Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་དྲུག་པ།


   
  collapse section
   
   
   
ལེའུ་གསུམ་པ། ལྷ་ལ་སོགས་པའི་བདུད་གཞོམ་པ་བསྟན་པ།
   
   
   
   
   
   
   
   
  expand section
  expand section
  expand section
   
  expand section
  expand section
   
   
   


 
previousལེའུ་གསུམ་པ། ལྷ་ལ་སོགས་པའི་བདུད་གཞོམ་པ་བསྟན་པ།next

ལེའུ་གསུམ་པ། ལྷ་ལ་སོགས་པའི་བདུད་གཞོམ་པ་བསྟན་པ།


DTG036_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་སྲོག་ནི་ཡུན་རིང་གནས་གྱུར་ཀྱང༌། །བགེགས་ཀྱིས་བསོད་ནམས་མ་ལུས་ཟད་བྱས་པས། །ཡོན་ཏན་རྣམས་ནི་འགྲུབ་པར་མི་འགྱུར་བས། །བགེགས་རྣམས་བཟློག་ཕྱིར་བསྲུང་བ་ཆེན་པོ་བྱ། །གསོལ་བ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཀའ་སྩལ་པ། རིགས་པ་མཆོག་དང་དཔུང་བཟངས་ལ་སོགས་སུ། །ལྟ་བའི་གདོན་ནི་གང་དང་གང་བཤད་པ། །སྡེ་དཔོན་འཁོར་དང་དེ་ཡི་རིགས་སུ་གཏོགས། །ས་སྟེངས་མི་ལ་རྟག་ཏུ་འཚེ་བར་བྱེད། །དེ་དག་བཟློག་ཕྱིར་གནས་དང་མཚན་ཉིད་དང༌། །བསྲུང་དང་དེངས་པར་བྱ་ཕྱིར་ངས་བཤད་དོ། །དགེ་


DTG036_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བཤེས་ལ་གུས་པ་ཆེར་བསྐྱེད་ལ། །འགྲོ་ལ་ཕན་ཕྱིར་ཉོན་ལ་ཡིད་ལ་ཟུང༌། །སྒྲུབ་པ་པོ་ཡི་སེམས་ལ་རབ་ཞུགས་ནས། །རབ་ཏུ་འབད་དེ་བར་ཆད་བྱེད་པ་ནི། །ལྷ་ཡི་བུ་ནི་ཚངས་པ་ལ་སོགས་པའི། །ཕྱོགས་བཅུ་སྐྱོང་བའི་ལྷ་ལས་གྲངས་འདྲ་བ། །ཚངས་པའི་སྲིན་པོ་དང་ནི་འདོད་པའི་ལྷ། །གཟུགས་མེད་ལྷས་ནི་བར་ཆད་བྱེད་པ་མིན། །གླང་ཆེན་གདོང་དང་པདྨའི་ཕྲེང་ལ་སོགས། །དེད་དཔོན་བཅུས་ནི་གནོད་པ་རབ་ཏུ་བྱེད། །རིས་སུ་གཏོགས་པ་བགེགས་རིགས་སྟོང་ཕྲག་ནི། །བརྒྱད་ཅུ་མི་ལ་འཚེ་བར་བྱེད་པ་སྟེ། །ཚངས་པ་ལ་སོགས་ལྷ་ནི་སྟེང་གི་ཕྱོགས། །འོག་ན་འདུག་པ་ས་དང་ཀླུ་ཡི་སྟེ། །ཤར་ཕྱོགས་ན་ནི་དྲི་ཟའི་རིགས་རྣམས་ཏེ། །ལྷོ་ནི་གྲུལ་བུམ་ནུབ་ན་ཀླུ་ཡི་རིགས། །བྱང་དུ་གནོད་སྦྱིན་ཤར་དུ་དབང་པོ་དང༌། །ལྷོར་ནི་གཤིན་རྗེ་ནུབ་ཏུ་ཆུ་ཡི་བདག །བྱང་དུ་གནོད་སྦྱིན་ཤར་ལྷོར་བྱིན་ཟའོ། །ལྷོ་ནུབ་བདེན་བྲལ་ནུབ་བྱང་སྤྲིན་གྱི་སྒྲ། །བྱང་ཤར་མཚམས་སུ་དབང་ལྡན་གནས་པ་སྟེ། །བདུད་རྣམས་ཕྱོགས་ནི་བཅུ་པོ་རབ་ཏུ་བསྲུང༌། །དེ་དག་ཐར་པར་འབད་ལ་བགེགས་བྱེད་དོ། །རང་གི་སྤྱོད་ཡུལ་ལས་ནི་འདའ་སྙམ་སེམས། །བསོད་ནམས་གཟི་ནི་ལུས་ལ་འཇུག་བྱེད་དེ། །འཁོར་དང་རྙེད་དང་གྲགས་དང་སྙན་པ་དང༌། །འཇིག་རྟེན་པ་ཡི་བསམ་གཏན་སྐྱེད་པར་བྱེད། །དེ་ཡི་སེམས་ཀྱིས་གཟེངས་ནི་བསྟོད་བྱས་པས། །སྐྱེ་བོ་ཕལ་ཆེན་དབང་དུ་སྡུད་བྱེད་ཅིང༌། །བསོད་ནམས་དངོས་པོ་ལ་ནི་རབ་ཏུ་འཇོག །ཡེ་ཤེས་ཚོགས་ལ་མངོན་པར་མི་དགའ་ཞིང༌། །འཁོར་བར་འདྲེན་པའི་གཏམ་ལ་རྟག་ཏུ་བརྩོན། །ཁ་ཅིག་མངོན་ཤེས་ཐོབ་ཕྱིར་གཟུགས་རྣམས་མཐོང༌། །ཏིང་འཛིན་དཔག་མེད་མངོན་དུ་གྱུར་སྙམ་དང༌། །སངས་རྒྱས་ཞིང་དུ་འགའ་ཞིག་ལུང་བསྟན་ཐོབ། །འགྲོ་བའི་དོན་དུ་ཀུན་དུ་འགྲོ་བར་རིག །སྒྲ་དང་འོད་འབྱུང་ནམ་མཁའ་གཟུགས་ཀྱང་སྟོན། །མེ་ཏོག་འཐོར་ཞིང་སྔོན་གྱི་སྤྱོད་ཚུལ་དང༌། །ད་ལྟ་མ་འོངས་ལུང་ནི་སྟོན་པར་བྱེད། །སངས་རྒྱས་ཞིང་ནི་མང་པོར་རབ་སྟོན་ཅིང༌། །མྱ་ངན་འདས་ལ་མཆོག་གཞོལ་ལུང་ཡང་སྟོན། །དེ་ཡིས་གཞན་


DTG036_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སེམས་ནི་རབ་བསྐུལ་ཏེ། །སྦྱིན་སོགས་རྒྱ་ཆེན་གུས་པ་རྒྱ་ཆེན་ཡང༌། །ཁ་ཅིག་ལ་ནི་འདུན་པ་ཟློག་བྱེད་ཅིང༌། །ཟས་དང་གོས་མེད་ཏིང་འཛིན་ལས་ཉམས་བྱེད། །འདོད་ཆགས་ཅན་ལ་འདོད་པ་སྐྱེད་བྱེད་ཅིང༌། །ཁྲོ་འདོད་ཁྲོ་བྱེད་ལ་རྨོངས་ལྷག་པར་རྨོངས། །རླུང་ཅན་ལུས་ལ་རླུང་དུ་འཇུག་བྱེད་ཅིང༌། །མཁྲིས་སོགས་ནད་ཅན་རྣམས་ལ་དེ་བསྐྱེད་དེ། །ཁ་ཅིག་སེམས་གཡེང་ཏིང་འཛིན་ཐོབ་མི་བྱེད། །ཁ་ཅིག་ཐོས་ལས་ཉམས་བྱེད་དམན་པར་བསྒྱུར། །ཁ་ཅིག་ལ་ནི་རྒྱལ་བའི་སྐུར་སྟོན་ཅིང༌། །གཞན་ལས་རྒྱལ་སྲས་ཉན་ཐོས་གཞན་དག་ལས།། མཁན་པོ་སློབ་དཔོན་ལྷན་ཅིག་གནས་པ་དང༌། །ཉེ་གནས་ཚུལ་གྱིས་དགེ་ལས་ཟློག་པར་བྱེད། །ཁ་ཅིག་ལ་ནི་ཕ་མ་སྤུན་ཟླ་དང༌། །སྲིང་མོ་ཆུང་མ་བྱི་མོ་སྙིད་ཉེ་དྲན། །ཁ་ཅིག་ལ་ནི་ལྷ་ཡི་ཆ་བྱད་དང༌། །ལྷ་མོའི་ཆ་ལུགས་སྐྲ་ནི་རབ་ཏུ་གནག །ནུ་མ་ཕོ་ལོང་མིག་ནི་རི་དགས་འདྲ། །གླང་ཆེན་བརླ་འདྲ་རྐེད་པ་རྡོ་རྗེ་བཞིན། །ཆགས་པའི་མཚན་མ་རབ་ཏུ་སྟོན་བྱེད་པས། །རྣལ་འབྱོར་པ་ཡི་སེམས་ནི་ཤིང་བལ་བཞིན། །དེ་དག་སེམས་ཀྱིས་ཁ་ཅིག་མནར་སེམས་རྒྱུའི། །ཚིག་གི་ཞེས་སྡང་མེ་ནི་ཤིང་སྐམ་བཞིན། །ཁ་ཅིག་ལ་ནི་བྱ་དང་མི་བྱ་བ།། མི་ཤེས་ཕྱིར་ན་མུན་པར་གཟུགས་བཞིན་ཏེ། །ཁ་ཅིག་འབྱུང་པོ་དྲག་པོའི་ཆ་བྱད་ཅན། །མཚོན་ཆ་འབར་དང་སྡིགས་མཛུབ་བསྡིགས་པར་བྱེད། །ཁ་ཅིག་ལ་ནི་འདོད་པ་ལྔ་སྟོབས་ཤིང༌། །ཁ་ཅིག་ལ་ནི་གྲགས་སོགས་འཇིག་རྟེན་ཆོས། །གཞན་ལ་ཐོས་སོགས་ལ་ལར་འབྱོར་པའི་སྟོབས། །ལ་ལ་ལ་ནི་ཐོག་དང་སེར་བ་འབེབས། །ཁ་ཅིག་ཏིང་འཛིན་ལས་བཟློག་ཚུལ་ཁྲིམས་དང༌། །དེ་ལས་བཟློག་ནས་ལ་ལ་སྦྱིན་ལ་འགོད། །ལ་ལ་བསམ་གཏན་ལས་བཟློག་འཆད་པ་དང༌། །འཆང་བ་པོ་ནི་ཞལ་ཏའི་ལས་ལ་སྦྱོར། །ལ་ལ་རབ་ཏུ་བྱུང་བ་ཁྱིམ་གནས་ལ། །ཐེག་ཆེན་ལས་བཟློག་ཉན་ཐོས་ཐེག་ལ་འཛུད། །བསླབ་གསུམ་གནས་ལས་གཞན་ནི་བཟློག་ནས་སུ། །མཆོད་རྟེན་ལ་སོགས་བསོད་ནམས་ཆེ་ལ་དགོད། །ལ་ལ་བསམ་གཏན་ཁང་པར་སྒྲ་འབྱིན་ཅིང༌། །སྒོ་ནས་འཇིགས་པའི་སྒྲ་འབྱུང་ཆོ་


DTG036_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་འདེབས། །མཉམ་གཞག་མིང་ནས་འབོད་ཅིང་རབ་ཏུ་དགོད། །སྦྱུགས་པ་གླུ་ལེན་ཕེག་རྡོབ་དུང་གི་སྒྲ། །སེ་གོལ་གཏོགས་འདྲ་འཁུན་དང་སེན་མོའི་དྲི། །འདར་དང་དང་ངས་པ་གློ་བུར་སྐྱེད་བྱེད་ཅིང༌། །མི་སྡུག་གཟུགས་སྟོན་རྡེག་དང་འཕུལ་བ་དང༌། །བསམ་གཏན་མི་དགའ་ལུས་ནི་ཡང་དང་ལྗིད། །རྒྱུ་མེད་གཅིག་པུར་སྨྲ་དད་དགོད་དང་ཁྲོ། །གློ་བུར་དུ་ནི་གཞན་གྱི་སེམས་ཤེས་ཤིང༌། །འཇིགས་པའི་སྐར་མདའ་འོད་ཟེར་མེ་འབར་དང༌། །དམན་པའི་མན་ངག་སྟོན་པའི་འདོད་ལྷ་བཞིན། །ལ་ལར་བདག་ནི་མྱུར་དུ་འཆི་སྙམ་དང་། །བསམ་གཏན་འགྲུབ་པར་མི་ནུས་ཐོས་སོགས་ཡིན། །ད་ནི་ཅི་བྱ་འབྲས་བུ་མ་ཐོབ་ཅིང༌། །དམན་པས་ཡི་ཆད་སྒྱིད་ནི་ལུག་པར་བྱེད། །ཁ་ཅིག་མ་བརྟགས་བརྩོན་ལ་འཇོག་བྱེད་དེ། །བར་དོར་ཉམས་པས་འབྲས་བུ་མེད་པར་བྱེད། །གཞན་དག་གང་བྱེད་དེ་ལས་ཟློག་བྱེད་དེ། །དེ་དང་དེ་མེད་འབྲས་བུ་དེ་བོར་བཞིན། །ཁ་ཅིག་ཆོ་ག་ཉམས་ལ་སྦྱོར་བྱེད་དེ། །འབད་པ་བྱས་ཀྱང་དེ་དོན་འགྲུབ་མི་འགྱུར། །ལ་ལ་འགྲོ་བ་མི་འདོད་ལ་གནས་པས། །ཐར་དད་འཆི་བའི་གནས་ནི་དེས་མི་ཤེས། །མདོར་ན་ངང་གི་ལ་ནི་ཐེག་ཆེན་ལ། །ཞུགས་པའི་ཏིང་འཛིན་ལ་སོགས་བར་ཆད་བྱེད། །སྲོག་དང་དངོས་གྲུབ་གཉིས་ཀ་འཕྲོག་པའི་ཕྱིར། །བླ་མའི་ལུང་གིས་བཟློག་པ་ཚོགས་དང་བྲལ། །བླ་མའི་ངག་མེད་སྒྲུབ་པ་ལ་འཇུག་པ། །སྲོག་དང་དངོས་གྲུབ་བགེགས་ཀྱིས་འཕྲོག་བྱེད་དེ། །བགེགས་ཀྱི་སྦྱོར་བ་སྟོང་ཕྲག་བརྒྱད་ཅུ་སོགས། །བརྗོད་པར་མི་ནུས་འོན་ཀྱང་མདོར་བཤད་དོ། །བསོད་ནམས་བསགས་པའི་ལུས་ལ་གདོན་དང་ནི། །དེ་ཡི་རིགས་ཀྱིས་གནོད་པར་མི་རིགས་ཀྱང༌། །སྔོན་ཆད་བྱས་པའི་ལས་ཀྱི་ནུས་པ་དང༌། །འཕྲལ་གྱི་རྐྱེན་གྱི་གནོད་པ་འབྱུང་བ་སྲིད། །ལས་ཀྱི་ཉོན་མོངས་སྟོབས་ཀྱི་ནུས་སྐྱེད་དེ། །དེ་ཕྱིར་ཉོན་མོངས་བཟློག་པས་དེ་མེད་འགྱུར། །འབྱུང་བ་འཁྲུགས་སོགས་རྐྱེན་ལས་གང་བྱུང་བ། །གསོ་བ་རིག་པ་ལས་ནི་ཤེས་པར་བྱེད། །རྐྱེན་དང་གཞན་གནོད་འབྱུང་བའི་རྒྱུར་གྱུར་པ། །སྒྲུབ་པའི་ས་གཞི་ལེགས་


DTG036_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་སྦྱངས་ཤིང༌། །བསྲུང་བའི་ཆོ་ག་ཚུལ་བཞིན་མ་བྱས་པས། །བགེགས་ཀྱི་བར་ཆད་དག་ནི་བྱེད་པར་འགྱུར། །གཉུག་མར་གནས་པའི་འབྱུང་པོ་ལ་འཚེ་དང༌། །ཡི་དགས་རྣམས་ལ་གཏོར་མ་སྦྱིན་མི་བྱེད། །འདྲེ་ལ་སོགས་པ་ལྷ་བཞིན་མཆོད་བྱེད་ཅིང༌། །དཀོན་མཆོག་གསུམ་དང་བྲལ་ན་བགེགས་འབྱུང་འགྱུར། །གཞན་གྱི་རིག་སྔགས་གཅོད་པར་བྱེད་པ་དང༌། །བགེགས་ལ་ཕུར་བུས་འདེབས་དང་སྦོད་གཏོང་བྱེད། །དབང་མ་ཐོབ་དང་ལུང་མེད་ལོག་ཞུགས་ལ། །བགེགས་ནི་རྟག་ཏུ་འཚེ་བར་བྱེད་པ་ཡིན། །བྱམས་སོགས་དང་བྲལ་གསང་སྔགས་དྲག་ཟློས་དང༌། །རང་གི་དམ་ཚིག་ལས་ཉམས་གདུག་སེམས་ཅན། །ཀླུ་ཡི་གནས་སུ་སྦྱིན་སྲེག་བྱེད་པ་དང༌། །བཤང་དང་གཅི་དང་འཁྲིག་སྤྱོད་སྲོག་ཆགས་གསོད། །ནུབ་ཏུ་ཁ་བལྟས་ཆུ་མིག་སེ་སྐྱེར་ལྡན། །དྲག་པོ་ཆགས་པའི་རྡོ་བཟློག་ཤིང་གཅིག་གཅོད། །ཐབ་གཏོང་བྱེད་པ་ཀླུ་ཡིས་བརླག་འགྱུར་ཏེ། །བྱང་དུ་ཁ་བལྟས་པ་ཡང་དེ་བཞིན་ནོ། །སྔགས་པ་སྒྲུབ་ཁང་སྒོ་ནི་ལྷོར་བསྟན་དང༌། །ནུབ་ཏུ་སྔས་བསྟན་དད་ལྷ་མི་སྒྲུབ་དང༌། །བླ་མ་དགེ་སློང་ལྷ་ཁང་ཕྱག་མི་བྱེད། །དེ་དག་རྣམས་དང་ཕ་དང་མ་ཡི་ནི། །གོང་དུ་འགྲོ་ལ་གདོན་གྱི་གནས་སྐབས་རྙེད། །མི་རོ་གནས་ཀླུ་ས་དུར་ཐལ་ཕུང་དང༌། །ལྷ་ཁང་སྒོ་དང་རི་སྣ་ཆུ་ཡི་མདོར། །ཉལ་བར་བྱེད་ལ་བགེགས་ནི་འབྱུང་བར་འགྱུར། །གཅིག་པུ་འགྲོ་དང་མཚན་འགྲོས་བྱེད་པ་དང༌། །གཞན་ལ་འཚེ་བའི་བསམ་པ་རྟག་ལྡན་ཞིང་། །རང་གི་སྲུང་བསྒྲུབ་ལས་ལ་མི་བརྩོན་ཞིང༌། །དེ་ལ་གདོན་ནི་རབ་ཏུ་འབྱུང་བར་བཤད། །གསང་སྔགས་ཟློས་པས་མཛེ་པོ་རྨེ་ཅན་དང༌། །རྟ་རྒྱུག་ལྕག་གཞུ་རྣམས་དང་ལ་ཕུག་དང༌། །ཆང་དང་ཆང་འདྲ་རྣམས་ནི་སྤང་བར་བྱ། །དེ་དག་བྱས་པས་གསང་སྔགས་མི་འགྲུབ་ལ། །དེ་མ་གྲུབ་ཕྱིར་གདོན་ནི་འཇུག་པར་འགྱུར། །དཔུང་བཟངས་ཞུས་པའི་དམ་ཚིག་ལ་གནས་གྲོལ། །རྒྱུད་གཞན་ལས་འབྱུང་བཟློག་པའི་ཆོ་ག་ནི། །བསྟན་པར་བྱ་ཡིས་རབ་ཏུ་གུས་པས་ཉོན། །རང་སེམས་སྣང་ཕྱིར་སྔགས་དང་ཆོ་ག་སྤྱད། །བྱམས་


DTG036_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་རྣལ་འབྱོར་བསྲུང་བྱས་ལ། །བསོད་ནམས་ལ་སོགས་ཚོགས་ཀྱིས་བདག་བསྲུང་བྱ། །ཧཱུཾ་ལས་བྱུང་བའི་གནས་ནི་ཀུན་དུ་བསྲུང༌། །དེ་རྗེས་ཁྲོ་བོ་སོགས་སྐུར་བསྒོམས་ཏེ། །ཆོག་རྫོགས་པས་ཡོང་སུ་སྦྱང་བར་བྱ། །རྡོ་རྗེ་རིགས་གཙོ་ཕོ་ཉ་མ་ཡི་ཚོགས། །རིགས་པ་མང་པོ་བསྟེན་པའི་ལྷ་མོ་དེ། །བཟླས་པ་ཙམ་གྱིས་བགེགས་རྣམས་ཕུང་བ་དང༌། །རྔམ་པ་འདོན་ཞིང་ཕྱོགས་བཅུར་འབྲོས་པར་འགྱུར། །ཡེ་ཤེས་གཟུགས་ཅན་ཁྲོ་བོ་བཅུ་ཡིས་ནི། །ཕྱོགས་སྐྱོང་བཅུ་པོ་དབང་དུ་བྱས་པས་ཀྱང་། །བགེགས་ཀྱི་སྦྱོར་བ་མ་ལུས་ཞི་བར་འགྱུར། །བྱམས་སེམས་ཐོབ་པས་བདག་ལ་སྲུང་བར་བྱེད། །ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ་འདུ་ཡིས། །སེང་གེའི་གཟུགས་ཅན་སྔགས་ཀྱི་ཕྲེང་བ་ཡི། །རབ་ཏུ་འཁོར་བའི་བཟླས་པ་བྱས་པས་ཀྱང༌། །བགེགས་རྣམས་ལུས་ནི་རབ་ཏུ་འབར་བར་འགྱུར། །གྲུ་གསུམ་རེ་ཕའི་ས་བོན་ལས་སྐྱེས་པའི། །འབར་བའི་ནང་དུ་ཏིང་འཛིན་འོད་ཀྱིས་བཀུག །ཏིལ་བསྲེགས་བཞིན་དུ་ཐལ་བར་བྱས་པས་ཀྱང༌། །སྦྱོར་བ་མ་ལུས་རླག་པར་བྱེད་པར་བཤད། །ཧཱུཾ་སྐྱེས་རྡོ་རྗེ་ར་བ་འོད་དང་བཅས། །ས་གཞི་རྡོ་རྗེའི་རྒྱལ་པོར་རབ་སྦྲུལ་ཏེ། །མེ་འབར་ནང་གི་ལྷ་ཡི་འཁོར་གྱིས་བསྲུང༌། །བགེགས་ཀྱིས་མཐོང་བར་མི་འགྱུར་འོང་མི་འགྱུར། །བྷྲཱུཾ་སྐྱེས་རྣམ་པར་སྣང་མཛད་གཞལ་ཡས་སུ། །ཡེ་ཤེས་འོད་ཟེར་ཡི་གེའི་སྒྲས་བསྐུལ་ནས། །འཆི་མེད་ལུས་ལ་དྲངས་པས་བགེགས་ཀྱིས་ནི། །སྦྱོར་བ་མ་ལུས་སྣང་མཛད་སྒོ་ནས་འབྱེད། །ཧཱུཾ་ལས་བྱུང་བའི་བདུད་རྩིའི་ཟས་བསྟེན་པས། །རྡོ་རྗེ་མི་འཆི་ལུས་ཐོབ་བགེགས་མེད་དེ། །མེ་ཡི་ལྕེ་ལ་ཕྱེ་མ་ལེབ་བཞིན་དུ། །ཐལ་བར་གྱུར་ནས་ནམ་མཁར་དེངས་པར་བྱ། །རྡོ་རྗེའི་གོ་ཆ་ཡ་ལད་མཚོན་ཐོགས་ནས། །བདུད་ཀྱི་དཔའ་བོ་རྣམས་ནི་འབྱེར་བར་འགྱུར། །བྱམས་པའི་གོ་བགོས་སྙིང་རྗེའི་མཚོན་ཐོགས་ཏེ། །དགའ་བའི་དཔའ་སེམས་བྱང་ཆུབ་སེམས་ཀྱིས་ནི། །རྟ་ཞོན་བཏང་སྙོམས་ཀྱིས་ནི་གཡུལ་འགྱེད་


DTG036_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཞེ་སྡང་ལས་བྱུང་བགེགས་ཀྱི་གཡུལ་ཆེན་འཇོམས། །སྟོང་པ་ཉིད་ལ་རང་གི་བློ་གནས་ཏེ། །སྣང་བ་རྣམ་རྟོག་ལས་སྐྱེས་ཤེས་བྱས་ནས། །དངོས་མེད་ཆོས་ཀྱི་རང་བཞིན་བསྒོམ་པ་ཡིས། །རྣམ་རྟོག་ལས་བྱུང་བདུད་ནི་མེད་པར་འགྱུར། །ལྷ་ལ་སོགས་པའི་བདུད་གཞོམ་པ་སྟེ་ལེའུ་གསུམ་པའོ།། །།


previousལེའུ་གསུམ་པ། ལྷ་ལ་སོགས་པའི་བདུད་གཞོམ་པ་བསྟན་པ།next