Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་དྲུག་པ།


   
  expand section
   
  collapse section
   
   
  collapse section
རྒྱས་པར་བཤད་པ།
  expand section
  expand section
  expand section
  expand section
   
  expand section
  expand section
   
   
   


 
previousརྒྱས་པར་བཤད་པ།next

རྒྱས་པར་བཤད་པ།

རྩ་བའི་དོན་བཤད་པ།

དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྟན་པ།


DTG036_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྩ་འགྲེལ་དེའི་འབྲུ་གནོན་ཏེ། དེ་ལ་རེ་ཞིག་མུ་སྟེགས་པ་སུན་དབྱུང་བའི་དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་པ་སྟེ། དེ་ལ་དངོས་པོ་ཐམས་ཅད་ནི་ཕྱི་དང་ནང་ངོ༌། །དེ་ལ་ནང་གི་དངོས་པོ་བཅུ་དྲུག་བཤད་པ། བདག་དང་སེམས་ཅན་སྲོག་དང་ནི། །སྐྱེ་བ་གསོ་བ་སྐྱེས་བུ་དང༌། །གང་ཟག་ཤེད་སྐྱེས་ཤེད་བུ་དང༌། །བྱེད་པོ་བྱེད་དུ་འཇུག་ཚོར་བ། །ཤེས་མཐོང་སློང་བ་ཀུན་སློང་རྣམས། ཕྱི་རོལ་དངོས་པོ་བུམ་རྣམས་དང༌། །རེ་ལྡེ་ལ་སོགས་རྫས་མཐའ་ཡས།།


DTG036_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡོད་པས་དོན་བྱེད་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཀྱི་བདག་ཉིད་གྲངས་མེད་ལ་ཤེས་པར་བྱ་སྟེ། གྲངས་དང་བཅས་པ་ནི་མ་ཡིན་ནོ། །དངོས་པོ་ཡང་དེ་ཐམས་ཅད་ཀྱང་དེ་ཉིད་པས་དངོས་པོ་ཐམས་ཅད་ཅེས་བྱའོ། །དེ་ལྟར་ཡང་ཀྱེ་བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཁོ་ནའོ་ཞེས་གསུངས་སོ། །དེ་ཉིད་ཀྱི་དཔྱང་པ་ལ་མེད་པས་ན་བྲལ་བ་སྟེ་དངོས་པོ་རྣམས་མ་བརྟགས་ན་གཅིག་ཏུ་ཉམས་དགའ་བའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་སུན་འབྱིན་པ་ནི་ཕུང་པོ་ཞེས་བྱ་བ་སོགས་པ་སྟེ། དེ་ལ་ཕུང་པོ་ནི་གཟུགས་ལ་སོགས་པ་སྟེ་སྤུངས་པའི་ཕྱིར་རོ། །དེ་ཡང་དུས་གསུམ་གྱི་གཟུགས་བཟང་ངན་དང༌། ཆེ་ཕྲ་ཡོད་དོ་ཅོག་གཅིག་ཏུ་སྤུངས་པ་དང༌། དེ་བཞིན་དུ་བདེ་བ་ལ་སོགས་པ་མྱོང་བ་རྣམས་དང༌། འདི་ནི་དཀར་པོ་ཞེས་བྱ་བ་ལ་སོགས་པ་ཁ་དོག་དང༌། རིང་པོ་ལ་སོགས་པ་དབྱིབས་དང༌། བཟང་པོ་ལ་སོགས་པ་བྱེ་བྲག་མཚན་མར་འཛིན་པ་རྣམས་དང༌། དུས་གསུམ་པའི་སེམས་ལས་བྱུང་བ་རྣམས་དང༌། མི་ལྡན་པའི་འདུ་བྱེད་རྣམས་དང༌། དུས་གསུམ་གྱི་ཡུལ་ཐ་དད་པ་ལ་ཤེས་པའི་རྣམ་པར་ཤེས་པ། ཤེས་པའི་ཚོགས་བདུན་པོ་རྣམས་གཅིག་ཏུ་སྤུངས་པའི་རྣམ་པར་ཤེས་པ་སྟེ་ཕུང་པོ་ལྔའོ། །ཁམས་ནི་མིག་ལ་སོགས་པའི་ཁམས་བཅོ་བརྒྱད་དེ། སྤྱི་དང་རང་གི་མཚན་ཉིད་འཛིན་པའི་ཕྱིར་དང༌། རིགས་ཀྱི་དོན་འཛིན་པའི་ཕྱིར་དང༌། སྲིད་བའི་ས་བོན་ཡིན་པའི་ཕྱིར་ཁམས་སོ། །སྐྱེ་མཆེད་ནི་མིག་ལ་སོགས་པའི་སྐྱེ་མཆེད་བཅུ་གཉིས་ཏེ། རྣམ་པར་ཤེས་པ་བསྐྱེད་ཅིང་འཕེལ་བར་བྱེད་པས་ན་སྐྱེ་མཆེད་དོ། །གཟུང་འཛིན་ནི་ཕྱིའི་གཟུགས་ལ་སོགས་པའི་སྐྱེ་མཆེད་དྲུག་དང༌། ནང་གི་མིག་ལ་སོགས་པ་སྐྱེ་མཆེད་དྲུག་ལ་སེམས་ཙམ་པས་ཀུན་དུ་བརྟག་པའི་མིང་སྟེ། དབང་པོས་སྤྱོད་ཡུལ་དུ་གཟུང་བའི་ཕྱིར་དང༌། དབང་པོ་འཛིན་མཁན་ཡིན་པའི་ཕྱིར་རོ། །དེ་རྣམས་དོན་དམ་པར་རྫས་སུ་མེད་པར་སྤངས་ཏེ། འོག་ནས་ཀྱང་འབྱུང་བའི། གཟུགས་ནི་དབུ་བ་འདྲ་ཞེས་


DTG036_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །ཅེས་བྱ་བ་ལ་སོགས་པས་འགྲེལ་ཏོ། །སེམས་ཙམ་པའི་ལྟ་བ་སུན་དབྱུང་བ་ནི་ཆོས་བདག་མེད་པ་མཉམ་པ་ཉིད་ཅེས་བྱ་སྟེ། དེ་ལ་ཆོས་ནི་མདོར་ན་ཕུང་པོ་ལྔ་སྟེ། སྤྱི་དང་རང་གི་མཚན་ཉིད་འཛིན་པས་ན་ལུང་ལས་ཀྱང༌། མཚན་ཉིད་འཛིན་པས་ན་ཆོས་ཞེས་བྱ་ཞེའོ། །བདག་མེད་ཅེས་བྱ་བ་ནི་སྤྲུལ་གྱི་པགས་པ་བརྗེ་བ་ལྟར་ལུས་ཀྱི་ཕུང་པོའི་ནང་ན། ཕུང་པོ་སྔ་མ་འདོར་ཞིང༌། ཕྱི་མ་ལེན་པ་བརྟག་པའི་ངོ་བོ་དང་ང་ཡིར་འཛིན་པའི་གཞི། བདག་ཅེས་བྱ་བར་མུ་སྟེགས་པས་བརྟགས་པའོ། །དེ་དང་འདྲ་བར་སངས་རྒྱས་པའི་ཆོས་དང༌། མུ་སྟེགས་པའི་ཆོས་བདག་བསལ་ནས་རྣམ་པར་རིག་པ་ཙམ་དུ་གཞག་པའོ། །དེ་ཇི་ལྟར་ཕུང་པོ་དང་བདག་མེད་པ་དེ་བཞིན་དུ་རྣམ་པར་རིག་པ་ཡང་མེད་པར་འདྲ་བས་ན་ཆོས་བདག་མེད་པ་མཉམ་པ་ཉིད་ཅེས་བྱ་སྟེ། འོག་ནས། སེམས་ཙམ་འདི་ཡིས་སྣ་ཚོགས་སུ། །ཞེས་བྱ་བ་ལ་སོགས་པས་འགྲེལ་ཏོ། །དེ་ལྟར་དངོས་པོ་ལ་སོགས་པར་ལྟ་བ་བསལ་ནས། དབུ་མའི་དོན་ཆེར་གཞག་པ་ནི། །རང་སེམས་གདོད་ནས་མ་སྐྱེས་པ། །ཞེས་པ་སྟེ་དོན་དམ་པར་རང་གི་སེམས་ཙམ་ཡང་མི་སྐྱེ་སྟེ་ཡོད་མེད་དབུས་ལས་འདས་པའི་ཕྱིར་རོ། །འདི་ལྟར་མུ་སྟེགས་པའི་དབང་ཕྱུག་ལ་སོགས་པས་བྱས་པ་ལྟ་བུ་མ་ཡིན་པ། གདོད་ནས་མ་སྐྱེས་པ་སེམས་དང་པོ་ནས་ཡོད་ཟིན་པ་ཅིག་ཡིན་ན་ནི་སྐྱེ་མི་དགོས་ལ་དངོས་པོ་མེད་ན་མེད་པ་ཇི་ལྟར་སྐྱེ་བ་མི་སྦྱོར་བའོ། །དེ་ལྟར་ཡོད་པ་དང་མེད་པའི་མཐའ་མེད་མ་ཐག་ཏུ་དབུ་མར་སྐྱེ་བ་མི་དམིགས་སོ། །འོ་ན་ཇི་ལྟ་བུ་ཞིག་གི་ངོ་བོ་ཉིད་ཡིན་ཞེ་ན། སྟོང་པ་ཉིད་ཀྱི་རང་བཞིན་ཏེ། དངོས་པོ་མེད་པ་ནམ་མཁའ་ལྟ་བུའོ། །འདི་ལྟ་སྟེ། ནམ་མཁའ་ནམ་མཁའ་ཞེས་ཐ་སྙད་ལ་ཡོད་ཀྱང༌། དཔྱད་ན་སྟོང་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རྣལ་འབྱོར་ནམ་མཁའ་བསྒོམ་པ་ནི། །ཇི་སྐད་དུ་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་བསྒོམ་པ་ཞེས་གསུངས་སོ། །

དེ་བསྒོམ་པ་དམ་བཅའ་བ།


DTG036_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པར་བྱང་ཆུབ་ཀྱི་སེམས་བསྒོམ་པར་དམ་བཅའ་བ་བསྟན་པར་བྱ་བ་ནི།


DTG036_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལ་ཇི་ལྟར་ཞེས་བྱ་བ་ནི་དཔེ་འདྲེན་པའོ། །སངས་རྒྱས་བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། སངས་རྒྱས་ཀྱང་ཡིན་ལ་བཅོམ་ལྡན་འདས་ཀྱང་ཡིན་པས་སོ། །དེ་ལ་སངས་རྒྱས་ནི་སྐྱེས་བུ་སད་པ་ལྟར་མ་རིག་པའི་གཉིད་སད་ནས་པདྨ་ཁ་བྱེ་བ་ལྟར་ཆོས་རྣམས་ཁོང་དུ་ཆུད་པས་ཐུགས་རྒྱས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལས་བདུད་བཞི་བཅོམ་པ་སྟེ། འདི་ལྟར་མ་རིག་པའི་ཟག་པ་ཟད་ནས་ཉོན་མོངས་པའི་བདུད་བཅོམ་པ་སྟེ། ཉོན་མོངས་པ་ཀུན་ནི་མ་རིག་པ་ལས་འབྱུང་བའི་ཕྱིར་རོ། །སྲིད་པའི་ཟག་པ་ཟད་པས་འཆི་བདག་གི་བདུད་བཅོམ་པ་སྟེ་འདུ་བྱེད་ཀྱི་སྡུག་བསྔལ་སྤངས་པས་ཆགས་པ་དང་བྲལ་བའི་ཕྱིར་རོ། །ལྟ་བའི་ཟག་པ་ཟད་པས་ཕུང་པོའི་བདུད་བཅོམ་པ་སྟེ་ཉེ་བར་ལེན་པའི་ཕུང་པོ་ནི་འཇིག་ཚོགས་སུ་ལྟ་བ་ཡིན་པའི་ཕྱིར་རོ། །འདོད་པའི་ཟག་པ་ཟད་པས་ལྷའི་བུའི་བདུད་བཅོམ་སྟེ་ཕྱིན་ཅི་ལོག་པའི་འདོད་ཆགས་སྤངས་པའི་ཕྱིར་རོ། །དེ་ལྟར་བདུད་བཞི་བཅོམ་ནས་ཟད་པ་དང་མི་སྐྱེ་བཤེས་པའི་ཡེ་ཤེས་དང་ལྡན་པའོ། །ཡང་ན་བྱང་ཆུབ་སེམས་དཔའི་ཐེག་པ་ལ་དབུལ་པོ་དང༌། ངན་སོང་དང༌། གཟུགས་མི་སྡུག་པ་དང༌། གྲགས་པ་མེད་པ་དང༌། དཔལ་མེད་པ་དང༌། མ་རིག་པ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རིམ་པ་བཞིན་དུ་བཅོམ་སྟེ། འབྲས་བུ་དབང་ཕྱུག་དང༌། རབ་མཆོག་དང༌། གཟུགས་བཟང་དང༌། གྲགས་པ་དང་། དཔལ་དང༌། ཡེ་ཤེས་དང་ལྡན་པའོ། །ཡང་ན་དེ་བཞིན་གཤེགས་པའི་ཐེག་པའི་སེམས་ཙམ་ལ་དེ་བཞིན་ཉིད་དང་སྟོབས་བཅུ་མངོན་དུ་གྱུར་པས་ཀུན་གཞི་དང༌། ཤེས་བྱའི་སྒྲིབ་པ་བཅོམ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པ་དང༌། ཡང་དག་པའི་མཐའ་མི་འཇིགས་པ་བཞི་མངོན་དུ་གྱུར་པས་ཉོན་མོངས་པ་ཅན་གྱི་ཡིད་དང༌། ཉོན་མོངས་པའི་སྒྲིབ་པ་བཅོམ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པ་དང༌། མཚན་མ་མེད་པར་སོ་སོ་ཡང་དག་པར་རིག་པ་མངོན་དུ་གྱུར་པས་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དང༌། ལས་


DTG036_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲིབ་པ་བཅོམ་སྟེ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། དོན་དམ་པ་དང་སྙིང་རྗེ་ཆེན་པོ་མངོན་སུམ་དུ་གྱུར་པས་འཇུག་པའི་རྣམ་པར་ཤེས་པ་དང༌། སྐྱེ་བའི་སྒྲིབ་པ་བཅོམ་སྟེ་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་ལྡན་པའོ། །དེ་བཞི་ནི་ཟད་པའི་ཡེ་ཤེས་ཏེ་དེ་ཁོ་ནའི་ཕྱིར་སྐྱེས་པ་ནི་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཀྱི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་བཞིན་གཤེགས་པའི་ཐེག་པ་དབུ་མ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཤེས་བྱའི་སྒྲིབ་པ་ལ་སོགས་པ་ཐམས་ཅད་བཅོམ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །དེ་ཡང་མུ་བཞི་སྟེ། མུ་དང་པོ་སངས་རྒྱས་ཡིན་ལ་བཅོམ་ལྡན་འདས་མ་ཡིན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཏེ། སྦྱིན་པ་ལ་སོགས་པ་དྲུག་མི་སྤྱོད་པས་ལེགས་པ་དྲུག་དང་མི་ལྡན་པའོ། །མུ་གཉིས་པ་བཅོམ་ལྡན་འདས་ཡིན་ལ་སངས་རྒྱས་མ་ཡིན་པ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཐུགས་རྗེའི་དབང་གིས་འཁོར་བམ་སྤངས་པའི་ཕྱིར་རོ། །མུ་གསུམ་པ་གཉིས་ཀ་ཡིན་པ་ནི་དེ་བཞིན་གཤེགས་པ་སྟེ་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་ནས་མི་གནས་པའི་མྱ་ངན་ལས་འདས་པ་ལ་ཞུགས་པའི་ཕྱིར་རོ། །མུ་བཞི་པ་གཉིས་ཀ་མ་ཡིན་པ་ནི་སོ་སོའི་སྐྱེ་བོ་རྣམས་སོ། །དེ་ལྟ་བས་ན་སངས་རྒྱས་དང་བཅོམ་ལྡན་འདས་གཉིས་ཀྱི་ཚིག་གཉིས་གཅིག་ཏུ་བྱས་པའི་སྒྲ་ལས་དེ་བཞིན་གཤེགས་པ་ལ་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཡང་ཡིན་ལ་སེམས་དཔའ་ཆེན་པོ་ཡང་ཡིན་པས་སེམས་དཔའི་སྒྲ་གཅིག་མི་མངོན་པར་བྱས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བར་འདོད་དོ། །དེ་ལ་བྱང་ཆུབ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་བསྒོམ་པའི་སེམས་བརྟན་པས་སེམས་དཔའ་སྟེ། མུ་སྟེགས་པ་ལས་ཁྱད་པར་དུ་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཕྱིར་རོ། །ཆེན་པོ་ནི་མཐའ་ཡས་པའི་སེམས་ཅན་གྱི་དོན་ཆེན་པོ་བྱེད་པ་སྟེ། ཉན་ཐོས་ལས་ཁྱད་པར་དུ་བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར་རོ།།


DTG036_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ཡུམ་ལས་ཆེ་བ་བདུན་དང་ལྡན་པས་ཀྱང་སྟེ། སེམས་ཅན་ཆེན་པོའི་ནང་ནས་མཆོག་ཏུ་གྱུར་པ་དང༌། སེམས་ཅན་གྱི་ཁམས་ཆེན་པོའི་ལོག་པའི་ལྟ་བ་གཅོད་པ་དང༌། སྦྱིན་པ་དང༌། བློ་དང༌། མཐུ་ཆེ་བ་དང༌། ཐེག་པ་ཆེན་པོ་ལ་གནས་པ་དང༌། གོ་ཆ་ཆེན་པོ་བགོས་ནས་ཀྱང་བདུད་འཇོམས་པར་བྱེད་པའོ། །དེ་ཡང་མུ་བཞི་སྟེ་བྱང་ཆུབ་སེམས་དཔའ་མིན་ལ། སེམས་དཔའ་ཆེན་པོ་མ་ནི་ཉན་ཐོས་དང་རང་སངས་རྒྱས་ཏེ་སེམས་ཅན་གྱི་དོན་མི་བྱེད་པའི་ཕྱིར་རོ། །ཆེན་པོ་ཡིན་ལ་བྱང་ཆུབ་སེམས་དཔའ་མ་ཡིན་པ་ནི་ཕྱི་རོལ་པའི་སྟོན་པ་ལྷ་ཆེན་པོ་རྣམས་ཏེ་ཉོན་མོངས་པ་མ་སྤངས་པའི་ཕྱིར་རོ། །གཉིས་ཀ་ཡིན་པ་དང་མ་ཡིན་པ་ནི་སྔ་མ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ས་བཅུ་པ་རྣམས་ལ་བྱའོ། །དེ་དག་གིས་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་མཚོན་པའོ། །བྱང་ཆུབ་ནི་དམ་ཚིག་ཆེན་པོ་རྡོ་རྗེ་ལྟ་བུའི་དེ་ཁོ་ན་ཉིད་མངོན་པར་རྫོགས་པའི་བྱང་ཆུབ་སྟེ་ཟད་པ་དང་མི་སྐྱེ་བའི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་ཡིན་པའི་ཕྱིར་འདི་ལྟ་སྟེ། ཟད་པའི་ཡེ་ཤེས་ཀྱི་མཚན་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བཞིས་ནི་བྱང་ལ་མི་སྐྱེ་བའི་ཡེ་ཤེས་ཀྱི་མཚན་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་ཆུབ་པ་རྫོགས་པར་བྱས་པའོ། །ཡང་ན་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་བསླབ་པར་རྟོག་པ་ནི་བྱང་ཆུབ་སྟེ་ཐམས་ཅད་མཚན་ཉིད་དོ། །དེ་ཉིད་ཆེན་པོ་སྟེ་འོག་མ་གཉིས་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱེ་བའི་ཕྱིར་རོ། །དེ་ལ་སེམས་བསྐྱེད་པ་ནི་བསྒོམ་པའི་སྟོབས་ཀྱིས་སེམས་གཉིས་སུ་མེད་པར་མངོན་དུ་བྱས་པའོ། །དེ་ལྟར་ཞེས་བྱ་བ་ནི་དོན་གྱི་མགོ་འདྲེན་པའོ། །བདག་གིས་ཞེས་བྱ་བ་ནི་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པའོ། །ཀྱང་གི་སྒྲས་ནི་སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆུབ་སེམས་དཔའ་གཅིག་པུར་མ་ཟད་དེ་ཞེས་བྱ་བའི་ཐ་ཚིག་གོ །དུས་ནི་ཕུང་པོ་ལྔའི་ངོ་བོ་སྟེ་སྐད་ཅིག་ལ་འཇིག་ཅིང་མི་རྟག་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་མངོན་དུ་མཚོན་པའོ།།


DTG036_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས་ཞེས་པ་ནི་དང་དུ་ལན་པའོ། །མདོར་བསྡུ་ན་དུས་འདི་ནས་བཟུང་ནས་ཞེས་པ་ནི་དེ་བཞིན་གཤེགས་པ་དང་སློབ་དཔོན་གྱི་སྤྱན་སྔར་དམ་བཅས་པའི་དུས་ལ་ཤེས་པར་བྱའོ། །ཇི་སྙེད་ཅེས་བྱ་བ་ནི་མཐའ་ཡས་པའི་དུས་ལ་སྙེགས་པའི་སྒྲའོ།། བྱང་ཆུབ་ནི་བཤད་པ་ཉིད་དོ། །དེའི་སྙིང་པོ་ནི་བྱང་ཆུབ་སྙིང་པོ་སྟེ་རང་བཞིན་གྱི་དོན་འདོད་པ་བསྒྲུབ་པའི་ཕྱིར་རོ། །ལ་ཞེས་པ་ནི་རྟེན་གནས་བརྟན་པའོ། །གནས་པ་ནི་མངོན་དུ་གྱུར་པའོ། །རབ་ཏུ་ཞེས་པ་ནི་དུས་མཐར་ཕྱིན་པའི་ཚད་བསྟན་པའོ། །ལྷག་མ་ནི་བཤད་ཟིན་ཏོ། །

ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྟན་པ།


DTG036_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་སེམས་ཅན་མ་བསྒྲལ་བ་རྣམས་བདག་གིས་བསྒྲལ་ལོ་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་རྒྱུད་ལས་སིལ་བུ་བསྟན་པ་ལས། འདིར་མུ་གཅིག་ཏུ་བྱས་པ་ལས་རེ་ཞིག་ངན་སོང་གསུམ་བསྒྲལ་བའི་དོན་ནི་མ་བསྒྲལ་བའི་སེམས་ཅན་རྣམས་ཞེས་ཏེ། མ་བསྒྲལ་བ་ཡང་ཡིན་ལ་སེམས་ཅན་ཡང་ཡིན་པས་ན་མ་བསྒྲལ་བའི་སེམས་ཅན་ཏེ་ངན་སོང་གསུམ་མོ། །དེ་ལ་མ་བསྒྲལ་བ་ནི་སྡུག་བསྔལ་གྱིས་གཟིར་བས་དགེ་བའི་སེམས་ཀྱི་དྲན་པ་ཉམས་ཏེ་ངན་སོང་གསུམ་ལས་མི་ཐར་པའི་ཕྱིར་རོ། །སྡུག་བསྔལ་གྱི་སྡུག་བསྔལ་ནི་འདི་ལྟ་སྟེ། ཚ་གྲང་དང་བཀྲེས་སྐོམ་ལ་སོགས་པའོ། །ཀུན་གཞི་དང་ལྡན་པ་སྟེ་དགེ་མི་དགེའི་ལས་སེམས་ཀྱིས་སྡུད་པས་ན་སེམས་ཅན་ཏེ་ལང་ཀར་གཤེགས་པ་ལས། །ལས་ནི་སེམས་ཀྱིས་སྡུད་པར་བྱེད། །ཡིད་ཀྱིས་ཀྱང་ནི་རྣམ་པར་རྟོག །ལས་ནི་མཐོང་བར་རྟོགས་པ་ཡིན། །ཞེས་གསུངས་སོ། །དེ་རྣམས་ལྷ་དང་མི་ཐོབ་པར་བྱེད་པས་ན་བསྒྲལ་བ་སྟེ། ཆོ་འཕྲུལ་ཆེན་པོའི་མཐུས་སྡུག་བསྔལ་བཅོམ་ནས་དགེ་བའི་སེམས་བསྐྱེད་པར་བྱ་སྟེ། དཔེར་ན་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཚ་བའི་དམྱལ་བར་གཤེགས་ནས་དམྱལ་བའི་ས་གཞི་མཚོར་བསྒྱུར་བ་ལ་སོགས་པ་ལྟ་བུ་སྟེ་འདིར་སྨྲས་པ། ཐུགས་རྗེ་ཆེ་ལྡན་དམྱལ་བར་ཆེད་དུ་གཤེགས། །ས་གཞི་མཚོར་བསྒྱུར་པདྨ་རྣམས་ཀྱང་སྐྱེས། །ཚ་བ་རྣམས་ནི་སྡུག་བསྔལ་ཉིད་བྲལ་ཏེ། །


DTG036_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་སེམས་ཀྱིས་བྲན་པ་སྐྱེད་པར་མཛད། །དེ་བཞིན་ཁབ་ཀྱི་མཆུ་ཅན་ལ་སོགས་པའི། །ཁ་ལ་ཕྱག་གིས་བདུད་རྩིའི་རྒྱུན་ཕབ་ནས། །བཀྲེས་སྐོམ་བཅོམ་ནས་དགེ་བའི་སེམས་ལ་བཀོད། །བུང་བ་ལ་སོགས་གཟུགས་ཀྱིས་སྐལ་མཉམ་དུ། །དཀོན་མཆོག་མཚན་བརྗོད་དགེ་བ་ཐོབ་པར་མཛད། །ཅེས་ཟ་མ་ཏོག་གི་མདོ་ལས་བསྟན་པ་བཞིན་ནོ། །དོན་ཞེས་བྱ་བ་ནི་སེམས་བསྐྱེད་པའི་དགོས་པའོ། །ལྷ་དང་མིའི་དོན་ནི་མ་གྲོལ་བའི་ཞེས་བྱ་བ་ལ་སོགས་པ་སྟེ། འདོད་ཆགས་ལ་སོགས་པས་བཅིངས་པའི་ཕྱིར་རོ། །དེ་དག་ལ་མ་ཆགས་པ་དང་བྱམས་པ་དང་ཡང་དག་པའི་ལྟ་བ་བསྐྱེད་ནས་འཁོར་བ་ལས་ཐར་བར་བྱས་པ་ནི་སྒྲོལ་བ་སྟེ་ཐར་པའི་ཆ་ལ་བསྐྱེད་པའོ། །ཉན་ཐོས་ལ་སོགས་པ་དབུགས་དབྱུང་བའི་དོན་ནི་དབུགས་མ་ཕྱུང་བའོ་ཞེས་པ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་བཀག་ནས་ཤིང་ཏུ་སྟོང་པ་ལ་གནས་པའི་ཕྱིར་རོ། །དེ་དག་ལ་ཐེག་པ་ཆེན་པོའི་དོན་བསྟན་ནས་ཏེ། འཁོར་བའི་འཇིགས་པ་བསལ་བ་ནི་དབུགས་དབྱུང་བ་སྟེ་གཞན་དོན་ལ་བཙུད་པའོ། །བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདའ་བ་ནི་ཡོངས་སུ་ཞེས་བྱ་བ་ལ་སོགས་པ་སྟེ་ཐུགས་རྗེའི་དབང་གིས་འཁོར་བ་ལ་གནས་པའི་ཕྱིར་རོ། །དེ་དག་ལ་མི་དམིགས་པའི་སྙིང་རྗེ་ཆེན་པོ་བསྟན་པས་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ཡོངས་སུ་མ་ལུས་པའི་གོ་འཕང་མི་གནས་པའི་མྱ་ངན་ལས་འདས་པའོ། །

དེ་གཉིས་རྟོགས་པར་བྱ་བའི་ཐབས།


DTG036_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བའི་ཐབས་བསྟན་པ་ནི་དེ་ལྟར་ཞེས་བྱ་བ་གནས་ཏེ། དེ་ལྟར་ཞེས་བྱ་བའི་ཚིག་གིས་འདས་མ་ཐག་པ་མཚོན་པའོ། །ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པ་ལས། འཇིག་རྟེན་པའི་ཐ་སྙད་ཀུན་ལ་ཚིག་དང་ཡི་གེ་བསྟན་པའི་སྒོ་ནས་འཇུག་པ་དེའི་ཆ་ནི་ཀུན་རྫོབ་ཀྱི་རྣམ་པ་ཞེས་བྱ་བ་སྟེ་བྱེ་བྲག་ཏུ་འབྱེད་དོ། །དེ་སྨོན་པ་བྱང་ཆུབ་ཀྱི་ངོ་བོ་བསྐྱེད་ནས་ཞེས་བྱ་བ་ལ། །དེ་ལ་སྨོན་པ་ནི་དོན་དུ་གཉེར་བའི་ངོ་བོ་སྟེ་གཞན་གྱི་དོན་དུ་བདག་སངས་རྒྱས་པར་འདོད་པའི་ཕྱིར་རོ། །སྨོན་པ་དེས་བསྐྱེད་


DTG036_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཀྱི་སེམས་ཤེས་ཏེ་མི་དམིགས་པའི་སྙིང་རྗེ་ཆེན་པོའོ། །དེའི་རང་བཞིན་ནི་ངོ་བོ་སྟེ་སྙིང་རྗེ་ཆེན་པོའོ། །རང་གི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །དེ་སྨོན་པའི་སྒོ་ནས་རྐྱེན་བཞིས་འདུས་བྱས་པ་ནི་བསྐྱེད་པ་སྟེ་ཡིད་ལ་མངོན་དུ་བྱས་པའོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྒོ་ནས་བསྐྱེད་པའི་ཐབས་བསྟན་པ་ནི་དོན་དམ་པ་ནི་ཞེས་བྱ་བ་ནས་ཏེ། དེ་ལ་དོན་དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པས་དམིགས་པའི་སྡུག་བསྔལ་ཐམས་ཅད་མེད་པ་མྱ་ངན་ལས་འདས་པ་སྟེ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །དེའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་ཞེས་པ་དང་འབྲེལ་ཏོ། །དེ་ཇི་ལྟར་བསྐྱེད་པར་བྱ་ཞེ་ན། དེ་ནི་བསྒོམ་པའི་སྟོབས་ཀྱིས་ཏེ། དེ་ལ་བསྒོམ་པ་ཆོས་ཉིད་ལ་མཉམ་པར་གཞག་པའི་ཡོན་ཏན་སེམས་ལ་ཆགས་པར་བྱེད་པའོ། །དེའི་ནུས་པའི་ཁྱད་པར། ནི་སྟོབས་ཏེ་ཡེ་ཤེས་ཀྱི་སྟོབས་སོ། །བྱང་ཆུབ་ཀྱི་སེམས་དེ་གཉིས་གང་གིས་བསྐྱེད་ཅེ་ན། དེ་བསྟན་པ་ནི་སྔགས་ཀྱི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་སྔགས་ནི་ཤེས་སྐྱོབ་སྟེ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དང་སྙིང་རྗེའི་རང་བཞིན་གསུངས་ནས་བཟླས་པའི་ཕྱིར་རོ། །དེ་དང་པོ་ནས་དང་དུ་ལེན་པའི་སེམས་ནི་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་སྟེ་དེ་ལ་དང་པོ་འཇུག་པའི་ཐེག་པ་ནི་སྒོའོ། །དམ་ཚིག་གི་སྔོམ་པ་སྲུང་ཞིང་ཟླ་བའི་དཀྱིལ་འཁོར་དང་ཡིག་འབྲུ་ལ་སོགས་པ་བསྒོམ་པའི་མངོན་པར་རྟོགས་པའི་རིམ་པ་ནི་སྤྱད་པའོ། །དེ་རྩེ་གཅིག་ཏུ་བསྒོམ་པ་ནི་སྤྱོད་པའོ། །སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་ཡང་ཡིན་ལ། བྱང་ཆུབ་སེམས་དཔའ་ཡང་ཡིན་པས་ན། སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སྟེ་རྣལ་འབྱོར་ཕོ་མོ་ལ་བྱའོ། །དེ་དག་གིས་ཀྱང་བྱང་ཆུབ་སེམས་བརྟན་པར་བྱེད་པས་ན་རྒྱུ་ལ་འབྲས་བུའི་མིང་བཏགས་པའོ། །ཡང་ན་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་པར་བྱའོ། །

འགྲེལ་པའི་དོན་བཤད་པ།

ཕྱག་འཚལ་བ།


DTG036_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཆོས་འདིའི་འགྲེལ་པ་རྩོམ་པ་ནི། དེ་ནས་དེའི་ངོ་བོ་ཉིད་བཤད་དོ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ནས་ཞེས་བྱ་བ་ནི་རྩ་འགྲེལ་


DTG036_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་མཇུག་སྦྲེལ་བའི་ཚིག་གོ །ཡང་ན་བཀྲ་ཤིས་ཀྱི་ཚིག་སྟེ་ཡི་གེ་ཐམས་ཅད་ཀྱི་མཆོག་ཨ་ཡིན་པའི་ཕྱིར། །ཨ་ནི་ཡིས་འབྲུ་ཀུན་གྱི་མཆོག །ཅེས་འབྱུང་བའོ། །དེའི་ཞེས་བྱ་བ་ནི་རྩ་བ་ལས་མཚོན་པའོ། །ངོ་བོ་ཉིད་ནི་རྩ་བའི་རང་བཞིན་ནོ། །བཤད་པ་ནི་འགྲེལ་པའོ།། དེ་ལ་རེ་ཞིག་རྟོག་པ་མངོན་དུ་བྱེད་པའི་སེམས་དད་པ་བསྐྱེད་པ་དང༌། རང་གི་བྱ་བ་འདི་ལ་བར་ཆད་ཞི་བར་གྱུར་ནས་མཐར་ཕྱིན་པར་བྱ་བ་དང༌། རང་གི་སྟོན་པ་བཅོམ་ལྡན་འདས་ཀྱི་ཆེ་བའི་ཡོན་ཏན་བརྗོད་པར་འདོད་ནས། འཕགས་པ་ཀླུ་སྒྲུབ་ཀྱིས་ཕྱག་འཚལ་བ་གསུངས་པ་ནི་བྱང་ཆུབ་སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བྱང་ཆུབ་སེམས་ནི་སྟོང་པ་ཆེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཏེ། ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ལྷག་པར་རྟོགས་པའི་ཕྱིར་རོ། །དེའི་རང་བཞིན་དུ་གྱུར་པ་ནི་བྱང་ཆུབ་སེམས་ཀྱི་བདག་ཉིད་ཅེས་པ་སྟེ། བདག་གི་སྒྲས་ནི་རང་བཞིན་ལ་ཤེས་པར་བྱ་བའི་བདག་ཉིད་དུ་ལྟ་པ་ནི་མ་ཡིན་ནོ། །དེའི་རྣམ་པར་སྨིན་པ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟེན་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ནི་བྱང་ཆུབ་སེམས་ཀྱི་བདག་ཉིད་གཟུགས་ཞེས་ཏེ། རྡོ་རྗེ་སེམས་དཔའི་སྐུ་ཕྱག་རྒྱ་ཆེན་པོའོ། །དེ་ནི་ཡེ་ཤེས་ཀྱི་ཚོགས་རང་གི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པའོ། །ཡང་དཔལ་ལྡན་དེ་ལྷའི་རིགས་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་རོ། །ཡང་ན་རྡོ་རྗེ་སེམས་དཔའི་སྐུ་ཕྱག་རྒྱ་ཆེན་པོ་དང་ལྡན་པས་ན་དཔལ་ལྡན་ནོ། །དེ་ནི་བསོད་ནམས་ཀྱི་ཚོགས་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པའོ། །རྡོ་རྗེ་ནི་ཡེ་ཤེས་ལྔ་དང་རིགས་ལྔའི་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །དེས་ཕྱིན་ཅི་ལོག་གི་ཉོན་མོངས་པ་བཅོམ་པས་ན་མཚོན་ཆའོ། །དེ་ཡེ་ཤེས་ཀྱི་རྟགས་སུ་ཕྱག་ན་ལྡན་པས་ཅན་ཞེས་བྱའོ། །དེ་ནི་ཕྱག་མཚན་གྱི་སྒོ་ནས་བསྟོང་པའོ། །བཏུད་པ་ནི་ལུས་ལ་སོགས་པས་ཕྱག་འཚལ་བའོ། །དེ་ལ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སྐྱོ་ནས་བསྟོད་པའོ། །ཡན་ལག་ལྔས་ས་ལ་རིག་པར་ཐལ་མོ་སྦྱར་བ་དང༌། སེམས་ལ་མདུན་དུ་བྱས་པའི་ཚུལ་གྱིས་སོ། །

དབུ་ཞབས་ཀྱི་དོན།


DTG036_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དབུ་ཞབས་ཀྱི་དོན་དུ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་བསྒོམ་པ་སྲིད་པ་འཇོམས་ཞེས་ཏེ་བྱང་ཆུབ་སེམས་བསྒོམ་པ་ནི་བཤད་ཟིན་ཏོ། །དེ་ཅི་འདྲ་ཞེ་ན་སྲིད་པ་འཇོམས་པ་སྟེ། དེ་ལ་སྲིད་པ་ནི་ཉེ་བར་ལེན་གྱི་ཕུང་པོ་ལྔའི་རང་བཞིན་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་སྲིད་པ་སྟེ་འབྱུང་ཞིང་འགྱུར་བའི་ཕྱིར་རོ། །དེ་རང་བཞིན་གྱི་སྒྱུ་མ་དང་འདྲ་བར་ཤེས་པའི་སྲིད་པ་འཇོམས་པ་སྟེ་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །

བཤད་པ་དམ་བཅའ་བ།


DTG036_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་དམ་བཅའ་བ་ནི་བདག་གིས་བཤད་ཅེས་གསུངས་ཏེ། འཕགས་པ་ཀླུ་སྒྲུབ་བདག་གིས་ཚིག་གི་གནས་ལྔ་དང་ལྡན་པར་འགྲེལ་པའོ། །དེ་གང་ཞེ་ན། ངེས་པའི་ཚིག་དང༌། དེའི་རྒྱུ་དང༌། དཔེ་དང༌། ཉེ་བར་འགྲོ་བ་དང༌། ངེས་པར་འགྲོ་བའོ། །

དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཆེར་གཞག་པའི་དོན།


DTG036_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་བྱང་ཆུབ་ཀྱི་སེམས་ཆེར་གཞག་པའི་དོན་ནི། བདག་དང་ཕུང་པོ་ཞེས་པ་ན་ས་ཏེ་། བདག་དང་ཕུང་པོ་ནི་སྔ་མ་བཞིན་ནོ། །སོགས་པ་ཞེས་པ་ནི་གཉིས་ཀ་ལ་མཚོན་པ་ཡིན་ཏེ། བདག་ལ་སོགས་པ་ནི་སེམས་ཅན་ལ་སོགས་པ་བཅོ་ལྔའོ། །ཕུང་པོ་ལ་སོགས་པ་དང༌། སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་གྱི་རྡུལ་ཕྲ་རབ་ཇི་སྙེད་དང་མཉམ་པ་རྡོ་རྗེ་ཐེག་པའི་སྒོ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཏེ། སྔ་མ་ལྟར་སང་པ་དང་རྒྱས་པའི་ཕྱིར་རོ། །དེ་ཡང་མུ་གསུམ་སྟེ་དང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ་བླ་ན་མེད་པ་མ་ཡིན་པ་ནི་ཐེག་པ་ཆེན་པོ་མདོ་སྡེའི་སྒོ་ནས་སངས་རྒྱས་ཏེ་རྡོ་རྗེའི་ཐེག་པ་བླ་ན་ཡོད་པའི་ཕྱིར་རོ། །གཉིས་པ་གཉིས་ཀ་ཡིན་པ་ནི་སངས་སྔགས་རྡོ་རྗེ་ཐེག་པའི་སངས་རྒྱས་ཏེ་མཐར་ཐུག་པའི་ཕྱིར་རོ། །མུ་གསུམ་པ་གཉིས་ཀ་མ་ཡིན་ཕ་ནི་ཐེག་པ་ཆུང་དུའི་སངས་རྒྱས་ཏེ་ཐེག་པ་ཆེན་པོ་གང་ན་ཡོད་པའི་ཕྱིར་དང་ཤེས་བྱའི་སྒྲིབ་པ་མ་སྤངས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས་འདོད་ཅེས་འབྲེལ་ལོ། །དེའི་མཚན་ཉིད་ཅི་འདྲ་ཞེ་


DTG036_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྟོང་པའི་མཚན་ཉིད་དེའི་རང་བཞིན་མེད་པ་ལ་སྤྱིའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །རྟག་ཏུ་ཞེས་པ་ནི་རྒྱུན་མི་འཆད་པ་སྟེ་སྐད་ཅིག་མ་ལ་སྐྱེ་ཞིང་འཇིག་པའི་དུས་གསུམ་མོ། །འདོད་པ་ནི་དོན་དམ་པར་དབུ་མའི་མཚན་ཉིད་ཀྱི་ལྟ་བར་ཕྱེ་ནས་འདོད་པའོ། །བྱང་ཆུབ་སེམས་དེ་ཇི་ལྟར་བསྒོམ་ཞེ་ན། སྙིང་རྗེས་བརླན་པའི་ཞེས་པ་ནས་ཏེ། སྙིང་རྗེ་ནི་རྣམ་པར་འཚེ་བའི་གཉེན་པོ་སྟེ་ཞེ་སྡང་མེད་པའི་ངོ་བོ་སྡུག་བསྔལ་དང་དེའི་རྒྱུ་དང་བྲལ་བར་བྱེད་པའི་མཚན་ཉིད་དོ། །དེ་ཡང་དོན་གྱི་རྣམ་པ་བརྒྱད་དང་ལྡན་པའི་སྙིང་རྗེ་ཆེན་པོ་སྟེ། འདི་ལྟར་རང་བཞིན་དང་། རྣམ་པ་དང༌། དམིགས་པ་དང༌། ས་དང༌། རིགས་དང༌། རྙེད་པ་དང༌། སྐྱབས་མེད་པ་ལ་སྐྱབས་སྦྱིན་པ་དང༌། མི་མཉམ་པ་དང་མཉམ་པའོ། །དེ་ལ་རང་བཞིན་ནི་དུས་གསུམ་མེད་པའི་རང་བཞིན་ནོ། །རྣམ་པ་ནི་སྡུག་བསྔལ་གསུམ་པ་སྙིང་རྗེ་བའོ། །དམིགས་པ་ནི་གཅིག་ནས་ཁམས་གསུམ་གྱི་སེམས་ཅན་ལ་སྙིང་རྗེ་བའོ། །ས་ནི་མི་ལྕོགས་པ་མེད་པ་དང༌། བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་བཞི་པ་ལ་སྙིང་རྗེ་བའི་ཕྱིར་རོ། །རིགས་ནི་ཉན་ཐོས་དང་རང་རྒྱལ་བ་དང་སོ་སོའི་སྐྱེ་བོ་ལ་སྙིང་རྗེ་པའོ། །རྙེད་པ་ནི་འདོད་པ་དང་སྲིད་པའི་རྩེ་མོའི་ཉོན་མོངས་པ་དང་བྲལ་བ་ལས་ཐོབ་པའོ། །སྐྱབས་སྦྱིན་པ་ནི་འཁོར་བ་ཆེན་པོས་འཇིགས་པ་ལའོ། །མི་མཉམ་པ་དང་མཉམ་པ་ནི་གྲངས་མེད་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་ཕྱིར་རོ། །དེས་འཇམ་ཕར་གྱུར་པ་ནི་སྙིང་རྗེས་བརླན་པ་སྟེ། ཁོང་ཁྲོ་བ་མེད་པའི་ཕྱིར་རོ། །སྙིང་རྗེས་བརླན་པ་ཡང་དེ་ཉིད་སེམས་ཀྱང་དེ་ཉིད་པས་སྙིང་རྗེས་བརླན་པའི་སེམས་ཏེ། སེམས་ཅན་སྡུག་བསྔལ་བ་དང་དེའི་རྒྱུ་དང་བྲལ་བར་བྱེད་པའི་ཕྱིར་ཤེས་རབ་ཀྱི་བག་ཆགས་སོ། །ཀྱིས་ཞེས་བྱ་བ་ནི་བསྒོམ་པའོ། །ནིའི་སྒྲ་ནི་ངེས་པའི་དོན་བསྟན་པའོ། །ནན་ཏན་ནི་ཕྱིན་ཅི་མ་ལོག་པར་བསྒོམ་པ་ལ་བརྟན་པའོ། །བསྒོམ་པར་བྱ་ཞེས་པ་ནི་བྱང་ཆུབ་སེམས་ལ་མཉམ་པར་གཞག་པའི་ཡོན་ཏན་སེམས་ལ་གོམས་པར་བྱེད་པའོ། །བྱང་ཆུབ་ཀྱི་སེམས་དེ་དུས་གསུམ་གྱི་སངས་རྒྱས་ཀྱིས་བསྒོམས་


DTG036_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །བསྟན་པ་ནི་སངས་རྒྱས་སྙིང་རྗེའི་ཞེས་བྱ་བ་ལ་སོགས་པའོ། །

དངོས་པོ་ཐམས་ཅད་དང་བྲལ་བ་འགྲེལ་པའི་དོན།


DTG036_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

་ནི་སྔར་དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་དེ་འགྲེལ་པ་ནི་མུ་སྟེགས་རྣམས་ཀྱི་ཞེས་བྱ་བ་ནས་ཏེ། མུ་སྟེགས་པ་ནི་བྱེ་བྲག་པ་ལ་སོགས་པའོ། །དེ་དག་གིས་མེད་པའི་ཕྱིན་ཅི་ལོག་པར་སྒྲོ་འདོགས་པ་ནི་བཏགས་པ་སྟེ་བདག་ཡོད་དོ་ཞེས་སྨྲའོ། །གང་གི་སྒྲ་ནི་སྤྱིར་བསྟན་པ་སྟེ། བདག་དང་གང་ཟག་ལ་སོགས་པ་གང་ཡང་རུང་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་དང་གང་དང་འབྲེལ་པ་དེའོ། །རིགས་པ་ནི་མངོན་སུམ་ལ་སོགས་པའོ། །དེ་ཡང་མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་སྟེ་དབང་པོ་ལ་སོགས་པའོ། །རྗེས་སུ་དཔག་པ་ནི་ཚུལ་གསུམ་ལ་སོགས་པས་དཔྱད་པ་སྟེ་རང་གི་དོན་ལ་སོགས་པའོ། །བརྟག་པ་ནི་དཔྱད་པའོ། །རིག་པས་དཔྱད་ན་འདིར་འགྱུར་ཏེ། ཕུང་པོ་ཀུན་གྱི་ནང་ན་ནི། །བདག་པོ་འགའ་ཡང་མི་རྙེད་དོ། །སྣོད་ལ་རྫས་གཞག་པ་ལྟར་རམ་དེ་དད་ཐ་མི་དད་པའི་བདག་ཀྱང་མེད་དོ་ཞེས་བསྟན་པའོ། །དེ་ཉིད་རྟག་པ་དད་ནི་ཕུང་པོ་ཡོད་པ་སྟེ་མི་རྟག་རྐྱེན་གྱི་དབང་དུ་འགྱུར་བའི་ཕྱིར་རོ། །དེ་དང་འདྲ་བའི་བདག་གཟུགས་མིན། །ཕུང་པོ་ལྟར་མི་རྟག་པ་བདག་གི་ངོ་བོ་མ་ཡིན་ཏེ། ལུས་ཀྱི་ཕུང་པོ་བརྗེ་བལ་གཅིག་ལ་གཅིག་ཞུགས་ནས་རྒྱུན་མི་འཆད་པར་རྟག་པར་བདག་ཅེས་མུ་སྟེགས་པ་འདོད་དོ། །དེ་ལྟ་བས་ན་ཕུང་པོ་གང་ཡིན་ན་བདག་ཡིན་ཞེས་ཐ་མི་དད་པར་གྲུབ་པ་མ་ཡིན་ནོ། །འོ་ན་སྣོད་དུ་གཞག་པའི་རྫས་ལྟར་གྲུབ་པོ་ཞེ་ན། རྟེན་དང་བརྟེན་པའི་ཚུལ་གྱིས་ཀྱང༌། །རྟག་དང་མི་རྟག་འགའ་ཡང་མེད། །རྟེན་ནི་སྣོད་ལྟ་བུ་སྟེ་ཕུང་པོའོ། །བརྟེན་པ་ནི་རྫས་ལྟ་བུ་སྟེ་བདག་གོ །དེ་ལྟ་བུའི་ཚུལ་གྱིས་ཀྱང་རྟག་པ་དང་ནི་མི་རྟག་པ་མེད་དེ་བདེ་བ་དང༌། སྡུག་བསྔལ་ལྷན་ཅིག་ཏུ་མི་གནས་པ་ལྟར་རྟག་པ་ནི་མི་རྟག་པ་དང་ལྷན་ཅིག་ཏུ་མི་གནས་པའི་ཕྱིར་བདག་ཅེས་བྱ་བ་མེད་དོ། །དེ་ལྟར་བདག་མ་གྲུབ་ན་གང་ཟག་ལ་སོགས་པ་མི་འགྲུབ་པས་ན། བདག་ཅེས་བྱ་བ་དེ་མེད་པས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བྱེད་པ་ནི་བྱེད་པ་པོ་དང་བྱེད་དུ་འཇུག་པ་པོ་ལ་སོགས་པའོ། །ཅིའི་


DTG036_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེ་ན། ཆོས་ཅན་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཆོས་ཅན་བྱེད་མཁན་གྲུབ་ན་བྱེད་པ་པོ་དང༌། བྱེད་དུ་འཇུག་པ་པོ་ལ་སོགས་པའི་ཆོས་ཡོད་དུ་ཆུག་ན་པ་དག་མེད་པ་ལ་སོགས་པའི་ཆོས་ཡོད་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །དེ་ལ་ཆོས་ཅན་ནི་བདག་སྟེ་བདག་པོའི་མཚན་ཉིད་འཛིན་པའི་ཕྱིར་རོ། །ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་ནི་བདག་གིར་འཛིན་པའི་ཆོས་རྣམས་སོ། །འཇིག་རྟེན་ནི་འཁོར་བ་སྟེ་སྐྱེ་ཞིང་འཇིག་པས་མི་རྟག་པའོ། །བསམ་པ་འཇུག་པའི་ཆོས་ཅན་ཡོན་ན་ཡོད་པ་ལ་ཆོས་ཡོད་ན་ཆོས་ཅན་ཡོད་ཅེས་ངེས་བར་རྟོག་པའོ། །དེ་ལྟར་བདག་སུན་ཕྱུང་ནས་བརྟག་བ་སུན་འབྱིན་པ་ནི་རིམ་གྱིས་ཞེས་བྱ་བ་ནས་དེ་ལ་རིམ་ནི་སྔ་ཕྱིའོ། །ཅིག་ཅར་ནི་དུས་གཅིག་ཏུའོ། །ཅི་ཕྱིར་རྟག་དོན་བྱས་པ་མེད། །རྟག་པ་ནི་རང་བཞིན་དང་དབང་ཕྱུག་ལ་སོགས་པ་སྟེ། གནས་སྐབས་སུ་ཆོས་གཞན་དང་གཞན་དུ་གྱུར་ན་ཡང་རྫས་དེ་བཞིན་དུ་གནས་པར་འདོད་པའི་ཕྱིར་རོ། །དེས་བསྐྱེད་པར་བྱ་བའི་འབྲས་བུ་ནི་དོན་ཏེ་ཕྱིའི་དངོས་པོའོ། །དེ་ཡང་རིག་པས་བརྟགས་ན་བརྟག་པའི་དོན་མེད་དེ་རྒྱུ་རྐྱེན་ལ་རག་ལས་པའི་ཕྱིར་རོ། །ཅིག་ཅར་ཡང་མི་འགྲུབ་སྟེ། སྔ་ཕྱིར་འཇིག་རྟེན་ཐ་དད་ནས་འབྱུང་བའི་ཕྱིར་རོ། །དེ་བས་ན་ཕྱི་དང་ཞེས་བྱ་བ་ལ་སོགས་པ་སྟེ་ཕྱི་ནི་བདག་གིར་འཛིན་པ་བུམ་པ་ལ་སོགས་པའོ། །ནང་ནི་བདག་ལ་སོགས་པའོ། །གལ་ཏེ་རྒྱུ་རྐྱེན་ལ་བསྡད་པ་ཡིན་ནོ་ཞེ་ན། གལ་ཏེ་ནུས་ན་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལ་གལ་ཏེ་ནི་བརྒྱ་ལམ་ནའོ། །ནུས་པ་ནི་མཐུའི་ཁྱད་པར་རོ། །ཅི་སྟེ་ནི་དྲི་བའོ། །ལྟོས་པ་ནི་བསྡད་པའོ། །དེའི་ཞེས་པ་ནི་བརྟག་པའོ། །དངོས་པོ་ཀུན་ནི་འཇིག་རྟེན་གྱི་ཁམས་སོ། །དུས་གཅིག་བསྐྱེད་པ་ནི་ཐ་མི་དད་པར་ལྷན་ཅིག་བྱས་པའོ། །གལ་ཏེ་ཞེས་བྱ་བ་ནི་རི་མ་པ་གཞན་བསྙག་པའོ། །གཞན་ལ་ལྟོས་པ་ཡིན་ན་ཞེས་བྱ་བ་ནི་རྒྱུ་རྐྱེན་ལ་བསྙད་པའོ། །དེ་བས་ན། རྟག་དང་ནུས་པ་དང་ལྡན་མིན། །ཞེས་ཏེ་དུས་གཅིག་ཏུ་བྱས་པ་མ་ཡིན་པའི་ཕྱིར་དང་རྒྱུ་ལ་ལྟོས་པའི་ཕྱིར་རོ། །དེ་ལྟ་བས་ན་གལ་ཏེ་དངོས་པོ་བརྟགས་པ་ཉིད་མེད་དེ། །རིག་པས་


DTG036_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་ན་དངོས་པོ་ཐམས་ཅད་མི་རྟག་པར་འགྱུར་བའོ། །མི་རྟག་པ་དེ་མ་ཐག་པ་དངོས་པོ་སྐད་ཅིག་ལ་སྐད་ཅིག་མ་རེ་རེ་ལ་སྐྱེ་ཞིང་འཇིག་པའི་ཕྱིར་རོ། །དེ་ལ་རྟག་ཏུ་ཞེས་བྱ་བ་ནི་དུས་གསུམ་ལ་རྒྱུ་འབྲས་ཉིད་དུ་རྒྱུ་བྱས་པའི་རྒྱུ་དེ་མུ་སྟེགས་པའི་རྟག་པ་ཤེས་པར་བྱ་བའོ། །དངོས་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །སྐད་ཅིག་མ་ནི་དུས་ཀྱི་མཐའ་སྟེ་རྩལ་པོ་ཆེའི་སེ་གོལ་གཅིག་ལ་དུས་ཀྱི་ཆ་དྲུག་ཅུ་རྩ་ལྔ་འགག་པའི་ཕྱིར་རོ། །དེ་ལྟ་བས་ན་དངོས་པོ་མི་རྟག་པའི་ཕྱིར་བྱེད་པ་གང་གིས་མི་སླུའོ་ཞེས་ཏེ། དེ་ལ་མི་རྟག་པའི་སྐད་ཅིག་ལ་སྐྱེ་ཞིང་འཇིག་པ་སྟེ་ངོ་བོ་ཟིན་མ་ཐག་འདས་པའི་ཕྱིར་རོ། །བྱེད་པ་ནི་དབང་ཕྱུག་ལ་སོགས་པའོ། །གང་གིས་སླུའོ་ཞེས་བྱ་བ་ནི་བདེན་པ་དང་ལྡན་པའི་ལྟ་བ་གང་གིས་ཀྱང་ཟློག་པར་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་མུ་སྟེགས་པའི་ལྟ་བ་བཀག་ནས་ཉན་ཐོས་ཀྱི་ལྟ་བ་གཙོ་བོར་གཞག་པ་གསུངས་པ་ནི། གཟུགས་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་གཟུགས་ནི་ཐོག་པ་དང་བཅས་ཤིང་རེག་ཏུ་ཡོད་པའི་ཕྱིར་རོ། །དེ་ཡང་བཅུ་གཅིག་སྟེ་དབང་པོ་ལྔ་དང༌། ཡུལ་ལྔ་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །ཚོར་བ་ནི་བདེ་བ་དང་སྡུག་བསྔལ་བ་དང་བཏང་སྙོམས་ཏེ། དེ་ཡང་མིག་གི་འདུས་ཏེ་རེག་པ་ལ་སོགས་པ་བཅོ་བརྒྱད་དོ། །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་དོ། །འདུ་བྱེད་ནི་ཕུང་པོ་བཞི་ལས་གཞན་པའི་མཚན་ཉིད་དོ། །ལྡན་པ་མ་ཡིན་པའི་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་ཆོས་གྲངས་མེད་པས་སོ། །ཕུང་པོ་ལྔ་ཆར་འདུ་བྱེད་ཡིན་པ་ལ། འདི་གཅིག་པུ་ལ་འདུ་བྱེད་ཀྱི་ཕུང་པོ་ཅིའི་ཕྱིར་གདགས་ཤེ་ན། གཟུགས་དང༌། སེམས་དང་སེམས་གང་ཡང་མ་ཡིན་པ་འདུ་བྱེད་པ་ཙམ་ལྡན་པ་མ་ཡིན་པར་བཅུ་བཞིའོ། །རྣམ་པར་ཤེས་པ་ནི་སོ་སོར་རྣམ་པར་རིག་པའི་མཚན་ཉིད་དེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དུག་ད་ཉིད་དོ། །དེ་རྣམས་ཕུང་པོ་ལྔ་ཞེས་ཏེ་བཞི་དང་དྲུག་སུན་ཕྱུང་བ་ལྷ་སྦྱིན་གྱིས་སྨྲས་པ་ལྟར་ཕུང་པོ་དྲུག་མེད་པའི་ཕྱིར་རོ། །གསུང་པ་བ་ནི་ཐེག་པ་ཆུང་དུ་ལས་དུས་གསུམ་དང༌། གཏམ་


DTG036_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང༌། ངེས་པར་འབྱུང་བ་དང་བཞི་དང་བཅས་པ་ཡང་ཕུང་པོ་ལྔ་ཞེས་པ་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་བསྟན་ཅེ་ན་ཉན་ཐོས་རྣམས་ལ་ཕན་འདོགས་པ་སྟེ། ཉན་ཐོས་ནི་དགྲ་བཅོམ་པའི་སངས་རྒྱས་ཏེ་སྟོན་པ་ལ་ཉན་ཅིང་ཐོས་ནས་ངེས་པར་འབྱེད་པའི་ཆ་བཞི་ཚེ་གཅིག་ལ་མངོན་དུ་གྲུབ་པའི་ཕྱིར་རོ། །ཕན་པ་ནི་ཕྱིས་ལེགས་པའོ། །

ཕུང་པོ་ལ་སོགས་པ་སྤངས་པ་འགྲེལ་པའི་དོན།


DTG036_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་པའི་འགྲེལ་པ་ནི། འཇིག་རྟེན་བདག་སོགས་མེད་པ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི་གང་ཟག་ལ་སོགས་པ་བཅོ་ལྔ་བསྡུའོ། །དཔྱད་ན་མ་གྲུབ་པ་ནི་མེད་པའོ། །དེ་འདྲ་བའི་ཕུང་པོ་ཙམ་ཡང་གཞོམ་པར་བྱ་སྟེ། ཐེག་པ་ཆེན་པོ་ལ་ཕུང་པོ་ལྔ་བཀག་ནས་ཁམས་གསུམ་ལ་སོགས་པའི་རང་བཞིན་རྣམ་པར་རིག་པ་ཙམ་དུ་གཞག་པའོ། །ཕུང་པོ་ཁོ་ན་བཀག་པར་མ་ཟད་ཀྱི་ཁམས་དང་ཞེས་བྱ་བ་ལ་སོགས་པ་དག་ཀྱང་སྟེ་ཇི་ལྟར་གཞན་ཅེ་ན། །གཟུགས་ནི་དབུ་བ་འདྲ་ཞེས་བྱ་བ་ལ་སོགས་པ་སྟེ། རང་བཞིན་གྱི་ཉམ་ཆུང་བས་དབུ་བ་སྟེ་རེག་ཏུ་མེད་པའི་ཕྱིར་རོ། །དེ་ལྟར་གཟུགས་ཀྱང་ངོ༌། །བྱང་མ་ཐག་ཏུ་འཇིག་པ་ནི་ཆུ་བུར་ཏེ་ཚོར་བ་ཡང་བདེ་བ་བྱུང་མ་ཐག་ཏུ་སྡུག་བསྔལ་འབྱུང་བས་སོ། །སྣང་བ་ཡང་མེད་པས་སྨིག་རྒྱུ་སྟེ། དེ་བཞིན་དུ་འདུ་ཤེས་ཀྱང་ཀ་བ་ཞེས་བྱ་བ་རྩ་མོ་དང༌། དབུས་དང༌། རྩ་བར་ཕྱེ་ན་དེའི་འདུ་ཤེས་མེད་པའོ། །སྙིང་པོ་མེད་པས་ཆུ་ཤིང་སྟེ། །འདུ་བྱེད་ཀྱང་འཁོར་བའི་ཆོས་སུ་ཕྱི་རོལ་དུ་སྣང་ཡང་སྙིང་པོ་མེད་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ཡིན་པའི་ཕྱིར་རོ། །གཞན་སླུ་བས་ན་སྒྱུ་མ་སྟེ། །དེ་བཞིན་དུ་རྣམ་པར་ཤེས་པ་ཡང་ཤེས་པ་དང་ཤེས་བྱ་མེད་པ་ལ་ཤེས་པ་བཞིན་སྣང་བའི་ཕྱིར་རོ། །དེ་ལྟར་ཕུང་པོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ནི་བསླབ་པར་བྱ་བའི་ཆོས་སོ། །ཐམས་ཅད་དུ་ཞེས་པ་ནི་རྣམ་པ་ཐ་དད་པ་མ་ལུས་པའོ། །བྱང་ཆུབ་སེམས་དཔའ་ནི་ས་བཅུ་པ་རྣམས་ལའོ། །ལ་ཞེས་བྱ་བ་ནི་ཡུལ་ལོ། །བསྟན་པ་ནི་རྗེས་སུ་སློབ་པའོ། །དེ་ལྟར་ཕུང་པོ་ལྔའི་རང་བཞིན་མེད་པར་བསྟན་ཏོ་ཞེས་


DTG036_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཡིན་ནོ། །དབུ་བ་ལ་སོགས་པ་རྣམས་གང་ཞེ་ན། འབྱུང་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ས་ལ་སོགས་པ་ནི་གཟུགས་ཆེ་ཕྲ་ཡོད་དོ་ཅོག་གི་འབྱུང་གནས་དང་གཟུགས་ཀུན་ལ་སྤྱིའི་མཚན་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །དེ་བས་ན་ནམ་མཁའ་ནི་འབྱུང་བ་མ་ཡིན་ཏེ་ཀུན་དུ་ཁྱབ་པའི་ཕྱིར་རོ། །དེ་རྣམས་ལས་བྱུང་བའི་ཆོས་ནི་འབྱུང་བ་ཆེན་པོ་བཞིའི་དངོས་གཞིའོ། །དེ་ནི། གཟུགས་ཀྱི་ཕུང་པོར་རབ་ཏུ་གསལ། །ཞེས་བྱ་སྟེ་གསལ་བ་ནི་མངོན་དུ་གྱུར་པའོ། །གཟུགས་མེད་ཉིད་དུ་གཞན་རྣམས་ནི། །ཞེས་པ་ནི་མིང་བཞིའི་ཕུང་པོའོ། །གཟུགས་ལས་གཞན་གཟུགས་མེད་པ་སྟེ་ཐོགས་པ་མེད་ཅིང་གཟུང་དུ་མེད་པའི་ཕྱིར་རོ། །དེ་ལྟར་ཕུང་པོ་ལྔའི་ནང་ན་གཅིག་ནི་གཟུགས་དང་བཞི་ནི་གཟུགས་མ་ཡིན་པ་སོམ་ཉི་མེད་པར་གསལ་བར་ནི་ཐེ་ཚོམ་མེད་པ་སྟེ་ཕུང་པོ་བཞི་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་ཡིན་པའི་ཕྱིར་རོ། །གཟུགས་དང་གཟུགས་མ་ཡིན་པའི་མཚན་ཉིད་ལས་ཁམས་ལ་སོགས་པ་ཡང་གཞན་མ་ཡིན་པ་ནི་ཁམས་ཞེས་བརྗོད་པ་ཞེས་བྱ་བ་ལ་སོགས་པའོ། །འོ་ན་དབུ་བ་དང་འདྲ་བའི་གཟུགས་ནི་རྫས་སུ་འདོད་པ་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་མཐའ་རྡུལ་ཕྲ་རབ་རྫས་སུ་འདོད་དོ་ཞེ་ན། གཟུགས་དང་གཟུགས་མེད་ཀྱི་རྡུལ་ཕྲན། །ཞེས་པ་ལ་སོགས་པ་སྟེ། གཟུགས་ཀྱི་མཐའ་མའི་ཆ་ནི་རྡུལ་ཕྲན་ཏེ། ཐོགས་པ་མེད་ཅིང་མདུན་རྒྱབ་ཀྱི་ཆ་མེད་པའོ། །དེ་ཡང་གཉིས་ཏེ་བསགས་པའི་རྡུལ་ཕྲ་རབ་དང་རྫས་ཀྱི་རྡུལ་ཕྲ་རབ་པོ། །དང་པོ་ནི་བརྒྱད་དང་དགུ་དང་བཅུ་བསགས་པའི་ཕྱིར་རོ། །དེ་ལ་བརྒྱད་བསགས་པ་ནི་འབྱུང་བ་ཆེན་པོ་བཞི་དང༌། གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ཏེ་བརྒྱད་ཕན་ཚུན་བསགས་ནས་འབྱུང་བའི་ཕྱིར་རོ། །དགུ་བསགས་བ་ནི་སྒྲ་སྟེ་གོང་མ་རྣམས་དང་སྒྲ་ཉིད་བསགས་པའི་ཕྱིར་རོ། །བཅུ་བསགས་པ་ནི་ལུས་ལ་སོགས་པའི་དབང་པོ་སྟེ། གོང་མ་དགུ་དང་ལུས་ལ་སོགས་པ་ཉིད་བསགས་ནས་འབྱུང་བའི་ཕྱིར་རོ། །རྫས་ཀྱི་རྡུལ་ཕྲ་རབ་ནི་གཅིག་བུར་སྣང་བའོ། །རྫས་ཀྱི་རྡུལ་ཕྲ་རབ་དེས་མིག་


DTG036_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་རྣམ་པར་ཤེས་པ་ནི་བསྐྱེད་མི་ནུས་པས། གཟུགས་ཀྱི་རྡུལ་ཕྲན་དབང་ཤེས་མིན། །རྡུལ་ཕྲ་རབ་དེ་དབང་པོས་མི་སོད་པའི་ཕྱིར་རོ། །དེ་ལ་དབང་པོ་ནི་བག་བྱེད་པ་དང་རྟེན་མཛེས་པར་བྱེད་པ་དང༌། རང་རང་གི་སྤྱོད་ཡུལ་ལ་དབང་བྱེད་པ་དང༌། རང་རང་གི་རྣམ་པར་ཤེས་པ་བསྐྱེད་པར་བྱ་བ་རྣམས་ལ་དབང་བྱེད་པའི་ཕྱིར་རོ། །དེའི་ཤེས་པ་ནི་ཚོགས་དྲུག་གི་རྣམ་པར་ཤེས་པའོ། །མིན་ཞེས་བྱ་བ་ནི་བསྐྱེད་པ་མ་ཡིན་ནོ་ཞེས་བྱ་བའོ། །དེའི་གཏན་ཚིགས་གསུངས་པ་ནི། བསྐྱེད་པས་འདས་པ་མ་ཡིན་ལ། །ཞེས་བྱ་བ་ལ་སོགས་པ་སྟེ་དབང་པོ་ལྔ་ལས་འདས་པའི་སྤྱོད་ཡུལ་གྱི་རྣམ་པར་ཤེས་པ་བསྐྱེད་པའི་དོན་མི་ནུས་པའི་ཕྱིར་རོ། །འོ་ན། གང་གིས་བསྐྱེད་ཅེ་ན། །དེ་དག་འདུས་པ་ལས་སྐྱེ་སྟེ་རྡུལ་ཕྲ་རབ་དེ་དག་བརྒྱད་ལ་སོགས་པ་འདུས་པ་བུམ་པ་དང༌། སྣམ་བུ་ལ་སོགས་པའི་སྤྱོད་ཡུལ་གྱིས་མིག་ལ་སོགས་པའི་རྣམ་ཤེས་སྐྱེད་པར་བྱེད་ཀྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདུས་པ་དེ་ཡང་འདོད་པ་མིན། །བུམ་སྣམ་ལ་སོགས་པ་ལྟ་བུ་རྡུལ་ཕྲ་རབ་འདུས་པའི་སྤྱོད་ཡུལ་ནི་དོན་དམ་པའི་རྫས་སུ་མི་འདོད་པ་སྟེ་ཅིའི་ཕྱིར་ཞེ་ན། འཇིག་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་བས་ན་རྡུལ་ཕྲ་རབ་ཀྱིས་ནི་རྣམ་པར་ཤེས་པ་མི་བསྐྱེད་ལ་འདུས་པས་ནི་བསྐྱེད་ན་ཡང་རྫས་དོན་དམ་པ་མ་ཡིན་པས་ཕྱི་རོལ་གྱི་རྫས་ལ་སྤྱོད་ཡུལ་ནི་མེད་དོ། །ཕྱི་རོལ་པའི་རྫས་སུ་ཡོད་པའི་རྡུལ་ཕྲ་རབ་ཀྱིང་བཀག་པར་གསུངས་པ་ནི་ཕྱོགས་ཀྱི་ཆ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལ་ཕྱོགས་ཀྱི་ཆ་ནི་ཕྱོགས་ཀྱི་ཆ་བཞི་དང་སྟེང་འོག་སྟེ་དྲུག་གོ །དེ་ལྟར་ཐ་དད་པ་ནི་རབ་ཕྱེ་བས་ཤེའོ། །དེ་བས་ན་ལྟོ་རྒྱབ་ཀྱི་ཆ་མེད་པར་འདོད་པའི་རྡུལ་ཕྲ་རབ་ལ་ཡང་དབྱེ་བར་མངོན་ཞེས་ཏེ། རྫས་སུ་གནས་པའི་ཆོས་ལ་ཕྱོགས་བཞི་དང་སྟེང་འོག་ཁས་བླངས་དགོས་སོ། །མངོན་ཞེས་པ་ནི་བུམ་པ་ལ་སོགས་པའི་གོང་མའི་དོན་ཡིན་པར་གསལ་ཞེས་པའི་དོན་ཏོ། །དེའི་ཕྱིར། ཟུར་དང་ཟུར་ཅན་རྟོག་པ་གང༌། །དེ་ནི་རྡུལ་ཕྲན་ག་ལ་འགྱུར་ཏེ། དེ་ལ་ཟུར་ནི་ཕྱོགས་ཆ་དྲུག་གོ །ཟུར་ཅན་ནི་རྡུལ་ཕྲན་ཏེ་ཟུར་དང་ལྡན་པའི་ཕྱིར་རོ།།


DTG036_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཏུ་ནི་རྟོག་ཕ་གང༌། །དེ་ནི་རྡུལ་ཕྲན་གལ་འགྱུར། །ཞེས་ཏེ་བསགས་པ་ནི་ཡན་ལག་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོ་ན་གནས་ཀྱི་ཚད་མ་དང༌། རིགས་ཀྱི་ཚད་མ་དང༌། དུས་ཀྱི་ཚད་མ་དང་དོན་བྱེད་པའི་ཚད་མ་བཞི་དང་འགལ་ལོ་ཞེ་ན། ཕྱིའི་དོན་རྣམ་པ་གཅིག་དང༌། ཡང་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལ་ཕྱིའི་དོན་ནི་གཟུགས་ལ་སོགས་པ་དྲུག་སྟེ་ཞེས་བྱ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཕྱིའི་དོན་ཡང་དེ་རྣམ་པ་གཅིག་ཀྱང་དེ་ཉིད་པས་ཕྱིའི་དོན་རྣམ་པ་གཅིག་ལ་ཡང་ཞེས་པ་སྟེ། བདེ་བའི་རྫས་གཅིག་ལ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ཞེས་བྱ་བ་ནི་རྣམ་གྲངས་གཞན་ལ་བསྙག་པའོ། །རྣམ་ཤེས་བདེ་བར་རབ་ཏུ་འཇུག །ཅེས་པ་ནི་བདེ་བདེ་ལ་ཡང་འཕགས་པ་རྣམས་ཀྱིས་སྡུག་བསྔལ་དུ་དམིགས་ཏེ་འགྱུར་བའི་སྡུག་བསྔལ་གྱི་ཕྱིར་རོ། །དེ་ཉིད་ནི་བདེ་དང་ཞེས་བྱ་བ་ལ་སོགས་པ་སྟེ་སིམ་པ་དང་སིམ་པ་མ་ཡིན་པ་དེ་དག་བསྐྱེད་པར་འགྱུར་བ་ནི་བྱེད་པའི་གཟུགས་ཏེ་མཛེས་པ་དང་མི་མཛེས་པའོ། །བདེ་བ་དང་སྡུག་བསྔལ་དེ་ཉིད་གཞན་དང་གཞན་དུ་འགྱུར་ཞེས་ཏེ་བདེ་བ་སྡུག་བསྔལ་བདེ་བར་འགྱུར་བའོ། །དེའི་དཔེ་གང་ཞེ་ན། དཔེར་ན་བུད་མེད་ཅེས་བྱ་བ་ལ་སོགས་པ་སྟེ་གཅིག་ཅེས་བྱ་བ་ནི་གཅིག་ཁོ་ནའི་ལུས་ཏེ། ལང་ཚོ་དང་ལྡན་པའི་ལུས་ཏེ་ལུས་གཅིག་པུ་དེ་ལའོ། །དེ་ལ་ཀུན་དུ་རྒྱུ་ནི་མུ་སྟེགས་པ་མི་གཙང་བ་བསྒོམ་པའོ། །ལྷག་མ་ནི་གོ་སླའོ། །དེ་བས་ན་རིགས་ལ་སོགས་པའི་ཚད་མ་གསུངས་པ་ནི་མེད་པ་ཁོ་ནའོ། །ཕྱི་རོལ་ཀྱི་རྫས་མེད་ན་དོན་མེད་པར་མི་རུང་ངོ་ཞེ་ན། རྨི་ལམ་གནོད་སྦྱིན་དོན་བྱེད་པ། །ཞེས་བྱ་བ་ལ་སོགས་པ་སྟེ། རྨི་ལམ་དེ་ནི་ཉེ་བའི་ཉོན་མོངས་པ་གཉིས་ཀྱིས་ཟིལ་གྱིས་གནོན་པ་ལ་བག་ཆགས་དང་ཁམས་དང་མི་མ་ཡིན་པའི་དབང་དུ་གྱུར་ནས་མཐོང་བའོ། །དེའི་རྒྱུས་པོ་མོ་ཕྲད་པ་མེད་ཀྱང་ཁུ་བ་ཟག་པའི་གནོད་པ་འབྱུང་བ་བཞིན་དོན་དུ་བྱེད་པ་སྟེ་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དོན་མེད་ཀྱང་མཐོང་བ་ལ་སོགས་པའི་བྱ་བ་བྱེད་དོ། །དེ་བས་ན་ངོ་བོ་ཉིད་མ་ཡིན་ནོ་ཞེས་ཏེ། སེམས་སྣང་བ་ལས་གཞན་དོན་བྱེད་པའི་ཕྱིར་རྫས་ཀྱི་ངོ་བོ་ཉིད་མེད་པའི་


DTG036_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །གཉིད་ལོག་པ་དང་སད་པ་མི་འདྲའོ་ཞེ་ན། རྨི་ལམ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་རྨི་ལམ་ན་རྫས་མེད་པར་གནོད་པ་ལྟར། སད་པ་ན་ཡང་ཕྱིའི་རྫས་མེད་པ་ཁོ་ནར་དོན་བྱེད་པ་གྲུབ་པ་སྟེ། དཔྱད་ན་གཟུང་འཛིན་འཁྲུལ་པ་ཙམ་ཡིན་པའི་ཕྱིར་རོ། །འོ་ན་གཟུང་འཛིན་གྱི་ངོ་བོ་གང་ལ་བྱ་ཞེ་ན་གཟུང་དང་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་ཡང་རྣམ་པར་རྟོག་པའི་དབང་གིས་སེམས་ཙམ་གཟུང་བ་དང་འཛིན་པའི་དངོས་པོ་རྣམས་སོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཆེ་རུ་ཞེས་པ་ནི་ཁྱད་པར་ཞེས་པའི་དོན་ཏོ། །དོན་དེ་ཉིད་ནི། རྣམ་པར་ཤེས་པ་མེད་པར་ནི། །ཕྱི་དོན་ཡོད་པ་འགའ་ཡང་མིན། །ཞེས་དེ་ལྟར་རིགས་པས་ཕྱི་རོལ་གྱི་དོན་སུན་ཕྱུང་ནས་རྣམ་པར་རིག་པ་སེམས་ཙམ་ཆེར་གཞག་པ་ནི་དངོས་པོ་ཞེས་པ་ནས་ཏེ། དེ་ལ་ཐམས་ཅད་དུ་ཞེས་བྱ་བ་ནི་གཟུང་འཛིན་གྱི་བདག་ཉིད་ཁམས་གསུམ་དང་དུས་གསུམ་དང་གཡོ་བ་དང་མི་གཡོ་བའི་ཆོས་སོ། །དེའི་ཕྱིར་ཞེས་པ་ནི་གོང་གི་གཏན་ཚིགས་བསྙག་པའོ། །རྣམ་པར་ཤེས་པ་རབ་སྣང་བའི། །གཟུགས་ཀྱི་རྣམ་པར་སྣང་བ་ཡིན། །ཞེས་བྱ་བ་ནི་དོན་དམ་པ་ཐོགས་པ་མེད་ཅིང་རེག་ཏུ་མེད་ཅིང་གཟུགས་མ་ཡིན་པའི་རྣམ་པར་ཤེས་པ་ཡང་ཐོགས་པ་དང་བཅས་ཤིང་རེག་ཏུ་ཡོད་པའི་གཟུགས་སུ་སྣང་བ་ཡིན་ཞེས་བའི་ཐ་ཚིག་གོ །ཇི་ལྟར་གཟུགས་མེད་པའི་ཆོས་གཟུགས་སུ་སྣང་བ་ཡིན་ཞེ་ན། ཇི་ལྟར་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དྲི་ཟའི་གྲོང་ཁྱེར་ནི་འཁྲུལ་བའི་དབང་གིས་བར་སྣང་ལ་སྣང་བའི་རྟ་ལ་སོགས་པའོ། །སོགས་པའི་སྒྲས་ནི་ཆུ་ཟླ་ལ་སོགས་པ་བསྡུའོ། །སྐྱེ་བོ་ནི་སོ་སོའི་སྐྱེ་བོ་སྟེ་ཉོན་མོངས་པ་དང་ལས་ཀྱི་དབང་གིས་སྐྱེ་བའི་ཕྱིར་རོ། །སེམས་འཁྲུལ་པ་ནི་སེམས་ཐ་དད་པའོ། །དེ་ལྟར་ཞེས་པ་ནི་དོན་གྱི་མགོ་འདྲེན་པའོ། །སོགས་པའི་སྒྲས་ནི་སྒྲ་ལ་སོགས་པ་བསྡུའོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་ཕུང་པོ་ལ་སོགས་པ་བསྟན་པ་ཡིན་ཞེ་ན། བདག་ཏུ་འཛིན་པ་ལོག་དོན་དུ། །ཞེས་པ་ལ་སོགས་པ་སྟེ། དེ་ཡང་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའོ། །སྐལ་ཆེན་ནི་བྱང་ཆུབ་སེམས་དཔའ་


DTG036_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་མཐའ་ཡས་པའི་འགྲོ་བའི་དོན་བྱེད་པའི་སྐལ་བ་དང་ལྡན་པའི་ཕྱིར་དང༌། ཐེག་པོ་ཆེན་པོ་ལ་གནས་པའི་སྐལ་བ་དང་ལྡན་པའི་ཕྱིར་དང༌། ཁམས་གསུམ་གྱི་མཆོད་པས་མཆོད་པའི་སྐལ་བ་དང་ལྡན་པའི་ཕྱིར་རོ། །སེམས་ཙམ་ཆེར་ནི་གཞལ་པ་ཡིན། །ཁམས་གསུམ་ལ་སོགས་པའི་རང་བཞིན་དུ་སེམས་ཙམ་ཁྱད་པར་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ །

ཆོས་བདག་མེད་པར་མཉམ་པ་ཉིད་འགྲེལ་པ།


DTG036_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཆོས་བདག་མེད་པར་མཉམ་པ་ཉིད་འགྲེལ་བ་ནི། སེམས་ཙམ་འདི་ནི་སྣ་ཚོགས་སུ། །ཞེས་བྱ་བ་ལ་སོགས་པ་ལ་སྣ་ཚོགས་སུ་ཞེས་བྱ་བ་ནི་གཡོ་བ་དང་མི་གཡོ་བའི་འཇིག་རྟེན་གྱི་ཁམས་སོ། །དེ་ནི་རྣམ་པ་གཉིས་ཏེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ལྟ་བུའོ། །གྲུབ་སྟེ་ཞེས་བྱ་བ་ནི་སེམས་ཙམ་གཅིག་པུ་ལས་བྱུང་ངོ་ཞེས་བྱ་བའོ།། གང་གི་ཡིན་ཞེ་ན་རྣམ་ཤེས་སྨྲ་བ་རྣམས་ཀྱི་ཞེས་ཏེ་རྣལ་འབྱོར་སྤྱོད་པའི་ལྟ་བ་རྣམས་ཀྱིའོ། །ཇི་ལྟར་རྣམ་ཤེས་ངོ་བོ་ཉིད། །ཅེས་བྱ་བ་ནི་རྣམ་པར་རིག་པ་ཙམ་ནི་རང་བཞིན་གང་ཇི་ལྟ་བ་བཞིན་དུ་ཡིན་པ་དེ་ད་ནི་བཤད་པར་བྱ་སྟེ། ད་ནི་ཞེས་བྱ་བ་ནི་འོག་མའི་མགོ་རྩོམ་པའོ། །དེ་ལ་རེ་ཞིག་སེམས་ཙམ་དུ་བསྟན་པའི་དགོས་པ་ནི་འདི་དག་ཅེས་བྱ་བ་ལ་སོགས་པ་སྟེ། འདི་དག་ཐམས་ཅད་ཅེས་བྱ་བ་ནི་སྔོན་དུ་སྣང་བའི་གཡོ་བ་དང་མི་གཡོ་བའི་ཆོས་རྣམས་སོ། །ད་ནི་སེམས་ཙམ་ཞེས་ཐུབ་པའི་བསྟན་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཏེ་སྐུ་གསུང་ཐུགས་ཀྱི་དགེ་བ་རྣམ་པ་ཐམས་ཅད་དུ་རྟག་ཏུ་ཞི་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་སེམས་ཙམ་དུ་བསྟན་པ་གང་ཡིན་པ་དེ་ནི། བྱིས་པ་སྐྲག་པ་སྤང་དོན་དུ། །ཞེས་ཏེ་དེ་ལ་བྱིས་པ་ཞེས་བྱ་བ་ནི་ཐོས་པ་མེད་པའི་སོ་སོའི་སྐྱེ་བོའོ། །ཡང་ན་སྟོང་པ་ཉིད་བཅོ་བརྒྱད་ཀྱི་དོན་མ་རྟོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་བཞིན་གཤེགས་པ་ལས་དམན་པའི་ཕྱིར་རོ། །སྐྲག་པ་སྤངས་པ་ནི་ཆད་པར་ལྟ་བར་ལྟུང་དུ་དོགས་ན་དང་ངས་པ་སྟེ། བསྐལ་བ་གྲངས་མེད་པ་གསུམ་དུ་ཚོགས་སོགས་པ་མེད་ན་


DTG036_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་པར་མི་འགྱུར་རོ་སྙམ་དུ་བསམས་པའོ། །དེ་བས་ན་རྣམ་པར་རིག་པ་ཙམ་དུ་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཞེས་བྱ་བ་ནི་གོང་དང་འབྲེལ་བའོ། །དེ་བཞིན་ཉིད་ནི་འགྱུར་བ་མེད་པ་སྟེ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་འགྱུར་བའི་ཕྱིར་རོ། །མིན་བ་ནི་རྣམ་པར་རིག་པ་ཙམ་ཡང་དོན་དམ་པ་དང་རང་བཞིན་ཡོད་པ་མིན་ཞེས་བྱ་བའོ། །དེ་ལྟར་རྣམ་པར་རིག་པ་ཙམ་མེད་ན་ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པ་རྣམས་ཇི་ལྟར་ཡིན་ཞེ་ན། སྟོང་ཉིད་གཅིག་བདག་ངོ་བོ་ནི། །སེམས་ལ་འདི་ལྟར་རྟོག་པ་སྟེ།། དོན་དམ་པའི་རང་བཞིན་མེད་པ་སེམས་ཙམ་ཁོ་ན་ལས་ངོ་བོ་ཉིད་དོན་གསུམ་དུ་རྟོག་གོ་ཞེས་བྱ་བའི་དོན་ཏོ། །གང་ཞེ་ན་ཀུན་བརྟགས་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཀུན་བརྟགས་ནི་གཟུང་འཛིན་ཏེ། ཕྱི་ནང་བརྟག་པ་ཙམ་ནི་ཡིན་ལ་རང་བཞིན་མེད་པའི་ཕྱིར་རོ། །གཞན་དབང་ནི་རྟོག་པའི་རང་བཞིན་ཏེ་རྒྱུ་རྐྱེན་གཞན་གྱི་དབང་བྱས་པའི་ཕྱིར་རོ། །ཡོངས་སུ་གྲུབ་པ་ནི་གཟུང་འཛིན་གྱི་རྣམ་པར་རྟོག་པ་མེད་པས་སོ། །མི་འགྱུར་བར་ཡོངས་སུ་གནས་པའི་ཕྱིར་རོ། །དེ་ལྟར་ངོ་བོ་ཉིད་གསུམ་དུ་བསྟན་པ་དེ་ནི། ཆོས་བདག་མེད་པ་ལྟ་བུ་ནི། །ཞེས་ཏེ་ཆོས་ཐམས་ཅད་བདག་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ལ་བསྟན་པ་ཡིན་ཞེ་ན། ཐེག་ཆེན་དགའ་བ་ཞེས་བྱ་བ་སྟེ་བྱང་ཆུབ་སེམས་དཔའ་རྣམས་སོ། །ཆེན་པོ་ནི་དམིགས་པ་ཆེན་པོ་ལ་སོགས་པ་སྟེ་ཟབ་ཅིང་རྒྱ་ཆ་བའི་ཆོས་ལ་དམིགས་པ་དང༌། རང་གཞན་དོན་འགྲུབ་པས་ན་གྲུབ་པ་ཆེ། །བདག་མེད་གཉིས་ལྡན་ཡེ་ཤེས་ཆེན་པོ་དང༌། །བསྐལ་བ་གསུམ་ལ་བརྩོན་དང་བླ་མེད་པའི། །བྱང་ཆུབ་ཐོབ་པའི་ཐབས་དང་མི་གནས་པའི། །མྱ་ངན་འདས་བ་གྲུབ་པས་འབྲས་བུ་ཆེ། །འཁོར་བ་སྲིད་དུ་གཞན་དོན་ལས་ཆེ་ཉིད། །དོན་བདུན་ལྡན་པས་ཐག་པ་ཆེན་པོར་བཤད། །ཅེའོ། །ཡང་ན་སྲིད་པ་དང་ཞི་བར་མི་རྟོག་པ་ནི་ཐེག་པ་ཆེན་པོ་སྟེ་དུས་གསུམ་པ་རྣམས་ཀྱི་ལམ་ཡིན་པའི་ཕྱིར་རོ། །དེ་ལ་མོས་པ་ནི་དགའ་བའོ། །དེ་འདྲ་བའི་རྣམ་པ་དང་བཅས་པའི་སེམས་ཙམ་ནི། རང་སེམས་གདོད་ནས་མ་སྐྱེས་པ།།


DTG036_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུ་ན་ནི་དེ་ཡིན་ནོ། །ཞེས་ཏེ་ཡོད་མེད་ཀྱི་ཆོས་སྐྱེ་བ་མི་འཐད་པའི་ཕྱིར་རོ། །དེ་ལ་མདོར་བསྡུས་པ་ནི་སངས་རྒྱས་ཀྱི་ལྟ་བ་མདོར་བསྟན་པའོ། །ཡིན་པ་ནི་སྟོང་པ་ཉིད་དང་རང་བཞིན་མེད་པའོ། །དེ་ལྟར་རྣམ་པ་དང་བཅས་པ་སུན་ཕྱུང་ནས་ད་ནི་རྣམ་པ་མེད་པ་མི་འཐད་པར་བསྟན་པ་ལས། རེ་ཞིག་རྣམ་པ་མེད་པའི་སེམས་ཙམ་གྱི་ངོ་བོ་ནི། །རང་སེམས་དབང་དུ་གྱུར་ཉིད་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྟེ་གཞན་དབང་དུ་གྱུར་པའི་ཀུན་གཞི་བསྒོམ་པའི་སྟོབས་ཀྱིས་རྟོག་པ་སྤངས་ཏེ་བདག་རང་གི་ངོ་བོར་གྱུར་པའོ། །བརྟེན་པ་ནི་ཀུན་གཞི་སྟེ་དགེ་བ་ལ་སོགས་པ་བག་ཆགས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །དེ་རྟོགས་པ་ལས་གཞན་མི་རྟོག་པར་གྱུར་པ་ནི་གཞན་འགྱུར་བ་དག་བ་ནི་ཞེས་ཏེ། རྣམ་པར་རྟོག་པའམ་དེ་ལས་བྱུང་བའི་ཉོན་མོངས་པའི་དྲི་མ་མ་བསལ་བའི་ཕྱིར་རོ། །དེ་གང་ཞེ་ན། སོ་སོ་རང་རིག་སྤྱོད་ཡུལ་སེམས། །ཞེས་ཏེ་དེ་ལ་སོ་སོ་རང་ཞེས་བྱ་བ་ནི་གཞན་ལ་བསྟན་དུ་མེད་པ་སྟེ་བརྗོད་ཀྱིས་མི་ལང་བའི་ཆོས་ཉིད་ཀྱི་ཕྱིར་བུ་མོ་བདེ་བའི་ཚོར་བ་བཞིན་ནོ། །དེ་ལ་འཛིན་ཅིང་དམིགས་པ་ནི། །སོ་སོ་རང་རིག་སྤྱོད་ཡུལ་སེམས། །ཞེས་བྱའོ། །རྣལ་འབྱོར་སྤྱོད་པ་ནི་རྣམ་པར་ཤེས་པར་སྨྲ་བ་སྟེ་རང་རིག་པ་ཙམ་གོམས་པར་བྱེད་པའི་ཕྱིར་རོ། །གསུངས་པ་ནི་རྣམ་པ་མེད་པའི་སེམས་མྱ་ངན་ལས་འདས་པའི་ངོ་བོ་སྟེ་དེ་ལྟ་བུ་ཡོད་དོ་ཞེས་བསྟན་པའོ། །དངོས་པོ་བསྟན་ནས་དེ་ཉིད་སུན་འབྱིན་པ་ནི་འདས་པ་གང་དེ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལ་འདས་པ་ནི་རྟེན་དུ་གྱུར་པའི་ཀུན་གཞིའོ། །མེད་པ་ནི་འཇིག་ཅིང་འགག་པའོ། །མ་འོངས་པ་ནི་གཞན་དུ་གྱུར་པའི་རང་རིག་པའི་སེམས་ཏེ་དེ་ཡང་ཐོབ་པ་མེད་དེ་མི་སྐྱེ་བའི་ཕྱིར་རོ། །དེ་བས་ན་བརྟེན་པ་གཞན་དུ་འགྱུར་བ་ནི་ཞེས་དོན་དམ་པ་མེད་དེ་འདས་པ་དང་མ་འོངས་པ་ལ་ལྟོས་ཏེ་ད་ལྟར་ཡིན་པའི་ཕྱིར་རོ། །ཡང་ཀུན་གཞི་མེད་པའི་གཏན་ཚིགས་གཞན་ཡང་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ། དེ་ལྟར་མི་སྣང་ཇི་ལྟར་དེ། །ཞེས་བྱ་བ་ནི་གལ་ཏེ་ཀུན་ཞིའི་རྣམ་པར་ཤེས་


DTG036_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོད་ནི་ཇི་ལྟར་དེའི་རྣམ་པ་དང་དམིགས་པའི་རང་བཞིན་དང་དེ་ལྟར་མི་སྣང་སྟེ། དེ་དམིགས་པ་དང་རྣམ་པ་མེད་པར་ནི་རྣམ་པར་ཤེས་པར་རིགས་པ་མ་ཡིན་ནོ། །ཇི་ལྟར་སྣང་བ་དེ་ལྟར་མིན། །ཞེས་པ་ནི་ཚོགས་དྲུག་གི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་ཇི་ལྟར་རྣམ་པ་དང་དམིགས་པ་དང་སྣང་པ་དེ་ལྟར་ཀུན་གཞི་མ་ཡིན་ཏེ་ཕྱི་རོལ་གྱི་སྤྱོད་ཡུལ་ལ་ཡོངས་སུ་སྤྱོད་མི་ནུས་པའི་ཕྱིར་རོ། །དེས་ན་ངོ་བོ་ཉིད་བདག་མེད་པའི་རྣམ་ཤེས་ཏེ་དོན་དམ་པར་རང་བཞིན་མེད་པའི་ཕྱིར་རོ། །དེ་ལྟར་ངོ་བོ་ཉིད་མེད་པའི་རྣམ་ཤེས་དེ་ནི་ཀུན་གཞི་མཆོག་ཅེས་ཏེ། དེ་ལ་ཀུན་གཞི་ནི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱིས་བོན་གྱི་གནས་ཀུན་རྫོབ་ཙམ་དུ་སྣང་བའི་ཕྱིར་རོ། །དེ་ཉིད་མཆོག་སྟེ་དབྱིངས་དང་འགྲོ་བ་དང༌། གནས་དང་རིས་ཐམས་ཅད་ལ་དགེ་བ་དང་མི་དགེ་བའི་ལས་ཀུན་རྫོབ་ཙམ་དུ་སྣང་བའི་ཕྱིར་རོ། །དེ་ལྟར་ཀུན་གཞི་མེད་ཀྱང་གཡོ་བ་ཡོད་པའི་དཔེ་བསྟན་པ་ནི། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་ཁབ་ལེན་གྱིས་ལྕགས་གཡོ་བ་ལྟར་ཀུན་གཞི་མེད་པ་སྟེ་ལྕགས་ཀུན་ཀྱང་གཡོ་བ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྟེ་དེ་མེད་པ་ནི་ཀུན་གཞི་མེད་པར་རོ། །མཐོང་བ་ནི་སེམས་དང་ལྡན་ཞིང་གཡོ་བར་མཐོང་བས་མིག་གི་སྤྱོད་ཡུལ་དུ་གྱུར་པའོ། །དོན་དེ་ཉིད་ནི་དེ་བཞིན་ཀུན་གཞི་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལ་མེད་པ་ནི་ཀུན་གཞི་མེད་པ་སྟེ་མི་གནས་པའི་ཕྱིར་རོ། །ཡོད་པ་བཞི་ན་ཞེས་པ་ནི་སེམས་དང་ལྡན་པ་ལྟར་རོ། །འགྲོ་དང་འོད་བ་རྣམས་ཞེས་བྱ་བ་ནི་ཕན་ཚུན་བསྐྱེད་པའོ། །འགྲོ་བ་དང་འོད་བ་བཞིན་དུ་རྟག་ཏུ་མ་ཟད་ཀྱི་སྣོད་ཀྱང་ཞེས་བསྟན་ཏོ། །ཡང་ཀུན་གཞི་མེད་པར་རིང་དུ་འགྲོ་བའི་དཔེ་གསུངས་པ་ཇི་ལྟ་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པའོ། །དོན་དང་སྦྱར་བ་ནི། །དེ་ལྟར་ཀུན་གཞི་རྣམ་ཤེས་ནི། །ལུས་ལ་བརྟེན་ནས་གཡོ་བ་ཡིན། །ཞེས་ཏེ་རང་བཞིན་མེད་པའི་ཀུན་གཞི་ལུས་ལ་རྟེན་ཅིང་འབྲེལ་ནས་དུས་རིང་པོར་གཡོ་བར་གྱུར་ཏོ་ཞེས་བྱ་བའོ། །དེ་ལ་ལུས་ནི་གཟུགས་ཕུང་སྟེ་ཡན་ལག་འདུས་པའི་ཕྱིར་རོ། །དེ་བས་ན་ལུས་མེད་


DTG036_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་ཤེས་ནི་ཡོད་ཅེས་ཡོངས་སུ་གང་བརྟགས་པ་སྟེ། ལུས་ལ་བརྟེན་པའི་ཀུན་གཞི་རྣམ་པར་ཤེས་པ་ལུས་ལ་མེད་ཀྱང་རྟག་པར་ཡོད་ཅེས་བྱ་བ་ནི་ཡོངས་སུ་བརྟགས་པ་ཙམ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་སོ་སོ་རང་རིག་པ་ཞེས་བྱ་བ་ཇི་ལྟར་སྨྲ་བར་བྱ་སྟེ། དེ་ལ་དེ་ཡིས་ཞེས་རྣམ་པ་མེད་པའི་སེམས་ཙམ་གྱི་ལྟ་བས་སོ། །དེས་ན་རང་རིག་པའི་ཡེ་ཤེས་ཡོངས་སུ་བརྟགས་པ་ཙམ་ཡིན་པས་ངོ་བོ་ཉིད་ཡོད་ཅེས་ཇི་ལྟར་སྨྲ་བར་བྱ། གལ་ཏེ་སོ་སོ་རང་རིག་པའི་ཡེ་ཤེས་ཡོད་ན་ངོ་བོ་ཉིད་འདི་ཡིན་ཞེས་བསྟན་དགོས་སོ་ཞེས་གསུངས་པ་ནི་སོ་སོ་རང་རིག་ཅེས་བྱ་བ་ལ་སོགས་པ་སྟེ་དེ་ལ་སོ་སོ་རང་རིག་གིས་མཁན་གྱིས་ཞེས་པ་ནི་རྣམ་པ་མེད་པའི་སེམས་ཙམ་མོ། །དེ་ནི་ཞེས་པ་ནི་སོ་སོ་རང་རིག་པའི་ཡེ་ཤེས་སོ། །དངོས་པོ་ཉིད་དུ་ཞེས་པ་ནི་དོན་དམ་པར་ཡོད་པར་འདོད་ཅེའོ། །དེ་ལྟར་དངོས་པོར་ཡང་འདོད་ལ། །དེ་འདི་རྗེས་སུ་བརྗོད་པ་སྟེ། །མི་ནུས་ཞེས་ཀྱང་སྨྲ་བའོ། །ཞེས་པ་ནི་རིག་པ་མ་ཡིན་ནོ་ཞེས་བྱ་བ་སྟེ་དེ་ལ་འདི་ཞེས་བྱ་བ་ནི་མངོན་དུ་མཚོན་པའོ། །མི་ནུས་པ་ནི་མཐུ་དང་མི་ལྡན་པའོ། །དེ་བས་ན་རང་གི་ངེས་པ་གཞན་རྣམས་ལ། །ངེས་པ་བསྐྱེད་པའི་དོན་དུ་ནི། །ཞེས་པ་སྟེ་སོ་སོ་རང་གིས་པའི་སེམས་ཙམ་པའི་ལྟ་བ་རང་གི་དེ་འདི་ཞེས་རང་རིག་པའི་ཆོས་རང་ལ་ངེས་པར་བྱས་ནས་ཕྱི་ནང་ལྟ་བ་གཞན་ལ་རང་རིག་པའི་ཡེ་ཤེས་དེས་པར་བསྐྱེད་པར་བྱའི་རང་ལ་མ་ངེས་པ་གཞན་ལ་ངེས་པར་བྱར་བཏུབ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་འདྲ་བས་ན་སེམས་ཙམ་པའི་ལྟ་བ་རྣམས་ལ་ནི། ལེགས་པ་རྣམས་ནི་རབ་ཞུས་ཏེ། །ཞེས་དད་པས་རྗེས་སུ་འབྲང་བ་རྣམས་ངེས་པར་གནས་སོ་ཞེས་བྱ་བའོ། །དེ་ཅི་འདྲ་བ་ཡིན་ཞེ་ན། །རྟག་ཏུ་ཐེ་ཚོམ་མེད་རྣམས་ཏེ། །ཤེས་པ་མེད་པས་ན་རྟོག་དཔྱོད་མི་བྱེད་པའི་ཕྱིར་རོ། །གཞན་ཡང་རང་རིག་པའི་སུན་འབྱིན་པ་ནི་ཚོར་བས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཚོར་བ་ནི་རང་རིག་པར་ཉམས་སུ་མྱོང་བར་བྱེད་པའོ། །ཚོར་བ་ནི་རང་རིག་


DTG036_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཏེ་ཚོར་བ་ཞེས་བྱ་བ་ནི་རིག་པར་བྱེད་པའི་ལས་སོ། །དེ་གསུམ་ཕན་ཚུན་ལྟོས་ནས་འབྱུང་བས་ན་ཚོར་བྱ་མེད་པས་ན་ཚོར་བ་མེད། དོན་ནི་འདི་ལྟ་སྟེ། དང་པོ་ཚོར་བ་པོས་ཚོར་བར་མ་གྱུར་ན་ཚོར་བྱར་མི་རུང་སྟེ། དེ་བཞིན་དུ་ཚེར་བྱ་དང་ལས་མེད་ན་ཚོར་བ་པོ་ཡང་མི་སྐྱེ་སྟེ། ཚོར་བྱ་ལ་ཚོར་བར་བྱེད་པས་ཚོར་བ་པོ་ཡིན་པའི་ཕྱིར་རོ། །དེ་བས་ན་ཚོར་བྱ་ཚོར་བྱེད་གཉིས་ཁོ་ན་མེད་པར་ཅི་སྟེ་མི་འདོད་དོ་ཞེས་ཏེ། སོ་སོ་རང་གི་རིག་པའི་ཡེ་ཤེས་ལ་ཚོར་བ་པོ་དང་ཚོར་བྱེད་དུས་གཅིག་ཏུ་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་རིག་པ་མེད་ན་སེམས་ཇི་ལྟར་བྱ་ཞེ་ན། སེམས་འདི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་སེམས་འདི་དག་ནི་མིང་ཙམ་སྟེ་ཞེས་པ་ནི། རྣམ་པར་རིག་པའི་སེམས་དེ་ནི་ཐ་སྙད་དུ་མཚན་མར་འཛིན་པའི་མིང་ཙམ་ཡིན་ཏེ་དོན་དམ་པ་རང་བཞིན་མེད་པའི་ཕྱིར་རོ། །དེ་བས་ན་བསྟན་དུ་མིང་ལས་གང་ལས་ཡིན་ཞེ་ན། དོན་མ་ལུས་པར་ཐ་སྙད་དུ་མིང་ཙམ་ཡིན་གྱི་ཀུན་གྱི་ངོ་བོ་སེམས་ཙམ་ཞས་གལ་འགྱུར་ཏེ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་མིང་ཞེས་བྱ་བ་ནི་མཚོན་པར་བྱེད་པའོ། །མིར་དེ་ཡང་བཀག་པ་རྣམས་ཞེས་དངོས་གྲུབ་བས་ན། མིང་དེ་ཡང་ནི་རང་བཞིན་མེད། །ཅེས་ཏེ་མིག་ལ་སོགས་པའི་རྣམ་པར་ཤེས་པས་སྤྱོད་ཡུལ་དངོས་སུ་མཐོང་ཞིང་སྤྱོད་པར་ཟད་ཀྱིས་གཟུགས་ལ་སོགས་པའི་མིང་ནི་དངོས་སུ་མེད་དེ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟ་སྟེ། མིང་གི་མཐའ་ནི་ཡི་གེ་སྟེ། །ཡི་གེ་འང་རང་བཞིན་མེད་པ་སྟེ། །བུམ་པ་ཞེས་བྱ་བ་དེ་ལ་བུམ་པ་སྐྱེ་ལ། མིར་སྐྱས་པ་ན་བུམ་པ་འདས་པའི་ཕྱིར་རོ། །དེ་ལྟར་མི་རྟོག་པ་ནི་ཇི་ལྟར་རང་བཞིན་ཡོད་ཅེས་བྱའོ། །དེ་ལྟར་རིག་པས་དཔྱད་པ་ལ་ངོ་བོ་ཡོད་པ་མ་ཡིན་པས། སེམས་ནི་ནང་མིན་ཕྱི་རོལ་ན་ཡང་མེད། །ཅེས་ཏེ་དེ་ལ་ནང་མིན་ཞེས་བྱ་བ་ནི་སོ་སོ་རང་རིག་པའི་ཡེ་ཤེས་སམ་མིག་གི་རྣམ་པར་ཤེས་པའི་ངོ་བོ་ཡང་མ་ཡིན་ནོ། །གཟུགས་ལ་སོགས་པའི་ཡུལ་དྲུག་གི་ངོ་བོ་ཡང་མ་ཡིན་ཞེས་པའོ། །བར་ནི་དེ་ཉིད་ལས་གཞན་དུ་མི་རྙེད་པའོ། །དེ་ལྟ་བས་ན། སེམས་ཀྱི་རང་བཞིན་སྒྱུ་མ་ལ།


DTG036_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྣམས་ཀྱི་ཐོབ་པ་ཡིན། །སྡིག་པ་མི་དགེ་བ་དང་ཉོན་མོངས་པའི་ཡུལ་བཅོམ་པས་ན་རྒྱལ་བའོ། །ཐོབ་པ་མིན་ཞེས་པ་ནི་དོན་དམ་པར་ནི་ཕྱི་ལ་སོགས་པ་གང་ན་ཡང་སེམས་ཀྱི་ངོ་བོ་མེད་པའི་ཕྱིར་རོ། །དེ་ལྟར་ངོ་བོ་སུན་ཕྱུང་ནས་སེམས་དངོས་པོ་གང་ཡང་རུང་བ་མ་ཡིན་པར་གསུངས་པ་ནི་ཁ་དོག་ཅེས་བྱ་བ་ལ་སོགས་པ་སྟེ། སོགས་པས་ནི་ཟ་མ་གཟུང་ངོ༌། །དེ་རྣམས་ཀྱི་གཟུགས་སུ་ཡིད་ནི་གནས་པ་མིན་ཏེ། གཟུགས་མ་ཡིན་པའི་ཆོས་ཡིན་པའི་ཕྱིར་རོ། །དེ་ལ་རྣམ་པར་ཤེས་པ་དྲུག་པོ་འགགས་པའི་ངོ་བོ་ནི་ཡིད་དེ། རྣམ་པར་ཤེས་པ་དྲུག་པོའི་རྟེན་དུ་གྱུར་པའོ། །དེ་ཡང་སེམས་ལ་ཤེས་པར་བྱ་བ་སྟེ། སེམས་དང་ཉིད་དང་རྣམ་པར་ཤེས་པ་དོན་གཅིག་པར་བཤད་པས་སོ། །དེ་འདྲ་བའི་སེམས་དོན་དམ་པར་སངས་རྒྱས་ཀྱི་སྤྱོད་ཡུལ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཞེས་བྱ་བ་ནས་ཏེ་མདོར་བསྡུ་ན་ཞེས་པ་ནི་རང་བཞིན་གྱི་སྒོ་ནས་བསྡུས་པའོ། །མིན་ཞེས་བྱ་བ་གཉིས་ནི་ད་ལྟར་དང་མ་འོངས་པ་ལ་གཟུང་ངོ༌། །ཅིའི་ཕྱིར་ཞེ་ན། རང་བཞིན་མེད་པའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྟེ། དོན་དམ་པར་རང་བཞིན་མེད་པའི་ཆོས་མིག་གི་སྤྱོད་ཡུལ་དུ་གྱུར་ན་ཡང་ཐ་སྙད་ཙམ་ཅུང་ཟད་དེ་ངོ་བོ་ནི་མ་གྲུབ་པའི་ཕྱིར་རོ། །གཟུགས་ལ་སོགས་པ་འབའ་ཞིག་ཁོ་ན་ཉིད་དངོས་པོ་ཡིན་ལ་གཞན་ནི་མ་ཡིན་ནོ་ཞེ་ན། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དངོས་པོ་ཞེས་བྱ་བ་རྣམ་རྟོག་སྟེ་ཞེས་པ་ནི་སེམས་ཙམ་པས་ཇི་ལྟར་ཡོངས་སུ་གྲུབ་པའམ་སོ་སོ་རང་རིག་པའི་ཡེ་ཤེས་བརྟགས་པ་དེ་ཁོ་ན་ཉིད་དངོས་པོ་ཡིན་ཏེ་དེ་ཡོད་པས་དོན་དམ་པའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །རྣམ་པར་མི་རྟོག་ཉིད་ཅེས་བྱ་བ་ནི་གང་རྣམ་པར་མི་རྟོག་པའི་ཆོས་དེ་ནི་སྟོང་པ་ཉིད་ཅེས་སངས་རྒྱས་ཀྱིས་གསུངས་སོ། །དེ་ལ་ཡང་མི་རྟོག་པ་ནི་ཡོད་མེད་དབུས་འདས་སོ། །སྟོང་པ་ཉིད་ནི་རང་བཞིན་མེད་པའོ། །དེ་བས་ན། གང་ལ་རྟོག་པ་མཐོང་གྱུར་ན། །དེ་ལ་སྟོང་ཉིད་གང་ཞེས་བྱ། །མུ་སྟེགས་དང༌། མདོ་སྡེ་པ་དང༌། རྣམ་པར་རིག་པ་


DTG036_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གང་དང་གང་དུ་དངོས་པོ་དང་ཕུང་པོ་དང༌། སེམས་ཙམ་དུ་རྟག་པར་གྱུར་པ་དེའི་བདག་མེད་པའི་ཆོས་སྟོང་པ་ཉིད་དུ་ག་ལ་འགྱུར་ཞེས་བྱ་བའོ། །དེ་ལྟར་ཆོས་རྣམས་སྟོང་པ་ཉིད་ཡིན་ན་བྱང་ཆུབ་ཀྱི་འབྲས་བུ་ཇི་ལྟར་འགྱུར་ཞེ་ན། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་མཁྱེན་པས་ཀྱང་དོན་དམ་པར་བྱང་ཆུབ་སེམས་དཔའ་མི་དམིགས་ཤིང་རྟོགས་སུ་མེད་པའི་ཕྱིར་རོ། །དེ་ལྟར་ཡིད་དང་བྱང་ཆུབ་པ་དེ་ལ་བྱང་ཆུབ་མ་མཐོང་ངོ་ཞེས་ཏེ་གང་ལ་ཞེས་པ་ནི་རྣམ་པར་རྟོག་པ་ཅན་དུ་ལྟ་བ་གང་ཡང་རུང་བའོ། །བྱང་ཆུབ་ནི་བྱང་ཆུབ་དོན་དུ་གཉེར་བའོ། །དེ་གཉིས་སུ་རྟོགས་པའི་ལྟ་བ་དེ་ལ་བྱང་ཆུབ་མ་མཐོང་ཞེས་རྣམ་པར་རྟོག་པ་ཅན་དུ་གྱུར་པ་ལ་སྟོང་པ་ཉིད་དུ་མ་གྱུར་པའི་ཕྱིར་རོ། །

རང་གི་སེམས་མ་སྐྱེས་པ་ལ་སོགས་པའི་འགྲེལ་པ།


DTG036_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ལྟ་བ་ཐམས་ཅད་སུན་ཕྱུང་ནས་ད་ནི་དབུ་མའི་ལྟ་བ་བྱང་ཆུབ་སེམས་ཆེར་བཞག་པའི་དོན་རང་སེམས་གདོད་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིན་ཞེས་བྱ་བ་དེའི་འགྲེལ་པ་ནི། རེ་ཞིག་དབུ་མའི་བྱང་ཆུབ་ཀྱི་མཚན་ཉིད་བསྟན་པ་ནི། མཚན་ཉིད་མེད་པ་མི་སྐྱེལ། །ཞེས་པ་ནས་ཏེ་དེ་ལ་མཚན་ཉིད་མེད་པ་ནི་རང་གི་མཚན་ཉིད་ཁ་དོག་ལ་སོགས་པའོ། །ཡང་ན་འདུ་བྱེད་ཀྱི་མཚན་ཉིད་སྐྱེ་བ་ལ་སོགས་པའོ། །དེ་ཁོ་ནའི་ཕྱིར་ན་མི་སྐྱེ་བ་ཞེས་པ་ནི་ཡོད་པ་དང་མེད་པ་མ་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ། ཆོས་ཐམས་ཅད་ཡོད་པ་སྐྱེར་མི་རུང་སྟེ་སྐྱེས་ཟིན་པའི་ཕྱིར་རོ། །མེད་པ་ནི་རུས་སྦལ་གྱི་སྒོང་དང་འདྲ་བས་སོ། །ཚིག་མི་བརྗོད་ཅེས་པ་ནི་ཚིག་བརྗོད་པའི་མིང་གི་ཡི་གེ་དུས་གཅིག་ཏུ་མི་འབྱུང་བས་དོན་དམ་པར་ཚིག་ཅེས་བྱ་བ་མེད་དེ་སྔ་མ་བྱུང་བ་བཞིན་ནོ། །འདུས་བྱས་མིན་པ་ནི་འདུས་བྱས་ཀྱི་མཚན་ཉིད་དུས་གཅིག་ཏུ་བྱས་པ་མ་ཡིན་ལ་རིམ་གྱིས་ཀྱང་མི་འགྲུབ་པའི་ཕྱིར་རོ། །འདི་ལྟ་སྟེ་གང་གི་ཚེ་སྐྱེ་བའི་དུས་ན་དེའི་ཚེ་གནས་པ་མེད་ན་གང་ཞིག་སྐྱེ་བར་འགྱུར་ཏེ་མི་གནས་པའི་ཕྱིར་རོ། །དུས་གཅིག་ན་ཡང་མ་སྐྱེས་ན་གནས་པ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། ནམ་མཁའ་དང་ནི་ཞེས་པ་སྟེ་དེ་ལ། ནམ་མཁའ་དང་ནི་ཞེས་པ་ནི། །ཞེའོ། །བྱང་ཆུབ་སེམས་ནི་རྣམ་པར་


DTG036_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོག་པའི་ཡེ་ཤེས་སོ། །བྱང་ཆུབ་ནི་ཆོས་རྣམས་ཕྱིན་ཅི་མ་ལོག་པར་མངོན་པར་རྟོགས་པའོ། །གཉིས་མེད་པའི་མཚན་ཉིད་ནི་ནམ་མཁའ་དང་བྱང་ཆུབ་སེམས་སོ་སོ་མ་ཡིན་ཐ་མི་དད་པའོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའ་ཐ་སྙད་དུ་ཡོད་ལ་དོན་དམ་པར་མེད་པ་ལྟར་བྱང་ཆུབ་སེམས་ཀྱང་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་ལ་དོན་དམ་པར་མེད་པའི་ཕྱིར་རོ། །དོན་དེ་ཉིད་ནི། སྟོང་པ་ཡེ་ཤེས་ནམ་མཁའ་འདྲ། །ཞེས་ཏེ། སྟོང་པ་ཡང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པས་སྟོང་པ་ཡེ་ཤེས་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་ནི་ནམ་མཁའ་ལྟར་ཐ་སྙད་དུ་ཡོད་ཀྱང་དཔྱད་ན་མེད་པའི་ཕྱིར་རོ། །དོན་དེ་ནི་སངས་རྒྱས་མཁྱེན་ཞེས་པ་དང་འབྲེལ་ལོ། །ཅི་འདྲ་བའི་སངས་རྒྱས་ཤེ་ན། །དུས་གསུམ་གནས་སུ་བྱེད་པའི་དུས་གསུམ་ལ་སངས་རྒྱས་པའོ། །དེ་ཡང་ཅི་འདྲ་ཞེ་ན། བྱང་ཆུབ་སྙིང་པོ་རྟོགས་པ་ཀུན། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་རོ། །བདག་ཉིད་ཆེན་པོ་ནི་སྟོང་པ་ཉིད་ཆེན་པོ་སྟེ་བདག་རང་བཞིན་དུ་འདོད་པའི་ཕྱིར་རོ། །དེ་འདྲ་བའི་ཡོན་ཏན་དང་ལྡན་པའི་སངས་རྒྱས་ལ། སྟོང་པ་ཉིད་ཀྱི་ཡེ་ཤེས་མཁྱེན། །ཞེས་པའི་དོན་ཏོ། །དེ་བས་ན། བྱང་ཆུབ་སེམས་དཔའ་དེ་ནི་བསྒོམ་པར་བྱ། །ཞེས་གསུངས་པ་ནི་ཆོས་རྣམས་ཞེས་བྱ་བ་ནས་ཏེ། དེ་ལ་ཆོས་ཀུན་གྱི་གནས་ནི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཞི་བ་ནི་ཐོག་མར་དགེ་བ་ལ་སོགས་པ་བཀྲ་ཤིས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །གནས་མེད་པ་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་རང་བཞིན་མེད་པར་རྟོགས་པའོ། །ལྷག་མ་ནི་བཤད་ཟིན་ཏོ། །འོན་ཀྱང༌། །སྐྱེ་བ་མེད་པ་སྟོང་པ་ཉིད། །ཅེས་བྱ་བ་ལ་སོགས་པ་ལ། ཕུང་པོ་ལ་སོགས་པའི་ཆོས་གཞན་མེད་ལ་སྟོང་པ་ཉིད་ནི་འདུ་ཤེས་རྟོགས་པའོ། །དེ་ལ་དམིགས་པ་མེད་ཅེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བས་དམིགས་པ་མ་ཡིན་པའོ་ཞེས་བྱ་བའི་དོན་ཏོ། །བློ་ཞན་པ་ནི་ཐོས་པ་ཆུང་བ་འམ་ལས་དང་པོ་པའོ། །དེ་ཡིས་དེ་ནི་བསྒོམ་པ་མིན། །ཞེས་པ་ནི་སྟོང་པ་ཉིད་དེ་ནི་ཀུན་གྱི་གཉེན་


DTG036_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པོར་འགྱུར་བ་ཡོད་དོ། །སྒོམ་པ་པོ་དེས་བསྒོམ་པ་མིན། །ཞེས་བྱ་བའོ། །དེ་ལྟར་ཡང་རྩ་བ་ཤེས་རབ་ལས། །ལྟ་བ་ཐམས་ཅད་གཅོད་པ་ཡིས། །སྟོང་པ་ཉིད་ཅེས་རྒྱལ་བས་གསུངས། །གང་ཞིག་སྟོང་པའི་ལྟ་བ་ཅན། །དེ་ནི་བཅོས་སུ་དཀའ་བར་གསུངས་ཞེས་གསུངས་སོ། །སེམས་མེད་པའི་མཚན་ཉིད་སྟོང་པ་གང་གི་ངོ་བོ་ཡིན་ཞེ་ན། དགེ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དགེ་བ་ནི་སྨད་པ་ལས་ལོག་པ་སྟེ། སྲོག་གཅོད་པ་སྤངས་པ་ལ་སོགས་པའོ། །ཡང་ན་རྩྭ་ཀུ་ཤའི་རྩེ་མོ་ལྟར་རྣོ་བའི་ཤེས་རབ་ལྟར་ནི་དགེ་བ་ཡིན་ལ། དེ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་མི་དགེ་བའོ། །དེ་གཉིས་རང་གི་མཚན་ཉིད་དུ་ཤེས་པ་ནི་དགེ་བ་དང་མི་དགེ་བའི་རྟོག་པ་རྣམས་སོ། །དེ་དག་རྒྱུ་འབྲས་ཀྱི་རྟེན་འབྲེལ་བརྒྱུད་པ་ནི་རྒྱུན་དང་ཞེས་པའོ། །ཡང་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འཇིག་པས་ན་ཆད་པའི་མཚན་ཉིད་ཅེའོ། །དེ་དང་འདྲ་བའི་དགེ་བ་དང་མི་དགེ་བ་ཐ་མི་དད་པར་སྟོང་པ་ཉིད་དུ་སངས་རྒྱས་ཀྱིས་གསུངས་ཏེ་ཞེའོ། །དེ་བས་ན་སྟོང་པ་ཉིད་དེ་ལས་གཞན་མི་འདོད་ཅེས་ཏེ། ལྟ་བ་ཀུན་གྱིས་ཀྱང་ཀུན་རྫོབ་ཏུ་དགེ་བ་དང་མི་དགེ་བ་རྟེན་ཅིང་འབྲེལ་བ་ལས་སྟོང་པ་ཉིད་གཞན་མི་འདོད་དོ་ཞེས་པའོ། །དེ་ལྟར་ཀུན་རྫོབ་དང་གཞན་དུ་མ་གྱུར་པའི་སྟོང་པའི་སེམས་ཅི་འདྲ་བའི་མཚན་ཉིད་ཡིན་ཞེ་ན། མཚོན་བྱ་མེད་པའི་སེམས་ཀྱིས་ན། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །ཞེས་ཏེ། ཡོད་པ་དང་མེད་པ་འདི་ཞེས་བྱ་བའི་ཚིག་གིས་མཚོན་པར་བྱ་བའི་དོན་མེད་པའི་སེམས་ནི་ནམ་མཁའ་དང་མཚན་ཉིད་མཐུན་པར་གནས་སོ། །འདི་ལྟ་སྟེ། འཇིག་རྟེན་བས་ནམ་མཁའ་ཞེས་ཐ་སྙད་དུ་བརྗོད་པའོ། །དོན་དམ་པར་ངོ་བོ་ཉིད་མེད་པའི་མཚན་ཉིད་ལྟ་བུའོ། །དེ་བས་ན་ནམ་མཁའ་སྒོམ་པ་ཆུད་པ་ནི་སྟོང་པ་ཉིད་སྒོམ་པར་འདོད་པ་ཡིན། །ཆུད་པ་ནི་དོན་རྟོགས་པའོ། །དེ་བས་ན་ཡུམ་ལས་ཀྱང་རབ་འབྱོར་ནམ་མཁའ་སྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའོ་ཞེའོ། །དེ་ལྟར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དང་དབྱེར་མེད་པ་ལས་སྟོང་པ་


DTG036_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པས་ན་སྟོང་པ་ཉིད་ལས་བརྟགས་པའི་ལྟ་བ་པོ་རྣམས་ཀྱི་ཆོས་གང་དེ་སྟོང་པ་ཉིད་ཡིན་པར་གསུངས་པ་ནི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལ་སྟོང་པ་ཉིད་ནི་སེང་གེ་ཡིན་ཏེ་རི་དགས་སྐྲག་པར་བྱེད་པ་ལྟར་དངོས་པོར་སྨྲ་བ་ཐམས་ཅད་དེ་མུ་སྟེགས་ལ་སོགས་བཤད་པ་རྣམས་སོ། །དེས་ན་མུ་སྟེགས་པ་ནི་དངོས་པོ་ཕྱི་ནང་རྫས་སུ་སྨྲ་ལ། ཉན་ཐོས་པ་གཉིས་ནི་ཕྱིའི་རྫས་སུ་སྨྲའོ། །སེམས་ཙམ་ནི་རྣམ་པར་རིག་པ་ཙམ་དུ་སྨྲས་སོ། །དེ་དང་འདྲ་བ་གང་དང་གང་ལ་ཞུགས་ན་ཡང་ཞེས་ཏེ་ལྟ་བ་དེ་དག་ཀྱང་རང་བཞིན་མེད་པའི་ཕྱིར་རོ། །དེ་ལྟར་ལྟ་བ་སྤྱིར་སྟོང་པ་ཉིད་དུ་གསུངས་ནས། ཡང་སེམས་ཙམ་ཁོ་ན་སྟོང་པའི་མཚན་ཉིད་དུ་གསུངས་པ་ནི། གང་གི་རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཙམ་པ་གང་རྣམ་ཤེས་སྐད་ཅིག་མར་གྱུར་པ་དེའི་རྣམ་པར་ཤེས་པ་ནི་རྟག་གྱུར་མིན་ཏེ་སྐད་ཅིག་མ་ཐམས་ཅད་མི་རྟག་པའོ། །དེ་བས་ན། མི་རྟག་པ་ཡི་སེམས་ཀྱིས་ནི། །སྟོང་པ་ཉིད་དུ་མི་འགལ་ལོ། །ཞེས་ཏེ། མི་རྟག་པ་དང་སྟོང་པ་ཉིད་ཐ་མི་དང་ཅིང་དོན་གཅིག་པའི་ཕྱིར་རོ། །དེ་ལྟར་སེམས་ཙམ་པའི་ལྟ་བས་ཀྱང་རྣམ་པར་ཤེས་རིག་པ་ཙམ་ནི་སྟོང་པ་ཁོ་ནར་ཁས་བླང་དགོས་སོ། །ཡང་རིག་པ་གཞན་སེམས་ཀྱི་མི་རྟག་པ་ཉིད་དུ་ནི་ཞེས་པ་ལ་སོགས་པ་སྟེ། ལྟ་བ་བཞི་ཀ་ཡང་མཐུན་པར་སེམས་ནི་སྐད་ཅིག་མར་འདོད་དོ། །དེ་ལ་ལྟ་བ་བཞི་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་སྟེ། གསུམ་ལ་སྐྱབས་སུ་གསོལ་བའི་ཕྱིར་དང༌། བདག་མེད་པ་དང༌། མི་རྟག་པར་འདོད་པ་འདྲ་བས་སོ། །དེ་བས་ན་དེ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ནི་ལྟ་བ་པོ་དེ་རྣམ་པ་བཞི་ནད་པ་ཡིན་པས་སེམས་སྟོང་པ་ཉིད་དུ་ཁས་བླངས་པར་རིགས་སོ་ཞེས་བྱ་བའོ། །ཡང་དབུ་མ་པས་རིགས་པ་གསུངས་པ། དངོས་པོ་རང་བཞིན་མེད་ཉིད་དུ། །སེམས་ནི་གྲུབ་སྟེ་དུས་ཀུན་ལ། །ཞེས་ཏེ་གདོང་ནས་མ་སྐྱེས་པའི་སེམས་རྟེན་འབྲེལ་ཙམ་དུ་དུས་གསུམ་ལ་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བས་ན། དངོས་པོའི་རང་བཞིན་མེད་ཉིད་པས། །རང་བཞིན་མེད་ཉིད་གསུངས་པའོ། །ཕུང་པོ་ལ་


DTG036_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང་རྣམ་པར་རིག་པ་དཔྱད་ན་རང་བཞིན་མེད་པས་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་ཚིག་ཏུ་ཡང༌། བདག་པོར་གནས་པ་སྤངས་ནས་སུ། །ཞེས་བྱ་བ་ལ་སོགས་པ་སྟེ་སངས་རྒྱས་ཀྱི་ལྟ་བས་མཐུན་པར་བདག་མེད་པའི་ལྟ་བ་ལ་གནས་པ་ལས། ཡང་སེམས་ཙམ་ཞེས་བྱ་བ་བསྒྲུབས་ནས་འདོད་པ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ནི་ཞེས་པ་ལ་སོགས་པའི་ཆོས་རྣམས་ཀྱི་བདག་མེད་པ་སྟོང་པ་ཉིད་ཀྱི་ཆོས་རང་གི་མཚན་ཉིད་ཀྱི་རང་བཞིན་ལས་གཞན་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེའི་དཔེ་ནི་བུ་རམ་ལ་སོགས་པ་སྟེ། གང་ལྟར་ཡང་མངར་བ་ཚ་བ་མི་འདོར་བ་ལྟར་རོ། །དོན་དེ་ནི་ཐམས་ཅད་ཅེས་པ་ནས་ཏེ། ཕུང་པོ་ལ་སོགས་པའི་ཆོས་གང་ཡང་དཔྱད་ན་རང་བཞིན་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཆོས་ཐམས་ཅད་སྟོན་པ་ཉིད་དུ་གྱུར་ན་དབུ་མའི་ལྟ་བ་ནི་ཚད་མར་མི་འགྱུར་རམ་ཞེ་ན་རང་བཞིན་ཞེས་པ་ལ་སོགས་པ་སྟེ། ཆོས་རྣམས་ཀྱི་རང་བཞིན་སྟོང་པར་ཟད་ཀྱི་རྟེན་འབྲེལ་གྱི་རྒྱུ་འབྲས་ནི་སྟོང་པར་མི་འདོད་དོ། །འོ་ན་རྟག་པར་འགྱུར་རོ་ཞེ་ན་དེ་བས་ན་ཞེས་པ་གསུངས་ཏེ། དེ་བས་ཞེས་བྱ་བ་ནི་སྟོང་པ་ཉིད་ཡིན་པས་ན་རྒྱུ་འབྲས་ཀྱི་ཆོས་རྟེན་འབྲེལ་ཙམ་མོ། །དོན་དེ་ཁོ་ན་གསུངས་པ། མ་རིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟེན་འབྲེལ་བཅུ་གཉིས་ཀྱང་རྒྱུ་འབྲས་འབྲེལ་པ་ཙམ་ཡིན་གྱི་རྒྱུ་འབྲས་ཀྱི་འབྲེལ་པ་ནི་མེད་དོ་ཞེས་བྱ་བའོ། །དེ་ལ་མ་རིག་པ་ནི་ཚེ་སྔ་མའི་ལས་ཉོན་མོངས་པ་སྟེ་ཡང་དག་པའི་དོན་ལ་སྒྲིབ་པའོ། །དང་པོ་ཞེས་པའི་སྒྲ་ནི་སོགས་པའི་སྒྲས་ཤེས་པར་བྱ་སྟེ་འདུ་བྱེད་ལ་སོགས་པའོ། །རྒ་ཤི་ཞེས་པ་ནི་རྣམ་པར་ཤེས་པ་ནས་ཚོར་བའི་བར་གྱི་ཡན་ལག་ལ་སྟེ་སྡུག་བསྔལ་ཡིན་པས་སོ། །དེ་ཉིད་མཐའ་ཞེས་ཏེ་བཅུ་གཉིས་ཀྱི་གྲངས་རྫོགས་པ་ཙམ་ཡིན་གྱི་མཐར་ཐུག་པ་ནི་མ་ཡིན་ཏེ་ཚེ་ཕྱི་མ་ལ་རྣམ་པར་ཤེས་པ་ལ་སོགས་པའི་ཡན་ལག་ལྔའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་པ་མེད་ན་ཅི་འདྲ་ཞེ་ན། སྒྱུ་མ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཡན་ལག་བཅུ་གཉིས་པ་ཞེས་པ་


DTG036_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཚེ་སྔ་མའི་ཡན་ལག་མ་རིག་པ་དང༌། འདུ་བྱེད་གཉིས་དང་ཚེ་སྔ་མའི་སྐྱེ་བ་དང་རྒ་ཤི་གཉིས་དང༌། རང་གི་བརྒྱད་དེ་དུམ་བུ་གསུམ་དང་ཚེ་གསུམ་མགོ་རྨོངས་པ་བཟློག་པའི་ཕྱིར་རོ། །ཡང་ན་རྒྱུའི་ཡན་ལག་དང་འབྲས་བུའི་ཡན་ལག་སྟེ་མ་རིག་པ་དང་། འདུ་བྱེད་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་རྣམས་ནི་རྒྱུའོ། །ལྷག་མ་རྣམས་ནི་འབྲས་བུའོ། །དེ་འདོད་དེ་ཞེས་པ་ནི་དབུ་མ་པ་རྣམས་ཀྱི་ཡན་ལག་བཅུ་གཉིས་རང་བཞིན་མེད་པར་འདོད་པའོ། །དེ་ལྟར་རང་བཞིན་མེད་པའི་སྒོ་ནས་ཡན་ལག་ཅེས་བྱ་བ་ལ་སོགས་པ་སྟེ། ཚེ་སྔ་མའི་སྲིད་པ་དང༌། ལེན་པ་དང་འདིས་མ་རིག་པ་སྐྱེ། མ་རིག་པ་ལས་འདུ་བྱེད་སྐྱེ། དེ་ལས་རྣམ་པར་ཤེས་པ་ནས་ཚོར་བའི་བར་ལྔ་སྐྱེ། །དེ་ནས་སྲེད་པ་དང་ལེན་པ་སྐྱེ། དེ་ལས་སྲིད་པ་སྐྱེ། །དེ་ལ་ཚེ་སྔ་མའི་སྐྱེ་བ་དང་རྒ་ཤི་སྐྱེའོ། །དེ་ཡང་མཛོད་ལས། ཉོན་མོངས་པ་ལ་ཉོན་མོངས་དང༌། །བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དན་ཉོན་མོངས་སྐྱེ། །འདི་ནི་སྲིད་པའི་ཡན་ལག་ལུགས། །གང་དུ་འཁོར་ཞེ་ན། སྲིད་པའི་ལམ་དུ་སྟེ་འདོད་པའི་སྲིད་པ་ལ་སོགས་པ་སྲིད་པ་འགྲོ་བ་དྲུག་གི་འཁོར་བའོ། །ཡང་ན། བར་དོར་སྐྱེ་བ་སྔོན་དུས་དང༌། །འཆི་བའི་སྲིད་པར་འཁོར་བ་ཡིན། །ལས་འབྲས་ཚོར་བ་ཡིད་ཆེས་གང༌། །དེ་ལས་གཞན་ནི་སེམས་ཅན་མེད། །རྟེན་ཅིང་འབྲེལ་བའི་ཆོས་ལས་སེམས། །ཞེས་བྱ་བ་ནི་མུ་སྟེགས་པའི་བརྟགས་པའི་གང་ཟག་ལྟ་བུ་རྒྱུ་འབྲས་ཀྱི་ལས་ཚོར་བ་པོ་མེད་ཅེས་བྱ་བའི་ཐ་ཚིག་གོ །དེ་ལས་ཞེས་པ་ནི་དེ་དག་ལ་སོགས་པ་སྟེ་བྱ་བའི་དངོས་པོ་ཡིན་པའི་ཕྱིར་རོ། །དེ་རྟེན་ཅིང་འབྲེལ་པའི་བརྒྱུད་པ་གང་ཞེ་ན། དཔེ་ནི་ཇི་ལྟར་ཞེས་པ་ནས་ཏེ་རྟེན་མེ་ལོང་དང་འབྲེལ་པ་ངོའི་དཀྱིལ་འཁོར་འདུས་མ་ཐག་ཏུ་གཟུགས་བརྙན་འབྱུང་བར་ཟད་ཀྱི་ངོ་དང་མེ་ལོང་གི་བར་ན་བརྒྱུད་པ་མཐོང་བ་མེད་དོ། །དེ་བས་ན་དེ་ལ་ནི་སྐྱེ་བ་མེད་དེ་མེ་ལོང་ལ་ངོ་འཇུག་པ་མེད་དོ། །འོན་ཀྱང་དེ་


DTG036_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཡང་ནི་ག་ལ་མིན་ཏེ་གཉིས་མེད་ན་གཟུགས་བརྙན་གལ་འབྱུང་ངོ༌། །དཔེ་དོན་དེ་ལྟར་ཞེས་པ་ནས་ཏེ་དེ་ལ་བསྐྱེད་ཅེས་བྱ་བ་ནི་ཉོན་མོངས་པ་དང་ལས་ཀྱི་མཐུ་ལས་འབྱུང་བའོ། །སྲིད་པའི་བར་ན་ཞེས་བྱ་བ་ནི་ཤི་བའི་སྲིད་པ་དང༌། སྐྱེ་བའི་སྲིད་པའི་མཚམས་སོ། །འབྲེལ་པ་ནི་བར་དོའི་སྲིད་པའོ། །དོན་ནི་འདི་ལྟ་སྟེ་བར་ན་བརྒྱུད་པ་པོ་མེད་པར་རང་བཞིན་མེད་པའི་རྟེན་འབྲེལ་གྱི་མཐུས་ཚེ་འདི་དང་ཕྱི་མར་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ །དོན་ཉིད་ནི་བསྐྱེད་པ་མེད་ཀྱང་ཞེས་བྱ་བ་ནས་ཏེ། མཁས་པ་ནི་ཁམས་དྲུག་ཅུ་རྩ་གཉིས་ལ་མཁས་པའོ། །ཡང་ན་དེ་བཞིན་གཤེགས་པ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའོ། །དེ་རྣམས་ཀྱིས་བསྐྱོད་པ་མེད་པའི་སྐྱེ་བའི་དོན་གཏན་ལ་ཕབ་པ་སྟེ་དེས་པར་བྱས་པའོ། །དེ་དག་ཅི་འདྲ་བའི་ངོ་བོ་ཉིད་གཅིག་པ་སྐྱེ་ཞེ་ན། སྟོང་པ་ཞེས་བྱ་བ་ལ་སོགས་པ་སྟེ་ངེས་པར་བྱས་པའོ། །དོན་དམ་པར་ནི་སྟོང་པའི་རང་བཞིན་གྱི་ཆོས་མ་རིག་པ་ལྟ་བུ་ལས་སྟོང་པའི་རང་བཞིན་གྱི་ཆོས་འདུ་བྱེད་པ་ལྟ་བུ་སྐྱེ་ཞེས་པའོ། །དེ་ལྟ་བས་ན་ལས་འབྲས་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུ་འབྲས་ཀྱི་ལས་ལ་ཚོར་བ་པོ་དང་ཚོར་བྱ་ནི་ཀུན་རྫོབ་ཀྱི་མཚན་ཉིད་ཡིན་ལ་དོན་དམ་པར་ནི་རྒྱལ་བས་བསྟན་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལྟར་ན་ནང་གི་རྟེན་འབྲེལ་གསུངས་ནས། ད་ནི་ཕྱིའི་གསུངས་པ་ནི་འདི་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །འབྲེལ་པས་བསྐྱེད་པ་ནི་འབྲེལ་པ་ཅན་གྱི་རྟེན་ཅིང་འབྲེལ་པ་ལས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ་དོན་དམ་པར་རང་བཞིན་དུ་སྤྱི་མཐུན་གྱི་ལས་རྒྱུ་འབྲས་ཀྱིས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་དཔེ་ནི་མྱུ་གུ་ཞེས་བྱ་བ་ལ་སོགས་པ་སྟེ། ས་བོན་ལ་སོགས་པ་དང་པགས་པ་ལ་སོགས་པ་རྣམ་པ་གང་ལ་ཡང་མེད་ཀྱང་འབྲེལ་པ་ཐ་དད་དུ་འབྱུང་བ་ལྟར་ཕྱི་ནང་གི་ཆོས་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དོན་དམ་པར་ན་ཅི་འདྲ་ཞེ་ན་སྒྱུ་མ་ལ་སོགས་པའོ། །དེ་ལ་ཕྱི་ནི་འདུས་བྱས་པའི་ཆོས་གཟུགས་ཀྱི་ཕུང་པོ་སྟེ། འབྲེལ་བ་ཅན་གྱི་རྟེན་འབྲེལ་


DTG036_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་མེད་པ་ལས་བྱུང་བ་རྒྱུ་འབྲས་ཀྱི་ཆོས་མི་རུང་ངོ་ཞེ་ན། ཆོས་རྣམས་ཞེས་པ་ནས་ཏེ་ཕུང་པོ་ལ་སོགས་པའི་ཆོས་རྣམས་ཀུན་རྫོབ་ཏུ་རང་གི་ས་བོན་ནམ་རྒྱུ་ལས་སྐྱེས་པ་འགལ་བ་མེད་པའོ། །ཅིའི་ཕྱིར་ཞེ་ན། རྒྱུ་ཡང་རྒྱུ་ཉིད་སྟོང་པ་སྟེ་གང་ཆོས་རྣམས་རྒྱུར་གྱུར་པ་དེའི་རྒྱུའི་ངོ་བོ་མ་གྲུབ་པས་རང་བཞིན་མེད་པ་འདི་ལྟ་སྟེ། འདུ་བྱེད་ཀྱི་རྒྱུ་མ་རིག་པ་དེ་ཚེ་སྔ་མའི་སྲེད་ལེན་གྱི་རྒྱུའི་འབྲས་བུའོ། །དེ་བཞིན་དུ་རྣམ་པར་ཤེས་པའི་རྒྱུ་འདུ་བྱེད་ཀྱི་མཚན་ཉིད་དེ་མ་རིག་པའི་འབྲས་བུ་ཡིན་ནོ། །དེ་ལྟར་གཅིག་ལ་རྒྱུ་འབྲས་ཀྱི་ངོ་བོར་སྣང་བས་ན། རྟེན་ཅིང་འབྲེལ་པ་ཙམ་དུ་ཟད་ཀྱི་རྒྱུ་ཉིད་འདི་ཉིད་འདི་ཡིན་ཞེས་བྱ་བའི་ངོ་བོ་ཉིད་དོ། །དེ་ལྟར་རྒྱུ་རང་བཞིན་མེད་པ་ལས་བྱུང་བའི་ཆོས་ནི་མི་སྐྱེ་བ་ཉིད་ཤེས་པར་བྱ། རྒྱུ་ཡོད་ན་སྐྱེ་བ་ཡོད་པའི་ཕྱིར་རོ། །དེ་ལྟར་མི་སྐྱེ་བའི་ཆོས་རྣམས་ནི་སྟོང་པ་ཉིད་ཅེས་རབ་ཏུ་གྲགས། དེའི་རྒྱུའི་ངོ་བོ་ཉིད་མེད་པས་ན་སྐྱེ་བ་མེད་ལ་མི་སྐྱེ་བའི་ཆོས་ནི་སྟོང་པ་ཉིད་དུ་གྲགས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའི་ཐ་ཚིག་གོ །མི་སྐྱེ་བའི་ཆོས་གང་ཞེ་ན། མདོར་བསྡུས་པ་ནི་ཕུང་པ་ལྔ་ཁམས་ལ་སོགས་པ་དེར་གསུངས་པའོ། །དེ་ལྟར་ཆོས་རྣམས་མི་སྐྱེ་བ་ཡིན་ན་ཀུན་རྫོབ་ཏུ་གང་ལས་འབྱུང་ཞེ་ན་ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། དེ་ཉིད་ཅེས་བྱ་བ་ནི་དོན་དམ་པར་རང་བཞིན་མེད་པ་དེ་འགྱུར་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཀུན་རྫོབ་ཡིན་པས་ཞེས་པ་སྟེ་བདེན་པ་གཉིས་ཐ་མི་དད་པའི་ཕྱིར་རོ། །དོན་དེ་ཉིད་ཀུན་རྫོབ་ཅེས་པས་ན། ཅིའི་ཕྱིར་ཞེ་ན། མ་འབྲེལ་ངེས་པ་མེད་པའི་ཕྱིར་ཏེ། གང་དང་གང་དུ་ཀུན་རྫོབ་ཀྱི་ཆོས་ཡིན་པ་དེ་དང་དེ་རུ་དོན་དམ་པའི་སྟོང་པ་ཉིད་ཡོད་དེ་མེ་དང་དུ་བ་བཞིན་ནོ། །དེའི་དཔེ་ནི་བྱས་པ་མི་རྟག་པ་བཞིན་ནོ། །བྱས་པ་ནི་འདུས་བྱས་པ་བུམ་པ་ལྟ་བུ་མི་རྟག་པ་ནི་འཇིག་པ་སྟེ་རྐྱེན་གྱི་དབང་དུ་གྱུར་པའི་ཕྱིར་རོ། །དེས་ན་འདུས་བྱས་ཡོད་པས་འཇིག་པ་བཞིན་དུའོ་ཞེས་བསྟན་ཏོ། །དེ་ལྟར་དེ་བཞིན་ཉིད་དང་ཀུན་རྫོབ་གཅིག་ཏུ་གྱུར་ནས་ཐར་པར་ཇི་ལྟར་འགྱུར་སྙམ་


DTG036_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་སྟེ་ཀུན་རྫོབ་གཉིས་ཉོན་མོངས་པ་ཡིན་ཏེ་རྩ་བའི་དྲུག་པོས་སེམས་ཉིད་ཉོན་མོངས་པར་བྱེད་པ་དང༌། མ་འོངས་པའི་དགེ་བ་མི་སྐྱེ་བར་བྱེད་པ་དང༌། སྐྱེས་པ་སྒྲིབ་པར་བྱེད་པའི་ཕྱིར་རོ། །དེ་ཡང་མ་རིག་པ་ལ་ཤེས་པར་བྱའོ། །དེ་བས་ཀུན་རྫོབ་ཉོན་མོངས་པ་ལས་སྐྱེས། ཉོན་མོངས་པའི་དབང་གིས་དགེ་བ་ལ་སོགས་པའི་ལས་སེམས་པ་སྐྱེ་བའོ། །ལས་ལས་སེམས་ཀྱང་སྐྱེ། །དགེ་བ་ལ་སོགས་པའི་ལས་བག་ཆགས་པའི་གནས་སེམས་འབྱུང་ངོ་ཞེས་བསྟན་ཏོ། །སེམས་ནི་བག་ཆགས་སྡུག་བསྔལ་ཏེ། སེམས་དེ་ཡང་དགེ་བ་ལ་སོགས་པ་སྟེ་བག་ཆགས་འདུ་བྱེད་ཀྱིས་གཟིར་བའི་ཕྱིར་རོ། །སྡུག་བསྔལ་གྱི་བག་ཆགས་དེ་རང་བཞིན་ཤེས་ནས་སྤངས་པ་ནི། བག་ཆགས་བསལ་ནས་བདེ་བའོ། །ཞེས་ཏེ་སེམས་ལས་སུ་རུང་བ་ལ་ཤེས་པར་བྱའོ། །བདེ་བའི་སེམས་ནི་ཞི་བ་སྟེ། །ཉོན་མོངས་པ་མེད་པ་སྟེ་སེམས་རྣམ་པར་དབེན་པར་ལྟ་བའི་ཕྱིར་རོ། །དེའི་ཕྱིར། ཞི་བའི་སེམས་ནི་རྨོངས་པ་མིན། །ཡང་དག་པའི་དོན་ནི་རྟོགས་པ་ལ་མི་སྒྲིབ་པའི་ཕྱིར་རོ། །མ་རྨོངས་པ་ཡིས་དེ་ཉིད་རིག །དོན་དམ་པའི་བདེན་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་པའི་དོན་ཏོ། །དེ་ཉིད་རིག་པས་གྲུབ་པ་འཐོབ། །མྱ་ངན་ལས་འདས་པ་འཐོབ་སྟེ་སྡུག་བསྔལ་གསུམ་ལས་ཐར་བའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་མཆོག་དེ་ཉིད་ནི་སྟོང་པ་ཉིད་ཅེས་རབ་ཏུ་གསུངས་ཏེ། རང་བཞིན་མེད་པའི་སྟོང་པ་ཉིད་ནི་བྱང་ཆུབ་སེམས་ཀྱི་ནང་ན་རབ་ཏུ་གསུངས་པའི་ཕྱིར་རོ། །སྟོང་པ་ཉིད་རང་བཞིན་མེད་པའི་བྱང་ཆུབ་སེམས་དེའི་ཁྱད་པར་གསུངས་པ་ནི། དེ་བཞིན་དེ་ཉིད་དེ་མི་འགྱུར་བའི་ཕྱིར་རོ། །ཡང་དག་པའི་མཐའ་སྟེ་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །སྡུག་བསྔལ་ནི་ཕུང་པོ་ལྔ་སྟེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང༌། འཁོར་བའི་ཕུང་པོ་སྡུག་བསྔལ་ཡིན། །ཞེས་གསུངས་སོ། །སྡུག་བསྔལ་དང་བདག་མེད་པའི་བྱང་ཆུབ་སེམས་ནི་སྡུག་བསྔལ་བདག་མེད་དོ། །སོགས་པའི་སྒྲས་ནི། མཚན་མ་མེད་དང་དོན་དམ་


DTG036_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཆོས་ཀྱི་དབྱིངས་ནི་གཟུང་བ་ཡིན། །དེ་ལྟར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བསྟན་ནས་དོན་དེས་བསྡུ་བ་ནི་གང་དང་ཞེས་པ་ལ་སོགས་པ་སྟེ། གང་དག་ཅེས་པ་ནི་རྣལ་འབྱོར་པ་གང་ཡང་རུང་ངོ༌། །སྟོང་ཉིད་མི་ཤེས་པ་ནི་དབུ་མའི་བྱང་ཆུབ་ཀྱི་སེམས་རང་བཞིན་མེད་པ་མ་རྟོགས་པའོ། །གྲོལ་བའི་སྐལ་བ་མི་ལྡན་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་མི་འགྱུར་བའོ། །དེས་ཅིར་འགྱུར་ཞེ་ན། སྲེད་པའི་ཞེས་བྱ་བ་ནས་ཏེ། གཏི་མུག་ཅན་ནི་ཆོས་རྣམས་རང་བཞིན་མེད་པའི་དོན་ཡང་དག་པར་མི་ཤེས་པ་སྟེ་དངོས་པོ་ཐམས་ཅད་ལ་ཞེན་པའི་ཕྱིར་རོ། །འགྲོ་དྲུག་ནི་འཇིག་རྟེན་པའི་ལྟ་བའི་ཚུལ་གྱིས་གསུངས་ཏེ་ལྷ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ་རང་བཞིན་མེད་པའི་དོན་མ་རྟོགས་ནས་དངོས་པོ་ཅན་དུ་གྱུར་མ་ཐག་ཡོད་པའི་རྣམ་པར་རྟོག་པ་འགྱུར་བས་ན་སྲིད་པར་ལྟུང་ངོ་ཞེས་བྱ་བའོ། །དོན་དམ་པའི་བྱང་ཆུབ་སེམས་ཀྱི་འགྲེལ་པ་བཤད་ཟིན་ཏོ། །

ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཆེར་གཞག་པའི་དོན།


DTG036_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཆེར་གཞག་པ་ནི་སྟོང་ཉིད་ཅེས་བྱ་བ་ནས་ཏེ། དེ་ལ་སྟོང་ཉིད་དེའི་རྣལ་འབྱོར་པས་དེ་ལྟར་སྒོམ་པར་བྱེད་པས་ན། དོན་དམ་པར་རང་བཞིན་མེད་པའི་བྱང་ཆུབ་སེམས་དེ་ལྟར་བསྒོམ་པའི་རྣལ་འབྱོར་པས་སྙིང་རྗེ་དང་ལྡན་པར་བསྒོམ་པར་བྱའོ། །དེ་ལ་སྙིང་རྗེ་དང་སྟོང་པ་ཉིད་སྦྱོར་བས་རྣལ་འབྱོར་རོ། །དེ་ཁོ་ན་ཉིད་ནི་གཞན་གྱི་དོན་ལ་ཞེས་པ་ལ་སོགས་པ་སྟེ། མཐོ་རིས་དང་བྱང་གྲོལ་ནི་སྨོན་ཅིང་གྲོལ་བར་བྱེད་པས་གཞན་དོན་ནོ། །སེམས་ཅན་གྱི་དོན་ལ་ཆགས་པའི་ཤེས་རབ་ནི་དགའ་པའི་བློའོ། །དེ་ལ་ཐེ་ཚོམ་མི་ཟ་བས་ཐེ་ཚོམ་ཡང་མེད་པའོ། །སྙིང་རྗེ་བསྒོམ་དགོས་པའི་གཏན་ཚིགས་ནི་ཕ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ས་བོན་དང་ལུས་རྟས་པར་བྱེད་པའི་ཕྱིར་ན་ཕ་དང་མའོ། །ཕ་དང་མའི་རིགས་ནི་བཤེས་གཉེན་ནོ། །ལེགས་པར་བྱེད་པས་ཕན་བྱེད་པའོ། །ཕན་དུས་གང་གི་ཚེ་ཞེ་ན། སྔོན་དུས་ཏེ་ཐོག་མ་མེད་པའི་ཚེ་རབས་ནས་སོ། །དེས་ན་སེམས་ཅན་ལ་དྲིན་ལན་བྱ་


DTG036_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བར་འོས་ཏེ། ཕན་ལན་བྱ་དགོས་སོ་ཞེས་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་ཞེས་བྱ་བ་ལ་སོགས་པ་སྟེ་གདུག་པར་བྱེད་པས་སོ། །གང་དུ་ཞེ་ན་སྲིད་བའི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་མ་རིག་པའི་དབང་གིས་སྡུག་བསྔལ་སྦྱིན་པ་ལྟར་རིག་པའི་དུས་སུ་བདེ་བ་སྦྱིན་པ་ཡིན་ཞེས་པའི་དོན་ཏོ། །ཅིའི་ཕྱིར་སེམས་ཅན་ལ་ཕན་པར་བྱ་ཞེ་ན། མཐོ་རིས་ཞེས་བྱ་བ་ལ་སོགས་པ་སྟེ། ལྷ་དང་མི་སྟེ་དགེ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །གང་ཞེས་པ་ནི་སྦྱིན་པ་ལ་མཚོན་པའོ། །འབྱུང་བ་ནི་སེམས་ཅན་ལ་ཕན་གནོད་བྱས་པས་མཐོ་རིས་དང་ངན་སོང་འབྱུང་བའི་ཕྱིར་རོ། །དེར་མ་ཟད་དེ་བླ་མེད་ཅེས་བྱ་སྟེ་ཐོབ་བོ་ཞེས་སྦྱར་རོ། །དེ་བས་ན་ཚངས་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདོད་པའི་ཉོན་མོངས་པ་ཞི་བས་ཚངས་པའོ། །དྲག་པོ་ནི་དྲག་པོའི་ལས་བྱེད་པ་སྟེ། སྲོག་སྣ་བསྟུང་བ་དང་གདངས་པ་དང་། ཤ་ཁྲག་ཚིལ་ཟ་བ་ལ་སོགས་པས་ན་དྲག་པོའོ། །སྲིད་ཐུབ་ཅིང་དགྲ་ལས་རྒྱལ་བས་ན་བརྒྱ་བྱིན་ནོ། །སོགས་པའི་སྒྲས་ནི་བརྒྱ་བྱིན་ལ་སོགས་པ་བསྡུའོ། །དེ་རྣམས་ལ་མཆོད་ཅིང་བརྟེན་པ་ནི་བརྟེན་པའོ། །ཅིའི་ཕྱིར་ངོ་མཚར་མིན་ཞེ་ན། སེམས་ཅན་རྣམས་ལ་བརྟེན་ནས་སངས་རྒྱས་པའི་ཕྱིར་རོ། །དོན་དེ་ཉིད་ལྷ་ཞེས་པ་ལ་སོགས་པ་སྟེ་རང་གི་འོད་ལ་ལོངས་སྤྱོད་པས་ལྷའོ། །རིག་པ་དང་ལྡན་པའི་ཡིད་ལས་བྱུང་བས་མིའོ། །ཡང་ན་འཇིག་རྟེན་པའི་སྒྲ་ལས་དྲངས་ན་སྐྱེ་དགུའི་བདག་པོ་ཤེད་བུ་ཡིན་པའི་ཕྱིར་རོ། །བདེ་བའི་འབྲས་བུ་ནི་ལོངས་སྤྱོད་དོ། །མེད་པ་འདི་ནི་གང་ཡང་མིན། །ལྷ་མའི་ལོངས་སྤྱོད་དེ་འཇིག་རྟེན་འདིར་མེད་པ་མ་ཡིན་ཏེ། ཡོད་པ་ཁོ་ནར་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །ལོངས་སྤྱོད་དེ་ནི་སེམས་ཅན་ལ་ཕན་པར་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་ཙམ་གྱི་སྒྲས་ནི་སེམས་ཅན་ལ་ཕན་པར་བྱེད་པ་ལས་གཞན་ལ་མི་རག་གོ །འགྲོ་གསུམ་ནི་འདོད་པ་ལ་སོགས་པའམ། ས་འོག་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། ལྷ་མིའི་ལོངས་སྤྱོད་ཁམས་གསུམ་ལ་ནི་ཇི་སྙེད་ཡོད་པ་སེམས་ཅན་ལ་ཕན་པར་བྱས་ན་ཉན་ཐོས་ཀྱི་དཀའ་ཐུབ་ལ་སོགས་པ་ལ་གནས་


DTG036_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཐོ་རིས་ཙམ་ཐོབ་ཀྱང་ལོངས་སྤྱོད་དང་ལྡན་པ་ནི་མ་ཡིན་ནོ། །དེ་ལྟར་ཕན་པར་བྱས་ནས་མཐོ་རིས་སུ་འགྲོ་བ་གསུངས་ནས། ད་ནི་བཟློག་པའི་འབྲས་བུ་གསུངས་པ། དམྱལ་བ་ནི་བསོད་ནམས་མ་ཡིན་པས་མི་རྣམས་ཁྲིད་པའི་ཕྱོགས་ཏེ་མི་རྣམས་བཅོམ་པའི་ཕྱིར་རོ། །ཕྱིར་མི་ལྡོག་པར་འདས་པའི་ཕྱིར་ཡི་དགས་སོ། །ཡང་ན་ཟས་སྐོམ་ཡིད་ལ་བཏགས་པས་ཡི་དགས་སོ། །ལྷ་དང་མི་ལས་ལོག་པར་འགྲོ་བས་དུད་འགྲོའོ། །དེ་རྣམས་སྡུག་བསྔལ་བ་ནི་སེམས་ཅན་ལ་གནོད་པ་བྱས་པས་བྱུང་ངོ་ཞེས་བྱའོ། །སྡུག་བསྔལ་བ་ཅི་འདྲ་ཞེ་ན། རྣམ་པ་དུ་མའི་གཟུགས་སུ་ནི་སྡུག་བསྔལ་ཞེས་ཏེ་གྲང་བ་ལ་སོགས་པའི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་གཟུགས་ཐ་དད་པའོ། །དེ་འདྲ་བའི་སྡུག་བསྔལ་གང་ལས་འབྱུང་ཞེ་ན། སེམས་ཅན་གནོད་བྱེད་ཕྱིར་ཏེ་ཉེས་པ་མེད་པའི་ཕྱིར་རོ། །དོན་དེ་ཉིད་ནི་བཀྲེས་པ་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ་ཕན་ཚུན་ཞེས་པ་ནི་བདག་དང་གཞན་གྱི་མཚན་ཉིད་དོ། །དེ་འདྲ་བའི་སྡུག་བསྔལ་རྟག་པ་ནི་ཞེས་ཏེ་ངན་སོང་དུ་རྒྱུན་མི་འཆད་པའོ། །སྡུག་བསྔལ་དེའི་ཁྱད་པར་གསུངས་པ་ནི་བཟློག་པར་དཀའ་སྟེ། མཆོད་སྦྱིན་དང་རྫུ་འཕྲུལ་གྱིས་ཀྱང་མ་ཡིན་ཏེ་ངེས་པར་མྱོང་བའི་ལས་ཡིན་པའི་ཕྱིར་རོ། །གསོར་མེད་པ་ནི་འབྱུང་བའི་ནད་ལྟ་བུ་མ་ཡིན་པ་སྟེ་སྡིག་པའི་ལས་ལས་བྱུང་བའི་ཕྱིར་རོ། །དེ་འདྲ་བའི་སྡུག་བསྔལ་ནི་གཞན་ལས་བྱུང་བ་མ་ཡིན་ཏེ། སེམས་ཅན་གནོད་བྱེད་འབྲས་བུ་དེ། །ཞེའོ། །སེམས་ཅན་གྱི་དངོས་པོ་གསུངས་པ་སངས་རྒྱས་ཞེས་ཏེ། ཉན་ཐོས་དང་རང་རྒྱལ་བ་དང་བླ་ན་མེད་པ་ཡང་དག་པ་དང་བཞིའོ། །བྱང་ཆུབ་སེམས་དཔའི་རིགས་དང་ས་ཐོབ་པ་སྟེ། །དེ་ནི་རྣམ་པར་བྱང་བའི་སེམས་ཅན་ནོ། །མཐོ་རིས་ངན་སོང་རིས་ལ་གང༌། །ཞེས་པ་ནི་ཀུན་ནས་ཉོན་མོངས་པའོ། །གང་ཞེས་པ་ནི་ཐུན་མོང་གི་ཚིག་གོ །སངས་རྒྱས་ནས་དམྱལ་བའི་བར་རྣམས་ནི་སེམས་ཅན་ཁོ་ནར་ཤེས་པར་བྱ་སྟེ་ཞེའོ། །ཇི་ལྟར་ཞེ་ན་རྣམ་པར་སྨིན་པ་ཉིད་ཀྱི་གཟུགས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཟག་པ་མེད་པའི་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་


DTG036_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པའི་སེམས་ཅན་ནོ། །མཐོ་རིས་ནི་ཟག་པ་དང་བཅས་པའི་དགེ་བའོ། །ངན་སོང་ནི་དེ་ཉིད་མི་དགེ་བའོ། །སེམས་ཅན་དེ་རྣམས་ལ་ཐབས་རྣམས་ཀུན་གྱིས་བསྙེན་བཀུར་བྱ། ལུས་དག་ཡིད་ནི་ཐབས་སོ། །ཡང་ན་མཆོད་པའི་སྒོ་ནས་སྦྱིན་པ་ལ་སོགས་པའོ། །རང་གི་ལུས་བཞིན་བསྲུངས་ཀྱང༌། རང་གི་ལུས་གནོད་པར་བྱེད་པ་ལས་བསྲུངས་པ་ལྟར་སེམས་ཅན་ལ་ཡང་ངོ༌། །དུག་བཞིན་བྱ་བ་ལ་སོགས་པ་ནི་དུག་འདོར་བ་ལྟར་སེམས་ཅན་བྲལ་བ་ཡང་སྤང་ངོ་ཞེས་བྱ་བའོ། །དེ་བས་ན་སེམས་ཅན་དང་བྲལ་བ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འཐོབ་པར་བསྟན་པ་ནི། ཆགས་བྲལ་ཞེས་བྱ་བ་ལ་སོགས་པ་སྟེ། སོ་སོར་བརྟགས་པའི་འགོག་པ་ནི་འཁོར་བ་དང་བྲལ་བས་ཆགས་བྲལ་ལ། དེའི་རོ་དང་གཅིག་པའི་ཕུང་པོ་ལྷག་མེད་ཀྱི་བྱང་ཆུབ་ནི་རོ་གཅིག་བྱང་ཆུབ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་བཀག་ནས་མར་མེ་སྣུམ་མེད་པ་ལྟར་ཡིད་གནས་སོ། །བྱང་ཆུབ་དེ་ནི་གང་གིས་འཐོབ་ཅེ་ན། ཐོབ་པ་ཉན་ཐོས་རྣམས་ཀྱིས་དེ་བས་ན་སེམས་ཅན་ཡོངས་སུ་མ་བོར་བ་ཞེས་བྱ་བས་གསུངས་ཏེ་འཁོར་བ་དང་མ་བྲལ་ན་སེམས་ཅན་སྤངས་པས་ནི་མ་ཡིན་ནོ། །དེ་ལྟ་བས་ན་རྣམ་པ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་ལ་ཕན་གནོད་བྱས་པས་བདེ་བ་དང༌། སྡུག་བསྔལ་འབྱུང་བ་བསམས་ནས་ཐེག་པ་ཆུང་དུའི་རང་དོན་ལ་གནས་པར་མི་བྱའོ་ཞེས་བསྟན་ཏོ། །དེ་བས་ན་བྱང་ཆུབ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ལ་ཉན་ཐོས་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་མྱུ་གུའི་འབྲས་བུའི་སྙིང་པོ་ལས་མི་གཡོ་བར་རྒྱལ་བའི་སྲས་ཀྱིས་སྒོམ་གྱི་གཞན་ཉན་ཐོས་ལ་སོགས་པས་སྒོམ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་རྒྱལ་སྲས་ནི་རྣམ་པར་མི་རྟོག་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཐུགས་རྟོགས་ནས་བྱུང་བའི་ཕྱིར་རོ། །

མ་བསྒྲལ་བ་བསྒྲལ་བའི་དོན་བཤད་པ།


DTG036_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་མ་བསྒྲལ་བ་བསྒྲལ་བའི་དོན་བཤད་པ་ནི་གང་གི་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔའ་རྣམས་སོ། །ཅི་འདྲ་བ་ཡིན་ཞེ་ན། དགོངས་པ་


DTG036_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རྣམས་བསྒོམ་པ་སྟེ། གཟུགས་ཁམས་ཀྱི་སེམས་ཅན་གྱི་དོན་དུ་བསམ་གཏན་གྱི་ཏིང་ངེ་འཛིན་དུ་ཞུགས་ཏེ་སེམས་རྩེ་གཅིག་པའི་ཕྱིར་རོ། །དེ་ཉིད་བསམ་གཏན་བདེ་ཞེས་ཏེ། རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པའི་ཡན་ལག་ལྔས་བསམ་གཏན་དང་པོ་དང༌། ནང་ཡོངས་སུ་དང་བ་དང༌། དགའ་བ་དང་བདེ་བ་སེམས་རྩེ་གཅིག་པའི་ཡན་ལག་བཞིས་བསམ་གཏན་གཉིས་པ་དང༌། བཏང་སྙོམས་དང་དྲན་པ་དང་ཡང་དག་པར་སྐྱེ་བ་དང༌། བདེ་བ་དང་སེམས་རྩེ་གཅིག་པའི་ཡན་ལག་ལྔས་བསམ་གཏན་གསུམ་པའོ། །དེ་ལྟ་བུའི་བདེ་བ་སྤངས་ཏེ་གཞན་གྱི་སྡུག་བསྔལ་གྱིས་གདུངས་པ་ཞེས་བྱ་བ་སྟེ། གདུངས་པ་ནི་སྙིང་རྗེ་དང་ལྡན་པའི་ཕྱིར་རོ། །དེས་ན། སྙིང་རྗེའི་གངས་ནི་བཅེར་བ་ལ། །གཞན་གྱི་སྡུག་བསྔལ་ཉི་ཚོགས་ཀྱིས། །གདུངས་ཤིང་སྙིང་ལས་ཞུ་བ་བཞིན། །ཁ་མིག་གཉིས་ནས་མཆི་མ་འཛག །ལྷག་མ་ནི་གོ་སླའོ། །དེ་ལྟར་རང་རང་གིས་དགའ་བ་དང་བདེ་བ་སྤངས་ནས་གཞན་གྱི་སྡུག་བསྔལ་དང་དུ་ལེན་པ་ནི་ངོ་མཚར་ཏེ། སྔོན་དུ་མ་མཐོང་མ་ཐོས་མ་རྟོགས་པའི་དོན་མཐོང་བ་དང༌། རྨད་དུ་བྱུང་བ་སྟེ་ཐོས་ནས་རྟོགས་པའོ། །གྲགས་པ་ནི་སྙན་པ་སྟེ་དོན་ཐམས་ཅད་གྲུབ་པ་དང༌། སྤྱན་རས་གཟིགས་ལྟ་བུ་སྟེ་དམ་པ་ནི་སྣང་བ་ལ་སོགས་པ་སྟེ་སངས་རྒྱས་སོ། །དེ་རྣམས་ཀྱི་སྤྱོད་པའི་ནང་ན་རབ་ཏུ་གྱུར་པ་དམ་པའི་སྤྱོད་པ་མཆོག་ཡིན་ཏེ། བླ་ན་མེད་པའི་འབྲས་བུ་འཐོབ་པར་བྱེད་པས་སོ། །དེ་བས་ན་རང་ལུས་དོན་དུ་གཉེར་བ་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་དོན་དུ་སྦྱིན་པ་བདུན་ནི་ཟག་པ་དང་བཅས་པ་སྟེ། ཕ་རོལ་ཟིལ་གྱིས་མནན་པ་དང༌། འགྲན་དང་ཆགས་དང་ལྡན་འདོད་དང༌། །རིགས་དང་མཐོ་རིས་གྲགས་དོན་ཏོ། །ངོ་མཚར་གྱི་ཁྱད་པར་གསུངས་པ་ནི་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཆོས་རྣམས་རང་བཞིན་མེད་པ་སྟོང་པ་ཉིད་དུ་རྟོགས་ནས་གཞན་དོན་སྦྱིན་པ་ལ་སོགས་པའི་རྒྱུ་འབྲས་སྤྱོད་པ་གང་ཡིན་པ་དེ་ནི་ངོ་མཚར་ལས་ཀྱང་ཞེས་པ་ནས་ཏེ། དེ་གཉིས་རྒྱུ་འབྲས་ཀྱི་སྒོ་ནས་


DTG036_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པའོ། །དེ་ལྟར་རྒྱུའི་སྒོ་ནས་ཡ་མཚན་པ་ནི་ངོ་མཚར་ཆེའོ། །འབྲས་བུའི་སྒོ་ནས་ཡ་མཚན་པ་ནི་རྨད་དུ་བྱུང་བའོ། །

མ་གྲོལ་བ་དགྲོལ་བའི་དོན་བཤད་པ།


DTG036_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་གྲོལ་བ་དགྲོལ་བའི་འགྲེལ་པའི་དོན་བཤད་པ་ནི་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་སེམས་ཅན་དགྲོལ་བ་ནི་ལྷ་དང་མི་དགྲོལ་བའོ། །དེའི་བྱེད་པའི་རྐྱེན་ཐུགས་རྗེ་ནི་སེམས་ཅན་བསྒྲལ་བའི་ཞེས་བྱ་བ་སྟེ། འདམ་ལས་སྐྱེས་པ་ནི་སངས་རྒྱས་རྣམས་ཏེ་ལྷའི་རིགས་ནི་རྣམ་པར་སྣང་མཛད་ལྟ་བུའོ། །མིའི་རིགས་ནི་ཤཱཀྱ་ཐུབ་པ་ལྟ་བུ་སྟེ། ཐུགས་རྗེའི་དབང་གིས་སྐྱེ་བར་མཛད་དོ། །དེ་ལ་སྲིད་པ་ཉིད་འདམ་སྟེ། ཆགས་པའི་གནས་ཡིན་པ་དང༌། རྒལ་དཀའ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་སྲིད་པའི་ནང་དུ་སྐྱེས་ཀྱང་སྐྱོན་གྱིས་མི་གོས་ཏེ། རང་བཞིན་མེད་པའི་དོན་རྟོགས་པའི་ཕྱིར་རོ། །དེའི་དཔེ་ནི་ཆུ་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ། ལུང་ལས། ཤེས་པས་སྲིད་ལ་མི་གནས་ཤིང༌། །ཞེའོ། །དོན་དེ་ཉིད་ནི། སྟོང་ཉིད་ཤེས་པའི་མེ་ཡིས་ནི། །ཞེས་བྱ་བ་ལ་སོགས་པའོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་སྟོང་པ་ཉིད་ཤེས་པའོ། །ཉོན་མོངས་པ་བསྲེགས་པས་ན་མེའོ། །དོན་ནི་དེ་ལྟར་མེ་དང་འབྲེལ་པའི་བུང་ཤིང་ཟད་པར་འགྱུར་བ་ལྟར་དེ་བཞིན་གཤེགས་པས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་འབྲེལ་པའི་ཉོན་མོངས་པ་ཟད་པར་འགྱུར་རོ། །འོན་ཀྱང་ཞེས་པ་ནི་ཉོན་མོངས་པ་མེད་ཀྱང་སྙིང་རྗེའི་དབང་གིས་འཁོར་བར་སྐྱེ་བར་མཛད་པས་ན་སྙིང་རྗེས་བརླན་པའི་ཞེས་བྱ་བ་ལ་སོགས་པའོ། །མིའི་རིགས་སུ་སྐྱེ་བ་བླངས་པའི་ཚུལ་བསྟན་པ། འཆི་འཕོ་ཞེས་བྱ་བ་ལ་སོགས་པ་སྟེ། འཆི་འཕོ་བ་ནི་དབང་པོ་ལྔའི་རྒྱུན་འདུས་པ་སྟེ། གནས་གཞན་ལྷ་ཡུལ་དུ་བསྐྱེད་པའི་ཕྱིར་རོ། །སྐྱེ་བའི་སྲིད་པ་དང་དུ་བླངས་པ་སྟེ་སེར་སྐྱའི་རིགས་ལྟ་བུའོ། །བྱང་ཆུབ་ཆེ་གཤེགས་ནི་སེར་སྐྱ་ནས་བྱང་ཆུབ་བསྙགས་པའི་ཕྱིར་རོ། །ཁྱིམ་ནས་འབྱུང་བ་ནི་གྲོང་ཁྱེར་སེར་སྐྱ་ནས་ཆུ་བོའི་འགྲམ་དུའོ། །དཀའ་ཐུབ་བརྟན་པ་ནི་ཏིལ་བྱེད་ཀྱིས་ལོ་དྲུག་ཏུ་འཚོ་བའོ། །བདུད་བཅོམ་པ་ནི་ཉོན་མོངས་པ་ལ་སོགས་པ་ཕ་མ་པར་བྱས་པ་དགུ་བཅུ་རྩ་བརྒྱད་དང་ལྷའི་བདུད་བཞི་


DTG036_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་པ་སྣ་ཚོགས་པ་སྟེ། བྱང་ཆུབ་ཀྱི་ཤིང་གི་རྩར་སྲོད་དང་ཐོ་རངས་ལའོ། །གཉིས་པ་ནི་བཅུ་དྲུག་ཡངས་པ་ཅན་དུའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་བཱ་རཱ་ཎ་སཱིར་རོ། །བྲམ་ཟེའི་ཡུལ་ག་ཡར་ཚངས་པ་དང༌། བརྒྱ་བྱིན་དང་ཁྱབ་འཇུག་ལ་སོགས་པའི་རིགས་ཀྱི་གཙོ་བོ་བྱེད་པས་ལྷའི་རིགས་ཞུགས་པའོ། །དེ་འདྲ་བའི་ཚལ་ཙམ་ནི་སྙིང་རྗེའི་དབང་དུ་གནས་པའི་ཞེས་པ་ལ་སོགས་པ་སྟེ། གཞལ་དུ་མེད་པའི་ཡེ་ཤེས་ཐོབ་པར་འདོད་པའི་འགྲོ་བ་རྣམས་ཀྱིས་བསྐྱེད་པས་ན་མགོན་པོའོ། །ལྷའི་རིས་སུ་སྐྱེ་བར་མཛད་པ་གསུངས་པ་ནི། ཚངས་པ་ཞེས་བྱ་བ་ནས་ཏེ་ཉེ་དབང་ནི་ཁྱབ་འཇུག་གོ །ཡང་ན་སུམ་ཅུ་རྩ་གཉིས་སོ། །དེ་རྣམས་ཀྱི་གཟུགས་སུ་སྣང་བས་ན། གཟུགས་བརྙན་ལ་གནས་ཏེའོ། །འདུལ་བའི་འགྲོ་བ་དང་སྦྱར་བས་ཏེ། འགྲོ་བའི་སྐལ་བ་དང་མཐུན་པར་བྱས་ནས་རང་གི་སྐྱོན་མེད་པར་བྱེད་པའོ། །དེ་ཡང་ཚངས་པ་ལ་སོགས་པ་གང་གིས་འདུལ་བ་ལ་དེའི་ལུས་སུ་བསྟན་པ་ནི་རང་གི་སྐྱོན་མེད་པར་བྱེད་པའོ། །དེ་བས་ན་སངས་རྒྱས་རྣམས་ཀྱིས་ནི་སྙིང་རྗེའོ་བསམས་ནས་གང་བཞིན་བྱེད། གཅིག་གིས་ཀྱང་ཀུན་བྱེད་ཅེས་བྱ་བའོ། །

དབུགས་དབྱུང་བའི་དོན་འགྲེལ་པ།


DTG036_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དབུགས་དབྱུང་བའི་དོན་འགྲེལ་པ་ནི། ཐེག་པ་ཆེན་པོ་ལས་བྱུང་བ་ཞེས་པ་ལ་སོགས་པ་སྟེ། ཡང་དག་པར་ན་ཐེག་པ་ཆེན་པོ་གཅིག་ལས་གཞན་མེད་པ་ལ་དེ་བས་བསྐྱེད་ནས་སྙིང་ལས་ཆུང་དུ་སྟོན་པ་རྣམས་ཀྱིས་ཡང་གསུངས་པའོ་ཞེས་བསྟན་པའོ། །ཅིའི་ཕྱིར་བསྟན་ཞེ་ན། སྲིད་པ་ལམ་གྱིས་ཞེས་པ་ལ་སོགས་པ་སྟེ། ཐོག་མ་ནས་ཐ་མ་མེད་པའི་སྲིད་པའི་ལམ་དུ་བརྒྱུད་པའི་སྡུག་བསྔལ་གྱིས་གཟིར་བ་རྣམས་འགོག་པ་ལ་བཙུད་ནས་ངལ་བསོ་བ་ཙམ་དུ་གཞག་པ་ཡིན་ཀྱི་དོན་དམ་པ་མིན་ཞེས་པ་སྟེ། ཐེག་པ་ཆུང་དུ་ནི་ཐེག་པ་ཡང་དག་པ་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་མ་ཡིན་པའི་དོན་ཏོ། །དེ་ལྟར་ཡང་རབ་འབྱོར་ཐེག་པ་ནི་གཅིག་སྟེ་ཐེག་པ་ཆེན་པོ་ཞེའོ། །དགོས་པ་དེ་ལ་ཇི་ཙམ་དུ་གནས་ཤེ་ན་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་གཅིག་ངོ་བོ་ནི་


DTG036_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ་སེམས་དང་སེམས་ལས་བྱུང་བའི་གཡོ་བ་འགོག་པའི་ཕྱིར་རོ། །དེས་ན་མ་ཞུམ་པའི་སེམས་ཀྱིས་ནི་ཞེས་བྱ་བ་ལྟ་བུའོ། །དེ་ཉིད་ཏིང་འཛིན་རིག་པ་སྟེ། །ཤིན་ཏུ་སྟོན་པ་ཉིད་ལ་སེམས་རྩེ་གཅིག་པ་དེ་ལ་ཆགས་པའི་ཕྱིར་རོ། །དེས་ཡང་དག་པའི་དོན་མ་མཐོང་བ་ནི་མྱོས་པའོ། །དེ་འདྲ་བའི་གནས་སུ་སངས་རྒྱས་ཀྱི་བྱ་བ་ལ་སོགས་པ་སྟེ། མ་བསྐུལ་ན་མི་ཁོམ་པ་དང་འདྲ་བར་སེམས་དང་སེམས་ལས་བྱུང་བའི་ཆོས་དང་མི་ལྡན་པར་གནས་སོ། །དེས་བསྐུལ་ན་ཅིར་འགྱུར་ཞེ་ན། བསྐུལ་བས་ལྷ་ཚོགས་གཟུགས་དག་གི །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྤྲུལ་པས་གདུལ་བྱའི་སྐལ་བ་དང་སྦྱོར་བའི་གཟུགས་སྣ་ཚོགས་ཀྱིས་བསྐུལ་མ་ཐག་ཏུ་ཉན་ཐོས་དེ་དག་སེམས་ཅན་དོན་ལ་ཞེས་ཏེ་ཐེག་པ་ཆེན་པོ་ལ་ཞུགས་ནས་དོན་བྱེད་དོ། །དེ་ནས་བསོད་ནམས་ཡེ་ཤེས་ཀྱིས་གསོས་ཏེ་སྦྱིན་པ་ནས་བཟོད་པའི་བར་དུ་བསོད་ནམས་ཐ་མ་གཉིས་ནི་ཡེ་ཤེས་སོ། །བརྩོན་འགྲུས་ནི་གཉིས་ཀའི་གྲོགས་སོ། །དེ་ལྟར་ཐམས་ཅད་གསང་ཆེན་མཆོག་ལས་གསུངས་པ། མ་རིག་མེད་པའི་ཡེ་ཤེས་ནི། །ཚོགས་ནི་རྣམ་པར་འབྱུང་བ་ཡིན། །ཞེའོ། །དེ་གཉིས་ཀྱིས་རྒྱས་པར་བྱེད་པ་ནི་གསོས་པའོ། །དེ་ལྟར་གྱུར་མ་ཐག་ཏུ་ནི། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །དེ་ཁོ་ནའི་དོན་ནི་བག་ཆགས་གཉིས་ཀྱི་ཕྱིར། །ཚོགས་གཉིས་ཀྱི་བག་ཆགས་བསགས་པའོ། །བག་ཆགས་ས་བོན་དུ་ནི་གསུངས། །བག་ཆགས་དེ་ནི་སྲིད་པའི་ས་བོན་དུ་གྱུར་པའོ། །ས་བོན་རྫས་མཐུན་གྲོགས་མཐུན་ནས། །དེ་ལྟར་བག་ཆགས་ཀྱི་ས་བོན་ཡོད་མ་ཐག་ཏུ་ཕུང་པོའམ་སེམས་དང་སེམས་ལས་བྱུང་བ་སྟེ་ཆོས་སམ་དེའི་ཉེ་བའི་རྒྱུ་ཕ་མ་ལ་སོགས་པ་དང་ལྡན་པའོ། །དེ་ཡིས་སྲིད་པའི་མྱུ་གུ་བསྐྱེད། །དེས་ནི་འཁོར་བ་ལས་སྐྱེ་བར་འགྱུར་ཞེས་པའི་དོན་ཏོ། །དེ་ལྟར་ཐེག་པ་གཅིག་ཡིན་པ་ལས་ཐག་པ་ཆུང་དུ་བསྟན་པ། ཅིའི་ཕྱིར་ཞེ་ན། བསྟན་པ་ཞེས་པ་ལ་སོགས་པ་སྟེ། སེམས་ཅན་བསམ་པའི་རིགས་དང་དབང་པོ་དང་བསམ་པའི་དབང་གིས་ཐ་དད་པའོ། །དེའི་དབང་


DTG036_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་གདུལ་བྱའི་བསམ་པའི་རྗེས་སུ་འགྲོ་བའོ། །དེའི་ཕྱིར། འཇིག་རྟེན་རྣམ་པ་མང་པོ་ཡིས། །ཐབས་ཀྱི་རྣམ་པ་མང་དུ་ཕྱེ། །རྣམ་པ་མང་པོ་ནི་རིགས་ལ་སོགས་པ་ཐ་དད་པ་སྟེ། རིགས་ནི་མུ་སྟེགས་པ་ལ་སོགས་པའོ། །དབང་པོ་ནི་ཆུང་དུའི་ཆུང་དུ་ལ་སོགས་པའོ། །སྐལ་བ་ནི་ཚོགས་གཉིས་ཀྱི་སྐལ་བ་ཅན་ནོ། །ཐབས་ནི་བསྒོམ་པའི་མཚན་ཉིད་མངོན་རྟོགས་ཀྱི་རིམ་པ་དགུ་སྟེ། ཉན་ཐོས་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཐེག་པའི་བར་རོ། །དེ་ལྟར་ཐམས་ཅད་ཐ་དང་ཀྱང་དོན་དམ་པར་གཉིས་སུ་མེད་པའི་དོན་གསུངས་པ་ནི། ཟབ་ཅིང་རྒྱ་ཆེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཉིས་སུ་མེད་པའི་ཤེས་རབ་ནི་ཟབ་པ་སྟེ། རང་བཞིན་མེད་པའི་ཕྱིར་རོ། །རྒྱ་ཆེ་བ་ནི་བསྒོམ་པའི་མཚན་ཉིད་ཐབས་ཏེ་རང་བཞིན་ཕྱེ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་གཉིས་སུ་གྱུར་པ་ནི་དབྱེ་བ་དང་ཞེས་སོ། །དེའི་ཕྱིར་གང་ཞིག་མཚན་ཉིད་གཉིས་ཀ་ཡང་སྟེ་བདེན་པ་གཉིས་ཀྱི་སྤྱི་དང་རང་གི་མཚན་ཉིད་དོ། །དེ་ལྟར་བདེན་པ་གཉིས་ཀྱི་སྒོ་ནས་བསྟན་པ་ཕྱེ་ཡང་དོན་དམ་པར་དབྱེར་མེད་དེ་ཞེའོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་ཉིད་གཉིས་མེད་མཚན་ཉིད་ཕྱིར། །སྟོང་པ་ནི་རང་བཞིན་མེད་པའོ། །ཅི་འདྲ་ཞེ་ན། གཉིས་མེད་གཉིས་ནི་འོང་བ་དང༌། འགྲོ་བ་དང༌། སྐྱེ་བ་དང༌། འགག་པ་དང༌། རྟག་པ་དང༌། ཆད་པ་དང༌། གཅིག་དང་དུ་མའོ། །དེ་རྣམས་མེད་པ་ནི་གཉིས་མེད་པའོ། །དེའི་ངོ་བོ་ནི་སྟོང་པ་ཉིད་གཉིས་མེད་མཚན་ཉིད་དོ། །

ཡོངས་སུ་མྱ་ངན་ལས་འདས་པའི་དོན་འགྲེལ་པ།


DTG036_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཡོངས་སུ་མྱ་ངན་ལས་འདས་པའི་དོན་འགྲེལ་པ་ནི་གཟུངས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཚིག་དང་དོན་དང་སྤོབས་པ་དང༌། དེས་པའི་ཚིག་ནི་གཟུངས་སོ། །ཡང་ན་ཚིག་དང་དོན་དང༌། སྔགས་གསུམ་ལུས་ངག་ཡིད་ཀྱིས་འཆང་བས་ཀྱང་ངོ༌། །ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་མ་ཐག་སྨོན་ལམ་གྱི་དབང་གིས་ཆེར་རྒྱས་པར་ཉན་ཐོས་དང༌། ཐུན་མོང་མ་ཡིན་པའི་ཡེ་ཤེས་གནས་སྐབས་དུ་མའམ། སྤྱོད་ཡུལ་ཞེས་ཁྱད་པར་མི་རྟག་པ་ནི་སའོ། །དེའི་རྒྱུར་གྱུར་པས་ན་སངས་རྒྱས་ཕ་རོལ་ཕྱིན་ཞེས་


DTG036_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ས་བཅུའོ། །དེ་ཡང་ཟང་ཟིང་ལ་སོགས་པ་ནི་སྦྱིན་པའོ། །སྡོམ་པ་ནི་ཚུལ་ཁྲིམས་སོ། །ཆོས་ཟབ་མོ་ལ་བཟོད་པ་ནི་བཟོད་པའོ། །སྦྱོར་བ་དང་ཆོ་ག་དང་མི་འགོང་མི་ལྡོག་ཆོག་པར་མི་འཛིན་པ་ནི་བརྩོན་འགྲུས་སོ། །མི་གཡོ་བ་དང་སེམས་ཅན་དོན་དང་ཡོན་ཏན་ཆེན་པོ་མངོན་པར་སྒྲུབ་པ་ནི་བསམ་གཏན་ནོ། །ཐོས་པ་ལ་སོགས་པ་ནི་ཤེས་རབ་པོ། །རང་གི་སྐྱོན་སེལ་བ་དང་སེམས་ཅན་འཛུད་པར་བྱེད་པ་དང༌། མྱུར་དུ་མངོན་པར་བྱང་ཆུབ་པ་ནི་ཐབས་སོ། །སྟོབས་ལས་བཟློག་པར་བྱ་བ་དང༌། ཉོན་མོངས་པ་བཟློག་པར་བྱ་བའི་སྟོབས་དང༌། བདུད་དང་སྨྲ་བ་གཞན་བཟློག་པར་བྱ་བའི་འོ། །སྨོན་ལམ་ནི་བདག་ཚོགས་དང་འབྲེལ་པའི་ལམ་མོ། །གཞན་གྱི་དོན་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་སྨོན་ལམ་མོ། །ཡེ་ཤེས་ནི་རྣམ་པར་མི་རྟོག་པ་དང་རྟོག་པ་མཉམ་པ་ཉིད་དུ་ཤེས་པ་དང༌། ཐབས་ཐམས་ཅད་མེད་པ་མ་ཡིན་པའི་ཡེ་ཤེས་སོ། །དེ་རྣམས་འཁོར་གསུམ་ཡོངས་སུ་དག་པས་ན་ཕ་རོལ་དུ་ཕྱིན་པའོ། །དེ་དག་བྱང་ཆུབ་སེམས་ཀྱི་ཆར་གཟུགས་ལ་སོགས་པ་རྣམས་སོ། །ཐམས་ཅད་མཁྱེན་པས་སྟོང་པ་ཉིད་བྱང་ཆུབ་སེམས་ཀྱི་ཡན་ལག་ཏུ་བསྟན་ཏོ། །དེ་ལྟར་གཟུགས་ལ་སོགས་པ་སྟོང་པའི་ཆར་གྱུར་ན་ཆད་པར་ལྟ་བར་མི་ལྟུང་ངམ་སྙམ་པ་ལ། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། སྒོ་གསུམ་ནས་མི་དགེ་བ་བཅུ་སྤངས་པས་སེམས་ཅན་ལ་གནོད་པ་མི་བྱེད་པའོ། །དེ་ལྟ་བས་ན་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དོན་དམ་པར་ཆོས་རྣམས་རང་བཞིན་མེད་པ་སྟོང་པ་ཉིད་དུ་རྟོགས་ན་ཡང༌། དགེ་བ་བཅུ་སྤྱོད་པས་རྒྱུ་འབྲས་ཀྱི་ཆོས་ཆད་པ་མེད་པའོ། །དེ་ལ་ཆད་པ་ནི་ལོག་པར་ལྟ་བའོ། །དེ་བཞིན་དུ་མྱ་ངན་ལས་འདས་པ་ཡོད་པར་གསུངས་པ་ནི། མྱ་ངན་འདས་དང་ཞེས་པ་ལ་སོགས་པ་སྟེ། བདག་ཉིད་ཆེན་པོ་དེ་བཞིན་གཤེགས་པ་རྣམས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཐུས་སྲིད་པ་དང༌། ཐུགས་རྗེས་ཞི་བ་ལ་མི་བཞུགས་པའོ། །གང་དུ་གནས་ཤེ་ན། མི་གནས་མྱ་ངན་


DTG036_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པར་ནི། །ཞེས་པ་ལ་སོགས་པ་སྟེ། སྲིད་པར་སྐྱེ་ཞིང་སྲིད་པའི་སྐྱོན་གྱིས་མི་གོས་པའི་གོ་འཕང་ལ་སངས་རྒྱས་བཞུགས་སོ་ཞེས་བྱ་བའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ནི་འདི་ལྟ་བུ་ཡིན་ཞེས་གསུངས་པ། སྙིང་རྗེ་རོ་གཅིག་ཅེས་བྱ་བ་ལ་སོགས།། པ་སྟེ། གཞན་གྱི་སྡུག་བསྔལ་གྱི་སྡུག་བསྔལ་བའི་མཚན་ཉིད་ནི་སྙིང་རྗེ་སྟེ། དེ་དང་དབྱེར་མེད་པས་རོ་གཅིག་པའོ། །དེ་སྙིང་རྗེ་འབའ་ཞིག་གི་སྒོ་ནས་ཐོབ་པའི་དགེ་བ་སྟེ། གསོ་ཞིང་རྒྱས་པར་བྱེད་པའི་ཕྱིར་རོ། །དེ་དང་འབྲེལ་པའི་ཡེ་ཤེས་ཀྱི་ཚོགས་ནི་སྟོང་པ་ཉིད་བདུད་རྩི་མཆོག་སྟེ། སྟོང་པ་ཉིད་བདུད་དེ་འཁོར་བའི་འདུ་བྱེད་ཀྱི་སྡུག་བསྔལ་ལ་རྩིའི་ཕྱིར་རོ། །དེ་ཉིད་གཞན་ལས་རབ་ཏུ་གྱུར་པས་ན་མཆོག་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ལ་རྩི་ལྟ་བུའོ། །བདག་གཞན་སོ་སོའི་དོན་བསྒྲུབ་ཕྱིར། །ཞེས་པ་ནི་ཉན་ཐོས་ལྟར་བདག་དོན་འབའ་ཞིག་ཀྱང་མ་ཡིན་ལ། བྱང་ཆུབ་སེམས་དཔའ་ལྟར་གཞན་དོན་འབའ་ཞིག་ཀྱང་མ་ཡིན་གྱི་གཉིས་ཀའི་དོན་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་ཀྱི་བདུད་རྩི་འདི་འཐུང་བར་བྱེད་པ་རྒྱལ་བའི་སྲས་སོ་ཞེས་ཏེ་དོན་དམ་པར་བྱང་ཆུབ་སེམས་དཔའ་དེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

བྱང་ཆུབ་ཀྱི་སེམས་རྣམ་པར་གཉིས་ཀྱི་ཡོན་ཏན་གསུངས་པ།


DTG036_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བྱང་ཆུབ་སེམས་རྣམ་པ་གཉིས་ཀྱི་ཡོན་ཏན་གསུངས་པ་ནི། ཕྱག་བྱ་ཞེས་པ་ལ་སོགས་པ་སྟེ། ལྷ་ལ་སོགས་པས་ཕྱག་བྱ་པར་འོས་པའོ། །གང་ལ་འོས་ཤེ་ན། དེའོ་ཞེས་ཏེ་སྟོང་པ་ཉིད་དང་སྙིང་རྗེའི་སྒོམ་པ་དེ་ལའོ། ཅི་འདྲ་བའི་ཕྱིར་ཞེ་ན། དངོས་པོ་ཀུན་གྱིས་ཏེ་ལུས་ངག་ཡིད་ཀྱིས་སོ། །རྟག་ཏུ་མཆོད་འོས་ནི་དངོས་གྲུབ་ཐམས་ཅད་མཐར་ཕྱིན་པའོ། །གང་དུ་མཆོད་པ་ཡིན་ཞེ་ན། སྲིད་གསུམ་ལ་ཞེས་ཏེ་འདོད་པ་ལ་སོགས་པ་སྲིད་པའི་ལྷ་མོས་སོ། །སངས་རྒྱས་ཀྱི་གསུང་ནི་དེའི་རབས་སོ། །ཆད་པ་མེད་པ་ནི་དེའི་བརྒྱུད་པའོ། །དེ་ལ་དེ་དག་གནས་ཞེས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་བསྒོམས་པས་སོ། །ཇི་ལྟར་གནས་ཤེན་འཇིག་རྟེན་འདྲེན་པས་སོ་ཞེས་ཏེ། མཐོ་རིས་དང་བྱང་གྲོལ་དུ་འདྲེན་པའི་སྟོན་པར་གྱུར་པའོ། །དེ་བས་


DTG036_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཐེག་པ་ཆེན་པོའི་མཆོག་འདི་ནི། བྱང་ཆུབ་སེམས་ཞེས་གནས་པར་འདོད་དོ། །ཐེག་པ་ཆེན་པོའི་ནང་ནས་སྙིང་རྗེ་དང་སྟོང་ཉིད་བྱང་ཆུབ་སེམས་ཀྱི་མཆོག་ཡིན་ཞེས་པའི་དོན་ཏེ། སོ་སོར་བརྟགས་པའི་འགོག་པ་དང༌། ཡོངས་སུ་གྲུབ་པ་དང༌། སོ་སོ་རང་གིས་རིག་པའི་ཡེ་ཤེས་ལས་རབ་ཏུ་གྱུར་པའོ་ཞེས་བྱ་བའོ། །དེ་ལྟར་ཡིན་པས་ན་མཉམ་པར་གནས་ཞེས་བྱ་བ་ལ་སོགས་པ་སྟེ། སྙིང་རྗེ་དང་སྟོང་པ་ཉིད་ཆ་མཉམ་ཞིང་མཐར་མ་ལྷུང་བར་ནན་ཏན་བྱ་ཞིང༌། བྱང་ཆུབ་སེམས་བསྒོམ་པ་དང༌། སྨོན་པའི་སྒོ་ནས་བསྐྱེད་པར་བྱའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། བདག་གཞན་དོན་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཉོན་མོངས་པ་སྤངས་བའི་རང་བཞིན་ཅན་སྟོང་པ་ཉིད་ཀྱི་ཡེ་ཤེས་རང་དོན་ནོ། །སྙིང་རྗེས་གཞན་སྡུག་བསྔལ་ལས་ཐར་བར་བྱེད་པ་ནི་གཞན་དོན་ནོ། །མཐར་ཕྱིན་པ་ནི་རབ་ཏུ་གྲུབ་པའོ། །དེས་ན་དེ་གཉིས་མཉམ་པར་བསྒོམས་པ་ལས་གྲུབ་པའི་ཐབས་གཞན་མེད་པའོ། །དོན་དེ་ཉིད་ནི། བྱང་ཆུབ་སེམས་ཉིད་མ་ཡིན་པ། །ཞེས་པ་ལ་སོགས་པའོ། །བྱང་ཆུབ་སེམས་དེ་ཁོ་ན་བསྒོམས་པ་ཙམ་གྱིས་བསོད་ནམས་ཀྱི་ཚོགས་སུ་འགྱུར་བ་ནི་གང་གི་བྱ་བ་གནས་སོ། །བསོད་ནམས་དེ་ཚད་མེད་པར་གསུངས་པ་ནི། གལ་ཏེ་གཟུགས་སུ་གྱུར་ན་ཞེས་པ་ནས་སོ། །དེ་ལྟར་བསོད་ནམས་མཐའ་ཡས་པར་བསྟན་ནས། བགྲང་དུ་མེད་པར་གསུངས་པ་ནི། །སྐྱེས་བུ་གང་གིས་ཞེས་པ་ལ་སོགས་པའོ། །ཡང་བྱང་ཆུབ་སེམས་དེ་ཅི་འདྲ་ཞེ་ན། ཉོན་མོངས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཉོན་མོངས་པ་མེད་པ་ནི་ཉོན་མོངས་པ་དང་དེ་དང་ལྡན་པའོ། །དེ་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཉོན་མོངས་པ་མེད་པའི་རང་བཞིན་འོད་གསལ་བའི་སེམས་ནི་རིན་ཆེན་ཞེས་ཏེ། དཀོན་ཞིང་མཆོག་ཏུ་གྱུར་པའི་ཕྱིར་རོ། །གཅིག་ཏུ་འདི་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་རང་བཞིན་མེད་པའི་སྟོང་པ་ཉིད་འདི་ནི་བྱང་ཆུབ་ཀྱི་སེམས་གཅིག་པུར་གསུངས་ཀྱི་ཡོངས་སུ་གྲུབ་པ་ལ་སོགས་པ་ནི་དེར་མ་གསུངས་སོ་ཞེས་པའི་དོན་ཏོ། །རིན་ཆེན་སེམས་དེ་ཡང་ཅི་འདྲ་ཞེ་ན།


DTG036_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་པ་མེད་པ་ལ་སོགས་པ་སྟེ། གཞན་གྱིས་མངོན་དུ་དབང་བྱར་མེད་པས་མི་འཕྲོགས་པའོ། །གཟུང་བ་མེད་པ་ནི་མི་སྐྱེ་བའི་ངོ་བོའི་ཕྱིར་རོ། །གང་གིས་ཤེ་ན་ཉོན་མོངས་བདུད་སོགས་ཏེ་སོགས་པའི་སྒྲས་ནི་ཕུང་པོའི་བདུད་བསྡུའོ། །ཐབས་ཀྱིས་འཕྲོག་པས་ན་རྐུན་མའོ། །བྱང་ཆུབ་ཀྱི་སེམས་གསུངས་པའི་ཐབས་གསུངས་པ། བྱང་ཆུབ་སེམས་ཞེས་པ་ལ་སོགས་པ་སྟེ། སྙིང་རྗེ་དང་སྟོང་པ་ཉིད་གསུངས་པའི་ཕྱིར་གསུངས་པའི་དཔེ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སོགས་པའི་སྤྱོད་པ་ཀུན་ལ་ལེགས་པར་སྤྱད་པས་ཀུན་དུ་བཟང་པོའོ། །དེས་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་ནི་བཟང་པོའི་སྨོན་ལམ་མོ། །དོན་བཟང་པོའི་སྨོན་ལམ་སྟོབས་ཀྱིས་བྱང་ཆུབ་བསྲུང་བ་བཞིན་དུ་བསྡོམ་པ་ཡང་སྨོན་པ་དང༌། བསྒོམ་པའི་སྟོབས་ཀྱིས་བསྲུང་བར་བྱ། །ཞེས་བསྟན་ཏོ། །དོན་དེ་ཉིད་གཞན་དོན་ཞེས་བྱ་བ་ལ་སོགས་པ་སྟེ། མི་དམིགས་པའི་སྙིང་རྗེའི་སྒོ་ནས་གཞན་དོན་བྱེད་པ་ལ་སེམས་མི་གཡོ་བར་བྱའོ་ཞེས་པའོ། །དེ་དང་འདྲ་བའི་ཡོན་ཏན་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་འདི་ཡིན་པས། བྱང་ཆུབ་དོན་དུ་གཉེར་བའི་རྣལ་འབྱོར་པས། ངོ་མཚར་དུ་ཡང་ཁྱེད་རྣམས་ཀྱིས་ཞེས་པ་ལ་སོགས་པ་སྟེ། ཕྱིས་འབྱུང་བའི་སེམས་ཅན་གྱིས་འདི་ལ་སྤྱད་ན་སངས་རྒྱས་པའི་ཐབས་གཞན་མེད་དོ་ཞེས་བྱ་བའོ། །དེའི་འབྲས་བུ་ཐོབ་པ་ནི་ཀུན་དུ་བཟང་པོའི་ཞེས་པ་ལ་སོགས་པ་སྟེ། ཀུན་དུ་བཟང་པོའི་སྨོན་ལམ་གྱིས་བྱང་ཆུབ་ཐོབ་པ་བཞིན་དུ་འདི་སྒོམ་པ་པོས་ཀྱང་སྨོན་ལམ་དང་སྙིང་རྗེའི་སྒོ་ནས་རང་ཁོ་ནས་འཐོབ་བོ་ཞེས་བྱ་བའོ། །

དགེ་བ་བསྔོ་བ།


DTG036_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་མཛད་པ་པོས་བསྔོ་བ་གསུང་པས་ནི། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱལ་བ་གཞན་ལས་རབ་ཏུ་གྱུར་པས་རྒྱལ་བ་མཆོག །དེའི་རང་བཞིན་མེད་པའི་ངོ་བོ་ནི་བྱང་ཆུབ་སེམས་མཆོག་སྟེ། བྱང་ཆུབ་གཞན་ལས་ཕུལ་དུ་བྱུང་བའི་ཕྱིར་རོ། །དེ་འགྲེལ་པས་མཉེས་པར་བྱེད་པ་ནི་བསྟོད་པས་སོ། །དེ་བྱས་པས་ཤིན་ཏུ་ཞེས་པ་ལ་སོགས་པ་སྟེ། མཉམ་པ་མེད་པའི་


DTG036_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་བསྟོད་པས་བསོད་ནམས་ཀྱང་མི་མཉམ་མོ། །བདག་ནི་ཀླུ་སྒྲུབ་ཞབས་སོ། །སྲིད་པ་གསུམ་གྱི་རྒྱ་མཚོའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རླབས་ནི་སྲིད་པའི་རྒྱ་མཚོའི་ཆུ་རླབས་སོ། །དེས་འཁོར་བ་ལས་ལྡང་བར་གྱུར་པའི་སེམས་ཅན་ནི་བྱིང་བའི་ལྟས་ཅན་ཏེ་ལུས་དང་འབྲེལ་བའོ། །དེ་ནི་གང་དང་འབྲེལ་ཏེ། དེ་རིང་ཞེས་པ་ནི་ཉི་མ་ནུབ་ཀྱི་བར་དུ་སྟེ། མྱུར་བའི་དོན་བསྟན་པའོ། །རྐང་གཉིས་གཙོ་བོ་ནི་རྒྱལ་བའོ། །དེས་མཉེས་པའི་གོ་འཕང་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལྟར་བྱས་པའི་བསོད་ནམས་ཀྱིས། །སྲིད་པའི་རྒྱ་མཚོ་ལ་བྱིང་བའི་སེམས་ཅན་གྱི་མངོན་དུ་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །འཕགས་པ་ཞེས་བྱ་བ་ནི་འཕགས་པའི་ཆོས་མཐོང་ལམ་བརྙེས་པའི་ཕྱིར་རོ། །སློབ་དཔོན་རྣམ་པར་འབྱེད་པའི་ལམ་མཉན་ནས་བསླབ་པའི་གནས་ཡིན་པའི་ཕྱིར་རོ། །དཔལ་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི་ཕྱིར་རོ། །ཀླུ་སྒྲུབ་ཅེས་པ་ནི་ཀླུས་མཆོད་གནས་སུ་བྱས་བའི་ཕྱིར། མཛད་མཁན་གྱིས་བཏགས་པའི་མིང་ངོ༌། །ཞབས་ཞེས་པ་ནི་བཀུར་བའི་ཚིག་སྟེ། ཞབས་ཙམ་སྨོས་ཀྱི་སྐུ་ལུས་གཞན་སྨོས་ཀྱིས་མི་ལངས་པས་སོ། །ཀྱིས་ཞེས་པ་ནི་མཛད་མཁན་དུ་མཚོན་པའོ། །མཛད་པ་ཞེས་པ་ནི་འགྲེལ་པ་བྱས་པའོ། །རྫོགས་སོ་ཞེས་པ་ནི་དོན་མཐར་ཕྱིན་པའོ། །སྨྲྀ་ཏི་ཛྙཱ་ན་ཀཱི་རྟི་ཡིས། །བྱང་ཆུབ་སེམས་ཀྱི་འགྲེལ་བཤད་འདི། །བསྒྱུར་བས་འགྲོ་བ་ཐམས་ཅད་ནི། །བྱང་ཆུབ་སེམས་ནི་ཐོབ་པར་ཤོག །ལྷོ་བྲག་དྷརྨཱ་སེང་གེ་ཡིས། །ཆོས་རེའང་ལམ་རིངས་བགྲོད་ནས་ཞུས། །རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱི་རྟིས་བ་སྒྱུར་ཅིང་བཤད་ནས་གཏན་ལ་ཕབ་པའི་བྱང་ཆུབ་སེམས་ཀྱི་འགྲེལ་པ་བཤད་པ་རྫོགས་སོ།། །།


previousརྒྱས་པར་བཤད་པ།next