Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་དྲུག་པ།


   
  expand section
   
  expand section
  collapse section
   
  expand section
  expand section
   
  expand section
  expand section
   
   
   


 
previousལེའུ་གཉིས་པ། འཆི་བདག་གཞོམ་པ་བསྟན་པ།next

ལེའུ་གཉིས་པ། འཆི་བདག་གཞོམ་པ་བསྟན་པ།


DTG036_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མས་གསོལ་པ། བླ་མ་བསྙེན་བཀུར་བྱ་བའི་ཚུལ་ནི་ཁོང་དུ་ཆུད་ལགས་ན། །དགོས་པ་གང་གི་དོན་དུ་བགྱི་བ་བདག་ལ་བསྟན་དུ་གསོལ། །སློབ་དཔོན་སྟོན་པས་བཀའ་སྩལ་པ། འཁོར་བ་ཐོག་མ་མེད་པ་ནས། །མི་མཐུན་མཐུན་བྱས་གནོད་བྱེད་པའི། །བདུད་བཞི་ལས་ནི་རྒྱལ་བྱའི་ཕྱིར། །འདྲི་བ་རྒྱས་པར་བཤད་པར་བྱ། །གང་གིས་འཆི་མེད་ལུས་མཆོག་ནི། །ཐོབ་པ་ཡོན་ཏན་རྣམས་ཀྱི་རྟེན། །གང་ཕྱིར་སེམས་ཅན་ཚེ་ཐུང་བ། །འཆི་མེད་གོ་འཕང་སྒྲུབ་མི་ནུས། །དེ་བས་འབད་པ་ཐམས་ཅད་ཀྱིས། །འཆི་བ་མེད་པ་བསྒྲུབ་པར་བྱ། །འཆི་བདག་ལས་རྒྱལ་འཆི་བ་མེད་པ་དེ། །གཏན་དུ་ཐོབ་ཕྱིར་འགྲོ་བ་ཚེ་རིང་བས། །དམ་ཆོས་བསྒྲུབ་ཕྱིར་འབྲས་བུ་དཔག་མེད་ལ། །འཆི་བ་འཇོམས་ཞེས་རྒྱལ་བས་རབ་ཏུ་གསུངས། །ཕྱི་དང་ནང་གི་འཆི་བའི་རྟགས་གསུངས་པའི། །མཚན་ཉིད་ལ་མཁས་འཆི་བདག་སླུ་བ་ཡི། །ཐབས་སུ་གྱུར་པ་འབད་པ་ཆེར་བྱས་ཏེ། །འབད་པའི་བློ་ལ་འབྲས་བུ་ལག་ན་གནས། །མ་རིག་པ་ནས་རྒ་ཤིའི་མཐར་ཐུག་པར། །སྐྱེ་དང་འཆི་བའི་དུས་ནི་ངེས་པ་མེད། །འཁོར་ལོ་བསྐོར་བ་ལྟ་བུར་རབ་ཏུ་གནས། །དེ་ཡི་བར་ཆད་ཞི་བ་འཆི་བདག་བསླུ། །དབང་པོ་ལྔ་ལ་ཕྱི་ཡི་རྟགས་འབྱུང་སྟེ། །དྲུག་པ་ལ་ནི་ནང་དུ་ཤེས་པར་བྱ། །འཆི་བདག་ནང་གི་ལས་ནི་གོ་རིམས་བཞིན། །ཐབས་མཁས་ལྡན་


DTG036_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཆི་བ་འཇོམས་པར་འགྱུར། །དེ་དག་རྣལ་འབྱོར་གཙུག་ལག་གདན་བཞི་དང༌། །བདེ་མཆོག་མཁའ་འགྲོ་དུས་ཀྱི་འཁོར་ལོ་ལས། །གསུངས་པ་མདོར་བསྡུས་བདག་གིས་ཁྱོད་ལ་བཤད། །གཞན་དུ་མ་ཡེངས་ཡིད་ཀྱིས་མཉན་པར་གྱིས། །མིག་ནི་ཟླུམ་ཞིང་གཟུགས་མཐོང་འཁྲུལ་པ་མེད། །གྱེན་དུ་ལྟ་དང་ས་དང་ནམ་མཁའ་ཡི། །བུ་ག་ཆོད་དང་མེད་པར་སྣང་བ་ནི། །འཆི་བདག་འོང་བ་མཁས་པས་ཤེས་པར་བྱ། །ཤིང་དང་རི་དང་རང་གི་སྤྱི་བོར་མེ། །འབར་དང་ར་མན་ཡི་གྲོང་མཐོང་དང༌། །དབྱུག་པ་གདེངས་པ་ནག་པོ་འབར་བར་མཐོང༌། །ཆུ་ལ་དབང་པོའི་གཞུ་ནི་མཐོང་དང༌། །གྲིབ་མ་མགོ་མེད་རང་གི་ལྕེ་རྩེར་མིན། །ཐ་མལ་མིག་ལ་རིན་ཆེན་འཁོར་ལོ་མཐོང༌། །ཟླ་བར་རི་མོ་མེད་དང་ཉི་མ་བཟློབ། །ཁྱི་ཁྭ་བྱ་རོག་གཏོར་མ་ཟ་མི་བྱེད། །བཀབ་པའི་རྣ་བར་རྔ་ཡི་སྒྲ་མེད་དང༌། །སྒྲ་མི་ཐོས་དང་གནོད་སྦྱིན་སྒྲ་གྲགས་ཐོས། །ནག་པོའི་གཟུགས་ཀྱིས་ལྷོ་ཕྱོགས་འདོང་ཞེས་དང༌། །དྲི་མི་ཞིམ་དང་དྲི་ལྡན་སྣ་རྩེ་སྟོད། །གློ་བུར་སྣ་ནི་ཡོ་དང་ཞོམ་པ་དང༌། །རོ་མི་ཚོར་དང་རོ་ནི་མེད་པ་ཚོར། །རྩ་བར་ནུབ་དང་རྩ་བ་ནག་པོར་འགྱུར། །རྒྱུ་མེད་ལྡིབ་པའི་ཚིག་འཁྲུལ་འཆི་བའི་རྟགས། །ཧ་ཕུ་གྲང་དང་དྲོ་བའི་རེག་བྱ་དང༌། །གཞོགས་ཕྱེད་སྐམས་དང་ཕྱེད་གྲང་ཕྱེད་ནི་དྲོ། །འཇམ་རྩུབ་ལྕི་ཡང་བཟློག་པའི་ལུས་འཛིན་དང༌། །བཤང་གཅི་གསེར་དང་དངུལ་གྱི་ཁ་དོག་དང༌། །སྦྲིང་དང་དུས་གཅིག་འབྱུང་དང་སྔོམ་པར་བྱེད།། ཆུ་དང་ས་བོན་འདྲེས་པར་འབྱུང་བ་དང༌། །འཁྲིག་པ་སྤྱོད་ཚེ་དྲིལ་བུའི་སྒྲ་ཐོས་དང༌། །ཉིན་དང་མཚན་མོའི་གཟུགས་ནི་བཟློག་མཐོང་ཞིང༌། །ཕྱོགས་ཀྱང་དེ་བཞིན་བཟློག་པ་ཉིད་དུ་མཐོང༌། །ཐོས་པ་ལ་སོགས་དེ་བཞིན་སྣང་གྱུར་ན། །དེ་ནི་འཆི་བདག་དབང་དུ་སོང་ཞེས་བྱ། །བཤང་གཅི་མེད་དང་མང་གྱུར་འཆི་བའི་རྟགས། །གློ་བུར་ཞ་དང་སྦེག་དང་རྒྱུ་མེད་ཚོ། །སྟོབས་མེད་ཧ་ཅང་སྟོབས་དང་ལྡན་པ་དང༌། །དྲི་ཞིམ་དྲི་མི་ཞིམ་པས་ལུས་ལ་ནི། །སྲོག་ཆགས་འདུ་དང་འབྲོས་པ་འཆི་བའི་རྟགས། །གཉེན་གྱིས་འདོར་དང་དགྲ་ནི་བྱམས་


DTG036_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །དུད་མོ་སྐྲ་འབལ་བསམ་གཏན་ཁད་པ་འདོར། །གྲིབ་གནོན་ལུས་ལ་ཡང་ཡང་འཇུག་པ་དང༌། །ལག་མཐིལ་རྐང་པ་དེ་བཞིན་ཚ་དང་འབིགས། །ཆུ་སྦུགས་ལྕགས་བསྲེགས་བཞིན་དུ་མྱུར་དུ་སྐམ། །ལྐོག་མར་འབྲུམ་པ་དམར་པོ་འབྱུང་བ་དང༌། །གློ་བུར་མཚན་མ་ནུབ་པར་གྱུར་དང་འཕྱངས། །དེ་ལ་སོགས་པ་ལུས་ཀྱི་རྟགས་ཤེས་བྱ། །ཐམས་ཅད་སེམས་ཀྱི་དབང་དུ་བྱེད་པ་སྟེ། །སེམས་ལས་མ་གཏོགས་དོན་གཞན་མེད་པར་གསུངས། །དེ་ཕྱིར་རང་སེམས་བརྟག་པ་མ་གཏོགས་པའི། །ཕྱི་རོལ་དོན་ནི་ཐམས་ཅད་འཁྲུལ་ཀྱང་སྣང༌། །རྣལ་འབྱོར་པ་ནི་ཤིན་ཏུ་ཁྲོ་བར་འདོད། །ལྷག་པར་ཆགས་དང་ལྷག་པར་གཉིད་ཆེ་དང༌། །རབ་ཏུ་མི་དགའ་ཀྱི་ཧུད་སྨྲེ་སྔགས་འདོན། །ཧ་ཅང་དགའ་དང་མངོན་ཤེས་ཐོབ་སྙམ་དང༌། །མཁའ་ལ་འཕུར་སྙམ་ཏིང་འཛིན་ཐོབ་སྙམ་དང༌། །དམིགས་པ་བརྗེད་དང་དེ་ལ་ཡིད་མི་འགྲོ། །ནང་གི་ཉི་ཟླའི་རླུང་ནི་ལོག་པ་དང༌། །ལྷག་དང་ཆད་དང་ཧ་ཅང་འཕེལ་དང་འགྲིབ། །དུས་སུ་མིན་དང་ཧ་ཅང་ཐག་རིང་དྲན། །ཕུག་དང་མུན་པ་བུག་པ་ལ་སོགས་སེམས། །འཇིག་རྟེན་པ་ནི་བརྒྱ་དང་དྲུག་ཅུར་དྲན། །འཇིག་རྟེན་འདས་ལས་སེམས་ནི་ལོག་པ་དང༌། །རྙེད་དང་ཉོ་ཚོང་གཉེན་གྱི་བྱ་བ་དང༌། །ལུས་དང་ཟས་ཀྱི་ཆ་སྒེག་འདུན་པ་དང༌། །འཁོར་དང་བསོད་སྙོམས་སྟེར་ལ་མངོན་པར་དགའ། །གྲགས་པའི་གཏམ་དང་རབ་བྱུང་ཁྱིམ་པ་དང༌། །མང་པོར་འདྲེ་དང་བདག་གི་བདེ་བ་འདོད། །འཁོར་འདོད་འཁོར་ལ་ཧ་ཅང་མི་དགའ་དང༌། །བསྒོམ་དང་བཟླས་དང་སྦྱིན་སྲེག་ཚོགས་འཁོར་རོ། །སྔོན་དུ་བྱེད་པ་ལས་ནི་ཉམས་པ་དང༌། །མ་བྱིན་པ་དང་ཡུལ་པའི་གཏམ་ལ་དགའ། །གཉེན་དང་འབྲུག་དང་རྒྱལ་པོའི་འཐབ་མོ་དང༌། །དུག་དང་བྱང་སྟེམས་མ་མོའི་སྦོད་གཏོང་དང༌། །གཞོན་ནུའི་སྦྱོར་དང་བསད་དང་བསད་དབང་མེད། །ས་བདག་དང་ནི་མི་ཡི་བདག་པོ་དང༌། །གདོན་དང་འདྲེ་ཅན་གནས་ལ་ཆགས་པ་དང༌། །སྲོག་ཆགས་གདུག་དང་གཡང་སའི་ལམ་གནས་པའི། །རྣལ་འབྱོར་པ་ནི་འཆི་བ་མྱུར་དུ་འཐོབ། །རང་གི་སེམས་ནི་ཡོངས་སུ་གྱུར་པའི་ཕྱིར།


DTG036_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་ཀྱང་རྨི་ལམ་ཁྱད་དུ་གསད་མི་བྱ། །ཐབ་པའི་དབང་པོས་ཆོས་ཀུན་རྨི་འདྲར་གསུངས། །དེ་ཕྱིར་རླུང་སོགས་མ་ཡིན་རྟགས་ཀྱིས་ཀྱང༌། །རྨི་ལམ་ན་ནི་དུས་མཚན་ནག་མོ་མཐོང༌། །དེ་ལ་ཆགས་སྤྱོད་དེ་ཡི་དབང་གྱུར་དང༌། །ཤིང་ལ་འཛེགས་དང་ཤིང་དང་རི་ལས་ལྷུང༌།། བོང་བུ་རྔ་མོས་ལྷོ་དང་ཤར་ཕྱོགས་དང༌། །སྤྲེའུ་ཞོན་པས་ཤར་དུ་འགྲོ་བ་དང༌། །ཤིང་རིང་ཐལ་ཕུང་གྲོག་མཁར་སྲོག་ཤིང་འཛེག །ཀ་ར་བཱི་རའི་ཕྲེང་ཐོགས་དྲི་ཚོགས་བྱུགས། །ཐོག་དང་སེར་བ་རྡོ་བའི་ཆར་པས་ནོན། །སྔར་ཤིའི་མི་དང་འགྲོགས་དང་ལམ་དུ་ཞུགས། །ཡན་ལག་ལྕགས་སྒྲོག་ལྡན་དང་གཟེབ་ཏུ་བཅུག །གོས་མེད་གོས་དང་རྒྱན་ཕྲེང་དམར་པོ་ཐོགས། །དེ་ལ་སོགས་པ་འཆི་ལྟས་རྣམ་པར་འགྱུར། །ཐ་མལ་རྟགས་སུ་དེ་ལྟར་བཤད་པ་སྟེ། །འབྱུང་བ་རླུང་སོགས་ནང་ནི་རྣམ་གཉིས་གཞན། །འཆི་བདག་སྡེ་རྣམས་གཞོམ་ཕྱིར་སྔགས་དང་ནི། །སྨན་དང་བསམ་གཏན་རིན་ཆེན་རྣམས་ཀྱིས་སོ། །འབྱུང་པོའི་གདོན་ལ་སྔགས་ཀྱིས་བསྲུང་བ་སྟེ། །འབྱུང་བ་འཁྲུག་པ་ལ་ནི་སྨན་གྱིས་གསོ། །ནང་གི་རླུང་ལ་ཏིང་འཛིན་སྟོབས་ཀྱིས་ཏེ། །གདུག་པ་རྣམས་ལ་ཚེ་ཡི་ནོར་བུས་སོ། །གནོད་འཇོམས་སྨན་ནི་གང་དང་གང་བཤད་པ། །གང་དུ་གཅིག་གིས་ཐམས་ཅད་འགྲུབ་པར་བཤད། །དེ་དག་བསྡུས་པའི་སྟོབས་ལས་བྱུང་ཤེས་ནས། །མཁས་པ་རྣམས་ཀྱིས་རབ་ཏུ་བརྟག་པར་བྱ། །འཆི་བདག་གཞོམ་པའི་ལེའུ་སྟེ་གཉིས་པའོ།། །།


previousལེའུ་གཉིས་པ། འཆི་བདག་གཞོམ་པ་བསྟན་པ།next