Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་དྲུག་པ།


   
  collapse section
   
   
   
   
   
ལེའུ་ལྔ་པ། བསམ་གཏན་གྱི་ལྷའི་གནས་པ་བསྟན་པ།
   
   
   
   
   
   
  collapse section
   
   
  collapse section
  collapse section
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   


 
previousལེའུ་ལྔ་པ། བསམ་གཏན་གྱི་ལྷའི་གནས་པ་བསྟན་པ།next

ལེའུ་ལྔ་པ། བསམ་གཏན་གྱི་ལྷའི་གནས་པ་བསྟན་པ།


DTG036_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་སྒྲུབ་པོས་འཁོར་བ་ཡིད་དབྱུང་ཞིང༌། །མྱ་ངན་འདས་ལ་མཆོག་ཏུ་གཞོལ་བ་དེས། །སྙོམས་འཇུག་སྒྲིབ་པ་དང་ནི་བྲལ་དོན་དུ། །ཏིང་འཛིན་སྦྱོར་ཕྱིར་ལྷ་ཡི་གནས་པ་བསྒོམ། །རྟོག་དང་དཔྱོད་དང་དགའ་དང་བདེ་བ་ནི། །སེམས་རྩེ་གཅིག་པའི་དང་པོ་ཡན་ལག་ལྔ། །འདས་པའི་ཚིག་གིས་མ་འོངས་གནས་པ་རྣམས། །གསང་སྔགས་མདོ་སྡེའི་ཚུལ་ལས་བཤད་པ་ཡིན། །གླིང་བུའི་སྒྲ་དང་རྔ་ཡི་སྒྲ་རྣམས་དང༌། །ཤིན་ཏུ་


DTG036_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་སྐྱེ་བའི་དགྲ་རྣམས་དང༌། །ཤ་སྦྲང་ཚ་གྲང་རླུང་གི་གནོད་པ་ཡིས། །མི་ཡི་སེམས་དེ་གཡེང་ཞིང་གཡོ་བར་བྱེད། །འཛུམ་ཞིང་འགྲོ་ལ་སྨྲ་ཞིང་མིག་ཟུར་ཅན། །ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། །བུད་མེད་གཟུགས་ནི་མཚོན་ཆ་འཇེབས་པ་འདྲ། །སྐྱེས་པའི་སེམས་ནི་མངོན་དུ་འཕྲོག་པར་བྱེད། །ལྕགས་ཀྱི་ཐོང་སྲེགས་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར་བཀག་པ་ཆེས་བླ་ཡི། །ཉིས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །དཀྱུས་རིངས་མིག་ཅན་བཞིན་ནི་མ་མཐོང་སླ། །སྟག་དང་སྦྲུལ་དང་མེ་འདྲར་འཇིག་རྟེན་ན། །བསམས་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ། །དགའ་བ་ལུས་ནི་ཤིན་ཏུ་སྦྱངས་པར་མཐོང༌། །ལུས་སྦྱངས་པས་ནི་བདེ་བའི་སྐལ་ལྡན་འགྱུར། །རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི། །ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེ། །རྟོག་དཔྱོད་མེད་པས་ནད་ནི་རབ་ཏུ་སྐྱེ། །དགའ་སོགས་གཉིས་པའི་ཡན་ལག་རྣམ་བཞིར་བསྟན། །སེམས་ནི་དང་བས་ལྷ་ཡི་བདེ་བ་དང༌། །མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར། །བཏང་སྙོམས་དང་ནི་དྲན་དང་ཤེས་བཞིན་དང༌། །བདེ་དང་རྩེ་གཅིག་པ་ཡི་ཡན་ལག་ལྔ། །བཏང་སྙོམས་ལྡན་ཞེས་ཚངས་པའི་ཚེ་གཅིག་དང༌། །དཔེར་ན་རླུང་མེད་ཁང་པའི་ནང་དུ་ནི། །མར་མེ་བཙུགས་པ་མི་གཡོ་འབར་བ་ལྟར། །རྩེ་གཅིག་སེམས་ཀྱིས་ཟློས་ལ་མངོན་དགའ་བའི། །ལུས་ལ་ཆོས་ཀྱང་དེ་བཞིན་འབར་བར་འགྱུར། །བཏང་སྙོམས་ཡོངས་དག་དྲན་པ་ཡོངས་སུ་དག །སྡུག་བསྔལ་མ་ཡིན་བདེ་མིན་སེམས་རྩེ་གཅིག །གྲགས་དང་མ་གྲགས་རྙེད་དང་མི་རྙེད་དང༌། །བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་སྨད་དག །སེམས་ཀྱིས་འཇིག་རྟེན་ཆོས་བརྒྱད་རབ་བཅོམ་སྟེ། །སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ། །བསམ་གཏན་གྱི་ལྷའི་གནས་པ་སྟེ་ལེའུ་ལྔ་པའོ།། །།


previousལེའུ་ལྔ་པ། བསམ་གཏན་གྱི་ལྷའི་གནས་པ་བསྟན་པ།next