་གོ །སློབ་མས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་འདུས་དའི་བློས་ལོངས་སྤྱད་པར་བྱའོ། །དེ་ནས་ལྷག་མའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཆུ་དང་སྦྱར་ཏེ། སློབ་མའི་སྤྱི་བོར་སྦྱིན་པར་བྱའོ། །སློབ་མས་ཀྱང་ཨེ་མའོ་བདེ་བ་ཆེན་པོ་ཞེས་ཚིག་བརྗོད་པར་བྱ་སྟེ། ཇི་སྐད་དུ་ཟླ་གསང་ཐིག་ལེ་ལས་ཀྱང༌། བྱང་ཆུབ་སེམས་ནི་རིན་ཆེན་འབར་སྤྲོས་ནས། །རྒྱལ་བ་མ་ལུས་ཡང་དག་དག་པའི་སྐུ། །དག་པའི་རྡོ་རྗེ་ཡེ་ཤེས་ལས་བྱུང་ཆུ། །རིན་ཆེན་ཆར་གྱིས་སྤྱི་བོར་དབང་བསྐུར་གསོལ། །ཞེས་བྱ་བ་ནི་གསང་བའི་དབང་བསྐུར་གྱི་ཆོ་གའོ། །དེ་ནས་རང་སྤྱོད་པའམ། ཕྱག་རྒྱ་གཞན་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་སྦྱིན་པའི་ཕྱིར་གསོལ་བ་གདབ་པ་བྱེད་དུ་གཞུག་སྟེ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ཁྱོད་ཀྱིས་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་པ་ཡི་བྱ་བ་བསྟན། །སྐུ་ལ་ནད་མིན་མི་གཙང་མིན། །བཀྲེས་དང་སྐོན་པ་ཡོད་པ་ཡིན། །ནམ་མཁའི་འཇའ་ཚོན་དང་མཚུངས་པ།། ཁྱོད་ཀྱི་སྐུ་ནི་བསྟན་པར་མཛད། །ཅེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་པ་གསན་ནས། དམ་ཚིག་དང་སྡོམ་པ་ཉན་དུ་གཞུག་སྟེ། གང་ཞིག་དམ་ཚིག་ལ་སྡང་དང༌། །གང་ཞིག་དམ་ཚིག་ལ་སྨོད་པ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དེ་དག་འབད་དེ་


DTG036_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གསད་པར་བྱ། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །སེར་སྣ་ཅན་རྣམས་བསྐྱབ་པའི་ཕྱིར། །གཞན་གྱི་ནོར་རྣམས་ཕྲོགས་པ་ན། །ཁྱོད་ནི་སྡིག་པས་གོས་པས་གོས་མི་འགྱུར། འདོད་ཆགས་དང་མཚུངས་བདེ་བ་མེད། །དེ་ནི་རྒྱལ་བ་རྣམས་ཕུལ་ན། །སེམས་ཅན་དོན་དུ་གཞན་གྱིས་སྨད། །བརྟན་པས་དངོས་གྲུབ་ཐོབ་པར་འགྱུར། །རྡོ་རྗེའི་ཚིག་གིས་བརྫུན་སྨྲ་བ། དོན་ཡོད་གྲུབ་པའི་ཏིང་འཛིན་གྱིས། །ཚིག་ནི་བདེན་མིན་སྨྲས་པ་ན། །ཁྱོད་ནི་སྡིག་པས་གོས་མི་འགྱུར། །རིན་ཆེན་འབྱུང་ལྡན་མགོན་པོ་ཡི། །ཏིང་ངེ་འཛིན་ལ་ཡིད་ཞུགས་པས། །ཕན་ཕྱིར་རྩུབ་མོ་སྨྲ་བས་ན། །ཁྱོད་ནི་སྡིག་པས་གོས་མི་འགྱུར། །ད་ནི་དམ་ཚིག་ལྔ་བརྗོད་པར་བྱའོ། །དེ་ནས་ཆགས་པས་ཆགས་སྤོང་ཕྱིར། །དཔག་མེད་རྡོ་རྗེ་བསྒོམ་པར་གྱིས། །གཏི་མུག་གཏི་མུག་གིས་འཇོམས་ཕྱིར། །རྣམ་པར་སྣང་མཛད་སྐུ་ལ་བརྟེན། །ཞེ་སྡང་ཞེ་སྡང་གིས་ཞི་ཕྱིར། །མི་བསྐྱོད་ཡོངས་སུ་བསམ་པར་གྱིས། །ང་རྒྱལ་ང་རྒྱལ་གྱིས་འཇོམས་ཕྱིར། །རིན་ཆེན་གཙོ་བོ་བསྒོམ་པར་གྱིས། །ཕྲག་དོག་ཕྲག་དོག་གིས་འཇོམས་ཕྱིར། །རྟ་མཆོག་རྣམ་པར་བསྒོམ་པར་གྱིས། །ཞེས་སྡོམ་པ་ལྔ་སྦྱིན་པར་བྱའོ། །དེས་ཀྱང་བརྗོད་པར་བྱ་སྟེ། ཇི་ལྟར་མགོན་པོས་བཀའ་སྩལ་པ། །དེ་ལྟ་བུ་ནི་བདག་གིས་སྤྱད། །ཅེས་ཐོས་ནས་སྔར་བཤད་པའི་ཕྱག་རྒྱ་དེ་ལ་སྦྱིན་ནོ། །དེ་ནས་ཁྲི་ལ་བཞུགས་པའི་ཕྱག་རྒྱ་ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་ཞིང་སློབ་མ་ལ་འདི་སྐད་བརྗོད་པར་བྱ་སྟེ། བཤང་ཅི་ངག་ནི་བཟའ་བ་སྟེ། །ཁྱོད་ཀྱིས་བུད་མེད་སྤྱོད་ནུས་སམ། །རཀྟ་ཤུ་ཀྲ་ཤ་དང་ནི། །བུད་མེད་རྣམས་ནི་མགུ་བ་དང༌། །བྷ་གའི་པདྨ་ཙུམྦ་ན། །ཅི་བདེ་བས་ནི་སྨྲ་བར་གྱིས། །སློབ་མས་ཀྱང་སྨྲ་བར་བྱ་སྟེ། །ཤུ་ཀྲ་རཀྟ་ལ་སོགས་དང༌། །ལྷ་མོ་བདག་ནི་ཅིས་མི་ནུས། །བཤང་གཅི་ལ་སོགས་བསྟེན་པར་བགྱི། །བུད་མེད་རྣམས་ནི་མགུ་བར་བགྱི། །བྷ་ག་ལ་ཡང་ཙུམྤ་ན། །ཇི་ལྟར་བཀའ་སྩལ་ཇི་ལྟར་བགྱི། །ཞེས་གསན་ནས་ཡིད་མགུ་བར་གྱུར་པའི་ལྷ་མོས་ལག་པ་གཉིས་ཀྱིས་པདྨ་ཁ་ཕྱེ་ལ་སློབ་མ་ལ་བསྟན་པར་བྱའོ།།


DTG036_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མའོ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་གིས་ཆོ་གས་བསྟེན་པ་ན། །བདག་ནི་དེ་ཡི་མདུན་དུ་གནས། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་བ། །བདེ་བ་ཆེན་པོ་རྒྱལ་པོ་འདིར། །དངོས་པོ་ཀུན་གྱིས་ཡང་དག་གནས། །ཞེས་སྨྲས་ཏེ། རྩའི་འཁོར་ལོ་བསྟན་པར་བྱའོ། །འདིར་པདྨའི་དབུས་སུ་རྩ་སུམ་ཅུ་རྩ་གཉིས་གང་ཡིན་པ་དེ་དག་བཅོམ་ལྡན་འདས་མི་བསྐྱོད་པ་དཀྱིལ་འཁོར་བ་ཐམས་ཅད་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་རྣམས་ཀྱི་ནང་ན་རྩ་ལྔ་ནི་གཙོ་བོ་སྟེ། རྩ་དབུས་མ་གང་ཡིན་པ་དེ་ནི་འདོད་པའི་གདུགས་ཆུའི་ཁམས་རྒྱུ་བས་མི་བསྐྱོད་པའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོའོ། །མདུན་དུ་གནས་པའི་རྩ་གང་ཡིན་པ་དེ་ནི། ལྷས་བྱིན་ཞེས་བྱ་བ་བཤད་པ་རྒྱུ་བ་དང༌། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དོ། །གཡས་ཀྱི་རྩ་རུས་སྤལ་མ་གང་ཡིན་པ་དེ་ནི་ཁྲག་རྒྱུ་བ། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོའོ། །རྒྱབ་ཏུ་ནོར་རྒྱལ་མ་གང་ཡིན་པ་དེ་ནི་ཤ་རྒྱུ་བ་དོན་ཡོད་གྲུབ་པའི་རང་བཞིན་བྱ་བ་ནན་ཏན་སྒྲུབ་པའི་བདག་ཉིད་དོ། །དེ་བཞིན་དུ་གཡོན་གྱི་རྩ་ཟླ་བ་མ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་རྒྱུ་བ་འོད་དཔག་ཏུ་མེད་པའི་རང་བཞིན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །རྡོ་རྗེ་བདུད་རྩི་ལས། བྷ་གའི་དབུས་སུ་ནམ་མཁའ་གང་། །ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ། །ལྟེ་བ་གེ་སར་དང་ལྡན་པ། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྐྱན་། །བདུད་རྩི་རྒྱུ་བའི་རྩ་གང་ཡིན། །བྷ་གའི་དབུས་སུ་རབ་ཏུ་གནས། །རྩ་གཞན་སུམ་ཅུ་རྩ་གཉིས་ནི། །དེ་ཡི་དབུས་སུ་གཙོ་བོ་ཡིན། །ཞེས་སྨོས་ཏེ་སློབ་མ་ལས་སུ་རུང་བའི་རྡོ་རྗེའི་རྩེ་མོར་སྙོམས་པར་འཇུག་པས་སྣང་བ་ལ་སོགས་པའི་ཡེ་ཤེས་མཚོན་དུ་གཞུག་གོ །དེ་ནས་པདྨར་སྤྲོས་པའི་བྱང་ཆུབ་ཀྱི་སེམས་སྤྲོ་ཞིང་ལྕེས་མྱང་བར་བྱ་སྟེ་ཤེས་རབ་ཀྱི་དབང་ངོ༌། །དེ་ནས་སློབ་མས་བདེ་བ་ཆེན་པོ་མྱོང་ཞིང༌། མེ་ཏོག་


DTG036_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གང་བའི་ཐལ་མོ་སྦྱར་ཏེ། རྡོ་རྗེ་སློབ་དཔོན་གྱི་སྤྱན་སྔར་ཕྱིན་ནས་ཁྱོད་ཀྱི་སྐུ་དྲིན་གྱིས་བདག་གིས་དེ་ཁོ་ན་ཉིད་ཐོབ་པོ་ཞེས་སྨོས་པ་ལ། སློབ་དཔོན་གྱིས་སྨྲ་བར་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ཞུ་བའི་དུས་སུ་བདེ་བ་གང་ཡིན་པ་དེ་ནི་སྣང་བ་དང༌། བསྙེན་པ་དང༌། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའི་ངོ་བོའོ། །ཡན་ལག་ཐམས་ཅད་དུ་ཕྱིན་པའི་དུས་སུ་སྣང་བ་མཆེད་པ་དང༌། ཉེ་བར་བསྒྲུབ་པ་དང༌། རྣམ་པར་སྨིན་པའི་སྐད་ཅིག་མའི་བདག་ཉིད་དོ། །དེ་ལ་དང་པོ་གསུམ་རྡོ་རྗེའི་དཀྱིལ་དུ་ཕྱིན་པའི་དུས་སུ་སྣང་བ་ཐོབ་པ་དང༌། སྒྲུབ་པ་དང་། རྣམ་པར་འཇོམས་པའི་སྐད་ཅིག་མའི་བདག་ཉིད་དོ། །རྡོ་རྗེ་རྩེ་མོར་གནས་པའི་དུས་སུ་འོད་གསལ་བ་དང༌། སྒྲུབ་པ་ཆེན་པོ་དང༌། མཚན་ཉིད་དང་བྲལ་བའི་སྐད་ཅིག་མའི་བདག་ཉིད་དོ། །དེ་ལ་དང་པོ་གསུམ་ནི་སྤང་བར་བྱ་བ་དང་བཞི་པ་ནི་བླང་བར་བྱ་བའོ་ཞེས་ཐོས་ནས་སློབ་མས་པུས་མོ་གཉིས་ས་ལ་བཙུགས་ཏེ། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཟུང་དང་འཛིན་པ་རྣམས་སྤངས་པ། །ཆོས་ཀུན་བདག་མེད་མཉམ་ཉིད་ཀྱིས། །རང་སེམས་མཐོང་བར་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་ངོ་བོའོ། །ཞེས་བརྗོད་པ། བླ་མ་ལ་མེ་ཏོག་དབུལ་ཞིང་ཡོན་དབུལ་བར་བྱ་སྟེ། གསེར་དང་དངུལ་དང་རིན་པོ་ཆེ། །བ་གླང་རྟ་དང་གླང་པོ་རྣམས། །ཁང་པ་བ་ཞིང་དང་བཞོན་པ་དང༌། །རྣ་ཆ་མགུལ་རྒྱན་གདུ་བུ་དང༌། །དར་དང་ཟ་འོག་ན་བཟའ་དང༌། །ཉལ་ཁྲི་དང་ནི་གདན་རྣམས་དང༌། །བྲན་དང་བྲན་མོ་བཙུན་མོ་དང༌། །ཤིན་ཏུ་ཡིད་འོང་བཙུན་མོ་དང༌། །བདག་ཉིད་ཀྱང་ནི་ཕུལ་བ་ན། །དེ་ལས་ལྷག་མ་གཞན་ཅི་མཆིས། །ཞེས་བྱ་བའོ། །གསང་བ་ཐམས་ཅད་ལས་བདག་ཉིད་བླ་མ་ལ་ཕུལ་ནས། སླར་ཡང་རིན་གྱིས་བསླུ་བར་བྱ། །ཞེས་ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ། དབང་བསྐུར་བའི་ཆོ་གའོ། །དེ་ནས་གཏོར་མ་བྱ་སྟེ། དེའི་རིམ་པ་ནི་མདུན་གྱི་ནམ་མཁའ་ལ་འདབ་མ་སུམ་ཅུ་རྩ་གཉིས་པའི་སྣ་ཚོགས་པདྨ་དམིགས་ཏེ། དེའི་ལྟེ་བ་དང་འདབ་མ་རྣམས་ལ་ཅིག་


DTG036_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཅར་དུ་སྐྱེས་པ། སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་བསམས་ཏེ། རང་གི་ལྷའི་ང་རྒྱལ་གྱིས་སྤོས་དང༌། དྲིལ་བུས་བཀུག་ལ་མདུན་དུ་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་རྩི་ལྔ་སྤྱན་བ་ལ་སོགས་པའི་རིམ་གྱིས་བསྒྲུབས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲི་ཎ་ཡ་མེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དང༌། སྙོམས་པར་འཇུག་པའི་ཕྱག་རྒྱས་ཕུལ་ལ་ཤིང་དྲུང་གི་རྩ་བར་གཏང་ངོ༌། །ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པས་གཤེགས་སུ་གསོལ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་གཏོར་མའི་ཆོ་གའོ། །དེ་ནས་དེ་བཞིན་དུ་མདུན་གྱི་ནམ་མཁའ་ལ་རྩིབས་བཅུ་པའི་འཁོར་ལོ་སེར་པོ་དམིགས་ལ། དེའི་དབུས་སུ་བཅོམ་ལྡན་འདས་མི་བསྐྱོད་པ་དམིགས་ལ། དེའི་ཐུགས་ཀའི་འོད་ཟེར་གྱིས་ཁྲོ་བོ་བཅུ་སྤྲོས་ལ། རང་རང་གི་རྩིབས་སུ་དགོད་ཅིང་སེམས་དཔའ་གསུམ་གྱི་བདག་ཉིད་དུ་བྱས་ལ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་སྟེ། སྤོས་དང༌། དྲིལ་བུའི་སྒྲ་དང༌། ཡི་གེ་བརྒྱ་པ་བརྗོད་པས་དགུག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཕྱོགས་དང་མཚམས་བཅུ་ལ་ཆུའི་མཎྜལ་བཅུ་བྱས་ཏེ། དེའི་སྟེང་དུ་སྣོད་བཅུ་བཟའ་བ་ལ་སོགས་པ་དང༌། བཅས་པ་བཞག་ཅིང་བདུད་རྩིར་བྱས་ཏེ། རང་རང་གི་སྔགས་ཀྱིས་དབུལ་ལོ། །དེའི་སྔགས་ནི། ན་མཿ་ས་མནྟ་བྷུདྡྷེ་བྷྱོ་ན་མོ་བཛྲ་མུད་ག་ར་ཧ་སྭཱ་ཡ་ཏ་ཟནད་མཎྜལ་ཨོཾ་ཀྵེ་པ་ཀ་རཱ་ཡ་ཧཱུཾ་ཕཊ། གཤིན་རྗེ་གཤེད་ཀྱིའོ། །ནམཿ་ས་མནྟ་བུདྡྷེ་བྷྱོ་མ་ཧཱ་དཎྜ་དྷ་ར་བི་དྷ་སུ་རཱ་སུ་ར་མརྡྷ་ན་བྷུ་ཏྲ་ཏཱཾ་ནི་རྨ་ཐཱ་ཧཱུཾ་ཕཊ། ཤེས་རབ་མཐར་བྱེད་ཀྱིའོ། །ན་མཿ་ས་མནྟ་བུདྡྷེ་བྷོ། ཧུ་ལུ་ཧུ་ལུ་མ་ཧཱ་པདྨ་ཨ་མྲྀ་ཏེ་ཀུ་རུ་མ་ཧཱ་བ་ཥ་ཎཱ་ཨཿ། པདྨ་མཐར་བྱེད་ཀྱིའོ། །ན་མཿ་ས་མནྟ་བུདྡྷེ་བྷྱོ། ན་མོ་བཛྲ་ཀྲོ་དྷཱ་ཡ་མ་ཧཱ་དཾ་ཥྚྭོ་ཏ་ཀ་ཊ་ཕཻ་ར་བཱ་ཡ་བཛྲ་སནྡོ་ཧཾ་དརྤཱ་ཡ་ཡ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། བགེགས་མཐར་བྱེད་ཀྱིའོ། །ན་མཿ་ས་མནྟ་བུདྡྷེ་བྷོ་ཡ་མ་དཎྜཱ་ཡ་ནཱི་ལ་དཎྜཱ་ཡ་ཏུ་རུ་ཏུ་རུ། མུ་རུ་མུ་རུ། སརྦ་དུཥྚཱཾ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། དབྱིག་སྔོན་གྱིའོ། །ན་མཿ་ས་མཎྚ་བུདྡྷེ་བྷྱོ། ན་མོ་མ་ཧཱ་བ་ལཱ་ཡ་ཨུ་ཙྵྨ་ཀྲོ་དྷ་རཱ་ཛཱ་ཡ་སརྦ་ནཱ་ག་ནཾ། ཧྲྀ་ད་ཡཾ་ཏཱ་ཌཱ་ཡ་ཧཱུཾ་ཕཊ།


DTG036_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་པོ་ཆེའོ། །ན་མཿ་ས་མནྟ་བུདྡྷེ་བྷྱོ། །ན་མོ་ཨ་ཙ་ལ་ཀཱ་ན་ཙེཏྟ་ཙིཏྟ། མོཏྟ་མོཏྟ། ཏུཏྟ་ཏུཏྟ། གྷ་གྷ། གྷཱ་ཊ་ཡ་གྷཱ་ཊ་ཡ་ཧཱུཾ་ཕཊ། མི་གཡོ་བའི་འོ། །ན་མཿ་ས་མནྟ་བུདྡྷེ་བྷོ། །ཊྐྐི་ཧཱུཾ་ཛཿ་འདོང་བའི་རྒྱལ་པོའིའོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཧཱུཾ་ཕཊ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱ་ན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། གནོད་མཛེས་ཀྱིའོ། །ན་མཿ་ས་མ་ནྟ་བུདྡྷཱ་ནཱཾ། ན་མཿ་ས་མནྟ་དྷ་རྨཱ་ནཱཾ། ན་མཿ་ས་མནྟ་སཾ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ། ཨོཾ་བི་མ་ལ། ཨོཾ་ཤཾ་ཀ་ར། ཨོཾ་པྲ་ཏྱཾ་གི་ར་བཛྲ་ཨུཥྞཱི་ཥ་ཙཀྲ་བརྟི་སརྦ་ཡ་ནྲྲ་མནྟྲ་མཱུ་ལ་ཀརྨ་བནྡྷ་ནཾ། ཏཱ་ཌཱ་ནཱཾ། ཀི་ལཱ་ནཱཾ་བཱ་མ་མ་ཀྲྀ་ཏམ་ཏ་ད་སརྦཱ་ནྡུ། ཙྪིནྡྷ་ཙྪིནྡྷ། བྷིནྡ་བྷི་ནྡ། ཙི་རི་ཙི་རི། གི་རི་གི་རི་མ་ར་མ་ར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། གཙུག་ཏོར་འཁོར་ལོས་སྒྱུར་བའོ། །དེ་དག་བརྗོད་ཅིང་རང་རང་གི་གནས་སུ་གཏོར་མ་གཏང་ངོ༌། །གཏོར་མ་གཏང་བ་ནི་ཁྲོ་བོའི་རྒྱལ་པོའི་གཏོར་མའི་ཆོ་གའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིའི་གཏོར་མའི་རིམ་པ་ནི་འདི་ཡིན་ཏེ། རེ་ཞིག་དང་པོའི་དཀྱིལ་འཁོར་གྱི་ཕྱོགས་བཞིར་བཟའ་བ་ལ་སོགས་པས་གང་བའི་སྣོད་བཞི་བཞག་ལ། མདུན་དུ་དང་པོ་རང་གི་མིང་གི་ཡི་གེ་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་བཞི་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ནག་པོ་རྣམས་ཁྲོ་བ་དང༌། རྨོག་དང་བཅས་པ། དུང་དང་རལ་གྲི་འཆང་བ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའ་དགུག་ཅིང་བཞུགས་པར་བསམས་ལ། སྔ་མ་བཞིན་དུ་མངོན་དུ་བྱས་ལ་རང་རང་གི་སྔགས་ཀྱིས་གཏོར་མ་སྦྱིན་པར་བྱ་སྟེ། ཨོཾ་དྷྲྀ་ཊ་རཥྛ་ཡ་གནྡྷ་རྦྷ་སེ་ན་དེ་བ་ཏ་ཡེ་མཾ་བ་ལིམ་པྲ་ཏཱི་ཙྪ་མ་ཡ། མནུ་སྨ་ར་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཡུལ་འཁོར་སྐྱོང་གིའོ། །ཨོཾ་བི་རཱུ་བྷ་ཀཱ་ཡ་མ་ཧཱ་ཀུཾ་བྷ་ཎྡ་དེ་བ་ཏ་ཡེ་མཾ་བ་ལིཾ་པྲ་ཏཱི་ཙྪ་ས་མ་ཡེ་མ་ནུ་སྨ་ར་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། འཕགས་སྐྱེས་པོའིའོ། །ཨོཾ་བི་རཱུ་པཱཀྵཱ་ཡ་མ་ཧཱ་ནཱ་ག་དེ་བ་ཏེ་ཡེ་མ་བ་ལིཾ་པྲ་ཏཱི་ཙྪ་ས་མ་ཡ་མ་ནུ་སྨ་ར་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། མིག་མི་བཟང་གིའོ། །ཨོམ་བཻ་ཤྲ་བ་ཎཱ་ཡ་མ་ཧཱ་ཡཀྵ་


DTG036_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བ་ཏ་ཡེ་མཾ་བ་ལིཾ་པཱ་ཏཱི་ཙྪ་ས་མ་ཡ་མ་ནུ་སྨ་ར་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། རྣམ་ཐོས་སྲས་ཀྱིའོ། །སྔགས་དེ་རྣམས་ཀྱིས་བྱིན་གྱིས་བརླབས་ལ། རང་རང་གི་ཕྱོགས་སུ་གཏོར་མ་གཏང་བ་ནི་རྒྱལ་པོ་ཆེན་པོ་བཞིའི་གཏོར་མའི་གཏོར་མའི་ཆོ་གའོ། །དེ་ནས་འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་ནི་དང་པོ་ནམ་མཁའ་ལ་པཾ་ལས་པདྨ་ཆེན་པོ་འདབ་མ་བརྒྱད་པ་དམར་པོ་བསྒོམས་ལ། དེའི་ལྟེ་བར་ཆོས་འབྱུང་གི་ནང་དུ་གནས་པའི་རྡོ་རྗེ་འཆང་ཆེན་པོ་བསམས་ལ་གྲྭ་གསུམ་ལ་ཁམས་གསུམ་དང༌། འདབ་མ་བརྒྱད་ལ་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བ་བརྒྱད་དང༌། འདབ་མའི་འོག་ཏུ་ཀླུའི་རྒྱལ་པོ་བརྒྱད་དང༌། སྡོང་བུ་ལ་རི་པ་ཇི་ལྟ་བ་བཞིན་དུ་ལྷ་མ་ཡིན་དང༌། ཡི་དགས་དང༌། དུད་འགྲོ་དང༌། དམྱལ་བ་པ་རྣམས་བསམས་ལ། དེ་རྣམས་ཀྱི་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ཏེ་རིན་ཆེན་སྣོད་དམ་བུམ་པ་བཟའ་བ་ལ་སོགས་པས་གང་བར་བྱས་ཏེ། བདུད་རྩིར་བྱས་ནས། སྤོས་གཏུལ་བ་དང༌། དྲིལ་བུའི་སྒྲས་ཏེ་རྣམས་མངོན་དུ་བྱས་ཏེ། མཆོད་ཡོན་དང༌། ཞབས་བསིལ་སྦྱིན་པ་སྔོན་དུ་འགྲོ་བར། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་སྙོམས་པར་འཇུག་པའི་ཕྱག་རྒྱ་འམ། ཨུཏྤལའི་ཕྱག་རྒྱས་གཏོག་ཅིག་ལ་སོགས་པས་གཏོར་མ་གཏང་བ་ནི་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་སྟེ་ཡན་ལག་བཅུ་པའོ། །དེ་ནས་ཞག་བདུན་པ་ལ་དཀྱིལ་འཁོར་པ་རྣམས་གཤེགས་སུ་གསོལ་ཏེ། ནང་པར་ལངས་ནས་མཆོད་པ་རྣམ་པ་ལྔས་དཀྱིལ་འཁོར་པ་རྣམས་མཆོད་ལ་ཐལ་མོ་སྦྱར་ཞིང༌། །ཁྱོད་ཀྱིས་སེམས་ཅན་ཀུན་དོན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་གཤེགས་པར་མཛད་དུ་གསོལ། །བསྐལ་བ་འམ་བསྐལ་བ་བརྒྱ་ཡི་བར། །གང་གིས་གཟུགས་སྐུ་གནས་གྱུར་པ། །ས་དང་ཆུ་དང་མེ་དང་རླུང༌། །ལྷ་རྣམས་ཐམས་ཅད་སྲུང་བར་མཛོད། །ཐུགས་ནི་ཤིན་ཏུ་དགྱེས་གྱུར་ནས། །རང་གི་གནས་སུ་


DTG036_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པར་མཛོད། །བུ་དང་ཚ་བོ་སློབ་མར་བཅས། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སློབ་དཔོན་སྲུང་བར་མཛད་དུ་གསོལ། །ཤེས་རབ་ཡེ་ཤེས་དྲི་མ་མེད། །དཔེ་མེད་བསམ་མི་ཁྱབ་ལ་ལ་འདུད། །ཅེས་བརྗོད་པས་ཡི་གེ་མུཿ་འི་མཐའ་ཅན་གྱི་ཡི་གེ་བརྒྱ་པས་གཤེགས་སུ་གསོལ་བར་བྱའོ། །དཀྱིལ་འཁོར་གྱི་ཕུར་བུ་དང་མངའ་རྣམས་ཕྱུང་ལ་འོ་མས་བཀྲུས་ཏེ། རྡུལ་ཚོན་ཆུ་བོ་ལ་བསྐྱལ་ཞིང༌། བའི་ལྕི་བ་དང་ཆུས་དཀྱིལ་འཁོར་གྱིས་གཞི་བྱུགས་ལ་མེ་ཏོག་བཀྲམ་ནས་ཕྱག་འཚལ་ཞིང་སྨོན་ལམ་བཏབ་ནས་ལངས་ཏེ། ཇི་ལྟར་བདེ་བས་གནས་པར་བྱ་བ་ནི་གཤེགས་སུ་གསོལ་བའི་ཆོ་ག་སྟེ་ཡན་ལག་བཅུ་གཅིག་པའོ། །དེ་ནས་ཉི་མ་ནུབ་པར་གྱུར་ན་དཔེན་པའི་ཕྱོགས་སུ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བས་སེམས་ལྷག་པར་མོས་ཏེ། རང་གི་སྙིང་གར་ཁཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ཆང་གཟུངས་ལ་ཡི་གེ་ཧཾ་བཀོད་ཅིང༌། དེ་ལ་སེམས་གཏད་ནས་མིག་ཡོར་ལྟ་བུར་དམིགས་ནས་ཉལ་བར་བྱའོ། །དེའི་སྔོན་དུ་མཐེ་བོ་དང་གུང་མོས་སེ་གོལ་བཅུ་དང་གནོད་མཛེས་ཀྱི་རྒྱལ་བོས་ཕྱོགས་བཅིང་བ་བྱས་ན་རྨི་ལམ་བཟང་པོ་མཐོང་བར་འགྱུར་རོ། །གལ་ཏེ་རྨི་ལམ་ངན་པ་མཐོང་ན་དེའི་ཚེ་ཁྲོ་བོའི་གཏོར་མ་གཏང་ན་རྨི་ལམ་བཟང་པོ་མཐོང་བར་འགྱུར་རོ། །རྨི་ལམ་བཟང་པོ་ཡང་བླ་མ་ལ་སྨྲ་བར་བྱ་སྟེ། དེ་མི་བཞུགས་ན་བྲིས་སྐུ་དང་གཟུགས་སྐུའི་སྤྱན་སྔར་སྨྲའི། གཞན་སུ་ལ་ཡང་སྨྲ་བར་མི་བྱའོ་ཞེས་བྱ་བ་སྟེ་ཡན་ལག་བཅུ་གཉིས་པའོ། །བསོད་ནམས་ཡོངས་སུ་བསྔོ་བ་བཤད་པར་བྱ་སྟེ། དཔལ་རྡོར་ཕྲེང་བ་མཆོག་གི་སྲུབ་ཤིང་གིས། །ཟབ་མོ་འདུས་པའི་རྒྱ་མཚོ་བསྲུབས་བྱས་ནས། །སྒྲུབ་ཐབས་བདུད་རྩི་རྙད་པ་གང་ཡིན་པ། །འཇིག་རྟེན་ཀུན་དེས་འཆི་ལས་འདས་པར་ཤོག །ཅེས་སྨོས་ཏེ། དཔལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་ནི་བཤད་པའི་རྒྱུད་དེ་སྟོང་ཕྲག་བཅུ་གཉིས་པའོ། །དེ་ཉིད་མཆོག་གི་སྲུབ་ཤིང་སྟེ། །སྲུབ་པར་བྱེད་པའི་ཤིང་དམ་པ་དེས་སོ། །ཟབ་མོ་ནི་ཟབ་པ་སྟེ་མཐའ་དྲུག་ལ་སོགས་པའི་དོན་གཙོ་བོར་གྱུར་


DTG036_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འདུས་པའི་རྒྱ་མཚོ་ནི་གསང་བ་འདུས་པའི་རྒྱ་མཚོའོ། །བསྲུབས་བྱས་ནས་ནི་རབ་ཏུ་བསྐྱོད་པ་སྟ། རྣམ་པར་སྦྱངས་ནས་བདག་གི་སྒྲུབ་ཐབས་ནི་མཁོར་བསྡུས་པ་ཞེས་བྱ་བ་སྒྲུབ་པའི་ཐབས་ཡན་ལག་གསུམ་ཅུ་རྩ་བརྒྱད་པ། བདུད་རྩི་དང་འདྲ་བ་རྙེད་པ་གང་ཡིན་པ་དེས་ནི་འཇིག་རྟེན་ཀུན་ཏེ། མ་ལུས་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་འཆི་བ་ལས་འདས་པར་ཤོག་ཅེས་བྱ་བ་སྐྱེ་བ་དང༌། རྒ་བ་དན།འཆི་བ་ལས་འདས་པའི་རྡོ་རྗེ་འཆང་ཉིད་ཐོབ་པར་ཤོག་ཅེས་བསྔོ་བ་ཡིན་ནོ། །ས་ནི་དང་པོ་ཐོབ་པ་ཡི། །དཔལ་ལྡན་ཀླུ་སྒྲུབ་ཉི་མ་ཡིས། །འདུས་པའི་མཚོ་སྐྱེས་རྒྱས་པའི་ཕྱིར། །སྒྲུབ་ཐབས་འོད་ཟེར་སྤྲོས་པར་མཛད། །འགྲོ་བ་ལ་ནི་སྣང་མཛད་པ། །མདོར་བསྡུས་པ་ཞེས་བྱ་བ་འདི། །ཡང་དག་མན་ངག་ལ་བརྟེན་ཏེ། །དེ་ནི་བདག་གིས་གསལ་བར་བྱས། །རྟོགས་མེད་དབུལ་པོའི་སྡུག་བསྔལ་འཇོམས་བྱེད་པ། །འདུས་པའི་རྒྱུད་ཀྱི་རྒྱ་མཚོའི་ནང་ནས་བྱུང༌། །བློ་བཟངས་ནོར་བུ་མཁན་གྱིས་ལེགས་བྱས་པ། །སྐྱེ་བོ་རྣམས་ཀྱི་མགུལ་པར་རྒྱན་དུ་འགྱུར། །རིན་ཆེན་ཕྲེང་བ་ཞེས་བྱ་བ། །སྐྱེ་བོ་དམ་པའི་སྙིང་འཕྲོག་ཅིང༌། །རྣལ་འབྱོར་ཚུལ་རྒྱན་གྱིས་བརྒྱུས་པ། །མདོར་བསྡུས་པ་ཡི་སྒྲུབ་ཐབས་འགྲེལ། །གངས་དང་ཀུནད་ཟླ་བ་ལྟར་དཀར་བའི། །དགེ་བ་ཆེན་པོ་བདག་གིས་གང་རྙེད་པ། །འཁོར་བ་མ་རུངས་བཙོན་ར་རྣམས་སྤངས་ནས། །དེས་ནི་འགྲོ་བས་རྡོ་རྗེ་འཆང་ཐོབ་ཤོག །མདོར་བསྡུས་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀརྨ་བཛྲ་ཉིད་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པའོ།།


no previousམདོར་བསྡུས་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ། རིན་ཆེན་འབྱུང་གནས་ཞི་བ།next