Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་དྲུག་པ།


   
  expand section
   
  expand section
  expand section
  expand section
   
  expand section
  expand section
   
   
   


 
previousལེའུ་བརྒྱད་པ། སྟོང་པ་ཉིད་བསྟན་པ།next

ལེའུ་བརྒྱད་པ། སྟོང་པ་ཉིད་བསྟན་པ།


DTG036_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་རྩ་བ་མ་བཅད་ཤིང༌། །ཡལ་ག་དེ་ལས་སྐྱེ་འགྱུར་ལྟར། །ཉོན་མོངས་རྩ་བ་མ་བཅད་ལ། །དངོས་པོར་ལྟ་བ་ཉོན་མོངས་འབྱུང༌། །དེ་ཕྱིར་ཉོན་མོངས་བདུད་གཞོམ་ཕྱིར། །ཆོས་རྣམས་སྟོད་པ་ཉིད་བསྒོམ་པ། །བདག་གིས་རྒྱུད་ལས་གསུངས་བཞིན་དུ། །བཤད་ཀྱིས་དགའ་བའི་ཡིད་ཀྱིས་ཉོན། །བཅོམ་ལྡན་རྡོ་རྗེ་ཅན་གསུངས་པ། །སྟོང་ཉིད་དབྱེ་བ་བསྡུས་པ་ནི། །རྣལ་འབྱོར་པ་ནི་གང་གིས་ཤེས། །སྟོང་ཉིད་དེ་ནི་ཤེས་པར་འགྱུར། །མི་མཐུན་པ་དང་གཉེན་པོའི་ཕྱིར། །སྟོང་ཉིད་བསྒོམ་པར་ཡོངས་སུ་གསུངས། །ནང་གི་བདག་ཉིད་ཆོས་རྣམས་ནི། །ཀུན་དུ་རྟོག་པའི་གཉེན་པོ་དང༌། །ཕྱིན་ཅི་ལོག་གི་རྣམ་པ་དག །ཕྱི་ནང་སྟོང་པ་ཉིད་དུ་བཤད། །ཕྱི་རོལ་དམིགས་པ་དང་བྲལ་བ། །ཕྱི་རོལ་སྟོང་པ་ཉིད་དུ་བཤད། །ནང་གི་ཆོ་ག་ཆོས་རྣམས་དང༌། །ཕྱི་རོལ་དུ་ཡང་མི་རྟོག་པ། །འདིར་ནི་ཕྱི་དང་ནད་གི་ནི། །སྟོང་པ་ཉིད་དུ་ཡང་དག་བཤད། །སྣོད་ཀྱི་འཇིག་རྟེན་རྟེན་བྲལ་བ། །ཆེན་པོ་སྟོང་པ་ཉིད་དུ་བརྗོད། །ལེ་ལོ་ཡེ་ཤེས་རྫོགས་པ་ལ། །རྗེས་སུ་དམིགས་པ་བྱེད་ཕྱིར་རོ། །དེ་ཡི་མི་མཐུན་ཕྱོགས་སྟོང་པ། །དངོས་མེད་སྟོང་པ་ཉིད་སྟོང་ཉིད། །དོན་དམ་པར་ནི་


DTG036_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུན་པའི་དངོས། །ཤེས་པ་དོན་དམ་སྟོང་པ་ཉིད། །འདུས་བྱས་སྦྱིན་པ་ལ་སོགས་ཀྱིས། །དགེ་བ་དམིགས་སུ་མེད་པའི་ཕྱིར། །རང་གི་རྣམ་རྟོག་མཆན་ཉིད་སྤྱོད། །འདུས་བྱས་སྟོང་པ་ཉིད་དུ་བཤད། །ཡང་དག་བྱང་ཆུབ་འདུས་མ་བྱས། །རྒྱུ་མཚན་ཡང་ནི་དམིགས་སུ་མེད།། དངོས་དང་དངོས་མེད་རྣམ་པར་སྤངས། །འདུས་མ་བྱས་པ་སྟོང་ཉིད་གསུངས། །སེམས་ཅན་དོན་དུ་སྨོན་ལམ་སོགས། །རབ་དགའ་ལ་སོགས་དམིགས་སུ་མེད། །ཀུན་རྟོག་ཐམས་ཅད་རྣམ་སྤངས་པ། །མཐའ་ལས་འདས་པ་སྟོང་ཉིད་གསུངས། །ཐོག་མཐའ་མེད་པའི་འཇིག་རྟེན་གྱིས། །འགྲོ་བའི་ཕྱིར་ནི་སྨོན་ལམ་ཉིད། །རློམ་སེམས་མེད་པ་དེ་བརྗོད་དོ། །ཐོག་མཐའ་མེད་པའི་སྟོང་བ་ཉིད། །མྱ་ངན་འདས་པར་དམིགས་པ་མེད། །དགེ་བའི་བདག་ཉིད་མི་གཏོང་བ། །རློམ་སེམས་མེད་པ་ཞེས་བཤད་དེ། །དོར་བ་མེད་པ་སྟོང་པ་ཉིད། །འདོད་ཆགས་ལ་སོགས་དྲི་མ་ནི། །བདག་གི་རང་བཞིན་གྱིས་དག་པའོ། །དེ་ལྟར་རློམ་སེམས་མེད་ཅེས་གསུངས། །རང་བཞིན་སྟོང་པ་ཉིད་དུ་གསལ། །མཚན་དང་དཔེ་བྱད་ལ་སོགས་པའི། །གཟུགས་སྐུ་དེ་ནི་ཡོན་ཏན་ནོ། །གཞན་རྣམས་ལ་ཡང་མི་དམིགས་པ། །རང་གི་མཚན་ཉིད་སྟོང་པ་ཉིད། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ནི། །སྤྱོད་པ་ལ་ཡང་རློམ་སེམས་མེད། །ཆོས་རྣམས་ཐམས་ཅད་སྟོང་ཉིད་བཤད། །བདག་དང་སྐྱེས་བུའི་ཆོས་རྣམས་ནི། །སྒྲོ་བཏགས་དངོས་པོ་མེད་པའི་མཆོག །འཆིང་བ་ཐམས་ཅད་རྣམ་པར་བཅད། །དངོས་པོ་སྟོང་པ་ཉིད་དུ་གསུངས། །ཇི་ལྟར་མངོན་སུམ་སྟོང་པ་ཉིད། །དེ་ལྟར་དངོས་པོ་མེད་ཤེས་པ། །སླར་ཡང་མི་དམིགས་པ་ཉིད་ནི། །དངོས་པོ་མེད་པའི་སྟོང་ཉིད་འདོད། །དེ་ལྟར་སྟོང་ཉིད་ཕྱེ་བ་ཡང༌། །བག་ཆགས་རྣམས་ཀྱི་གཉེན་པོའི་ཕྱིར། །སྨྲ་བ་མཆོག་གིས་གསུངས་པ་དེ། །ཉོན་མོངས་བདུད་ནི་གཞོམ་པའི་ཕྱིར། །རྣལ་འབྱོར་པ་རྣམས་རྟག་ཏུ་བསྒོམ། །སྟོང་པ་ཉིད་ཀྱི་ལེའུ་སྟེ་བརྒྱད་པའོ།། །།


previousལེའུ་བརྒྱད་པ། སྟོང་པ་ཉིད་བསྟན་པ།next