Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་བརྒྱད་པ།


  expand section
  expand section
  collapse section
དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ།  ཐ་ག་ན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ། ཐ་ག་ན།no next

དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ།
ཐ་ག་ན།

ལེའུ་དང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་འགྲེལ་པ།


DTG038_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་ཏནྟྲ་བི་བ་ར་ཎཾ། བོད་སྐད་དུ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་འདི་སྐུ་དང་གསུང་དང་ཐུགས། །ཤེས་རབ་ཐབས་ཀྱི་བདག་ཉིད་བསྟན། །དེ་ཡི་བདག་གྱུར་དམིགས་མེད་པ། །འཇམ་དཔལ་དེ་ལ་ཕྱག་འཚལ་ལོ། །བློ་དམན་གྱུར་ཀྱང་དད་ཙམ་གྱིས། །ཡང་དག་བསྐུལ་ནས་འགྲོ་བ་རྣམས། །དམ་པའི་ལམ་ལ་འཇུག་གྱུར་པ། །སྐལ་བཟང་འབྲས་བུ་ལ་སྤྱོད་འགྱུར། །དེ་དག་ཡེ་ཤེས་ཞལ་སྔ་ཡི། །མན་ངག་རང་ཉིད་ཀྱིས་དྲན་ཕྱིར། །བློ་གྲོས་བླུན་ཡང་འདུས་པའི་དོན། །འདིར་ནི་ཅི་ནུས་བྲི་བར་བྱ། །རྟོགས་དཀའ་བ་དང་དོན་ཆེ་བའི། །ཚིག་ཉུང་འགའ་ཙམ་ཅུང་ཟད་ཅིག །རྣམ་པར་དབྱེ་བ་དེ་ལས་ནི། །ལྷག་མ་གོ་སླ་རང་ཉིད་གོ །གང་ཡང་ལྷག་དང་ཆད་བའམ། །ཉེས་སྨྲས་འདི་ན་ཅི་སྣང་དེ། །བཤད་མཛད་གཞུང་ནི་མ་རྟོགས་པས། །བདག་བློ་ཉིད་ཀྱིས་ཉེས་པ་ཡིན། །དེས་ན་མཁས་པས་བླ་མ་ཡི། །སྐྱོན་ཡིན་པར་ནི་མི་བརྟག་སྟེ། །སློབ་མ་བློ་དམན་ཉེས་པ་ཡིས། །རྟོགས་པའི་བཤད་མཛད་སྨད་མི་བྱ། །འདི་སྐད་ཅེས་བྱ་བ་ནི་འོག་ནས་བཤད་པའི་རྒྱུད་ཀྱི་དོན་མ་ལུས་པ་བློ་ལ་རྣམ་པར་གནས་བཞིན་པ་བསྡུས་པ་ལ་ལྟོས་པ་ཡིན་ནོ། །བདག་གིས་ཞེས་བྱ་བ་ནི་སྡུད་པར་བྱེད་པ་བདག་ཉིད་འོད་དཔག་ཏུ་མེད་པ་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་ཀྱིས་གཅིག་ཏུ་བརྒྱུད་དེ་ཐོས་པ་ལ་སྦྱོར་བ་མ་ཡིན་པ་དང༌། གཏམ་འདི་ནི་བདག་གིས་དངོས་སུ་ཐོས་པ་ཡིན་གྱི། བདག་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་ངེས་པར་བཟུང་བ་སྟེ། བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བའི་ཚིག་དང་འགལ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཐོས་པ་ཞེས་བྱ་བ་ནི་སྒྲ་སོ་སོར་སྣང་བའི་བདག་ཉིད་ཀྱི་རྒྱུད་རྟོགས་པའོ། །དྲིས་པ། མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་ཀྱིས་རྡོ་རྗེ་འཆང་བའི་ངོ་བོ་ཉིད་ཡིན་པས་ན་རྡོ་རྗེ་ཆོས་ཀྱི་མཉན་ལ་སོགས་པ་འགལ་ལོ་ཞེ་ན། མ་ཡིན་ཏེ། བཅོམ་ལྡན་འདས་ནི་སེམས་ཅན་གྱི་ཁམས་དང་བསམ་པ་སྣ་ཚོགས་པ་རྣམས་


DTG038_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བའི་ཐབས་ཀྱི་དབང་གིས་གཅིག་པུ་ཉིད་ཀྱང་དཔག་ཏུ་མེད་པའི་ཚུལ་གྱིས་འཇུག་པར་མཛད་དེ། བལྟམས་པ་དང་མངོན་པར་བྱུང་བ་དང༌། དཀའ་བ་སྤྱོད་པར་མཛད་པ་དང༌། མངོན་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་པ་ལ་སོགས་པ་ལྟ་བུའོ། །དེ་སྐད་དུ། མོས་པ་སྣ་ཚོགས་བསམ་པ་ཐ་དད་པའི། །སེམས་ཅན་དབང་གིས་ཁྱད་པར་མང་པོ་འཁྲུངས། །གཅིག་པུའང་ཆུ་ཡི་སྣོད་ནི་དུ་མ་རུ། །ཟླ་བའི་གཟུགས་བརྙན་འཆར་བ་དག་དང་མཚུངས། །ཞེས་བཤད་པའོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་གི་ཚེ་ཁོ་ན་ཐོས་སོ་ཞེས་བྱ་བའི་དོན་ཏོ། ཡང་མ་ཡིན་གྱི། འདི་ནི་དུས་གཅིག་ན་སྟེ། གཞན་དུ་ནི་གཞན་དག་གོ་ཞེས་མང་དུ་ཐོས་པ་ཉིད་དུ་སྟོན་པས་ཚིག་མཆོག་ཏུ་གཟུང་བར་བྱ་བ་ཉིད་ཡིན་ནོ་ཞེས་བཤད་པར་བྱའོ། །བྱང་ཆུབ་ལ་བརྟེན་པའི་རྡོ་རྗེ་ཆོས་ནི་འདས་པ་ལ་སོགས་པ་ད་ལྟར་གྱི་ངོ་བོར་དགོངས་ཤིང༌། ཐམས་ཅད་ལན་གཅིག་ཡང་དག་པར་རིག་པ་ཡིན་ཏེ། དེས་ན་ཐོས་པ་མང་བར་གྲུབ་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་སྟེ། འདིར་ནི་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་ལ་སོགས་པའི་རང་བཞིན་ལ་སྐལ་བ་ཞེས་བཤད་དེ་དེ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་བཅོམ་པས་བཅོམ་ལྡན་འདས་ཞེས་བཤད་དེ། །ཉོན་མོངས་པའི་བདུད་ལ་སོགས་པ་བཅོམ་པའི་ཕྱིར་རོ། །དེ་ཡང༌། ཉོན་མོངས་ཤེས་རབ་ལ་རག་ལས། །དེ་བས་ཤེས་རབ་བཅོམ་པར་བཤད། །ཅེས་གསུངས་པའི་ཕྱིར་ཕུང་པོ་དང༌། འཆི་བདག་དང༌། ལྷའི་བུ་དང༌། ཉོན་མོངས་པའི་བདུད་དེ། བཞི་པོ་འཇོམས་པའི་ཤེས་རབ་ཀྱི་ངོ་བོ་ལ་བཅོམ་པ་ཞེས་བཤད་ལ། དེ་གང་ལ་མངའ་བ་དེ་ནི་བཅོམ་ལྡན་འདས་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་བཞིན་གཤགས་པ་ཞེས་བྱ་བ་ལ་སོགས་པས་ནི་བླ་ན་མེད་པའི་ཆོས་སྟོན་པ་དང་རྗེས་སུ་མཐུན་པའི་གནས་ཀྱི་ཁྱད་པར་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ནི་གཞན་དག་གི་སྤྱོད་ཡུལ་མ་ཡིན་པས་ན་གསང་བའོ། །དེ་ཉིད་ནི་རྡོ་རྗེ་


DTG038_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་མི་ཕྱེད་པ་དང་འཚེ་བ་མེད་པ་དང༌། ཡང་དག་པའི་དོན་གྱི་ངོ་བོ་ཉིད་ནི་སྙིང་པོ་སྟེ་དེ་རྣམས་ཀྱི་ཐ་མི་དད་པའི་ངོ་བོ་ཉིད་དོ། །དེ་ལྟ་བུའི་ངོ་བོ་ཉིད་ཀྱི་བཙུན་མོའི་བྷ་ག་རྣམས་ལ་ཞེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་དུ་གཏོགས་པ་དཀྱིལ་འཁོར་གྱི་འཁོར་ལོ་རབ་ཏུ་སྣང་ཞིང་འབྱུང་བར་ངེས་པར་འབྲེལ་བས་ན་གཅིག་པུ་ཉིད་ཡིན་ཡང་ཚིག་མང་པོར་བྱས་པ་ཡིན་ནོ། །བཞུགས་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཐབས་ཀྱིས་འདོད་ཆགས་ལ་སོགས་པའི་སྤྱོད་པ་ཐམས་ཅད་འདོད་ཆགས་ལ་སོགས་པ་མངོན་པར་བྱང་ཆུབ་པའི་ངོ་བོ་ཉིད་དུ་མཛད་པས་ན་འདི་ཉིད་ནི་དེ་བཞིན་གཤེགས་པའི་མཛད་པ་ཡིན་གྱི། སྔོན་བྱུང་བ་གཙོ་བོར་མཛད་པ་ནི་མ་ཡིན། འདས་པ་ལ་སོགས་པ་རྣམས་ཀྱང་ད་ལྟར་བྱུང་བ་ཉིད་ཀྱིས་དེ་ཡང་དག་པར་རིག་པ་ཡིན་པའི་ཕྱིར། ཇི་སྐད་དུ། གཅིག་ནས་གཅིག་ཏུ་མངོན་སུམ་དུ། །རྒྱུ་ནི་འབྲས་བུ་ཉིད་གྱུར་པའི། །ད་ལྟར་བྱུང་བའི་གཟུགས་གང་ཡིན། །དེ་ནི་རྣལ་འབྱོར་པ་ཡིན་ཤེས། །ཞེས་བཤད་པའོ། །བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བ་ལ་སོགས་པ་ནི་འཁོར་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ལ་སོགས་པ་ཡང་བརྗོད་པར་ནུས་པ་མ་ཡིན་པས་ན་བརྗོད་ཀྱིས་མི་ལང་བ་སྟེ། དེ་ཉིད་ཀྱིས་ན་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བྱང་ཆུབ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་མངོན་པར་བྱང་ཆུབ་པ་སྟེ། དེར་ནི་ཉིད་ལ་སེམས་དཔའ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དོན་ལ་ཞུགས་པས་ན་སེམས་དཔའ་ཆེན་པོ་སྟེ། དེ་རྣམས་དང་ལྷན་ཅིག་བདག་གིས་ཐོས་སོ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་དེ་རྣམས་ཀྱི་ནང་ནས་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པ་ཅུང་ཟད་ཅིག་སྟོན་ཏེ། དེ་ལས་ཀྱང་མི་གཡོ་བ་དང༌། རྡོ་རྗེ་དང༌། བྱམས་པ་ལ་སོགས་པ་ནི་དཀྱིལ་འཁོར་བ་ཉིད་དུ་བཀག་པ་ཡིན་ནོ། །དྲིས་པ་རྒྱུད་འདིར་སོ་སོར་ངེས་པ་ཉིད་དུ་བསྟན་ན། སེམས་དཔའ་དེ་རྣམས་ཇི་ལྟར་བརྗོད་ཀྱིས་མི་ལང་བ་ཡིན། དེ་ལྟར་མོད་ཀྱི། དེ་རྣམས་རེ་རེ་ཉིད་རང་རང་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་བདག་པོར་གྱུར་པས། གཙོ་བོ་ཉིད་ཡིན་པས་ན་གྲངས་


DTG038_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ཉིད་ཡིན་ནོ་ཞེས་བྱ་བ་དགོངས་སོ། །དེ་བས་ན་དེ་དག་ལ་སོགས་པ་ཞེས་བྱ་བའི་སྒྲ་སྨོས་པ་ཡིན་ནོ། །དེ་ལ་གཉིས་སུ་མེད་པའི་རྡོ་རྗེ་གང་གིས་གཟུགས་ལ་ཡང་དག་པར་བལྟ་ཞིང་སོ་སོར་ཤེས་པ་དེ་ནི་དམ་ཚིག་རྡོ་རྗེ་སྟེ། མིག་རྣམ་པར་དག་པའི་ངོ་བོ་ཉིད་སའི་སྙིང་པོའོ། །ཆོས་ཀྱི་བརྡའི་དབང་གིས་ན་དམ་ཚིག་སྟེ་རྡོ་རྗེའི་སྒྲས་ནི་སའི་སྙིང་པོ་ལྟ་བུ་ཉིད་ཏིང་ངེ་འཛིན་འདིར་བཤད་པ་ཡིན་ནོ། །དེ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པའི་སྒྲས་ཀྱང་ཉེ་བར་དགོད་པ་ལྔས་ཕྱག་ན་རྡོ་རྗེ་ལ་སོགས་པའི་དམ་ཚིག་གི་ཁྱད་པར་ཡིན་པའམ། སྒྲ་དེ་དག་བརྡར་བཏགས་པ་ཡིན་པའི་ཕྱིར་ཕྱག་ན་རྡོ་རྗེ་དང༌། ནམ་མཁའི་སྙིང་པོ་དང༌། འཇིག་རྟེན་དབང་ཕྱུག་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང༌། ཀུན་དུ་བཟང་པོ་རིམ་པ་ཅི་ལྟ་བ་བཞིན་དུ་བཤད་པ་ཡིན་ནོ། །འདི་དག་གིས་ནི། ས་ཡི་སྙིང་པོ་ཕྱག་ན་རྡོ་རྗེ་དང༌། །ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས་གསུངས་པའི་རིམ་པ་སྟོན་པར་གྱུར་པ་ཡིན་ནོ། །གང་ཡང་དམ་ཚིག་རྡོ་རྗེ་ལ་སོགས་པའི་སྒྲའི་ཚིག་གདོན་མི་ཟ་བར་འགྲུབ་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སེམས་དཔའི་སྡེ་ཚོགས་སུ་ཚིག་གི་སྦྱོར་བས་དེའི་རིགས་ཀྱི་བདག་པོ་རྣམས་ཀྱི་ཉེ་བར་གདགས་པར་སྒྲིབ་པ་རྣམ་པར་སེལ་བ་ལ་སོགས་པ་བསྟན་ཏོ་ཞེས་བཤད་མོད་ཀྱི་དེ་རྣམས་ཀྱི་དཀའ་བར་འབྱིན་པ་འདིས་ཀུན་དུ་བཟང་པོ་ལ་སོགས་པའི་རིམ་པ་ལས་བརྒལ་བ་ལ་དགོས་པ་ཅི་ཞིག་ཡོད་ཅེས་བརྗོད་པར་བྱའོ། །ཡང་རིགས་དང་འབྲེལ་པ་ཉིད་དུ་བསྟན་པ་དགོས་པ་མ་ཡིན་ནམ་ཞེས་ཟེར་ན་མ་ཡིན་ཏེ། འདི་ནི་འདིའི་རིགས་ལས་སྐྱེས་པ་ཡིན་ནོ་ཞེས་དེ་ལྟ་བུ་འདིར་ངེས་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །མན་ངག་ལ་ངེས་པ་ཡོད་པར་རྟོགས་སོ་ཞེས་ཟེར་ན། མ་ཡིན་ཏེ། བརྟག་པ་འདི་ནི་ཉོན་མོངས་པ་ཡིན་པའི་ཕྱིར་ཏེ། འདི་ནི་འོག་ནས་རིགས་ཀྱི་ངེས་པ་སྟོན་བཞིན་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །སའི་སྙིང་པོ་ལ་སོགས་པ་འདི་དག་ཀྱང་ནང་གི་སྐྱེ་མཆེད་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པས་ན། དེ་བྱིན་གྱིས་བརླབ་པ་ཉིད་ཉེ་བར་སྒྲུབ་པ་ལ་དགོས་པ་ཡིན་གྱི། དཀྱིལ་འཁོར་པ་ཉིད་ཀྱིས་ནི་མ་ཡིན་ཏེ་


DTG038_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས་རང་གི་མཚན་མ་དང༌། ཏིང་ངེ་འཛིན་གྱི་རང་གི་ངོ་བོ་གདོན་པ་བསྟན་པ་མེད་པའི་ཕྱིར་རོ། །ས་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་བཞིའི་སྒྲས་ནི་ས་དང༌། སྙིང་རྗེ་དང༌། ཐབས་ལ་སོགས་པ་རྣམ་པར་དག་པ་སྤྱན་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་སྟེ། ལྷ་མོ་བཞི་རིམ་བཞིན་དུ་གསུངས་པ་ཡིན་ནོ། །ནམ་མཁའ་རྡོ་རྗེ་དང་ཞེས་བྱ་བ་ནི་ཆོས་འབྱུང་བར་ཁང་པ་བརྩེགས་མ་ལ་སོགས་པ་རྟེན་དང་བརྟེན་པའི་གཟུགས་ཅན་ནམ་མཁའི་རྣམ་པར་དག་པའི་དོན་བསྟན་པ་ཡིན་ནོ། །ནམ་མཁའ་ནི་རྡོ་རྗེ་སྟེ། དམིགས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །འདི་རྡོ་རྗེ་འཛིན་པ་ཡིན་པར་ནི་མི་འདོད་དེ། བཞུགས་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ཉིད་ཡིན་པར་བཤད་པའི་ཕྱིར་རོ། །ཡང་ན་དེ་བདག་ཉིད་དང་ལྷན་ཅིག་བྱེད་པ་པོ་ཉིད་དུ་ལྡན་པ་མ་ཡིན་ཏེ། འདིར་བརྗེ་བ་མཛད་དུ་ཟིན་ཀྱང་ཐ་མི་དད་དེ། དཔེར་ན་མི་བསྐྱོད་པ་ལ་སོགས་པ་གང་ཡང་ནང་གི་ནི་ནམ་མཁའི་རང་གི་ངོ་བོ་རྡོ་རྗེ་འཛིན་ཞེས་ཆོས་འབྱུང་བའི་ཕྱག་རྒྱའི་ཁྱད་པར་བཤད་པ་དེར་ཡང་ནང་གི་ནམ་མཁའི་ངོ་བོ་ཉིད་ཀྱི་རྡོ་རྗེ་འཛིན་པས་དེ་སྐད་བཤད་དོ་ཞེས་ཁོང་དུ་ཆུད་པར་བྱའོ། །ཡང་ན་ནང་གི་ནམ་མཁའི་ངོ་བོ་གང་ཡིན་ལ་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པ་འཛིན་པར་བྱེད་པས་ན་རྡོ་རྗེ་འཛིན་པའོ་ཞེས་བཤད་པར་བྱའོ། །གཟུགས་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་དྲུག་གིས་ནི་སྦྱིན་པའི་རང་བཞིན་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཉིད་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་དྲུག་པོ་ཉིད་རིམ་གྱིས་བཤད་པ་ཡིན་ནོ། །ད་ནི་བཤད་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱོགས་སུ་བསྡུས་པ་བཤད་པའི་ཕྱིར། དེ་དག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲ་ནི་འདིར་གཙོ་བོའི་ཚིག་སྟེ། དེ་བས་ན་རང་རང་གི་དཀྱིལ་འཁོར་གྱི་བདག་པོར་གྱུར་པའི་གཙོ་བོ་ཉིད་ཀྱིས་ན་ཐམས་ཅད་ལ་བརྗོད་ཀྱིས་མི་ལང་བ་ཉིད་དུ་བཤད་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་དང་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་སྟོན་པ་ཡིན་ཏེ། འདི་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་པོ་ཅི་རིགས་པར་སེམས་དང༌། །ཞེ་སྡང་དང༌། ཆོས་ཀྱི་


DTG038_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ལ་སོགས་པའི་ཡེ་ཤེས་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པར་ཤེས་པར་བྱའོ། །སོགས་པ་ཞེས་བྱ་བའི་སྒྲ་ནི་འདིར་སྔ་མ་བཞིན་སྦྱར་བར་བྱའོ། །དེ་ཉིད་ཀྱིས་ན་ནམ་མཁའི་དབྱིངས་ཐམས་ཅད་དང་མཉམ་པ་ཞེས་བྱ་བས་དེ་རྣམས་ཚད་མེད་པ་ཉིད་དུ་ཉེ་བར་མཚོན་པའི་དོན་བཤད་པ་ཡིན་ནོ། །དེ་ལྟར་ན་གཞིར་གྱུར་པ་ནམ་མཁའི་རྡོ་རྗེ་མ་གཏོགས་པ་ལྷའི་ཉི་ཤུ་རྩ་གཅིག་དང༌། འབྱིན་པའི་སྔགས་ཀྱི་དབང་གིས་ཁྲོ་བོ་བཞི་གླེང་གཞིའི་ལེའུ་ལས་བཤད་པ་དེ་ཉིད་དེ། ཉི་ཤུ་རྩ་ལྔ་མངོན་པར་རྟོགས་པ་ལ་ཉེ་བར་དགོས་པ་ཡིན་གྱི། འདོད་པའི་རྒྱལ་པོ་ལ་སོགས་པ་ནི་མ་ཡིན་ཏེ། དེ་རྣམས་ཀྱི་རྣམ་པར་དག་པ་དགོས་པ་མ་ཡིན་པའི་ཕྱིར་དང༌། ལུས་བསྐྱེད་པའི་ཚོགས་པའི་སོ་སོར་ངེས་པ་ཡིན་པའི་ཕྱིར་རོ། །ད་ནི་རིམ་གྱིས་མངོན་པར་རྟོགས་པ་སྟོན་པར་མི་མཛད་པ་ནི་ཤེས་རབ་ཀྱིས་མངོན་པར་རློམ་པ་རྣམས་ཀྱི་དྲེགས་པ་བསལ་བར་བྱ་བའི་ཕྱིར། དངོས་གྲུབ་ནི་སློབ་དཔོན་ལ་རག་ལས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་གོ་རིམས་འཆོལ་བས་མངོན་པར་སྟོན་པར་མཛད་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ཐུགས་ལ་བཞུགས་སོ་ཞེས་བྱ་བའི་མཐར་ཐུག་པའི་ཚིག་བཞིས་གཉིས་པ་གསོལ་བའི་ཚིག་དང་མཐུན་པ་ཡིན་ཏེ། སེམས་ཅན་རྣམས་སྣོད་དུ་གྱུར་པ་ཉིད་དུ་བྱ་བའི་ཕྱིར་དབང་བསྐུར་བ་སྦྱིན་པའི་དོན་དུ། པདྨའི་ནང་དུ་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་ཤེས་རབ་དང་ཐབས་ཡང་དག་པར་མཉེས་པ་བཤད་པ་ཡིན་ཏེ། རྣམ་པར་སྣང་མཛད་པས་ན་རྣམ་པར་སྣང་མཛད་དེ། བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །འདོད་ཆགས་ཆེན་པོ་ནི་རྒྱ་ཆེ་བའི་བདེ་བའོ། །དེའི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱིས་སེམས་སུ་གང་གིས་ཁྲིད་པའི་ཏིང་ངེ་འཛིན་དེ་ལ་རྡོ་རྗེ་འཆང་བ་ལྟ་བུར་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པའི་བཀོད་པ་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ་ཞེས་བྱ་བ་ནི་ཤེས་རབ་ཡང་དག་པར་མཉེས་པར་བྱ་བའི་ཕྱིར། འདོད་ཆགས་ཅན་ཕལ་ཆེར་ནི་བུད་མེད་ཀུན་དགའ་བ་ཉིད་དང་པོར་བྱེད་པ་ཡིན་ལ། བཅོམ་ལྡན་འདས་ཀྱང་འགྲོ་བ་འདུལ་བའི་ཐབས་ཀྱི་ཆོ་ག་མཁྱེན་པ་ཉིད་ཀྱིས་ཤེས་རབ་ཡང་དག་པར་མཉེས་པར་མཛད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །


DTG038_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ནི་གཟུགས་ལ་སོགས་པ་བསྐྱེད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་བཀོད་པ་ཞུགས་པར་མཛད་པ་ཡིན་ནོ་ཞེས་ཟེར་མོད་ཀྱི་དེ་ནི་མི་རིགས་ཏེ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྫོགས་ཤིང་ཕྱི་དང་ནང་གི་གཟུགས་ལ་སོགས་པ་ཐུགས་སུ་ཆུད་པ་ལ་ནི་གཟུགས་ལ་སོགས་པ་མ་བསྒྲུབས་པ་མེད་པའི་ཕྱིར་རོ། །ལ་ལ་ནི་སངས་རྒྱས་སྤྱན་ལྟ་བུ་ཞེས་པ་འདིར་སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཡིན་པར་དོན་གྱིས་ཤེས་པར་བྱ་སྟེ། དེ་ཡང་ཉིད་ཀྱི་སྐུ་མདོག་དང་ལྡན་པའོ། །ལ་ལ་ནི་སྤྱན་ལྟ་བུའོ། །ལ་ལ་ནི་གཟུགས་རྡོ་རྗེ་ལྟ་བུས་མངོན་པར་བྱུང་ནས་རྒྱ་ཆེ་བའི་བདེ་བས་འཇུག་ཅིང༌། བསྒྲུབ་པར་བྱ་བའི་རང་གི་རིགས་པར་ཞུགས་སོ་ཞེས་ཤེས་པར་བྱའོ། །དེ་བཞིན་དུ་འདིའི་འོག་ནས་མི་བསྐྱོད་པ་ལ་སོགས་པ་ཡང་རང་རང་གི་རིགས་དང་རྗེས་སུ་མཐུན་པར་མཱ་མ་ཀཱི་ལ་སོགས་པ་ལྟ་བུར་ཅི་རིགས་པར་བྱུང་ནས་ཞུགས་སོ་ཞེས་མཐུན་པར་ཤེས་པར་བྱའོ། །ཡང་གདོན་མི་ཟ་བར་གྲུབ་པ་ནི་ལ་ལ་སྒྲོལ་མ་ལྟ་བུ་སྟེ། སྐུ་མདོག་སེར་པོ་དང་ལྡན་པ་དང་ལ་ལ་ནི་རེག་གི་ངོ་བོ་ལྟ་བུ་སྟེ་ཉིད་ཀྱི་སྐུ་མདོག་ལྟ་གུ་དང་ལྡན་པར་ཕྱུང་ནས་ཞུགས་སོ་ཞེས་བྱ་བ་ནི་ཁྱད་པར་རོ། །སྐུ་མདོག་གཉིས་ཀྱིས་ཕྱུང་བའི་དགོས་པ་ནི་བསམ་པ་སྣ་ཚོགས་པའི་སེམས་ཅན་གྱི་ཁམས་གདུལ་བའི་ཕྱིར་ཡིན་ཏེ། ཇི་ལྟར་ཨིནྡྲ་ནཱི་ལ་ལྟར་སྣང་བ་ནི་མི་བསྐྱོད་པའི་མངོན་པར་བྱང་ཆུབ་པའི་གནས་སྐབས་སོ། །རྒྱུད་གཞན་དག་ལས་ནི་ས་གནོན་གྱི་ཕྱག་རྒྱ་དང་ལྡན་པ་སྐུ་མདོག་སེར་པོ་ཞེས་བཤད་ལ། འདིར་ཡང་རེག་བྱ་ལས་སྐྱེས་པ་ཉིད་བདེ་བ་ཆེན་པོ་གཙོ་བོ་སྟེ། མངོན་པར་བྱང་ཆུབ་པའི་རྒྱུ་ཡིན་ནོ་ཞེས་སྟོན་པའི་ཕྱིར་རེག་བྱ་ཡིན་ནོ། །ལྷ་མོ་དགུའི་མཐར་ཐུག་པར་བཤད་ཀྱི་ཆོས་ཀྱི་དབྱིངས་རྡོ་རྗེ་མ་གསུངས་པ་ནི་གཟུགས་ཀྱི་ཕུང་པོ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་རྣམ་པར་དག་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་དག་ཉིད་ཡིན་པའམ། སའི་ཁམས་ཀྱི་གཟུགས་ལ་སོགས་པ་རྣམ་པར་དག་པའི་སྤྱིན་གཟུགས་རྡོ་རྗེ་ལ་སོགས་པའི་གཟུགས་ཀྱིས་འབྱིན་པ་དང༌། འཇུག་པ་དག་ལས་ཤེས་པར་བྱ་སྟེ། བཅོམ་ལྡན་འདས་ནི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཡིན་པའི་ཕྱིར་རོ། །དཔེར་ན་རྩ་བའི་རྒྱུད་ནི་བཅོམ་ལྡན་འདས་མི་བསྐྱོད་པ་མེ་


DTG038_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ལྟ་བུའི་ཡེ་ཤེས་རྣམ་པར་དག་པ་ཡིན་ལ་འདིར་ནི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ཇི་ལྟར་ན་རྒྱལ་བ་རྣམས་ལྷ་མོའི་གཟུགས་འཛིན་པས་ཕྱུང་ངོ་ཞེས་བྱ་བ་བྱུང་བ་ཙམ་གསུངས་ན་དེ་རྣམས་ནི་རང་གི་རིགས་པར་ཞུགས་པ་ཇི་ལྟར་གསུངས། དེ་ནི་བདེན་མོད་ཀྱི་འོན་ཀྱང་ཞུགས་པར་གྱུར་ཏོ་ཞེས་སྔར་གསུངས་པ་དེ་འདིར་ཡང་རྗེས་སུ་སྦྱར་བར་བྱ་སྟེ། ཕྱི་རོལ་ལ་བྱ་བ་ཡིན་པས་ཉེས་པ་མེད་དོ། །ཕྱི་རོལ་དུ་གནས་པའི་བུད་མེད་ཀྱི་གཟུགས་ཀྱི་ཚོགས་མཆོག་ཏུ་བདེ་བའི་རྒྱུར་འགྱུར་བ་མ་ཡིན་ཏེ། ལྷ་མོའི་གཟུགས་རྣམས་འཁྱུད་པའི་རང་གི་རིགས་པའི་ནང་དུ་ཞུགས་པར་ཤུགས་ཀྱིས་ཤེས་པར་བྱའོ། །དེ་བས་ན་འདི་ཉིད་ནི་ལེའུ་བཅོ་བརྒྱད་པ་ལས་བཤད་དེ། འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས། །ཡེ་ཤེས་འཁོར་ལོ་ཅན་རྣམས་བསྡུ། །ལྷ་མོ་དགུ་ནི་སྤྲོས་ནས་སུ། །བསྒྲུབ་པར་བྱ་བའི་ལུས་ལ་དགོད། །ཅེས་བྱ་བར་གནས་སོ། །སེམས་ཅན་རྣམས་གཞུག་པའི་ཕྱིར་གནས་རྣམ་པར་དག་པ་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ཏེ། བཙུན་མོའི་བྷ་ག་ལ་ཞེས་བྱ་བ་ནི་བཙུན་མོ་དང་ཡང་དག་པར་འདུས་པའི་བྷ་ག་ལ་སྟེ། དབང་ཕྱུག་ལ་སོགས་པ་དང་ལྡན་པས་གཅིག་པུ་ཉིད་ཡིན་ཡང་མང་པོའི་ཚིག་ཏུ་གསུངས་པ་ཡིན་ནོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རང་གི་ཁར་བཅུག་པའི་བདེ་བར་གཤེགས་པ་མ་ལུས་པ་ཞུགས་པ་སྔོན་དུ་འགྲོ་བའི་ཟླ་བ་ཞུ་བའི་གཟུགས་རྡོ་རྗེའི་ལམ་ནས་བྱུང་བ་བྱང་ཆུབ་ཀྱི་སེམས་ནི་དམ་ཚིག་ཆེན་པོ་སྟེ། དེ་ཡོངས་སུ་གྱུར་པའི་དཀྱིལ་འཁོར་རོ། །འདོད་ཆགས་ལ་སོགས་པའི་ཉེས་པ་དང་བྲལ་བས་རྡུལ་དང་བྲལ་བའོ། །སངས་རྒྱས་དང་སངས་རྒྱས་མ་ཡིན་པ་མཉམ་པ་ཉིད་ཀྱིས་ནི་གྲུ་བཞིའོ། །དངོས་པོ་ཐམས་ཅད་ཀྱི་གཟུགས་བརྙན་གྱི་གཞིར་གྱུར་པས་ན་གསལ་བའོ། །སྲ་བ་དང་བར་དུ་གཅོད་པའི་གནས་མེད་པས་དེའི་ངོ་བོ་ཉིད་དོ། །སངས་རྒྱས་མཁྱེན་པའི་ཡེ་ཤེས་བརྙེས་པས་སྣ་ཚོགས་གཟུགས་སོ། །དེ་བཞིན་གཤེགས་པའི་གཟུགས་བརྙན་གྱིས་རྣམ་པར་སྤྲོས་པས་ན་ཀུན་དུ་སངས་རྒྱས་ཀྱི་སྤྲིན་གྱིས་ཀུན་དུ་ཁྱབ་པའོ། །དེ་བཞིན་གཤེགས་པ་རྣམས་


DTG038_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འོད་ཟེར་འཕྲོ་བ་དང་བསྡུ་བ་དང༌། གནས་པ་དང་བརྟན་པར་གྱུར་པས་ཀུན་དུ་རྩོལ་བས་ན། འོད་ཟེར་འཕྲོ་བ་མང་པོ་འཁྲུག །ཅེས་བྱའོ། །ཟླ་བ་དང་ཉི་མ་ལ་སོགས་པའི་གདན་དང་ལྡན་པས་ན། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་ངོ་བོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འབྲེལ་བས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །ཐར་པའི་གནས་སུ་གྱུར་པས་ན་གནས་སོ། །ཆོས་འབྱུང་བའི་བཤད་པའོ། །དེ་ལྟར་ཕྱག་རྒྱ་བཞི་དང་ལྡན་པར་བྱུང་བ་ལྟར་ངེས་པར་སྣང་བ་དང༌། དང་པོའི་རྡོ་རྗེ་འཆང་བ་གཉིས་ལྷག་པར་མོས་པའི་སྟོབས་ཀྱིས་མཚུངས་པར་བསམ་གཏན་ལས་བྱུང་བའི་དཀྱིལ་འཁོར་འདི་ཡིན་པར་བཤད་དོ། །དྲིས་པ། བསྐྱེད་པའི་རིམ་པ་ལས་བྱུང་བའི་རྣལ་འབྱོར་པ་བཞི་ཆར་ལ་ཡང་རང་གི་ཉེ་བར་ལེན་པ་ཇི་ལྟ་བའི་རྒྱུར་གྱུར་པ་ལས་བྱུང་བར་བསྒོམས་པའི་དཀྱིལ་འཁོར་འདི་ཡིན་པ་དེ་བཞིན་དུ་ལས་དང་པོའི་རྣལ་འབྱོར་པ་རྣམས་ཀྱིས་སངས་རྒྱས་ལ་མཆོད་པ་དམ་པ་ལ་སོགས་པ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱ་བའི་ངོ་བོའི་རྒྱུ་མཐུན་པ་ཆེན་པོ་ལ་སོགས་པ་རྣམ་པར་དག་པར་བྱ་བའི་ཕྱིར་རོ། །རང་གི་རིགས་པའི་ཆོས་འབྱུང་བའི་ནང་དུ་ཆུད་པའི་ཁང་པ་བརྩེགས་མའི་དབུས་ན་གནས་པ་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་རང་བཞིན་ཅན་གྱི་ས་བོན། ལྷའི་རང་གི་ངོ་བོ་ཙམ་དུ་ངེས་པར་སྣང་བ་བསམ་པར་བྱ་བའི་འཁོར་ལོའི་ཉེ་བར་ལེན་པ་ཡིན་ནོ། །ཡེ་ཤེས་ཅུང་ཟད་བབས་པས་ནི་ཆོས་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཐུན་མཚམས་རང་གི་སྔགས་ཟློས་པ་ནི་རང་གི་ལྷའི་ས་བོན་སྔར་བསྒོམས་པ་བརྟགས་པ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ལ་དབང་ཐོབ་པ་དག་ཀྱང་ཉེ་བར་ལེན་པའི་རྒྱུ་དེའི་སྟོབས་ཀྱིས་རྟེན་དང་བརྟེན་པར་ངེས་པར་སྣང་བ་ལ་ཤིན་ཏུ་གོམས་པར་བསླབས་པའི་དབང་ལས་བྱུང་བའི་ཉེ་བར་ལེན་པའི་རྒྱུས་ཨོཾ་ལ་སོགས་པའི་ཡི་གེ་གསུམ་གྱི་ཆའི་ལྷན་ཅིག་བྱེད་པའི་རང་གི་སེམས་ལས་རྒྱུ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རྣམས་ལ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པས་སྤྲོ་བ་དང་བསྡུ་བའི་རྒྱུར་གྱུར་པ་འཁོར་ལོ་བཞག་ལ། ཅུང་ཟད་རྒྱུན་གྱི་རྣལ་འབྱོར་ལ་གནས་པ་ཡིན་ཏེ། །ཐུན་མཚམས་


DTG038_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངེས་པ་དེ་ལ་བརྟག་པ་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཡེ་ཤེས་ལ་དབང་དུ་གྱུར་པ་ཡང་ཤིན་ཏུ་གོམས་པར་བསླབས་པས་ལྷུན་གྱིས་གྲུབ་པར་འཇུག་པས་རྡུལ་ཕྲ་རབ་རེ་རེ་ཞིང་ཡང་འཁོར་ལོ་དམ་པ་གསུམ་ཆུད་ཅིང༌། ཕན་ཚུན་དུ་གཟུགས་བརྙན་དུ་གྱུར་པའི་བདག་ཉིད་ཀྱི་གཟུགས་ཅན་བདག་ཉིད་ཐམས་ཅད་དུ་གཏོགས་པ། སྐད་ཅིག་མའི་རྐྱེན་དང་བྲལ་བ། དྲི་མ་མེད་པའི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བ། བདེ་བའི་ང་རྒྱལ་གྱིས་རྒྱས་པར་བསྒོམ་པར་བྱ་ཞིང་འགྲོ་བའི་དོན་བྱའོ། །ལྷུན་གྱིས་གྲུབ་པར་ཐོབ་ཅིང༌། སྐད་ཅིག་མ་རེ་རེའི་སྦྱོར་བ་ལ་གནས་པའི་རྟག་པར་གྱུར་པ་ཡིན་ཏེ་ཞར་ལ་འོངས་པས་ཆོག་གོ །སེམས་ཅན་རྣམས་གསང་བའི་དཀྱིལ་འཁོར་དུ་གཞུག་པ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞུག་པར་གྱུར་ཏོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཞེས་བྱ་བར་ལས་ཀྱི་ཚིག་ཏུ་བལྟ་བར་བྱ་སྟེ། གསོལ་བ་གདབ་པ་གཉིས་པའི་ཚིག་གི་དོན་ནི་དེ་ཡིན་པའི་ཕྱིར་རོ། །ད་ནི་སེམས་ཅན་རྣམས་ལ་གཞུག་པ་ཙམ་གྱིས་དེ་ཁོ་ན་ཉིད་སྔགས་ཀྱི་སྦྱོར་བ་དང་བཅས་པ་དང༌། གསང་བ་དང་བཅས་པ་ཡི་གེའི་ཕྱག་རྒྱ་རྣམས་ཀྱིས་རབ་ཏུ་སྦས་པ་ཡང་སྨྲ་བར་རིགས་པ་མ་ཡིན་པས་དབང་བསྐུར་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་ལ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ལ་སོགས་པ་ལས་བྱུང་བ་དང༌། སྒྲུབ་པ་སྟེ་གཉིས་ཀ་ཡང་མཆོག་ཏུ་བདེ་བ་བསྐྱེད་པའི་རྒྱུར་གྱུར་པ་ལ་རྒྱལ་བ་ལྔ་པོ་བཞུགས་པའོ། །དེ་ལྟར་ན་འདི་ཐམས་ཅད་ཐོབ་པ་ནི་རིགས་པ་མ་ཡིན་ཏེ། སྔར་གྱི་འདོད་ཆགས་ཆེན་པོའི་ཚུལ། །ཞེས་བྱ་བའི་ཏིང་ངེ་འཛིན་གཅིག་བུ་ཉིད་ལས་གཞན་དག་ནི་མ་ཐོས་པ་ཡིན་པའི་ཕྱིར་དབང་བསྐུར་རྩོམ་པ་ལ་ཏིང་ངེ་འཛིན་གང་སེམས་ཅན་རྣམ་པར་དག་པའི་རྒྱུ་དང༌། དབང་བསྐུར་བ་དག་ནི་བཅུ་བདུན་པ་ལས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེ་འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་དང་ལྷན་ཅིག་པ་ཉིད་དུ་ཚིག་བཞི་པ་འདིའི་དོན། མཆོག་ཏུ་རྗེས་ཆགས་ཕུན་ཚོགས་དཔག་མེད་ཀྱིས། །ཞེས་བྱ་བ་ལ་


DTG038_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཚིགས་སུ་བཅད་པ་བཞིས་ཀུན་དུ་བཟང་པོའི་སྒྲུབ་པའི་ཐབས་ལས་བཤད་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་གནས་པར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ཚིག་གཉིས་པས་གསོལ་བ་གདབ་པ་གཉིས་པ་དང་ཡང་དག་པར་སྦྱར་བ་ཡིན་ནོ། །མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང་འབྲེལ་བ་སྐུ་བསྟན་པས་སྟོན་པའི་རྣམ་པ་གཉིས་བཤད་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་སྟོང་པ་ཉིད་དང་ཐུགས་རྡོ་རྗེ་དབྱེར་མི་ཕྱེད་པ་ནི་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དབྱངས་ལ་སོགས་པར་སྣང་བ་ཡང་དག་པར་རིག་པ་མཐར་ཐུག་པས་འབྲས་བུའི་ཚུལ་རྡོ་རྗེ་འཆང་བའི་ཡུལ་སོ་སོར་སྣང་བ་དང་བྲལ་བས་གང་གིས་བྱེད་པའི་ཏིང་ངེ་འཛིན་དེ་ནི་མི་ཕྱེད་པས་ན་རྡོ་རྗེ་སྟེ་དེ་ལ་སྙོམས་པར་ཞུགས་པའོ། །ཕྱེད་པའི་ཚིག་གི་དོན་ནི་ངེས་པ་མེད་པ་ཡིན་པས་ན། དང་པོའི་དོན་དྲུག་བར་བྱས་པ་ཡིན་ནོ། །ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྙོམས་པར་ཞུགས་པའི་རྗེས་ཐོགས་ཉིད་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་ནི་ནམ་མཁའ་དང་མཉམ་པ་ཉིད་ཡིན་པས་ནམ་མཁའི་དབྱིངས་སོ། །དེ་ནས་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལས་བཞེངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་དང་དབྱངས་དང༌། མཚན་ཡོངས་སུ་གྱུར་ནས་ཟླ་བ་གཉིས་ཀྱི་རྣམ་པར་ཞུ་བར་གྱུར་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྒྲར་གསུངས་སོ། །དེའི་ངོ་བོ་ནི་དེའི་རང་བཞིན་དུ་གནས་པར་གྱུར་ཏོ། །འདི་དག་གིས་བཅུ་དྲུག་ཆ་དང་ཚོགས་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བཤད་པ་ཡིན་ནོ། །རྒྱུད་འདིར་དབྱངས་དང་གསལ་བྱེད་ཡོངས་སུ་གྱུར་པའི་ཟླ་བ་གཉིས་སོ་ཞེས་བྱ་བ་ལ་ཉེས་པ་མེད་དུ་ཟིན་ཀྱང་སྟོང་པ་ཉིད་དང་ཐུགས་རྗེ་ཆེན་པོ་དབྱེར་མི་ཕྱེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་དུ་གྱུར་བར་བཅོམ་ལྡན་འདས་ཉེ་བར་དམིགས་ཏེ། དེ་ཡང་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་གསུངས་པས་ན། ཨ་ལ་སོགས་པའི་ཡི་གེ་ནི་དངོས་པོ་མ་ལུས་པར་རབ་ཏུ་འགོག་པའི་ངོ་བོ་ཉིད་ཀྱི་ང་རྒྱལ་སྟོན་པ་


DTG038_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་སྟོན་ཏེ། དེ་བས་ན་དེ་ལྟར་བསྐྱེད་པའི་རིམ་པས་རྒྱུར་གྱུར་བ་ཡིན་པར་བཅོམ་ལྡན་འདས་སྟོན་པར་མཛད་པ་ཡིན་ནོ། །ངོ་བོ་ཉིད་ཀྱིས་སྟོང་པར་གྱུར་པ་ལ་ལར་རྣམ་པ་ལ་སོགས་པར་ངེས་པར་སྣང་བའི་ཚུལ་རང་གི་སེམས་སོ་སོར་རྟོག་པ་ཡི་གེ་ཨ་ནི་ཟླ་བའི་དཀྱིལ་འཁོར་གྱི་རྒྱུ་སྟེ། དེ་ཉིད་ནི་ལ་ལར་བསྡུ་བར་བྱས་ཏེ། ཤེས་རབ་དམ་པར་ངེས་པར་སྣང་ཞིང་མཆོག་ཏུ་བདེ་བ་བསྐྱེད་པའི་རྒྱུར་གྱུར་པའོ། །སྟོང་པ་ཉིད་ཀྱི་རྒྱུར་གྱུར་པ་ཉིད་ཀྱིས་རང་གི་ངོ་བོ་བསྟན་པར་མི་ནུས་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ཀྱང་ངོ་བོ་ཉིད་དུ་གྱུར་པའི་ཐུགས་རྗེའི་བདག་ཉིད་ཅན་གྱི་ཀ་ལ་སོགས་པར་ངེས་པར་སྣང་བ་ནི་ཟླ་བའི་དཀྱིལ་འཁོར་གཉིས་པའི་རྒྱུའོ། །དེ་ཉིད་ཐབས་སུ་སྣང་བའི་བདག་ཉིད་ཅན་འགྲོ་བའི་དོན་གྱི་བྱ་བའི་སྟོབས་ཀྱིས་ཡོངས་སུ་གྱུར་པ་ཡིན་ནོ། །དེ་བས་ན་རྒྱུད་གཞན་ལས་བཤད་པའི་དོན་རྗེས་སུ་མཐུན་པ་མེད་པས་འདུས་པ་དང་རྗེས་སུ་མཐུན་པའི་ཡི་གེ་ཉིད་ཀྱིས་ཀྱང་གྱུར་པ་ཉིད་དོ། །བཅུ་དྲུག་ཆ་དང་ཚོགས་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས་བཤད་པ་ཡིན་ནོ། །ཚིག་བཞི་པ་དང་འབྲེལ་བའི་ལྔ་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནས་ཞེས་བྱ་བ་ནི་དབང་བསྐུར་བའི་རྗེས་ཐོགས་ཉིད་ལའོ། །ནམ་མཁའི་དབྱིངས་ཐམས་ཅད་ན་གནས་པའི་ཞེས་བྱ་བ་ནི་རང་གི་རིགས་པའི་ཆོས་འབྱུང་བའི་ནང་དུ་ཆུད་པའི་ཁང་པ་བརྩེགས་མའི་དབུས་ན་གནས་པའོ། །རྡོ་རྗེ་སེམས་དཔའི་བྱིན་གྱིས་རླབས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པ་སྔོན་དུ་འགྲོ་བའི་དབང་བསྐུར་བ་ཐོབ་པས་ཡིན་གྱི། བཤད་མ་ཐག་པའི་རྐྱེན་གྱི་སྟོབས་ཀྱིས་ནི་མ་ཡིན་ཏེ། གྲོལ་བ་ཉིད་དུ་ཐལ་བར་གྱུར་པའི་ཕྱིར་རོ། །དབྱངས་ལ་སོགས་པར་ངེས་པར་སྣང་བ་ཡོངས་སུ་གྱུར་པའི་ཟླ་བ་གཉིས་ཡོངས་སུ་གྱུར་པའི་གཟུགས་ཅན་གྱི་རྣམ་པ་གཞན་དུ་གྱུར་བ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་ཟླ་བ་གཉིས་ཀྱི་རྗེས་ཐོགས་ཉིད་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རེ་རེ་ཞིང་ཡེ་ཤེས་ལྔའི་བདག་ཉིད་ཅན་ཡིན་པའི་ཕྱིར་


DTG038_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའོ། །དེ་རྣམས་ཀྱི་དམ་ཚིག་ནི་རྒྱལ་བ་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་དེ་ཉིད་དེ་དེ་ཉིད་རྡོ་རྗེ་འཆང་བའོ། །དེ་འབྱུང་བ་ནི་བསྐྱེད་པ་སྟེ། ཏིང་ངེ་འཛིན་གང་ལས་ཟླ་བ་གཉིས་ཡང་དག་པར་རིག་པ་རྩེ་གཅིག་པའི་མཚན་ཉིད་ཅན་དབྱེར་མི་ཕྱེད་པར་གྱུར་པ་དེ་ལ་སྙོམས་པར་ཞུགས་པ་ནི་ཐུགས་རྩེ་གཅིག་ཏུ་མཛད་པའོ། །རིག་པ་དང་ཡང་དག་པར་འདུས་པའི་སྐྱེས་བུའི་གཟུགས་ཀྱང་ཡིན་ལ། ཆེན་པོ་ཡང་ཡིན་པས་ན། རིག་པའི་སྐྱེས་བུ་ཆེན་པོའི་གཟུགས་ཏེ། དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། སྔགས་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་སྟེ། དེ་རྣམས་ཀྱི་བྱིན་གྱིས་རླབས་ནི་རྒྱུད་དེ་བྱིན་གྱིས་བརླབས་པར་གྱུར་པའོ། །བཅོམ་ལྡན་འདས་དེ་ཉིད་ཅེས་བྱ་བ་ནི་གང་འདི་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྔར་བཞུགས་སོ། །ཞལ་གསུམ་པ་ལྟ་བུར་ཞེས་བྱ་བ་ནི་དཀར་པོ་དང་ནག་པོ་དང་དམར་པོ་ལྟ་བུའོ། །འདི་དག་ཀྱང་ང་རྒྱལ་དེ་ལྡན་ཞེས་བྱ་བ་ནས་བརྩམས་ཏེ། རྒྱལ་བ་སྐྱེད་བྱེད་ཉིད་ཀྱི་སྐུ་རུ་བསམ། །ཞེས་བྱ་བའི་བར་གྱི་གཞུང་དང་སྦྱོར་རོ། །ལྔ་པའི་རྗེས་ཐོགས་ཀྱི་ཚིག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བདེ་བ་དང་ཡིད་བདེ་བ་ཐོབ་པའི་རྗེས་ཐོགས་ཉིད་ལའོ། །མི་བསྐྱོད་པ་ལ་སོགས་པ་ཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་སུ་གཏོགས་ཤིང༌། དེ་ས་བོན་ལས་སྐྱེས་པའི་སེམས་ཅན་ལ་འདིར་མི་བསྐྱོད་པའི་སྒྲར་གཟུང་གི་བསྒོམས་པའི་སྟོབས་ཀྱིས་བྱུང་བ་ནི་མ་ཡིན་ཏེ། དེ་ནི་རྫོགས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དག་ལ་ཡང་ཤེས་པར་བྱ་སྟེ། དེ་ཐོག་མ་བྱས་པ་ལ་སོགས་པ་སྟེ། ཆོས་ཀྱི་དབྱིངས་རྡོ་རྗེའི་མཐར་ཐུག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་ནི་འདི་ཡིན་ཏེ། སེམས་ཅན་རིགས་དེ་དང་དེ་ཟླ་བ་ཞུ་བར་གྱུར་པའི་དེ་ཁོ་ན་ཉིད་ཀྱིས་དབང་བསྐུར་ཞིང་ས་བོན་དེ་ཡོངས་སུ་གྱུར་པའི་མཚན་མའི་རིམ་གྱིས་དེ་དང་དེ་བཞིན་གཤེགས་པར་གྱུར་ནས་ཐུགས་ཀ་ནས་ཞེས་བྱ་བའི་རིག་པའི་ཆོས་འབྱུང་བ་གནས་སོ། །ཆེད་ཀར་རྗོད་པས་ན་ཆེད་དུ་


DTG038_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པ་སྟེ། གདུལ་བྱའི་དབང་གིས་སྣ་ཚོགས་པའི་གཟུགས་ཅན་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་ཉིད་ཟླ་བ་ཞུ་བ་ཞེས་བྱ་བར་རབ་ཏུ་འབྱུང་བའོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །གཞན་གྱི་སྤྱོད་ཡུལ་མ་ཡིན་པས་ན་གསང་བའོ། །རྟག་པའི་དོན་གྱི་མ་རིག་པའི་ཚུལ་ཅན་ངང་གིས་འབྱུང་བའི་ཆོས་ཀྱིས་སྤངས་པ་ཡིན་པས་ན་རབ་ཏུ་མི་རྟོག་ཅེས་བྱའོ། །དེ་ཉིད་ཀྱིས་ན་དྲི་མ་མེད་པས་ན་རྙོག་པ་མེད་པ་ཞེས་བྱའོ། །འདིས་ནི། ས་ཡི་སྙིང་པོ་ཕྱག་ན་རྡོ་རྗེ་དང༌། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔས་བཤད་པའི་དོན་ལ་བཤད་པ་ཡིན་ནོ། །ད་ནི་བཅོམ་ལྡན་འདས་ཕལ་ཆེར་གསོལ་བ་འདེབས་པ་སྔོན་དུ་འགྲོ་བས་ཆོས་སྟོན་པར་མཛད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་ཏེ། ཚིག་དང་པོ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ནི་གཟུགས་རྡོ་རྗེ་ལ་སོགས་པའོ། །དེས་སངས་རྒྱས་པ་ནི་ནམ་མཁའི་དབྱིངས་ཁྱབ་པའོ། །དེ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་སྟེ་རྡོ་རྗེ་འཆང་བའོ། །དེ་ཉིད་ནི་རིན་ཐང་མེད་པས་ན་རིན་པོ་ཆེའོ། །དེའི་སྤྲིན་གྱིས་ཞེས་བྱ་བར་སྦྱར་རོ། །འདུས་པ་ནི་འདུ་བར་མཛད་པ་སྟེ་བཤད་མ་ཐག་པའི་གསང་བ་ལས་བྱུང་བ་ནི་རྒྱུ་སྟེ་འདི་ནི་བསྐྱེད་པའི་རིམ་པའི་གསོལ་པའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་སྙིང་པོ་གང་དུ་བཏུས་པ་དེ་ནི་འབྱིན་པའི་སྔགས་ཀྱི་ཚོགས་སམ། དེའི་དོན་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་དེ་བཞིན་གཤེགས་པ་ཀུན་གྱི་གསང་བ་ཞེས་བྱ་སྟེ། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི་འབྲས་བུ་ཡོངས་སུ་རྫོགས་པའི་ཚུལ་ཏེ་ཉི་ཤུ་རྩ་ལྔ་པའི་བདག་ཉིད་ཅན་ནོ། །འདི་ནི་འབྲས་བུ་ཡོངས་སུ་རྫོགས་པའི་གསོལ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེད་པར་བྱེད་པ་ཡིན་ཞེས་བྱ་བ་ནི་རྒྱུད་གཞན་དག་ཏུ་མངོན་པར་སངས་རྒྱས་པའི་ས་འོག་མ་པ་རྣམས་འཁོར་བར་བྱེད་པ་སྟེ། དེ་རྣམས་ནི་དེ་ཁོ་ན་ཉིད་མ་རྟོགས་པ་ཡིན་པའི་ཕྱིར་རོ། །དེ་ཡང༌། གོང་མ་གོང་མའི་ཁྱད་པར་གྱིས། །རྣལ་འབྱོར་པ་ཡང་སུན་འབྱིན་ཏོ། །


DTG038_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་ཚུལ་གྱིས་སོ། །བྱང་ཆུབ་སེམས་དཔའ་གཞན་ལྟ་ཅི་སྨོས་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་གཞན་དག་ལྟ་ཤིན་ཏུ་སྨོས་ཀྱང་ཅི་དགོས་ཏེ། ཆོས་འདི་ནི་ཐེ་ཚོམ་གྱི་རྒྱུར་གྱུར་པ་ཡིན་ནོ། །ཞེས་པའོ། །ཡང་ན་དངོས་སུ་དེ་བཞིན་གཤེགས་པ་རྣམས་ཐེ་ཚོམ་གྱི་རྒྱུར་གྱུར་པ་མ་ཡིན་ཏེ། འོན་ཀྱང་ཆོས་ཉིད་ཀྱིས་ཤིན་ཏུ་ཟབ་པར་བསྟན་པའི་མཆོག་གི་ཚིག་འདི་ཡིན་ནོ། །སྤྱི་ཙམ་གྱིས་དམ་པ་ནི་ངོ་མཚར་དུ་གྱུར་པའོ། །མི་སྲིད་པར་ཤེས་པ་ནི་རྨད་དུ་གྱུར་པའོ། །ཡང་ན་ངོ་མཚར་དུ་གྱུར་པ་ནི་རྒྱུའོ། །རྨད་དུ་གྱུར་པ་ནི་འབྲས་བུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་ནི་དེ་ཁོ་ན་ཉིད་མཉམ་པའི་སྣོད་དུ་རུང་བར་མཛད་པའོ། །གང་གིས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྡོ་རྗེ་སྟེ། རྡོ་རྗེ་གང་ཡིན་པ་ལས་བྱུང་བའི་དམ་ཚིག་ནི་ཡོངས་སུ་དག་པའི་ཟླ་བ་དང་ཉི་མ་དང་ཆུ་དང་སྨན་ལ་སོགས་པའོ། །དེ་ལས་བྱུང་བ་གང་ཡིན་པ་སྟེ། གང་གི་ཚེ་མིང་གི་དབང་བསྐུར་བ་ལ་སོགས་པ་ལ། དེ་རིག་མའི་པདྨའི་ཁོང་ན་གནས་པའི་འཁོར་ལོ་ལ་དབང་བསྐུར་བ་ལ་སོགས་པས་སློབ་མ་རྣམ་པར་སྦྱངས་ཏེ། སྣོད་དུ་རུང་བར་བྱས་ནས་ཡང་དག་པར་བསྟན་པར་བྱའོ་ཞེས་པའི་དོན་ཏོ། །འདི་ནི་དང་པོའི་རྣལ་འབྱོར་བསྟན་པའི་གཞུང་ཡིན་ནོ། །ད་ནི་དཀྱིལ་འཁོར་གྱི་མཆོག་སྟོན་པར་བྱེད་པ་དཀྱིལ་འཁོར་འབྱིན་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཚིག་བདུན་པས་སྟོན་ཏེ། ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཉིད་ནི་འོད་གསལ་བ་ཡིན་པས་ན་སྒྲོན་མའོ། །དེ་ཉིད་ནི་མི་ཕྱེད་པས་རྡོ་རྗེར་གྱུར་པའི་ཏིང་ངེ་འཛིན་རྡོ་རྗེ་འཆང་བ་ལྟ་བུའི་ཏིང་ངེ་འཛིན་དེ་ཉིད་ལ་སྙོམས་པར་ཞུགས་པའོ། །ཞེ་སྡང་ནི་དགྲ་བོའི་རྒྱུད་དང་དེ་ལས་ཡང་དག་པར་བྱུང་བ་རལ་གྲི་ལ་སོགས་པ་འཛིན་པའི་མཚན་ཉིད་ལ་ཁྲོ་བོ་ཞེས་བྱ་བའི་ཞེ་སྡང་བ་ཉིད་ནི་ཁྲོ་བོ་མ་ཡིན་ཏེ། ཁྲོ་བར་མ་གྱུར་ཀྱང་དགྲ་བོའི་རྒྱུ་སྲིད་པའི་ཕྱིར་རོ། །དེ་ཉིད་ནི་རིགས་ཀྱང་ཡིན་ཞིང་བསྟན་པའི་བདག་ཉིད་ཅན་གྱི་མགོན་པོ་སྟེ། དེའི་བདག་ཉིད་ཅན་གྱི་སྔགས་སོ། །དེ་ཉིད་ནི་གྲངས་མེད་པའི་རིགས་ཀྱི་བདག་ཉིད་ཅན་ཡིན་པས་ན་མཆོག་


DTG038_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གོ །མི་གཡོ་བས་ན་སྙིང་པོའོ། །འདོད་པའི་འབྲས་བུ་རབ་ཏུ་སྩོལ་བ་ཉིད་ཀྱིས་ན་སྙིང་པོའོ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཞེས་བྱ་བ་ནི་ཁྱད་པར་མེད་ཀྱང་ཡོངས་སུ་གྱུར་པའི་བྱེ་བྲག་གིས་བསྟན་པའོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མི་བསྐྱོད་པ་ཉིད་ཕྱག་རྒྱ་ཆེན་པོས་རང་སྣང་བའི་རིག་པ་དང་ཡང་དག་པར་སྦྱོར་བས་ན་ཕྱག་རྒྱ་ཆེན་པོར་སྦྱོར་བའོ། །དེ་ཉིད་དཔག་ཏུ་མེད་པའི་སྤྲུལ་པའི་གཟུགས་ཀྱི་ཐབས་ཀྱི་མཆོག་གི་འཇུག་པའི་མཛད་པས་ཁྱབ་པའི་ཕྱིར་ཏེ། ལས་ཡིན་ཡང་གསུམ་པར་བྱས་སོ། །ནག་པོ་དང༌། དཀར་པོ་དང༌། དམར་པོའི་ཚུལ་དུ་ཞེས་བྱ་བ་ལ། ནག་པོ་ནི་རྣམ་པ་ཐམས་ཅད་དོ། །ཞལ་གཡས་པ་ནི་དཀར་པོའོ། །གཡོན་པ་ནི་དམར་པོའོ། །ཚུལ་འདིས་ན་དེ་ཉིད་དེར་བཞུགས་སོ་ཞེས་བྱ་བ་སྟེ། བདག་ཉིད་ཀྱི་ནང་དུ་ཐིམ་པར་གྱུར་པའོ། །འདི་དག་ཐམས་ཅད་ནི། ཆོ་ག་འདི་ཡིས་སེམས་ནི་བསྟན་པ་དང༌། །ཞེས་བྱ་བ་ནས། དངོས་པོ་ཐམས་ཅད་ཀྱིས་ནི་དབྱུང་བར་བྱ། །ཞེས་བྱ་བའི་བར་གྱི་གཞུང་དང་སྦྱར་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་གཟུགས་བརྙན་དུ་ཤེས་པ་འབྱུང་ཞིང༌། སྐྱེ་བ་གང་དུ་རྡོ་རྗེའི་བདག་ཉིད་དུ་གྱུར་པའི་ཏིང་ངེ་འཛིན་མེ་ལོང་ལྟ་བུའི་ཚུལ་ཉིད་དུ་གྱུར་པ་དེ་ཉིད་ལ་སྙོམས་པར་ཞུགས་ཏེ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །གཏི་མུག་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་པ་ནི་མི་ཤེས་པའི་མཚན་ཉིད་དང་འཇིག་ཚོགས་ལ་ལྟ་བའི་མཚན་ཉིད་དོ། །དེའི་གཉེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཕྱོགས་མེད་པར་དངོས་པོ་ཐམས་ཅད་ལ་བདག་གོ་ཞེས་བྱ་བ་དེ་ལྟ་བུའི་ཚུལ་གྱི་ང་རྒྱལ་ནི་གཏི་མུག་ཆེན་པོ་སྟེ་གཉིས་པའོ། །དེ་ཉིད་ནི་རིགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་བར་བྱའོ། །དཀར་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞལ་གཡས་པ་ནི་ནག་པོའོ། །གཡོན་པ་ནི་དམར་པོའོ། །དེ་ཉིད་ཀྱིས་ན་ཛི་ན་ཛིཀ །ཅེས་བྱ་བ་དང༌། སྐུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བཤད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་


DTG038_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཉིད་ཀྱི་རིན་པོ་ཆེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་འབྱུང་བ་ནི་དངོས་པོ་མ་ལུས་པ་ལས་སྐྱེས་པའོ། །དེ་ཉིད་ནི་མི་ཕྱེད་པའི་དཔལ་ཡིན་པས་ན་རྡོ་རྗེ་དཔལ་ཏེ། ཏིང་འཛིན་གང་ལ་བསམ་པ་ཐམས་ཅད་རྫོགས་པར་བྱེད་པར་འགྱུར་བས་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །ནོར་བུ་ཡིད་བཞིན་ཉིད་རིགས་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །སེར་པོ་ནི་རྣམ་པ་ཐམས་ཅད་དོ། །ཞལ་གཡོན་པ་ནི་དཀར་པོའོ། །གཡས་པ་ནི་ནག་པོའོ། །དེ་ཉིད་ཀྱིས་ན་རཏྣ་དྷྲྀཀ །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་འདོད་ཆགས་ཆེན་པོ་སྟེ་ཕྱོགས་མེད་པ་ཅན་ཡིན་པའི་ཕྱིར་རོ། །དེའི་འབྱུང་བ་ནི་སྐྱེ་བ་སྟེ་སོ་སོར་རྟོག་པའི་རྣམ་པའོ། །དེ་ཉིད་ནི་མི་ཕྱེད་པར་ཏིང་ངེ་འཛིན་གང་དུ་གྱུར་པ་དེ་ལ་སྙོམས་པར་ཞུགས་ནས་ཞེས་སྔ་མ་བཞིན་དུ་སྦྱར་བར་བྱའོ། །པདྨ་རྣམ་པར་དག་ནི་འདིར་འདོད་ཆགས་ཏེ། དེ་ཉིད་ནི་རིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །སེམས་ཅན་གྱི་དོན་ལ་སོ་སོར་རྟོག་ཅིང་གཟིགས་པས་ན་འཇིག་རྟེན་དེ་ལ་འབྱུང་འཇུག་ཏུ་གྱུར་པའོ། །དེ་ཉིད་ནི་རིག་པའི་བདག་པོ་ཆེན་པོ་སྟེ་འོད་དཔག་ཏུ་མེད་པའོ། །དེ་ཉིད་ནི་ཕྱག་རྒྱ་ཆེན་པོར་སྦྱོར་བའོ། །དེ་ཉིད་ནི་ཐབས་ཀྱི་མཆོག་སྟེ་སྔ་མ་དང་འདྲའོ། །དམར་པོ་ནི་རྣམ་པ་ཐམས་ཅད་དོ། །ཞལ་གཡོན་པ་ནི་དཀར་པོའོ། །གཡས་པ་ནི་ནག་པོའོ། །དེ་ཉིད་ཀྱིས་ན་ཨཱ་རོ་ལྀཀ །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །ཕྲག་དོག་ལ་སྤྱོད་པ་རྣམས་ལ་དེ་རྣམ་པར་དག་པའི་ཐབས་བསྟན་པའི་ཕྱིར། དམ་ཚིག་ནི་སྙིང་རྗེ་ཆེན་པོས་བསྐྱེད་པའི་ཕྲག་དོག་གིས་དགུག་པ་མཛད་ནས་ཉམས་སུ་བླངས་པའི་ངོ་བོ་ཉིད་དོ། །དེ་ཉིད་ནི་རིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་བ་དང་འདྲའོ། །ལྗང་གུ་ནི་རྣམ་པ་ཐམས་ཅད་དོ། །ཞལ་གཡོན་པ་ནི་དཀར་པོའོ། །གཡས་པ་ནི་ནག་པོའོ། །དེ་ཉིད་ཀྱིས་ན་པྲཛྙཱ་དྷྲྀཀ །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །རལ་པ་ཐོར་ཚུགས་འཆང་བའི་ལྷ། །ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་


DTG038_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞུང་བསྟན་པས། རལ་པ་ཅོད་པན་མཛེས་དང་སྣ་ཚོགས་པའི། །ཞེས་བྱ་བ་ལ་སོགས་པའི་དོན་བཤད་པ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ལ་ཅི་རིགས་པར་སྦྱར་བར་བྱའོ། །ཡོངས་སུ་གྱུར་པའི་དབྱེ་བ་རྣམ་པར་དག་པ་ལས་རིགས་ཀྱི་དབྱེ་བ་བསྟན་པའི་ཕྱིར། ཞེ་སྡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་དང་ལྡན་པའི་སེམས་འདི་ནི་འདོད་པ་ཞེས་བྱ་སྟེ། དེ་རྣམ་པར་དག་པས་གྲོལ་བ་ཡིན་ཏེ། དེའི་བདག་ཉིད་ཅན་ཡིག་མི་གནས་པ་རབ་ཏུ་སྒྲུབ་པར་བྱེད་པའོ། །དོན་ནི་འདི་ཡིན་ཏེ། རིགས་ལྔ་པོ་འདི་དག་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་འདོད་ཆགས་ལ་སོགས་པ་དང་ལྡན་པའི་སེམས་ཀྱིས་བསྒོམས་པར་གྱུར་ན། སངས་རྒྱས་ཉིད་ལ་སོགས་པའི་འབྲས་བུ་རྫོགས་པར་བྱེད་པ་ཡིན་ནོ། །ད་ནི་ལྷ་མོ་རྣམས་ཀྱི་གདོན་པ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་རྡོ་རྗེ་འཛིན་པ་མི་བསྐྱོད་པའོ། །དེ་ཉིད་ནི་མཱ་མ་ཀཱི་ལ་རྗེས་སུ་མཉེས་པས་མཉེས་པ་ཞེས་བྱའོ། །དེ་ཉིད་ནི་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་སྟེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སོ། །རྡོ་རྗེ་འཛིན་ཐམས་ཅད་ནི་མི་བསྐྱོད་པའོ། །དེའི་ཕུན་སུམ་ཚོགས་པའི་མཆོག་གི་རྒྱུར་གྱུར་པའི་བཙུན་མོའི་མཆོག་ནི་མཱ་མ་ཀཱི་སྟེ་དེ་ཕྱུང་ངོ་ཞེས་པའོ། །མི་བསྐྱོད་པ་རྗེས་སུ་མཉེས་པའི་ཏིང་ངེ་འཛིན་ལས་བྱུང་བས་ན་མི་བསྐྱོད་པའི་རིགས་དང་འབྲེལ་བ་ནི་མཱ་མ་ཀཱི་སྟེ་རིགས་ཀྱི་རྣམ་པར་གཞག་པ་འདི་ལྟ་བུ་ནི་གཞན་དག་ལ་ཡང་སྦྱར་བར་བྱའོ། །འདི་རྣམས་ཞེས་བྱ་བ་ནི་སྔགས་ཀྱི་བདག་ཉིད་ཅན་མཱ་མ་ཀཱི་ཕྱུང་བའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །ཤར་ཕྱོགས་ཀྱི་གྲྭར་ཞེས་བྱ་བ་ནི་པདྨའི་ནང་ན་མཚམས་གང་དུ་མཱ་མ་ཀཱི་བཞུགས་པ་དེ་ཉིད་མཚམས་སུ་བཞུགས་པ་སྟེ་དེ་ཡང་བདེན་བྲལ་གྱི་མཚམས་ཉིད་ཡིན་ནོ། །ལ་ལས་ལྷོ་ཕྱོགས་ཀྱི་མཚམས་སུ་ཞེས་སྨོས་པ་ནི་གོ་སླ་བ་ཉིད་ཡིན་ཏེ། དེ་ཉིད་ཀྱིས་ན་བདེན་བྲལ་མཚམས་སུ་བསམ་ཞེས་བྱ་བ་སྨོས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དེ་དེ་ནི་སྤྱན་ལ་རྗེས་


DTG038_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཉེས་པར་བྱེད་པ་ཡིན་ཏེ། དེ་ཉིད་མི་ཕྱེད་པར་གང་དུ་གྱུར་པའི་མེ་ལོང་ལྟ་བུ་དེ་ཉིད་ལ་ཏིང་ངེ་འཛིན་དུ་མཛད་པ་སྟེ་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སང་མཛད་དེ་དེའི་བཙུན་མོའི་མཆོག་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །ལྷོ་ཕྱོགས་ཀྱི་གྲྭར་ཞེས་བྱ་བ་ནི་མེའི་མཚམས་སོ། །དེ་ཉིད་ཀྱིས་ན་མོ་ཧ་ར་ཏི་ཞེས་པས་ལྷ་མོ་སྤྱན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་པ་རྗེས་སུ་མཉེས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའོ། ནུབ་ཕྱོགས་ཀྱི་གྲྭར་ཞེས་བྱ་བ་ནི་རླུང་གི་མཚམས་སུའོ། །དེ་ཉིད་ཀྱིས་ན་རཱ་ག་ར་ཏི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་གདོན་མི་ཟ་བར་གྲུབ་པ་སྟེ། དེའི་སྒྲོལ་མས་རང་གི་བདག་པོར་ནང་དུ་ཆུད་པས་བསྐྱེད་པའི་ཕྲག་དོག་གི་ངོ་བོ་ཉིད་ཀྱི་འཁོར་ལོའི་གཙོ་བོས་ཕྱི་དང་གསང་བའི་མཆོད་པ་རྣམས་ཀྱིས་ཁྱད་པར་དུ་གསལ་བར་བྱེད་པའི་ཏིང་ངེ་འཛིན་གང་དུ་རྡོ་རྗེ་ལྟར་མི་ཕྱེད་པར་གྱུར་པ་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་དུ་ཏིང་ངེ་འཛིན་སྔ་མ་རྣམས་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །ཡང་ན་གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དེ་རྣམས་ཀྱི་སླུ་བ་ནི་དམིགས་སུ་མེད་པའོ། །ཡང་ན་གང་དག་ཉིད་ཀྱིས་འགྲོ་བ་རྣམས་ཀྱི་དོན་བྱའི་གཞན་དག་གིས་ནི་མ་ཡིན་ནོ་ཞེས་ཕྲག་དོག་རྣམ་པར་དག་པའི་ངོ་བོ་རྣམ་པ་ཐམས་ཅད་དུ་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཉིད་ནི་རྡོ་རྗེ་དང་འདྲ་བར་གང་དུ་གྱུར་པའི་ཏིང་ངེ་འཛིན་གདོན་མི་ཟ་བར་གྲུབ་པའི་བདག་ཉིད་ཅན་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །བྱང་ཕྱོགས་ཀྱི་གྲྭར་ཞེས་བྱ་བ་ནི་དབང་ལྡན་གྱི་ཕྱོགས་སུ་ཏེ། བཛྲ་ཏིས་རབ་བསྐུལ་ཞེས་བྱ་པ་ལ་སོགས་པ་སྨོས་པ་ཡིན་ནོ། །ལག་ཏུ་འཁོར་ལོ་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གསུམ་པ་ལས་གསུངས་པའི་ཆོ་ག་བསྟན་པའི་ཕྱིར། འཁོར་ལོ་བཟང་དང་ཨུཏྤལ་དམར་པོ་ཞེས་བྱ་བ་ལ་སོགས་པས་བཤད་པ་རྣམས་ནི་ཕྱག་མཚན་གྱི་གཙོ་བོ་ལ་སོགས་པའི་ངེས་པ་ཡིན་ཏེ་འདི་རྣམས་དང་ཅི་


DTG038_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པར་སྦྱར་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་བཙུན་མོའི་མཆོག་ཡིན་པའམ། དེ་རྣམས་ཀྱི་བཙུན་མོའི་མཆོག་སྟེ་དེའི་བདག་ཉིད་ཅན་གྱི་ཕུན་སུམ་ཚོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ཉིད་དུ་གྱུར་པའི་ལྷ་མོ་འདི་རྣམས་ཀྱང་མཆོད་པའི་དཀྱིལ་འཁོར་གྱི་བདག་པོ་ལ་སོགས་པར་ཤེས་པར་བྱ་སྟེ། གང་སྐུའི་ངོ་བོ་ཉིད་ཀྱིས་སྐུ་ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པ་ཡིན་གྱི། དཀྱིལ་འཁོར་གྱི་གནས་ཀྱི་ས་ལ་སོགས་པ་རྣམ་པར་དག་པའི་བཙུན་མོ་ཉིད་དུ་ནི་མ་ཡིན་ཏེ། རྣམ་པར་དག་པ་དང་འགལ་བར་ཐལ་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བགེགས་འཇོམས་པར་བྱེད་པའི་སྒོ་སྲུང་གདོན་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དེ་དེའི་དཀྱིལ་འཁོར་ནི་སྐུའི་དཀྱིལ་འཁོར་རོ། །དེ་བྱིན་གྱིས་རློབ་པ་ནི་དགུག་པའི་ལས་ཀྱིས་བྱང་ཆུབ་བསྐྱེད་པ་ལ་ཆགས་པར་གང་གིས་བྱེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྐུ་དང་གསུང་དང་ཐུགས་ཀྱི་ཆོས་རྟོགས་པར་བྱ་བའི་ཚུལ་རྣམ་པ་སྣ་ཚོགས་པ་དང༌། གཅིག་པ་ལ་སོགས་པ་དང་བྲལ་བར་དྲན་པ་དེ་ལ་ཉེ་བར་འཇོག་ཅིང༌། དེ་རྣམས་ལ་དད་པ་རྣམ་པར་དག་པ་བརྟེན་པ་པོའི་ཚུལ་ནི་གཤིན་རྗེ་མཐར་བྱེད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དེ། དེ་ཉིད་ནི་ལེ་ལོ་ཅན་གྱི་གདུལ་བྱའི་སེམས་ཅན་རྣམས་གདུལ་བའི་དབང་གིས་བསྙེམས་པར་བྱའོ། །དེས་ན་ཤར་ཕྱོགས་ཀྱི་སྒོར་ཞེས་བྱ་བ་ནི། སྐུ་གསུང་ཐུགས་ཀྱི་ཆོས་རྣམས་ལ། །གཅིག་དང་དུ་མ་སོགས་བྲལ་བ། དེ་དྲན་དེར་ནི་དད་པ་གང༌། །ཤར་གྱི་སྒོར་ནི་རྟོགས་བྱར་འདོད། །ཅེས་བྱའོ། །དེ་ཉིད་ཀྱིས་ན་ཡ་མཱནྟ་ཀྲྀཏ་ཅེས་བྱ་གཤིན་རྗེ་གཤེད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སྨྲས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་རང་གི་ངོ་བོ་ཉིད་གནས་པའི་རྒྱུའོ། །དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་རིགས་ཀྱི་བདག་པོ་ནི་མི་བསྐྱོད་པ་སྟེ། དེའི་ཏིང་ངེ་འཛིན་


DTG038_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་མ་མངོན་པར་རྫོགས་པར་བྱང་ཆུབ་པ་མི་བསྐྱོད་པ་ལྟ་བུ་དེ་ཉིད་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་སྟེ། དེའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་བྱིན་གྱིས་རློབ་པ་ནི་འཇུག་པའི་ལས་ཀྱིས་སོ། །ལྷག་མ་རྣམས་ནི་སྔ་མ་དང་འདྲའོ། །དངོས་པོ་ཕྱུང་བའི་ཕྱིན་ཅི་ལོག་གི་བག་ཆགས་བཅོམ་པ་དང་མི་སྐྱེ་བར་བྱ་བའི་ཕྱིར་དང་མ་བྱུང་བའི་དེ་ཁོ་ན་ཉིད་ཀྱི་བག་ཆགས་བསྐྱེད་པ་དང་གནས་པར་བྱ་བའི་ཕྱིར་བརྩོན་འགྲུབ་རྣམ་པ་བཞི་སྟེ། དེ་ཡང་དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ་སྤེལ་བ་དང་སྦ་བར་སྤྲོ་བར་བྱའོ། །དེ་རྣམ་པར་དག་པ་བརྟེན་པ་པོའི་ངོ་བོ་སྟེ་ཤེས་རབ་མཐར་བྱེད་དོ། །རྡོ་རྗེ་དམ་ཚིག་ནི་མི་བསྐྱོད་པ་སྟེ། དེ་ཉིད་ནི་སྔ་མ་བཞིན་བསྙེམས་པ་བྱེད་པའོ། །དེས་ན་ལྷོ་ཕྱོགས་ཀྱི་སྒོར་ཞེས་བྱ་བ་ནི་བྱུང་དང་འབྱུང་འགྱུར་ཞེས་བྱ་བ་ལ་སོགས་པས་བརྩོན་འགྲུས་བཞི་བཤད་པའི་རྟེན་དུ་གྱུར་པ་ནི་ལྷོ་ཕྱོགས་ཀྱི་སྒོ་སྟེ། ཐར་པའི་སྒོར་འཇུག་པར་ངེས་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་པྲཛྣྷྱཱནྟ་ཀྲྀཏ་ཅེས་བྱ་བ་བླ་མེད་འོད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ་དེའི་ངོ་བོ་ཉིད་ཀྱི་ཆོས་ནི་རྡོ་རྗེ་ཆོས་སོ། །དེ་ཉིད་ནི་རིན་པོ་ཆེ་སྟེ་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་རྣམས་ཀྱི་འབྱུང་གནས་སུ་གྱུར་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་འོད་དཔག་ཏུ་མེད་པ་ལྟ་བུར་སྙོམས་པར་འཇུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཆང་བ་ནི་འོད་དཔག་ཏུ་མེད་པ་སྟེ། དེའི་དཀྱིལ་འཁོར་ནི་གསུང་གི་དཀྱིལ་འཁོར་རོ། །དེའི་བྱིན་གྱིས་རློབ་པ་ནི་དགུག་པ་དང་གཞུག་པས་སེམས་ཅན་གྱི་ཁམས་རྣམས་ཀྱང་རང་གི་གནས་ནས་མི་འགྲོ་བར་མངོན་པར་ཞེན་པས་འཇུག་པའི་ཕྱིར་འཆིང་བའི་ལས་ཅན་གྱི་སྟེ་ལྷག་མ་རྣམས་ནི་སྔ་མ་དང་འདྲའོ། །ཕུང་པོ་ལྔ་པོ་ལ་གཟུང་བ་དང་འཛིན་པའི་ནུས་པའི་དབྱེ་བ་དང་བྲལ་བའི་ཚིག་མ་ཡིན་པའི་བདག་ཉིད་ཅན་ཡིན་པས་ན། འདུན་པ་དང་སྤྲོ་བ་ལ་གནས་པའི་བློ་གྲོས་ནི་རྫུ་འཕྲུལ་གྱི་རྐྱང་པ་སྟེ། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྫོགས་པ་ནི་རྫུ་འཕྲུལ་ལོ། །དེའི་རྐྱང་བ་ནི་རྒྱུ་རྣམས་སོ། །དེ་


DTG038_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་འདུན་པ་ལ་སོགས་པས་དམིགས་པར་བྱེད་པ་ལ་མི་བརྗེད་པའི་མཚན་ཉིད་ཅན་གྱི་དྲན་པ་དང་བརྩོན་འགྲུས་རྩོམ་པ་ལ་ཉེ་བར་གནས་ཤིང༌། དམིགས་པ་བརྗེད་པའི་གཉེན་པོ་ལ་ཀུན་དུ་སྤྱོད་པས་འདུན་པ་མེད་པ་ལ་སོགས་པ་རྣམ་པར་འཇིག་པར་འགྱུར་རོ།། དེ་ཡང་དྲན་པ་དང་འདུན་པ་ལ་སོགས་པའི་ཡུལ་རྣམས་ཀྱི་ཆོས་བཀག་པས་བསླང་བའི་བརྟེན་པ་པོའི་ངོ་བོ་ནི་པདྨ་སྟེ། དེ་ཉིད་ནི་འདུན་པ་མེད་པ་ལ་སོགས་པ་མཐར་བྱེད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ནི་འདོད་པ་དཔག་ཏུ་མེད་པ་སྟེ། དེ་ལྟ་བུའི་ཚུལ་དུ་ནུབ་ཕྱོགས་ཀྱི་སྒོར་ཞེས་བྱ་བ་འདུན་པ་ལ་སོགས་པའི་ཡུལ་ལ་དྲན་པའི་རྟེན་དུ་གྱུར་པ་ནི་ནུབ་ཀྱི་སྒོ་ཡིན་ཏེ། དེར་ཞེས་བྱ་བའི་དོན་ཏོ། །དེ་བས་ན་པད་མཱནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་སྨོས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་སྐུ་དང་གསུང་དང་ཐུགས་ཏེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཉིད་ནི་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་མི་བསྐྱོད་པ་ལྟ་བུར་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ་དེ་རྣམས་ཀྱི་སྐུ་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་རྣམས་ཀྱི་བྱིན་གྱིས་རློབ་པ་ནི་དགུག་པ་དང་གཞུག་པ་དང༌། བཅིང་བས་ལེ་ལོ་ལ་མངོན་པར་ཞེན་པའི་སེམས་ཅན་གྱི་ཁམས་རྣམས་ལ་དགའ་བའི་བྱ་བས་བྱིན་གྱིས་རློབ་པའོ། །ལྷག་མ་ནི་སྔ་མ་དང་འདྲའོ། །རྣམ་པར་མི་རྟོག་པའི་སྔར་བཤད་པའི་དངོས་པོ་རྣམས་ལ་ཏིང་ངེ་འཛིན་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་གྱི་སེམས་རབ་ཏུ་དང་བ་ལ་སྤྲོ་བས་དམིགས་ཤིང་བརྗེད་པ་མེད་པས་ཡོངས་སུ་བསྐོར་བའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་མངོན་སུམ་དུ་བྱེད་པའི་སྟོབས་རྣམས་དང་ལྡན་པའི་བརྟེན་པ་པོའི། །མ་དད་པ་ལ་སོགས་པའི་བགེགས་རྣམས་མཐར་བྱེད་པས་ན་བགེགས་མཐར་བྱེད་དོ། །བྱང་སྒོར་ཞེས་བྱ་བ་ནི་མ་དད་པ་ལ་སོགས་པའི་བགེགས་རྣམས་མཐར་བྱེད་པའི་ཏིང་ངེ་འཛིན་སྟོབས་དང་ལྡན་པའི་རྟེན་དུ་གྱུར་པའི་སྒོ་སྟེ། དེར་བཞུགས་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བིགྷྣཱན་ཏ་ཀྲྀཏ་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྣམ་པར་སྣང་མཛད་ཐུགས་


DTG038_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འོད་དཔག་མེད། །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི་དབང་བསྐུར་བཤད་པ་ཡིན་ནོ། །རྩ་བའི་ཕྱག་མཚན་ལ་སོགས་པའི་ངེས་པ་ཡང༌། བྲི་བའི་དཀྱིལ་འཁོར་གྱི་རྗེས་སུ་འབྲངས་ནས་ཁྲོ་བོ་རྣམས་ལ་ཅི་རིགས་པར་སྦྱར་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་སྐུའི་དཀྱིལ་འཁོར་རོ། །གསུང་གི་དཀྱིལ་འཁོར་དང་ཐུགས་ཀྱི་དཀྱིལ་འཁོར་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དཀྱིལ་འཁོར་དེ་རྣམས་མཉེས་པར་བྱེད་པའི་ཕྱིར་ཐུན་མོང་གི་དམ་ཚིག་སེམས་དཔའ་ནི་བགེགས་མཐར་བྱེད་དོ། །ཅིག་ཤེས་དག་ཀྱང་རང་རང་གི་དཀྱིལ་འཁོར་མཉེས་པར་བྱེད་པའི་ཕྱིར་དམ་ཚིག་སེམས་དཔར་འགྱུར་མོད་ཀྱི། འོན་ཀྱང་དད་པ་ལ་སོགས་པའི་དབང་པོ་མཉམ་པ་མེད་པའི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བའི་མཉེས་པ་ནི་གཤིན་རྗེ་གཤེད་ལ་སོགས་པ་ལ་ཐོགས་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་དད་པས་བཀུག་ལ་དད་པ་དང་ལྡན་པ་ནི་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་པ་རྣམས་ནི་དྲན་པ་ཉེ་བར་འཇོག་གོ །དྲན་པ་འཇོག་པ་རྣམས་ནི་དགུག་པ་ལ་སེམས་མཉམ་པར་འཇུག་གོ །མཉམ་པར་འཇོག་པའི་སེམས་ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་དབང་པོ་རྣམས་ཀྱི་རིམ་པ་འདི་ནི་གཤིན་རྗེ་གཤེད་པ་ལ་སོགས་པ་ལ་མཚུངས་པ་ཉིད་ཡིན་ནོ། །དེ་ལྟར་ན་བཞི་པ་ནི་དམ་ཚིག་གི་སེམས་དཔའ་ཡིན་ནོ། །དེ་ལྟར་ཁྲོ་བོ་རྣམས་ཀྱི་འཁོར་ཕུན་སུམ་ཚོགས་པ་མངའ་བ་ཡིན་པས་ན། འདིར་རྣམ་པར་དག་པ་བཤད་པ་ཡིན་ནོ།། དེ་བཞིན་གཤེགས་པ་རྣམས་དང༌། ལྷ་མོ་རྣམས་ཀྱི་འཁོར་རྣམས་ཀྱི་རྣམ་པར་དག་པ་ནི་སྔར་བཤད་པ་ཉིད་ཡིན་ནོ། །གདོན་པའི་སྔགས་དེ་རྣམས་ཀྱི་བཤད་པ་ནི་བཤད་པ་ལས་གསལ་བ་ཉིད་དུ་འབྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་གསང་བ་ནི་རྡོ་རྗེ་འཆང་བའོ། །དེ་བས་ན་གསང་བ་ཡང་ཡིན་ལ་འདུས་པ་ཡང་ཡིན་ཏེ་ཚོགས་པར་བཤད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེའི་བྱིན་གྱིས་བརླབས་པ་སྟེ། དེ་སྟོན་པར་བྱེད་པའི་ལེའུའི་གཞུང་རྫོགས་སོ། །ལེའུ་དང་པོའི་འགྲེལ་པའོ།། །།

ལེའུ་གཉིས་པ། བྱང་ཆུབ་ཀྱི་སེམས་ཀྱི་འགྲེལ་པ།


DTG038_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་གཉིས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་སྟོན་ཏེ། །སྐུ་དང་གསུང་དང་ཐུགས་ཀྱི་ཞེས་བྱ་བ་ནི་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུའི་ངོ་བོ་ཉིད་དོ། །དེ་ཉིད་ཀྱིས་ན་མཆོག་གོ །དེ་ཉིད་ནི་དེ་བཞིན་གཤེགས་པ་ཀུན་གྱི་གསང་བའོ། །དེ་ཅི་ཞིག་ཅེ་ན། བླ་ན་མེད་པའི་བྱང་ཆུབ་སེམས། །ཞེས་བྱ་བ་སྟེ་འདི་ལས་གོང་ན་མེད་པས་ན་བླ་ན་མེད་པའོ། །འདིར་འོག་ནས་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་བྱ་བ་མན་ཆད་འདིར་འོད་དེ་ཡང་རིགས་པས་དམིགས་སུ་མེད་པ་ཡིན་ཏེ། དེ་ནི་ངོ་བོ་ཉིད་གཅིག་པ་གཉིས་སུ་མེད་པའི་ཚུལ་ཉིད་དམིགས་སུ་མེད་དོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ན་འདི་ནི་རྡོ་རྗེ་སེམས་དཔའི་བྱང་ཆུབ་ཀྱི་སེམས་གསུངས་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་འབྱིན་པའི་རིམ་པ་བོར་ཏེ། སེམས་ལུས་ལྟ་བུ་དང་ཞེས་བྱ་བའི་ཉེ་བའི་རིམ་པ་འདི་ཉིད་ལ་བརྟེན་ནས། ཐུགས་ཀྱི་འོག་ཏུ་སྐུའི་ངོ་བོ་ཉིད་རྣམས་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱི་སེམས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་གང་དུ་མངོན་པར་རྟོགས་ཤིང་སྣང་བའི་རྡོ་རྗེའི་བདག་ཉིད་ཅན་དུ་གྱུར་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ་མེ་ལོང་ལྟ་བུའི་ཞེས་བྱ་བའི་དོན་ཏོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་སྟེ། དེ་དང་བྲལ་ཞིང་གཟུགས་ཀྱི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་ནི་མེ་ལོང་ལྟ་བུ་དང༌། གཟུང་དང་འཛིན་པ་རྣམ་སྤངས་པ། །ཞེས་བྱ་བ་གཉི་གས་བདག་མེད་པར་བཤད་པ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །ཆོས་ལ་བདག་མེད་མཉམ་ཉིད་པས། །ཞེས་བྱ་བ་ལ་གསུངས་པ་ཡིན་ནོ། །རང་སེམས་ཞེས་བྱ་བ་ནི་ཁྱད་པར་གཞན་ཡང་གསུངས་པ་ཡིན་ནོ། །གཟོད་ནས་མ་སྐྱེས་པ་ཞེས་བྱ་བ་ནི་གདོད་མ་ཉིད་ནས་བརྟགས་པའི་རྣམ་པ་མ་སྐྱེས་པའོ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བ་ནི་དེ་ཉིད་བརྟེན་པར་བྱས་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་བསྐྱོད་པར་བྱང་ཆུབ་ཀྱིས་སེམས་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཟད་པར་མི་འགྱུར་ཞིང་ཉམས་པར་མི་འགྱུར་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་གང་དུ་མི་ཕྱེད་པའི་གཟུགས་སུ་བཞུགས་པ་


DTG038_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་མི་བསྐྱོད་པ་ལྟ་བུ་ཉིད་ཀྱི་ཏིང་ངེ་འཛིན་ཏོ་ཞེས་དོན་གྱི་བཤད་པའོ། །དངོས་པོ་འདི་རྣམས་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་རྣམས་སོ། །མ་སྐྱེས་པས་ཞེས་བྱ་བ་ནི་དངོས་པོ་མེད་པའོ། །རང་གི་མཚན་ཉིད་འཛིན་པས་ན་ཆོས་སོ། །དེ་མེད་པས་ན་ཆོས་ཉིད་མེད་པའོ། །དེ་ལྟ་ན་ནི་མེད་པའི་སྟོང་བ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། ནམ་མཁའ་ལྟ་བུར་བདག་མེད་པ། །ཞེས་བྱ་བ་གསུངས་ཏེ་དམིགས་སུ་མེད་པའི་ཡེ་ཤེས་ཙམ་ཞེས་བྱ་བ་དོན་ཏོ། །རིན་ཆེན་འབྱུང་ལྡན་གྱི་བྱང་ཆུབ་ཀྱི་ཚུལ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པ་ཉིད་རྡོ་རྗེ་སྟེ་མཉམ་པ་ཉིད་ཀྱི་རྣམ་པའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞེས་བྱ་བའི་དོན་ཏོ། །ཆོས་རྣམས་ཐམས་ཅད་དངོས་མེད་ཅིང༌། །ཞེས་བྱ་བ་ནི་ཤེས་བྱའི་ཚུལ་གྱིས་སོ། །ཆོས་ཀྱི་མཚན་ནི་གང་གི་ཕྱིར་ཆོས་རྣམས་ཀྱི་མཚན་ཉིད། གཟུགས་ནི་གཟུགས་སུ་རུང་བའོ། །ཞེས་བྱ་བ་ལ་སོགས་པ་སྟེ་དེ་རྣམ་པར་སྤངས་པའོ། །དེ་ཡང༌། བྱ་བ་དང་ནི་ཉེར་འདྲེན་ཀུན། །ཕུང་པོ་ལ་སོགས་ཁྱད་པར་དུ། །མཚན་ཉིད་དེ་ཡང་དེ་ཉིད་དེ། །དེས་ན་འདི་ཡང་མཚན་ཉིད་བྲལ། །ཞེས་བཤད་པའོ། །དེ་ཉིད་ཀྱིས་ན་བདག་མེད་ཆོས་ལས་ཏེ་ཆོས་རྣམས་བདག་མེད་པ་མ་ཡིན་པར་དགག་པ་ལ་བརྟེན་པའི་མཉམ་པ་ཉིད་ཀྱི་སེམས་པས་ཀུན་དུ་བྱུང་བ་སྟེ། དེ་རྣམས་ཀྱི་རང་གི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །འོད་དཔག་ཏུ་མེད་པའི་བྱང་ཆུབ་ཀྱི་སེམས་གསུངས་པ། ཡེ་ཤེས་ཉིད་འོད་ཟེར་ཡིན་ཏེ་དེས་ན་སེམས་ཅན་གྱི་དོན་ལ་སོ་སོར་རྟོག་པས་ན་སྒྲོན་མའོ། དེ་ཉིད་རྡོ་རྗེ་ལྟར་གཉིས་སུ་མེད་པའི་གཟུགས་ཅན་ཡིན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཚེ་དཔག་མེད་ལྟ་བུར་ཞེས་བྱ་བའི་དོན་ཏོ། །མ་སྐྱེས་པ་སྟེ་བེམས་པོའི་ཆོས་ལ་ངོ་བོ་མེད་པ་ཞེས་པ་བཏགས་པའི་དངོས་པོ་མེད་ཅིང་དེ་ལ་སྒོམ་པ་ཡང་མེད་པའོ། །འོན་ན་ད་ལྟར་ཅི་ཞིག་ཡོད་ཅེ་ན། ནམ་མཁའི་ཚུལ་དུ་སྦྱོར་བ་ཡིས། །ཞེས་བྱ་བ་གསུངས་ཏེ། དམིགས་སུ་མེད་པའི་ཡེ་ཤེས་ཀྱི་ཚུལ་གྱིས་སོ། །དེ་ལྟར་སྔར་བཤད་པའི་དངོས་པོ་སྟེ། གཉིས་སུ་མེད་པའི་རང་བཞིན་དུ་རབ་ཏུ་བསྒྲགས་ཤིང་སོ་སོར་རྟོག་གོ་ཞེས་པའོ། །གདོན་མི་ཟ་བར་གྲུབ་པའི་བྱང་ཆུབ་ཀྱི་


DTG038_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་ནི་བདག་ཉིད་ཀྱིས་སེམས་ཅན་གྱི་དོན་བྱའོ་ཞེས་ཕྲག་དོག་རྣམ་པར་དག་པའི་ངོ་བོ་བྱ་བ་སྒྲུབ་པའོ། །དེ་ཉིད་ནི་རྡོ་རྗེ་སྟེ་གཉིས་སུ་མེད་པའི་བདག་ཉིད་ཅན་ཡིན་ཏེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞེས་བྱ་བར་སྦྱར་རོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །ཞེས་བྱ་བ་ནི་སེམས་ཀྱི་རང་བཞིན་ནོ། །གཟོད་ནས་དག་པ་ཞེས་བྱ་བ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་གི་ངོ་བོས་གདོད་མ་ཉིད་ནས་དག་པ་ཡིན་གྱི་ད་ལྟར་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ན་སྟོན་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པ་ཡིན་ནོ། །ནམ་མཁའ་བཞིན་བྱ་བ་ནི་དམིགས་སུ་མེད་པའོ། །བྱང་ཆུབ་མེད་ཅིང་ཞེས་བྱ་བ་ནི་འདི་ལས་ཐ་མི་དད་པའོ། །མངོན་པར་རྟོགས་པ་མེད་ཅེས་བྱ་བ་ནི་ལམ་ཐ་དད་པར་གྱུར་པ་ཡང་ཡོད་པ་མ་ཡིན་ཏེ། བྱང་ཆུབ་དང་ལམ་གཉི་ག་ཡང་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་གོམས་པར་བསླབས་པའི་གནས་སྐབས་སུ་མི་གསལ་བ་ཉིད་ཀྱིས་ན་གཉིས་སུ་མེད་པའི་ཡེ་ཤེས་དེ་ལ་ལམ་གྱི་བདེན་པ་ཞེས་བཤད་ལ། གསལ་བའི་གནས་སྐབས་སུ་ནི་འབྲས་བུ་ཞེས་བྱའོ། །དེ་ཉིད་ཀྱིས་ན། འདིར་ཞི་བ་དང་སྲིད་པའི་ངོ་བོ་འདིར། །ཆོས་ཉིད་ཀྱི་ནི་དབྱེ་བ་འགའ་ཡང་མེད། །ཅེས་བྱ་བ་ལ་སོགས་པའི་ཚིག་སུ་བཅད་པ་སྨོས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ངོ་མཚར་དུ་འགྱུར་པ་སྔོན་དུ་འགྲོ་བའི་ཆེད་དུ་བརྗོད་པའི་ཐབས་ཀྱིས་སྔར་བཤད་པའི་དོན་སྟོན་པ་ཡིན་ཏེ། ཨེ་མའོ་སངས་རྒྱས་ཞེས་བྱ་བ་ནི་ཀུན་དུ་བཟང་པོ་དང༌། བྱང་ཆུབ་ཀྱི་སེམས་གཉིས་ཐ་མི་དད་པས་དེ་ལ་ཕྱག་འཚལ་བ་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིའི་འོག་མ་རྣམས་པ་ཡང་བྱང་ཆུབ་ཀྱི་སེམས་དང་ཐ་མི་དད་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་ནི་རབ་བསྐོར་བ། །ཞེས་བྱ་བ་ནི་འོག་གནས་གདུལ་བྱའི་དབང་གིས་བྱ་བ་འདིར་ཡང་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ཡིན་པས་ན་བྱང་ཆུབ་སེམས་སོ། །སྙིང་པོ་ཞེས་བྱ་བ་ནི་ཉེ་བར་བླང་བར་བྱའོ། །གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལ་ལེགས་སོ་ཞེས་པར་བསྟན་པ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡོངས་སུ་རྟོག་པ་


DTG038_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ཀུན་ནས་འདྲི་བའི་བསམ་པའོ། །ཐུགས་ཀྱིས་མཁྱེན་ནས་ཞེས་བྱ་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཉིད་ཀྱིས་སོ། །སེམས་ལུས་ལྟ་བུ་དང་ཞེས་བྱ་བ་ནི་བརྟགས་པའི་རྣམ་པའི་སེམས་དགག་པའོ། །ལུས་སེམས་ལྟ་བུ་དང་ཞེས་བྱ་བ་ནི་བརྟགས་པའི་བེམས་པོའི་ལུས་དགག་པ་སྟེ་འདིས་ནི་སེམས་དང་ལུས་ཁྱད་པར་མེད་པར་བཤད་པ་ཡིན་ནོ། །སེམས་ཚིག་ཏུ་བརྗོད་པ་ཞེས་བྱ་བ་ལ་སོགས་པས་ནི་ངག་དང་སེམས་ཀྱང་ཁྱད་པར་མེད་པར་གསུངས་པ་ཡིན་ནོ། །དེ་ལྟར་ན་དེ་ནི་ཁམས་གསུམ་པོ་རྣམས་པ་བཅས་པ་ནི་ཤེས་པ་ཙམ་གྱི་ངོ་བོ་ཉིད་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཉན་པ་པོ་དེ་རྣམས་དངོས་པོའི་ངོ་བོ་ཉིད་ཅི་ལྟར་གནས་པ་བཞིན་དུ་དེ་ཉིད་རྗེས་སུ་བརྗོད་པ་ཡིན་པར་སྡུད་པར་བྱེད་པས་སྨྲས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྐུ་དང་གསུང་ཐུགས་ནམ་མཁའ་ལྟ་བུར་ཞེས་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚུལ་དུ་ཡང་དག་པར་སྦྱར་ནས་ཆེད་དུ་བརྗོད་པ་ཞེས་བྱ་བ་ཆེད་ཀར་བརྗོད་དོ་ཞེས་བྱ་བ་སྨྲས་སོ་ཞེས་བྱ་བའི་དོན་ཏོ། །དེ་གང་ཞིག་ཡིན་ཞེ་ན། ཨེ་མའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟགས་པའི་རྣམ་པ་མེད་པ་ལ་སོགས་པ་གང་ཡིན་པ་དེའི་སྐྱེ་བ་མེད་པའི་ཚུལ་གྱིས་ན་དངོས་པོ་གནས་པར་གྱུར་པ་ནི་མ་ཡིན་ཏེ། རྣམ་པ་སྣ་ཚོགས་པ་སྐྱེ་བའི་དེ་ནི་རབ་ཏུ་བསྒྲགས་ཤིང་བཤད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འདིས་ནི་ཆོས་ཉིད་ཀྱིས་སྤྱིར་བྱང་ཆུབ་ཀྱི་སེམས་བཤད་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་དྲུག་པོའི་བྱང་ཆུབ་ཀྱི་སེམས་རེ་རེ་ནས་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་ཏིང་ངེ་འཛིན་གང་དུ་རྡོ་རྗེ་དང་འདྲ་བར་འགྱུར་པ་དེ་ལ་རྡོ་རྗེ་འཆང་བ་ལྟ་བུ་ཉིད་དུ་སྙོམས་པར་ཞུགས་སོ་ཞེས་བྱ་བར་སྦྱོར་རོ། །དངོས་པོ་མེད་པ་ཞེས་བྱ་བ་ནི་མེད་པར་དགག་པའི་ཚུལ་དུ་བསྒོམ་པ་རྣམས་ཀྱི་དངོས་པོ་མེད་པའོ། །དེ་ནི་གཟུང་བ་ལ་སོགས་པའི་ཚུལ་དུ་རྣམ་པར་བརྟགས་པའི་སྒོམ་པ་དེ་ཡང་བསྒོམ་པ་མ་ཡིན་ཏེ། ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཞེས་པའི་ཕྱིར་དངོས་པོ་དེ་ཉིད་ཡང་དག་པར་རིག་པ་ཡིན་


DTG038_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པས་དངོས་པོ་མེད་པར་འགྱུར་ཏེ་བརྟགས་པ་ནི་དངོས་པོ་མེད་པ་ཡིན་པའི་ཕྱིར་རོ། །མ་ཡིན་པར་དགག་པ་ལ་བརྟེན་པས་ནི་དེ་ལས་ཀྱང་ཡང་དག་པར་རིག་པར་བཤད་པ་དོན་དམ་པར་སྤོང་བ་ལས་གང་ཐ་དད་པར་གྱུར་པའི་སྒོམ་པ་པོའི་བྱ་བར་འདོད་པ་ནི་བསྒོམ་པ་ཡིན་ལ། །གདུལ་བྱའི་དབང་གིས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ཚུལ་གྱིས་སོ། །དེ་ལ་ལེའུ་འདིའི་དོན་ཉིད་ནི། །སྙིང་རྗེས་འཇིག་རྟེན་འདི་ནི་མ་ལུས་པ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་བཤད་པ་ཡིན་ནོ། །ལེའུ་གཉིས་པའི་འགྲེལ་བའོ།། །།

ལེའུ་གསུམ་པ། རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་ཞེས་བྱ་བའི་འགྲེལ་པ།


DTG038_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་གསུམ་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲོ་བ་ཉིད་རླན་དང་བཅས་པ་ཉིད་ཡིན་པས་ན་སྤྲིན་ནོ། །དེའི་བཀོད་པ་ནི་ཚོགས་སོ། །དེ་ཉིད་ནི་རྡོ་རྗེ་ཞེས་པ་རྡོ་རྗེ་སེམས་དཔའ་སྟེ་ཏིང་ངེ་འཛིན་དེ་ལ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་བསྒོམས་པ་བྱིན་གྱིས་རློབ་པའི་སྔགས་གསུངས་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། ཨོཾ་ཞེས་བྱ་བ་ནི་ལྷའི་སྐུའོ་ཤཱུ་ཉ་ཏཱ་ནི་སྟོང་པ་ཉིད་དེ། དེ་ཉིད་ནི་ཛྙཱ་ན་སྟེ་ཡེ་ཤེས་སོ། །དེ་ཉིད་ནི་བཛྲཱ་སྟེ་རྡོ་རྗེ་ཡིན་ནོ། །སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་ཀྱི་བདག་ཉིད་ཅན་ནི་བདག་གོ་ཞེས་བྱ་བའོ། །དེ་ཡང༌། དངོས་ལས་སྟོང་པ་གཞན་མ་ཡིན། །དེ་མེད་པར་ཡང་དངོས་པོ་མེད། །ཅེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཇི་སྐད་བཤད་པ་ལྟ་བུའོ། །གཞིའི་དཀྱིལ་འཁོར་བསྟན་པ་ནི་ནམ་མཁའི་དབྱིངས་ཞེས་བྱ་བ་སྟེ་ཆོས་འབྱུང་བའོ། །དེའི་དབུས་གནས་པར་སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི་ཡི་གེ་བྷྲཱུཾ་གྱི་འཁོར་ལོ་ལས་བྱུང་བའི་རིན་པོ་ཆེའི་ཅོད་པ་ན་གྱི་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པའི་དཀྱིལ་འཁོར་རོ། །དེ་ཡང་བྷྲཱུཾ་གྱི་འཁོར་ལོ་ལས་བྱུང་རིག་མ་དང་བཅས་པའི་རྣམ་པར་སྣང་མཛད་ཡན་ལག་ལས་ཡང་དག་བྱུང་ཞེས་ཇི་སྐད་བཤད་པའོ། །སངས་རྒྱས་ཉིད་འབར་བ་སྟེ་དེ་དང་མཉམ་པའི་འོད་ཟེར་མངའ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱིས་ན། འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ། །ཅེས་བྱའོ། །དེ་ཡང༌། ཐུབ་དབང་འོད་ཀྱི་དཀྱིལ་འཁོར་སྣ་ཚོགས་པའི། །ཟེར་གྱིས་ཕྱོགས་ཚོགས་མ་ལུས་ཀུན་དུ་ཁྱབ། །ཅེས་ཇི་སྐད་བཤད་པའོ། །ཀུན་ནས་ཡོངས་སུ་ཟླུམ་པོར་


DTG038_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཞེས་བྱ་བ་ནི་ཕྱི་དང་ནང་ཟླུམ་པོ་སྟེ། དབུས་སུ་ནི་ཟུར་བཞི་བ་ཉིད་ཡིན་ནོ། །འདོད་པར་བྱ་བ་ཡིན་པས་ན་འདོད་པའོ། །དེ་ཉིད་ནི་རྣམ་པར་དག་པ་ཉིད་ཀྱི་ཚུལ་གྱིས་གོམས་ཤིང་བསླབ་པར་བྱ་བ་ཡིན་པས་ན་ཡོན་ཏན་ནོ། །ལྔ་ནི་གཟུགས་ལ་སོགས་པ་སྟེ་དེས་ཁྱབ་པའོ། །མཆོད་པ་རྣམ་པ་ལྔ་ནི་ལྷ་བཤོས་ལ་སོགས་པ་སྟེ་དེ་རྣམས་ཀྱིས་བརྒྱན་པའོ། །དེའི་ཕྱིར། གཟུགས་སོགས་ཡུལ་རྣམས་རྣམ་པར་དག་པ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །དེ་ནི་མདོར་ན་དེ་ལྟར་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་དྲུག་པོའི་སྐུ་མདོག་ལ་སོགས་པ་གསུངས་པ་ཡིན་ཏེ། གཟུགས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུའོ། །དབུས་སུ་ཞེས་བྱ་བ་ནི་དབུས་མའི་གདན་ལའོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་ཡིད་ཀྱིས་སམ་རྔུལ་ཚོན་གྱིས་སོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ལྷའི་སྐུའོ། །སྐུ་གསུང་ཐུགས་ཀྱིས་མཚན་པའོ། །ཞེས་བྱ་བ་ནི་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པའོ། །དེ་དག་ནི་འདིའི་འོག་མ་རྣམས་ལ་ཤེས་པར་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བའི་རྡོ་རྗེ་འཆང་བའིའོ། །ཕྱག་རྒྱ་ཞེས་བྱ་བ་ནི་སྐུ་མདོག་ལ་སོགས་པ་དང་ལྡན་པའི་ཕྱག་རྒྱ་ཆེན་པོའོ། །འམ་ཞེས་བྱ་བའི་སྒྲ་ནི་ཕྱག་མཚན་གྱི་ཕྱག་རྒྱའམ་རྡུལ་ཚོན་གང་ལ་ཡང་རུང་བ་བསྒོམ་པར་བྱའོ། །འདི་དག་ཀྱང་གོང་མ་དང་འོག་མ་གཉིས་ཀ་ལ་སྦྱར་བར་བྱའོ། །ཚོགས་གཉིས་དང་ནི་ལྡན་པ་ཡིས། །ཞེས་བྱ་བ་ནི་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་རྣམ་པར་དག་པའི་ངོ་བོ་ལྷ་མོ་དང་ལྷ་ཕོར་སྣང་བའི་ཡང་དག་པའི་སྦྱོར་བ་དང་ལྡན་པ་ཡིས་སོ།། འདི་ཡང་གོང་མ་དང་འོག་མ་གཉིས་ཀ་ལ་ཡང་སྦྱར་ཤེས་པར་བྱའོ། །འདིར་ནི་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་གཉིས་ཉེ་བར་འགྱུར་པ་དང་ལྡན་པ་ནི་རྡོ་རྗེ་འཆང་རྣམ་པར་སྣང་མཛད་ཀྱི་སྐུ་མདོག་དང་མི་བསྐྱོད་པའི་ཕྱག་མཚན་དང་ལྡན་པའོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །དེ་གཉིས་ཀྱིས་ན་འདིའི་འོག་ནས་འདིའི་སྐུ་མདོག་ལ་སོགས་པ་མི་སྟོན་ཏོ། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །ཞེས་བྱ་བ་ནི་མི་བསྐྱོད་པའི་སྐུ་དང་རྩ་བའི་ཞལ་ནི་སྔོན་པོར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཤེལ་དང་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་སྣང་མཛད་ཀྱི་སྐུ་མདོག་ལ་སོགས་པ་སྟོན་པ་ཡིན་ནོ། །ཐོར་ཚུགས།


DTG038_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཅོད་པན་གྱིས་བརྒྱན་པ། །ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་བར་བྱ་སྟེ། རལ་པ་ཅོད་པན་མཛེས་དང་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་སྨོས་པ་ལྟ་བུའོ། །འཛམ་བུ་ཆུ་བོའི་ཞེས་བྱ་བ་ལ་སོགས་པས་ནི་རིན་ཆེན་དཔལ་གྱི་སྐུ་མདོག་ལ་སོགས་པ་གསུངས་པ་ཡིན་ནོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་བྲི་བའི་དཀྱིལ་འཁོར་གྱི་རྗེས་སུ་འབྲང་བས་རིན་པོ་ཆེ་མརྒད་ཉིད་གཟུང་བར་བྱའོ། །དེ་ཉིད་ཀྱིས་ན་མརྒད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །པདྨ་རཱ་ག་ཞེས་བྱ་བ་ལ་སོགས་པས་ནི་འོད་དཔག་ཏུ་མེད་པའི་སྐུ་མདོག་ལ་སོགས་པ་གསུངས་པ་ཡིན་ནོ། །འོད་ཟེར་སྣ་ལྔ་ཞེས་བྱ་བ་ལ་སོགས་པས་ནི་གདོན་མི་ཟ་བར་གྲུབ་པའི་སྐུ་མདོག་ལ་སོགས་པ་གསུངས་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྫོགས་པའི་ལྷ་རྣམས་བྱིན་གྱིས་བརླབ་པའི་སྔགས་གསུངས་པ་ཡིན་ཏེ། ཆོས་རྣམས་ཀྱི་དབྱིངས་ནི་ལུས་ཏེ་རང་བཞིན་གྱིས་འོད་གསལ་པའི་སྟོང་ཉིད་ཡིན་ལ། དེའི་ངོ་བོ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བར་སྦྱོར་རོ། །དེ་ཡང༌། གཟུང་འཛིན་ལ་སོགས་རྣམ་བྲལ་བས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ད་ནི། རིན་ཆེན་ཁ་དོག་སྣ་ལྔ་པ། །ཞེས་བྱ་བ་ལ་སོགས་པས་སེམས་ཉེ་བར་གཡེང་བ་ཞི་བར་བྱ་བའི་ཕྱིར་ཕྲ་མོའི་རྣལ་འབྱོར་བསྒོམ་པ་གསུངས་པ་ཡིན་ཏེ། རིན་ཆེན་ཞེས་བྱ་བ་ནི་རང་གི་ལྷའི་མཚན་མའི་རིན་པོ་ཆེའོ། །སྣའི་རྩེ་མོ་ཞེས་བྱ་བ་ནི་ལྷ་མོའི་གསང་བའི་ཆུ་སྐྱེས་ཀྱི་སྣ་རྩེའོ། །རྟག་པར་ཞེས་བྱ་བ་ནི་ཅི་སྲིད་སེམས་རྩེ་གཅིག་པར་གྱུར་གྱི་བར་དུའོ། །བརྟན་པར་ཤེས་ནས་ཞེས་བྱ་བ་ནི་བརྟན་པའི་མཚན་མ་ཤེས་ནས་ལེགས་པར་རིན་པོ་ཆེའི་མཚན་མ་སྤྲོ་བར་བྱའོ། །སྤྲོ་བའི་མཚན་མ་བསྟན་པའི་ཕྱིར་སངས་རྒྱས་འབར་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ་སངས་རྒྱས་ཀྱི་སྤྲིན་སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རིན་པོ་ཆེའི་མཚན་མ་འབའ་ཞིག་ཏུ་མ་ཟད་ཀྱི་མཚན་མ་གཞན་དང་གཞན་དག་ཀྱང་སྤྲོ་བར་བྱའོ་ཞེས་བསྟན་པའི་ཕྱིར། །འཁོར་ལོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་རལ་གྲི་འཛིན་པའི་ཕྱག་མཚན་ནི་རལ་གྲིའོ། །སྤྲོ་བའི་བདག་ཉིད་ཅན་གྱིས་ཞེས་བྱ་བ་ནི་དེ་དག་དབྱེར་མི་ཕྱེད་པའི་བློ་ཡོད་པས་སོ། །ཡང་ན་སྔར་གྱི་ཕྱག་མཚན་ཐམས་ཅད་ཀྱང་མཆོག་ཏུ་གྱུར་པ་ཡིན་པས་ན་རིན་པོ་ཆེ་ཞེས་བྱ་བ་ལ། དེ་


DTG038_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་བརྟན་པར་བྱས་ནས་མཚན་མ་ལྔ་པོ་ཉིད་སྤྲོ་བར་བྱའོ་ཞེས་བཤད་པའི་ཕྱིར་འཁོར་ལོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ཡང་མཛོད་འཛིན་ནི་རིན་པོ་ཆེའོ། །མཚོན་ཆ་ནི་རལ་གྲིའོ། །དོན་འདིས་ནི། ཡང་ན་རང་གི་མཚན་མ་ཕྲ་མོ་ནི། །ཞེས་པ་ལ་སོགས་ཚིགས་བཅད་གཉིས་སྨོས་པ་ཡིན་ནོ། །ད་ནི་ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པས་སངས་རྒྱས་རྣམས་ཀྱི་གདན་གསུངས་པ་ཡིན་ཏེ། ཆོས་འབྱུང་བའི་ནང་དུ་ཆུད་པའི་ཁང་པ་བརྩེགས་མའི་དབུས་ན་གནས་པའོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཏེ། ཉི་མའི་དཀྱིལ་འཁོར་ལ་བྲི་བར་བྱའོ། །གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་རྣམ་པར་སྣང་མཛད་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན། ཐམས་ཅད་ཉི་མའི་དཀྱིལ་འཁོར་དག་ལ་བསམ། །ཞེས་པའི་སྤྱིའི་ཚིག་འདི་ལ་སྔར་གྱི། ཤར་གྱི་པདྨ་ཟླ་བའི་དབུས་སུ་བསམ། །ཞེས་དགར་པའི་ཚིག་ཏུ་གསུངས་པ་ཡིན་ནོ། །པདྨའི་དཀྱིལ་འཁོར་འདྲ་བར་ནི། །ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་དེ་ཉི་མ་ལ་གནས་པར་བསྒོམ་པར་བྱའོ། །བཟླས་པ་བསྒོམ་པས་ཞེས་བྱ་བ་ནི་སྔགས་བཟླས་པ་དང་སྒོམ་པ་དང་ལྡན་པའི་རྣལ་འབྱོར་པས་སོ། །རིན་ཆེན་དཀྱིལ་འཁོར་འདྲ་བར་ནི། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ཏེ་ཉི་མའི་དཀྱིལ་འཁོར་ལ་གནས་པར་རིན་པོ་ཆེ་ལ་བརྩོན་པས་བསྒོམ་པར་བྱའོ། །སྦྱོར་བའི་དཀྱིལ་འཁོར་ལས་བྱུང་བ། །ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་བཞི་དང་འབྲེལ་བའི་སྐུ་མདོག་དང་སྦྱོར་བས་དཀྱིལ་འཁོར་རང་གི་ངོ་བོའི་བདག་ཉིད་ཅན་ལྗང་གུ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གདོན་མི་ཟ་བ་གྲུབ་པ་ཡིན་པར་བཤད་ལ། དེའི་ཡང་ཉི་མའི་དཀྱིལ་འཁོར་ཉིད་དུ་ཡང་དག་པར་བྱུང་ཞིང་ལྡན་པར་བྱའོ་ཞེས་པའི་དོན་ཏོ། །དྲིས་པ་རྣམ་པར་སྣང་མཛད་འབའ་ཞིག་ལ་གསལ་བའི་དཀྱིལ་འཁོར་ཉིད་ཡིན་པར་གསུངས་ན་དེ་མི་བསྐྱོད་པ་ལ་སོགས་པའི་གདན་ཉི་མའི་དཀྱིལ་འཁོར་ཡིན་པར་མངོན་པར་འདོད་དོ། །ཅི་ལྟར་ཤེས་ཤེ་ན་དེ་བརྗོད་པར་བྱ་སྟེ། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །ཞེས་གླེང་གཞིའི་ལེའུ་ལས་གསུངས་ལ། དེར་


DTG038_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཞེས་སྨོས་པས་ནི་ཉི་མའི་དཀྱིལ་འཁོར་ཉིད་ཡིན་པར་འདོད་དོ། །འདིར་ཡང་རྣམ་པར་སྣང་མཛད་ཀྱི་གདན་ནི་ཟླ་བའི་དཀྱིལ་འཁོར་ཡིན་པས། གསལ་བའི་དཀྱིལ་འཁོར་ཞེས་བྱ་བའི་སྒྲས་ངེས་པ་ཉིད་དུ་གསུངས་ལ། དོན་གྱིས་ན་མི་བསྐྱོད་པ་ལ་སོགས་པ་བཞིའི་གདན་ནི་ཉི་མའི་དཀྱིལ་འཁོར་ཉིད་ཡིན་པར་ཤེས་སོ། །ད་ནི་འདི་དག་ཅེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་འདི་དག་གིས་སངས་རྒྱས་ཐ་མི་དད་པར་གསུངས་པ་ཡིན་ཏེ། དཀྱིལ་འཁོར་འདི་དག་ནི་སངས་རྒྱས་རབ་མཆོག་གི་སྐུ་དང་གསུང་དང་ཐུགས་སྒོམ་པ་ལ་གཅིག་པ་ཉིད་ཀྱིས་སངས་རྒྱས་རབ་མཆོག་གོ །རྡོ་རྗེ་ལས་བྱུང་བའི་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ལས་ཡང་དག་པར་བྱུང་བའོ། །ཐམས་ཅད་འཛིན་པའི་ཚུལ་ནི་ཐམས་ཅད་མཁྱེན་པ་ཉིད་ཚུལ་ཡིན་ལ་ཚུལ་ཉིད་ཀྱང་ཐམས་ཅད་མཁྱེན་བ་སྟེ་དེ་ཐོབ་པའོ། །ལེའུ་གསུམ་པའི་འགྲེལ་པའོ།། །།

ལེའུ་བཞི་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པ།


DTG038_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་བཞི་པར་བྲི་བའི་དཀྱིལ་འཁོར་བསྟན་པའི་ཕྱིར་གསུངས་པ་ཡིན་ཏེ། གཞུང་འདིས་ནི་ཏིང་ངེ་འཛིན་གསུམ་དང་ལྡན་པའི་སློབ་དཔོན་དཀྱིལ་འཁོར་གྱི་སའི་དབུས་ན་གནས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྡོ་རྗེ་དྲིལ་བུ་འཛིན་པའི་སློབ་མ་རྣམས་ཀྱིས་འོག་ནས་བཤད་པའི་བསྟོད་པའི་རྒྱལ་པོས་གསོལ་བ་བཏབ་ནས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་སྟོན་ཏེ། འདི་ཚིགས་སུ་བཅད་པ་དང་པོས་ནི་སྤྱིའི་གསོལ་བ་འདེབས་པ་སྟོན་ཏོ། །ཚིགས་སུ་བཅད་པ་གཉིས་པས་ནི་སྐུའི་དཀྱིལ་འཁོར་སྤྲུལ་པར་གསོལ་བ་བཏབ་པ་ཡིན་ནོ། །ཚིགས་སུ་བཅད་པ་གསུམ་པས་ནི་གསུང་གི་དཀྱིལ་འཁོར་སྤྲུལ་པར་གསོལ་བ་བཏབ་པ་ཡིན་ནོ། །ཚིགས་སུ་བཅད་པ་བཞི་པས་ནི་ཐུགས་ཀྱི་དཀྱིལ་འཁོར་སྤྲུལ་བར་གསོལ་བ་བཏབ་པ་ཡིན་ནོ། །དེ་བས་ན། དེ་ལྟར་སྦྱོར་གནས་སློབ་དཔོན་ནི། །སངས་རྒྱས་ཀུན་བདག་གཟུགས་ཅན་ཡིན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་མར་མེ་མཛད་བཟང་པའི་ཞལ་སྔ་ནས་ཀྱིས་བཤད་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཐུགས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་སྐུའི་དཀྱིལ་འཁོར་ཁོང་དུ་ཆུད་པར་བྱའོ་ཞེས་ཤེས་པར་བྱ་བའི་ཕྱིར་ཐུགས་ཀྱི་དཀྱིལ་འཁོར་ཉིད་


DTG038_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་གསུངས་པ་ཡིན་ཏེ། །སེམས་ཀྱི་རྡོ་རྗེ་རབ་འདྲ་བ། །ཞེས་བྱ་བ་ནི་རང་གི་གཟུགས་ཅན་ནོ། །གང་འདི་ཐུགས་ཀྱི་དཀྱིལ་འཁོར་ཡིན་མོད་ཀྱི། འོན་ཀྱང་རྣམ་པར་དག་པ་གསུམ་དང་ལྡན་པས་སྐུ་ལ་སོགས་པའི་རང་གི་ངོ་བོ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་གསུངས་པ་ཡིན་ནོ། །དཀྱིལ་འཁོར་ཐིག་གདབ་པའི་ཕྱིར་སྲད་བུའི་མཚན་ཉིད་སྟོན་ཏེ། ལུས་ངག་སེམས་ནི་བསྒོམ་པ་ཡིས། །ཞེས་བྱ་བ་ནི་ལུས་ལ་སོགས་པ་ལྟར་བསྒོམས་པས་སོ། །སར་པ་ཞེས་བྱ་བ་ནི་དཀྱིལ་འཁོར་གཞན་དུ་ཡོངས་སུ་མ་སྤྱད་པའོ། །ལེགས་པར་བཀལ་ཞེས་བྱ་བ་ལ་ནི་ཤིན་ཏུ་ལེགས་པར་བསྒྲིལ་བའོ། །ཚད་མ་ཞེས་བྱ་བ་ནི་ཆུར་འཁོར་ལོའི་ཉིས་འགྱུར་ལ་སྦོམ་དུ་སྒོའི་ཉི་ཤུའི་ཆའོ། །མཛེས་པ་ཡིས་ཞེས་བྱ་བ་ནི་མདུད་པ་མེད་པ་དང་མི་ལྷོད་པས་སོ། །འདིའི་དོན་ནི་དཀྱིལ་ཆོག་ལས། །བརྟག་པ་ལ་སོགས་རང་གི་དངོས། །ཞེས་བྱ་བ་ནས་བརྩམས་ཏེ། །སྲད་བུ་འཛིན་པས་དཀྲི་བར་བྱ། །ཞེས་བྱ་བའི་བར་ལས་ཤེས་པར་བྱའོ། །ཐིག་གདབ་པའི་ཆོ་ག་ཡང་དེ་ཉིད་ལས་ཤེས་པར་བྱའོ། །ཁྲུ་ནི་བཅུ་གཉིས་ཚད་དུ་བྱ། །ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་ཡིན་གྱི་དཀྱིལ་འཁོར་ནི་ཚད་ངེས་པ་མེད་པ་ཡིན་ཏེ། ཇི་སྐད་དུ། སེམས་ཅན་བསམ་པའི་དབང་གིས་ནི། །ཚད་ལ་སོགས་པ་ངེས་པ་མེད། །ཅེས་བཤད་པ་ལྟ་བུའོ། །ཕྱག་རྒྱ་དགོད་པར་བྱ་ཞེས་བྱ་བ་ནི་མཚན་མའི་ཕྱག་རྒྱ་དགོད་པ་ལ་བྱའི་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པའི་ཕྱག་རྒྱ་དགོད་པར་བྱ་བ་ནི་མ་ཡིན་ཏེ། དེ་མཐོང་བས་ཐོས་པ་དང་མི་ལྡན་པ་རྣམས་གལ་ཏེ་མི་ཤེས་པར་འགྱུར་བ་སྲིད་པ་ན་ངན་འགྲོར་འགྲོ་བར་ཐལ་བར་འགྱུར། །དེ་སྐད་དུ། མུ་སྟེགས་རྣམས་ལ་ཕན་པའི་ཕྱིར། །སངས་རྒྱས་བཙུན་མོ་རབ་ཏུ་སྦས། །ཞེས་གསུངས་པ་ལྟ་བུའོ། །དེ་དབུས་རྡོ་རྗེ་བྲི་བ་ནི། །ཞེས་བྱ་བ་ནི་ཐུགས་རྣམ་པར་དག་པའི་རྡོ་རྗེ་དཀྱིལ་འཁོར་གྱི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་བྲི་བར་བྱ་སྟེ། དཀྱིལ་འཁོར་འདི་ནི་ཐུགས་གཙོ་བོར་བྱས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྐུ་ལ་སོགས་པ་རྣམ་པར་དག་པ་འཁོར་ལོ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་མཚན་ཏེ། དེ་རྣམས་རང་


DTG038_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

གི་གདན་ལ་ཅི་ལྟ་བ་བཞིན་དུ་བྲི་བར་བྱའོ་ཞེས་བསྟན་པའི་ཕྱིར། །འཁོར་ལོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྲིན་གྱི་དབུས་དང་འདྲ་བའི་འོད། །ཅེས་བྱ་བ་ནི་དབུས་སུ་སྤྲིན་གྱི་འོད་དང་འདྲ་བ་སྟེ་འཁོར་ཕུན་སུམ་ཚོགས་པ་བསྟན་པས་རྣམ་པར་དག་པ་ལ་ཉེ་བར་དགོས་པ་ཉིད་ཡིན་པའི་ཕྱིར་དང་མཚན་མ་དང་ཏིང་ངེ་འཛིན་གྱི་ངོ་བོ་གདོན་པ་སྟོན་པས་གཟུགས་རྡོ་རྗེ་ལ་སོགས་པ་དཀྱིལ་འཁོར་པ་ཡིན་གྱི། འདོད་པའི་རྒྱལ་པོ་ལ་སོགས་པ་དང་སའི་སྙིང་པོ་ལ་སོགས་པ་ནི་མ་ཡིན་ཏེ། དེ་རྣམས་ཀྱི་རྒྱུའི་ཚོགས་བཤད་མ་ཐག་པ་མེད་པའི་ཕྱིར་རོ། །དེ་བས་ན་གཟུགས་རྡོ་རྗེ་ལ་སོགས་པའི་མཚན་མ་མེ་ལོང་ལ་སོགས་པ་གནས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །དེ་ཉིད་བསྟན་པའི་ཕྱིར་སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ཀྱི་ངོ་བོ་ཉིད་གཟུགས་རྡོ་རྗེ་ལ་སོགས་པ་ཕྱག་མཚན་མེ་ལོང་ལ་སོགས་པ་ཕྱག་རྒྱའི་གཟུགས་སུ་དཀྱིལ་འཁོར་གྱི་མཚམས་བཞི་དང༌། ཤར་ཕྱོགས་ཀྱི་སྒོའི་ངོས་གཉིས་སུ་གཞག་པར་བྱའོ། །ལུས་དང་ངག་སེམས་མཆོད་པ་ཡིས། །ཞེས་བྱ་བ་ནི་སྐུ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཡི་གེ་གསུམ་གྱིས་གདོན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དོན་འདི་ཉིད་ཀྱིས་ན། དེ་ལྟར་དཀྱིལ་འཁོར་བྲིས་ནས་ནི། །ཟླ་བ་ཉི་མར་གདན་བྱས་པར། །དབུས་སུ་རལ་གྲི་བྲི་བར་བྱ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །ད་ནི་སྒྲུབ་པ་གཙོ་བོ་ཡིན་པར་སྟོན་པ་ནི། བུད་མེད་རབ་ཏུ་མདངས་བཟང་བ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་དེ་ཉིད་ཀྱིས་ན། དེ་ནས་དམ་ཚིག་མཆོག་སྦྱོར་བ། །གཟུགས་དང་ལོ་ཡི་ཡོན་ཏན་ལྡན། །ཞེས་བྱ་བ་ནས་བརྩམས་ཏེ། དངོས་གྲུབ་ཀུན་གྱི་ཕྱིར་བྱའོ། །ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ཏེ། འདི་དག་ནི་བདག་གིས་མ་བཤད་དོ། །དེ་ལྟར་ཐུགས་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་ལེའུ་བཅུ་དྲུག་པ་ལས་འདི་ཉིད་ཀྱི་ཚུལ་དང་རྗེས་སུ་མཐུན་པ་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །ལེའུ་བཞི་བའི་འགྲེལ་པའོ།། །།

ལེའུ་ལྔ་པ། ཀུན་དུ་སྤྱོད་པའི་མཆོག་གི་འགྲེལ་པ།


DTG038_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་ལྔ་པས་སྒྲུབ་པ་པོའི་ཁྱད་པར་གྱི་སྤྱོད་པའི་ཁྱད་པར་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱོད་པ་ཀུན་གྱི་ཀུན་དུ་སྤྱོད་པ་སྟེ་དེ་དང་མཆོག་གི་ཆོས་ཏེ། འདི་དག་ནི་དོན་དུ་གཉེར་བ་ཡིན་པས་ན་དོན་ཀྱང་ཡིན་


DTG038_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དེ་སྐད་ཅེས་བྱའོ། །རྣམ་པར་མི་རྟོག་པའི་དོན་ནི་ཐེ་ཚོམ་པ་དང་བྲལ་བའི་དོན་ཏེ། དེ་ལས་བྱུང་བ་ནི་གནས་པའོ། །སྔར་ནི་འདོད་ཆགས་ཞེ་སྡང་གཏི་མུག་རིགས་ཏེ། ཕྱིས་དེ་རྣམ་པར་དག་པར་གྱུར་པ་ཡིན་པ་དེ་ཡང་དངོས་གྲུབ་སྒྲུབ་པར་བྱེད་དོ་ཞེས་སྦྱར་བར་བྱའོ། །ཐེག་པ་མཆོག་ནི་བླ་མེད་པ། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་བླ་ན་ཡོད་པ་དང་བཅས་པ་ཡིན་ལ། ཐེག་པ་ཆེན་པོ་འདི་ནི་བླ་ན་མེད་པའོ་ཞེས་བྱ་བར་དགོངས་སོ། །རིགས་ངན་ཞེས་བྱ་བ་ལ་སོགས་པས་ནི་རིགས་ལ་སོགས་པའི་ངེས་པ་བཟློག་པ་ཡིན་ཏེ། །དེ་སྐད་དུ། དངོས་གྲུབ་ཐབས་ཤེས་ལས་བྱུང་ན། །རིགས་སོགས་ངེས་པས་ཅི་ཞིག་བྱ། །ཞེས་བཤད་པའི་ཕྱིར་རོ། །ཡང་གང་ཞིག་འགྲུབ་པར་མི་འགྱུར་ཞེ་ན། སྙིང་ནས་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ནི་སློབ་དཔོན་ལ་རག་ལས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །སངས་རྒྱས་གཙོ་བོའི་ཡུམ་དག་ལ། །ཞེས་བྱ་བ་ལ་སོགས་པ་ནི་བདག་གིས་མ་བཤད་དོ། །རྣམ་པར་མི་རྟོག་བློ་ཅན་གྱིས། །ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་ཏིང་ངེ་འཛིན་རྣམ་པ་གསུམ་དང༌། གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པའི་མཁས་པའོ། རིགས་ངན་ལ་སོགས་པ་ཁྱད་པར་དུ་སྨོས་པ་ནི་ཐེ་ཚོམ་མེད་པར་སྣང་བ་འདི་ལྟ་བུའི་བདག་ཉིད་ཅན་ནི་དེ་ཁོ་ན་ཉིད་དུ་དགག་པ་མ་ཡིན་ནོ་ཞེས་སྟོན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན། ཕྱིན་ཅི་ལོག་གི་རྟོག་པ་ལས་གྲོལ་བས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང༌། དགེ་བ་དང་མི་དགེ་བའི་རྣམ་པ་དག་ཅེས་བྱ་བ་ལ་སོགས་པ་དེ་དག་བཤད་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཅིལ་ང་མངོན་པར་འདོད་པའི་སྒྲུབ་པ་ལ་ཆགས་པའི་ཉན་པ་པོ་རྣམས་ངན་འགྲོ་བར་མ་གྱུར་ཅིག་སྙམ་དུ་ཤེས་བཞིན་དུ་སྒྲིབ་པ་རྣམ་པར་སེལ་བ་ལ་སོགས་པ་ངོ་མཚར་གྱིས་བསླངས་པའི་ཡོངས་སུ་བཟློག་པ་གསུངས་པ་ཡིན་ཏེ། ཆོས་ཉིད་དག་པ་འདི་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའོ། །དག་པ་ཞེས་བྱ་བ་ནི་དྲི་མ་མེད་པའོ། །སྙིང་པོའི་ཆོས་ཀྱི་དོན་གང་ཡིན་པར་ཁྱད་པར་ཅན་རྟོགས་ཤིང་བསླབས་པ་དེ་ལས་ཡང་དག་པར་བྱུང་བའོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ན་ཉིད་མ་ཤེས་པས་ཆོས་


DTG038_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཤིན་ཏུ་རྙེད་པར་དཀའ་བ་ཉིད་དུ་བསྟན་པའི་ཕྱིར། །འཇིགས་པ་ལ་སོགས་སྟོན་པར་མཛད་པ་ཡིན་པས་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ལྟར་མཉམ་པ་ཉིད་དེ་དེ་གཉིས་སུ་མེད་ཅིང༌། རྡོ་རྗེ་སྟེ་མི་ཕྱེད་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བར་སྦྱོར་རོ། །དགྱེས་པས་ཁྱབ་པ་ནི་གཟེངས་མཐོ་བར་གྱུར་པའོ། །ཨེ་མའོ་ཆོས་ཨེ་མའོ་ཆོས་ཞེས་བྱ་བ་ནི་དགའ་བས་ངམ་སྟེ། གཉིས་སུ་མེད་པའི་ཚུལ་ཡིན་ཡང་སྣ་ཚོགས་པའི་གཟུགས་ཅན་དུ་གྱུར་པ་ནི་ངོ་མཚར་ཡིན་ནོ། །ཆོས་ནི་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་སྟེ། དེས་དོན་དག་པར་འགྱུར་བའི་བདག་མེད་པའོ་ཞེས་མཚམས་སྦྱར་པའོ། །རྣམ་པར་མི་འགྱུར་ཞེས་བྱ་བ་ནི་དུས་གསུམ་ཆར་ཡང་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཡིན་པའི་ཕྱིར་རོ། །སྣང་བ་མེད་ཅེས་བྱ་བ་ནི་སྣང་པ་ལ་སྣང་བར་བྱེད་པ་པོ་མེད་པའི་ཕྱིར་རོ། །དབྱིངས་གྱུར་པ་ཞེས་བྱ་བ་ནི་སྐྱེད་པའི་ས་བོན་ཞེས་བྱ་བའི་དོན་ཏོ། །སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། དེའི་གནས་ནས་ནི་བཞིའོ་ཞེས་བྱ་བྲ་མཚམས་སྦྱར་རོ། །ལེའུ་ལྔ་པའི་འགྲེལ་པའོ།། །།

ལེའུ་དྲུག་པ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པའི་འགྲེལ་པ།


DTG038_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་དྲུག་པར་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་སྔགས་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་རྡོ་རྗེ་བྱིན་གྱིས་བརླབ་པའི་སྔགས་བརྗོད་པའི་དུས་སུ་མི་བསྐྱོད་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ་ཞེས་བསྟན་པའི་ཕྱིར། མི་བསྐྱོད་པ་རྡོ་རྗེའི་སྒྲས་ནི་སྟོན་པ་པོ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཅི་རིགས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་གང་ཡིན་པ་དེ་ཉིད་ནི་གསང་བའི་རྡོ་རྗེ་སྟེ། རྣམ་པར་དག་པའི་ངོ་བོ་ཉིད་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་མི་བསྐྱོད་པའི་རང་བཞིན་དུ་འདིར་མངོན་པར་འདོད་དེ། དེ་ལ་སྙོམས་པར་ཞུགས་སོ་ཞེས་བྱའོ། །ཐུགས་བྱིན་གྱིས་བརླབ་པའི་སྔགས་ཞེས་བྱ་བ་ལ། ཐུགས་ཀའི་ཟླ་བའི་གདན་དང༌། རིན་པོ་ཆེའི་དབུ་རྒྱན་མངའ་བའི་ཐུགས་རྡོ་རྗེ་སྟེ། དེའི་བྱིན་གྱིས་བརླབ་པའི་སྔགས་ཞེས་བྱ་བའི་དོན་ཏོ། །རྡུལ་དང་བྲལ་བའི་གནས་རྡོ་རྗེ་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་


DTG038_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པའོ། །མཉམ་པ་ཉིད་མི་གཉིས་པའི་རྡོ་རྗེ་ཞེས་བྱ་བ་ནི་ཉེ་བར་དགོད་པ་སོ་སོར་རྟོག་པའི་རྣམ་པའོ། །རྡོ་རྗེ་གསུམ་པོ་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ལ་སོགས་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བའོ། །དེ་ཉིད་ནི་ཁམས་གསུམ་བྱིན་གྱིས་རློབ་པར་བྱེད་པ་ཡིན་པས་ན་གནས་སོ། །གནས་ཀྱིས་ཞེས་བྱ་བ་ནི་སྔགས་ཀྱིས་ཏེ། ཡི་གེ་ཧཱུཾ་ལ་སོགས་པས་རྣམ་པར་བསྒོམ་ཞིང་བསྐྱེད་པར་བྱ་བ་གང་ཡིན་པའོ་ཞེས་མཚམས་སྦྱར་རོ། །སྔགས་ཉིད་ནི་མཚན་དེས་མཚན་པར་བྱས་པ་ནི་སྙིང་ག་ན་གནས་པའི་མཚན་མའི་དབུས་ན་གནས་པའི་ཟླ་བ་ལ་གནས་པའི་ས་བོན་གྱིས་མཚན་པ་ཞེས་པའི་དོན་ཏོ། །མཆོག་རབ་འདི་ཡིས་ཞེས་བྱ་བ་ནི་དེ་ལྟར་བཤད་པའི་སྔགས་ཀྱིས་སོ། །བསྒྲུབ་པ་ཉིད་དུ་བྱ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་སྟེ་བསྐྱེད་པར་བྱ་བ་ནི་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱ་སྟེ། ཡི་གེ་ཧཱུཾ་ལ་སོགས་པའི་ས་བོན་རྣམས་ལས་སྔར་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་འདི་ལྟར་དྲི་མེད་རང་སྙིང་ཟླ་བའི་ཞེས་བྱ་བ་ནས་བརྩམས་ཏེ། མཚན་ཉིད་དག་དང་བྲལ་བར་དམིགས་ནས་ནི། །ཞེས་བྱ་བའི་བར་གྱི་གཞུང་དང་སྦྱར་བར་བྱའོ། །ཡེ་ཤེས་སྒྲོན་མ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ཉིད་རྡོ་རྗེ་རིན་ཆེན་འབྱུང་བ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཞེས་བྱ་བར་སྦྱར་ཏེ། རིན་ཆེན་འབྱུང་ལྡན་ཉིད་ནི་འདི་ཉིད་ཀྱི་རྗེས་སུ་མཉེས་པར་བྱེད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །གདོན་མི་ཟ་བའི་རྡོ་རྗེ་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་ལྟ་བུ་སྟེ། དེ་ཉིད་ནི་མཆོད་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །དེ་ལ་འདི་ནི། པད་ནང་རང་གི་ས་བོན་འོད་རྣམས་ཀྱིས། །ཞེས་བྱ་བ་ནས་བརྩམས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་བར་ཡིན་པར་བལྟ་བར་བྱའོ། །ད་ནི་སྐུ་ལ་སོགས་པ་བྱིན་གྱིས་རློབ་པར་མཛད་པའི་བདེ་བར་གཤེགས་པའི་ཚོགས་རྣམས་ཡང་དག་པར་བསྐུལ་པའི་འོད་ཟེར་དང༌། ཚིགས་སུ་བཅད་པ་ལ་སོགས་པ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ལ་དམིགས་པ་ནི་ངེས་པར་བསམ་པའོ། །དེའི་ཚུལ་གྱིས་རྣམ་པ་སྙིང་པོའི་ས་བོན་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱི་འོད་ཟེར་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །གང་དང་ཞེས་བྱ་བ་ནི་ཡང་


DTG038_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བསྐུལ་བའི་ཚིགས་སུ་བཅད་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཡང་དག་པར་བསྐུལ་བ་དང་ལྡན་པའི་རྣལ་འབྱོར་བ་ནི་དེས་བྱིན་གྱིས་བརླབས་ཏེ་ཡང་དག་པའི་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་བཤད་པར་བྱའོ། །དེ་ལྟར་ན་བྱེ་བྲག་གི་བློ་མི་བྱའོ་ཞེས་བཤད་པ་ནི་སེམས་ལ་དམིགས་པ་ཞེས་པ་སྟེ། སེམས་ཀྱི་ཚོར་བའི་དམིགས་པ་གང་ཡིན་པ་ནི་བཤད་མ་ཐག་པའི་ཚུལ་གྱིས་ངེས་པར་བསྒོམ་པའོ། །དེའི་ཚུལ་ནི་བདག་མེད་པའོ། །དེའི་འོག་ཏུ་ངག་དང་ཞེས་བྱ་བ་ནི་བྱིན་གྱིས་རློབ་པའི་སྔགས་ཀྱི་ལས་ཀྱི་རྣམ་པ་ལྟ་བུའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམ་པར་བསྒོམ་ཞེས་བྱ་བ་བྱིན་གྱིས་བརླབ་པར་བྱ་ཞིང་བསྒྲུབ་པར་བྱ་བའོ། །སྦྱོར་བ་རྣམ་གསུམ་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་ཤེས་རབ་ཀྱི་ཡང་དག་པར་སྦྱོར་བ་ནམ་མཁའ་དང་འདྲ་བར་མཉམ་པ་ཉིད་དེའི་ངོ་བོ་ཉིད་འགྲོ་བ་རྣམས་ཀྱི་གནས་སོ། །དེ་ཡང་གང་གི་ཕྱིར་ལུས་ལ་སོགས་པ་དམིགས་པ་ན། ངོ་བོ་ཉིད་ཀྱིས་བརྟགས་པ་དམིགས་སུ་མེད་དོ། །དེ་བས་ན་སྔགས་ཀྱི་ལུས་སྦྱོར་བ་ལ་ཐ་དད་པའི་རྒྱུར་གྱུར་པས། བྱང་ཆུབ་མེད་ཅིང་བསྒོམ་པ་མེད། །ཅེས་བྱ་བ་སྟེ་དེའི་རང་བཞིན་ཉིད་དུ་འགྱུར་རོ་ཞེས་བྱ་བར་དགོངས་སོ། །སྔགས་ཀྱིས་བརྟགས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྣམ་པས་སྔགས་ཀྱིས་བྱིན་གྱིས་བརླབས་པའོ། །དེ་ལ་ཆོག་པ་འདི་ནི། དེ་ཡི་ཐུགས་ཀའི་འོད་ཀྱི་ཚོགས་རྣམས་དང༌། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ད་ནི་ཕྲ་མོའི་རྣལ་འབྱོར་ཁ་བསྐང་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ནི་རིག་པའི་ཆོས་འབྱུང་བའི་ནང་དུ་ཆུད་པའི་ཁང་པ་བརྩེགས་པའི་དབུས་མའི་གདན་ལ་བཞུགས་པའོ། །སངས་རྒྱས་གཟུགས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་གཟུགས་སུ་བསྒོམ་པའོ། །དེ་དང་པོར་གྱུར་པས་རྡོ་རྗེ་འཛིན་པ་ཕྲ་མོའི་སྦྱོར་བ་ཡང་དག་པར་བརྩམ་པར་བྱའོ། །འདི་ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར། སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདི་དག་ཀྱང་འདིའི་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །སངས་རྒྱས་སྐུ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་རྣམ་པར་བསྒོམས་ཏེ་ཞུ་བར་གྱུར་བ་དེའི་སྟེང་དུ་དེའི་རྗེས་ལ་


DTG038_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཞེས་བྱ་བ་མི་བསྐྱོད་པའི་ས་བོན་ཡི་གེ་ཧཱུཾ་རིམ་གྱིས་གཞག་པར་བྱའོ། །རྡོ་རྗེ་འཛིན་པའི་ས་བོན་ཡང་འདི་བཞིན་དུ་བལྟ་བར་བྱའོ། །འདིའི་འོག་མ་རྣམས་ལ་ཡང་ས་བོན་དགོད་པ་རང་གི་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །སྤྱན་གྱི་ཚུལ་དུ་སྦྱོར་བ་ལ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རང་སྣང་བའི་རིག་པ་དང་ཡང་དག་པར་སྦྱོར་བ་བསྒོམ་པར་བྱའོ། །རྡོ་རྗེ་པདྨ་རྣམ་པར་བསྒོམ། །ཞེས་བྱ་བ་འདི་ཡང་གོང་མ་དང་འོག་མ་གཉི་ག་ལ་སྦྱར་བར་བྱའོ། །རིན་ཆེན་དཀྱིལ་འཁོར་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །དང་པོའི་སྦྱོར་ཞེས་བྱ་བ་ནི་བསྙེན་པ་ལ་སོགས་པ་ནས་རྗེས་སུ་མཉེས་པའི་མཐར་ཐུག་པའི་བར་རོ། །འདི་དག་ཀྱང་གོང་མ་དང་འོག་མ་གཉི་ག་དང་སྦྱར་བར་བྱའོ། །པདྨའི་དཀྱིལ་འཁོར་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པ་གཙོ་བོར་གྱུར་པའོ། །འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་གདོན་མི་ཟ་བར་གྲུབ་པའི་རྣལ་འབྱོར་ཅན་གྱིའོ། །སངས་རྒྱས་ཚུལ་ནི་ཞི་བར་སྤྲོ། །ཞེས་བྱ་བ་ནི་འདྲེས་པ་ལ་སོགས་པ་བསྒོམས་པའི་རྗེས་ཐོགས་ལ་ས་བོན་ཡོངས་སུ་གྱུར་པ་ལས་རང་གི་ལྷ་གདོན་པར་བྱའོ། །འཁོར་ཞེས་བྱ་བ་ནི་དཀྱིལ་འཁོར་བའི་ལྷའི་འཁོར་ལོ་འབྱིན་པའི་རིམ་པས་གདོན་པའོ། །ཨུཏྤལ་མཐིང་གའི་ཞེས་བྱ་བ་ལ་སོགས་པས་ནི་བདག་པོའི་ལྷའི་མཚན་མ་ལ་ཕྲ་མོའི་རྣལ་འབྱོར་བྱའོ་ཞེས་སྟོན་པ་ཡིན་ནོ། །འདི་ཡང་འདིར་སྔ་མ་དག་ལ་ཡང་སྦྱར་བར་བྱའོ། །དེ་ཉིད་ཀྱིས་ན་ཡང༌། རང་གི་མཚན་མ་ཕྲ་མོ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཟས་སུ་བཤང་གཅི་ཞེས་བྱ་བ་ལ་སོགས་པས་ནི་གཙང་བ་དང་མི་གཙང་བའི་ཁྱད་པར་མེད་པར་སྟོན་པ་ཡིན་ནོ། །གོ་འཕང་ལས་བྱེད་ཅེས་བྱ་བ་ནི་འདོད་པའི་ལས་བྱེད་པའོ། །ལུས་དང་ངག་སེམས་ལས་འདས་པའོ། །ཞེས་བྱ་བ་ནི་བེམས་པོའི་ལུས་ལ་སོགས་པ་རྣམས་པར་འདས་པའོ། །ལེའུ་དྲུག་པའི་འགྲེལ་པའོ།། །།

ལེའུ་བདུན་པ། སྔགས་ཀྱི་སྤྱོད་པའི་མཆོག་གི་འགྲེལ་པ།


DTG038_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་བདུན་པ་གསུངས་པ་ཡིན་ཏེ། །དམ་ཚིག་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཏེ་དེ་ཉིད་ནི་དེ་ཁོ་ན་ཉིད་དོ། །དེའི་བདག་ཉིད་ཅན་གྱི་སྔགས་སྤྱོད་པ་སྟེ། དེ་ཉིད་ནི་མཆོག་གི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། དེ་སྟོན་པར་བྱེད་


DTG038_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལེའུ་གསུངས་སོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཞེས་བྱ་བ་ལ་སོགས་པས་ནི་གསང་སྔགས་པ་རྣམས་ཀྱིས་གསང་སྔགས་སྒྲུབ་པ་ལ་འཇུག་པར་སློབ་པའོ། །སློང་མོ་ཟ་ཞིང་ཞེས་བྱ་བ་ལ་སོགས་པས་ནི་བརྟུལ་ཞུགས་ཀྱི་ཚུལ་གྱིས་སློང་མོ་དགག་པ་སྟོན་ཏོ། །ཡན་ལག་མ་ཉམས་ཞེས་བྱ་བ་ནི་བསྙེན་པ་ལ་སོགས་པའི་ཡན་ལག་དང་ལྡན་པའོ། །འདོད་པའི་ཡོན་ཏན་བསྟེན་ཞེས་བྱ་བ་ལ་སོགས་པ་ནི་འདོད་པའི་ཡོན་ཏན་ལྔ་པོ་བསྟེན་པ་ཉིད་ཀྱིས་བྱང་ཆུབ་ཏུ་འགྱུར་གྱི། སྡུག་བསྔལ་བསྟེན་པས་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །བྱང་ཆུབ་ཉི་མ་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། །རྣམ་གསུམ་ཞེས་བྱ་བ་ནི་མཆོག་དང་འབྲིང་དང་ཐ་མའི་དབྱེ་བས་སོ། མཆོད་པར་བྱེད་པས་ཞེས་བྱ་བ་ནི་ཐ་དད་པར་མི་རྟོག་པའོ། །རིན་ཆེན་འབྱུང་གནས་ཞེས་བྱ་བ་ནི་མི་བསྐྱོད་པ་སྟེ་སྤྲོས་པའི་ཚུལ་གྱིས་བཤད་ན་དེ་ཉིད་སྒྲའི་དབང་དུ་བྱས་པ་ཡིན་ནོ། །འདོད་ཆགས་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །དོན་ཡོད་རྡོ་རྗེ་མཆོག་འཛིན་པ། །ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའོ། །རང་གི་རིགས་ཞེས་བྱ་བ་ནི་སྔ་མ་ཡང་ཤེས་པར་བྱའོ། །མི་བསྐྱོད་པ་ཞེས་བྱ་བ་ནི་ཆོས་ཀྱི་བརྡས་ནི་དོན་ཡོད་པར་གྲུབ་པ་ཡིན་ཏེ། དེ་ལྟར་ན་འདི་ནི་རྣམ་པར་སྤྲོས་པའི་ཚུལ་བསྟན་ནས། རྣམ་པར་སྤྲོས་པ་མེད་པའི་ཚུལ་དུ་རྡོ་རྗེ་སེམས་དཔའ་གསུངས་པ་ནི་གཟུགས་དང་སྒྲ་ལ་སོགས་པ་ཞེས་གསུངས་པ་ཡིན་ནོ། །སེམས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །འདི་ཉིད་ནི་སངས་རྒྱས་ཐམས་ཅད་བཟློག་པའི་དབྱེ་བས་རྣམ་པར་སྤྲོས་པ་ནི་གསང་བའི་སྙིང་པོ་བཏུས་པའི་ཚུལ་ཡིན་ནོ། །ལྷ་ཉིད་དུ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པར་རོ། །རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའི་དབྱེ་བ་བསྒོམ་པས་སོ། །དེ་ལ་སྤྱོད་པའི་ཆོ་ག་འདི་ནི་ལངས་ནས། །དག་པའི་སེམས་དཔའ་རང་གི་ལྷའི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་བཤད་པ་ཡིན་ནོ། །སངས་རྒྱས་རྗེས་སུ་དྲན་པར་སྦྱོར། །ཞེས་བྱ་བ་ལ་སོགས་པས་ནི་རྗེས་སུ་དྲན་པ་བཅུ་དྲུག་སྟོན་ཏེ། སྔར་མཐོང་བའི་དོན་ལ་ཕྲ་མོའི་རྣལ་འབྱོར་གྱི་གནས་སྐབས་སུ་མཚན་


DTG038_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམ་པ་ལྔ་བྱུང་ནས། སྤྲོ་བ་ལ་སོགས་པའི་ཚུལ་གྱིས་ཕྱིས་དྲན་པར་བྱ་བ་ཡིན་པས་ན་རྗེས་སུ་དྲན་པའོ། །སངས་རྒྱས་ཏེ་རྣམ་པར་སྣང་མཛད་ཀྱི་རྗེས་སུ་དྲན་པ་ལ་ནི་སྦྱོར་བ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱིས་བསྒོམ་པར་བྱའོ། །ཆོས་ཏེ་འོད་དཔག་ཏུ་མེད་པའི་རྣམ་པ་རྗེས་སུ་དྲན་པ་བསྒོམ་པ་ལ་ནི་སྐུ་དང་གསུང་དང་ཐུགས་ཀྱང་བསྒོམ་ཞིང་རྗེས་སུ་དྲན་པར་བྱའོ། །རྡོ་རྗེ་སྟེ་མི་བསྐྱོད་པ་རྗེས་སུ་དྲན་པ་བསྒོམ་པ་ལ་ནི་རིགས་ཏེ། གཅིག་དང་གསུམ་དང་ལྔ་ལ་སོགས་པ་རྗེས་སུ་དྲན་པའི་སྦྱོར་བ་བསྒོམ་པར་བྱའོ། །ཁྲོ་བོ་སྟེ་གཤིན་རྗེ་གཤེད་ལ་སོགས་པ་རྗེས་སུ་དྲན་པ་བསྒོམ་པ་ལ་ནི་དམ་ཚིག་ཅེས་བྱ་བ་འོག་ནས་བཤད་པའི་རྣམ་པ་གཞན་གྱི་རྗེས་སུ་དྲན་པའི་ཡང་དག་པར་སྦྱོར་བ་བསྒོམས་ན་བྱང་ཆུབ་འཐོབ་པར་འགྱུར་རོ། །གལ་ཏེ་རྗེས་སུ་མཐུན་པའི་མཚན་ཉིད་དང་ལྡན་པ་རྙེད་ན་ཕྱི་རོལ་གྱི་རིག་མའི་རྣམ་པར་དག་པ་གསུངས་པ་ནི་ལོ་གྲངས་བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བྱིན་གྱིས་བརླབ་པའི་གནས་གསུམ་གྱིས། །ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པས་སོ། །སྤྱན་ཞེས་བྱ་བ་ནི་རང་སྣང་བའི་རིག་པའོ། །རྡོ་རྗེ་དང་པདྨའི་རྣམ་པར་དག་པ་གསུངས་པ་ནི་ཡི་གེ་ཧཱུཾ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ཧཱུཾ་གིས་རྡོ་རྗེ་པདྨ་འདབ་མ་བརྒྱད་པར་གྲུབ་པ་ལ་བརྟག་པར་བྱའོ། །ཡི་གེ་ཨོཾ་ནི་རྡོ་རྗེའི་ནོར་བུའི་ཆ་གྲུབ་པར་བྱ་བའི་ཕྱིར་རོ། །ཡི་གེ་ཕཊ་སེར་པོ་ནི་གཉི་གའི་དབབ་པ་ནོང་བ་ལའོ། །ཡི་གེ་ཨཱ་ནི་སྣ་ཚོགས་པདྨའི་ལྟེ་བ་གྲུབ་པ་ལ་སྦྱར་རོ། །བཤད་མ་ཐག་པའི་རྗེས་སུ་དྲན་པ་བཅུ་དྲུག་ཏུ་ཕྱེ་བ་རྣམས་ཀྱི་མཚན་ཉིད་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་གཟུགས་ཞེས་བྱ་བ་ནི་སྣའི་རྩེ་མོར་གནས་པའི་མཚན་མའི་ལྟེ་བའི་འཁོར་ལོ་ལ་བདག་པོ་རྣམ་པར་སྣང་མཛད་སྤྲོ་བར་བྱ་སྟེ། འདི་ནི་ཉེ་བར་མཚན་པ་ཡིན་གྱི་བསྡུ་བ་ལ་སོགས་པ་ཡང་བལྟ་བར་བྱའོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པའམ་ཡང་ན་རྡོ་རྗེ་སེམས་དཔའོ། །རང་གི་ཁུ་བའི་ཐིགས་པ་ཡིས། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཐིགས་པ་སྔོན་དུ་འགྲོ་བའི་


DTG038_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ། །དམ་ཚིག་རྗེས་སུ་དྲན་པའི་རབ་ཏུ་དབྱེ་བ་ནི་དཀྱིལ་འཁོར་རྗེས་སུ་དྲན་པ་ཡིན་ནོ། །རང་གི་ཁུ་བ་དག་དབྱུང་ཞེས་བྱ་བར་སྦྱར་ཏེ། དེ་ལས་བྱུང་བའི་དཀྱིལ་འཁོར་ཡང་དབྱུང་བར་བྱའོ། །དཀྱིལ་འཁོར་ཚུལ་དུ་བྱ་བ་ནི་དཀྱིལ་འཁོར་གཞན་ཞིག་ཏུ་སྤྲོ་བའི་བདག་ཉིད་ཅན་ནོ། །ཕུང་པོ་ལྔ་ཡིས་རབ་ཏུ་རྒྱས། །ཞེས་བྱ་བ་ནི་རྣམ་པར་དག་པའི་གཟུགས་ལ་སོགས་པའི་ཕུང་པོས་གང་བའོ། །སེམས་རྗེས་སུ་དྲན་པའི་རབ་ཏུ་དབྱེ་བ་ནི་སེམས་རྗེས་སུ་དྲན་པའོ། །མཁའ་དང་མཚུངས་པར་སྤྱོད་པར་འགྱུར། །ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པར་ཀུན་དུ་རྒྱུ་བའི་ངང་ཚུལ་ལོ། །སྐུ་དང་གསུང་དང་ཐུགས་གཅིག་ཏུ་བསྡུས་པའི་རྗེས་སུ་དྲན་པ་གསུངས་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ཐམས་ཅད་ཀྱི་གཟུགས་ཀྱི་རང་བཞིན་གྱི་སྐུ་དང་གསུང་དང་ཐུགས་ཏེ་དེ་རྣམས་ཀྱི་རྗེས་སུ་དྲན་པ་ནི་བསྒོམ་པའོ། །སྔགས་ཀྱི་རྡོ་རྗེའི་སྐུ་གང་ཡིན། །ཞེས་བྱ་བ་ནི་སྔགས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེ་ཅན་གྱི་སྐུ་གང་ཡིན་པའོ། །ཇི་ལྟ་བུ་ཞེ་ན། གསུང་ཞེས་བྱ་བ་སྟེ་བྱིན་གྱིས་བརླབ་པའི་ཚིགས་སུ་བཅད་པའི་སྔགས་སོ། །སྐུ་ཡིས་རྣམ་པ་བསྒོམས་པས་ཞེས་བྱ་བ་ནི་རྣམ་པར་དག་པའི་སྐུས་རྣམས་པར་བསྒོམ་པའོ། །བདག་གི་ལུས་ཀྱང་དེ་དང་འདྲ་བར་འགྱུར། །ཞེས་བྱ་བར་སྦྱར་རོ། །ཡང་དམ་ཚིག་རྗེས་སུ་དྲན་པའི་དབྱེ་བ་གསུངས་པ་དེ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ནི་རང་གི་སོ་སོར་སྣང་བའོ། །ཆོ་ག་བཞིན་ཞེས་བྱ་བ་ནི། །འབར་བའི་ཨོཾ་གྱིས་བྱིན་རླབས་རླུང་དང་ནི། །ཞེས་བྱ་བ་ལ་སོགས་པ་བཤད་པའི་རིམ་གྱིས་སོ། །གསད་ན་ཞེས་བྱ་བ་ནི་རོ་གཅིག་པར་བྱའོ། །མ་སྐྱེས་པ་ཞེས་བྱ་བ་ནི་བྱིས་པས་བརྟགས་པའི་རྣམ་པས་སོ། །བྱང་ཆུབ་མེད་ཅིང་ཞེས་བྱ་བ་ལ་སོགས་པས་ནི་རང་ལས་ཐ་དད་བཟློག་པར་བྱེད་པ་ཡིན་ནོ། །དེ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་གཅིག་པུ་མཐར་ཐུག་པའི་གནས་སྐབས་སུ་མ་རིག་པས་ལྡོངས་པ་ལས་ལྡོག་པའི་དབྱེ་བས་བྱང་ཆུབ་མངོན་པར་རྫོགས་པ་ལ་སོགས་པའི་ངོ་བོར་བརྟགས་པ་དང༌། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་རིགས་པ་སྣ་ཚོགས་པ་བཞིན་དུ་རབ་ཏུ་ཤེས་ཤིང་སྟོན་པ་ཡིན་ལ། དོན་དམ་པར་


DTG038_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེ་ཐམས་ཅད་དབྱེར་མེད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱང་ཤིན་ཏུ་གོམས་པའི་དབང་གིས་གཉིས་སུ་མེད་པའི་ཚུལ་གྱིས་གསལ་བར་འགྱུར་བ་ཡིན་ནོ། །མཚན་མ་མེད་ཅེས་བྱ་བ་ནི་ཕྱི་རོལ་གྱི་མཆན་མ་མེད་པའི་ཕྱིར་རོ། །རིགས་རྗེས་སུ་དྲན་པའི་རབ་ཏུ་དབྱེ་བ་ནི་ཞེས་དང་གི་རིགས་མཆོད་པ་རྗེས་སུ་དྲན་པའོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་འདིར་ནི་ཉིན་མཚན་གྱིས་སྦྱོར་བས་ཞེས་བྱ་བར་ཤེས་པར་བྱའོ། །སྤྱིའི་དངོས་གྲུབ་གཞན་རྣམས་ནི་འདི་ཉིད་ཀྱི་ནང་དུ་འདུས་སོ་ཞེས་བསྟན་པའི་ཕྱིར། སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གཞན་ཕྲ་མོ་ཞེས་བྱ་བ་ནི་རིགས་པ་འཛིན་པ་དང་མི་སྣང་པ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །དེ་ལྟར་ན་རྗེས་སུ་དྲན་པ་བཅུ་དྲུག་པོ་འདི་ནི་ལས་ཀྱི་མཆོག་གི་ཏིང་ངེ་འཛིན་དུ་དེ་དང་དེར་སྤྲོ་བ་ལ་སོགས་པ་རབ་ཏུ་སྟོན་པ་ཉིད་ཀུན་དུ་བཟང་པོ་ལས་བཤད་པ་ཡིན་ནོ། །ལེའུ་བདུན་པའི་འགྲེལ་པའོ།། །།

ལེའུ་བརྒྱད་པ། བཤང་གཅིའི་དམ་ཚིག་གི་འགྲེལ་པ།


DTG038_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པས་བརྒྱད་པ་དམ་ཚིག་ལེའུ་གསུངས་པ་ཡིན་ཏེ། ཐར་པའི་ལམ་ནི་རབ་སྟོན་པ། །ཞེས་བྱ་བ་ལ་ཐར་བ་ནི་བྱང་ཆུབ་སྟེ། དེའི་ལམ་ནི་དཀྱིལ་འཁོར་གྱི་རྣམ་པའི་ལམ་གྱི་བདེན་པ་སྟེ་དེ་རབ་ཏུ་སྟོན་བ་ཞེས་བྱ་བའི་དོན་ཏོ། །གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལ་ལན་གསུངས་པ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་རིན་ཆེན་འཛིན་ཞེས་བྱ་བ་ལ་རྡོ་རྗེ་ཉིད་རིན་པོ་ཆེ་སྟེ་དེ་འཛིན་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མི་ཕྱེད་གསུམ་གནས་པ། །ཞེས་བྱ་བ་ནི་སྐུ་དང་གསུང་ཐུགས་ལ་མི་ཕྱེད་བས་གནས་པའོ། །བྱོལ་སོང་སྐྱེ་གནས་བརྟག་ཅེས་བྱ་བ་ནི་བཤད་པའི་ན་ཚོད་ཀྱི་ཚད་ལས་ལྷག་པ་དང༌། མ་ཚང་བ་འང་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་གྱི་གནས་སུ་གསུངས་པ་ནི་ས་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྟེ། གཙང་ཞིང་ཞེས་བྱ་བ་ལ་སོགས་པ་ནི་གཙང་སྦྲ་དང་ལྡན་པའོ། །རྒྱལ་བ་ཉིད་སྐྱེས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལས་བྱུང་བའོ། །དེ་ཡང་། ཙནྡན་བཟང་པོ་ལ་སོགས་ཀྱིས་བྱུགས་ཞིང༌། །ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ། །རིགས་ལྔའི་ཚོགས་སུ་བྱ་བ་གསུངས་པ་ནི་ནུ་མའི་ཞེས་བྱ་བ་ལ་སོགས་པ་སྟེ། ནུ་མའི་བར་ཞེས་བྱ་བ་ནི་སྙིང་གར་རོ། །ཀླད་རྒྱས་ཀྱི་བར་ཞེས་བྱ་བ་ནི་སྤྱི་བོར་རོ། །རྐང་བའི་བར་ཞེས་བྱ་


DTG038_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་བྲལ་གཉིས་ཀྱི་མཚམས་ལ་སོགས་པར་རོ། །ལྟེ་བ་དང་རྐེད་པ་དང་གསང་བར་རྒྱལ་བའི་ངོ་བོ་ཉིད་ཀྱི་ས་བོན་རིགས་ལྔའི་དགོད་པར་བྱའོ། །ཆོ་ག་ཤེས་པས་ཞེས་བྱ་བ་ནི་ལྷ་མོ་བསྐྱེད་པའི་ཡན་ལག་བཞི་ལ་སོགས་པའི་ཆོ་ག་ཤེས་པའོ། །དེ་ཉིད་བསྟན་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་སྟེ། ཁང་པ་བརྩེགས་པའི་དབུས་ན་གནས་པའོ། །ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི་ཤེས་རབ་བོ། །དེ་ཉིད་ཀྱི་བདག་ཉིད་ནི་ཡེ་ཤེས་སེམས་མ་ཕྱག་མཚན་གྱི་ལྟེ་བའི་ཟླ་བའི་དབུས་སུ་དེའི་སྙིང་གར་བསྒོམ་པར་བྱའོ། །དེ་ལྟར་སོ་སོར་བསྐྱེད་ནས་བདག་དང་ལྷན་ཅིག་ཏུ་བྱའོ་ཞེས་གསུངས་པ་ནི་ཞི་བ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞི་བ་རྡོ་རྗེ་འཛིན་ཅེས་བྱ་བ་ནི་རྣལ་འབྱོར་པའོ། །འདོད་ན་ཞེས་བྱ་བ་ནི་རྣལ་འབྱོར་པ་འདོད་ན་དེ་ལ་བརྟེན་པའོ། །ཤེས་རབ་དེ་ཉིད་ཁྱད་པར་དང་བཅས་པར་གསལ་བར་གསུངས་པ་ནི་རིན་ཆེན་ཞེས་བྱ་བ་ལ་སོགས་པ་སྟེ། རིན་པོ་ཆེ་སྣ་བཞིའི་རང་བཞིན་ཇི་ལྟར་མཛེས་པ་བཞིན་དུ་མཆོད་རྟེན་ཞེས་བྱ་བ་ཁང་པ་བརྩེགས་མ་བསྒོམས་ལ། དེར་ཡེ་ཤེས་ཀྱི་རྒྱ་མཚོ་ཤེས་བྱ་བ་ཤེས་རབ་མ་དུས་གསུམ་གྱིས་སངས་གྱས་ཀྱི་གནས་སུ་གྱུར་པ་དེ་ཡིན་པར་རྣམ་པར་བསམ་པར་བྱའོ། །དེ་ནི་འདི་ལྟར། དེ་བཞིན་རང་གི་ལྟར་འདྲ་རང་སྙིང་པོས། །ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །ད་ནི་མཆོད་པའི་ཆོ་ག་གསུངས་པ་ཡིན་ཏེ། བདག་གིས་བ་སྦུ་ཞེས་བྱ་བ་ལ་སོགས་པ་ལ་ཨུཏྤལ་ཞེས་བྱ་བ་ནི་ཐབས་ཀྱི་ཆ་རྣམ་པ་ལྔའོ། །པདྨ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པ་ཤེས་རབ་ཀྱི་ཆ་རྣམ་པ་ལྔའོ། དེ་ནི་འདི་ལྟར་གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མོ་ལྡས་ཡོངས་སུ་རྒྱས་པར་བཤད་པ་ཡིན་ནོ། །ཛཱ་ཏི་རྣམ་གསུམ་ཞེས་བྱ་བ་ནི་དམན་པ་དང་བར་མ་དང་མཆོག་གི་གནས་ཀྱི་དབྱེ་བའི་བདག་ཉིད་ཅན་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེའོ། །མེ་ཏོག་ཀར་ཎི་ཀ་དང་ཞེས་བྱ་བ་ལ་སོགས་པའི་མེ་ཏོག་བཞིས་ནི་སྤྱན་ལ་སོགས་པ་བཞི་ཡིན་པར་འདོད་དོ། །དེ་ལྟར་ན་ལྷ་མོ་བཅུ་པོ་འདི་དག་གིས་མཆོད་པའི་སྤྲིན་ཀུན་སྤྲོ་བ་ལ་སོགས་པའི་ཚུལ་གྱིས་རབ་ཏུ་བརྟག་པར་བྱ་བའི་མེ་ཏོག་ཇི་ལྟ་བ་ཉིད་དུ་ནི་གཟུང་བར་མི་བྱ་སྟེ། ལེའུ་བཅོ་བརྒྱད་པ་ལས། མེ་ཏོག་ཅེས་ནི་བགྱི་ཞེས་བྱ་བ་ལ། །ལྷ་མོ་དགུ་དང་ནམ་


DTG038_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་དབྱིངས། །ཞེས་གསུངས་པའི་ཕྱིར་རོ། །མཆོད་པའི་ཁྱད་པར་ཉིད་གསུངས་པ་ནི་དཔག་ཚད་ཅེས་བྱ་བ་ལ་སོགས་པའོ། །མཚན་མ་ཡང་མཆོད་པའི་དོན་དུ་སྤྲོ་བ་ལ་སོགས་པའི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་གསུངས་པ་ནི་པདྨ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །གསང་པའི་མཆོད་པ་གསུངས་ནས། ཕྱིའི་མཆོད་པ་ཡང་དབུལ་བའི་རྣམ་པར་དག་པ་གསུངས་པ་ནི། རིན་ཆེན་ན་བཟའ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་སྟེ། ཕྱིའི་ཡང་སེམས་ཙམ་གྱིས་ལྷག་པར་སྤྲུལ་པས་སྤྱིན་པའི་ཕྱིར་མཆོད་པ་བྱའོ་ཤེས་བྱ་བའི་དོན་ཏོ། །ཐབས་ལ་མཁས་པའི་རྣལ་འབྱོར་པས་འདོད་པའི་མཆོག་ལ་སྤྱོད་པས་ཀྱང་མཆོད་པ་དབུལ་བར་བྱའོ་ཞེས་གསུངས་པ་ནི་བདག་པོའི་ཕྱག་རྒྱར་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ལ་སྟེ་རྣམ་པར་དག་པའི་འདོད་པའི་བློ་ཅན་རྣམས་ལ་དབང་པོ་གཉིས་རེག་པའི་ཡང་དག་པར་སྦྱོར་བ་དེ་དབྱེར་མི་ཕྱེད་པར་བསྒོམས་པས་དབུལ་བར་བྱའོ་ཞེས་བྱ་བར་སྦྱོར་རོ། །དམ་ཚིག་ལྔ་པོས་མཆོད་པ་གསུངས་པ་ནི་ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་འབྱུང་བའི་ཁང་བ་བརྩེགས་མའི་ནང་དུ་ཆུད་པར་དཀྱིལ་འཁོར་བཀོད་པ་སྟེ་ལྟའི་ཚོགས་ཀྱི་བདག་ཉིད་ཅན་རྣམས་པར་སྣང་མཛད་ཡོངས་སུ་འགྱུར་པའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་དབུས་སུ་བདག་གི་ལུས་དེ་བཞིན་གཤེགས་པའི་རང་བཞིན་དུའོ། །དེ་ཉིད་ཀྱིས་ན་བླ་མའི་རང་བཞིན་གྱི་དམ་ཚིག་རྣམས་ཀྱིས་མཆོད་པར་བྱའོ། །བརྟན་པའི་བློ་ལྡན་པས་ཞེས་བྱ་བ་ནི་ཐམས་ཅད་མཉམ་པ་ཉིད་ཀྱི་བློ་དང་ལྡན་པའོ། །དེ་ལྟར་ན་འདི་དག་ཐམས་ཅད་ནི། །པདྨའི་ནང་གི་ས་བོན་འོད་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པས་རྫོགས་པར་བྱའོ། །དམ་ཚིག་གིས་ཡོངས་སུ་མཆོད་པ་དམ་ཚིག་གི་ལེའུའོ། །ལེའུ་བརྒྱད་པའི་འགྲེལ་པའོ།། །།

ལེའུ་དགུ་པ། དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་འགྲེལ་པ།


DTG038_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་དགུ་པ་གསུངས་ཏེ། སྐུ་དང་གསུང་ཐུགས་ལོངས་སྤྱོད་པ། །ཞེས་བྱ་བ་ནི་བདག་ཉིད་དུ་བྱས་པའོ། །དེ་ཉིད་ནི་རྡོ་རྗེ་གསུམ་པ་མི་ཕྱེད་པའི་དཀྱིལ་འཁོར་ཡིན་ཏེ། དེ་ལྟ་བུར་གྱུར་པ་དེ་བཤད་པའོ། །བསམ་གཏན་ལས་བྱུང་བའི་ལས་ཀྱི་ཚོགས་གསུངས་པ་ནི་ནམ་མཁའི་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་དཀྱིལ་འཁོར་


DTG038_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་རྡོ་རྗེ་མི་བསྐྱོད་པ་རབ་ཏུ་བསྒོམས་ནས། དེའི་ལག་ཏུ་རྡོ་རྗེ་བསྒོམ་པར་བྱའོ། །དེ་ལྟར་ཅི་རིགས་པར་ལྷ་བཅུ་དགུ་དང་ལྡན་པའི་འཁོར་ལོ་བསམས་ལ་བསྒྲུབ་པར་བྱ་བ་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ། དམྱལ་བ་ལ་སོགས་པར་མངོན་པར་ཕྱོགས་པ་ལ་བལྟས་ཏེ། དེ་ལས་གདོན་པར་འདོད་པའི་སྙིང་རྗེ་ཆེན་པོས་ནོན་པའི་རྣལ་འབྱོར་པས་བསྡུ་བའི་དངོས་པོ་རྣམ་པ་བཞིས་བཅོས་པར་མི་ནུས་པ་རྣམས་ལ། ཁ་སྦྱར་དབྱེ་བ་ལ་སོགས་པའི་ཆོ་གས་རྡོ་རྗེས་ཕྱེ་མར་བརླག་པར་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ། །བདེ་བའི་ཁྱད་པར་ལ་ཆགས་པས་མཐོ་རིས་ཀྱི་དོན་དུ་ཕྱུགས་ཀྱི་མཆོད་སྦྱིན་ཕྱེད་པ་ལ་སོགས་པ་ལྟ་བུ་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་དག་ཏུ་ཡང་ཤེས་པར་བྱའོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་གདུག་པ་རྣམས་ཏེ་དེ་བསད་པའོ། །དེ་ཡང་རྣལ་འབྱོར་བ་འདི་ལྟ་བུ་ནི་སྙིང་རྗེ་ཆེན་པོ་དང་ལྡན་པས་དེ་ལྟ་བུ་ཁྱད་པར་དུ་འཕགས་པའི་སྔགས་ཀྱི་སྦྱོར་བའི་སྒྲུབ་པས་གསད་པའི་མཐུས་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར་ཏེ། བསོད་ནམས་དེའི་སྟོབས་ཀྱིས་རྣལ་འབྱོར་པ་དེ་ཡང་དེ་བཞིན་དུ་རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར་རོ། །དེ་ལྟར་ན་འདི་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཡིན་པར་ཤེས་པར་བྱའོ། །རིགས་ཐམས་ཅད་ཀྱི་རྒྱ་མཚོ་ཞེས་བྱ་བ་ནི་གཏི་མུག་ལ་སོགས་པའི་རིགས་ཀྱི་རྣལ་འབྱོར་པ་ལ་ཡང་ཆོ་ག་འདི་ལྟ་བུར་དམ་ཚིག་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །སེར་སྣས་བསྒྲུབས་པའི་ཡི་དགས་ལ་སོགས་པའི་འགྲོ་བ་དགག་པར་བྱ་བའི་ཕྱིར། མ་བྱིན་པར་ལེན་པ་རྣམ་པར་དག་པར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་པའི་ལྷ་རྣམས་རྣམ་པར་བསྒོམ་པར་བྱ་བ་སྟེ། འདི་དག་ཀྱང་ཐམས་ཅད་དུ་ཤེས་པར་བྱའོ། །རིན་ཆེན་ཀུན་གྱི་ཞེས་བྱ་བ་ནི་རྫས་རྣམས་ཀྱི་སྟེ། སྦྱོར་བ་ཡིས་ཞེས་བྱ་བ་ནི་རྒྱུས་སོ། །རྡོ་རྗེའི་གཟུགས་ནི་སངས་རྒྱས་ཀྱི་གཟུགས་ཏེ་རབ་ཏུ་བརྟག་པ་ནི་དེའི་ངོ་བོ་ཉིད་དུ་སེར་སྣ་ཅན་ཐམས་ཅད་དོ། །དེ་ལས་ནོར་རྣམས་


DTG038_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྐུ་ལ་སོགས་པའི་རྡོ་རྗེས་དབྲོག་པར་བསྒོམ་པར་བྱའོ། །དེ་ལས་ནོར་རྣམས་ཐམས་ཅད་ཕྲོགས་ནས་ཀྱང༌། ཡང་དེ་ནོར་དང་ལྡན་ཞིང་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་སྦྱིན་པ་པོར་འགྱུར་ཞིང་རྣལ་འབྱོར་པ་རྣམས་ལ་ཡང་འདི་ལྟ་བུའི་བསོད་ནམས་ཀྱི་ཚོགས་སྐྱེ་བར་འགྱུར་ཏེ་བསམ་པ་ཡོངས་སུ་དག་པ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཀུན་རྟོག་ལས། །དགེ་བའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། གང་ཕྱིར་དེ་ཡིས་དབང་གྱུར་ཡིན། །ཞེས་བཤད་པ་ལྟ་བུའོ། །གཏི་མུག་ལ་སོགས་པའི་དམ་ཚིག་གི་དེ་ཁོ་ན་ཉིད་འདི་ནི་ཞེ་སྡང་གི་རིགས་ཀྱི་རྣལ་འབྱོར་པ་རྣམས་ལ་ཡང་དགག་པ་མེད་པ་ཡིན་ནོ། །ཕྲག་དོག་ཅན་གྱི་སྐྱེས་བུ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར། འདོད་པས་ལོག་པར་གཡེམ་པའི་སྤྱོད་པ་རྣམ་པར་དག་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། པདྨའི་དཀྱིལ་འཁོར་ནི་པདྨའི་རིགས་ཀྱི་དཀྱིལ་འཁོར་ཏེ། བུད་མེད་ལྟ་བུར་ཡང་དག་པར་སྦྱོར་བ་ཁམས་གསུམ་ན་གནས་པ་ཐམས་ཅད་བསྒོམ་པར་བྱའོ། །དམ་ཚིག་བཞི་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་དུས་བཞིའི་སྦྱོར་བའམ་ཕྱག་རྒྱ་བཞིའི་སྦྱོར་བ་དང༌། དབང་པོ་གཉིས་ཀྱི་སྦྱོར་བས་བུད་མེད་དེ་དག་ཐམས་ཅད་ཉེ་བར་སྤྱད་པར་བྱའོ་ཞེས་པའོ། །གལ་ཏེ་བྱང་ཆུབ་ཀྱི་སེམས་ལ་དམིགས་ནས་བུད་མེད་འགའ་ཞིག་རྗེས་སུ་ཆགས་པར་འགྱུར་ན་དེའི་ཚེ་འདི་ལ་ཡང་རྣམ་པར་དག་པ་འདི་ཉིད་ཀྱིས་དེས་ཉེ་བར་ལོངས་སྤོད་པར་བྱའོ། །འདི་ནི་འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་སྟེ་སྦྱོར་བ་གཞན་དག་ལ་ཡང་ཤེས་པར་བྱའོ། །དེ་ལྟར་ན་ལུས་ཀྱི་ལས་རྣམ་པ་གསུམ་རྣམ་པར་དག་པ་བསྟན་ནས། བརྫུན་དུ་སྨྲ་བ་རྣམ་པར་དག་པར་བྱ་བའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྡོ་རྗེ་ཐོགས་མེད་ཅེས་བྱ་བ་ནི་གདོན་མི་ཟ་བར་གྲུབ་པ་སྟེ་གཞན་དག་ལ་ཕན་པར་བྱ་བའི་ཕྱིར། ལྷའི་འཁོར་ལོ་དང་ལྡན་པའི་བརྫུན་དུ་སྨྲ་བ་དེ་ཉིད་ནི་རྡོ་རྗེའི་ཚིག་སྟེ། དེ་ཉེ་བར་མཚོན་པའི་ལྷ་ཐམས་ཅད་ཀྱི་གཟུགས་བསྒོམ་པར་བྱའོ། །ནམ་མཁའ་གསུང་ཞེས་བྱ་བ་ནི་གསུང་གི་རང་བཞིན་གྱི་དམིགས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་


DTG038_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་ཤིན་ཏུ་དྲི་མ་མེད་པའོ། །འདི་ནི་དམ་ཚིག་དགུག་པའི་ཕྱིར་རིགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་དེ་སྦྱོར་བ་གཞན་དག་ལ་ཡང་སྦྱར་བར་བྱའོ། །ཚིག་རྩུབ་མོ་སྨྲ་བ་ལ་སོགས་པའི་རྣམ་པར་དག་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ནི་འདའ་བར་མི་བྱ་བའི་མཉམ་པ་ཉིད་ཀྱི་ངོ་བོ་ཉིད་དེའི་དཀྱིལ་འཁོར་རོ། །དེ་ལྟར་དཀོན་མཆོག་དཔལ་བདག་པོར་རབ་ཏུ་བསྒོམས་ལ་སངས་རྒྱས་ཀུན་གྱིས་ཞེས་བྱ་བ་ལྷ་རྣམས་ཀྱི་ཕན་ཚུན་རྩུབ་མོའི་ངག་ལ་སོགས་པ་འདི་དག་སྟེ། ཚིག་དེ་གདུལ་བྱའི་སྐྱེ་བོ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་སྤྲོ་བར་བྱའོ། །སོགས་པའི་སྒྲ་ལ་སོགས་པ་འདི་དག་གིས་ནི་སྟོང་པ་ཉིད་དུ་རྩོད་པ་ལ་སོགས་པ་བཟུང་སྟེ། དེས་ལྷ་རྣམས་ཀྱི་འཁོར་ལོ་བསྟེན་ནས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །དེ་ལྟར་ན་འདིས་ནི་ངག་གི་ལས་རྣམ་བཞི་རྣམ་པར་དག་པ་གསུངས་ནས་སེམས་རྣམ་པར་དག་པ་ནི་ལུས་དང་ངག་གི་ལས་ཡིན་ལ། སེམས་རྣམ་པར་དག་པ་བྱེད་པ་ནི་གཞན་དག་མེད་དེ། དེ་བས་ན་བདག་ཉིད་དེ་རྣམ་པར་དག་པར་བྱེད་པ་ཡིན་ནོ། །སེམས་རྣམ་པར་དག་པ་དེ་ཡང་དེ་དང་དེར་མང་དུ་གསུངས་པ་ཡིན་ནོ། །གནོད་སེམས་ལ་སོགས་པ་ཡིན་གྱི་མི་དགེ་བ་རྣམ་པ་གསུམ་རྣམ་པར་དག་པ་ནི་འདིར་མ་གསུངས་སོ། །དོན་འདི་ཉིད་ཀྱིས་ནི། རྗེས་སུ་མཐུན་པའི་འགྲོ་བའི་དོན་རྣམས་དང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་སྨོས་པ་ཡིན་ནོ། །མ་འོངས་པའི་འགྲོ་བ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ངོ་མཚར་ལ་སོགས་པ་བརྗོད་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་རྡོ་རྗེ་ནི་གདོན་མི་ཟ་བར་གྲུབ་པའོ། །དཔལ་ནི་སྒྲིབ་པ་ཐམས་ཅད་སེལ་བ་སྟེ་དེ་ལ་སོགས་པས་བོས་ཏེ། དེ་ནས་རྡོ་རྗེའི་ཚིག་འདི་སྨྲས་ཞེས་བྱ་བར་སྦྱར་རོ། །རྨད་བྱུང་ཆེན་པོ་ཞེས་བྱ་བ་ནི་གལ་ཏེ་འདིས་ནན་དུ་བྱས་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །དག་པ་ལས་ཞེས་བྱ་བ་ནི་འགལ་བའི་ལས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། ཀུན་རྫོབ་ཅེས་བྱ་བ་ནི་སྦྱོར་བ་འདི་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཡང་གཟུང་བ་ལ་སོགས་པ་སྤྲོས་པ་སྣ་ཚོགས་པ་དེ་ནི་ཀུན་རྫོབ་པ་ཡིན་ནོ། །ཇི་སྐད་


DTG038_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སུམ་ཅུ་པ་ལས་ཀྱང༌། བདག་དང་ཆོས་སུ་ཉེར་འདོགས་པ། །སྣ་ཚོགས་དག་ནི་གང་བྱུང་བ། །དེ་ནི་རྣམ་པར་ཤེས་པར་གྱུར། །ཞེས་བཤད་པའི་ཕྱིར་རོ། །ལེའུ་དགུ་པའི་འགྲེལ་པའོ།། །།

ལེའུ་བཅུ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བའི་འགྲེལ་པ།


DTG038_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བཅུ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡང་དག་པར་བསྐུལ་བ་བསྟན་པ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གང་ན་མི་གནས་མཉམ་པ་ཉིད། །ཅེས་བྱ་བ་ནི་མཉམ་ཉིད་ཀྱིས་གང་ན་ཡང་མི་གནས་པ་སྟེ། རྟེན་དང་བརྟེན་པ་པོར་གྱུར་པས་མཉམ་པ་ཉིད་དུ་གྱུར་པ་མེད་པ་ཐལ་བར་འགྱུར་བའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་བོ། །དེ་ཉིད་ཀྱི་སྔགས་ཀྱི་ཚུལ་རྡོ་རྗེ་སྟེ་རྡོ་རྗེ་འཛིན་པ་ལྟ་བུའོ། །དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །ཞི་བ་ལ་སོགས་པའི་སྒོ་ནས་བསྐུལ་བས་དེ་ཁོ་ན་ཉིད་ཀྱི་ལས་མཛད་པས་ན་རིག་པའོ། །དེ་ཡང་ཇི་སྐད་དུ། །ཞི་ལ་སོགས་པས་རབ་བསྐུལ་བའི། །ལས་རྣམས་བྱེད་པར་རིག་པར་བཤད། །ཅེས་བཤད་པ་ལྟ་བུའོ། །སྔགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པ་ནི་དེ་བཞིན་གཤེགས་པ་སྟེ། དེ་རྣམས་ཀྱི་སྙིང་པོ་ཀུན་དུ་བསྐུལ་བ་ནི་དྲག་པོས་ཀྱང་ངོ༌། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་སྐུའི་སྒོ་ནས་རྩོམ་པའི་སྔགས་ཀྱི་རྣམ་བར་དག་བ་སྟོན་ཏོ། །གསུང་དང་ཐུགས་སུ་ཡང་མངོན་པར་བརྗོད་པ་ནི་དེ་དང་ཐ་མི་དད་པའི་ཕྱིར་རོ། །དེ་བཞིན་དུ། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་ནི་ཐུགས་ཀྱི་སྒོ་ནས་སོ། །གསུང་གི་སྒོ་ནས་ཀྱང་སྔགས་རྣམས་པར་དག་པ་གསུངས་པ་ནི་ཚིག་གི་ལམ་ངེས་པར་བརྗོད་པ་ཞེས་བྱ་སྟེ། ཚིག་མེད་ཅིང་ཚིག་དང་ལྡན་པ་མེད་དུ་ཟིན་ཀྱང༌། ཚིག་གི་ཉེ་བར་དགོད་པས་གསུངས་པའོ། །འདར་ཞིང་ཞེས་བྱ་བ་ལ་སོགས་པས་ནི་སྔགས་ཀྱི་ཆེ་བའི་བདག་ཉིད་གསུངས་པ་ཡིན་ཏེ། སྔགས་འདི་ལྷ་མོ་དང་རྡོ་རྗེ་ཅན་གྱི་རྣལ་འབྱོར་པས་བཟླས་ན། འདི་ལྟ་བུ་ཡི་མཐུ་ནི་རྙེད་དང་ལྡན། །ཞེས་བྱ་བའི་དོན་ཏོ། །ད་ནི་རྒྱལ་བསྐྱེད་པར་བྱེད་པའི་ཡུམ་གྱི་སྐུ་སྐྱེད་པར་བྱེད་པའི་རྒྱུ་ཟླ་བ་གཉིས་ཀྱི་རྗེས་ཐོགས་ལ། །ཧཱུཾ་དང་ལྡན་པའི་རྡོ་རྗེ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་བཀོད་པ་ཞེས་བྱ་བ་ན་སངས་རྒྱས་ཀྱི་བཀོད་པའི་ངོ་བོ་ཉིད་རྣམ་པ་


DTG038_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛད་ཡོངས་སུ་གྱུར་པའི་དཀྱིལ་འཁོར་རོ། །དེའི་ཞེས་བྱ་བ་ནི་དབུས་མའི་ཟླ་བའི་གདན་ལ་ཟླ་བ་གཉིས་སུ་ཡོངས་སུ་གྱུར་པ། དེའི་སྟེང་དུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའོ། །རང་གི་གཟུགས་སུ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེའི་གཟུགས་དང་གཅིག་ཏུ་བྱས་པའོ། །ཇི་སྐད་དུ། དཔལ་མཆོག་དང་པོའི་སྙིང་པོ་ལས་བྱུང་བ། །ཞེས་བྱ་བ་ནས། དང་པོའི་སྙིང་པོས་མགོན་བཅས་བསྒོམས་ནས་ནི། །ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །སངས་རྒྱས་ཀྱི་ནི་ཞེས་བྱ་བ་ལ་སོགས་པས་ནི་དེའི་ང་རྒྱལ་སྤངས་ནས་དེ་ལས་རྡོ་རྗེ་འཛིན་པ་བསྐྱེད་པར་གསལ་བར་མཛད་པ་ཡིན་ནོ། །ཇི་སྐད་དུ། ང་རྒྱལ་དེ་ལྡན་མཐའ་ཡས་སྤྲུལ་པ་ཡིན། །ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ། །ད་ནི་དཀྱིལ་འཁོར་གདོན་པའི་ཕྱིར། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུངས་པའི་ཐུན་མོང་གི་བསྙེན་པའི་དོན་དུ་པདྨའི་ནང་དུ་དཀྱིལ་འཁོར་སྤྲུལ་པ་གསུངས་པ་ནི་རང་གི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རང་སྔགས་ཀྱིས་ཞེས་བྱ་བ་ནི་བདག་པོའི་ས་བོན་ཉིད་ཀྱིས་རང་གི་དཀྱིལ་འཁོར་སྦྲུལ་པ་ཡིན་གྱི་ལྷ་རྣམས་ཀྱི་སོ་སོའི་ས་བོན་གྱིས་ནི་མ་ཡིན་ཏེ། ཐ་མི་དད་པར་ཉེ་བར་བཟུང་བ་ལ་ཐ་དད་པར་ཐལ་བར་འགྱུར་ཞིང་སྔགས་གཅིག་བཟླས་པས་ཐམས་ཅད་ཀྱི་སྔགས་བཟླས་པར་མི་འགྱུར་བའི་ཉེས་པར་ཐལ་བར་འགྱུར་རོ། །དེ་སྐད་དུ། རང་གི་སྙིང་པོ་ལས་བྱུང་མ་ལུས་པའི། །རང་གི་དཀྱིལ་འཁོར་པ་ཡི་གཟུགས་བསམས་ལ། །ཞེས་བཤད་པ་ཡིན་ནོ། །ད་ནི་བཤད་མ་ཐག་པའི་དྲག་པོའི་བསྐུལ་བ་དང་འབྲེལ་བའི་དོན་སྟོན་ཅིང་མངོན་པར་རྟོགས་པ་ཡང་གསུངས་པ་སྟོན་ཏེ། རང་སྔགས་སྐྱེས་བུ་ཞེས་བྱ་བ་ནི་རང་གིས་བོན་གྱིས་བདག་ཉིད་ཅན་གྱི་སྐྱེས་བུ་བསམས་ལ། གནས་བཞི་རྣམས་སུ་ཞེས་གསུངས་པ་ནི་ལྷ་མོའི་ལྟེ་བ་དང༌། དབུ་དང༌། ལྐོག་མ་དང༌། ནུ་མ་གཉིས་ཀྱི་བར་དུའོ། །གཟུགས་ཀྱི་ཚུལ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ལ་སོགས་པ་སྟེ། ཞལ་གསུམ་ལྟ་བུའི་སྦྱོར་བས་ཁ་དོག་གསུམ་དུ་རབ་ཏུ་བསྒོམ་པར་བྱའོ། །འདི་དག་གིས་ནི་ཕྱག་རྒྱ་བཞི་གསུངས་པ་ཡིན་ནོ། །སྙིང་གའི་དབུས་སུ་ཞེས་བྱ་བ་ནི་རང་རང་གི་མཚན་མའི་དབུས་སུ་ཆུད་


DTG038_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཕྲ་མོའི་དཀྱིལ་འཁོར་རྣམས་ནི་ཞེས་བྱ་བ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ་བསམ་པའོ། །དེ་ནི་ཇི་སྐད་དུ། རང་སྙིང་ཟླ་བའི་རྡོ་རྗེ་ལྟེ་བའི་དབུས་ན་ཡི་གེ་ཧཱུཾ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེའི་ཞེས་བྱ་བ་ནི་མཚན་མའིའོ། །དབུས་སུ་བས་མ་པར་བྱ་བ་ནི་རང་རང་གིས་བོན་གྱི་ཡི་གེ་སྟེ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཚིག་བསམ་པར་བྱའོ། །རྗེས་སུ་མཐུན་པའི་ས་བོན་ཡོངས་སུ་གྱུར་པའི་མཚན་མ་ཕྲ་མོ་བསྟན་པའི་ཕྱིར་གསུངས་པ་ནི་རྡོ་རྗེ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཐུན་མཚམས་བཞིར་རོ། །སྦྱོར་བས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་སྟེ། དེ་ལས་བྱུང་བའི་སྐུ་ལ་སོགས་པའི་རྡོ་རྗེ་གསུམ་རྣམ་པར་བསམ་པར་བྱའོ། །རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས། །ཞེས་བྱ་བ་ནི་འོད་ཟེར་གཟུགས་ཅན་དགུག་པའི་རྡོ་རྗེ་ལྕགས་ཀྱུ་རྡོ་རྗེའི་དབྱེ་བ་སྟེ་ལྕགས་ཀྱུ་དེས་ལྷ་རྣམས་ཀྱི་སྙིང་གར་དགུག་པའི་ཕྱིར་བཏབ་པར་བྱ་བའམ་ལྷ་རྣམས་ཉིད་རབ་ཏུ་བསྐུལ་བར་བྱའོ། །དོན་འདི་ཉིད་རབ་ཏུ་བསྒྲེ་བའི་ཕྱིར་གསུངས་པ་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་ངོ་བོ་ཉིད་ནི་པདྨའི་རིགས་སོ། །སོགས་པ་ཞེས་སྨོས་པ་ནི་འཁོར་ལོའི་རིགས་ཏེ་འདི་དག་ཀྱང་རྡོ་རྗེའི་བདག་ཉིད་ཅན་ཡིན་ལ། རང་རང་གི་མཚན་མ་ལྕགས་ཀྱུ་དང་སྙིང་གར་བསྐུལ་བས་དགུག་པའི་ཕྱིར་བསྒོམ་པར་བྱའོ། །རོལ་མོ་ལས་བྱུང་བ་ཞེས་བྱ་བ་ནི་ཀུན་དུ་གཟིགས་པ་ལ་སོགས་པ་སེམས་ཅན་གྱི་དོན་བྱ་བ་ནི་རོལ་མོ་སྟེ་འདི་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །ཞག་བདུན་ཞེས་བྱ་བ་ལ་སོགས་པས་ནི་ཐེག་པའི་ཆེ་བ་ཉིད་སྟོན་ཏོ། །དོན་ནི་འདི་ཡིན་ཏེ་དམ་ཚིག་གསུམ་གྱི་རྣལ་འབྱོར་པ་བཤད་མ་ཐག་པའི་ཡི་གེ་ལྔའི་སྔགས་ཟློས་པ་དཔལ་ལྡན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང༌། སྔགས་ལ་སོགས་པ་འདིས་བསྐུལ་ན། དམ་ཚིགས་ལས་འདས་པའི་འཇིགས་པས་སངས་རྒྱས་རྣམས་གཟིགས་པ་མཛད་པ་ཉིད་དུ་ཡང་འགྱུར་རོ་ཞེས་པའོ། །དེ་ལྟར་བཤད་པ་དེ་ཉིད་གསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྔགས་ཀྱི་སྐྱེས་བུ་ནི་ལྷ་རྣམས་སོ། །རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེའོ། །ཡེ་ཤེས་ནི་ཡེ་ཤེས་སེམས་དཔའ་སྟེ་དེས་རྫོགས་པའོ། །དབང་པོ་གཉིས་ཀྱི་


DTG038_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་དུ་བལྟ་བར་བྱའོ། །འདི་དག་ཀྱང་མཆོག་གི་བསྙེན་པ་ཉིད་ཡིན་ནོ། །དངོས་གྲུབ་ཕྲ་མོ་དག་ལ་ཡང་གཅིག་དང་གཉིས་དང་གསུམ་རྫོགས་པར་བྱ་སྟེ་གཅིག་པུ་ནི་སྙོམས་པར་ཞུགས་པ་མ་ཡིན་པ་དག་ཀྱང་བསྒོམ་པར་བྱའོ་ཞེས་ཤེས་པར་བྱའོ། །རིག་མའི་དབང་ཕྱུག་ཅེས་བྱ་བ་ནི་རང་སྣང་བའི་ཤེས་རབ་བོ། །ཞུགས་པ་ལ་ཞེས་བྱ་བ་ནི་བསྒོམ་པའོ། །རྡོ་རྗེའི་སྦྱོར་བ་ནི་རྡོ་རྗེ་དང་པདྨ་སྟེ་ཡང་དག་པར་སྦྱོར་བ་བསྒོམ་པར་བྱའོ། །འདི་ནི་ཞེས་བྱ་བ་ནི་རིགས་ལྔའི་ཚོགས་དམིགས་ནས་ཐ་མི་དད་པར་བསྒོམ་པར་བྱ་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བུད་མེད་ཇི་སྙེད་ཡོད་པ་དེ་ཐམས་ཅད་ཕྱག་རྒྱ་ཆེན་པོའི་སྦྱོར་བས་ཉེ་བར་སྤྱད་པར་བྱ་བ་སྟེ། ཕྱག་རྒྱ་ཆེན་པོ་ནི་སྐུ་མདོག་དང་དབྱིབས་ཀྱི་བདག་ཉིད་ཅན་ནོ། །སོགས་པའི་སྒྲས་མཚན་མའི་ཕྱག་རྒྱ་དང་ཕྱག་རྒྱ་བཞི་ལ་སོགས་པ་གཟུང་བར་བྱའོ། །ལེའུ་བཅུ་པའི་འགྲེལ་པའོ།། །།

ལེའུ་བཅུ་གཅིག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུ་མཆོག་གི་འགྲེལ་པ།


DTG038_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་བཅུ་གཅིག་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་སྔགས་ཡིན་པས་དེའི་ངོ་བོ་ཉིད་ཀྱི་རྡོ་རྗེ་དང་དེའི་ངོ་བོ་ཉིད་ཀྱི་སྔགས་སྐུ་ལ་སོགས་པའི་ས་བོན་ཏེ། དེ་ལས་བྱུང་བའི་རིག་པའི་སྐྱེས་བུ་སྟེ་དེ་སྟོན་པར་བྱེད་པའི་ལེའུ་བཅུ་གཅིག་པ་འདི་གསུངས་པའོ། །རྡོ་རྗེ་གསུམ་གྱི་ཡི་གེ་ནི་ཨོཾ་ལ་སོགས་པའོ། །དེ་ཉིད་ནི་སྔགས་ཀྱི་མཆོག་སྟེ་དེས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་མངོན་པར་འདོད་པའི་ལྷ་རྣམ་པར་བསྒོམ་པར་བྱ་ཞིང་བསྐྱེད་པར་བྱའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་ཟླ་བ་ཞུ་བ་ལ་གླུ་ཡིས་བསྐུལ་བ་ལ་སོགས་པ་གཞན་དག་ཏུ་གསུངས་པ་འདིར་སྦྱར་བར་བྱའོ། །དེ་ཉིད་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་སེམས་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་དག་ནི་སྲིད་པ་བར་མ་དོའི་སེམས་ཀྱི་དབང་ཉིད་ཀྱི་སྐུ་རྡོ་རྗེ་ལ་སོགས་པའི་རྣམ་པར་དག་པའི་ངོ་བོར་གསུངས་པ་ནི་ཨོཾ་ནི་ཞེས་བྱ་བ་ལ་སོགས་པ་ཡི་གེ་ཧཱུཾ་ནི་ཐུགས་རྡོ་རྗེའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ཕན་ཚུན་ཐ་དད་པ་དང་བྲལ་པའི་ངོ་བོ་ཉིད་ཡིན་པས་སྐུ་གསུང་ཐུགས་ཡིན་པས་ཏེ་ཞེས་བྱ་བ་གསུངས་པ་ཡིན་ནོ། །འཁོར་བ་ལ་སོགས་པའི་རིམ་གྱིས་གཞལ་ཡས་ཁང་གི་ས་བོན་ཟླ་བ་ལ་གནས་པའི་ཡི་གེ་བྷྲཱུཾ་བཤད་


DTG038_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཀུན་ལས་སྐྱེས་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་རྩེ་གསུམ་པ་ཁ་བཞི་པ་སྣ་ཚོགས་པདྨ་ལ་གནས་པའོ། །ཇི་སྐད་དུ་དབུས་གནས་པ། །པདྨ་དེར་ནི་སྣ་ཚོགས་རྡོ་རྗེས་མཛེས། །ཞེས་སྨོས་པ་ཡིན་ཏེ་དེར་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་བཟླས་བརྗོད་དང་འབྲེལ་པའི་ཡི་གེ་གསུམ་པོ་གདན་དང་བཅས་པ་གསུངས་པ་ནི་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་དང་གསལ་བའི་ཆོས་ཀྱི་དཀྱིལ་འཁོར་རྣམས་ཏེ། ཟླ་བའི་དཀྱིལ་འཁོར་དེ་དག་ལ་གནས་པ་ནི་ཡི་གེ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་སྤྲོ་བ་བསྒོམ་ཞིང་བཟླས་པར་བྱའོ། །ལྷག་མ་ཡེ་ཤེས་སེམས་དཔའི་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའོ། །དེ་ཡང༌། རྡོ་རྗེ་གསལ་ཆོས་འཁོར་ལོ་དེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་ཆུད། །གནས་དེར་བརྟན་པར་བྱས་ནས་ནི། །ཡེ་ཤེས་སྐུ་ནི་སྤྲོས་ཤིང་བཟླས་བརྗོད་བྱ། །ཞེས་བཤད་པའོ། །ཡང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཉིད་ནི་མི་ཕྱེད་པ་ཉིད་ཡིན་པས་ན་རྡོ་རྗེའི་དཀྱིལ་འཁོར་རོ། །འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་ཉིད་ནི་བེམས་པོ་མ་ཡིན་པས་ན་གསལ་བའི་དཀྱིལ་འཁོར་རོ། །མི་བསྐྱོད་པའི་དཀྱིལ་འཁོར་ཉིད་ནི་ཆོས་བདག་མེད་པའི་ངོ་པོ་ཉིད་ཡིན་པས་ན་ཆོས་ཀྱི་དཀྱིལ་འཁོར་ཏེ། དེ་རྣམས་ཀྱི་འཁོར་ལོ་ལ་གནས་པ་ནས་རིམ་པ་ཇི་ལྟ་བ་བཞིན་དུ་ཡི་གེ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ཆོ་ག་བཞིན་བཟླ་བར་བྱའོ། །གང་ཡང་ཕན་ཚུན་དབྱེ་བ་མེད་པར་བསྟན་པའི་ཕྱིར། །རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། །ཞེས་བྱ་བ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཉིད་དོ། །ཨོཾ་ཞེས་བྱ་བ་རབ་ཏུ་བསྒོམ། །གསང་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཉིད་དོ། །ཡི་གེ་ཨཱཿནི་རྣམ་པར་བསམ། །ཆོས་ཀྱི་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་ཉིད་དོ། །ཧཱུཾ་གི་རྣམ་པར་བསྒོམ་པར་འདོད་པ་དེ་ནི་རིགས་པ་མ་ཡིན་ཏེ་ཕན་ཚུན་ཐ་མི་དད་པ་ཡིན་པ་མང་དུ་སྨྲས་ཟིན་པ་ཡིན་པའི་ཕྱིར་རོ། །བཤད་མ་ཐག་པའི་ཡི་གེ་བྷྭཱུཾ་ཡོངས་སུ་གྱུར་པའི་ཁང་པ་བརྩེགས་མ་གསུངས་པ་ནི། ཡི་གེ་བྷྲཱུཾ་གྱིས་གནས་བསྒོམས་ཏེ། །ཞེས་བྱ་བ་སྟེ་འཁོར་ལོ་ལ་སོགས་པ་གཅིག་ནས་གཅིག་ཏུ་


DTG038_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་ཞེས་བྱ་བར་ཤེས་པར་བྱའོ། །ད་ནི་སྔར་བཤད་པའི་ཐུགས་ཀྱི་བདག་ཉིད་ཅན་གྱི་ཡི་གེ་གསུམ་པོ་ཧོ་ཞེས་བྱ་བའི་དབུས་སུ་གནས་པ་གསུངས་པ་ནི། སྙིང་པོ་དུས་གསུམ་སངས་རྒྱས་ཀྱི། །ཞེས་བྱ་བ་ཡིན་ཏེ། དེ་གང་ཡིན་ཞེ་ན་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོར་ཡི་གེ་གསུམ་པོ་རྡོ་རྗེ་འཛིན་ཡབ་དང་ཡུམ་གྱི་རང་བཞིན་ཏེ། མཉེས་པར་བྱེད་པ་ནི་ཡི་གེ་ཧོ་དམར་པོ་གཉིས་ཞེས་བྱ་བའི་བར་དུའོ། །ཡང་ཇི་སྐད་དུ། འོད་ལྡན་ཧོ་དང་སྤེལ་བ་ཆོ་ག་བཞིན། །ཞེས་སྨོས་པ་ཡིན་ནོ། །གང་སྔར། རྡོ་རྗེ་གསུམ་གྱི་གནས་སྒོམ་པ། །ཞེས་གསུངས་པ་དེའི་དོན་གནས་ནི་ཡི་གེ་གསུམ་གྱི་མཚན་ཉིད་ཅན་ཏེ་སྐུ་རྡོ་རྗེ་ལ་སོགས་བསྐྱེད་པའི་ས་བོན་གསུངས་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། ཨོཾ་ནི་སངས་རྒྱས་སྐུའི་ཞེས་བྱ་བ་ནི་སྐུ་རྡོ་རྗེའིའོ། །མཚག་ནི་བསྐྱེད་པའི་ས་བོན་བསྒོམ་པར་བྱའོ། །དེ་བཞིན་དུ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དག་ལ་ནི་ཡི་གེ་ཨཱཿ་དང་ཧཱུཾ་ས་བོན་ཡིན་པར་གསུངས་པ་ནི་ཨཱཿནི་ཞེས་བྱ་བ་ལ་སོགས་པའོ། །ཡེ་ཤེས་ཞེས་བྱ་བ་ནི་རྣལ་འབྱོར་པས་བསྐྱེད་པའོ། །དམ་ཚིག་ཅེས་བྱ་བ་ནི་དམ་ཚིག་སེམས་དཔའ་སྐྱེད་པར་བྱེད་པའི་མིག་ལ་སོགས་པ་བྱིན་གྱིས་རློབ་པར་བྱེད་པའི་དམ་ཚིག་དང་བཅས་པ་སྟེ། རྡོ་རྗེ་གསུམ་པོ་འདི་དག་ནི་སྔགས་ཀྱི་རིག་པ་ཞེས་བྱ་བར་བསྒྲགས་པའོ། །དངོས་གྲུབ་ཕྲ་མོའི་ཁྱད་པར་ལས་དུམ་བུ་བསྟན་པའི་ཕྱིར་དབེན་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་རོ། །དེར་རང་གི་སྔགས་ཀྱི་དམ་ཚིག་ནི་རྣམ་པར་སྣང་མཛད་དེ་དེ་སྐྱེད་པའི་ཆོ་གས་བསྐྱེད་ལ། ཡི་གེ་ཨོཾ་གཅིག་མཚན་མ་ལ་གནས་པ་སྙིང་གར་གཞག་པར་བྱའོ། །འདིས་ནི་སྐུ་རྡོ་རྗེ་དང་འོད་མཉམ་པར་འགྱུར་གྱི་སྐུའི་རྡོ་རྗེ་ཡོངས་སུ་རྫོགས་པར་འགྱུར་བ་ནི་མ་ཡིན་ཏེ། སྔར་ཡོངས་སུ་རྫོགས་པ་ནི་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་པ་གང་གི་མཚན་མས་ཀྱང་ཕྱིས་ཉེ་བར་སྒྲུབ་པ་ལ་སོགས་པ་དང་བྲལ་བའི་ཕྱག་རྒྱ་གཅིག་དང་ལྡན་པའི་ལྷ་ཉིད་གཅིག་བུ་སྙོམས་པར་འཇུག་པ་མ་ཡིན་པའི་ཆོ་ག་བཞིན་དུ་བསྒོམས་པ་ལས་སྐུ་རྡོ་རྗེ་བརྟག་པ་ལས་ཇི་སྐད་དུ་གསུངས་པའི་ཕན་ཡོན་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་པ་འདིའི་འོག་མ་རྣམས་ལ་


DTG038_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྦྱར་བར་བྱའོ། །དེ་བས་ན། དངོས་གྲུབ་ཐོབ་པའི་མཚན་མ་མཐོང་ནས་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །འོད་དཔག་ཏུ་མེད་པ་དང་མཉམ་པའི་དངོས་གྲུབ་གསུངས་པ་ནི་ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་ཆོས་ཀྱི་དཀྱིལ་འཁོར་རོ། །དེར་སྔགས་ཀྱི་སྐྱེས་བུ་འོད་དཔག་ཏུ་མེད་པ་ཆོ་ག་བཞིན་དུ་བསྐྱེད་ལ་དེའི་ངག་གི་ལམ་སྟེ། ལྐོག་མར་པདྨའི་ལྟེ་བ་ལ་གནས་པ་ཟླ་བརྟེན་པའི་ཡི་གེ་ཨཱཿཆོ་ག་ཇི་ལྟ་བ་བཞིན་དུ་གཞག་གོ །དེ་ཉིད་ནི་རྡོ་རྗེ་ཆེན་པོའི་ངོ་བོ་ཉིད་འཇིག་རྟེན་དབང་ཕྱུག་སོ་སོར་རྟོག་པའི་བདག་ཉིད་ནི་མཆོག་སྟེ་དེ་བསྒོམ་པའོ། །དེ་ཡང་འོད་དཔག་ཏུ་མེད་པ་བསྒོམ་པས་དགོངས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཐུགས་རྡོ་རྗེའི་རྟོག་པའི་དངོས་གྲུབ་གསུངས་པ་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ལ་ཡི་གེ་ཧཱུཾ་གནས་པ། །ཞེས་བྱ་བ་ནི་རང་གི་སྙིང་གར་རྡོ་རྗེའི་ལྟེ་བ་ལ་ཡི་གེ་ཧཱུཾ་ཆོ་ག་བཞིན་དུ་བསྒོམ་པར་བྱའོ། །མི་སྣང་བའི་དངོས་གྲུབ་གསུངས་པ་ནི་ཡེ་ཤེས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བསམས་ལ། དེའི་གནས་བཞིར་ཡི་གེ་ཁཾ་ལྷ་མོ་མེད་པའི་མཚན་མ་ཟླ་བ་ལ་གནས་པ་བསྒོམ་པར་བྱའོ། །ནམ་མཁའ་རྡོ་རྗེ་ནི་ཡེ་ཤེས་ཀྱི་དམ་ཚིག་སྟེ་ནམ་མཁའི་སྙིང་པོའི་རྟོག་པར་འགྱུར་པའོ། །འཕགས་པ་འཇམ་དཔལ་གྱི་དངོས་གྲུབ་གསུངས་པ་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ་རང་སྔགས་སྐྱེས་བུ་ནི་འཕགས་པ་འཇམ་དཔལ་ཏེ། དེ་ཆོ་ག་ཇི་ལྟ་བ་བཞིན་དུ་བསམས་ལ། །དེའི་སྙིང་གར་རང་གི་མཚན་མའི་དབུས་སུ་ཡི་གེ་ཧཱུཾ་ཞེས་བྱ་བ་ཆོ་ག་བཞིན་དུ་བསྒོམ་པར་བྱའོ། །ཆོག་འདི་ཉིད་ཀྱི་ཐླིཾ་ཞེས་བྱ་བ་ཡང་བསྒོམ་པར་བྱས་ནས་ཕན་ཡོན་ཇི་སྐད་དུ་བཤད་པ་འཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་ཁྱད་པར་གཞན་དག་གསུངས་པ་ནི་ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། མི་བསྐྱོད་པ་རྣམ་པར་བསམས་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་དེའི་ཐུགས་ཀར་ཡི་གེ་ཨོཾ་བསམ་པར་བྱའོ། །སྦྱོར་བའི་ཁྱད་པར་གཞན་གསུངས་པ་ནི་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །


DTG038_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཨོཾ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་རང་བཞིན་ཡི་གེ་ཨོཾ་སྟེ་དེ་ཆོ་ག་བཞིན་དུ་བསྒོམས་ན་ཇི་སྐད་བཤད་པའི་ཕན་ཡོན་འཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་གཞན་དག་གསུངས་པ་ནི་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ་འཇིག་རྟེན་དབང་པོ་ནི་འོད་དཔག་ཏུ་མེད་པའོ། །ཆོས་ཀྱི་ཨོཾ་ནི་པདྨོའི་རིགས་ལྟ་བུ་སྟེ་དེ་སྙིང་གར་བསམ་པར་བྱའོ། །ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཨུཏྤལ་ནི་དོན་ཡོད་གྲུབ་པ་སྟེ་དེ་བསྒོམས་ལ། དེའི་ཐུགས་ཀའི་མཚན་མར་ཟླ་བ་ལ་དམ་ཚིག་ཨོཾ་རབ་ཏུ་བསྒོམ་པར་བྱའོ། །དེ་ལྟར་རིགས་ལྔ་ཆར་ལ་ཡང་ཡི་གེ་ཨོཾ་གྱིས་སྒོམ་པ་བསྟན་ནས་སྐུ་དང་གསུང་དང་ཐུགས་གསུམ་ཅིག་ཅར་བསྟན་པའི་ཕྱིར་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུམ་ཨོཾ་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་ངོ་བོ་ཉིད་དེ་གནས་གསུམ་ཆར་དུ་ཡང་ཡི་གེ་ཨོཾ་མཚན་མའི་ཟླ་བ་ལ་གནས་པ་ཆོ་ག་བཞིན་དུ་བསྒོམ་པར་བྱའོ། །གནས་གསུངས་པ་ནི་རྣམ་པར་དབེན་པའི་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་སྐད་དུ། ལ་ལར་དྲི་མེད་ཆུ་ནི་ཕུན་ཚོགས་ཤིང༌། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །མངོན་པར་ཤེས་པ་རྣམ་པ་ལྔ་བསྒྲུབ་པར་བྱ་བའི་ཕྱིར་བསམ་གཏན་ལས་བྱུང་བའི་ལས་ཀྱི་ཚོགས་གསུངས་པ་ནི། མི་བསྐྱོད་ཡེ་ཤེས་རྡོ་རྗེ་སོགས། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་མི་བསྐྱོད་པ་ཆོ་ག་བཞིན་དུ་བསམ་ལ་མིག་དང་རྣ་བ་དང་སེམས་དང་ཡིད་དང་ལུས་ཏེ། གནས་ལྔར་རང་གི་སྔགས་ཀྱིས་རྩེ་མོ་ལྔ་པའི་རྡོ་རྗེ་ལྔ་བསྒོམ་པར་བྱའོ། །ད་རྣམས་ལ་ཡང་ཟླ་བ་ལ་གནས་པའི་སྔར་བཤད་པའི་ཡི་གེ་ཐླིཾ་ཆོ་ག་ཇི་ལྟ་བ་བཞིན་དུ་བསམས་ལ་མངོན་པར་ཤེས་པ་ལྔ་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས། རང་སྔགས་ཞེས་བྱ་བ་རང་གི་ས་བོན་ཡོངས་སུ་གྱུར་པའི་འཁོར་ལོ་གནས་ལྔའི་སྦྱོར་བས་བསམ་པར་བྱའོ། །སྔར་བཤད་པའི་གནས་ལྔར་གཏོགས་པའི་འཁོར་ལོ་ལྔ་ལ་ཡི་གེ་ཐླིཾ་ཆོ་ག་བཞིན་དུ་བསྒོམས་ན་མངོན་ཤེས་ལྔ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མཚན་མ་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །ཡི་གེ་བྷཱུཾ་གྱི་རྗེས་ལ་འཁོར་ལོ་ལ་སོགས་པ་ཁང་པ་


DTG038_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་མའི་རྒྱུ་ཡིན་པར་གསུངས་པ་ནི་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་འཇུག་པ་ཞེས་བྱ་བ་ནི་འོད་ཟེར་གྱིས་བསྐུལ་བའི་སངས་རྒྱས་སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་རང་གི་རིགས་མ་དང་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་སོ། །སངས་རྒྱས་གནས་དང་འདྲ་བར་འགྱུར། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྟེན་དང་གཅིག་ཏུ་གྱུར་པ་ཡིན་གྱི་འདིར་འདྲ་བའི་སྒྲ་མཚུངས་པའི་ཚིག་ནི་མ་ཡིན་ཏེ། འདི་ནི་སྦྱོར་བ་ཡང་དག་པར་རྫོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཕྲ་མོའི་རྣལ་འབྱོར་ལ་ཐིག་ལེ་བསྒོམ་པ་གསུངས་པ་ནི་སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཀྱི་ཕྲ་མོའི་རྣལ་འབྱོར་གྱི་སྙིང་གར་ཡི་གེ་ཨོཾ་ཆོ་ག་བཞིན་དུ་བསམས་ལ། ཡི་གེ་ཨོཾ་དེ་ཉིད་ལ་སེམས་ཐིག་ལེར་གྱུར་པ་ཞེས་བྱ་བ་འགོག་པའི་རྡོ་རྗེར་གྱུར་པ་སྟེ་རབ་ཏུ་རྒྱུ་བ་འགོག་པར་བསྒོམ་པར་བྱའོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཕྲ་མོའི་མི་བསྐྱོད་པ་ལ་སོགས་པ་ལ་སྦྱར་བར་བྱའོ། །འགོག་པའི་རྡོ་རྗེ་ཡེ་ཤེས་ཞེས་བྱ་བ་ནི་མི་གཡོ་བའི་དམ་ཚིག་གི་ཡེ་ཤེས་སོ། །འདི་དག་ནི་ཐིག་ལེའི་རྣལ་འབྱོར་གྱི་སྒྲར་མི་བཤད་དེ་སྤྲོ་བ་ལ་སོགས་པ་མེད་པའི་ཕྱིར་རོ། །ཡང་དངོས་གྲུབ་ཕྲ་མོ་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བ་སྔར་བཤད་པའི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཡི་གེ་ཨོཾ་བསམས་ན་ཚེ་རིང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་བཞིན་དུ་འདིར་དཔག་ཏུ་མེད་པ་དང་མི་བསྐྱོད་པ་དག་ལ་ཡང་ཤེས་པར་བྱའོ། །ལྷག་པར་མོས་པའི་དབང་གིས་ནི་བསྐལ་པའམ་བསྐལ་པ་གསུམ་དུ་གནས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་ངེས་པ་མེད་པར་བཤད་པའི་ཕྱིར་གསུངས་པ་ཡིན་ནོ། །ལེའུ་བཅུ་གཅིག་པའི་འགྲེལ་པའོ།། །།

ལེའུ་བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་འགྲེལ་པ།


DTG038_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་བཅུ་གཉིས་པ་གསུངས་ཏེ། མི་ཞེས་བྱ་བ་ལ་སོགས་པས་མི་སྣང་བའི་དངོས་གྲུབ་གསུངས་པ་ཡིན་ཏེ། ཡི་གེ་མཾ་ལས་འཇམ་པའི་རྡོ་རྗེ་དང་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་སྔར་བཤད་པའི་ཡི་གེ་ཧཾ་ཡན་ལག་ཐམས་ཅད་ལ་བསྒོམས་ན་ཚངས་པ་ལ་སོགས་པས་ཀྱང་


DTG038_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བར་མི་ནུས་སོ། །སྤྲོ་བ་ཡང་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་ས་བོན་གྱིས་བྱའོ། །སྔགས་ཡོངས་སུ་གྱུར་པའི་མཚན་མའི་རིལ་བུས་མི་སྣང་བའི་དངོས་གྲུབ་གསུང་པ་ནི་རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ལྔ་ནི་རྡོ་རྗེ་མི་ཕྱེད་པ་གསུམ་ལས་བྱུང་བའི་ཚིག་ལྔ་གང་ཡིན་པ་དེའི་རིལ་བུ་གསེར་དང་དངུལ་དང་ཟངས་ཀྱིས་དཀྲིས་པ། རང་གི་ས་བོན་ལས་བསྐྱེད་པ། ཙན་ཀའི་འབྲུའི་ཚད་ཙམ་བྱས་ལ། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་མི་ཕྱེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་རྫོགས་པ་ལྟ་བུར་སེམས་བསྒོམས་ལ། དེ་ནས་བར་སྣང་ལས་བྱུང་བའི་རིལ་བུ་ལྔར་བསྐྱེད་ནས་ཨོཾ་ལ་སོགས་པ་ས་བོན་ཙམ་དང་ལྡན་པའི་ལྷ་དེ་སྤྱིའི་རྣལ་འབྱོར་པའི་ཟློས་པས་ཁར་བཅུག་ནས་བསྒོམས་ན་ཇི་སྐད་གསུངས་པའི་ཕན་ཡོན་འཐོབ་པར་འགྱུར་རོ། །འདིར་གང་དང་གང་མ་གསུངས་པ་དེ་ནི་སྔ་མ་དང་ཕྱི་མས་ཁ་བསྐང་བར་བྱའོ། །འཁོར་ལོའི་དངོས་གྲུབ་གསུངས་པ་ནི་འཇམ་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ་རང་གི་སྔགས་ཀྱིས་ཞེས་བྱ་བ་ནི་འཁོར་ལོ་ཅན་གྱི་ལྷའི་སྔགས་དང༌། དེའི་རྣལ་འབྱོར་པ་འཁོར་ལོ་ལྕགས་སམ་སའམ་གཞན་གང་ཡང་རུང་བ་ལས་བསྐྱེད་པ། རང་གི་བདག་པོ་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་རྫོགས་པ་དང་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་བཞུགས་པའི་གནས་སུ་གྱུར་པར་བསྒོམས་ནས། སྔར་བཤད་པའི་ཁྱད་པར་གྱི་རིགས་དང་རྗེས་སུ་མཐུན་པའི་ལྷའི་རྣལ་འབྱོར་བ་ཅིག་གིས་འཁོར་ལོའི་དངོས་གྲུབ་དེ་ལག་ཏུ་རྣམ་པར་བསྒོམས་ན་ཇི་སྐད་དུ་བཤད་པའི་ཕན་ཡོན་འཐོབ་པར་འགྱུར་རོ། །འདིར་ཡང་གོང་མ་དང་འོག་མའི་ཁ་བསྐང་པ་ལྟོས་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་དང་པདྨ་དང་རང་གྲི་ལ་ཡང་བསྐྱེད་པ་ལ་སོགས་པ་ཅི་རིགས་པར་སྦྱར་བར་བྱའོ། །རིན་པོ་ཆེ་ལ་སོགས་པ་ཡང་རང་རང་གི་སྔགས་ལས་གྲུབ་པ་ཡིན་ནོ། །སྦྱོར་བའི་དེའི་རྗེས་སུ་འབྲངས་ནས་སྔར་བཤད་པའི་རིལ་བུ་རྣམས་ཀྱི་རང་གི་ས་བོན་གྱིས་བསྐྱེད་པའི་ཚད་ཀྱི་ལྷའི་རྣལ་འབྱོར་ལ་སོགས་པ་འདྲ་བར་སྔར་མ་བཤད་པ་གསུངས་པ་ནི་ཨོཾ་ནི་རིལ་བུ་ཞེས་བྱ་བ་ལ་སོགས་པའོ། །ད་ནི་སྔར་བཤད་པའི་ལྷའི་རྣལ་འབྱོར་པ་སྔར་བཤད་པའི་རིམ་པས་བསྐྱེད་པའི་འཁོར་ལོ་གྲུབ་པ་རང་གི་ལག་


DTG038_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྔར་མ་གསུངས་པ་དེ་ཁ་བསྐང་པར་བྱ་བའི་ཕྱིར། མཁའ་དབྱིངས་གསལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འབྱུང་བའི་ཟླ་བའི་གདན་ལ་བཞུགས་པའི་སྔར་བཤད་པའི་རྣམ་པར་སྣང་མཛད་བསྒོམས་ལ་སྔར་བཤད་པའི་འཁོར་ལོ་ལག་པས་འཛིན་པར་རབ་ཏུ་བསྒོམས་ན་ཇི་སྐད་དུ་བཤད་པའི་ཕན་ཡོན་འཐོབ་པར་འགྱུར་རོ། །འཁོར་ལོ་ཆེན་པོའི་རིགས་ཞེས་བྱ་བ་ནི་འཁོར་ལོའི་རིགས་ཀྱི་རྒྱུད་དང་ལྡན་པའི་ལྷ་རྣམས་ཀྱང་འདི་བཞིན་དུ་བསྒོམས་ལ་མཚན་མ་འདི་བསྐྱེད་ཅིང་དེ་འཛིན་པ་ལ་སོགས་པས་ཡེ་ཤེས་མཆོག་སྟེ་མཆོག་གི་ཡེ་ཤེས་ཀྱི་སྒྲུབ་པ་ཡིན་ནོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །དེ་བཞིན་དུ་རྡོ་རྗེ་ལ་སོགས་པ་ལ་ཡང་གཟུང་བར་བྱ་བར་གསུངས་པ་ནི་མཁའ་དབྱིངས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ་ཐམས་ཅད་ནི་སྔ་མ་དང་འདྲའོ། །རྩེ་གསུམ་ལ་སོགས་པ་ལ་ཡང་སྐྱེས་པ་ལ་སོགས་པ་གསུངས་པ་ནི་ཏྲི་ཤཱུ་ལ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ཁྱད་པར་གྱིས་ཞེས་བྱ་བ་ནི་བདག་པོའི་རྗེས་སུ་མཐུན་པའི་ཚུལ་དུའོ། །ད་ནི་དགུག་པའི་སྦྱོར་བ་གསུངས་པ་ནི་ལམ་གྱི་ཞེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་དགུག་པ་ཞེས་བྱ་བ་ནི་རྡོ་རྗེ་དགུག་པའོ། །སྦྱོར་གསུམ་སྔགས་ཀྱི་སྐྱེས་བུར་བསམ། །ཞེས་བྱ་བ་ནི་སྐུ་དད་གསུང་དང་ཐུགས་བྱིན་གྱིས་བརླབས་པ་དང་ལྡན་པའོ། །དེ་ནི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་ཡང་དག་པར་རྫོགས་པའི་ལྷའི་སྐྱེས་བུར་བདག་ཉིད་བསམས་ལ་སྦྱོར་བ་གསུམ་དང་ལྡན་པའི་ལྕགས་ཀྱུ་བསྒོམས་ཏེ། སྐུ་ལ་སོགས་པའི་ངོ་བོ་དགུག་པའི་ཕྱིར་གཏང་བར་བྱའོ། །དགུག་པར་བྱ་བ་ཡང་རླུང་གི་དཀྱིལ་འཁོར་ལ་གནས་པར་བྱས་པ་འདི་ནི་སངས་རྒྱས་ཀྱིས་དགུག་པའི་སྦྱོར་བ་གང་འདོད་པ་དེ་ཉིད་ཀྱིས་དགུག་པ་ལ་འགལ་བ་མེད་དོ། །དེ་ལྟ་མོད་ཀྱི་རྣམ་པར་སྣང་མཛད་ནི་ཉེ་བར་མཚོན་པའི་དོན་ཙམ་དུ་གསུངས་པ་ཡིན་ཏེ་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་འཁོར་ལོ་ཆེན་པོ་བསམས་ལ། དགུག་པའི་ལྕགས་ཀྱུ་དང་ལྡན་པའི་རྒྱལ་བ་དེ་དག་གིས་གནས་བསམས་ནས་དགུག་པར་བྱའོ་ཞེས་བྱ་བའི་དོན་སྟོན་ཏོ། །ལྕགས་ཀྱུས་དགུག་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་དག་གིས་ཀྱང་འགྱུར་རོ་ཞེས་བསྟན་པར་བྱ་


DTG038_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རྡོ་རྗེ་པདྨོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ལྕགས་ཀྱུ་ལ་སོགས་པ་རླུང་གི་དཀྱིལ་འཁོར་ལ་གནས་པའི་བསྒྲུབ་པར་བྱ་བ་དགུག་པ་ལ་བརྩོན་པ་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །མཐུ་ཆེན་པོ་དང་ལྡན་པའི་བཟའ་བའི་ཁྱད་པར་རྣམ་པར་སྦྱང་བར་བྱ་བའི་ཕྱིར། རྣམ་པ་མཆོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དཀྱིལ་འཁོར་གྱི་རྡོ་རྗེ་ཅན་གྱི་སྐུའི་རྡོ་རྗེར་ལྷག་པར་མོས་པའི་དབང་གིས་བདག་ཉིད་བསམས་ལ། ལྕེ་ཉིད་ལ་འོག་ནས་བཤད་པའི་རིམ་གྱིས་རྡོ་རྗེ་དེའི་སྦྱོར་བས་དེ་ཉིད་དུ་བསྒོམས་ན་གསུང་གི་རྡོ་རྗེ་དང་འདྲ་བར་འགྱུར་རོ། །འདི་དག་ཀྱང་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་གྱི་མཆོད་པ་དང་བསྟོད་པའི་རྗེས་ཐོགས་ལ་བྱའོ་ཞེས་གསུངས་པ་ནི་གསང་བ་གསུམ་ཞེས་བྱ་བ་ལ་སོགས་པའོ། །སྐུ་ལ་སོགས་པའི་རྡོ་རྗེ་ཅན་ནི་ཕྱག་རྒྱ་བཞི་ལ་སོགས་པ་དང་ལྡན་པར་བསྟན་པའི་ཕྱིར་རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་ཐམས་ཅད་དང་ལྡན་པའི་སྐུའི་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབས་པ་སྙིང་གར་ཡེ་ཤེས་སེམས་དཔའ་དང་ལྡན་པ། དབུ་རྒྱན་ལ་རང་གི་རིགས་ཀྱི་བདག་པོ་འཆང་བའི་སྐུ་རྡོ་རྗེར་བདག་ཉིད་རྣམ་པར་བསྒོམས་ལ་ཚིམ་པར་བྱའོ་ཞེས་པའི་དོན་ཏོ། །ལྕེ་རྣམ་པར་དག་པ་གསུངས་པ་ནི་རྡོ་རྗེའི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་སྟེ་ལྕེའི་གནས་སུ་ཟླ་བ་ལ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པས་ཧཱུཾ་གིས་བྱིན་གྱིས་བརླབས་པའི་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། བདུད་རྩི་ལྔའི་སྦྱོར་བས་སྦྱང་བ་ལ་སོགས་པའི་ཆོ་གས་བཟའ་བར་བྱའོ། །དེས་ནི་རྡོ་རྗེ་གསུམ་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྤྱང་བའི་ཆོ་ག་བསྟན་པ་ནི་ཡི་གེ་ཨ་ལས་བྱུང་བའི་ཐོད་པ་བསམས་ལ་ཡི་གེ་ཨོཾ་སྟེང་དུ་བསྒོམས་ཏེ། དེའི་ནང་དུ་དམ་ཚིག་གི་བཟའ་པར་བྱ་བའི་རྫས་གཞག་པར་བྱའོ་ཞེས་ཤེས་པར་བྱའོ། །ཡི་གེ་ཧཱུཾ་ཡང་འདིར་བར་སྣང་ལ་རྡོ་རྗེའི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པ་རྣམས་དང་ལྡན་པ་ཐོད་པར་གནས་པར་བྱའོ། །དེ་ནི་འབར་བའི་ཨོཾ་གྱིས་བྱིན་བརླབས་རླུང་དང་མེའི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང་སྦྱར་བས་ཤེས་པར་བྱའོ།།


DTG038_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དམ་ཚིག་གསུམ་ནི་བཤད་མ་ཐག་པ་སྟེ་སྒྲུབ་པ་ཉིད་མཆོག་ཡིན་ནོ། །དེས་ན། སྐུ་གསུམ་རྡོ་རྗེ་ཅན་དུ་འགྱུར། །ཞེས་བྱ་བ་སྟེ་འདི་ནི་འདིའི་ཕན་ཡོན་གསུངས་པའོ། །ད་ནི་སྔར་བཤད་པའི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཀྱི་ཕན་ཡོན་གསུངས་པ་ནི་འཁོར་ལོའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། གྲུབ་པ་ནི་མུ་སྟེགས་པའི་རྒྱུད་གཞན་དག་གི་མན་ངག་གིས་གྲུབ་པ་ལས་གཙོ་བོར་གྱུར་པའོ། །སྔར་བཤད་པའི་མངོན་པར་ཤེས་པ་ལྔ་གྲུབ་པའི་ཕན་ཡོན་གསུངས་པ་ན་གངྒའི་བྱེ་སྙེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ད་ནི་ཡན་ལག་བཞི་པོའི་འབྲས་བུ་དང་བཅས་པ་བསྟན་པའི་ཕྱིར་བསྙེན་པའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྡོ་རྗེའི་བྱེ་བྲག་ཅེས་བྱ་བ་ནི་ཆུང་དུ་དང་པར་མ་དང་ཆེན་པོའི་དབྱེ་བས་སོ། །སྡུད་པར་བྱེད་པའི་ཚིག་འདི་ཉིད་ཆུང་དུ་དང་ཆེན་པོ་ལ་སོགས་པའི་དབྱེ་བས་རྣམ་པར་དབྱེ་བ་ནི་བསྙེན་པ་ཞེས་བྱ་བ་ལ་སོགས་པ་སྟེ་ཏིང་ངེ་འཛིན་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་བདག་པོ་སྟེ། དེའི་སྦྱོར་བས་བྱང་ཆུབ་ཀྱི་མཆོག་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བསྙེན་པའི་ཡན་ལག་བསྐུལ་བའི་གླུའི་རྗེས་ཐོགས་ལ་སྔ་མ་དང་འདྲ་བའི་ལྷ་བསྐྱེད་པའི་མཚན་ཉིད་རྒྱུ་མཐུན་པའི་འབྲས་བུ་ཆུང་དུ་བཤད་པ་ཡིན་ཏེ། འདི་སྐད་དུ་ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བའི་སེམས་ཉིད་ནི་ཞེས་བྱ་བ་ནས་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་བར་ཇི་སྐད་བཤད་པ་དང༌། དེ་བཞིན་དུ་གཞན་དག་ལས་སེམས་ཏེ་ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བ་ནས་བརྩམས་ཏེ། བཤེས་གཉེན་དམ་པས་རྒྱུ་མཐུན་བྱས། །ཞེས་བྱ་བའི་བར་དུ་བཤད་པའོ། །ཉེ་བར་སྒྲུབ་པའི་ཡན་ལག་དང་རྣམ་པར་སྨིན་པའི་འབྲས་བུ་ཆུང་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་དུ་གསུངས་པ་ནི་ཉེ་བར་སྒྲུབ་པ་ལ་སོགས་པ་སྟེ་ཉེ་བར་སྒྲུབ་པའི་དངོས་གྲུབ་ཀྱི་མཆོག་ནི་གང་རྡོ་རྗེའི་བདག་ཉིད་ཅན་དུ་མིག་ལ་སོགས་པའི་སྐྱེ་མཆེད་རྣམ་པར་དཔྱད་པའོ། །དེ་ཡང་ཇི་སྐད་དུ། དེ་འོག་རང་སྙིང་ས་བོན་འོད་རྣམས་ཀྱིས། །རང་གི་མིག་སོགས་ས་སྙིང་ལ་སོགས་པས། །ཇི་བཞིན་བཀང་ནས་ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ། སྨིན་ལས་ཐམས་ཅད་མཁྱེན་ཉིད་


DTG038_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་བྱ་བ་ནས་བརྩམས་ཏེ། དེ་ཡི་ས་བོན་རྣམས་ཀྱིས་ནི། །ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །བསྙེན་པའི་ཡན་ལག་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ་སྐུ་གསུམ་རྣམ་པར་དག་པའི་ངོ་བོ་སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་ངུ་གསུངས་པ་ནི་སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། འོད་ཟེར་དང་ཚིགས་སུ་བཅད་པ་རྣམས་ཀྱིས་གང་དེ་བཞིན་གཤེགས་པ་རྣམས་དང་སྔགས་ཀྱི་བདག་པོ་རྣམས་ལ་བསྐུལ་ཞིང༌། ཐུགས་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབ་པའི་སྔགས་ཀྱིས་བསྒོམ་པ་གང་ཡིན་པ་དེ་ནི་བསྙེན་པ་ཞེས་བཤད་དོ། །དེ་ཡང་ཇི་སྐད་དུ་རང་སྙིང་དྲི་མེད་ཟླ་བའི་ཞེས་བྱ་བ་ནས། མཚན་ཉིད་དག་དང་བྲལ་བར་དམིགས་པར་བྱ། །ཞེས་བྱ་བའི་བར་དང༌། དེ་བཞིན་དུ་སྐྱེས་བུ་བསྐྱེད་པ་ཞེས་བྱ་བ་ནས་བརྩམས་ཏེ། སྒྱུ་མའི་ཤེས་རབ་ཡན་ལག་འདུ་ཤེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །སྒྲུབ་པ་ཆེན་པོའི་ཡན་ལག་དབང་བསྐུར་བའི་ཚུལ་དབང་གི་འབྲས་བུ་ཆུང་ངུ་གསུངས་པ་ནི་སྒྲུབ་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། རང་སྔགས་ཀྱི་རྡོ་རྗེ་ཅན་གྱི་བདག་པོའི་གཟུགས་ཕྱག་རྒྱ་ཆེན་པོ་རང་གི་དབུ་རྒྱན་ལ་བསམས་ན་ཡེ་ཤེས་རྡོ་རྗེ་སྟེ་རྣལ་འབྱོར་པས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་ཇི་སྐད་དུ། ཕྱོགས་ཚོགས་ཀུན་ན་བཞུགས་པ་ཡི། །ཐུབ་པའི་ཚོགས་ཞེས་བྱ་བ་ནས། །རང་གི་རིགས་ཀྱི་གཙོས་བརྒྱན་ཅོད་པན་གྱུར། །ཞེས་བྱ་བའི་བར་དང༌། དེ་བཞིན་དུ། དབང་འབྲས་ཆུང་ངུ་གྲུབ་པ་ལ། །ཞེས་བྱ་བ་ནས། རིགས་ཀྱི་གཙོ་བོས་དབུ་རྒྱན་མཆོག །ཅེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །བསྙེན་པ་ཉིད་ཁྱད་པར་དུ་དབྱེ་བ་གསུངས་པ་ནི་བསྙེན་པའི་ཞེས་བྱ་བ་ལ་སོགས་པ་ཡིན་ལ། ཡེ་ཤེས་བདུད་རྩི་ནི་སྲིད་པ་བར་མ་དོའི་སེམས་རྗེས་སུ་ཞུགས་པ་སྔོན་དུ་འགྲོ་བའི་ཟླ་བཞུ་བ་སྟེ་དེ་ཉིད་ཀྱིས་བསྙེན་པ་བྱའོ། །དེ་ཡང་ཇི་སྐད་དུ་ཨོཾ་ཨཱ། ཧཱུཾ་ཞེས་བྱ་བའི་སེམས་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བསྙེན་པ་ལ་སོགས་པ་བཞི་པོ་འདི་དག་དང་རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་རྣམས་ནི་དཀྱིལ་འཁོར་གྱི་བདག་པོའི་ལྷར་གཏོགས་པ་ཡིན་པས་ན་མཆོག་གི་སྒྲས་ཁྱད་པར་དུ་བྱས་པ་ཡིན་ནོ། །དེ་ལྟར་གཡེང་བ་མ་ལུས་པ་བསལ་


DTG038_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་ནུས་ཤིང་ཡེ་ཤེས་ཤིན་ཏུ་བྱང་བའི་རང་བཞིན་མ་ཡིན་པས་ན་ཆུང་ངུའི་སྒྲས་ཁྱད་པར་དུ་ཕྱེ་བ་ཡིན་པས་ཤེས་པར་བྱའོ། །དེ་ལྟར་བདག་པོའི་ལྷར་གཏོགས་པའི་ཡན་ལག་བཞི་པོ་འབྲས་བུ་དང་བཅས་པས་གཅིག་བཤད་པ་ཡིན་ནོ། །ད་ནི་དཀྱིལ་འཁོར་གྱི་ལྷ་མ་ལུས་པར་གཏོགས་པས་སྤྱིའི་བསྙེན་པ་དང༌། རྒྱུ་མཐུན་པའི་འབྲས་བུ་ཆེན་པོ་ནི་ཡེ་ཤེས་ཀྱི་ཁྱད་པར་གྱི་དབང་གིས་ཆེན་པོའི་སྒྲས་ཁྱད་པར་དུ་ཕྱེ་སྟེ་གསུངས་པ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པ་སྔོན་དུ་འགྲོ་བའི་པདྨའི་ནང་དུ་ཟླ་བ་ཞུ་བ་གཅིག་པུ་དེར་འདི་དག་ཡོངས་སུ་གྱུར་པ་ལས་བདག་པོའི་ས་བོན་ནོ། །དེ་ལས་ཀྱང་དེ་ཉིད་དུ་དཀྱིལ་འཁོར་པའི་ལྷ་ཐམས་ཅད་བསྐྱེད་པའོ། །དེ་ལས་ནི་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་གདོན་པ་སྟེ་འདི་ནི་རྡོ་རྗེ་བཞི་སྟེ། དེ་ཡང་དང་པོ་སྟོང་ཉིད་བྱང་ཆུབ་སྟེ། གཉིས་པ་ས་བོན་བསྡུས་པ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། བཞི་པ་ཡི་གེ་དགོད་པའོ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ལྟར་ན་རྡོ་རྗེ་བཞི་པོས་བསྙེན་པ་ཆེན་པོ་བྱའོ། །འདི་ཉིད་ནི་སྤྱིའི་བསྙེན་པ་སྟེ་རྒྱུ་མཐུན་པའི་འབྲས་བུ་ཆེན་པོའོ། །དེ་ཡང༌། ཐུགས་ཀའི་ཟླ་བའི་སྔགས་ཀྱི་འོད་རྣམས་ཀྱིས། །ཞེས་བྱ་བ་ནས་བརྩམས་ཏེ་ལྷ་ཐམས་ཅད་ཀྱི་གདོན་པ་བཤད་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལས་ཀྱང་ཐུགས་ཟླ་བའི་རལ་གྲིའི་སྙིང་པོའི་འོད་ཟེར་གྱིས་ཞེས་བྱ་བ་ལ་སོགས་པས་དེ་ཉིད་བཤད་པ་ཡིན་ནོ། །དེ་བཞིན་དུ་ཉེ་བར་སྒྲུབ་པ་ཆེན་པོ་ལ་སོགས་པ་ལ་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོ་ནི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་སྤྱིའི་ཡིན་པར་ཤེས་པར་བྱའོ། །དེ་ཡང་ཇི་སྐད་དུ། རང་ལ་བཤད་པ་ལྟ་བུར་དབང་བསྐུར་ཞིང༌། །ཆོག་ཡིས་ནི་མངོན་པར་མཆོད་པར་བྱ། །ཞེས་བཤད་པ་དང༌། དེ་བཞིན་དུ་འཁོར་ལོ་ནི། མིག་དང་སྐུ་སོགས་བྱིན་བརླབ་ཅིང༌། །རྒྱུ་མཐུན་པ་ནི་ཆེན་པོ་ལས། །སྔོན་བཞིན་དབང་བསྐུར་དེ་བསམ་བྱ། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་ཡན་ལག་བཞི་པ་འབྲས་བུ་དང་བཅས་པ་གཞན་དག་ཀྱང་རྗེས་སུ་མཐུན་པར་བཤད་པར་བྱའོ། །ཡན་ལག་བཞི་པོ་ཆུང་ངུ་དང་ཆེན་པོ་འདི་གཉིས་ཀྱི་བར་ན་གནས་པས་ན་བར་མའི་སྒྲས་ཁྱད་པར་


DTG038_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱེ་བ་ཡིན་ཏེ། ཤེས་རབ་མངོན་པར་འདུས་བྱས་པ་ལ་ཡང་བསྙེན་པ་དང༌། རྒྱུ་མཐུན་པ་ལ་སོགས་པ་རང་ཉིད་ཀྱིས་སྦྱར་བར་བྱའོ། །དེ་ཉིད་ཀྱིས་ན། དེ་བཞིན་རང་གི་ལྷ་འདྲ་རང་སྙིང་པོས། །བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །དེ་བཞིན་དུ། དེ་བཞིན་རྒྱུ་མཐུན་སོགས་བར་མ། །རང་སྣང་ཤེས་རབ་རྣམ་པར་སྦྱང༌། །ཞེས་བཤད་པ་ཡིན་ནོ། །གནས་ལྔར་ཞེས་བྱ་བས་ནི་རིགས་ལྔའི་ཚོགས་དགོད་པ་སྟེ། ཤེས་རབ་ཉིད་བསྟན་པ་ཡིན་ནོ། །ཡེ་ཤེས་རྡོ་རྗེ་ཡི་གེ་ཨོཾ། །ཞེས་བྱ་བ་ནི་རྡོ་རྗེའི་ནོར་བུའི་ཆར་ཡི་གེ་ཨོཾ་ལས་བྱུང་བར་ཤེས་རབ་ཀྱི་གནས་སྐབས་སུ་བསྒོམ་པར་བྱ་བའི་ཕྱིར་དྲན་པར་བྱའོ། །སྡོམ་པ་ཞེས་བྱ་བ་ནི་ཇི་སྐད་དུ་ཤེས་པའི་ངེས་པའོ། །ད་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཚིགས་སུ་བཅད་པ་བསྟན་པའི་ཕྱིར། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་སྐུ་གྲུབ་པར་བྱེད་པའི་དུས་གསུམ་གྱི་སངས་རྒྱས་དེ་ནི་སྒྲུབ་པ་སྟེ། དེའི་འབྲས་བུ་ཉིད་ཀྱིས་ཉེ་བ་ཡིན་པའི་ཕྱིར་ཉེ་བར་སྒྲུབ་པའི་སྐུ་བྱིན་གྱིས་བརླབ་པའོ། །དེ་ཉིད་ཀྱིས་ངན་འགྲོ་རྣམས་ལས་སྒྲིབ་གཡོགས་བྱེད་པས་ན་སྔོམ་པའོ། །དེ་ཉིད་ནི་ཚིགས་སུ་བཅད་པ་གསུམ་པོ་གང་ཡིན་པའི་ཡུལ་ཡིན་པས་དེ་ནི་ཉེ་བར་སྒྲུབ་པའི་ཡུལ་ལོ། །དེ་ཉིད་གསུངས་པ་ནི་སངས་རྒྱས་སྐུ་འཛིན་ཞེས་བྱ་བ་ལ་སོགས་པའོ། །སྒྲུབ་པའི་སྡོམ་པའི་ཡུལ་ཞེས་བྱ་བ་ནི་སྔ་མ་དང་འདྲ་སྟེ་སྒྲུབ་པ་ནི་སངས་རྒྱས་རྣམས་སོ། །དེའི་སྡོམ་པ་ནི་གསུང་བྱིན་གྱིས་བརླབ་པའོ། །དེ་ཉིད་གང་གི་ཡུལ་ཡིན་པ་དེ་ལ་ནི་འདི་སྐད་ཅེས་བྱའོ། །དེ་ཉིད་ནི་ཆོས་ཉིད་ཀྱི་གསུང་ལམ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གསུངས་པ་ཡིན་ནོ། །སྒྲུབ་པ་ཆེན་པོའི་སྔོམ་པའི་ཡུལ་ལོ་ཞེས་བྱ་བ་ནི་སྒྲུབ་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པ་སྟེ་སངས་རྒྱས་རྣམས་སོ། །དེའི་སྡོམ་པ་ནི་ཐུགས་བྱིན་གྱིས་བརླབ་པ་ལ་སོགས་པ་སྟེ་སྔ་མ་བཞིན་ནོ། །དེ་ཉིད་ནི་ཚིགས་སུ་བཅད་པ་གསུམ་པའི་གསུམ་ཡིན་པ་ལས་ཚིགས་སུ་བཅད་པ་གཉིས་པ་གསུམ་དུ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས་དོན་ཙམ་བླངས་ནས་སྦྱར་བ་ཡིན་ནོ། །ད་ལྟར་སངས་རྒྱས་རྣམས་ལ་བསྐུལ་བས་ཉིད་ཀྱི་ཐུགས་དམ་བཅས་པ་ལས་ཉམས་པའི་བསྙེངས་པས་སྒྲུབ་པ་པོ་ལ་བྱིན་


DTG038_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབ་པ་ཉིད་དུ་མཛད་དོ་ཞེས་བསྟན་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དྲག་ཤུལ་གྱིས་སྒྲུབ་པ་ཡང་ལེའུ་བཅུ་པར་གསུངས་པའི་བསྐུལ་བའི་ཚིགས་སུ་བཅད་པ་འདི་སྦྱར་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ལེའུ་བཅུ་གཉིས་པའི་འགྲེལ་པའོ།། །།

ལེའུ་བཅུ་གསུམ་པ། རྡོ་རྗེའི་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་འགྲེལ་པ།


DTG038_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བཅུ་གསུམ་པར་སྔགས་ཀྱི་བཟླས་པའི་མཚན་ཉིད་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་དང་སྔགས་རྣམས་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་ཚུལ་གྱི་མཚན་ཉིད་ནི་རྡོ་རྗེ་བཟླས་པའོ་ཞེས་བྱ་བར་སྦྱར་རོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན།། ཞེས་བྱ་བ་ལ་སོགས་པས་ནི་སྤྱིའི་བཟླས་པ་གསུངས་པ་ཡིན་ཏེ། སྔགས་ཀུན་ཉིད་ནི་དོན་ཡིན་ཏེ་དེ་རྣམས་ཀྱི་བཟླས་པ་ལ་རྡོ་རྗེ་གསུམ་གྱི་མི་ཕྱེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་འདི་ལྟར་རྡོ་རྗེ་དབྱེ་བ་གསུམ་སྟེ་དེའི་མཐར་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེའི་བཀོད་པ་ཡང་ཡིན་ཞིང་རྡོ་རྗེ་གསུམ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །སྐུ་གསུང་ཞེས་བྱ་བ་ལ་སོགས་པས་ནི་སྔགས་བཟླས་པའི་རིམ་གྱིས་སྤྲོས་པ་གསུངས་པ་ཡིན་ཏེ། སྐུ་རྡོ་རྗེའི་ས་བོན་ལས་ནི་སྐུ་རྡོ་རྗེ་ཉིད་སྤྲོའོ། །གསུང་དང་ཐུགས་ཀྱི་ས་བོན་དག་ལས་ནི་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་ཉིད་སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ནི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་སུ་བསྒོམས་ནས། དེ་རྣམས་ལ་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པའི་མཆོག་བརྟག་ཅིང་སྤྲོ་བ་ལ་སོགས་པ་བྱའོ། །ཡེ་ཤེས་རྡོ་རྗེས་ཞེས་བྱ་བ་ནི་དམིགས་སུ་མེད་པའི་ཡེ་ཤེས་ཀྱིས་གཉིས་སུ་མེད་པའི་བཟླས་པ་དང་སྤྲོ་བ་ལ་སོགས་པས་ནམ་མཁའ་ལུས་ཁྱབ་ཅིང་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་དུ་བྱའོ་ཞེས་བྱ་བའི་པར་དུའོ། །ཡང་རྣམ་པ་གཞན་དུ་ན་ཅིག་ཅར་སྤྲོ་བ་གསུངས་པ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སོ་སོ་ལས་ཅིག་ཅར་ཉིད་དུ་སྐུ་ལ་སོགས་པའི་རྡོ་རྗེ་སྤྲོ་བར་བྱའོ། །དེ་རྣམས་ལས་ཀྱང་གཞན་དག་དང་དེ་བཞིན་དུ་གཟུགས་ལ་སོགས་པ་རྣམས་སམ། །དེའི་དཀྱིལ་འཁོར་རྣམས་ཀྱིས་ཐམས་ཅད་དུ་ཁྱབ་པར་སྤྲོ་བ་ནི་བསྒོམ་པར་བྱའོ། །ཡེ་ཤེས་སེམས་དཔའ་སྤྲོ་བ་གསུངས་པ་ནི་ལུས་དང་ངག་སེམས་ཞེས་བྱ་


DTG038_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པ་སྟེ། སྐུ་དང་གསུང་དང་ཐུགས་བདག་མེད་ཚུལ་ཅན་དེ་བཞིན་གཤེགས་པ་ལྔ་པོ་ནི་ཕྱོགས་གཉིས་ལའང་ཡེ་ཤེས་ཀྱི་སེམས་ཀྱིས་ཞེས་བྱ་བ་ཡེ་ཤེས་སེམས་དཔའི་ས་བོན་གྱིས་ཅིག་ཅར་ཉིད་དུ་རབ་ཏུ་སྤྲོ་བར་བྱའོ། །དུས་གང་གི་ཚེ་སྤྲོ་བར་བྱ་བ་དེ་གསུངས་པ་ནི་བརྗོད་ནས་ཞེས་བྱ་བ་ལ་སོགས་པ་སྟེ་སྔགས་བརྗོད་པའི་དུས་སུ་བཤད་མ་ཐག་པའི་ཚུལ་གྱི་རྡོ་རྗེ་སྟེ་དེ་བཞིན་གཤེགས་པ་རྣམས་སྤྲོ་བར་བྱའོ། །དེ་བས་ན་ཡང༌། བཟླས་ལ་འབད་པའི་སེམས་ཉིད་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་སྨོས་པ་ཡིན་ནོ། །རྫོགས་ནས་ཞེས་བྱ་བ་ནི་སྔགས་བརྗོད་པའི་མཐར་སྐུ་ལ་སོགས་པ་དེ་རྣམས་རང་རང་གི་གནས་རྣམས་སུ་བསྡུ་བར་བསམ་པར་བྱའོ། །དེ་ཉིད་ཀྱིས་ན། ཡོངས་སུ་སྦས་པའི་རིག་མའི་མཆོག་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ལྟར་སྔགས་སོ་སོར་བརྗོད་པ་འདི་ལྟ་བུར་བྱའོ་ཞེས་སྤྱིར་བཤད་ནས། སྐུ་ལ་སོགས་པའི་བཟླས་པའི་མཚན་ཉིད་སོ་སོར་བསྟན་པ་གསུངས་པ་ནི། སྐུ་ཡི་རྡོ་རྗེ་རྫོགས་བྱང་ཆུབ། །ཅེས་བྱ་བ་ལ་སོགས་པ་སྟེ་དངོས་པོ་རྣམས་བེམས་པོའི་དངོས་པོའི་ངོ་བོ་ཉིད་དུ་ཡང་དག་པར་རིག་པའི་ཚུལ་གྱིས་རྣམ་པར་དཔྱད་ཅིང་རྣམ་པར་འཇུག་པ་ནི་སྐུ་རྡོ་རྗེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ་དེ་ཉིད་ནི་སངས་རྒྱས་ཀྱི་སྐུ་ཞེས་བྱ་བར་བཤད་དེ། འདི་ནི་སྐུའི་བཟླས་པ་ཡིན་པར་བཤད་དོ། །གསུང་གི་བཟླས་པ་གསུངས་པ་ནི། །གསུང་གི་དམ་ཚིག་རྫོགས་བྱང་ཆུབ། །ཅེས་བྱ་བ་ལ་སོགས་པ་སྟེ། སྒྲའི་ཡེ་ཤེས་ནི་སོ་སོར་སྣང་བའི་བདག་ཉིད་ཅན་ཏེ་དེ་སྒྲ་མ་ཡིན་ཞིང་ཚིག་མ་ཡིན་པ་ཉིད་དུ་རྣམ་པར་དཔྱད་པའོ། །སེམས་གནས་པ་རྡོ་རྗེ་ཉིད་དེ་གནས་པ་མེད་པ་ཉིད་དུ་རྣམ་པར་དཔྱད་པ་འདི་ནི་སེམས་རྣམ་པར་ངག་པའི་བཟླས་པ་ཡིན་ནོ། །དོན་མཉམ་པ་ཉིད་ཀྱི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྗེས་སུ་རྟོགས་པའི་བཟླས་པས་རྟོག་པའི་ངོ་བོ་ཉིད་དང་བྲལ་བ་དང་རྣམ་པ་ཐམས་ཅད་དང་ལྡན་པའི་མཛེས་པ་དུས་གསུམ་གྱི་སངས་རྒྱས་རྣམ་པར་དཔྱད་པ་ནི་རིན་ཆེན་བཟླས་པ་སྟེ་རིན་ཆེན་འབྱུང་ལྡན་གྱིའོ། །གདོན་མི་ཟ་བའི་བཟླས་པ་གསུངས་པ་ནི་སངས་རྒྱས་ཞིང་ནི་ཞེས་བྱ་བ་ལ་སོགས་


DTG038_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་བཞུད་ཅིང་བྱོན་པ་ཞེས་བྱ་བ་ནི་སྤྲོ་བ་དང་བསྡུ་བའོ། །དེ་ཉིད་རྡོ་རྗེ་མཆོག་སྟེ་དམིགས་སུ་མེད་པའི་ངོ་བོ་ཉིད་དོ། །ཁྲོ་བོ་ལ་སོགས་པའི་བཟླས་པ་གསུངས་པ་ནི་ཁྲོ་བོའི་ཞེས་བྱ་བ་ལ་སོགས་པ་སྟ། ཁྲོ་བོའི་དམ་ཚིག་རྡོ་རྗེ་ཡིས། །ཞས་བྱ་བ་ནི་མངོན་སྤྱོད་ལ་སོགས་པའི་ལས་རྣམས་ཁྲོ་བོའི་སྒོམ་པ་ལ་བྱུང་བ་ལ་ནི་རྣབ་གཅིག་ནས་གཅིག་ཏུ་ཐོས་པར་ཁྲོ་བོའི་སྔགས་ཀྱི་ཡི་གེའི་ཚིག་ཐོས་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རང་གི་རྡོ་རྗེའི་དཀྱིལ་འཁོར་གྲགས། །ཞེས་བྱ་བ་ནི་ཁྲོ་བོའི་དཀྱིལ་འཁོར་གྱིས་སྒྲ་སྒྲོགས་པ་ཞེས་བྱ་བའི་དོན་ཏོ། །འདོད་པའི་དོན་གྱིས་མྱོས་གྱུར་པ། །ཞེས་བྱ་བ་ནི་འདོད་པའི་དོན་གྱིས་ཉོན་མོངས་པར་གྱུར་ཅིང་མྱོས་པར་གྱུར་པའོ། །ཀུན་དུ་སྐྱོབ་ཅིང་ཕན་པར་དགའ། །ཞེས་བྱ་བ་ནི་ཐམས་ཅད་ལ་སྐྱོབ་པའི་དོན་དུ་ཕན་ཚོལ་བར་བྱེད་པའོ། །སེམས་ཅན་གཏི་མུག་གནས་ནི་གཏི་མུག་རྣམ་པར་དག་པ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཀྱིས་སྤྲོ་ཞིང་རྣམ་པར་འཇོག་ལ་སྡུད་པ་འདི་ནི་གཏི་མུག་རྣམ་པར་དག་པའི་ཚུལ་གྱིས་བཟླས་པའོ། །འདོད་ཆགས་ཉིད་ནི་རྣམ་པར་དག་པ་ཡིན་པས་ན་རྡོ་རྗེའོ། །དེ་ལས་བྱུང་བས་ན་སྔགས་ཀྱི་བདག་ཉིད་ཅན་གྱི་ཚིག་སྟེ་ལུས་ལ་སོགས་པ་ལྷའི་ཚུལ་གྱིས་ཡང་དག་པར་གནས་ནས་སྤྲོས་པར་བྱའོ་ཞེས་ཤེས་པར་བྱའོ། །ཞེ་སྡང་རྣམ་པར་དག་པ་ཉིད་ནི་རྡོ་རྗེ་སྟེ། དེ་ལས་བྱུང་བའི་སེམས་སྐུ་ལ་སོགས་པའི་ཚུལ་གྱིས་ཡང་དག་པར་གནས་པར་སྤྲོ་བའི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ། །ཞེ་སྡང་གནས་ཞེས་བྱ་བ་ལ་ཞེ་སྡང་རྣམ་པར་དག་པ་ནི་མི་བསྐྱོད་པ་སྟེ། དེ་ལ་རྣམ་པར་གཞག་ཅིང་བསྡུའོ་ཞེས་བྱ་བར་སྦྱར་རོ། །དམ་ཚིག་དེ་ཉིད་རྡོ་རྗེ་གསུམ། །ཞེས་བྱ་བ་ལ་སོགས་པ་ནི་མ་བཤད་དོ། །རྡོ་རྗེ་བདག་པོ་ནི་གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མོ་དྲུག་སྟེ་བཟླས་པ་ལ་སོགས་པས་འདོད་ཆགས་ལས་བྱུང་བའི་བྱང་ཆུབ་མཛད་དོ་ཞེས་བྱ་བར་སྦྱར་རོ། །འདོད་པའི་ལོངས་སྤྱོད་ཅེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམ་པར་དག་པ་དང་ལྡན་པའི་སེམས་ཀྱིས་ལོངས་སྤྱོད་ཀྱིས་སོ། །རིག་པའི་རྒྱལ་པོ་རྡོ་རྗེ་ཅན། །ཞེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པའོ། །མ་ནིང་དག་གི་གནས་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དག་གི་


DTG038_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་དང་བྲལ་བའི་ཡེ་ཤེས་ཀྱི་གནས་སོ། །ཞེ་སྡང་གནས་ཞེས་བྱ་བ་ལ་འདིའི་དོན་ནི་ཁྲོས་པའི་གནས་སྐབས་སུ་ཞེ་སྡང་གི་ངོ་བོ་ཉིད་ལས་སྐྱེས་པ་སྟེ་མི་བསྐྱོད་པའི་རིགས་ལས་སྐྱེས་པ་ནི་མ་ཡིན་ནོ། །གསོད་ལ་རྟག་ཏུ་བརྩོན་པ་དག །ཅེས་བྱ་བ་ནི་གདུལ་བྱའི་སྐྱེ་བོའི་བསམ་པའི་དབང་གིས་མྱུར་བར་ཐ་མལ་པའི་གཟུགས་ལས་རབ་ཏུ་འཕོ་བར་བྱད་པའི་ཕྱོགས་དེ་ཉིད་ཀྱིས་རབ་ཏུ་འགྲུབ་པར་འགྱུར་རོ། །མཆོག་གི་ཆོས་ཅན་ལ་ཞེས་བྱ་བ་ནི། ཆོ་ག་ཇི་ལྟ་བ་བཞིན་དུ་སྔགས་ཀྱི་བཟླས་བརྗོད་ལ་སོགས་པ་བྱེད་པའོ། །ཐིག་ལེའི་རྣལ་འབྱོར་གསུངས་པ་ནི། ཡེ་ཤེས་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་འཁོར་ལོ་ཅན་ཞེས་བྱ་བ་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀའི་དབུས་སུ་གསལ་བའི་དཀྱིལ་འཁོར་གྱི་དབུས་ཀྱི་འཁོར་ལོ་ལ་གནས་པར་བསྒོམ་པར་བྱའོ། །འཁོར་ལོ་དེའི་དབུས་སུ་ཞེས་བྱ་བ་སྟེ། ཟླ་བ་ལ་འཁོར་ལོའི་དོན་ཞེས་བྱ་བ་ནི་མཚན་མ་འཁོར་ལོའི་ལྟེ་བའི་ཟླ་བ་ལ་གནས་པའི་རང་གི་ས་བོན་ཐིག་ལེའི་གཟུགས་ཅན་དུ་རང་གི་སེམས་དང་གཉིས་སུ་མེད་པར་བསྒོམ་པ་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་རྣལ་འབྱོར་པས་བྱའོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །ཐམས་ཅད་དུ་ཡང་ཡེ་ཤེས་སེམས་དཔའ་དང་དེའི་ཐུགས་ཀར་མཚན་མ་ལ་སོགས་པ་ཟླ་བའི་གདན་ལ་བསྒོམ་པར་བྱའོ། །རྡོ་རྗེ་ལ་སོགས་པའི་སྒྲས་ནི་མི་ཕྱེད་པ་ལ་སོགས་པར་བཤད་པར་བྱའོ། །དེ་བས་ན་དེ་ལྟར་བརྟགས་ནས། རང་སྙིང་དྲི་མ་མེད་པ་ལ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་སྨོས་པ་ཡིན་ནོ། །ཡང་སྔགས་བཟླས་པ་དང་འབྲེལ་བའི་དོན་གསུངས་པ་ནི། དཀྱིལ་འཁོར་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ་བདག་པོའི་ལྷ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ངོས་བཞི་པོ་རྣམས་སུ་སངས་རྒྱས་ལྔ་རྣམས་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ་ཇི་སྐད་དུ་གསུངས་པའི་ཆོ་གས་དགོད་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ས་བོན་དེ་བཞིན་གཤེགས་པ་ལྔའི་འོད་ཟེར་སྤྲོ་བ་ལ་སོགས་པ་དང་ལྡན་པ་ཡི་གེ་གསུམ་དང་སྤེལ་བར་བཟླས་བརྗོད་བྱའོ། །སངས་རྒྱས་དེ་དག་དང་


DTG038_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་པ་དེ་དག་ཐམས་ཅད་ཀྱང་དེའི་ཚེ་དཀྱིལ་འཁོར་གྱི་བདག་པོ་དེ་ཉིད་གཅིག་པུའི་ས་བོན་དེ་དེ་བཞིན་དུ་ཟློས་པར་གྱུར་པར་བསྒོམ་པར་བྱ་སྟེ་དེ་ལས་བྱང་ཆུབ་འཐོབ་པར་འགྱུར་རོ། །བྱེ་བྲག་རྣམ་པ་གཉིས་སུ་བསྒྲགས། །ཞེས་བྱ་བ་ནི་དེ་ཉིད་བཤད་པ་ཡིན་ནོ། །སྐུ་གསུམ་རྡོ་རྗེའི་བྱེ་ཕྲག་གིས། །ཞེས་བྱ་བ་ལ་དོན་འདི་ཡིན་ཏེ། སྐུ་གསུམ་ཞེས་བྱ་བ་དེ་ཁོ་ན་ཉིད་གསུམ་ཟློས་པ་ནི་རིམ་གྱིས་སམ་ཅིག་ཅར་སྤྲོ་བ་འདི་ལ་ནི་ངེས་པ་མེད་དོ། །རྡོ་རྗེ་ཞེས་བྱ་བ་ཡེ་ཤེས་ཀྱི་ས་བོན་ཟློས་པ་ནི་རྣམ་པ་ཐམས་ཅད་དུ་ཅིག་ཅར་སྤྲོ་བར་བྱ་སྟེ་འདི་ནི་ངེས་པ་ཡིན་ནོ། །དེ་ལྟར་དབྱེ་བ་རྣམ་པ་གཉིས་སྤྲོ་བར་བྱས་ནས་མཆོད་པ་ལ་ཡང་རང་གི་རིགས་ཉིད་ཀྱི་ལྷ་མོས་མཆོད་པ་བྱེད་ཀྱི། རིགས་ཀྱི་བདག་པོ་གཞན་གྱིས་མ་ཡིན་ནོ་ཞེས་གསུངས་པ་ནི་སྐུ་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ་སྐུ་ནི་རྣམ་པར་སྣང་མཛད་དེ། སྐུའི་ངོ་བོ་ཉིད་སྤྱན་ལ་སོགས་པས་མཆོད་པར་བྱེད་དོ། །དེ་བཞིན་དུ་ཐུགས་ལ་སོགས་པ་ལའང་སྦྱར་བར་བྱའོ། །སྤྱན་ཡང་སྤྲོ་བའི་དུས་སུ་རང་གི་དཀྱིལ་འཁོར་གྱི་བདག་པོ་དང་ལྡན་པར་སྤྲོ་བར་བྱེད་དེ། དེར་ཡངས་རྣམ་པར་དག་པ་ལ་རང་གི་གསང་བའི་པདྨར་སྤྲུལ་པའི་བདག་པོ་མེ་ལོང་ལྟ་བུར་རྣམ་པར་དག་པ་རྣམས་པར་སྣང་མཛད་ཀྱི་འབྱིན་པའི་སྔགས་ཀྱིས་དེའི་ནང་དུ་ཆུད་པ་དང་ལྡན་པ་དང༌། མེ་ལོང་ལྟ་བུར་རྣམ་པར་དག་པའི་དངོས་པོར་ཐལ་བས་སྤྱན་དེ་མེ་ལོང་ལྟ་བུར་རྣམ་པར་དག་པ་ཉིད་དུ་བྱའོ། །དེ་བས་ན་མེ་ལོང་ལྟ་བུར་རྣམ་པར་དག་པའི་རྣམ་པར་སྣང་མཛད་ཉིད་ནི་དེ་རྣམ་པར་དག་པས་རྣམ་པར་དག་པ་ཡིན་པའི་ཕྱིར། དེའི་ངོ་བོ་ཉིད་དང་ལྡན་པའི་གསང་བའི་མཆོད་པས་མཆོད་ཀྱི་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བར་རིགས་སོ། །ཡང་ན་གཅིག་པུ་ཉིད་ས་རྣམ་པར་དག་པ་ཡིན་དུ་ཟིན་ཀྱང༌། རྣམ་པར་སྣང་མཛད་ཉིད་དེའི་རིགས་ལས་བྱུང་བ་ཡིན་པས་ན་ཕྱིའི་མཆོད་པས་མཆོད་པ་ལ་ཉེས་པ་མེད་དོ། །དགོངས་པ་འདི་ཉིད་ཀྱིས་ན། ལྷ་མོ་རྣམས་ནི་སངས་རྒྱས་རྣམས་ཀྱི་བཙུན་མོའི་མཆོག །ཅེས་བཤད་པ་ཡིན་ནོ། །དེ་བཞིན་དུ་མཱ་མ་ཀའི་ལ་སོགས་པ་ཡང་མི་བསྐྱོད་པ་ལ་སོགས་པ་ལ་མཆོད་པ་ཅི་རིགས་པར་བཤད་པར་བྱའོ། །ད་ནི་ལས་རྣམ་པ་བཞི་བསྟན་པའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་པ་


DTG038_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཞིག་བསྟན་པའི་ཕྱིར། དཀྱིལ་འཁོར་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ལྔ་རྣམས་ཞེས་བྱ་བ་ད་བཞིན་གཤེགས་པ་རྣམས་བསྒོམ་པར་བྱ་ལ། དེ་རྣམས་ཀྱི་དབུས་སུ་གང་གྱུར་པ་དེ་ནི་བདག་པོ་སྟེ། རྡོ་རྗེ་གསུམ་དང་ལྡན་པའི་བདག་པོའི་གཟུགས་སུ་བསམས་ལ། རང་སྔགས་རྡོ་རྗེའི་ཞེས་བྱ་བ་བདག་པོའི་དཀྱིལ་འཁོར་གང་ཡིན་པའི་དཀྱིལ་འཁོར་པ་རྣམ་པར་སྣང་མཛད་ལ་སོགས་པའི་ཚུལ་དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་གཟུགས་རྣམ་པ་བཞི་པོ་དཀར་པོ་ལ་སོགས་པ་ཁ་དོག་རྣམ་པ་བཞིར་ཀུན་དུ་བརྟགས་ལ་སྙིང་པོའི་དོན་ཡེ་ཤེས་ཀྱི་ས་བོན་ལ་སོགས་པ་བསྒོམ་པར་བྱའོ། །འདི་དག་ཀྱང་དཀྱིལ་འཁོར་ཐམས་ཅད་ཉེ་བར་མཚོན་པའི་དོན་ཡིན་ཏེ། དེ་ལྟར་ན་དཀྱིལ་འཁོར་དེ་རྣམ་པར་བསྒོམས་ལ། རྡོ་རྗེ་རྣམ་པ་བཞི་ཞེས་བྱ་བ་ཞི་བ་ལ་སོགས་པའི་ལས་རྣམ་པ་བཞི་བྱའོ། །གཞན་དག་ཀྱང་ནུས་པ་རྣམས་ལས་སེམས་ཅན་གྱི་བསམ་པའི་དབང་གིས་རེ་རེའི་ལས་ཀྱི་ངེས་པ་གསུངས་པ་ནི། ཞི་བ་ལ་ནི་སྤྱན་གྱི་ཆུ་ལ། །ཞེས་བྱ་བ་ལ་སོགས་པ་སྟེ། ཞི་བའི་ལས་ལ་དེ་བདག་པོའི་ལྷ་དཀར་པོའི་ཚུལ་དུ་བསམ་པར་བྱ་བ་དང༌། རྒྱས་པ་ལ་འོད་དཔག་ཏུ་མེད་པའི་ཚུལ་སེར་པོའི་གཟུགས་སུ་བསམ་པ་དང༌། དབང་ལ་རྣམ་པར་སྣང་མཛད་གནས། །ཞེས་བྱ་བ་སྒྲས་དགོད་པའི་ཚུལ་གྱིས་ན། དོན་ཡོད་པར་གྲུབ་པའི་ཚུལ་དམར་པོའི་རྣམ་པར་གཟུང་བར་བྱའོ། །མངོན་སྤྱོད་ལ་ནི་ཁྲོ་བོའི་ཚུལ་ཏེ་ནག་པོར་གནས་པའོ། །དེ་ལ་མངོན་སྤྱོད་པའི་ལས་རྣམས་ཀྱི་ཡུལ་གསུངས་པ་ནི། མ་དད་སྨྲ་བའི་སེམས་ཅན་དང༌། །ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཀྱི་ཆོ་ག་གསུངས་པ་ནི་ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། ཁམས་གསུམ་ན་གནས་པའི་སེམས་ཅན་ཇི་སྙེད་པ་དེ་ཁ་སྦྱར་དབྱེ་བར་བྱ་བའི་ཕྱིར་སངས་རྒྱས་སྐུའི་བདག་ཉིད་ཅན་དུ་རྣམ་པར་བསྒོམ་པར་བྱའོ། །ཁ་སྦྱར་དབྱེ་བ་ནི་མ་བཤད་དོ། །ཁ་བཞི་པ་ཞེས་བྱ་བ་ནི་མདུང་རྩེ་མོ་གཅིག་ལ་རྩེ་མོ་བཞིས་བསྐོར་བར་གནས་པའི་ཁ་བཞི་པར་འགྱུར་བ་ལ་བྱའི་སྣ་ཚོགས་རྡོ་རྗེ་ཡིན་བར་གཟུང་བར་མི་བྱའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྡང་བྱུང་བའི་རྡོ་རྗེ་འཛིན་པ་རྡོ་རྗེ་རྩེ་ལྔ་པ་ཡོངས་


DTG038_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པ་མི་བསྐྱོད་པ་ཁྲོས་པར་བསྒོམ་པར་བྱའོ་ཞེས་ཤེས་པར་བྱའོ། །རྡོ་རྗེ་ཡོངས་སུ་གྱུར་པ་ཡང་རྡོ་རྗེའི་མཚན་མ་མངའ་བའི་ལྷ་རྣམས་ཀྱི་ཡིན་ཏེ། དེ་ལས་གཞན་དག་པས་ཀྱང་རང་རང་གི་མཚན་མ་ཡོངས་སུ་གྱུར་པ་ཉིད་ལས་བྱུང་བ་ཡིན་ནོ། །མངོན་སྤྱོད་ཀྱི་ལས་ཀྱི་རྩོལ་བ་ལ་ནི་སྐུ་མདོག་དང་དབྱིབས་མི་སྡུག་པར་བྱ་བ་འདི་ནི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །སངས་རྒྱས་འཁོར་ལོ་ཞེས་བྱ་བ་ནི་དེའི་འཁོར་རྣམས་སོ། །དེ་ལྟར་ཁྲོས་པའི་མི་བསྐྱོད་པ་དེའི་ཡང་ཕྱག་གཡས་པར་སངས་རྒྱས་ཀྱི་འཁོར་ལོའི་བདག་ཉིད་ཅན་སྟོབས་ཆེན་པོ་ཡོད་བའི་རྡོ་རྗེ་འདི་གཞག་པར་བྱའོ། །དེ་ནས་སེམས་ཅན་རྣམས་ཞི་བའི་བྱེ་བྲག་གིས་བསྡུས་ཏེ་གོང་བུའི་ཚུལ་དུ་བྱས་ནས་རང་གི་ལུས་ལ་གཞུག་པར་བྱའོ། །དེ་ནས་ཡང་སངས་རྒྱས་རྣམས་ཁྲོས་པར་གྱུར་པར་འཁྲུགས་པ་ཇི་སྐད་དུ་བཤད་པའི་གཟུགས་དང་ལྡན་པའི་གདུག་པ་རྣམས་གསོད་པ་ལ་སྤྲོ་བར་བྱའོ། །དེས་ན་བསྒྲུབ་པར་བྱ་བ་དེ་འཆི་བར་འགྱུར་རོ། །སངས་རྒྱས་ལྔ་ཡང་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་དོན་གྱི་ཆོ་གའོ་ཞེས་བྱ་བ་ནི་ལྷག་མའོ། །བྲི་བའི་དཀྱིལ་འཁོར་དུ་བགེགས་བསལ་བ་གསུངས་པ་ནི་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཅེས་བྱ་བ་ནི་རང་གི་སྦྱོར་བ་དང་རྗེས་སུ་མཐུན་པའི་དགོངས་པས་མི་བསྐྱོད་པའི་ཁང་པ་བརྩེགས་མ་ལ་ལྷའི་འཁོར་ལོ་དང་ལྡན་པར་ཇི་སྐད་དུ་གསུངས་པའི་ཚུལ་གྱིས་བསྒོམ་པར་བྱའོ། །རྡོ་རྗེ་འཛིན་པ་དང་སྤྲོ་བ་དང་བསྡུ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །དེ་ནས་འཁོར་ལོའི་ས་གཞིར་ཇི་སྐད་དུ་བཤད་པའི་ཆོ་གས་བགེགས་བསལ་ལ་སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨྲ་ཞིང་འགྲོ་བར་བྱའོ། །དེ་ཡང་ཇི་སྐད་དུ། འཇམ་རྒྱལ་ཁྲོས་པས་བལྟས་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གཤིན་རྗེ་གཤེད་ཀྱི་འཁོར་ལོ་གསུངས་པ་ནི་ནམ་མཁའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། གཤིན་རྗེ་གཤེད་བདག་པོར་གྱུར་པའི་འཁོར་ལོས་དགྲ་རྣམས་གསོད་པར་བྱེད་པ་ཆོ་ག་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྲུང་བའི་འཁོར་ལོ་ལ་སོགས་པ་གསུངས་པ་ནི་སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ་སྐུ་ལ་སོགས་པས་སམ། རང་གི་


DTG038_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་ལྷའི་ཡོན་ཏན་ནམ། ཡང་ན་གཙུག་ཏོར་གྱི་བཀའི་འཁོར་ལོ་སྟེ། ཐེག་པ་དམན་པ་ལ་སོགས་པའི་བགེགས་རྣམས་དང་བྱང་ཆུབ་བསྲུང་བའི་ཕྱིར་རབ་ཏུ་སྦྱར་བར་བྱའོ། །དེ་ཡང༌། ཧཱུཾ་མཛད་ཡང་ན་གཙུག་ཏོར་རམ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་བཤད་པ་སྟེ། འདི་དག་ཀྱང་གསལ་བར་བདག་གིས་མ་བཤད་དོ། །རྣམ་པར་སྣང་མཛད་ལས་བྱུང་བའི་ཁང་པ་བརྩེགས་མ་གསུངས་པ་ནི་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ་ཆོས་འབྱུང་བའི་ནང་དུ་ཆུད་པའོ། །ཆོས་ཞེས་བྱ་བ་ནི་ཁང་པ་བརྩེགས་མར་བསམས་ལ་དེར་གདན་ནི་རབ་ཏུ་བརྟག་པར་བྱའོ། །དེ་ཡང༌། རིག་མར་བཅས་པའི་རྣམ་པར་སྣང་མཛད་ཡན་ལག་ཡང་དག་བྱུང༌། །ཞེས་སྨོས་པ་ཡིན་ནོ། །དེ་བཞིན་དུ། ཉི་ཟླ་མགོན་བཅས་ལྷ་ཡི་གནས་རྣམས་དང༌། །ཞེས་སྨོས་པ་ཡིན་ནོ། །རྡོ་རྗེའི་ང་རྒྱལ་དུ་བྱ་བ་གསུངས་པ་ནི་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་སྔགས་ཀྱིས་ཡི་གེའི་གནས་ཀྱི་རྡོ་རྗེའི་ནང་དུ་ཆུད་པ་སྤྲོ་བ་ལ་སོགས་པའི་ཚུལ་གྱིས་བསམས་ལ་དེ་དང་གཅིག་པར་ང་རྒྱལ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ང་རྒྱལ་དེ་ལྡན་ཞེས་སྨོས་པ་ཡིན་ནོ། །དེ་ཉིད་ལས་རྡོ་རྗེ་འཛིན་པ་བྱུང་བ་བཤད་ཅིང་ལས་ཀྱི་ཚོགས་གསུངས་པ་ནི་རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་པར་ཞེས་བྱ་བ་ནི་དབང་བསྐུར་བའི་རིམ་གྱིས་མི་བསྐྱོད་པའི་རྣལ་འབྱོར་པས་ཆོ་ག་ཇི་ལྟ་བ་བཞིན་དུ་བསྐྱེད་དེ། དཀྱིལ་འཁོར་གྱི་འཁོར་ལོ་ཅན་རྣམ་པར་སྣང་མཛད་ལ་སོགས་པ་དང༌། མཱ་མ་ཀཱི་ལ་སོགས་པ་ཡང་རྣམ་པར་བཞག་སྟེ། དེའི་རྡུལ་ཕྲ་རབ་ཀྱི་གཟུགས་ཀྱི་ཆུ་དེ་བཞིན་གཤེགས་པའི་ཚོགས་ཀྱི་ཆུའི་སྟེང་ནས་བཅག་པར་བྱའོ། །རྐང་པ་མཉམ་གཞག་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཐམས་ཅད་མཉམ་པ་ཉིད་ཀྱིས་སོ། །དེ་ལྟར་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སྤྱན་ལ་སོགས་པའི་སྤྱི་བོའི་སྟེང་དུ་རྐང་པ་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། །འཇམ་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་རང་དང་འདྲ་བའི་ལྷའི་སྤྱི་བོའི་སྟེང་དུ་རྐང་པ་བཞག་ནས་བཅག་པར་བྱའོ་ཞེས་ཤེས་པར་བྱའོ། །ཚིག་གནོན་པའི་སྦྱོར་


DTG038_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསུངས་པ་ནི་དབང་ཆེན་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། དབང་ཆེན་གྱི་དཀྱིལ་འཁོར་ཟུར་བཞི་སེར་པོ་ཡི་གེ་ལཾ་ལས་བྱུང་བ་མཚམས་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ་ལ་གནས་པར་བསྒོམས་ནས་ལས་ཀྱི་རྡོ་རྗེ་སྟེ་སྣ་ཚོགས་རྡོ་རྗེ་སྣ་ཚོགས་པདྨ་ལ་གནས་པས་གནོན་པ་དང༌། ཡི་གེ་སུཾ་ཀྱང་ལས་བྱུང་བའི་རི་རབ་སྤྱི་བོར་བསྒོམ་པར་བྱའོ། །བསྒྲུབ་པར་བྱ་བའི་སྤྱི་བོར་ཇི་སྐད་དུ་བཤད་པའི་རི་རབ་ལ་གནས་པའི་དབང་ཆེན་གྱི་དཀྱིལ་འཁོར་ལ་སྣ་ཚོགས་པདྨ་དེ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ཆོ་ག་བཞིན་དུ་གཞལ་ཡས་ཁང་ན་གནས་པ་ཁྲོས་པའི་ལྷ་སྔགས་ཟློས་པ་ཁ་དོག་སེར་པོ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དཔུང་གནོན་པ་གསུངས་པ་ནི་རྡོ་རྗེ་གསུམ་མཆོག་ཅེས་བྱ་བ་ལ་སོགས་པ་སྟེ་དམག་གི་སྤྱི་བོར་སྔ་མ་བཞིན་དུ་རི་རབ་དང་རྡོ་རྗེ་གསུམ་པའི་དཀྱིལ་འཁོར་པ་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། །དཔུང་ཕུར་བུས་གདབ་པ་གསུངས་པ་ནི་ཧཱུཾ་ལས་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་ཕུར་བུ་སྟོད་རྩེ་མོ་ལྔ་དང་ལྡན་པའོ་རྩེ་གཅིག་པ་སོར་བརྒྱད་པའི་ཚད་དུ་བསམས་ལ། བསྒྲུབ་པར་བྱ་བའི་མིང་གི་ཡི་གེ་དང་པོ་ལས་སྐྱེས་པའི་གཟུགས་བརྙན་གྱི་སྙིང་གར་ཕུར་བུ་དེས་རྡོ་རྗེ་ཕུར་བུས་གདབ་པ། ཨོཾ་གྷ་གྷ་གྷ་ཏ་ཡ་ཞེས་བྱ་བ་ལ་སོགས་པའི་ཕྲེང་བའི་སྔགས་ཀྱིས་བྱས་པར་བསམ་པར་བྱའོ། །ཡུལ་ཕྱོགས་སུ་ཉེ་བར་འཚེ་བཞི་བ་གསུངས་པ་ནི་གྲོང་ངམ་ཞེས་བྱ་བ་ལ་སོགས་པ་སྟེ། བར་སྣང་ལ་རྡོ་རྗེ་རྩེ་མོ་ལྔ་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན། བསྐལ་པ་བསྲེགས་པ་ལྟར་ཞེས་བྱ་བ་ནི་འཕྲོ་བས་ནམ་མཁའི་ཁམས་ཁྱབ་པར་གྱུར་པའི་རྡོ་རྗེའི་ལྷ་རྣམས་ཀྱིས་ཡུལ་དེ་ཁྱབ་པ་སྟེ་དེ་བས་ཉེ་བར་འཚེ་བ་སྲེག་པར་བྱེད་པའི་སྤྲོ་བ་ལ་སོགས་པའི་ཚུལ་བསམས་ནས། འོད་ཟེར་དེ་ལས་བྱུང་བའི་ལྷ་མོའི་སྤྲིན་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་བུམ་པ་ཐོགས་པས་དབང་བསྐུར་བ་སྟེ། ཉེ་བར་འཚེ་བ་བསྲེག་པའི་ཡུལ་དེར་ཆོ་ག་ཇི་ལྟ་བ་བཞིན་དུ་ཞི་བའི་སྔགས་ཟློས་བའི་རྣལ་འབྱོར་པས་སྦྱིན་པར་བྱའོ། །དེ་ལྟར་ཆོ་ག་བཞིན་དུ་ལས་བྱས་ན་ནོར་ཕུན་སུམ་ཚོགས་པར་ཡང་འགྱུར་རོ་ཞེས་གསུངས་པ་ནི་བསམ་གཏན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་ནད་བསལ་


DTG038_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོ་ག་གསུངས་པ་ནི། །དེར་ནི་སངས་རྒྱས་སྤྲིན་དང་ནི། །ཞེས་བྱ་བ་ལ་སོགས་པའོ། །བགེགས་མེད་པར་བྱས་པའི་ཡུལ་དུ་ཉེ་བར་འཚེ་བའི་ཉེས་པ་དགག་པའི་ཕྱིར་ཕུར་བུའི་ཆོ་ག་གསུངས་པ་ནི་རྡོ་རྗེ་བདུད་རྩི་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་རྩི་ཐབ་སྦྱོར་ཉིད་དུ་སྐུ་སྟོད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ལ་སྐུ་སྨད་རྡོ་རྗེ་རྩེ་གཅིག་པའི་གཟུགས་ཅན་གྱི་རྡོ་རྗེ་ཕུར་བུ་བྱས་ལ། ཕུར་བུ་ལ་གདབ་པའི་སྔགས་ཀྱིས་ཕྱོགས་བཅུར་སྤྲོས་ནས་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང༌། སྐུ་སྟོད་བགེགས་རྒྱལ་སྐུ་སྨད་རྩེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཞི་བའི་ལས་ཀྱི་དབྱེ་བ་གསུངས་པ་ནི་མདངས་བཟང་ཞེས་བྱ་བ་ལ་སོགས་པ་སྟེ་ཟླ་བ་ལ་གནས་པའི་རྣམ་པར་སྣང་མཛད་དང་ལྷ་མོ་རྡོ་རྗེ་ཅན་ཨོཾ་ཨཱཿ་ཛི་ན་ཛི་ཀ་ཆེ་གེ་མོ་ཤཱིནྟ་ཀུ་རུ་ཧཱུཾ་ཞེས་བྱ་བའི་སྔགས་ཟློས་པའམ་གདོན་པའི་སྔགས་ལ་གནས་པའམ། རང་གི་ས་བོན་གྱི་ཡི་གེ་གཅིག་ཏུ་ཟློས་པར་བསམས་ལ། དེའི་ཡེ་ཤེས་སེམས་དཔའི་སྙིང་གའི་ཟླ་བར་ཞི་བའི་དོན་དུ་གཞག་པར་བྱའོ། །སྤྱན་གྱི་རྣམ་པར་སྤྲོས་པ་རྣམས་ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སརྦ་རྠ་སཱ་དྷ་ནི་ཆེ་གེ་མོའི་ཤཱིནྟི་ཀུ་རུ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཟློས་པ་རྣམས་ཀྱིས་སམ། བསྒྲུབ་པར་བྱ་བའི་མིང་དང་ལྡན་ཞིང་ཡི་གེ་གསུམ་དང་སྤེལ་བའི་འབྱིན་པའི་སྔགས་སམ། རང་གི་ས་བོན་ཟློས་པ་རྣམས་ཀྱིས་ནམ་མཁའི་ཁམས་གང་བ་བསམ་པར་བྱའོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །དེ་ནས་དེ་རྣམས་ཡང་དག་པར་བསྡུས་ནས་སྤྱན་ལ་སོགས་པ་བདུད་རྩིར་གྱུར་པའི་འོད་ཟེར་གྱི་གོང་བུའི་གཟུགས་ཀྱིས་ནང་གི་ཡན་ལག་ཚིམ་ཞིང་རྒྱས་པར་བྱ་བའི་ཕྱིར་དབབ་པར་བྱའོ། །བ་སྤུའི་བུ་ག་རྣམས་ལས་ཀྱང་སངས་རྒྱས་ཀྱི་སྤྲིན་དེ་རྣམས་ཉིད་ཀྱིས་བདག་ཉིད་བདུད་རྩིའི་བུམ་པ་བསྣམས་ཏེ། ནང་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་དབང་བསྐུར་བདེ་ལ་སྩོལ་ཏོ། །རྒྱས་པར་གསུངས་པ་ནི་ནམ་མཁའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ་ཁང་པ་བརྩེགས་མའི་ནང་ན་གནས་བའི་དབང་ཆེན་གྱི་དཀྱིལ་འཁོར་ལ་བཞུགས་པ་ཉི་མའི་གདན་ཅན་འོད་དཔག་ཏུ་མེད་པ་སེར་པོ་བསམས་ལ། ཨོཾ་ཨཱཿ་ཨཱ་རོ་ལྀ་ཀ་ཆེ་གེ་མོའི་པུཥྚིཾ་ཀུ་རུ་ཧཱུཾ་ཞེས་བྱ་བའི་


DTG038_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཟློས་པའི་ལྷའི་འཁོར་ལོ་དང་ལྡན་བ་བསམས་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་ལ་རྒྱས་པ་དོན་དུ་གཉེར་བ་གཞག་པར་བྱའོ། །གོས་དཀར་མོ་ལ་སོགས་པ་སྤྲོས་པ། ཨོཾ་ཨ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཏཾ་ཀ་ཏེ་ཆེ་གེ་མོའི་པུཥིཾ་ཀུ་རུ་ཨོཾ་ཞེས་བྱ་པའི་སྔགས་ཟློས་པ་དང་མངོན་པར་འདོད་པའི་ནོར་གྱི་ཆར་འབེབས་པ་རྣམས་ཀྱིས་ནམ་མཁའི་ཁམས་གང་བར་བྱའོ། །དེ་ནས་དེ་ཡང་དག་པར་བསྡུས་ལ་སྔ་མ་བཞིན་དུ་འོད་ཟེར་གྱི་གོང་བུས་མངོན་པར་འདོད་པའི་ནོར་གྱི་ཆར་འབེབས་པ་བསྒྲུབ་པར་བྱ་བའི་ལུས་དང་ངག་དང་ཡིད་ཀྱི་གནས་ལ་དབབ་པར་བྱའོ། །བ་སྤུའི་བུ་ག་རྣམས་ཀྱང་རིན་པོ་ཆེའི་སྤྲིན་ཅན་གྱི་འོད་དཔག་ཏུ་མེད་པ་སྤྲོ་བར་བྱའོ། །དེ་ནས་སངས་རྒྱས་པར་འདོད་པ་དེ་ཉིད་ལ་དབང་བསྐུར་བ་རབ་ཏུ་སྩོལ་ཏོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་ཐམས་ཅད་སྦྱར་བར་བྱའོ། །དབང་དུ་བྱ་བའི་ཆོ་ག་གསུངས་པ་ནི་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་དཀྱིལ་འཁོར་ཟླ་གམ་བསམ། །ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ཡིན་གྱི་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ལྟ་བུ་ནི་མ་ཡིན་ནོ། །དེ་བས་ན་ཁང་པ་བརྩེགས་མའི་དབུས་སུ་རྡོ་རྗེ་ནམ་མཁའི་མཆོག་ཅེས་བྱ་བ་དོན་ཡོད་གྲུབ་པ་དམར་པོའི་མདོག་ཅན་སྔགས་ཇི་ལྟ་བ་བཞིན་དུ་ཟློས་པ་མཛེས་པར་བསམས་ལ། སྔ་མ་བཞིན་དུ་ཐམས་ཅད་རྗེས་སུ་དཔགས་ཏེ་ལས་རྣམས་བྱའོ། །སྔར་སྤྱད་པའི་མངོན་སྤྱོད་དང་རྗེས་སུ་འབྲེལ་པའི་ལས་གསུངས་པ་ནི་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། མེའི་དཀྱིལ་འཁོར་ནི་གྲུ་གསུམ་འབར་བའི་དཀྱིལ་ཅན་ཏེ། དེར་གནས་པའི་དགྲ་བོ་ལ་སྲིན་པོ་ལ་སོགས་པས་རྣམ་པར་གཙེས་པར་གྱུར་པར་བསམས་ལ་ཁྲོས་པའི་ལྷའི་རྣལ་འབྱོར་པས་ཆོ་ག་ཇི་ལྟ་བ་བཞིན་དུ་སྤེལ་བའི་སྔགས་བཟླ་བར་བྱ་ཞིང༌། མཱ་མ་ཀཱི་དང་ཤེས་རབ་མཐར་བྱེད་ལ་སོགས་པ་བསྒྲུབ་པར་བྱ་བ་དང༌། སྤེལ་བའི་རང་རང་གི་དབྱུག་པའི་སྔགས་ཟློས་ཤིང༌། བསྒྲུབ་པར་བྱ་བའི་རྣམ་པ་གཞིག་པར་བརྩོན་པ་ལ་སྤྲོ་བ་ལ་སོགས་པའི་ཚུལ་དུ་ཇི་སྐད་བཤད་པའི་ཆོ་གས་བསྒོམ་ཞིང་མངོན་པར་འདོད་པ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་དག་ཀྱང་གསལ་བར་མ་བཤད་དོ། །ད་ནི་རྣམ་པར་སྣང་མཛད་ལ་


DTG038_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་གཞལ་ལ་སོགས་པ་བཤད་པ་དྲན་པར་བྱ་བའི་ཕྱིར་དང༌། མ་བཤད་པ་རྣམས་བཤད་པར་བྱ་བའི་ཕྱིར་དང༌། རྣམ་པར་སྣང་མཛད་ཞལ་གསུམ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་སངས་རྒྱས་གསུམ་པོ་ཉིད་ནི་སྐུ་དང་གསུང་དང་ཐུགས་ཉིད་གཙོ་བོ་ཉིད་ཡིན་པར་བསྟན་པར་བྱ་བའི་ཕྱིར་གསུངས་པ་ཡིན་ལ། མངོན་པར་རྟོགས་པ་ལ་དགོས་པའི་ཁྲོ་བོ་རྣམས་ཀྱང་བསམ་གཏན་དང་བྲི་བའི་དཀྱིལ་འཁོར་དག་ལ་སྲུང་བའི་ཕྱིར་དགོས་པ་དང༌། དྲག་ཤུལ་གྱི་ལས་ལ་སོགས་པ་ལས་ཀྱི་དབང་དུ་བྱས་ནས་འདོད་པའི་རྒྱལ་པོ་ལ་སོགས་པ་གསུངས་པ་ནི་ཊ་ཀ་ཀིའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་བཞི་ཞེས་བྱ་བ་ནི་ཤེས་རབ་དམ་པ་འཁྱུད་པའི་ཕྱག་གཉིས་མ་གཏོགས་པའོ། །འདི་རྣམས་ཀྱི་ཞལ་དབུས་མ་དང་སྐུ་ནི་ནག་པོའི་ཞལ་གཡས་པ་ནི་དཀར་བོའོ། །གཡོན་པ་ནི་དམར་པོའོ། །གཙུག་ཏོར་གྱིས་ནི་སྐུ་དང་དབུས་མའི་ཞལ་ནི་སེར་པོ་ཡིན་ལ་གཡས་པ་ནི་ནག་པོའོ། །གཡོན་པ་ནི་དཀར་པོ་སྟེ་ཁྱད་པར་ནི་དེ་ཡོད་དོ། །ཡི་གེ་གཅིག་ཅེས་བྱ་བ་ནི་གཙུག་ཏོར་བདུན་ཆར་ཡང་ས་བོན་གཅིག་པུ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་ཚོགས་ཀྱི་དབང་དུ་བྱས་པའི་ཁྲོ་བོ་གསུངས་པ་ནི་གཟི་བརྗིད་ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་རྣམས་ནི་ཞེས་བྱ་བ་ནི་ལས་ཀྱི་ཚོགས་དང་རྗེས་སུ་མཐུན་པ་རྣམས་ཀྱིས་སོ། །རྡོ་རྗེ་འཛིན་པ་མངོན་དུ་གྱུར་པས་ལྷག་པར་གྲུབ་པར་བསྟན་པའི་ཕྱིར་དོན་དེ་ཉིད་བཟླས་ཏེ་བསྟན་པ་ནི་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་གཟུགས་ནི་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ་དེ་རབ་ཏུ་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཆོ་ག་བཞིན་དུ་རྣམ་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྔར་རྡོ་རྗེ་སེམས་དཔར་གྱུར་པས་རྡོ་རྗེ་སེམས་དཔའ་ཉིད་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའམ། མི་བསྐྱོད་པ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ་བསམ་པར་བྱ་སྟེ། རྡོ་རྗེ་སེམས་དཔའི་སྒྲས་གཉིས་ཀ་ལ་ཡང་བཤད་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་གསུམ་པོ་བཤད་ནས། སྤྱན་ལ་སོགས་པ་གསུངས་པ་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་དཀྱིལ་འཁོར་འོད་


DTG038_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཅན། །ཞེས་བྱ་བ་ནི་ཐུགས་རྣམ་པར་དག་པའི་མཱ་མ་ཀཱིའི་དཀྱིལ་འཁོར་ཏེ་རིགས་ཀྱི་བདག་པོ་རྣམ་པར་དག་པའོ། །དེ་ལྟར་ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་དབང་དུ་བྱས་པ་ཡིན་ནོ། །ནམ་མཁའ་རྡོ་རྗེ་མཆོག་ཅེས་བྱ་བ་ནི་མཱ་མ་ཀའི་སྟེ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའོ། །ཨུཏྤལ་མཐིང་གཞེས་བྱ་བ་ནི་འདིར་ཨུཏྤལ་དམར་པོ་ཡིན་པར་བཞེད་དེ། དེ་ཡང༌། འཁོར་ལོ་བཟང་དང་ཨུཏྤལ་དམར་པོ་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་གསུང་རྣམ་པར་དག་པ་གོས་དཀར་མོའི་དཀྱིལ་འཁོར་རོ། །རྡོ་རྗེ་ཆོས་མ་ཞེས་བྱ་བ་ནི་གོས་དཀར་མོའོ། ཨུཏྤལ་དམར་པོ་ཞེས་བྱ་བ་ནི་ཆོས་ཀྱི་བརྡས་སྔ་མ་བཞིན་དུ་པདྨ་ཡིན་པར་བཤད་དོ། །དངོས་གྲུབ་དཀྱིལ་འཁོར་ཞེས་བྱ་བ་ནི་གདོན་མི་ཟ་བར་གྲུབ་པ་རྣམ་པར་དག་པ་སྒྲོལ་མ་གཙོ་བོར་གྱུར་པའི་དཀྱིལ་འཁོར་རོ། །དེ་ལྟར་ལྷ་མོ་རྣམས་བཤད་ནས། །ཁྲོ་བོ་རྣམས་གསུངས་པ་ནི་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ་མེ་ལོང་ལྟ་བུ་རྣམ་པར་དག་པ་ལས་ཡང་དག་པར་བྱུང་བའི་བདག་པོ་ནི་གཤིན་རྗེ་གཤེད་དེ། གཤིན་རྗེ་གཤེད་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པས་དབང་བསྐུར་བ་ཡིན་པ་སྔར་བཤད་པ་ཡིན་ཏེ། དེ་རྣམས་ནི་དེའི་རིགས་དང་ཡང་དག་པར་འབྲེལ་པ་ཡིན་པའི་ཕྱིར་རོ། །དེ་ཡང༌། རྣམ་པར་སྣང་མཛད་ཐུགས་གཙོ་བོ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འདོད་པའི་རྒྱལ་པོ་ལ་སོགས་པ་གསུངས་པ་ནི་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། །འདི་དག་ནི་མི་བསྐྱོད་པས་དབང་བསྐུར་བ་ཉིད་དེའི་རིགས་ལས་བྱུང་བ་ཡིན་པའི་ཕྱིར་རོ། །རིག་པའི་འཁོར་ལོ་ཞེས་བྱ་བ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །འདི་དག་སྲུང་བ་ལ་སོགས་པའི་བྱ་བ་རྣམས་ལ་ཡང་སྦྱར་བར་བྱའོ། །རྡོ་རྗེ་ཡེ་ཤེས་སྒྲུབ་པ་ཉིད་གསུངས་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྟེ། འགོག་པ་ནི་བགེགས་རྣམས་ཉེ་བར་གཅོད་པའོ། །ཁྲོ་བོའི་འཁོར་ལོ་དེ་ལས་ཁྲོ་བོའི་དཀྱིལ་འཁོར་དེས་སངས་རྒྱས་ཀྱི་འཁོར་ལོ་ངེས་པར་འཛིན་པ་ནི་དཀྱིལ་འཁོར་པའི་ལྷའི་འཁོར་ལོ་དང་ལྡན་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་མི་ཕྱེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །རྡོ་རྗེ་དཀྱིལ་འཁོར་


DTG038_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་མི་ཕྱེད་པའི་དཀྱིལ་འཁོར་ཏེ་དེ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལེའུ་བཅུ་གསུམ་པའི་འགྲེལ་པའོ།། །།

ལེའུ་བཅུ་བཞི་པ། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བ་སྔགས་ཀྱིས་འགུགས་པ་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་འགྲེལ་པ།


DTG038_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བཅུ་བཞི་པར་ཞི་བ་ལ་སོགས་པའི་ལས་རྣམས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བའི་དམ་ཚིག་མཆོག་ཅེས་བྱ་བ་ནི་ཞི་བའི་རྒྱུར་གྱུར་པའི་དམ་ཚིག་ནི་སྤྱན་ཏེ། དེའི་མཆོག་ནི་རྣམ་པར་སྣང་མཛད་ཡིན་པས་མིང་དེ་སྐད་ཅེས་བྱའོ། །སྤྱན་ལྟ་བུ་ཉིད་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་རིགས་ཀྱི་བདག་པོའི་ཏིང་ངེ་འཛིན་བཟུང་ནས་རིགས་དེ་ལས་བྱུང་བའི་སྔགས་བརྗོད་པ་ཅི་རིགས་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་བདག་ཉིད་ཅན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་སྤྱན་ཏེ། འདི་དག་གིས་ནི་སྒྲའི་བདག་ཉིད་ཅན་གྱི་སྔགས་སྤྱན་གཉིས་ཐ་མི་དད་པར་གསུངས་པ་ཡིན་ནོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ནི་དྲག་ཤུལ་བསྒྲུབ་པར་རྣམ་པར་དགོད་པ་རྣམས་ལ་ཇི་སྐད་བཤད་པའི་ཆོ་གས་ཞི་བ་བསྐྱེད་པར་བྱའོ། །ཞི་བའི་ལས་ནི་འདིའི་བྱ་བའི་གཙོ་བོ་ཡིན་པར་བཤད་ཀྱི་གཞན་དག་ལ་ཡང་ཁྱབ་པར་མཛད་པ་ཡིན་ནོ། །དེ་ཡང་འདི་ཉིད་ན་སྐུ་མདོག་སེར་པོ་བསམ་ཞིང་གདན་དང་གཞལ་ཡས་ཁང་ལ་སོགས་པའི་དབྱེ་བས་ཇི་ལྟར་མོས་པ་བཞིན་དུ་རྒྱས་པ་ལ་སོགས་པའི་ལས་རྣམས་ཀྱང་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ཏེ། ལྷ་ཐམས་ཅད་ནི་ལས་ཐམས་ཅད་མཛད་པ་ཡིན་པའི་ཕྱིར་རོ། །ལས་འདི་དག་ལ་ཆོ་ག་གང་གིས་སྦྱར་བར་བྱ་བདེ་ནི་ལེའུ་བཅུ་གསུམ་པ་ཉིད་དུ་བཤད་པ་ཡིན་ཏེ། དེའི་རྗེས་སུ་འབྲངས་ནས་གཞན་དག་ལ་ཡང་ཤེས་པར་བྱའོ། །རྡོ་རྗེ་དམ་ཚིག་བསྐུལ་མཛད་མ། །ཞེས་བྱ་བ་ནི་བ་སླང་བའི་ཚིགས་སུ་བཅད་པས་ནུར་ནུར་པོར་གྱུར་པ་ལས་རྡོ་རྗེ་འཆང་བ་སློང་བར་བྱེད་པའོ། །ཤི་བ་སོས་པར་བྱེད་པ་ཞེས་བྱ་བ་ནི་སྤྱན་གྱི་སྦྱོར་བ་ཆོ་ག་བཞིན་དུ་བྱས་ལ་རང་གི་སྔགས་དང་བསྒྲུབ་པར་བྱ་བའི་མིང་དང་སྤེལ་ཞིང་ཡི་གེ་གསུམ་གྱི་ནང་དུ་ཆུད་པར་བཟླས་ལ། ཤི་བ་སྔ་མ་བཞིན་དུ་རང་གི་སྙིང་གར་བཞག་ནས་རང་གི་སྙིང་གནས་སུ་གྲུབ་པའི་རྡོ་རྗེའི་ལྕགས་ཀྱུ་ཕྱུང་ལ་དེས་ཤི་བ་དེའི་


DTG038_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་སྲིང་པ་བར་མདོའི་བདག་ཉིད་ཅན་ནམ་སྐྱེ་གནས་སུ་ཆུད་པ། དྲི་མ་མེད་པའི་མར་མེ་མི་གཡོ་བ་ལྟ་བུར་བཀུག་ནས་སྙིང་གི་དབུས་དེར་བཅུག་ལ། མོ་ཧ་ར་ཏི་ཞེས་བྱ་བའི་སྔགས་བཀོད་ནས། སྔགས་ཀྱི་འོང་ཟེད་རྣམས་ཀྱིས་ལུས་དེ་མི་སྣང་བར་བྱས་ལ་བསྒྲུབ་པར་བྱ་བ་དེའི་མིང་གི་ཡི་གེ་དང་པོ་ལས་བསྐྱེད་པ་སྤྱན་ལྟ་བུར་ཡོངས་སུ་གྱུར་པར་བསམས་ལ། ཕུང་པོ་ལ་སོགས་པ་གང་བར་བྱས་ཏེ། དེའི་ལུས་ལ་ཕྲེང་བའི་སྔགས་འདིས་ཕྱི་དང་ནང་དུ་བར་མཚམས་མེད་པར་ཁྱབ་པར་གྱུར་པར་བསྒོམ་མོ། །དེ་ནས་སྔགས་ལས་སྔ་མ་བཞིན་དུ་སྤོས་པའི་འོད་ཟེར་གྱི་གོང་བུ་དང་པ་ལ་སོགས་པ་བྱས་པར་གྱུར་པས་ཤི་བ་འཚོ་བར་བྱེད་པ་ཡིན་ནོ། །མཱ་མ་ཀཱི་སྔགས་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་མཛད་པ་གསུངས་པ་ནི་རྡོ་རྗེ་སྲུང་བཞེས་བྱ་བ་ལ་སོགས་པ་སྟེ། འདི་ཡང་སྤྱན་བཞིན་དུ་བསྒྲུབ་པར་བྱའོ། །སྙིང་གར་དགོད་པའི་སྦྱོར་བ་ལ་ཡང་སྔ་མ་བཞིན་དུ་སྦྱར་བར་བྱའོ། །གལ་ཏེ་རོ་ལངས་ལ་སོགས་པ་བསྒྲུབ་པ་ལ་ནི་རང་གི་ལྷའི་སྦྱོར་བ་དང་ཇི་ལྟ་བ་བཞིན་དུ་ལྡན་པས། རང་གི་མགོ་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསྒྲེང་ནས་གནས་པ་མགོ་བོར་བསམས་ལ། དེའི་ལྟེ་ངར་མཱ་མ་ཀཱིའི་རྣམ་པར་བསྒོམས་ནས། ཡེ་ཤེས་ཀྱི་ལྷ་མོ་ཐུགས་ཀའི་ཟླ་བ་ལ་གནས་པ་ཕྲེང་བའི་སྔགས་བཀོད་ལ་དེ་ལས་བྱུང་ཞིང་ཟློས་པ་རྡོ་རྗེ་ཕྲ་མོ་སྤྲོས་པས་ཡན་ལག་ཐམས་ཅད་རྡོ་རྗེའི་གོ་བསྐོན་པར་བདག་ཉིད་བསྒོམས་ན་སྲུང་བ་གཞིག་ཏུ་མེད་པར་འགྱུར་རོ། །ལས་རྣམས་རྟག་ཏུ་རབ་བསྒྲུབ་པ། །ཞེས་བྱ་བ་ནི་སྤྱན་ལ་སོགས་པའི་ལས་རབ་ཏུ་སྒྲུབ་པར་བྱེད་པའོ། །རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་སེམས་དཔའོ། །དེ་ནི་འཇིགས་པས་ཉེན་པ་རྣམས་ལ་ཡང་འདི་ནི་སྟོབས་བྱེད་པ་ཡིན་ནོ། །དེ་བས་ན་གདོན་ཐམས་ཅད་ཀྱིས་འཇིགས་པ་རྣམས་ལ་ལས་ཐམས་ཅད་དུ་འདི་ནི་བཤད་མ་ཐག་པའི་ཚོགས་བསྲུང་བར་བྱའོ། །གོས་དཀར་མོའི་སྔགས་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །རྒྱས་པ་ནི་རྒྱས་བར་གྱུར་པ་ཉིད་དོ། །སྟོབས་ནི་སེམས་ཅན་ཉམ་ཆུང་བ་རྣམས་ལ་གང་སྟོབས་མཛད་པ་དང༌། མཛོད་


DTG038_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་ལྡན་པ་སྟེ། ཞི་བ་ལ་སོགས་པ་མཛད་པ་གང་ཡིན་པའོ། །དེ་ཡང་ཇི་ལྟར་གདན་སེར་པོ་ལ་སོགས་པའི་གོས་དཀར་མོའི་སྦྱོར་བ་བྱས་ལ། སྟོབས་དང་མི་འཇིགས་པ་ལ་སོགས་པ་འདོད་པ་རྣམས་སྔ་མ་བཞིན་དུ་ཡེ་ཤེས་ཀྱི་ལྷ་མོའི་སྙིང་གར་བཀོད་ལ། རང་གི་ཕྲེང་བའི་སྔགས་གདོན་པར་བྱ་ཞིང་སྔ་མ་བཞིན་དུ་སྤྲོ་བ་དང༌། འོད་ཟེར་གྱི་གོང་བུ་དབབ་པ་དང༌། དབང་བསྐུར་བ་ལ་སོགས་པ་བསྒོམ་པར་བྱའོ། །དེ་ནས་བསྒྲུབ་པར་བྱ་བ་རྒྱས་པར་འགྱུར་རོ། །བཟླས་པ་ཙམ་གྱིས་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་བསྒོམ་པ་སྔོན་དུ་འགྲོ་བའི་སྔགས་གདོན་པ་ཉིད་ཀྱི་སྟེ། ཕྱི་རོལ་ལ་ལྟོས་པ་མེད་པར་རོ། །སྒྲོལ་མའི་སྔགས་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་རྡོ་རྗེ་དང་སྡེ་ཆེན་པོ་ལ་སོགས་པ་དབང་དུ་བྱེད་པ་ཡིན་ནོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། སྒྲོལ་མའི་སྦྱོར་བ་སྐུ་མདོག་དང་རྒྱན་ལ་སོགས་པ་དམར་པོ་དང་ལྡན་པ། ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ལ་ཡེ་ཤེས་ཀྱི་ལྷ་མོའི་སྙིང་གའི་ཟླ་བར་སྔགས་ཀྱི་ཕྲེང་བའི་ཁ་དོག་དམར་པོ་མགོ་གྱེན་དུ་བལྟས་པ་བཀོད་ནས་དེའི་འོད་ཟེར་རྣམས་དང༌། ཡེ་ཤེས་ཀྱི་ལྷ་མོའི་སྙིང་གའི་པདྨ་ལ་གནས་པའི་ཡི་གེ་ཏཱཾ་གི་འོད་ཟེར་རྣམས་དང༌། རང་གི་མཚན་མ་དམར་པོ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་ཀྱང་བསྒྲུབ་པར་བྱ་བའི་སྐྱེས་བུ་དེའི་མིང་གི་ཡི་གེ་དང་པོ་ལས་བསྐྱེད་པའི་སྙིང་གའི་གནས་སུའོ། །བུད་མེད་ནི་པདྨར་ཡང་དག་པར་བསྐུལ་ལ། རང་གི་སྙིང་གའི་སྔགས་ཀྱི་ཕྲེང་བ་སྐྱེ་གནས་ལས་ཕྱུང་སྟེ། བསྒྲུབ་པར་བྱ་བའི་ཁར་བཅུག་ལ། དེའི་སེམས་ཟླ་བ་དམར་པོ་ལྟ་བུ་བླངས་ནས་ཕྱིར་ལོག་སྟེ། ཡེ་ཤེས་ཀྱི་ལྷ་མོའི་པདྨའི་ལམ་ནས་ཞུགས་པར་གྱུར་པར་བསམས་ལ་བཟླས་བརྗོད་བྱའོ། །བསྒྲུབ་པར་བྱ་བ་ཡང་སྙིང་ཕྲོགས་ཤིང་བརྒྱལ་བར་གྱུར་པས། རང་གི་རྐང་བའི་དྲུང་དུ་འབབ་པར་གྱུར་པར་བསམ་མོ། །དེ་ལྟར་ན་འདི་བྲན་དང་འདྲ་བར་འགྱུར་རོ། །འདིར་ཡང་སྭཱ་ཧཱའི་གནས་སུ་དབང་དུ་བྱེད་པའི་གནས་སྐབས་ལ་ཡི་གེ་ཧོཿཞེས་བྱ་བ་དང་སྦྱར་བར་བྱའོ། །གལ་ཏེ་མདའི་མཚན་མ་དང་ལྡན་པའི་ལྷ་མོས་ལས་འདི་བྱེད་ན་དེའི་ཚེ་མདའ་དེས་སྐྱེས་པའི་སྙིང་ག་དང༌། མགྲིན་པ་དབུག་པ་དང༌། བུད་མེད་ཀྱི་པདྨ་ཕུག་ལ་ལྷག་མ་རྣམས་ནི་སྔ་མ་བཞིན་དུ་བྱའོ་ཞེས་


DTG038_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་བྱ་བ་དག་དཔག་བར་བྱའོ། །གལ་ཏེ་ཡང་གཞན་དག་དབང་དུ་བྱེད་ན། དེའི་ཚེ་དབང་དུ་བྱེད་པར་འདོད་པ་དེ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་པདྨར་ཟླ་བ་ལ་བཀོད་ལ། ལེའུ་བཅུ་གསུམ་པ་ལས་གསུངས་པའི་སྟོབས་དབབ་པ་ལ་སོགས་པའི་ཆོ་ག་བྱས་ལ། དེ་ནས་ལས་འདི་དག་ཐམས་ཅད་ཀྱིས་ཀྱང་ཁ་བསྐང་བར་བྱའོ། །གཤིན་རྗེ་གཤེད་ཀྱི་སྔགས་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པའོ། །ཆོ་ག་ནི་འདི་ཡིན་ཏེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བས་བཟླས་པ་ལས་གསུངས་པའི་ཆོ་གས་དཔག་ཏུ་མེད་པ་བཟླས་ལ། དེ་ནས་ལྷས་རྗེས་སུ་གནང་ཞིང་བཟླས་བརྗོད་འབུམ་བྱས་ནས། ཇི་སྐད་དུ་གསུངས་པའི་བུང་མེད་ཀྱི་ཐོད་པ་བླངས་ལ། དེའི་དབུས་སུ་རླུང་གི་དཀྱིལ་འཁོར་ལ་གནས་པའི་པདྨ་འདབ་མ་བརྒྱད་པ་བྲིས་ཏེ། དེའི་ལྟེ་བར་དགུག་པར་བྱེད་པའི་བུད་མེད་ཀྱི་གཟུགས་བརྙན་གུར་ཀུམ་ལ་སོགས་པས་བྲིས་ནས། དེའི་སྙིང་གར་ཕྲེང་བའི་སྔགས་འདི་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཞེས་བྱ་བ་དང༌། བསྒྲུབ་པར་བྱ་བའི་མིང་དང་སྤེལ་ཞིང་སྭཱ་ཧཱའི་གནས་སུ་དགུག་པའི་གནས་སྐབས་སུ་ཡི་གེ་ཛཿཞེས་བྱ་བ་བྲི་བར་བྱས་ལ་དགུག་པར་བྱའོ། །ཐོད་པ་དེ་ཡང་རྣལ་འབྱོར་པའི་གཡས་བརྐྱང་བས་གནས་པས་ན། རྐང་པ་གཡོན་པ་བསྐུམ་པས་མནན་ལ་སྔགས་འདི་ལན་གཉིས་སམ་གསུམ་དུ་བརྗོད་པར་བྱའོ། །རང་རང་གི་སྔགས་ལས་བསྐྱེད་པའི་སྔར་བཤད་པའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་རླུང་གི་དཀྱིལ་འཁོར་ལ་གནས་པ་དེ་དགུག་པར་བྱའོ། །འོང་བའི་ཚེ་ཡང་འཚེ་བ་བཟློག་པར་བྱ་བའི་ཕྱིར། སྤྱན་གྱིས་ཇི་སྐད་གསུངས་པའི་ཆོ་ག་དང་པོའོ། །མཱ་མ་ཀཱི་ཡང་ཇི་སྐད་དུ་གསུངས་པའི་ཆོ་གས་བསྲུང་བར་སེམས་པར་བསྒོམ་པར་བྱ་སྟེ། དེ་ལྟར་ན་དེ་ནི་བུད་མེད་དགུག་པ་ཡིན་ནོ། །སྐྱེས་པ་དགུག་པ་ལ་ནི་སྐྱེས་པའི་ཐོད་པ་ལ་གཡོན་བརྐྱང་པས་རྐང་པ་གཡས་པས་མནན་པར་བྱ་སྟེ། ཁྱད་པར་ནི་དེ་ཡོད་དོ། །བགེགས་མཐར་བྱེད་ཀྱི་སྔགས་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་རྣམས་ཀུན་གྱི་སྦྱོར་བ་དང༌། །ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་ཚོགས་བསྒྲུབ་པ་ལ་བཅོམ་ལྡན་འདས་འདི་ཉིད་སྦྱར་བར་བྱ་སྟེ། བྱ་བ་ཐམས་ཅད་མཛད་པ་ཡིན་པའི་ཕྱིར་རོ། །ཁྱད་


DTG038_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་གསུངས་པ་ནི། རྡོ་རྗེ་བསྐྲད་པའི་ལས་རྣམས་ལ། །ཞེས་བྱ་བ་ལ་སོགས་པའོ། །ཚུལ་བཞིན་ཞེས་བྱ་བ་ལ་ཆོ་ག་ནི་འདི་ཡིན་ཏེ། བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བ་དང་ལྡན་པས་རོ་བསྲེགས་པའི་མེས་ཚིག་པའི་སོལ་བ་དང༌། མྱོས་པར་བྱེད་པའི་ཤིང་གི་སོལ་བ་དང༌། བ་བླ་དང༌། ཨ་རིཥྚའི་འདབ་མ་དང༌། དུག་དང༌། རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་རྣམས་གཅིག་ཏུ་བྱས་ལ་བཏགས་ཏེ། ཁྭའི་གཤོག་སྒྲོའི་སྨྱུ་གུས་དུར་ཁྲོད་ཀྱི་རས་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་རལ་གྲིའི་འཁོར་ལོ་རྩི་བས་བརྒྱད་པ་བྲིས་ལ། དེའི་ལྟེ་བར་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྲིས་ནས། དེའི་སྙིང་གར་ཕྲེང་བའི་སྔགས་ཆེ་གེ་མོ་ཨུཙྪ་ཊ་ཡ་ཞེས་བྱ་བ་འདི་དང༌། བསྒྲུབ་པར་བྱ་བའི་མིང་དུ་སྤེལ་བ་བྲིས་ལ། གཉི་ག་ཡང་དགུག་པར་བྱའོ། །བསྐུལ་བའི་ཚིག་དང་ལྡན་པར་བརྒྱ་རྩ་བརྒྱད་མངོན་པར་བཟླས་ལ། རས་དེ་མ་མོའི་གནས་ལ་སོགས་པར་བརྐོས་ལ་སྦ་བར་བྱའོ། །དེ་ལྟར་ན་སངས་རྒྱས་ཀྱི་དཔུང་དག་ཀྱང་སྐྲོད་པར་འགྱུར་རོ། །འདིར་ཡང་སྔོན་དུ་བསྙེན་པ་ལ་ཕྲེང་བའི་སྔགས་སྒྲ་ཇི་ལྟ་བ་བཞིན་དུ་བཟླ་བར་བྱའོ། །ལས་ཀྱི་ཚེ་ནི་མ་ཧཱ་ག་ཎ་པ་ཏི་ཛི་བི་ཏ་ཨནྟ་ཀ་རཱ་ཡ་ཞེས་བྱ་བ་བཏོན་ལ་དེའི་གནས་སུ་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བར་བྱའོ།། སྭཱ་ཧཱའི་གནས་དང་བསྐྲད་པའི་གནས་སྐབས་སུ་ཡི་གེ་ཧཱུཾ་དམ་ཕཊ་དམ་གཉི་ག་དང་སྦྱར་བར་བྱའོ། །དེ་བཞིན་དུ་གཞན་དག་ལ་ཡང་ལས་དང་རྗེས་སུ་མཐུན་པར་ས་བོན་གཞན་དག་ཡིན་པར་བལྟ་བར་བྱའོ། །དེ་ཡང༌། ཞི་དང་རྒྱས་དང་དབང་དང་དགུག །སྡང་དང་བསྐྲད་དང་མངོན་སྤྱོད་ལ། །ཨོཾ་སྭཱ་ཧཱ་ཧོ་ཛཿཧཱུཾ་ཧཱུཾ་ཕཊ། སྔགས་ཀྱི་མཐར་ཡང་བསྐུལ་བར་བྱ། །ཞེས་བཤད་པ་ཡིན་ནོ། །ཡང་ན་ཞེས་བྱ་བའི་སྒྲས་ནི་མིང་ཡང་སྤེལ་བར་བྱ་བ་དང༌། ཐོག་མ་དང་ཐ་མར་བསྐུལ་བར་བྱ་བ་འདི་བྱའོ་ཞེས་བྱ་བ་ནི་རྣམ་པ་གཞན་ཡིན་ནོ། །སྔགས་ཀྱི་ཚིག་རེ་རེ་ཞིང་མིང་དང་སྤེལ་བར་བྱའོ་ཞེས་བྱ་བ་འདི་ཡང་རྣམ་པ་གཞན་པ་གཅིག་ཡིན་ནོ། །གཞན་གྱིས་མི་ཐུབ་པའི་སྔགས་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་བཞིན་དུ་ཞེས་བྱ་བ་དེ་ལ་ཆོ་ག་ནི་འདི་ཡིན་ཏེ། ཁྲོ་བོ་གཞན་གྱིས་མི་ཐུབ་པའི་རྣལ་འབྱོར་པས་སྲིན་པོ་ལ་སོགས་པས་ཟིལ་གྱིས་མནན་པའི་བསྒྲུབ་


DTG038_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ལུས་ལས་སྲིན་པོ་ལ་སོགས་པ་ཡིད་ཀྱིས་བཀུག་སྟེ། རྐང་པ་གཉིས་ཐབས་དང་ཤེས་རབ་ཏུ་གྱུར་པས། མི་བསྐྱོད་པས་ཀུན་དུ་བཙིར་ལམ་ཉེ་བར་བྱ་ཞིང༌། ཆེ་གེ་མོ་རཀྵ་སིདྡྷི་བྷྱོ་མོ་ཙ་ཡ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པར་སྔགས་ཀྱི་ཚིག་འདོན་པར་བྱའོ། །དེ་ནས་དུ་ཞིང་ཡན་ལག་གཅོག་པ་ལ་སོགས་པའི་ཡིད་ཆེས་པ་སྟོན་པ་སྔོན་དུ་འགྲོ་བས་གཏོང་བར་འགྱུར་རོ། །འདི་ཉིད་ནི་སྦྲུལ་ལ་སོགས་པའི་དུག་ལ་ཡང་སྦྱར་བར་བྱའོ། །ཡང་ན་ངེས་འཛིན་པ་ཉིད་དུ་འདོད་ན། དེའི་ཚེ་དེའི་སྦྱོར་བ་ཉིད་ཀྱིས་མར་གྱི་ངོའི་ཚེས་བརྒྱད་དམ་བཅུ་བཞི་ལ་དུར་ཁྲོད་ཀྱི་སོལ་བས་འགེགས་ཏེ་ཤི་བའམ། མཚོན་གྱིས་བསད་པ་གང་ཡང་རུང་བའི་ཐོད་པ་ལ་ཡི་གེ་ཧཱུཾ་ལས་བྱུང་བ། འཇིགས་སུ་རུང་བའི་མཆེ་བ་གཙིགས་པ། སྐྲ་གྱེན་དུ་བརྗེས་ལ། ལག་པ་གཡས་པར་རོ་ལངས་ཀྱི་ཆུ་གྲི་ཐོགས་པ། གཡོན་པ་སྡིགས་མཛུབ་བྱེད་པའི་སྲིན་པོ་བྲིས་ལ། དེའི་སྙིང་གར་དུག་དང་རུས་པའི་ཕྱེ་མ་དང༌། མཐེའུ་ཆུང་གི་ཁྲག་གིས་ཆེ་གེ་མོ་གྲྀཧྞ་ཧཱུཾ་ཕཊ་ཅེས་བྱ་བའི་ཚིག་དང་ལྡན་པའི་སྔགས་བྲི་བར་བྱའོ། །ཐོད་པ་གཉིས་པར་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་དང༌། རོ་བསྲེགས་པའི་ས་དང༌། ཐལ་བ་དང༌། སྭོལ་བ་དང་རྡོ་རྗེ་ཆུ་དང་བསྣོས་པས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ལ། དེའི་སྙིང་གར་དུག་དང་རུས་པའི་ཕྱེ་མ་དང༌། མཛུམ་མོའི་ཁྲག་དང༌། མིང་དང་སྔགས་སུ་བཅས་པ་བྲིས་པའི་ཏཱ་ལའི་ལོ་མར་བཅུག་ལ། གཉི་ག་ཡང་བཀུག་སྟེ། བསྒྲུབ་པར་བྱ་བའི་གཟུགས་བརྙན་དེའི་འོག་ཏུ་གཞག་པར་བྱས་ལ། དེས་མནན་ཅིང་བཟུང་བར་བསམས་ལ། བསྒྱིངས་པ་དང་བཅས་པས་སྔགས་དུར་ཁྲོད་དུ་ནམ་ཕྱེད་ན་བཟླས་བརྗོད་བྱའོ། །དེས་ན་འདི་དེས་གཟུང་བར་འགྱུར་རོ། །བྲི་བ་འདི་ཉིད་ཀྱིས་ནི་སྦྲུལ་ལ་སོགས་པས་ཀྱང་འཛིན་པ་ཡིན་ནོ། །རྟ་མགྲིན་གྱི་སྔགས་བཤད་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དུག་བསལ་བའི་ཆོ་ག་ནི་འདི་ཡིན་ཏེ། རྟ་མགྲིན་སྐུ་མདོག་དཀར་པོའི་རྣལ་འབྱོར་པས་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་དཀར་པོ་བཀོད་དེ། དེའི་འོད་ཟེར་རྣམས་ཀྱིས་ཡན་ལག་ཐམས་ཅད་ལ་གནས་པའི་དུག་རབ་ཏུ་སྦར་ལ། ལག་པ་གཡས་པར་ཡི་གེ་ཧཱུཾ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་


DTG038_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྟེ་བ་ལ་ཧཱུཾ་དཀར་པོ་འོད་ཟེར་རྣམ་པར་འཕྲོ་བ་བདུད་རྩི་འབབ་པར་བསམས་ལ། དེས་མིང་གི་ཡི་གེ་དང་པོ་ལས་བྱུང་བ་བསྒྲུབ་པར་བྱ་བའི་ལུས་ལས་དུག་ནག་པོས་ཁྱབ་པ་གཞན་དུ་བླངས་ལ། བདུད་རྩི་དཀར་པོའི་འོད་ཟེར་བསྡུས་པས་བསྒྲུབ་པར་བྱ་བ་དུག་དང་བྲལ་བར་བསྒོམ་པར་བྱའོ། །མིང་དང་བཅས་པའི་ཕྲེང་བའི་སྔགས་ཟློས་ཤིང་བྱབ་པར་ཡང་བྱ་སྟེ། དེ་ནས་དུག་དང་བྲལ་བར་འགྱུར་རོ། །ཁྲོ་བོ་དབྱིག་སྔོན་གྱི་སྔགས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ནི་ཆོ་ག་ནི་འདི་ཡིན་ཏེ། དབྱིག་སྔོན་གྱི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ་ཤ་ཆེན་པོ་དང༌། དུར་ཁྲོད་ཀྱི་སོལ་བ་དང༌། གྲོག་མཁར་གྱིས་དང༌། ཕུབ་མ་དང༌། བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་ལས་གཟུགས་བརྙན་བྱས་ལ། དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང་རམས་ཀྱིས་རྡོ་རྗེ་རྒྱ་གྲམ་ལ་གནས་པའི་མེའི་དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ་པར་བྱ་བའི་མིང་དང་སྤེལ་ཏེ། མངོན་སྤྱོད་ཀྱི་གནས་སྐབས་སུ་སྭཱ་ཧཱའི་གནས་སུ་ཡི་གེ་ཧཱུཾ་བཀོད་ལ་སྔགས་བྲིས་ཏེ་དེའི་སྙིང་གར་བཅུག་ནས་བཀུག་སྟེ། ཐོད་པ་གཉིས་ཀྱི་ནང་དུ་གཞུག་པར་བྱས་ལ། ཤིན་ཏུ་ཁྲོས་པ་དང༌། རྐང་པ་གཡོན་པས་མནན་ཏེ། རྡོ་དང་རུས་པ་དང༌། ནིམ་པའི་འདབ་མའི་སྦྱིན་སྲེག་ཉི་མ་གུང་ངམ་ནམ་ཕྱེད་ན་བྱ་ཞིང་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱ་བ་ཉིན་ཞག་བདུན་གྱི་བར་དུ་བྱས་ན་འཆི་བར་འགྱུར་རོ། །དེ་ལྟར་ན་ཡང་གྲུབ་པར་མ་གྱུར་ན། དུར་ཁྲོད་དུ་སྔོན་ལ་མཚན་ཕྱེད་ཀྱི་དུས་སུ་རོ་བསྲེགས་པའི་ཐལ་བ་ལ་མེ་ཐབ་གྲུ་གསུམ་བྱས་ལ། ནིམ་པའི་ཤིང་གིས་མེ་སྦར་ནས་བཀུག་སྟེ། དེའི་དབུས་སུ་ཤིན་ཏུ་ཞལ་རྣམ་པར་འགྱུར་བའི་ཁྲོ་བོའི་རྒྱལ་པོ་བསམས་ལ། གཟུགས་བརྙན་གྱི་རྐང་པ་གཡོན་པ་ནས་བརྩམས་ཏེ། མཚོན་རྣོན་པོས་བཅད་ལ། ཁྲོ་བས་ནོན་པས་ཆེ་གེ་མོ་མཱ་ར་ཡ་ཞེས་བྱ་བའི་བསྐུལ་བའི་ཚིག་དང་བཅས་པའི་སྔགས་ཁྲོ་བོའི་ཚིག་གིས་བཟླས་བརྗོད་བྱ་ཞིང་དེའི་ཞལ་དུ་སྦྱིན་སྲེག་བྱའོ། །དེ་ནས་མཚན་མོ་དེ་ཉིད་ལ་དེ་འཆི་བར་འགྱུར་རོ། །ཁྲོ་བོ་སྟོབས་པོ་ཆེའི་སྔགས་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི་སྔར་བཤད་པའི་ཆོ་གས་བཟླས་བརྗོད་འབུམ་


DTG038_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། ཇི་སྐད་དུ་གསུངས་པའི་སྦྱོར་བས་ཞི་བ་ལ་སོགས་པའི་ལྷ་ཐམས་ཅད་ཀྱི་ལས་རྣམས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆུ་ཡི་དཀྱིལ་འཁོར་འབེབས་པར་བྱེད། །ཅེས་བྱ་བ་ལ་འདིར་ཆོ་ག་ནི་འདི་ཡིན་ཏེ། ཆར་འབེབས་པའི་གནས་སྐབས་སུ། སྟོབས་པོ་ཆེའི་རྣལ་འབྱོར་ཐམས་ཅད་དམར་བོར་བསམས་ལ། བཟླས་བརྗོད་འབུམ་བྱས་ནས། ཁམ་ཕོར་སོ་མ་བཏང་བ་ལ་རལ་གྲིའི་འཁོར་ལོ་རྩིབས་བརྒྱད་ལ་གནས་པའི་པདྨ་འདབ་མ་བརྒྱད་པ་རམས་ཀྱི་ཁུ་བས་མདུང་ཅན་མའི་སྔགས་ཨོཾ་ཤཱུ་ལི་ནི་ནཱཾ་སྭཱ་ཧཱ་ཞེས་བྱ་བ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་ནཱཾ་དང་སྤེལ་བ་བྲིས་ལ། སོ་མ་བཏང་བའི་ཁམ་ཕོར་གཉིས་པས་ཁ་སྦྱར་བྱས་ཏེ། སྲད་བུ་སྔོན་པོས་ཀུན་དུ་དཀྲིས་ལ། མདུང་ཅན་མས་ཀླུ་བཀུག་སྟེ། ལེགས་པར་མཆོད་ལ། ཀླུ་གནས་པའི་མཚོ་ལ་སོགས་པར་ཁ་སྦྱར་གྱི་ཁམ་ཕོར་དེ་གཞུག་པར་བྱའོ། །གཞན་དུ་ན་སྐྱེ་བོ་མེད་པའི་ས་ཕྱོགས་སུ་མེའི་དཀྱིལ་འཁོར་ལ་རླུང༌། དེའི་སྟེང་དུ་ཆུ་དེར་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་ལྟེ་བ་ལ་ཆུ་ལྷ་སྐྱེས་བུའི་གདོང་དང་ལྡན་པ། གདངས་ཀ་བདུན་པ་ལག་ན་ཀླུའི་ཞབས་པ་ཐོགས་པ་དཀར་པོ་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་འདབ་མ་ལ་ནི་མཐའ་ཡས་ཏེ་ལྗང་གུའོ། །ལྷོར་ནི་ནོར་རྒྱས་ཏེ་དཀར་པོའོ། །ནུབ་ཏུ་ནི་འཇོག་པོ་སྟེ་དམར་པོའོ། །བྱང་དུ་ནི་ཀརྐོ་ཊ་སྟེ་ནག་པོའོ། །མེའི་ཕྱོགས་དང་བདེན་བྲལ་གྱི་ཕྱོགས་གཉིས་སུ་ནི་པདྨ་དང༌། པདྨ་ཆེན་པོ་སྟེ་སྐྱེ་བོའོ། །རླུང་གི་ཕྱོགས་སུ་ནི་དུང་སྐྱོང་སྟེ་སེར་པོའོ། །དབང་ལྡན་གྱི་ཕྱོགས་སུ་ནི་རིགས་ལྡན་ཏེ་སྣ་ཚོགས་པའི་མདོག་ཅན་ནོ། །དེ་ལྟར་ཀླུའི་དཀྱིལ་འཁོར་བྲིས་ནས། ཡི་གེ་ནཱཾ་གིས་ཀླུ་ཐམས་ཅད་བསམས་ལ་བསྔོ་ཞིང་བསྐ་བ་དང༌། འོ་མ་དང༌། བུ་རམ་ལ་སོགས་ཀླུ་ལ་འོས་པའི་བཤོས་སྦྱིན་པར་བྱ་སྟེ། ཛཿདང་སྤེལ་བའི་ཡི་གེ་ནཱཾ་གྱིས་བཀུག་ལ། རང་རང་གི་གནས་སུ་བཞུགས་པར་བསམས་ནས་ལེགས་པར་མཆོད་དེ་འདི་སྐད་དུ། ཀླུ་ཆེན་པོ་ཁྱེད་རྣམས་ཀྱིས་བདག་ལ་དགའ་བ་དང༌། བཅོམ་ལྡན་འདས་ཀྱི་བཀས་ཆར་ཕོབ་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་ཀླུ་རྣམས་ཆར་གྱི་རྒྱུན་རབ་ཏུ་འབེབས་པར་བསམས་ཤིང༌། བཟླས་བརྗོད་བྱས་ན་དེ་ནས་ཀླུ་དེ་རྣམས་བཅོམ་ལྡན་འདས་ཀྱི་


DTG038_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བཀས་ཆར་འབེབས་པར་འགྱུར་རོ། །དེ་ལྟ་ན་ཡང་ཆར་མི་འབེབས་ན། མེ་ཐབ་ཟླུམ་པོར་སྟོབས་པོ་ཆེ་དེ་བཞིན་དུ་དཀྱིལ་འཁོར་བྲིས་ཏེ། སྤྱན་དྲང་བ་ནས་སྔོན་དུ་འགྲོ་བས་འོག་ནས་བཤད་པའི་སྦྱིན་སྲེག་གི་ཐབ་ཀྱི་ཆོ་གས་ཀླུ་ཐམས་ཅད་ཀྱི་ལྕེའི་དབུས་སུ་ཡི་གེ་ནཱཾ་བཀོད་ལ་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་བུ་རམ་དང༌། འོ་མ་དང༌། མར་གྱི་དགང་བླུགས་གསུམ་བྱིན་ཏེ། བུ་རམ་ལ་སོགས་པ་ཅི་འདོད་པར་སྦྱིན་སྲེག་བྱའོ། །དེ་ནས་ཚིམ་པས་ཆར་འབེབས་པར་འགྱུར་རོ། །དེ་ལྟ་ན་ཡང་ཆར་འབེབས་པར་མི་བྱེད་ན་མངོན་སྤྱོད་བྱ་སྟེ། རྣམ་པ་ཐམས་ཅད་དུ་ནག་པོའི་སྟོབས་པོ་ཆེའི་རྣལ་འབྱོར་པས་གྲོག་མཁར་དང༌། ཆུ་བོའི་ངོགས་གཉིས་ཀྱིས་བཤང་བ་དང༌། གཅི་བ་དང་བསྣོས་པ་ལས་ཀླུའི་གཟུགས་བརྙན་བྱས་ཏེ། དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང༌། སྐེ་ཚེ་དང་ལན་ཚྭ་དང༌། ཡུངས་མར་གྱིས་རལ་གྲིའི་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ་དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བྲིས་ཏེ། འདབ་མ་བརྒྱད་དུ་ཀླུ་བརྒྱད་ཁྱད་པར་གྱི་སྙིང་པོའམ། ཡི་གེ་ནཱཾ་གིས་སོ་སོའི་སྔགས་སྤེལ་ཏེ། དེའི་ལྟེ་བ་ལ་ཆུ་ལྷའི་བཾ་ཉིད་ཇི་ལྟ་བ་བཞིན་དུ་བྲིས་ལ། བཀུག་ནས་གཟུགས་བརྙན་དེའི་ཁར་བཅུག་ལ། ཡན་ལག་ཐམས་ཅད་ཚ་བ་གསུམ་དང༌། སྐེ་ཚེ་ལ་སོགས་པས་བྱུགས་ཏེ། མེ་ལ་གདུངས་ནས་སྔགས་བརྗོད་ན་ངེས་པར་ཆར་འབེབས་སོ། །དེ་ལྟར་ན་ཡང་ཆར་མི་འབེབས་ན་དེ་བཞིན་དུ་ཡང་ས་ལ་ཀླུའི་དཀྱིལ་འཁོར་བྲིས་ཏེ། སྟོད་གཡོགས་དང༌། སྨད་གཡོགས་དང༌། ཟེའུ་ཀ་སྔོན་པོ་བགོ་བའམ། གོས་དམར་པོ་གཅིག་བགོ་བའམ། གཅེར་བུས་ཉི་མའི་དཀྱིལ་འཁོར་འབར་བ་ལ་གནས་པའི་རྡོ་རྗེས་བྱིན་གྱིས་བརླབས་པའི་རྐང་པ་གཡོན་པས་དཀྱིལ་འཁོར་དེ་ན་གནས་པའི་ཀླུ་གན་རྐྱལ་དུ་འདུག་པ་མནན་པ་དང་སྐྲག་སྟེ། གདེངས་ཀ་བསྒྱིངས་པ་ཁ་གྱེན་དུ་བལྟས་པས་ཡི་གེ་ཕུཿཞེས་བྱ་བས་ནམ་མཁའ་ཁྱབ་ཅིང་ཁྲག་སྐྱུག་པའི་ཆར་འབེབས་པས་རྒྱ་མཚོར་བྱེད་པར་གྱུར་པར་བསམས་ལ། ཚིག་རེ་རེའི་མཐར་ནཱཾ་དང་སྤེལ་བའི་ཕྲེང་བའི་སྔགས་བཟླས་པར་བྱ་སྟེ། དེས་ན་དེ་རྣམས་ཆར་འབེབས་པར་འགྱུར་རོ། །དེས་ཀྱང་ཆར་འབེབས་པར་མ་གྱུར་ན། མེ་ཐབ་གྲུ་གསུམ་བྱས་ལ། དེའི་དབུས་སུ་སྟོབས་པོ་ཆེ་བསམས་ནས། སྨེ་ཤ་ཅན་


DTG038_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མེ་བླངས་ཏེ། ཡི་གེ་ཕུཿཞེས་བྱ་བས་སྦར་ཏེ་ཀླུའི་གཟུགས་བརྙན་དུག་དང༌། ལན་ཚྭ་དང༌། དྷ་དུ་ར་དང༌། སྐེ་ཚེ་ལས་བྱས་པ་ཕྲེང་བའི་སྔགས་ཟློས་ཤིང་ལག་པ་གཡོན་པས་མཇུག་མའི་རྩེ་མོ་ནས་བརྩམས་ཏེ། མཚོན་རྣོན་པོས་བཅད་ལ་སྦྱིན་སྲེག་བྱ་སྟེ། བཤང་བ་དང་གཅི་བས་ལུས་ལ་བྱུགས་ཤིང༌། སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན། ཆར་འབེབས་པར་འགྱུར་རོ། །དེ་ལྟ་བུས་ཀྱང་ཆར་འབེབས་པར་མ་གྱུར་ན་ཉེས་པ་འདི་ནི་སྟོབས་པོ་ཆེ་ཉིད་ཀྱི་ཡིན་ནོ་ཞེས་ཏེ། སྔར་བཤད་པའི་རྫས་རྣམས་ཀྱིས་སྟོབས་པོ་ཆེའི་གཟུགས་བརྙན་བྱས་ལ། དཔལ་གནོད་མཛེས་ཀྱི་སྦྱོར་བ་དང་ལྡན་པས་དགུག་པ་སྔོན་དུ་འགྲོ་བ་དང༌། རྐང་པ་གཡོན་པས་དེ་བཞིན་དུ་མནན་ཏེ། མ་ཧཱ་བ་ལ་བར་ཥཱ་པ་ཡ་ཤཱི་གྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པར་ཧཱུཾ་བཞི་དང་ལྡན་པའི་གནོད་མཛེས་རྒྱལ་པོའི་སྔགས་བཟླས་བརྗོད་བྱའོ། །དེ་ནས་ཁྲོ་བོ་དཔལ་གནོད་མཛེས་མངོན་སྤྱོད་ཀྱི་ཐབ་ཁུང་ལ་བཞུགས་པ་ཞལ་གདངས་པའི་ལྗགས་ལ་ཡི་གེ་ཧཱུཾ་བསམས་ཏེ། གཟུགས་བརྙན་གཏུབ་ཅིང་གཏུབ་ཅིང་དེའི་ཞལ་དུ་སྦྱིན་སྲེག་ཁྱི་བྱའོ། །དེ་ནས་སྟོབས་པོ་ཆེས་ཆར་འབེབས་པར་མཛད་པར་རྗེས་སུ་མྱོང་སྟེ། རྣལ་འབྱོར་པ་ཐམས་ཅད་ཀྱི་རབ་ཏུ་གྲགས་པ་ཡིན་ནོ། །དེ་ནས་ཀླུ་ཐམས་ཅད་དང༌། སྟོབས་པོ་ཆེ་ལ་ཞི་བ་བྱ་བའི་ཕྱིར། མེ་ཐབ་ཟླུམ་པོ་ལ་གནས་པའི་སྤྱན་མ་དཀར་པོ་ཞི་བའི་ཞལ་དུ་དེའི་སྔགས་དང༌། ཞི་བའི་ཆོ་གས་མར་དང་འོ་མ་ལ་སོགས་པའི་སྲེག་བླུགས་ཁྲི་དབུལ་བར་བྱའོ། །དེ་བས་ན་བཅོམ་ལྡན་འདས་མ་ཡུམ་འདི་ནི་སངས་རྒྱས་རྣམས་ཀྱི་ཞི་བ་བསྐྱེད་པ་ཡིན་ནོ། །འདོད་པའི་རྒྱལ་པོའི་སྔགས་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཊཀྐིའི་རྣལ་འབྱོར་པས་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ལ་བསྒྲུབ་པར་བྱ་བའི་གཟུགས་བརྙན་གཤིན་རྗེ་གཤེད་ཀྱི་སྦྱོར་བར་གསུངས་པའི་ཐོད་པར་བཞག་སྟེ་བཀུག་ལ་ཐོད་པ་དེ་གཡོན་བརྐྱང་བའི་གཡས་པའི་རྐང་པས་མནན་ནས་ཊཀྐིའི་སྔགས་སྤེལ་བ་དང་བཅས་པར་བཟླས་བརྗོད་བྱའོ། །སྔ་མ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་དགུག་པར་ཡང་བྱའོ། །མི་གཡོ་བའི་སྔགས་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁ་སྦྱར་ལུས་སུ་ཞེས་བྱ་བ་ནི་


DTG038_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་མ་དང་བཅས་པའོ། །དེ་ཡང་མི་གཡོ་བའི་རྣལ་འབྱོར་པས་སྐྱེས་པའི་ཐོད་པ་སྐྱོན་མེད་པ་བླངས་ལ་དེར་རྐང་པ་གཡས་པའི་སོར་མོའི་ཁྲག་དང༌། ལན་ཚྭ་དང་ཡུངས་མར་དང༌། སྐེ་ཚེ་ལ་སོགས་པས་ལྷ་ཆེན་པོ་ལ་སོགས་པའི་གཟུགས་བརྙན་རང་གི་ཆུང་མ་དང་བཅས་པ་སྔ་མ་བཞིན་དུ་བྲིས་ལ་བཀུག་སྟེ། ཐོད་པ་དེ་རྐང་པ་གཡས་པས་མནན་ནས། སྔ་མ་བཞིན་དུ་ལྕགས་ཀྱུས་བསྒྲུབ་པར་བྱ་བ་འགུགས་བཞིན་པར་བསམས་ལ་བསྐུལ་བ་དང་བཅས་པར་སྔགས་བརྗོད་པར་བྱའོ། །དེ་ནས་ཆུང་མ་དང་བཅས་པ་ཉིད་དུ་ཁུགས་བར་འགྱུར་རོ། །གནོད་མཛེས་ཀྱི་སྔགས་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་མཛེས་ཀྱི་རྣལ་འབྱོར་པས་མཚན་ཉིད་དང་ལྡན་པའི་བུད་མེད་ཀྱི་ཐོད་པ་བསྒྲུབ་པར་བྱ་བའི་བུ་མོ་རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་གིས་བྲིས་པ་དེའི་བྷ་གར་རྐང་པ་གཡོན་པས་མནན་ཏེ། སྔ་མ་བཞིན་དུ་ལག་པ་གཡས་པར་གནས་པའི་ལྕགས་ཀྱུས་སྙིང་གར་ཕུག་སྟེ། ཞགས་པས་བཅིངས་ལ། ཕྲེང་བའི་སྔགས་ཚིག་རེ་རེ་ཞིང་ངམ། སྔགས་བསྐུལ་བའི་ཚིག་དང་བཅས་པར་བཟླ་ཞིང་དགུག་པར་བྱའོ། །དགུག་པར་བྱ་བར་གཏོགས་པ་ནི་བསྒྲུབ་པར་བྱ་བའི་སེམས་འགག་ཅིང་རྣམ་པར་འཇིག་པའི་བསྒྲུབ་པར་བྱ་བའི་ལས་རྣམས་ཀྱང་མངོན་སྤྱོད་ཉིད་དུ་གཏོགས་པ་ཡིན་ནོ། །དེ་ནས་ཕཊ་ཅེས་བྱ་བ་འདི་ཡང་གལ་ཏེ་མ་བོར་དུ་ཟིན་ཀྱང་ཉེས་པ་མེད་དོ། །དེ་ལྟར་སྔགས་ཀྱི་རྒྱུད་དང་ལྡན་པའི་ལས་གསུངས་ནས། བསམ་གཏན་ལས་སྐྱེས་པ་ཉིད་ཀྱི་དགུག་པ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དམ་ཚིག་ཆེན་པོའི་སེམས་དཔའི་ནི་ཐུགས་རྡོ་རྗེ་སྟེ། དེ་འབྱུང་བ་དབྱེར་མེད་པར་གང་ལས་གྱུར་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་འཛིན་པ་ལྟ་བུའི་ཏིང་ངེ་འཛིན་ཏེ། །དམ་ཚིག་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེའི་སྐུ་ལ་སོགས་པ་ལས་སོ། །གསུང་ཉིད་ནི་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་གོ །དེ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་ཚིག་དེ་གསུང་དེ་ཉིད་ཕྱུང་ངོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། འདིའི་སྐུ་གསུམ་ལ་རྡོ་རྗེ་སེམས་དཔའང་རྣམ་པར་བསྒོམ་ཞིང་ལྷག་པར་མོས་པར་བྱའོ། །དེ་བྱས་ནས་རང་གི་སྙིང་ག་ནས་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་ལ་སོགས་པ་དང་ལྡན་པའི་


DTG038_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་སྤྲོས་པས་སངས་རྒྱས་རྣམས་ཀྱི་བར་དུ་ཡང་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་སྐུ་ནི་རྣམ་པར་སྣང་མཛད་དོ། །གསུང་ནི་འོད་དཔག་ཏུ་མེད་པ་སྟེ། དེ་དག་ལས་གང་ཡང་རུང་བའི་སྦྱོར་བས་འཁོར་ལོའི་ཞེས་བྱ་བ་ལྷའི་དཀྱིལ་འཁོར་གྱི་རབ་ཏུ་སྦྱོར་བ་ཡེ་ཤེས་འཁོར་ལོའི་ལྕགས་ཀྱུ་དང་པདྨའི་ལྕགས་ཀྱུས་གོ་རིམས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་སེམས་དཔའ་ཡང་འགུགས་བར་འགྱུར་རོ། །གང་གིས་ཤེ་ན། ཅི་རིགས་པར་རྡོ་རྗེ་གསུམ་དང་འབྲེལ་བའི་འཁོར་ལོ་དང༌། པདྨ་དང་རྡོ་རྗེ་ཆེན་པོ་དང་རྡོ་རྗེ་ལྕགས་ཀྱུ་ཉིད་དུ་ལྷག་པར་མོས་པས་སྔགས་རྣམས་ཐམས་ཅད་དེ། ལྷ་ཐམས་ཅད་དགུག་པར་བྱའོ། །མི་བསྐྱོད་པ་ལ་སོགས་པ་རྣལ་འབྱོར་པ་གསུམ་གྱིས་དགུག་པའི་ཆོ་ག་གསུངས་ནས། གཞན་རྣམས་ཀྱིས་ཀྱང་གསུངས་པ་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། རང་གི་སྔགས་ཀྱི་སྐྱེས་བུ་སྟེ། རང་གི་འདོད་པའི་ལྷ་འཁོར་ལོ་དང་ལྡན་པར་བསྒོམས་ལ། རང་གི་སྙིང་ག་ནས་འདོད་པའི་རྒྱལ་པོའི་བཀའ་དང༌། རྡོ་རྗེ་ལྕགས་ཀྱུ་དང་ལྡན་པའི་ལྷའི་སྤྲོས་པའི་སྦྱོར་བས་བུ་མོ་དགུག་པར་བྱའོ། །དགུག་པར་བྱ་བ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་དགུག་པ་འདི་དག་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །རླུང་གི་དཀྱིལ་འཁོར་དེར་ཟླ་བའི་དཀྱིལ་འཁོར་རྣམ་པར་སྣང་མཛད་ཀྱི་རང་བཞིན་བསྒོམས་ལ། ཤ་ཙི་ཞེས་བྱ་བ་སྤྱན་དང༌། མཱ་མ་ཀཱི་སྔར་བཤད་པའི་བསྲུང་བ་ལ་སོགས་པའི་ཆོ་གས་བཀུག་བཞིན་པ། བདུད་རྩིའི་རྒྱུན་འཛག་པར་བསམ་པར་བྱའོ། །འགུགས་པའི་སྔགས་ཀྱང་ལན་ལྔ་བཅུའི་བར་དུ་བརྗོད་ན་ངེས་པར་འགུགས་པར་འགྱུར་རོ། །འདོད་པའི་རྒྱལ་པོའི་སྦྱོར་བས་དགུག་པ་གསུངས་པ་ནི་རྡོ་རྗེ་ཀྱོ་བ་ཞེས་བྱ་བ་ལ་སོགས་པ་སྟེ། མི་ཕྱེད་པའི་ལྕགས་ཀྱུ་ནི་འདོད་པའི་རྒྱལ་པོའི་མཚན་མའོ། །དེས་ཉེ་བར་མཚོན་པའི་གཟུགས་ཆེན་པོ་ཞེས་བྱ་བ་འདོད་པའི་རྒྱལ་པོའི་ཕྱག་རྒྱ་ཆེན་པོ་བསམས་ལ། ནམ་མཁའི་བུ་མོ་ཞེས་བྱ་བ་ལྷ་ལ་སོགས་པའི་བུ་མོ་དགུག་པར་བྱའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་ལ་གནས་པར་བསྒྲུབ་པར་བྱ་བ་དགུག་པར་བྱའོ་ཞེས་སྟོན་ཏོ། །གནོད་མཛེས་ཀྱི་སྦྱོར་བས་ཀྱང་དགུག་པ་གསུངས་པ་ནི་རང་གི་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་ཁྲོ་བོ་ནི་རྡོ་རྗེར་


DTG038_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིང་འདའ་བར་བྱ་བ་མ་ཡིན་པ་དང༌། རྡོ་རྗེ་ས་འོག་གནས་པ་དག །ཅེས་བྱ་བ་གནོད་མཛེས་རྒྱལ་པོ་བསམས་ལ། །ཤཱུ་ལ་དང་རྡོ་རྗེ་ཀྱོ་བ་ལ་སོགས་པ་དང་ལྡན་པའི་ལྷ་རྣམས་སྤྲོས་པས་ལྷ་མ་ཡིན་ལ་སོགས་པའི་བུ་མོ་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མཚན་མ་ཐོབ་པས་ལྷ་གང་ཡང་རུང་བའི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་པས་བཙག་གམ། རྡོ་རྒྱུས་ཟླ་བ་གཟས་ཟིན་པའི་ཚེ་ཁར་བཅུག་ནས་དེར་ཡང་རྡོ་རྗེ་ལྕགས་ཀྱུ་དང་ལྡན་པའི་ལྷ་མོའི་གཟུགས་སུ་བསྐྱེད་པ་དེ་ཁོ་ན་ཉིད་གསུམ་གྱིས་བྱིན་གྱིས་བརླབས་ཏེ། དེ་ལས་བྱུང་བའི་ལྷ་རྣམས་སྤྲོས་པས་ནམ་མཁའི་ཁམས་བཀང་ལ། ཡང་དག་པར་བསྡུས་ནས། གནས་སུ་བརྟན་པར་གྱུར་ཅིང་རྗེས་སུ་མཉེས་པར་བྱས་པ། ཇི་སྲིད་ཟླ་བ་བཏང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱ་སྟེ། དེས་ན་འགྲུབ་པར་འགྱུར་རོ། །དེ་ནས་ཚངས་པ་ལ་སོགས་པ་རང་གི་མིང་བྲིས་པ་ཙམ་གྱིས་འོང་བར་འགྱུར་རོ།། རྣམ་པའི་མཆོག་ནི་ཀུན་ལྡན་པ། །ཞེས་བྱ་བ་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་འཇམ་པའི་རྡོ་རྗེར་བདག་ཉིད་ལྷག་པར་མོས་པའི་དབང་གིས་བསྒོམས་ནས་གནོད་སྦྱིན་མོ་དགུག་པར་བྱ་སྟེ། སྤྱི་བོར་གཤིན་རྗེ་གཤེད་དང༌། རྡོ་རྗེ་ལྕགས་ཀྱུ་སྤྲོ་བའི་བདག་ཉིད་ཅན་བསྐལ་པ་བསྲེག་པའི་འཁོར་ལོ་ཆེན་པོའི་གཟུགས་ཅན་བསྒོམས་ནས། གནོད་སྦྱིན་མོ་དེ་བཀུག་ལ་ཉེ་བར་སྤྱད་པར་བྱ་སྟེ། གནོད་སྦྱིན་མོའི་སྔགས་དང༌། རྒྱུད་ཅེས་བྱ་བ་ལ་སོགས་པ་འོག་ནས་བཤད་པ་ཡིན་ནོ། །སྔགས་ཀྱི་ཁྱད་པར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དབྱེ་བ་སྟེ། དེ་ལྟར་ན་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་དུ་རང་རང་གི་སྔགས་ཀྱི་དབྱེ་བ་གང་ཡིན་པ་དེས་དགུག་པར་བྱའོ། །ལྷ་གཞན་དག་གི་སྔགས་ལ། ལྷ་གཞན་པའི་རྣལ་འབྱོར་གྱིས་དགུག་པར་མི་བྱ་ཞིང༌། དེ་བཞིན་དུ་ལས་གཞན་དག་ཀྱང་མི་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་དེ་ལྟར་མི་བྱེད་ན། དེའི་ཚེ་སྦྱོར་བ་མ་ཚང་བས་ན། དངོས་གྲུབ་དེའམ་བདག་ཉིད་འཇིག་པར་འགྱུར་བ་ཐོབ་པར་འགྱུར་རོ། །སྦྱོར་བ་འདི་དག་ཐམས་ཅད་ལ་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ངེས་པར་བསྐུལ་བར་མཛད་པ་བསྒོམ་པར་བྱའོ། །གང་གི་ཕྱིར་དེ་ཉིད་ནི་སྔགས་རྣམས་ཐམས་ཅད་དེ། ལྷ་རྣམས་ཀྱི་རྒྱལ་པོ་སྟེ་གསལ་བར་མཛད་པ་རང་


DTG038_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང༌། དེ་རྣམ་པར་དག་པ་ཡང་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར་རོ། །དེ་མངོན་དུ་ཕྱོགས་པ་མེད་པར་ནི་ཐམས་ཅད་རྣམ་པར་མ་དག་པར་འགྱུར་བ་ཡིན་པས་ཐམས་ཅད་དུ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུའོ། །ལྷ་མོ་སྒྲོལ་མའི་དབྱེ་བ་རལ་པ་གཅིག་མ་ཞེས་བྱ་བ་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་དུ་རྣམ་པར་འཕྲུལ་པའི་ཡེ་ཤེས་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཏེ། དེ་ཉིད་ནི་མི་ཕྱེད་པའི་བདག་ཉིད་ཅན་དུ་ཏིང་ངེ་འཛིན་གང་ལས་གྱུར་པ་དེ་ནི་གདོན་མི་ཟ་བ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཆེན་པོའི་རྒྱས་པའི་རྡོ་རྗེ་གདོན་མི་ཟ་བར་གྲུབ་པ་སྟེ། དེའི་མཆོག་གང་ཡིན་པ་དེ་ནི་མདུང་ཅན་མ་སྟེ། སྐུ་དང་དབུས་མའི་ཞལ་སྔོ་བ། གཡས་པ་དཀར་བ། གཡོན་པ་དམར་བ། ཕྱག་གཡས་པ་གཉིས་ཀྱིས་གྲི་དང་རལ་གྲི་བསྣམས་པ། གཡོན་པ་གཉིས་ན་ཐོད་པ་དང་རིན་པོ་ཆེ་བསྣམས་པ། ཕྱག་དང་པོ་གཉིས་ཀྱིས་ཐབས་ལ་འཁྱུད་པ། ཞལ་གྱི་མཆེ་བ་ཅུང་ཟད་གཙིགས་པ་ཕྱུང་ངོ༌། །འདིར་དགུག་པའི་ཆོ་ག་ནི་འདི་ཡིན་ནོ། །རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་ལ། རལ་པ་གཅིག་མའི་རྣལ་འབྱོར་ཆོ་ག་བཞིན་དུ་བྱས་ལ། རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་དང༌། ནཱ་ག་གེ་སར་དུ་བཅས་པས་བུད་མེད་ཀྱི་ཐོད་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་ཀླུའི་བུ་མོ་སྙིང་གར་སྔགས་དང༌། སྤེལ་བ་དང་བཅས་པ་སྔ་མ་བཞིན་དུ་བྲིས་ལ་བཀུག་སྟེ། གཡས་བརྐྱང་བའི་རྐང་པ་གཡོན་པས་མནན་ལ་བསྐུལ་བ་དང་བཅས་པའི་སྔགས་བརྗོད་ན་ཁུགས་པར་འགྱུར་རོ། །ཁྲོ་གཉེར་མའི་སྔགས་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དམ་ཚིག་སོ་སོར་རྟོག་པ་གང་ལས་བྱུང་བ་རྡོ་རྗེའི་བདག་ཉིད་ཅན་གང་ཡིན་པ་དེ་ནི་འོད་དཔག་ཏུ་མེད་པ་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །ཁྲོ་གཉེར་མའི་ཕྱག་མཚན་ལ་སོགས་པ་ནི་གོས་དཀར་མོ་དང་འདྲ་བ་ལས། དམར་སྐྱའི་མདོག་ཅན་ཐོད་པའི་ཕྲེང་བ་དག་ལྡན་པ་ཅུང་ཟད་མཆེ་བ་དང་ལྡན་པ་ཕྱུང་ངོ༌། །དམ་ཚིག་ལ་སོགས་པས་ཞེས་བྱ་བ་ནི་སྔ་མ་བཞིན་དུ་སྦྱོར་བའི་དམ་ཚིག་ལ་སོགས་པས་དགུག་པར་བྱའོ་ཞེས་བྱ་བར་ཤེས་པར་བྱའོ། །བསམ་


DTG038_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་འབའ་ཞིག་གིས་དགུག་པ་གསུངས་པ་ནི་འགོག་པ་ཞེས་བྱ་བ་ལ་སོགས་པ་སྟེ། འགོག་པ་ནི་སེམས་ཀྱི་ཀུན་དུ་རྒྱུ་བ་དང་བྲལ་བའོ། །དེ་ཉིད་ཀྱིས་མི་ཕྱེད་པའི་བཟླས་པ་རྩེ་གཅིག་པར་རྫོགས་པར་གྱུར་པས་མི་གཡོ་བར་བསྒྲུབ་པར་བྱ་བ་ཙམ་དུ་གྱུར་པའི་རྩེ་གཅིག་པ་གཉིས་སུ་མེད་པའི་སེམས་སུ་བྱས་ལ། སྔགས་དང་རྒྱུད་ལ་སོགས་པས་ལུས་ལ་སོགས་པ་དང་མི་ལྡན་པའི་བསྒྲུབ་པར་བྱ་བའང་འགུགས་སོ་ཞེས་བྱ་བའི་དོན་ཏོ། །སྔགས་བཟླས་པས་ཀྱང་སྔགས་པ་ལས་རྣམས་བྱེད་དོ་ཞེས་ཕྱོགས་གཞན་དག་གསུངས་པ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པའོ། །བསྒྲུབ་པར་བྱ་བའི་ཁྱད་པར་གསུངས་པ་ནི་རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ལ་སོགས་པའོ། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་ནི་ཁ་སྦྱར་དབྱེ་བ་གསུངས་པ་ཡིན་ཏེ། དེ་ནི་བདག་གིས་མ་བཤད་དོ། །ཁྲག་དང་ཆུ་ཡིས་གཤེར་བའམ། །ཞེས་བྱ་བས་ནི་འདི་སྐད་སྟོན་ཏེ་སྔ་མ་ལས་ཁྲོ་བོ་གང་ཡང་རུང་བའི་སྦྱོར་བ་དང་ལྡན་པས་མ་མོའི་གནས་དང༌། དུར་ཁྲོད་ལ་སོགས་པར་སྐྲའི་རྩེ་མོ་ཐུར་དུ་བཀྲོལ་བས་ཁྲོ་བོའི་སྤྲིན་སྤྲོས་ལ། ཁྲག་ལ་སོགས་པས་ཐམས་ཅད་གཤེར་བར་བྱས་པའི་གོས་བགོས་ནས། སྔར་བཤད་པའི་ཆོ་གས་བསྒྲུབ་པར་བྱ་བའི་མཚན་མ་མནན་ནས། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་པས་འཆི་བར་འགྱུར་རོ། །ཁྲོ་བོ་རྣམས་ནི་འདུག་པའི་ལས་བསྒྲུབ་པའི་ཕྱིར་དང༌། ལས་ཐམས་ཅད་མཛད་པའི་ཕྱིར་ཁྲོ་བོའི་རྒྱལ་པོས་སྦྱར་བར་བྱ་ཞེས་གསུངས་པ་ཡིན་ནོ། །ཁྲོ་བོའི་མཆོག་གི་བཅིངས་པ་ཡིས། །ཞེས་བྱ་བ་ནི་ཁྲོ་བོའི་མཆོག་གི་རྣལ་འབྱོར་པས་བདག་ཉིད་ཇི་སྐད་དུ་བཤད་པའི་གོས་བགོས་ལ་ཞེས་བྱ་བའི་དོན་ཏོ། །ཕུར་བུའི་ཆོ་ག་གསུངས་པ་ནི་མིའི་རུས་པ་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ། ཁྲོ་བོའི་རྣལ་འབྱོར་པས་སྐེ་ཚེ་དང༌། དུག་དང༌། ལན་ཚྭ་དང༌། ཡུངས་མར་གྱིས་དུར་ཁྲོད་ཀྱི་རས་ལ་ཁྲོ་བོའི་རྡོ་རྗེ་རྩེ་མོ་ལྔ་པ་རྣོན་པོ་བྲིས་ལ། དེའི་ལྟེ་བར་སྔགས་དང་སྤེལ་བའི་བསྒྲུབ་པར་བྱ་བའི་མིང་བྲིས་ཏེ། རོ་བསྲེགས་པའི་ཐལ་བ་དང༌། སོལ་བ་དང༌། ཆུ་བོའི་ངོགས་གཉིས་ཀྱི་ས་དང༌། ཕུབ་མ་དང༌། བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་བསྡུས་ལ། བཤང་བ་དང་གཅི་བས་སྦྲུས་ཏེ། གཟུགས་བརྙན་བྱས་པའི་


DTG038_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་རས་དེ་བཅུག་ལ་བཀུག་སྟེ་ཁ་སྦྱར་དབྱེ་བ་བྱས་ནས་དགྲའི་སྒོར་སྦས་ནས་མིའི་རུས་པ་ལས་བྱས་པའི་ཕུར་བུ་སོར་བརྒྱད་པའི་ཚད་དག་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ། ཕུར་བུས་བཏབ་ན། དེ་ནས་ཇི་སྐད་དུ་གསུངས་པ་བཞིན་དུ་འགྲུབ་པར་འགྱུར་རོ། །བསད་པའི་ཆོ་གར་བསྟན་པ་བཤད་ནས། གནས་ནས་སྤོ་བའི་ཆོ་ག་གསུངས་པ་ནི། ཡང་ན་ཐོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱད་པར་དུ་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་བསྐྲད་པ་ལ་དེ་དང་རྗེས་སུ་མཐུན་པའོ། །དོན་ནི་འདི་ཡིན་ཏེ། ཁྲོ་བོའི་སྦྱོར་བ་གང་ཡང་རུང་བ་དང་ལྡན་པས་ཇི་སྐད་དུ་བཤད་པའི་ཐོད་པ་ལ་བབ་པ་དང༌། ཨ་རིཥྚའི་འདབ་མའི་ཁུ་བ་དང༌། རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་གིས་མཚན་པའི་རླུང་གི་དཀྱིལ་འཁོར་བྲིས་ལ་དེའི་སྟེང་དུ་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྲིས་ལ་དེའི་སྙིང་གར་དེའི་མིང་དང་སྤེལ་བའི་སྔགས་བྲིས་ནས་བཀུག་སྟེ། བརྒྱ་རྩ་བརྒྱད་བཟླས་པའི་སྔགས་ཀྱིས་མངོན་པར་བཟླ་ཞིང༌། །རྡོ་རྗེའི་ཚིག་གིས་སྔགས་བཟླས་བརྗོད་བྱས་ལ། དགྲའི་སྒོ་ལ་སོགས་པར་སྦས་ན། དེ་ནས་སྐྲོད་པར་འགྱུར་རོ། །ཏཱ་ལའི་ལོ་མ་ལ་སོགས་པ་ལ་ཡང་ཆོ་ག་འདི་ཉིད་ཀྱིས་གཟུགས་བརྙན་བྱས་ལ། སྒོའམ་གཞན་དག་ཏུ་སྦས་ན་ངེས་པར་སྐྲོད་པར་འགྱུར་རོ། །སྐུ་དང་གསུང་དང་ཐུགས་ཀྱི་ཕུར་བུར་མངོན་སྤྱོད་བྱ་བ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་དང་གསུང་དང་ཐུགས་གང་གི་འཆིང་བ་དེ་ནི་ངེས་པར་འཆིང་བ་སྟེ། ཕུར་བུའི་སྔགས་སོ། །དེ་གང་ལས་མི་ཕྱེད་པར་གྱུར་པ་མི་བསྐྱོད་པ་ལྟ་བུའི་ཏིང་ངེ་འཛིན་དེ་བྱས་ན། བདུད་རྩི་ཐབ་སྦྱོར་གྱི་ཕུར་བུའི་སྔགས་འདི་ཕྱུང་ངོ༌། །འདིར་ཡང་སརྦྦ་དུཥྚཱ་ན་ཞེས་བྱ་བ་དང༌། སརྦྦ་པཱ་པཾ་ཞེས་བྱ་བའི་ཚིག་གཉིས་བཏོན་ལ། བསྒྲུབ་པར་བྱ་བའི་མིང་དང་སྤེལ་བར་བྱའོ། །ཆེ་གེ་མོའི་ཀཱ་ཡ་བཱཀ་ཙིཏྟ་ཞེས་བྱ་བ་འདི་ལྟར་ཡང་སྤེལ་བར་བྱའོ། །དེ་ལྟ་བུའི་སྦྱོར་བ་ནི་བགེགས་མཐར་བྱེད་དམ་གཞན་དག་གི་སྦྱོར་བ་བྱས་ལ། མིའི་རུས་པའམ། སེང་ལྡེང་ངམ་ལྕགས་ལས་བྱས་པའི་ཕུར་བུ་སྟོད་བགེགས་ཀྱི་དགྲའི་གཟུགས་སྨད་རྩེ་མོ་ཅན་གྱི་གཟུགས་སུ་བསམས་ལ། སྔགས་འདི་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བ་མངོན་པར་བཟླས་ཏེ། དེ་ནས་དེས་བསྒྲུབ་པར་བྱ་བའི་གཟུགས་བརྙན་སྔ་མ་བཞིན་དུ་


DTG038_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ལ། ཕུར་བུས་གདབ་པར་བྱའོ། །ཡང་ན་མིའི་རུས་པ་ལ་སོགས་པ་ཕྱིའི་ཕུར་བུ་དང་སྔགས་སྤངས་ལ། བསམ་གཏན་ཙམ་གྱིས་ཐམས་ཅད་བསྐྱེད་ནས་ཕུར་བུས་གདབ་པར་བྱའོ། །ཁམས་གསུམ་པའི་འམ་བདག་ཉིད་ཀྱི་ལུས་ལ་སོགས་པ་ལེའུ་བཅུ་པ་ལས་གསུངས་པའི་དྲག་ཤུལ་བསྒྲུབ་པ་ལ་སོགས་པའི་དུས་སུ་ཕུར་བུའི་ཆོ་ག་གསུངས་པ་ནི་འོད་འཕྲོ་འཁྲུག་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་ལས་བྱུང་བ་ཤེས་རབ་མཐར་བྱེད་དམ། ཁྲོ་བོའི་རྒྱལ་པོ་གཞན་གང་ཡང་རུང་བ་སྐུ་སྟོད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན། སྐུ་སྨད་རྩེ་མོ་ཅན་དུ་མཉམ་པར་གཞག་ལ་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བའི་འོག་ནས་བཤད་པའི་སྔགས་དང་ལྡན་པ་བསམས་ལ། དེས་ཐུགས་ཀྱི་ཕུར་བུས་ཕུར་བུ་གདབ་བོ། །དེ་བཞིན་དུ་རྣམ་པར་སྣང་མཛད་རྒྱ་ཆེན་ནམ་ཞེས་བྱ་བ་སྐུ་ལ་གཤིན་རྗེ་གཤེད་ཀྱི་ཕུར་བུ་གདབ་པོ། །དེ་བཞིན་དུ་འདོད་ཆགས་རྡོ་རྗེ་སྟེ། པདྨ་མཐར་བྱེད་ཀྱི་ཕུར་བུ་གདབ་པར་བྱའོ། །ཐུགས་རྡོ་རྗེ་ལ་སོགས་པ་ལ། རིགས་དེ་དང་འབྲེལ་བའི་ཕུར་བུས་གདབ་པ་ཡིན་པར་ཇི་ལྟར་ཤེས་ཤེ་ན། ལེའུ་བཅོ་བརྒྱད་པ་ལས། རིགས་ཀྱི་དབྱེ་བའི་སྦྱོར་བ་ཡིས། །རྡོ་རྗེ་ཕུར་བུས་ཕུར་བུ་གདབ། །ཅེས་གསུངས་པའི་ཕྱིར་རོ། །འདི་དག་གིས་ནི་རེ་ཞིག་ལྷ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ལྷ་འཇིག་རྟེན་ལས་འདས་པའི་ཕུར་བུས་གདབ་པར་བྱ་བ་ཡིན་ལ། བགེགས་མཐར་བྱེད་ཀྱིས་ནི་སྔར་བཤད་པའི་རིམ་གྱིས་གདུག་པ་ཅན་ཐམས་ཅད་ཕུར་བུས་གདབ་པའི་འཇིག་རྟེན་པ་དེ་བྱའོ་ཞེས་གསུངས་པ་ནི། རྡོ་རྗེ་བདུད་རྩི་འཁྱིལ་བ་ཡིས། །ཞེས་བྱ་བ་ལ་སོགས་པའོ། །ཕུར་བུ་རྣམས་ཀྱི་རང་གི་ངོ་བོ་གསུངས་པ་ནི་སྙིང་ག་ནས་ནི་ཞེས་བྱ་བ་ལ་སོགས་པའོ། །བཤད་མ་ཐག་པའི་རྣམ་པར་སྣང་མཛད་ལ་སོགས་པའི་ཕུར་བུའི་སྔགས་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཀྱི་སྔགས་ཕྱུང་བའི་དུས་སུ། གང་གི་ཕྱིར་སྐུའི་རྣམ་པར་འཕྲུལ་པ་ལ། ཁྱད་པར་མེད་བ་ཡིན་པས། རྡོ་རྗེ་འཛིན་པ་ཉིད་ལ་རྣམ་པར་སྣང་མཛད་དུ་གསུངས་པ་ཡིན་ཏེ། དེ་ཡང་རྣམ་པར་སྣང་མཛད་ལྟ་བུ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བའི་དོན་ཏོ། །སྐུའི་དམ་ཚིག་ཚམ་ངམ་དུ་བྱ་ཞིང་དྲངས་ལ་གནོན་


DTG038_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་མི་གཡོ་བར་བྱས་ལ། རླུང་དང་མི་ཕྱེད་པར་བྱ་བའི་ཕུར་བུས་སྔགས་ཀྱིས་བྱས་པ་གང་ཡིན་པ་དེ་ཕྱུང་བའོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །སྐུ་ལ་སོགས་པའི་ཕུར་བུའི་ཆོ་ག་འདི་ནི་བདག་གིས་གསལ་བར་མ་བཤད་དོ། །ལེའུ་བཅུ་བཞི་པའི་འགྲེལ་པའོ།། །།

བཅོ་ལྔ་པ། སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་གི་སྙིང་པོ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་འགྲེལ་པ།


DTG038_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་བཅོ་ལྔ་པ་གསུངས་པ་ཡིན་ཏེ། དབང་བསྐུར་བ་ཐམས་ཅད་ཤེས་པ་ནི། ཀུན་མཁྱེན་པའོ་ཞེས་བྱ་བར་སྦྱར་རོ། །ལས་ཀྱི་ཚོགས་གསུངས་ནས། རིགས་རེ་རེ་ཞིང་དངོས་གྲུབ་ཆེན་པོ་བཤད་པ་ལས། རེ་ཞིག་མི་བསྐྱོད་པའི་རིགས་ཀྱི་ཆོ་ག་གསུངས་པ་ནི་སྨེ་ཤ་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། ན་ཚོད་ཀྱི་ཁྱད་པར་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་ཀྱི་ཇི་སྲིད་ཤུཀྲ་ཡོད་པ་དེ་སྲིད་ཀྱི་བར་དུ་གཟུང་བ་ལ་འགལ་བ་མེད་དོ། །དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ། །ཞེས་བྱ་བ་ནི་བཤང་བ་དང་གཅི་བ་ལ་སོགས་པ་ལ་ཐེ་ཚོམ་རྣམ་པར་བསལ་བར་བྱ་བའི་ཕྱིར་ཏེ། དེ་ལྟར་བྱས་པའི་དཀྱིལ་འཁོར་དུ་གཞལ་ཡས་ཁང་དུ་མོས་པར་བྱའོ། །དམ་ཚིག་གི་དཀྱིལ་འཁོར་ལ་སོགས་པ་འདི་དག་ནི་རིགས་གསུམ་ཆར་ལ་ཡང་སྦྱར་བར་བྱའོ། །འཁོར་ལོའི་རིགས་སུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆོ་ག་གསུངས་པ་ནི་སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། བསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་བསམ་གཏན་གྱི་བདག་ཉིད་ཅན་གྱི་སྔགས་བཟླས་པས་སོ། །སངས་རྒྱས་ཀྱི་ནི་འོད་འདྲར་འགྱུར། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་གཅིག་པར་འགྱུར་བའོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སྨེ་ཤ་ཅན་གྱི་བུ་མོ་དང་སྦྱར་བར་བྱའོ། །གཙོ་བླག་མཁན་གྱི་བུ་མོ་ནི་མདོག་དཀར་བས་འཁོར་ལོའི་རིགས་ལ་སྦྱར་བར་བྱའོ། །ཨུཏྤལ་མཐིང་གའི་མདོག་འདྲ་བ། །ཞེས་བྱ་བ་ནི་རྡོ་རྗེ་རིགས་ལ་སྨེ་ཤ་ཅན་གྱི་བུ་མོ་དང་སྦྱོར་རོ། །སྦྱོར་བའི་ཆོ་ག་ཞེས་བྱ་བ་ནི་གཙོ་བླག་མཁན་གྱི་བུ་མོ་ཕང་བར་བཞག་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པ་སྦྱོར་བ་གཅིག་པ་དེ་ནི་མ་བསྐྱོད་པའི་རྣལ་འབྱོར་པར་འགྱུར་རོ། །པདྨའི་རིགས་ལ་ཡང་དངོས་གྲུབ་གསུངས་པ་ནི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་རྣམས་ཐམས་ཅད་འཛིན་པ་


DTG038_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པ་སྟེ། ཆོ་ག་བཞིན་དུ་གར་མཁན་གྱི་བུ་མོ་སྔ་མ་བཞིན་དུ་ཕང་པར་གཞག་ན་རྡོ་རྗེ་ཆོས་དང་འདྲ་བར་འགྱུར་རོ། །དེ་ཇི་ལྟ་བུ་ཞེ་ན། ས་བཅུ་ལ་ནི་གནས་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མོ་བཅུ་འབྲས་བུར་གྱུར་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ངོ་བོ་ཉིད་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་རྣམ་པར་དག་པའི་ཚུལ་ལ་ནི་ས་བཅུ་ཞེས་བྱ་བ་སྟེ། དེ་རྣམས་ལ་རབ་ཏུ་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྨེ་ཤ་ཅན་གྱི་བུ་མོ་ལ་སོགས་པ་མེད་དུ་ཟིན་ཀྱང་གཞན་དག་གཟུང་བ་ལ་འགལ་བ་མེད་པར་གསུངས་པ་ནི། བྲམ་ཟེ་རྒྱལ་རིགས་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་སེམས་ཅན་བསམ་པ་ལ་བརྟེན་ནས། ཚད་ལ་སོགས་པ་ངེས་བྱས་ཡིན། །ཐབས་ཤེས་ལས་བྱུང་དངོས་གྲུབ་ལ། །རིགས་སོགས་ངེས་པ་ཅི་ཞིག་བྱ། །ཞེས་བཤད་པ་ཡིན་ནོ། །དེ་ལྟ་བུའི་མཆོག་གི་སེམས་ཀྱིས་ཉི་མ་མ་ནུབ་པ་ནས་སྒྲུབ་པ་ཀུན་དུ་བརྩམས་ནས་ཉི་མ་འཆར་བའི་དུས་སུ་སྐྱེས་བུ་དམ་པ་འགྲུབ་པར་འགྱུར་རོ། །ཇི་སྐད་དུ་བཤད་པའི་བུ་མོ་བདག་གིར་བྱ་ཞིང༌། གནོན་པའི་ཆོ་ག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ཆེན་པོ་ནི་མེ་ལོང་ལྟ་བུའོ། །དེ་ཉིད་ནི་རྡོ་རྗེ་ཁྲོ་བོའི་རྒྱུར་གྱུར་པས་ན། རྡོ་རྗེ་ཁྲོ་བོ་སྟེ། དེ་ཏིང་ངེ་འཛིན་དུ་མཛད་ནས་གཤིན་རྗེ་གཤེད་ཀྱི་སྔགས་ཕྱུང་བའོ། །དུག་ནི་ཞེས་བྱ་བ་ལ་སོགས་པ་ལ་ཆོ་ག་ནི་འདི་ཡིན་ཏེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་སྔོན་དུ་བསྙེན་པ་ཇི་ལྟ་བ་བཞིན་དུ་བྱས་ནས། ཁྲོས་པས་མངོན་སྤྱོད་ཀྱི་ཐབ་གྲུ་གསུམ་དུ་ཚེར་མའི་མེ་ལ། ཡི་གེ་ཧཱུཾ་དང་ལྡན་པའི་ལྗགས་མངའ་བའི་གཤིན་རྗེ་གཤེད་ཀྱི་ཞལ་དུ་བསྲེག་ཅིང་དབབ་པར་བྱ་སྟེ། ཨོཾ་ཧྲཱིཿཥྚྲཱྀཿ་བི་ཀྲྀ་ཏཱ་ན་ན་བུ་མོ་ཆེ་གེ་མོ་སྟཾ་བྷ་ཡ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་ལ་ཉི་མའི་གུང་ངམ། ནམ་ཕྱེད་ཉི་མ་གསུམ་དུ་དུག་དང་ཁྲག་ལ་སོགས་པ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱ་སྟེ། དེས་ན་དེ་རེངས་པར་འགྱུར་རོ། །བཅུ་བཞིའམ་ཞེས་བྱ་བ་ལ་སོགས་པ་ལ། ཆོ་ག་ནི་འདི་ཡིན་ཏེ། མར་གྱི་ངོའི་ཉིན་ཞག་གང་ཡང་རུང་བ་ལ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་དུར་ཁྲོད་ཀྱི་སོལ་བ་ལ་བཟླས་བརྗོད་སྟོང་རྩ་བརྒྱད་བྱས་བས་བདག་ཆེ་གེ་མོ་སྩོལ་ཅིག་ཅེས་བྱ་བའི་བསྐུལ་


DTG038_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚིག་དང་བཅས་པའི་སྔགས་སྲིན་པོ་ལ་སོགས་པའི་མིང་དང་བཅས་པ་བྲིས་ནས། དེ་ཉིད་ཀྱིས་ཁྱེར་ཏེ་འོངས་ནས་སྟེར་བར་འགྱུར་རོ། །སྦྱོར་བའི་ཁྱད་པར་གཞན་དག་བཤད་པ་ནི་དགྲ་བོའི་གཟུགས་བརྙན་བཤད་མ་ཐག་པའི་རིམ་པས་མངོན་པར་བཟླས་པའི་དུར་ཁྲོད་ཀྱི་སོལ་བས་དུར་ཁྲོད་ཀྱི་ས་གཞི་ལ་བྲིས་ཏེ། བཀུག་ནས་དེའི་མིང་པ་བཅད་པ་རྣམ་པར་བསྒོམས་ལ། དེ་ཡང་མཚོན་ཆ་ལྟ་བུར་བསམས་ཏེ། མགུལ་པར་རི་མོ་བྲིས་ན། དེས་མགོ་འཆད་པར་འགྱུར་རོ། །ཐོ་བ་ལ་ཡང་སྔ་མ་བཞིན་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་དེའི་ངོ་བོ་ཉིད་དུ་ལྷག་པར་བསམས་ལ། མདུན་དུ་ལྷག་པར་མོས་པའི་བསྒྲུབ་པར་བྱ་བའི་ལུས་ལ་བསྣུན་ན་ངེས་པར་བཅོམ་པར་འགྱུར་རོ། །ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ་ཁྲོ་བོའི་རྣལ་འབྱོར་པས་རང་གི་ལག་པར་འོད་ཟེར་གྱི་ཚོགས་འཕྲོ་བའི་རྡོ་རྗེ་ཧཱུཾ་ལས་བྱུང་བ། ཧཱུཾ་དང་བཅས་པ་རྩེ་མོ་ལྔ་པ་རྡོ་རྗེ་འབར་བ་བསྒོམས་ལ། དེ་བཞིན་དུ་བསྒྲུབ་པར་བྱ་བའི་ལུས་ལ་དབབ་པར་བྱའོ། །དེ་ནས་གདུག་པ་རྣམས་འཇིག་པར་འགྱུར་རོ། །རྡོ་རྒྱུས་ཞེས་བྱ་བ་ལ་སོགས་པ་ལ་སྔར་བཤད་པའི་སྦྱོར་བས་མངོན་པར་བཟླས་པའི་རྡོ་རྒྱུས་ལ་སོགས་པས་བསྒྲུབ་པར་བྱ་བའི་གཟུགས་བྲིས་ལ། ཧཱུཾ་ལས་བྱུང་བའི་སྟ་རེ་བསམས་ནས། དེས་མིད་པ་བཅད་པར་འགྱུར་རོ། །ཆར་ཆེས་པ་བཅད་པར་གསུངས་པ་ནི་ལས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། ཁ་དོག་སེར་པོའི་རྡོ་རྗེ་འཛིན་པའི་སྦྱོར་བས་ཆར་དབབ་པའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་སེར་པོ་འབར་བ་མངོན་པར་འདོད་པའི་ཕྱོགས་ཁེབས་ནས་གནས་པར་བསམས་ནས། དའི་དབུས་སུ་ཧཱུཾ་ལས་བྱུང་བའི་བསྐལ་པའི་མེ་ལྟ་བུ་མགོ་སྟེང་དུ་བལྟས་པ་རྣམ་པར་བསམས་ནས། དེའི་ལྟེ་བར་དེ་ཉིད་ཀྱི་སྦྱོར་བས་འདུག་སྟེ་རང་ཉིད་ཀྱི་བ་སྤུའི་བུ་ག་ལས་བྱུང་བའི་འོད་ཟེར་སེར་པོ་རྣམས་ཀྱིས་ཕྱོགས་ཐམས་ཅད་ཁྱབ་པར་བསམས་ན། དེ་ལྟ་བུས་ནི་མངོན་པར་འདོད་པའི་གནས་ལས་ཕྱི་རོལ་དུ་འབབ་པར་འགྱུར་རོ། །གལ་ཏེ་ཐམས་ཅད་བཟློག་པར་འདོད་ན། འདི་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་པར་རྣམ་པར་བསམས་ལ། འོད་ཟེར་འབར་བའི་ཚོགས་ཀྱིས་ཀླུ་ཐམས་ཅད་ཡོངས་སུ་བསྐམས་པར་བསམ་པར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །རྩེ་གཅིག་པར་ཉམས་སུ་


DTG038_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་དང་བཅས་པར་བསྒོམ་པར་མི་ནུས་པ་དག་ལ། བྱ་བའི་ཆོ་ག་བཤད་པར་བྱ་སྟེ། སྔར་བཤད་པའི་བྲི་བའི་རྫས་ཀྱིས་དུར་ཁྲོད་ཀྱི་རས་ལ་པདྨ་འདབ་མ་བརྒྱད་པ་ཀླུ་བརྒྱད་རང་གི་ས་བོན་གྱིས་དེའི་ལྟེ་བ་ལ་ཡི་གེ་ཕཊ་གཉིས་དང་སྤེལ་བའི་ལྷ་བྲིས་ལ། བཀུག་སྟེ་རས་གཉིས་པ་ལ་འབར་བ་དང་བཅས་པའི་རྡོ་རྗེ་རྒྱ་གྲམ་སེར་པོའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་བསྒྲེང་བ། ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པ་བྲིས་ལ། དང་པོའི་རས་བཀན་ཏེ་བཏིང་བའི་སྟེང་དུ། དེ་ཁ་སྦུབ་སྟེ། ཁ་སྦྱར་དུ་བྱས་ནས། རྡོ་ལེབ་ཀྱིས་མནན་ལ་གཞག་པར་བྱ་སྟེ། དེ་ནས་ཆར་འཆད་པར་འགྱུར་རོ། །ཉེ་བར་འཚེ་བ་ཐམས་ཅད་ཞི་བར་བྱ་བའི་ཕྱིར། བགེགས་མཐར་བྱེད་ཀྱི་སྦྱོར་བ་གསུངས་པ་ནི་དཀྱིལ་འཁོར་དག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། མཆེ་བའི་ཕྱག་རྒྱ་ནི་བགེགས་མཐར་བྱེད་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། དེ་བཅིངས་ནས་དགུག་པའི་དགྲ་སྟེ། དེའི་སྔགས་སྔར་གསུངས་པ་ལས། མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏ་ཨན་ཏ་ཀ་རཱ་ཡ་ཞེས་བྱ་བ་བོར་ལ། བསྒྲུབ་པར་བྱ་བའི་མིང་གཞུག་པ་དང་སྤེལ་ཏེ་སྔ་མ་བཞིན་དུ་རྗེས་སུ་དྲན་པར་བྱ་ཞིང་བསྒོམ་པར་བྱའོ། །དེས་ན་རླུང་ལ་སོགས་པ་བཟློག་པར་འགྱུར་རོ། །ཕན་ཡོན་གསུངས་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །སྔགས་དེ་ཉིད་དམ་གཞན་དག་ལ་སྭཱ་ཧཱ་ཞེས་བྱ་བ་བོར་ལ་ལས་དང་རྗེས་སུ་མཐུན་པར་ཕཊ་ཅེས་བྱ་བ་གཞུག་པར་བྱའོ་ཞེས་གསུངས་པ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པའོ། །མངོན་པར་རྟོགས་པ་དང་ཉེ་བར་འཚམ་པའི་དོན་གསུངས་པ་ནི། ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་སེམས་དཔའ་ནི་སྲིད་པ་བར་མ་དོའི་སེམས་སྔོན་དུ་འགྲོ་བའི་ཟླ་བ་ཞུ་བ་སྟེ། དེའི་མཐུས་དཀྱིལ་འཁོར་གྱི་དབུས་སུ་མངོན་པར་འདོད་པའི་ལྷའི་གཟུགས་གནས་གཞིར་གཞག་པའི་སྤྱན་ལ་སོགས་པའི་ལྷ་མོ་རྣམས་གླུས་སློང་བའི་ཆོ་ག་བཞིན་དུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་དེ་ལྷའི་གླུའི་ངོ་བོ་རུ་བྱས་ནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །པདྨ་དང་རྡོ་རྗེ་དག་གི་རྣམ་པར་དག་པ་གསུངས་པ་ནི་པདྨོ་ཞེས་བྱ་བ་ལ་སོགས་པ་སྟེ། སྨེ་ཤ་ཅན་ལ་སོགས་པའི་བུ་མོའམ་རང་གི་རིགས་གང་ཡང་རུང་བ་ལ་པདྨར་རྡོ་རྗེ་ཞུགས་པས་རབ་ཏུ་རྒྱས་པར་བྱས་ལ། བསྐྱོད་པའི་


DTG038_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་གནས་པ་ནི་པདྨའོ། །རྡོ་རྗེ་ཅན་གྱི་སྦྱོར་བ་ཞེས་བྱ་བ་ནི་རྡོ་རྗེ་ཡང་ཇི་སྐད་དུ་བཤད་པའི་འོད་དང་ལྡན་པའི་ཧཱུཾ་ལས་བསྐྱེད་དེ། རབ་ཏུ་བསྒོམ་པར་བྱའོ། །དེ་སྐད་དུ་ཧཱུཾ་གིས་པདྨ་འདབ་བརྒྱད་རྣམ་པར་སྤྲུལ་ཞེས་བྱ་བ་དང༌། ཧཱུཾ་གིས་རྡོ་རྗེ་ལས་བྱུང་དྲི་མེད་པའི། །ཞེས་བྱ་བ་སྨོས་པ་ཡིན་ནོ། །དེ་ནས་སྐུ་ལ་སོགས་པའི་ངོ་བོ་གྲུ་གསུམ་དང་ལྡན་པའི་ཆོས་འབྱུང་བར་ཟླ་བ་ཞུ་བའི་གཟུགས་སུ་ཆོ་ག་བཞིན་ཕབ་ན། ཇི་སྐད་དུ་བཤད་པའི་ཕན་ཡོན་འཐོབ་པར་འགྱུར་རོ་ཞེས་གསུངས་པ་ནི་རང་ལུས་ཞེས་བྱ་བ་ལ་སོགས་པའོ། འདི་ཉིད་དུ་གསང་བའི་དབང་བསྐུར་བའི་དམ་ཚིག་གསུངས་པ་ནི་བཞིན་བཟང་ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་བཞིན་ཞེས་བྱ་བ་ནི་བསྐྱེད་པ་ལ་སོགས་པའི་རིམ་གྱིས་སྦྱངས་པའི་རང་གི་རིགས་ཀྱི་བུ་མོ་མཚན་ཉིད་དང་ལྡན་པ་རྙེད་ན། ཤིན་ཏུ་དབེན་པར་ཇི་སྐད་དུ་བཤད་པའི་མཆོད་པའི་ཆོ་ག་བྱས་ལ། དེ་ལས་བྱུང་བའི་གསང་བ་ཟླ་བ་ཞུ་བ་ཞེས་བྱ་བ་འབར་བ་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བས་བཟའ་བར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་ཕན་ཡོན་ཐོབ་པར་འགྱུར་རོ། །མི་སྣང་བའི་དངོས་གྲུབ་ཀྱི་ཆོ་ག་གསུངས་པ་ནི་བཤང་བའམ་ཞེས་བྱ་བ་ལ་སོགས་པ་སྟེ། །རང་གི་རིགས་ཀྱི་བུ་མོ་དང་སྙོམས་པར་ཞུགས་པའི་འཁོར་ལོ་ཅན་ཏེ། མི་སྣང་བའི་དངོས་གྲུབ་འཐོབ་པའི་ཕྱིར། མཚན་མ་ཐོབ་པས་བཤང་བ་ལ་སོགས་པའམ་བཟའ་བ་སྟེ། འབྲས་ཆན་ལ་སོགས་པའི་བཟའ་བ་རྣམས་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བཅུག་ལ་ཡི་གེ་གསུམ་མམ། །རང་གི་སྔགས་ཀྱིས་བརྒྱ་རྩ་བརྒྱད་མངོན་པར་བཟླས་ལ་འབར་བ་ལ་སོགས་སྔོན་དུ་འགྲོ་བས་ཟོས་ན། སངས་རྒྱས་ཉི་མ་དག་གིས་ཀྱང་མཐོང་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་འབར་བའི་ཨོཾ་གྱིས་བྱིན་རླབས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྔར་བཤད་པའི་རིལ་བུའི་དངོས་གྲུབ་ཀྱི་སྦྱོར་བ་ལ། ཅི་འདོད་པའི་རིལ་བུ་དཀྲི་བའི་རྫས་གཞུག་པ་གསུངས་པ་ནི་བ་ལང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ་ལྷའི་ཁྱད་པར་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་གྱི་འཁོར་ལོ་དང་ལྡན་པའི་སྔོན་དུ་བསྙེན་པ་བྱས་ནས་མཚན་མ་ཐོབ་པ་དང༌། བཤང་བ་ལ་སོགས་


DTG038_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས་ཐམས་ཅད་ཀྱིས་སམ། ཇི་སྙེད་པ་དང་ལྡན་པའི་ལྕགས་གསུམ་གྱིས་རིལ་བུ་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་བྱའོ། །དེ་ནས་ཇི་སྐད་དུ་གསུངས་པའི་ཕན་ཡོན་འཐོབ་པར་འགྱུར་རོ། །ད་ནི་དབང་བསྐུར་བའི་ངེས་པའི་དོན་གསུངས་པ་ནི། དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་སྟེ། སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་གཉིས་ནི་སྦྱོར་བས་མཉེས་པར་འགྱུར་བ་ནི་དགའ་བར་འགྱུར་བ་སྟེ། དབང་བསྐུར་བ་ཞེས་བྱ་བའི་བར་དུའོ། །སངས་རྒྱས་རྡོ་རྗེ་ཅན་ཞེས་བྱ་བ་ནི་མི་བསྐྱོད་པ་དང༌། རྡོ་རྗེ་སེམས་དཔའ་ནི་གོ་རིམས་ཇི་ལྟ་བ་བཞིན་སྦྱར་ཏེ། ཇི་སྐད་དུ། འབྲས་བུས་རྒྱུ་ནི་རྒྱས་བཏབ་ཅིང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སངས་རྒྱས་བྱང་ཆུབ་རབ་དབྱེ་བས། །ཞེས་བྱ་བ་ནི་མི་བསྐྱོད་པས་སོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་སངས་རྒྱས་བཞི་པོ་རྣམས་མཉེས་པའོ། །རྡོ་རྗེ་ཅན་ལ་སོགས་པ་བཅུའི་དབུ་རྒྱན་ལ་ནི་གཙུག་ཏོར་ཏེ། རང་རང་གི་རིགས་ཀྱི་བདག་པོ་རྣམས་གཞག་པར་བྱའོ། །ཁྲོ་བོ་བཅུ་པོ་རྣམས་ལ་རང་རང་གི་བདག་པོ་དེ་ཉིད་གཞག་པར་བྱའོ། །རིག་པའི་རྒྱལ་པོ་ཆོས་མཆོག་རྣམས། །ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་རྣམས་ལ་དཀོན་མཆོག་དཔལ་གྱིས་དབང་བསྐུར་བར་བྱའོ། །རིག་པའི་རྒྱལ་མོ་ནི་རིག་འཛིན་མ་སྟེ། དེ་རྣམས་ལ་ཚེ་དཔག་ཏུ་མེད་པ་རབ་ཏུ་བསྒོམ་པར་བྱའོ། །ལས་ཐམས་ཅད་བྱེད་པ་ནི་ཅི་བགྱི་སྟེ། དེ་རྣམས་ལ་དོན་མི་ཟ་བར་གྲུབ་པ་བསྒོམ་པར་བྱའོ། །སྔགས་རྣམས་ནི་ལྷ་ཆེན་པོ་དང༌། ཁྱབ་འཇུག་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་འཛིན་པ་བསྒོམ་པར་བྱའོ། །གནོད་སྦྱིན་མ་རྣམས་ལ་ནི་གཤིན་རྗེ་གཤེད་ཀྱི་དབང་བསྐུར་བར་བྱའོ། །རྒྱུད་གཞན་དག་ལས་གསུངས་པའི་གང་དེ་བཞིན་གཤེགས་པའི་ཅོད་པན་ཉིད་སྩོལ་བར་བྱ་བའི་ཕྱིར་གསུངས་པ་ནི་སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། ལྷའི་རྣལ་འབྱོར་པ་ཐམས་ཅད་ལ་དཀྱིལ་འཁོར་གྱི་ལྷ་སྤྱི་བོར་བསྒོམ་པར་བྱའི། ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། །དཀྱིལ་འཁོར་དུ་ཞུགས་པའི་སློབ་མ་ལ་དབབ་པར་བྱ་བའི་ཕྱིར་དང༌། སྤྱིར་སྦྱོར་བ་ཤེས་པར་བྱ་བའི་ཕྱིར། སྦྱོར་བ་སྤྱད་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་བཟླས་པ་ཡི་སྦྱོར་བ་ཡིས། །


DTG038_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་འོག་ནས་བཤད་པའི་ཧཱུཾ་ལ་སོགས་པ་དང་བསྐུལ་བའི་སྦྱོར་བས་སོ། །དེ་ལྟར་གྱུར་བའི་རྣལ་འབྱོར་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྔགས་དང་བསམ་གཏན་གྱིས་བསྐུལ་བས་ལས་སྣ་ཚོགས་བྱེད་དོ་ཞེས་གསུངས་པ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཀུན། །ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ཆོས་ཀྱི་གཟུངས་ཆེན་པོ། །ཞེས་བྱ་བ་ནི་ཇི་ལྟར་ལྷག་པར་མོས་པས་ཨཱཿལས་བྱུང་བའི་འོད་དཔག་ཏུ་མེད་པར་སྣོད་བསམས་ལ། གནས་གསུམ་དུ་ཡི་གེ་ལཾ་ལས་བྱུང་བའི་དབང་ཆེན་དང༌། ཆུ་དང་རླུང་གི་དཀྱིལ་འཁོར་ལ་ཧཱུཾ་ཧ་ཨ་ཞེས་བྱ་བར་རིགས་རྣམས་ཀྱི་བརྟག་པ་ཞེས་བྱ་བ་ནི་དེ་རྣམས་ཀྱིས་སློབ་མའི་སེམས་དང་ངག་བྱིན་གྱིས་བརླབས་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་ནས་དེའི་རྐང་པའི་འོག་ཏུ་མེའི་དཀྱིལ་འཁོར་ལ་གནས་པའི་ཛྷཻཿཞེས་བྱ་བ་ཉེ་བར་གྱུར་པར་བསམས་ལ། ཡི་གེ་ཛྷཻཿལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་རྐང་པ་ནས་རྐན་གྱི་བུ་གའི་བར་དུ་ཞུགས་ཤིང་རབ་ཏུ་འབར་བར་གྱུར་པར་བསམ་པར་བྱས་ནས། དེ་ནས་རིགས་གསུམ་གྱི་ཡི་གེའི་བདག་ཉིད་ཅན་དང་བསྐུལ་བར་བྱ་སྟེ། ཨཱ་བེ་ཤ་ཡ་སྟོ་ཥ་ཡ་ར་ར་ར་ར་ཞེས་བྱ་བ་ལ་སོགས་པའི་སྔགས་རྡོ་རྗེ་དྲིལ་བུ་དང་བཅས་པས་བརྗོད་པར་བྱའོ། །དབབ་པའི་ཆོ་ག་འདི་རྒྱུན་དུ་བྱ་སྟེ། དེ་ནས་བཅོམ་ལྡན་འདས་དེར་འབབ་པར་མཛད་དོ། །དེ་ནས་བབས་པའི་རང་གི་ལྕེ་ལ་ཡི་གེ་ཨཱཿདྨར་པོ་རྣམ་པར་འཕྲོ་བ་བསམས་ལ། བྲུ་ཧི་བཛྲ་ཞེས་བརྗོད་པར་བྱའོ། །དེ་ནས་དེ་དགེ་བ་དང་མི་དགེ་བ་རྣམས་སྟོན་པར་འགྱུར་རོ། །དེ་ནས་དབབ་པ་དེ་བརྟན་པོར་བྱས་ལ་ཏིཥྛ་བཛྲ་ཞེས་བྱ་བ་དེ་ལ་བརྗོད་དོ། །དེ་ནས་མེ་ཏོག་འཁོར་ལོར་དོར་བར་བྱའོ། །འདི་དག་ཀྱང་དཀྱིལ་འཁོར་གྱི་ཆོ་ག་ལས། དེ་ནས་སློབ་མ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཤིག་ཅེས་བྱ་བ་ཡིན་པ་བལྟ་བར་བྱའོ། །བསྐུལ་དང་ཞེས་བྱ་བ་ལ་སོགས་པ་ལ། སྙིང་ག་དང༌། ལྐོག་མ་དང༌། སྤྱི་བོར་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་གསུམ་པོ་ནི་ལྷ་ཆེན་པོ་སྟེ། འཕགས་པའི་ངོ་བོ་བསྐུལ་བ་ལ་སོགས་པ་བྱ་བའི་ཕྱིར། མེའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཛྷཻཿནི་འཕགས་པའི་ས་བཞི་པའོ། །


DTG038_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གྲུབ་པ་ཞེས་བྱ་བ་ནི་བརྟན་པའི་སེམས་ཀྱིས་སོ། །རྟག་པ་ཞེས་བྱ་བ་ནི་བདེ་བ་ཆེན་པོའོ། །ད་ནི་ཅུང་ཟད་ཡེ་ཤེས་བབས་བས་བུ་མོ་དང་ཁྱེའུ་ལོ་བཅུ་གཉིས་པ་དཀྱིལ་འཁོར་གྱི་ཁང་བུར་བཅུག་ནས། ཆོ་ག་བཞིན་དུ་དབབ་པར་བྱ་སྟེ། སྒོ་བཅད་ནས་དེ་གཉིས་དང་དཀྱིལ་འཁོར་བྲི་བར་བྱའོ་ཞེས་གསུངས་པ་ནི། བུ་མོ་ལོ་གྲངས་བཅུ་གཉིས་མའམ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོ་གས་ཞེས་བྱ་བ་ནི་སྲད་བུ་བྲི་བ་དང༌། ཚོན་དགྱེ་བ་ལ་སོགས་པའོ། །སྔར་བཤད་པའི་སྔགས་ཀྱི་ཡི་གེ་བསྟན་པའི་ཕྱིར། དེ་ལ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ས་བོན་རྣམས་ལྷའི་བདག་ཉིད་ཅན་དུ་གསུངས་པ་ནི། ཧཱུཾ་ནི་རྡོ་རྗེ་སེམས་དཔའི་བདག །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སློབ་མ་གཞུག་པ་ལ་སོགས་པ་ནི་འདིར་ཡང་ལས་དང་པོ་པའི་རྣལ་འབྱོར་པ་བཞིན་དུ་བྱའོ་ཞེས་གསུངས་པ་ནི་སྔ་མ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ད་ནི་བདུད་རྩི་ཐབ་སྦྱོར་གྱི་རྟོག་པས་གདུག་པ་རྣམས་ཚར་བཅད་པ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཡང་བྱ་བའི་ཆོ་ག་ནི་སྔར་བཤད་པ་ཉིད་ཡིན་པ་ལས་དེ་ལ་ཡང་ཁ་བསྐང་བར་བྱ་བའི་ཕྱིར་འདི་ཉེ་བར་བཀོད་པ་ཡིན་ཏེ། འདི་རྣམས་དང་ལྷན་ཅིག་པ་ཉིད་ཀྱིས་ཅི་རིགས་པར་དེར་སྦྱོར་བ་རེ་རེ་དང་རིམ་བཞིན་དུ་བྱའོ་ཞེས་བྱ་བའི་དོན་ཏོ། དཀྱིལ་འཁོར་གྲུ་གསུམ་ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་གྱི་རྣལ་འབྱོར་པས་ཆོ་ག་ཇི་ལྟ་བ་བཞིན་དུ་མེའི་ཐབ་བྱས་ལ། རྫས་འདི་རྣམས་ཀྱིས་བསྐུས་ནས་དེར་མེའི་ལྷ་བསམས་ཏེ། དེའི་ཞལ་དུ་ཇི་སྐད་དུ་བཤད་པའི་རྫས་ལས་བྱས་པའི་གཟུགས་བརྙན་ལ། མེ་ཐབ་དེའི་དབུས་སུ་བསྒོམས་པའི་བདུད་རྩི་ཐབ་སྦྱོར་གཉིས་པའི་ཞལ་དུ་མིང་སྤེལ་བ་དང་བཅས་པར་ཡང་དང་ཡང་དུ་སྔ་མ་བཞིན་དུ་སྦྱིན་སྲེག་བྱའོ་ཞེས་དེ་ལྟར་སྦྱར་བར་བྱའོ། །ཁྲོས་ནས་བསྲེག་ཅེས་བྱ་བ་ནི་བཤད་མ་ཐག་པའི་ཐབ་དང་འདྲ་བར་སྦྱིན་སྲེག་བྱའོ། །ཆུ་བོ་འབབ་པའི་འགྲམ་གཉིས་ས། །ཞེས་བྱ་བ་ནི་ཆུ་བོའི་འགྲམ་གཉི་གའི་ངོགས་ཀྱི་ས་ལ་སོགས་པ་ལས་གཟུགས་བརྙན་བྱས་ལ། མགོ་བྱང་ཕྱོགས་སུ་བསྟན་ཏེ། གན་རྐྱལ་དུ་བཞག་ལ། སྦྲུལ་དང་སྡིག་པ་ལ་སོགས་པའི་ཚེར་མའི་དུག་གིས་སྨིན་པ་རྣམས་ཀྱིས་


DTG038_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཚམས་མེད་པར་དབུག་པར་བྱ་ཞིང་བསྒྲུབ་པར་བྱ་བའི་མིང་དང་བསྐུལ་བའི་ཚིག་དང་བཅས་པའི་སྔགས་གསང་བསྟོད་པ་དང་བཅས་པར་བརྗོད་ཅིང༌། ཏིལ་གྱི་འབྲས་བུ་ཙམ་དུ་དགང་བར་བྱའོ། །སྐེ་ཚེ་ལ་སོགས་ཐམས་ཅད་དུ་གཟུགས་བརྙན་ལ་སོགས་པ་ལ་གཞུག་པར་བྱའོ། །ལིང་ག་ཞེས་བྱ་བ་ནི་རུས་པའི་ཕྱེ་མ་ལ་སོགས་པ་ལ་བྱས་ནས་སྔ་མ་བཞིན་དུ་རྐང་པས་མནན་ལ། ཆེ་གེ་མོ་རཀྵ་སེ་གྲ་ཧ་ཡ་ཞེས་བྱ་བའི་བསྐུལ་ཚིག་དང་བཅས་པར་སྔགས་བཟླས་པར་བྱའོ། །ཚ་བ་ཆེན་པོས་བཏབ་པར་འགྱུར། །ཞེས་བྱ་བ་ནི་བསྐུལ་བའི་དབང་གིས་སོ། །འདིར་ལས་ཀྱི་ཚོགས་ཀྱི་ཕྱིར། བདུད་རྩི་ཐབ་སྦྱོར་གྱི་སྔགས་བཤད་པ་གསུངས་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པའོ། །སྦྱིན་སྲེག་ཡང་ན་བསམ་གཏན་དག །ཅེས་བྱ་བ་ནི་བཤད་མ་ཐག་པ་དང་འོག་ནས་འཆད་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་གདུག་པ་རྣམས་པར་འཇིག་པར་མཛད་པ། ཁྲོ་བོ་བསྐྱེད་པའི་རྒྱུར་གྱུར་པ་བསམས་ལ། གདུག་པ་འཇིག་པར་བྱེད་པའི་བསམ་གཏན་ཆོ་ག་བཞིན་དུ་བརྟག་པར་བྱའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་ནི་བདག་གིས་མ་བཤད་དོ། །སྲིན་པོ་ཞེས་བྱ་བ་ལ་སོགས་པ་ལ་འདི་རྣམས་ཀྱིས་གདུག་པས་རྣམ་པར་གཙེས་པར་ཆོ་ག་བཞིན་དུ་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་དག་ཀྱང་སྔ་མའི་སྦྲུལ་ལ་སོགས་པའི་སྦྱོར་བ་ལ་སྦྱར་བར་བྱའོ། །དེ་ལྟར་ཉམས་སུ་ལེན་པའི་རྣལ་འབྱོར་པས་གལ་ཏེ་བསྒྲུབ་པར་བྱ་བ་སྔགས་ཀྱི་ལྷ་ལ་སོགས་པས་བསྲུང་བར་མཛད་པ་དག་ཀྱང་སྲིད་པས་དེའི་ཕུར་བུ་གདབ་པར་བྱའོ་ཞེས་གསུངས་པ་ནི་བསྲུང་བ་ལ་སོགས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྲུང་བར་བྱེད་པའི་ལྷ་ལ་སོགས་པ་བཀུག་ལ། ཁ་སྦྱར་དབྱེ་བ་བྱ་སྟེ། སྔ་མ་བཞིན་དུ་བདུད་རྩི་ཐབ་སྦྱོར་གྱི་ཕུར་བུས་ཆོ་ག་བཞིན་དུ་ཨོཾ་གྷ་གྷ་གྷཱ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ཤིང་ཕུར་བུ་གདབ་པར་བྱའོ། །འདི་ནི་ཞེས་བྱ་བ་ནི་བསྲུང་བ་ལ་སོགས་པའི་ཁ་སྦྱར་དབྱེ་བ་མེད་པ་ནི་དམ་ཚིག་ཤིན་ཏུ་འདའ་བར་དཀའ་བའོ། །རྡོ་རྗེ་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་བདག་གིས་མ་བཤད་དོ། །བསམ་གཏན་གྱི་ནུས་པ་གསུངས་པ་ནི། །སྟོན་པ་སངས་རྒྱས་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་


DTG038_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། གཉིས་སུ་མེད་པའི་ཕྱིན་ཅི་མ་ལོག་པ་དངོས་པོའི་སྟོབས་ཀྱིས་གནས་པ་ནི་གང་ལ་ཇི་ལྟར་མོས་པ་དེ་བཞིན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་དག་པ་ཉིད་དུབ་སྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་སྐྱེས་པའི་ཞེས་བྱ་བ་ནི་རྟོག་པའི་བདག་ཉིད་བསད་པ་ལ་སོགས་པའི་ཚུལ་གྱིས་ནི། ངོ་བོ་ཉིད་ལས་གཉིས་སུ་མེད་པའི་ཚུལ་དུ་བྱང་བར་བསྟན་ཏོ་ཞེས་བྱ་བ་སྟེ། མདོར་བསྟན་པའོ། །ད་ནི་སྔར་བཤད་པའི་སྦྲུལ་ལ་སོགས་པའི་སྦྱོར་བ་རྣམས་ཀྱི་ཕྱོགས་སུ་གཏོགས་པའི་ལས་ཕྲན་ཚེགས་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་གསུངས་པ་ནི། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། བྲི་བ་ལ་སོགས་པའི་བྱ་བ་གཙོ་བོ་ཡིན་པ་ལས་ཕྲན་ཚེགས་ཀྱི་རྡོ་རྗེ་གསང་བ་སྟེ། ཁཾ་ཞེས་བྱ་བས་རྡོ་རྒྱུས་ལ་སོགས་པ་དང༌། རོ་བསྲེགས་པའི་སོལ་བ་སྔགས་བརྒྱ་རྩ་བརྒྱད་བཟླས་པ་ཙམ་གྱིས་མི་སྡུག་པ་ལ་སོགས་པའི་གཟུགས་ཅན་གྱི་སྦྲུལ་བྲིས་ལ། དེའི་ཁར་ཁཾ་ཞེས་བྱ་བ་མེའི་མདོག་དང་ལྡན་པ་དུག་གི་བདག་ཉིད་ཅན་བསྲེག་པ་རང་གི་སྦྱོར་བ་ལ་གནས་ནས་བསྒོམ་པར་བྱའོ། །དེ་ནས་སྤྲུལ་དེ་གནས་ལ་བསྐྱོད་པར་འགྱུར་རོ། །ཧྲི་ཞེས་བྱ་བ་ཡང་དེའི་ཁར་བསམས་ལ་དེ་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་ཁམས་གསུམ་ན་གནས་པའི་དུག་རྣམས་བཀུག་ལ། སྤྲུལ་གྱི་ཁར་གཞུག་པར་བྱའོ། །དེ་ནས་ཡི་གེ་ཁཾ་གྱིས་སྦྲུལ་དེ་བསྐུལ་ལ། གང་གཟུང་བར་བྱ་བ་དེ་ཉིད་གཟུང་བར་བསམས་ན། འཇིག་པར་འགྱུར་རོ། །སྡིག་པ་དང་ཞེས་བྱ་བ་ལ་སོགས་པ་ལ་སྦྱོར་བ་འབྱུང་བའི་མཚན་ཉིད་ཀྱིས་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ལས་ཐམས་ཅད་ཁཾ་ལ་སོགས་པ་བྱས་ལ། དེ་ཉིད་ཀྱིས་ཀྱང་འཛིན་དུ་བཅུག་ན་གདུག་པ་འཇིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས་ཡི་གེ་ཨོཾ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་དང་ལྡན་པའི་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་ལ། ལྟེ་བར་ཡི་གེ་ཨོཾ་འོད་ཟེར་གྱི་ཚོགས་ཀྱིས་ཁྱབ་པར་བསམས་ལ། དེས་དུག་ཉིད་ནག་པོར་བྱུང་བར་དྲངས་ཏེ། གནས་གཞན་དུ་བཙལ་ནས། དུག་སྤངས་ཏེ།


DTG038_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་འཇུག་པས་ཁྱབ་ཅིང་ནམ་མཁའ་ལ་སོགས་པར་དུག་སྤོ་བར་བྱའོ། །དུག་གསོ་བ་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོ་ག་ཇི་ལྟ་བ་བཞིན་དུ་འཁོར་ལོའི་དབུས་སུ་གནས་པའི་མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས་བསྒྲུབ་པར་བྱ་བའི་སྙིང་གར་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ལས་སྐྱེས་པའི་འོད་དཀར་པོའི་སྤྲིན་གྱི་ཚོགས་བསིལ་བས་དེའི་ལུས་ཁྱབ་པར་བྱས་ལ། དེ་ཉིད་སྙིང་ག་དང༌། ལྐོག་མ་དང༌། དཔྲལ་བ་དང༌། མགོའི་གནས་སུ་དུག་ཡང་དག་པར་བསྡུས་པར་གྱུར་པ་ལན་གཉིས་ལན་གསུམ་གྱི་བར་དུ་བསམས་ལ། ཡང་ཐམས་ཅད་སྙིང་གར་བསྡུས་ཏེ་སྐྱུགས་པའི་ཚུལ་དུ་ཁ་དོག་ནག་པོར་བྱུང་བར་བསམ་མོ། །འབྲས་ལ་སོགས་པ་དུག་དང་ཉེ་བའི་དུག་གཞིག་པར་བྱ་བའི་ཕྱིར་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གཞན་ཞེས་བྱ་བ་ནི་གཡན་པ་དང༌། ཤ་བཀྲ་ལ་སོགས་པའོ།། བསམས་པ་ཙམ་གྱིས་ཞེས་བྱ་བ་ནི་བཤད་མ་ཐག་པ་བཞིན་དུ་འོད་དཔག་ཏུ་མེད་པའི་རྣལ་འབྱོར་བྱ་བ་སྟེ། ལག་པ་གཡས་པར་ཡི་གེ་ཨཱཿལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ་ཡང་ཡི་གེ་ཨཱཿའོད་ཟེར་ལྔས་རྒྱས་པར་བསམས་ལ། དེས་བྱ་བ་པར་བྱའོ། །སྡུད་པ་ནི་དམ་ཚིག་གནག་ཅེས་བྱ་བ་ལ་སོགས་པ་ལ་ཨཱཿལས་བྱུང་བའི་འོད་ཟེར་རྣམས་ཀྱིས་སྡུད་པ་ན་དུག་དང་བཅས་པ་ཡིན་པའི་ཕྱིར་ནག་པོ་ཡིན་ལ་སྤྲོས་པ་ན་ཡང་འདིར་གཞན་དག་ཏུ་དག་བསལ་བ་ཡིན་པའི་ཕྱིར། དཀར་པོའི་མདོག་ཏུ་གྱུར་པ་ཡིན་ནོ། །འདི་དག་ནི་འདིའི་སྔ་མ་རྣམས་ལ་ཡང་ཤེས་པར་བྱའོ། །གདོན་པའི་སྔགས་ཀྱིས་ཀྱང་ནད་ལ་སོགས་པ་བསལ་བར་བྱའོ་ཞེས་གསུངས་པ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གལ་ཏེ་འདི་ལྟ་བུའི་སྔགས་ཀྱི་ཡི་གེའི་ཚིག་ནི་མོས་པའི་དབང་དུ་གསུངས་པ་ཡིན་ཏེ། དེའི་རྣལ་འབྱོར་ཉིད་ཀྱིས་ལས་བྱའོ་ཞེས་བྱ་བའི་དོན་ཏོ། །ནད་ནི་རྡོ་རྗེས་བསྐུལ་བ་ཡིས། །ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ནི་ཨོཾ་ཨཱཿཛི་ན་ཛི་ཀ་ནད་ཆེ་གེ་མོ་ཨ་པ་ན་ཡ་ཧཱུཾ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་བྱ་བ་སྟེ། དེ་ལ་སོགས་པའི་རྣམ་པ་ཇི་ལྟ་ཇི་ལྟ་བ་དེ་བཞིན་དུ་སྦྱར་བར་བྱའོ། །ནད་དེ་ཡང་སྤྲེའུ་ལ་སོགས་


DTG038_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འདྲ་བར་བསྒྲུབ་པར་བྱ་བའི་ལུས་ལ་སོགས་པ་ལས་བྱུང་བར་བསམས་ལ། རང་གི་ལག་པ་ན་འདུག་པའི་འཁོར་ལོ་ལ་སོགས་པས་སྤྲེའུ་ལ་སོགས་པ་དེ་རྣམས་ཀྱི་ལུས་ལ་སོགས་པ་ཕྱེ་མར་བརླག་པར་རྡོ་རྗེ་གོ་འཕང་རང་གི་རྣལ་འབྱོར་ལ་གནས་པའི་རྣལ་འབྱོར་བས་བསྒོམ་པར་བྱའོ། །རང་གི་ལུས་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ། སྐུ་མདོག་ནག་པོར་ཆོ་ག་བཞིན་དུ་བསྒོམས་ལ། དེ་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས་ཕྱོགས་བཅུ་ཁྱབ་པར་བྱས་ལ། སྤྲེའུ་ལ་སོགས་པའི་ནད་དེ་རྣམས་ཀྱི་ལུས་རང་གི་ལག་ན་གནས་པའི་ཕྱག་མཚན་གྱིས་ཕྱེ་མར་བརླག་པར་བྱ་ཞིང་སྔགས་བརྒྱ་རྩ་བརྒྱད་ཐུན་མཚམས་བཞིར་བཟླས་བརྗོད་བྱའོ། །དེ་ནས་ཡང་བདག་ཉིད་ཁ་དོག་དཀར་པོར་བསྒོམས་ལ། སྤྲོ་བ་ལ་སོགས་པ་བྱེད་བཞིན་དུ་སྔ་མ་བཞིན་དུ་ནད་པ་ལ་དབང་བསྐུར་བ་ལ་སོགས་པ་བཞིན་དུ་བྱ་ཞིང་ཞི་བ་བྱའོ། །དེ་ནས་ངེས་པར་ལས་ལས་བྱུང་བའི་ནད་ཀྱང་ཉིན་ཞག་བདུན་གྱིས་མེད་པར་འགྱུར་རོ། །ཡང་ན་བདག་གི་སྔགས་རྒྱལ་གྱིས། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ལ་སོགས་པའི་སྦྱོར་བས་ཀྱང་ཅི་རིགས་པར་ནད་རྣམས་བསལ་བར་བྱའོ། །ད་ནི་རྨི་ལམ་གྱི་མཚན་མ་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་རྨི་ལམ་ཆེན་པོའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གང་མངོན་པར་འདོད་པའི་འབྲས་བུ་འཐོབ་པའི་ལྟས་སོ། །རྨི་ལམ་གྱི་མཚན་མ་བསྟན་ནས་མཚན་མ་དེ་ལ་མངོན་པར་ཞེན་པ་བཙལ་བར་བྱ་བའི་ཕྱིར་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དམ་ཚིག་གི་སྙིང་པོ་ཞེས་བྱ་བ་ནི་འདའ་བར་བྱ་བ་མ་ཡིན་པའི་ངེས་པའི་ཡེ་ཤེས་སོ། །སེམས་ལ་དམིགས་པ་ནི་སེམས་ལ་ངེས་པར་བརྟགས་པ་སྟེ། ཁམས་གསུམ་པ་འདི་དག་ནི་རྣམ་པར་ཤེས་པ་འདི་ཉིད་དོ་ཞེས་བྱ་བའོ། །རྣམ་པ་དེ་ལྟ་བུ་ཡིན་པས་ན་སེམས་ནི་ཆོས་ཐམས་ཅད་དེ་རྨི་ལམ་དུ་དམིགས་པའི་སངས་རྒྱས་ཐོབ་པ་ལྟ་བུ་སྟེ། ཁམས་གསུམ་པའི་ཚུལ་ཡང་དེའི་བདག་ཉིད་དུ་རབ་ཏུ་གནས་པ་ཡིན་ནོ། །དེ་དག་ཀྱང་ནམ་མཁའི་མཚན་ཉིད་ཅན་གྱི་སེམས་ལ་གནས་པར་འགྱུར་རོ་ཞེས་གསུངས་པ་ནི། ནམ་མཁའི་རྡོ་རྗེ་ལ་གནས་སེམས། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་


DTG038_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པའི་ངོ་བོ་ཉིད་ཀྱི་ཆོས་མེད་ལ། དེ་མེད་པས་ན་ཆོས་ཉིད་ཀྱང་མེད་པའོ། །དེ་ནི་འདི་དག་གསན་པ་དང་སངས་རྒྱས་ངོ་མཚར་དུ་གྱུར་ཅིང་རྨད་དུ་གྱུར་བ་ཐོབ་པར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོས་རྣམས་ངོ་བོ་མེད་པ་ལ་ཞེས་བྱ་བ་ནི་བཏགས་པའི་ཚུལ་དང་བྲལ་བའི་ཆོས་རྣམས་ལ། ཆོས་ཀྱི་དེ་ཁོ་ན་ཉིད་གཉིས་སུ་མེད་པ་ཞེས་བྱ་བ་འདི་བཤད་པ་ཡིན་ནོ། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་བྱ་བ་ནི་དམིགས་སུ་མེད་པའི་ཡེ་ཤེས་ནི་རང་གི་ངོ་བོ་ཉིད་ཀྱིས་བསྒོམ་པའོ། །དེ་སྐད་དུ་འཕགས་པ་བྱམས་པས་ཀྱང༌། འདི་ནི་བཏགས་པ་དགག་པ་སྟེ། །རང་གི་ངོ་བོ་བཟློག་པ་མིན། །ཞེས་གསུངས་པ་ཡིན་ནོ། །ཆོས་གང་གིས་ཤེ་ན། བེམས་པོའི་ཚུལ་གྱིས་ནམ་མཁའ་དང་ཡེ་ཤེས་གཅིག་པ་ཉིད་ཀྱི་ཕྱིར་རོ། །མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ནམ་མཁའ་ནི་ཆོས་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ནམ་མཁའ་ལ་ཡང་ང་ནི་ཐམས་ཅད་དུ་སོང་བའོ་ཞེས་བྱ་བ་ལས་གོས་པ་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་ཡོད་པ་མ་ཡིན་ནོ། །ནམ་མཁའ་ལ་བརྟག་ཏུ་མེད་ཅེས་བྱ་བ་ལ་སོགས་པ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེའི་སྐྱེ་བ་མེད་དེ་ཞེས་བྱ་བ་ནི་སེམས་ཀྱི་ངོ་བོ་ཉིད་དེ་ལ་བརྟག་པའི་བདག་ཉིད་ཅན་གྱི་སྐྱེ་བ་མེད་པ་སྟེ། དངོས་སུ་ན་གཉིས་སུ་མེད་པར་འབྱུང་བ་ཉིད་ཡིན་ནོ། །ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ། ངོ་བོ་ཉིད་ནི་གཟུང་བ་ལ་སོགས་པའི་བརྟགས་པའི་ཚུལ་ཏེ་དེ་དང་བྲལ་བའོ། །ཡང་ན་མཐའ་ནི། གཟུང་དང་འཛིན་པའི་རྣམ་པ་ནི། །ཕྱི་ཡི་མཚན་ཉིད་ཡོད་མིན་ཏེ། དེ་བས་མཚན་ཉིད་སྟོང་བའི་ཕྱིར། །དངོས་པོ་མེད་པར་བཤད་པ་ཡིན། །ཞེས་འབྱུང་བ་ཡིན་ནོ། །རྨི་ལམ་དེ་ནི་ཞེས་བྱ་བ་ལ་སོགས་པས་ནི་རྨི་ལམ་དང་གཉིད་མ་ལོག་པའི་གནས་སྐབས་དངོས་སུ་ན་ཁྱད་པར་མེད་པར་གསུངས་པ་ཡིན་ནོ། །ནམ་མཁའི་ཁམས་ཀྱི་རྗེས་འབྲང་བའི། །ཞེས་བྱ་བ་ནམ་མཁའ་ཁྱབ་པ་རྣམས་ལའོ། །རྗེས་སུ་འབྲང་བ་ཞེས་བྱ་བ་ནི་མངོན་པར་འཕེལ་བར་གྱུར་བའོ། །སེམས་ནམ་མཁའ་ལ་གནས་སོ་ཞེས་བྱ་བ་ནི་དེའི་བདག་ཉིད་ཀྱིས་སོ། །ནམ་མཁའ་ནི་གང་ལ་ཡང་མི་གནས་སོ་ཞེས་བྱ་བ་ནི་དམིགས་སུ་མེད་པ་ཉིད་དུ་


DTG038_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པས་ན། རྟེན་དང་བརྟེན་པར་གྱུར་པ་ནི་བརྟགས་པ་ཙམ་ཡིན་པའི་ཕྱིར་རོ། །རང་གི་སེམས་ཀྱི་ཆོས་ཉིད་ལ་གནས་པ་ཞེས་བྱ་བ་ནི་རང་གི་སེམས་ཀྱི་ཆོས་ཉིད་ནི་སྟོང་བ་ཉིད་ནི་སྟོང་བ་ཉིད་དེ། གཟུང་བ་ལ་སོགས་པ་དང་བྲལ་བའོ། །གང་འཕགས་པ་བྱམས་པས། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །ཅེས་བཤད་པ་ཡིན་ནོ། །དེས་གནས་པ་ནི་སྟོང་པ་ཉིད་དུ་རོ་གཅིག་པ་སྟེ། དེ་སེམས་ཤིང་ཅང་མི་སྨྲ་བར་འཁོད་པར་འགྱུར་རོ། །ལེའུ་བཅོ་ལྔ་པའི་འགྲེལ་པའོ།། །།

ལེའུ་བཅུ་དྲུག་པ། དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་འགྲེལ་པ།


DTG038_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་བཅུ་དྲུག་པ་གསུངས་པ་ཡིན་ཏེ། ཏིང་ངེ་འཛིན་ཞེས་བྱ་བ་ནི་རྣམ་པར་དགོད་པ་མེ་ལོང་ལྟ་བུའོ། །ཆོ་ག་རྡོ་རྗེ་ཞེས་བྱ་བ་ནི་མི་ཕྱེད་པའི་ཆོ་གས་དཀྱིལ་འཁོར་རྫོགས་པའི་དབུས་མའི་གདན་ལ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་འཁོར་ལོའི་གཟུགས་སུ་བྲི་བར་བྱའོ། །མི་བསྐྱོད་ལ་སོགས་ཞེས་བྱ་བ་ནི་སྔར་གྱི་རྣམ་པར་སྣང་མཛད་ཀྱི་དབུས་སུ་མི་བསྐྱོད་པའི་རྡོ་རྗེ་བྲིས་ལ། ལྷག་མ་རྣམས་གནས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །བཤད་གཅི་ལ་སོགས་ཞེས་བྱ་བ་ལ། ཚོན་དང་ཐིག་ལ་སོགས་པ་དང༌། བཟའ་བ་ལ་སོགས་པ་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །གསུང་གི་དཀྱིལ་འཁོར་བཤད་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཏིང་ངེ་འཛིན་ཞེས་བྱ་བ་ནི་སོ་སོར་རྟོག་པའི་རྣམ་པའོ། །རྡོ་རྗེ་བསྒོམས་པས་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པ་ལ་སོགས་པ་སློབ་དཔོན་དང་སློབ་མ་གཉིས་ཀྱིས་བཟུང་པའི་སྲད་བུ་སྔར་བཤད་པས་ཐིག་བཏབ་ལ་བྲི་བར་བྱའོ། །རང་གི་སྐུ་ཡི་དཀྱིལ་འཁོར་གནས། །ཞེས་བྱ་བ་ནི་གཟུགས་དང་ལྡན་པའི་སྐུའི་དཀྱིལ་འཁོར་ཉིད་ཡིན་དུ་ཟིན་ཀྱང༌། འདོད་ཆགས་རྣམ་པར་དག་པའི་དབང་གིས་གསུང་གིར་རྡོ་རྗེའི་ཡོན་ཏན་འཐོབ་པ་ཡིན་ནོ། །ནུབ་ཕྱོགས་ཀྱི་འོད་དཔག་ཏུ་མེད་པའི་གནས་སུ་ནི་མི་བསྐྱོད་པའི་ཕྱག་རྒྱ་བྲིས་ལ། ལྷག་མ་རྣམས་གནས་ཇི་ལྟ་བ་བཞིན་བྲི་བར་བྱའོ་ཞེས་གསུངས་པ་ནི་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གསང་བའི་མཆོད་པ་ཞེས་བྱ་བ་ནི་གར་མཁན་གྱི་བུ་མོ་བླངས་ལ་ཇི་སྐད་དུ་བཤད་པའི་མཆོད་པ་བྱའོ་ཞེས་ཤེས་པར་བྱའོ། །དེ་ལྟར་


DTG038_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྐུ་དང་གསུང་གི་དཀྱིལ་འཁོར་དེ་དག་བཤད་པ་ཡིན་ནོ། །ཐུགས་ཀྱི་དཀྱིལ་འཁོར་ནི་ལེའུ་བཞི་པར་བཤད་པ་ཡིན་ནོ། །ད་ནི་ལྷ་གཞན་དག་གི་དཀྱིལ་འཁོར་དག་ཀྱང་བསྒྲེས་ནས་བསྟན་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་གྱི་དབུས་སུ་གང་གི་གཟུགས་བྲིས་པ་དང་དཀྱིལ་འཁོར་དེ་ཉིད་ཀྱི་ཡིན་པར་འགྱུར་རོ། །དེ་སྐད་དུ་གང་ཞིག་དབུས་སུ་གནས་པར་གྱུར་པའི་འཁོར་ལོ་དེ་ཡང་དེའི་ཡིན་པར་འགྱུར་ཞེས་བཤད་པ་ཡིན་ནོ། །དཀྱིལ་འཁོར་ཐམས་ཅད་བསྐྱེད་པ་ལ་སོགས་པ་ལ་ཐུན་མོང་དུ་གྱུར་པའི་ཐུགས་ལ་སོགས་པ་ངོ་བོ་ཉིད་ཀྱི་ཡི་གེ་གསུམ་བཤད་པར་བྱ་བའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ལ་སོགས་པའི་དཀྱིལ་འཁོར་དེའི་སྔགས་ནི་སྙིང་པོ་རྣམས་ཏེ། དེའི་ཐིག་གདབ་པའི་ཕྱིར། ཡི་གེའི་གནས་ཡིན་ནོ་ཞེས་མཚམས་སྦྱར་བར་བྱའོ། །ཡེ་ཤེས་བབས་པ་ཐོབ་པའི་རྣལ་འབྱོར་པའི་བྲི་བའི་དཀྱིལ་འཁོར་གྱི་ཆོ་ག་གསུང་པ་ནི་ཚོན་རྩི་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ཀྱི་སེམས་དཔས་ཞེས་བྱ་བ་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་སེམས་ཀྱིས་མཐུ་ཐོབ་པས་ཚོན་དགྱེས་བ་དང༌། ཐིག་གདབ་པ་ལ་སོགས་པ་བདག་ཉིད་ཀྱིས་མི་བྱ་སྟེ། བྱས་ནས་བྱང་ཆུབ་རྙེད་པར་དཀའ་བར་འགྱུར་རོ། །དེ་ལྟ་ན་གོ་དཀྱིལ་འཁོར་ཇི་ལྟར་བྲིས་པར་བྱ་ཞེ་ན། དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱེའུ་དང་བུ་མོ་ལ་སྔགས་ཀྱི་ལྷ་རྣམ་པར་སྣང་མཛད་དང་སྤྱན་ཕབ་སྟེ། མིག་ལ་སོགས་པ་བྱིན་གྱིས་བརླབས་པའི་གནས་བསམས་ལ། བླ་མ་དང་སློབ་མའི་ཚུལ་ཅན་དེ་གཉིས་ཀྱིས་སྐུའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ཉིད་ཀྱིས་གསུང་གི་དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པ་ནི་རྡོ་རྗེ་ཆོས་ཞེས་བྱ་བ་ལ་སོགས་པའོ། །ཐུགས་ཀྱི་དཀྱིལ་འཁོར་གྱི་ཡང་ཆོ་ག་གསུངས་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་སྐད་དུ། ཡེ་ཤེས་དབབ་པ་ལེགས་ཐོབ་པས། །ཞེས་བྱ་བ་ནས་བརྩམས་ཏེ། ཐུགས་ལའང་མི་བསྐྱོད་མཱ་མ་ཀཱི། །ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ། །ཡུལ་དང་དུས་གཞན་དག་ཏུ་རྣམ་པར་བསྒོམ་བཞིན་དུ་འཁོར་ལོ་བཀུག་ནས་འདི་ཉིད་ཀྱི་ནང་དུ་ཆུད་པར་བྱ་བ་གསུངས་པ་ནི་བཀུག་ནས་ཞེས་བྱ་བ་ལ་


DTG038_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའོ། །ཁྲོ་བོའི་རྒྱལ་པོས་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ཀྱིས་སོ། །འདི་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། སྒོ་སྲུང་གསུམ་པོ་གཞན་དག་གིས་ཀྱང་གཞུག་པ་དང༌། བཅིང་བ་དང་མཉེས་པར་བྱ་བ་བྱས་ལ། དུས་གསུམ་གྱི་སངས་རྒྱས་ནང་དུ་ཆུད་པའི་བདག་ཉིད་ཅན་གྱིས་འཁོར་ལོ་མཆོད་པར་བྱའོ། །དེ་ནི་རང་གི་འཁོར་ལོ་གསལ་བསྒོམས་ཏེ། །ཞེས་བྱ་བ་ནས་བརྩམས་ཏེ། གཤིན་རྗེ་གཤེད་ལ་སོགས་པས་དགུག །ཅེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །གཏོར་མའི་ཆོ་ག་གསུངས་པ་ནི་སྔགས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་པ་སྟེ། འདི་དག་ནི་བདག་གིས་མ་བཤད་དོ། །ལས་དང་པོ་པའི་རྣལ་འབྱོར་པས་ཐིག་གདབ་པའི་ཆོ་ག་གསུངས་པ་ནི་ཐིག་གི་ཞེས་བྱ་བ་ལ་སོགས་པ་སྟེ། སྐུའི་དཀྱིལ་འཁོར་བྲི་བའི་དུས་སུ། སློབ་དཔོན་བདག་ཉིད་སྲད་བུའི་མཐའ་གཅིག་འཛིན་པའི་རྣམ་པར་སྣང་མཛད་དུ་བསམས་ལ། སློབ་མ་སྲང་བུ་གཉིས་པ་འཛིན་པའི་རྡོ་རྗེ་སེམས་དཔའ་འམ། བདུད་རྩི་ཐབ་སྦྱོར་དུ་བསམ་པར་བྱའོ། །ལས་ཀྱི་གནས་ཞེས་བྱ་བ་ནི་ཐིག་མངོན་པར་སྦྱར་བ་ལ་སོགས་པའོ། །དེ་དག་ཀྱང་དཀྱིལ་འཁོར་གྱི་ཆོ་ག་ལས་གསལ་བ་ཉིད་དུ་ཤེས་བར་བྱའོ། །སྲད་བུ་དེ་དང་ཚོན་ལ་སངས་རྒྱས་ལྔའི་བདག་ཉིད་ཅན་ལྷ་ཉི་ཤུ་རྩ་ལྔའི་གཟུགས་སུ་དབྱེ་བར་བྱའོ་ཞེས་གསུངས་པ་ནི། སངས་རྒྱས་རྒྱལ་ཆེན་ལྔ་རྣམས་ནི། །ཞེས་བྱ་བ་ལ་སོགས་པའོ། །དེ་བས་ན་དེའི་མདོག་ས་བོན་ལས་བྱུང་བའི་མི་བསྐྱོད་པ་ལ་སོགས་པར་སྣང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ད་ནི་སྔར་བཤད་པའི་གཏོར་མ་ཕུལ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ལ་བསྐོར་བར་བྱའོ་ཞེས་གསུངས་པ་ནི་སྔགས་རྣམས་ཞེས་བྱ་བ་ཡིན་ཏེ། རྡོ་རྗེ་ཧཱུཾ་མཛད་ནི་ཁམས་གསུམ་རྣམ་པར་རྒྱལ་བ་སྟེ། གནོད་མཛེས་ཡིན་པར་བཤད་དོ། །དེ་ཉིད་ཀྱིས་ན། ཕྱོགས་སྐྱོང་རང་རང་སྦྱོར་གནས་པ། །ཞེས་བྱ་བ་ནས་བརྩམས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་གྱུར་པ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཞི་བའི་སྒྲུབ་པས་སྤྱན་རས་ཀྱིས་མི་འཚོ་བའི། སངས་རྒྱས་རྣམས་ཀྱི་སྤྱན་རས་ཀྱིས་བཙའ་བའི་ཕྱིར་སྐུ་གསུང་ཐུགས་ཞེས་བྱ་བ་


DTG038_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་སྨོས་ཏེ། སྐུ་གསུང་ཐུགས་ཞེས་བྱ་བ་ནི་གནོད་མཛེས་རྒྱལ་པོ་སྟེ། སངས་རྒྱས་ལྔའི་དབུ་རྒྱན་ལ་བདག་པོ་གཉིས་པ་བསྒོམ་པར་བྱའོ། །ཡང་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་འཛིན་པ་སྟེ་སངས་རྒྱས་རྣམས་ཀྱི་གནས་ལྔ་པོ་མགོ་བོ་དང༌། ལྐོག་མ་དང་། སྙིང་ག་དང༌། ལྟེ་བ་དང༌། རྐེད་པའི་གསང་བར་བསྒོམ་པའོ། །རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱིའོ། །བུམ་པ་དགོད་པའི་ཆོ་ག་གསུངས་པ་ནི་རྡོ་རྗེ་བུམ་པ་གཞག་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པ་ལ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་དང་འབྲེལ་བའི་སྔགས་དཀྱིལ་འཁོར་པའི་ལྷ་སོ་སོའི་བཟླས་པ་བྱས་པའི་རང་བཞིན་ནོ། །རྒྱུད་ནི་འདབ་མ་ལ་སོགས་པའོ། །བདག་པོ་ནི་དཀྱིལ་འཁོར་པ་སོ་སོ་སྟེ། དེ་རྣམས་ཀྱི་རྗེས་སུ་འབྲང་བའི་ཡི་གེ་རྣམས་ཀྱིས་སོ། །རང་བྲིས་པ་ནི་རང་རང་གི་མཚན་མས་མཆན་པ་དང༌། བདུད་རྩི་ལྔ་དང༌། འབྲུ་དང་གོས་ལ་སོགས་པ་དང་ལྡན་པ་བཟླས་ཤིང་རང་གི་སྦྱོར་བ་དང་ལྡན་པ་ཇི་སྐད་དུ་བཤད་པའི་གནས་རྣམས་སུ་དགོད་པར་བྱའོ། །དེ་བས་ན། མགྲིན་པ་བཟང་པོ་གོས་ཀྱིས་དཀྲིས། ཨ་མྲ་ལ་སོགས་འདབ་མར་ལྡན། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྦྱིན་སྲེག་གི་ཆོ་ག་གསུངས་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། དབུས་སུ་རང་གི་ལྷའི་གཟུགས་ཞེས་བྱ་བ་ནི་དང་པོ་མེ་ལྷ་ལ་ཇི་སྐད་བཤད་པའི་སྦྱིན་བླུགས་ཕུལ་ལ་དེའི་འོག་ཏུ་དེའི་དབུས་སུ་རང་གི་ལྷའི་སྐུ་བསམས་ཏེ། དེའི་ཞལ་དུ་སྲེག་རྫས་བསྟབ་པར་བྱའོ། །དེ་བས་ན་ཀུན་ནས་སོར་བཞི་དོར་ནས་ནི། ཁ་ཁྱེར་དེའི་ཚད་པདྨ་ཁ་བྱེ་བའི་ཁ་ཁྱེར་ལས་ཁྲུ་ཟབས་སུ་ཁྲུ་ཕྱེད་པ། འཁོར་ལོ་ལྟ་བུ་ལས་ཀུན་བྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སློབ་མ་གཞུག་པའི་ཆོ་ག་གསུངས་པ་ནི་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་ལྷག་པར་མོས་པས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའི་སློབ་མ་ལ་གནས་ཇི་ལྟ་བ་བཞིན་དུ། རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པར་བསམ་པར་བྱ་སྟེ། ཨ་ཞེས་སྨོས་པ་ནི་དེ་ཉེ་བར་མཚོན་པའི་དོན་དུ་གསུངས་པ་ཡིན་ནོ། །རྡོ་རྗེ་གཟུང་བར་བྱ་ཞེས་བྱ་བ་ནི་རྡོ་རྗེ་གསུམ་གྱིས་བྱིན་གྱིས་


DTG038_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པའོ། །འདི་ཉིད་གསུངས་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ། །འདིར་འོད་དཔག་ཏུ་མེད་པ་མ་བཤད་པ་ནི་སྔར་ཨ་ཞེས་བྱ་བ་ཉིད་ཀྱིས་དེ་སྟོན་པ་ཡིན་པའི་ཕྱིར་རོ། །དེ་ཡང༌། སློབ་མ་སྤྱི་ཡི་སྡོམ་པ་དང༌། །ཞེས་བྱ་བ་ནས་བརྩམས་ཏེ། སྒོར་ནི་ཕྲེང་ཐོགས་ཡང་དག་མཆོད། །དེ་བཞིན་ཡོན་ནི་ཕུལ་བ་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སློབ་མ་གཞུག་པས་ཡི་གེ་ལྔ་གསུངས་པ་ནི་ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའོ། །གཤིན་རྗེ་གཤེད་ལ་སོགས་པའི་སྔགས་དང༌། འདི་ཉིད་ཀྱིས་སློབ་མ་དགུག་པ་ལ་སོགས་པ་བྱའོ། །དེ་བས་ན། གཤིན་རྗེ་གཤེད་སོགས་རང་སྔགས་ནི། །དམ་པས་དགུག་ཅིང་གཞུག་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སློབ་མ་དབང་བསྐུར་བར་གསུངས་པ་ནི་དེ་ལ་ནི་འདི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཇི་སྐད་དུ་བཤད་པའི་བུམ་པ་གང་བ་བསྣམས་པ་ནམ་མཁའི་ཁམས་ཡོངས་སུ་གང་བར་རབ་ཏུ་བསྒོམས་ལ། སངས་རྒྱས་དེ་རྣམས་ཡུངས་ཀར་ལྟ་བུའི་རྡོ་རྗེ་གསུམ་གྱི་འོད་ཟེར་གྱིས་བསྐུལ་བར་བྱའོ། །དེ་ནས་དེ་ལ་དབང་བསྐུར་བ་སྩོལ་བར་འགྱུར་རོ། །སྤྱན་ལ་སོགས་པ་བུམ་པ་ཐོགས་པས་འདི་ལ་དབང་བསྐུར་བར་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་ཇི་ལྟར་ལྷག་པར་མོས་པར་བྱས་པའི་ཏིང་ངེ་འཛིན་གྱིས་སོ། །དམ་ཚིག་གི་མཆོག་རྣམས་ནི་ཞེས་བྱ་བ་ནི་སྤྱན་ལ་སོགས་པས་སོ། །སློབ་མ་དཀྱིལ་འཁོར་དུ་གཞུག་པ་ལ་ཇི་ལྟ་བའི་ལྷག་པར་མོས་པས་རྣམ་པར་སྣང་མཛད་ལྟ་བུར་བསམ་མོ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་དེ་དྲན་པར་བྱ་བའི་ཕྱིར་གསུངས་པ་ནི་རྡོ་རྗེ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། དགོད་པར་བྱ་ཞེས་བྱ་བ་ནི་ཡི་གེ་གསུམ་མོ། །དབང་བསྐུར་བའི་དུས་སུ་སློབ་དཔོན་གྱིས་བརྗོད་པར་བྱ་བའི་ཚིགས་སུ་བཅད་པ་གསུངས་པ་ནི་དེ་ལ། འདི་ནི་སློབ་མ་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དབང་བསྐུར་བ་ལེན་པའི་སྔོན་རོལ་དུ་སློབ་མའི་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་གསུངས་པ་ནི་དེ་ལ་འདི་ནི་སློབ་མ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ་།ཚིགས་སུ་བཅད་པས་གསོལ་བ་


DTG038_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པའི་རྗེས་ཐོགས་ལ། སློབ་དཔོན་གྱིས་དབང་བསྐུར་བར་བྱའོ་ཞེས་གསུངས་པ་ནི་དེའི་ཚིག་དེ་ལ་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པའོ། །ལྷའི་གཟུགས་ཀྱིས་སྦྱོར་བས་སློབ་མའི་སྙིང་གར་བདག་པོ་གཞག་པར་བྱ་ཞིང་དེ་ནས་སྔགས་ཀྱིས་ཡི་གེའི་ཚིག་དང༌། དམ་ཚིག་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི། ལྷའི་གཟུགས་ཀྱི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དབང་བསྐུར་བ་ན་མིང་ལ་སོགས་པ་དཀྱིལ་འཁོར་ཆོ་ག་ལས་ཤེས་པར་བྱའོ། །དཀྱིལ་འཁོར་དག་ནི་བསྟན་པར་བྱ། །ཞེས་བྱ་བ་ནི་མིག་དབྱེ་བ་བྱས་པ་ཡིན་ཏེ། དེ་ཉིད་ཀྱིས་ན་མིག་འབར་བཅས། །ཨོཾ་བསམས་ལ་ཞེས་བྱ་བ་ནས་བརྩམས་ཏེ། འཁོར་ལོའི་བདག་པོ་ནས་བརྩམས་ཏེ། བདུད་རྩི་ཐབ་སྦྱོར་བར་དུའོ། །ཞེས་བྱ་བའི་བར་དུ་བཤད་པ་ཡིན་ནོ། །དེ་ནས། དམ་ཚིག་གསང་བ་བསྒྲག་པར་བྱ། །ཞེས་བྱ་བ་ལ་སོགས་པ་ནི་བདག་གིས་གསལ་བར་མ་བཤད་དོ། །སློབ་མ་ལ་སྔགས་འདོད་པའི་ལྷའི་ཏིང་ངེ་འཛིན་ཆོ་ག་བཞིན་དུ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གསང་བ་སྦྱིན་ལ་ཞེས་བྱ་བ་ཡང༌། གསང་བའི་དབང་བསྐུར་བའི་དམ་ཚིག་གི་ཆོ་ག་ཡིན་ཏེ། འདི་དག་ནི་བདག་གིས་མ་བཤད་དོ། །སྲོག་གཅོད་པ་ལ་སོགས་པ་བཞི་པོ་འདི་དག་ནི་རྣལ་འབྱོར་པ་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་ཞིང༌། རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་འགྲོ་བའི་དོན་གྱི་སྤྱོད་པ་དང་འཚམ་པ་ཡིན་ནོ། །གླང་པོའི་ཤ་ལ་སོགས་པ་ནི་སྔགས་མཉེས་པར་བྱེད་པ་རྣམས་ཀྱིས་བསྟེན་པར་བྱའོ། །བཟའ་བ་ལ་སོགས་པའི་ཁྱད་པར་དེ་ཉིད་འབར་བ་ལ་སོགས་པ་མངོན་སུམ་དུ་གྱུར་པར་བྱ་བས་སློབ་མ་ལ་ཡིད་ཆེས་པར་བྱ་བ་བསྟན་པར་བྱ་སྟེ། འབར་བར་བྱ་བ་ལ་སོགས་པ་ལ་དགོས་པའི་ཡི་གེ་ཨོཾ་གསུངས་པ་ཡིན་ནོ། །དེ་ཡང་རང་གི་སྦྱོར་བ་ལ་གནས་ཏེ། ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གནས་ཤིང༌། ཡི་གེ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་ལ་གནས་པ་ལ་ཡི་གེ་ཨ་ལས་བྱུང་བའི་ཐོད་པར་ཤ་དང་བདུད་རྩི་འདི་དག་ཐམས་ཅད་སངས་རྒྱས་ཀྱི་འཁོར་ལོ་དང་ལྡན་པར་བསམས་ལ་དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བར་སྣང་ལ་བསྒོམས་ཏེ། དེ་ལས་བདུད་རྩིའི་རྒྱུན་འཛག་པ་ཐོད་པར་


DTG038_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་བྱས་ལ། རྡོ་རྗེ་ཡང་ཐོད་པར་བྱས་ལ། དེ་ཐམས་ཅད་བྱིན་གྱིས་བརླབས་ལ། ཆོ་ག་བཞིན་དུ་སྦ་བར་བྱ་སྟེ། ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོ་ཉིད་དེ་ཁོ་ན་གསུམ་གྱིས་མངོན་པར་བཟླས་པ་བྱས་ལ་ལྷ་རྣམས་དང་ལྷན་ཅིག་ཉེ་བར་ལོངས་སྤྱད་པར་བྱའོ། །དེ་བས་ན། འབར་བའི་ཨོཾ་གྱིས་བྱིན་གྱིས་བརླབས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེའི་ཕན་ཡོན་གསུངས་པ་ནི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པའོ། །ཁམ་ཕོར་ཁ་སྦྱར་ཞེས་བྱ་བ་ནི་ཐོད་པ་སྟེ། བཟའ་བ་ལ་སོགས་པ་འདི་དག་ཀྱང༌། མདག་གཞུག་པའི་སྦྱོར་བ་ལ་ཡང་བརྗོད་པར་བྱའོ། །དེ་ཉིད་གསུངས་པ་ནི། དེ་ལས་འདི་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། མངོན་པར་འདོད་པའི་ལྷའི་རྣལ་འབྱོར་དང་ལྡན་པས་མདུན་དུ་ནམ་མཁའི་དབུས་སུ་ཧྲཱིཿཞེས་བྱ་བ་འོད་སྤྲོ་བ་དང་བཅས་པའི་སྔགས་བསམས་ལ། ནམ་མཁའ་ལ་བསྒོམས་པའི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་དང༌། དེར་ཧྲཱིཿ་ཞེས་བྱ་བས་དབབ་ལ་དེ་ཡོངས་སུ་གྱུར་པ་ལས་དེའི་བྱིན་གྱི་རླབས་ཀྱིས། ཨཱ་ཁཾ་དྷཱིཿཞེས་བྱ་བའི་ཡི་གེ་བསམས་ལ། དེ་ཡོངས་སུ་གྱུར་པའི་མངག་གཞུག་པ་རིགས་དང་རྗེས་སུ་མཐུན་པར་བགེགས་མཐར་བྱེད་ལ་སོགས་པ་གསུམ་ལས་གང་ཡང་རུང་བར་བསམ་པར་བྱའོ། །དེ་ཉིད་གསུངས་པ་ནི་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ་ཞེས་བྱ་བ་ནི་བགེགས་མཐར་བྱེད་དོ། །ལྷག་མ་གཉིས་པོ་ནི་པདྨ་མཐར་བྱེད་དང༌། གཤིན་རྗེ་མཐར་བྱེད་ཡིན་ནོ། །དེ་དག་ལས་གང་ཡང་རུང་བའི་གཟུགས་སུ་མདག་གཞུག་ཕ་བསམས་ལ། དེ་ཉིད་ལ་ཨཱ་ཁཾ་དྷཱིཿཞེས་བྱ་བས་རིམ་པ་ཇི་ལྟ་བ་བཞིན་དུ་དེའི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། འོག་ནས་བཤད་པའི་གསང་བའི་གནས་དེའི་སྙིང་གའི་ཕྱོགས་སུ་གཞག་པར་བྱའོ། །གསང་བའི་གནས་དེ་གང་ཡིན་ཞེ་ན། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མའི་དཀྱིལ་འཁོར་ལ་གནས་པའི་མི་བསྐྱོད་པ་དང༌། འོད་དཔག་ཏུ་མེད་པ་དང༌། རྣམ་པར་སྣང་མཛད་ཟླ་བ་ལ་གནས་པ། རིམ་པ་ཇི་ལྟ་བ་བཞིན་དུ་བགེགས་མཐར་བྱེད་ལ་སོགས་པའི་གཟུགས་ཅན་གྱི་


DTG038_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

མངག་གཞུག་པའི་སྙིང་གར་གཞག་པར་བྱའོ། །དེ་ནས་ཡི་གེ་ཨཱཿདང༌། སྡུག་བསྔལ་དྲག་པོ་འབྱིན་པའི་མདུང་རྩེ་ཆེན་པོ་ལ་སོགས་པས་དྲག་ཤུལ་གྱི་མངག་གཞུག་པ་དེ་ཇི་ལྟར་ལྷག་པར་མོས་པ་ལྟ་བུར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། ཡེ་ཤེས་སེམས་དཔའ་དེ་སྤྱན་དྲང་ཞིང་བསྐུལ་བར་བྱའོ། །དེ་ནས་རིམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་འགྲུབ་པར་འགྱུར་རོ། །དེ་ནས་གྲུབ་པའི་མངག་གཞུག་པ་དེས་སྒྲུབ་པ་པོ་དེ་སངས་རྒྱས་ཀྱི་ཞིང་ལ་སོགས་པར་ཁྱེར་ནས་ཆོས་ཐོས་པར་བྱེད་ཅིང༌། སངས་རྒྱས་ཉིད་ཐོབ་པའི་རྒྱུར་འགྱུར་རོ། །མི་བསྐྱོད་པ་ལ་སོགས་པའི་རིགས་དང་མཐུན་པའི་རྣལ་འབྱོར་པ་གང་ཡང་རུང་བས་མདག་གཞུག་པ་འདི་བསྒྲུབ་པར་བྱའོ་ཞེས་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དམ་ཚིག་བཞི་པོ་ཡང་ཐུན་མོང་ཡིན་ནོ་ཞེས་གསུངས་པ་ནི་དམ་ཚིག་བསྐུལ་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བྱིན་གྱིས་བརླབས་པ་ནི་སྔགས་དེ་བྱིན་གྱིས་བརླབས་པས་བསྐུལ་བ་ཡིན་ནོ། །དམ་ཚིག་གཏོང་བ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲང་བའི་ཕྱིར་མདུང་རྩེ་ལ་སོགས་པ་ཕྱག་ན་བསྡམས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ཁྲོས་པ་རྣམས་སྤྲོས་པའོ། །དམ་ཚིག་སྨྲ་བ་ནི་སྤྲོས་པའི་དེ་བཞིན་གཤེགས་པ་དེ་རྣམས་ཉིད་ཀྱི་ཡང་དག་པར་གསུངས་པའོ། །དམ་ཚིག་འཆིང་བ་ནི་འོད་ཟེར་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་བསྡུས་ཏེ་ས་བོན་དེར་གཞུག་པའོ། །ད་ནི་མངག་གཞུག་པ་དེའི་མཐུ་གསུངས་པ་ནི་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ནམ་མཁའ་ལ་ཡང་འགྲོ་བ་ལ་སོགས་པའི་གཟུགས་རྨད་དུ་བྱུང་བར་ཡང་མངག་གཞུག་པ་དེས་བྱེད་པ་ཡིན་ནོ། །འཇམ་པའི་རྡོ་རྗེའི་སྦྱོར་བས་ཡང་དབང་དུ་བྱ་བའི་སྦྱོར་བ་གསུངས་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྟེ། འཇམ་པའི་རྡོ་རྗེའི་རྣལ་འབྱོར་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ལ། མདའ་ལ་དབུ་རྒྱན་གྱི་རྩེ་མོར་ཞུགས་པའི་ཁུ་ཚུར་བཟུང་ལ།


DTG038_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་དམར་དེ་རྣམས་ཀྱི་མགོ་དང༌། དཔྲལ་བ་དང༌། ཁ་དང༌། སྙིང་ག་དང༌། ལྟེ་བ་རྣམས་བསྒྲུབ་པར་བྱ་བ་བསྐུལ་བར་བྱའོ། །དེ་ནས་དེ་བརྒྱལ་བར་གྱུར་བ་བཞིན་དུ་རྐང་པ་གཉིས་ཀྱི་དྲུང་དུ་འགྱེལ་བར་བསམ་པར་བྱའོ། །དེ་ལྟ་བུ་འདི་ནི་མཚན་མ་ཐོབ་པར་ཟླ་བ་ཕྱེད་ཅིག་བྱ་བ་ཡིན་ནོ། །སློབ་མ་དཀྱིལ་འཁོར་དུ་གཞུག་པའི་གདོང་གཡོགས་དགྲོལ་བའི་ཆོ་ག་གསུངས་པ་ནི་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། སློབ་མ་ཁང་པ་བརྩེགས་མའི་ནང་དུ་ཆུད་པར་ཆོ་ག་ཇི་ལྟ་བ་བཞིན་དུ་བསམས་ལ། ཧཱུཾ་ཨཱཿཨོཾ་ཞེས་བྱ་བ་ཐུགས་རྡོ་རྗེ་ལ་སོགས་པ་དང༌། ཡེ་ཤེས་སེམས་དཔའ་སྟེ། དེ་ལྟར་ཕྱག་རྒྱ་བཞི་དང་ལྡན་པར་བྱས་ནས། ཨོཾ་གྱིས་བྱིན་གྱིས་བརླབས་པའི་མིག་གིས་དཀྱིལ་འཁོར་དེ་བསྟན་པར་བྱའོ། །དེ་བས་ན། མིག་ཏུ་འབར་བཅས་ཨོཾ་བསམས་ལ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་སྨོས་པ་ཡིན་ནོ། །བཀྲེས་པ་ལ་སོགས་པ་སེལ་བའི་སྦྱོར་བ་གསུངས་པ་ནི་བཀྲེས་སྐོམ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས། དེའི་ཁར་ཡི་གེ་བཟའ་བར་བྱ་བའི་རྫས་རྣམས་ཀྱི་གནས་སུ་གྱུར་པ། བུམ་པ་ལྟ་བུ་བསམས་ལ། དེའི་ལྕེ་ལ་ཡི་གེ་ཨོཾ་བསམས་ཏེ། བཟའ་བས་གང་བའི་ཡི་གེ་བ་ཁ་ཐུར་དུ་བལྟས་པའི་ནང་དུ་ཆུད་པ་ལས་བདུད་རྩིའི་རྒྱུན་གྱིས་ཚིམ་པར་བྱེད་ཅིང༌། སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པར་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པ་དཔའ་བོ་རྡོ་རྗེའི་ས་བོན་ལ་སོགས་པ་བཤད་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བོ་རྡོ་རྗེ་བསྐྱེད་པའི་རྒྱུའི་ཕྱིར་ཏེ། དཔའ་བོ་རྡོ་རྗེ་ཞེས་བྱ་བའི་སྒྲ་ནི་མི་བསྐྱོད་པ་ལ་བྱ་བར་བཤད་ལ། དེ་དང་པོར་རྡོ་རྗེ་འཛིན་པར་གྱུར་པས། ཡི་གེ་དྷཱིཿལས་བྱུང་བའི་རྡོ་རྗེ་སེར་པོའི་རིམ་གྱིས་དཔའ་བོ་རྡོ་རྗེ་ཕྱག་རྒྱ་བཞི་དང་ལྡན་པ་ཟླ་བའི་གདན་ལ་བཞུགས་པ། རལ་པ་དང་ཐོར་ཚུགས་དང་བཅས་པ། མི་བསྐྱོད་པས་དབང་བསྐུར་བ། །ཕྱག་མཚན་གྱི་གཙོ་བོ་རྡོ་རྗེ་སེར་པོ་མངའ་བ་དང༌། རལ་གྲི་བསྣམས་པ། ཕྱག་གཡོན་པ་གཉིས་ན། པདྨ་དང་ནོར་བུ་བསྣམས་པ། ཕྱག་ལྷག་མས་རང་རིག་པའི་རིག་མ་ལ་འཁྱུད་པ། སྐུ་མདོག་སེར་པོ་ཇི་ལྟ་བ་བཞིན་དུ་བསྒོམས་ལ། མངོན་པར་འདོད་པའི་ལས་བརྩམ་པར་བྱའོ། །སྐུལ་བྱེད་མ་བསྐྱེད་པའི་ཆོ་ག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོ་རྒྱུ་རྡོ་རྗེ་འཛིན་པར་


DTG038_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པས་ཡི་གེ་ཧཱུཾ་ཙུཾ་ལས་བྱུང་ཞིང་པདྨ་དཀར་པོ་ལས་སྐྱེས་པ། པདྨ་དང་རལ་གྲི་དང༌། ནོར་བུ་དང༌། འཁོར་ལོ་བསྣམས་པ། རིན་པོ་ཆེའི་ཅོད་པན་ཅན་རང་སྣང་བའི་ཐབས་ལ་ཡང་དག་པར་འཁྱུད་པ། སྤྲོ་བ་ལ་སོགས་པ་དང་ཡང་དག་པར་ལྡན་པ། ཕྱག་རྒྱ་བཞི་དང་ལྡན་པའི་སྐུལ་བྱེད་མ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་ཡུམ་འདི་ནི་བྱང་ཆུབ་སེམས་དཔའི་གཟུགས་ཅན་ཡིན་པས་ན། ཟླ་བའི་དཀྱིལ་འཁོར་ཉིད་ལ་བཞུགས་པར་བསྒོམ་པར་བྱ་སྟེ། གང་འདིར་ཉི་མའི་དཀྱིལ་འཁོར་ཞེས་འབྱུང་བ་ནི་གལ་ཏེ་མ་དག་པ་ཡིན་པར་བལྟ་བར་བྱའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པ་དབུ་རྒྱན་ལ་བསྒོམས་ལ། ལས་ཀྱི་ཁྱད་པར་གྱི་ཕྱིར་སྔགས་ཀྱི་ཚིག་དགོད་པར་བྱའོ། །གནོད་མཛེས་བསྐྱེད་པའི་ཆོ་ག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོ་རྡོ་རྗེ་འཛིན་པར་གྱུར་པས་ཛཾ་ལས་བྱུང་བའི་བི་ཛ་པཱུ་ར་ལས་བྱུང་བ། གསེར་གྱི་མདོག་ཅན་བི་ཛ་པཱུ་ར་དང༌། རལ་གྲི་དང༌། རིན་པོ་ཆེ་དང༌། པདྨ་བསྣམས་པ། རང་སྣང་བའི་རིག་མ་ལ་འཁྱུད་པ། ཕྱག་རྒྱ་བཞི་དང་ལྡན་པ། ཟླ་བའི་གདན་ལ་བཞུགས་པ། མི་བསྐྱོད་པའི་ཅོད་པན་ཅན་བསམ་པར་བྱའོ། །རྡོ་རྗེ་བསྒོམས་པས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་བསྒོམ་པས་སོ། །གནོད་སྦྱིན་གཟུགས་འཛིན་པ་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་ནོར་གྱིས་འགེངས་པ་ཡིན་གྱི། མཆེ་བ་ལ་སོགས་པ་དང་ལྡན་པ་ནི་མ་ཡིན་ནོ། །སངས་རྒྱས་ལྔ་ཞེས་བྱ་བ་ནི་མི་བསྐྱོད་པ་དང༌། རིན་ཆེན་དཔལ་དང་འོད་དཔག་ཏུ་མེད་པ་དང༌། རྣམ་པར་སྣང་མཛད་དང༌། གདོན་མི་ཟ་བར་གྲུབ་པ། མགོ་བོ་དང༌། དཔྲལ་བ་དང༌། ཁ་དང་སྙིང་ག་དང༌། ལྟེ་བ་རྣམས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །རྡོ་རྗེ་བདུད་རྩིའི་ཆུ་ཞེས་བྱ་བ་ལ་མན་ངག་ནི་འདི་ཡིན་ཏེ་མངོན་པར་འདོད་པའི་ལྷའི་རྣལ་འབྱོར་པས། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་དཀྱིལ་འཁོར་རང་གི་རིགས་མའི་པདྨར་སྤྲུལ་ལ། དེའི་དབུས་མའི་གདན་ལ་ལྷ་ཐམས་ཅད་དང་ལྡན་པའི་གནོད་མཛེས་བསམས་ཏེ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཆུ་གནོད་མཛེས་དེའི་ཁའི་ལྕེ་དེ་ལ། ཡི་གེ་ཛཾ་བསམས་ལ། ལྷའི་བསམ་གཏན་གྱིས་གནས་ལ་གནས་ཏེ། ཨོཾ་ཨཱཿཛདྷཾ་ནཾ་དེ་ཧི་ཧཱུཾ་ཞེས་བྱ་བའི་སྔགས་


DTG038_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དབུལ་བར་བྱའོ། །དེ་ནས་དེའི་དབུ་རྒྱན་ལ་མི་བསྐྱོད་པ་བསྒོམས་ཏེ་གཤེགས་སུ་གསོལ་བར་བྱའོ། །གནོད་སྦྱིན་མོ་སྒྲུབ་པའི་ཆོ་ག་གསུངས་པ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཁང་པ་བརྩེགས་མའི་ནང་དུ་ཆུད་པའི་མངོན་པར་འདོད་པའི་འཇམ་པའི་རྡོ་རྗེའི་རྣལ་འབྱོར་པས་གནོད་སྦྱིན་མོ་ཐམས་ཅད་ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་གང་བར་བསམས་ལ། ཡི་གེ་ཀྵིཾ་ལས་རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་ཀྱི་གནོད་སྦྱིན་མོའི་གཟུགས་ཅིག་དཔལ་འབྱུང་པོ་འདུལ་བ་ལ་སོགས་པའི་ལུང་ལས་བཤད་པའི་གཟུགས་དང་ལྡན་བ་གཤིན་རྗེ་གཤེད་ཀྱི་ཅོད་པན་མདུན་དུ་བསམས་ལ། དེར་ཡེ་ཤེས་སེམས་དཔའ་དགུག་གོ །ལས་གསུམ་རྡོ་རྗེའི་བྱེ་བྲག་གིས། །ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་དང༌། དབྱེ་བ་དང༌། སྦྱིན་པའི་ལས་ཀྱི་དབྱེ་བ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ལྟ་ན་ཡང་གྲུབ་པར་མ་གྱུར་ན། ཚར་གཅད་པར་བྱའོ། །དེ་ཡང་དེའི་སྙིང་གར་ཁྲོ་བོའི་སྔགས་བསྒོམས་ལ། དེ་ཡང་འཁྱུད་ནས་རྡོ་རྗེའི་སྦྱོར་བ་དྲག་ཤུལ་ཅན་གྱི་བརྩམ་པར་བྱ་ཞིང༌། །དྲག་ཤུལ་བསྒྲུབ་པའི་ཆོ་ག་བཞིན་དུ་སྦྱར་བྱའོ། །ཡང་ན། ལས་གསུམ་རྡོ་རྗེའི་བྱེ་བྲག་གིས། །ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེ་ཉིད་སྐུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབས་པར་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་བར་བྱའོ། །ད་ནི་དངོས་གྲུབ་དམན་པ་གྲུབ་པ་རྣམས་ཀྱི་ཆེ་བའི་ངོ་བོ་བཤད་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གང་དངོས་གྲུབ་དམན་པ་ཐོབ་པ་རྣམས་ལ། དེ་ཉིད་ཡོངས་སུ་སྨིན་པའི་དབང་གིས་སྐུ་དང་གསུང་དང་ཐུགས་ཀུན་དུ་གྲུབ་པའི་སངས་རྒྱས་འཛམ་བུ་ཆུ་བོའི་གསེར་གྱི་འོད་དང་འདྲ་བར་འགྱུར་རོ། །དེ་ཉིད་གསུངས་པ་ནི་མི་སྣང་བའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གནོད་སྦྱིན་གྱི་རྒྱལ་བོ་ལ་སོགས་པའི་དངོས་གྲུབ་ཡོད་པ་ལ་ནི་ནོར་ལ་དབང་པའི་བདག་པོར་གྱུར་པའི་དབང་གིས་རིག་པ་འཛིན་པ་དག་གི་དབང་པོར་འགྱུར་རོ། །ཕན་ཡོན་གསུངས་བ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རང་སྣང་བའི་རིག་པ་དང་ལྷན་ཅིག་བརྟུལ་ཞུགས་ཀྱི་སྤྱོད་པའི་ཆོ་ག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་རིགས་པའི་ཚུལ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྐུ་ལ་སོགས་པ་བསྒོམ་པ་རང་གི་ངོ་བོས་མངོན་སུམ་ཉིད་དུ་བྱ་བ་ཡིན་ནོ། །


DTG038_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཉེ་བར་མཚོན་པའི་དོན་དུ་རྣམ་པར་སྣང་མཛད་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་བཞིན་དུ་ཐམས་ཅད་བྱ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ཚུལ་གྱི་རྣལ་འབྱོར་ཏེ། རྣལ་འབྱོར་དེ་བྱས་ལ་ཆོ་ག་གང་ཡིན་པ་དེ་གསུངས་པ་ནི་ལོ་གྲངས་བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །སྤྱན་ནི་རང་སྣང་བའི་རིག་མ་སྟེ། དེའི་གོ་འཕང་ནི་གསང་བའི་པདྨ་ཡིན་པས། དེ་དང་ཡང་དག་པར་ལྡན་པའི་རང་གི་གསང་བའི་རྡོ་རྗེས་བསྒོམ་པར་བྱའོ། །རིག་པ་དེ་ཡང་མངོན་བར་སྦྱངས་པ་དང་ལྡན་པ་ཉིད་དུ་བྱའོ་ཞེས་གསུངས་པ་ནི་ཕྱག་རྒྱ་སྔགས་ཀྱི་ཆོ་ག་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དུས་བཞིར་ཞེས་བྱ་བ་ནི་བམ་པའི་ཁྱད་པར་གྱི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། མངོན་པར་བརྩོན་པས་ནི་ཉིན་དང་མཚན་དུ་བྱ་བ་ཡིན་ནོ། །བསྲུང་བར་བྱ་བའི་དམ་ཚིག་གསུངས་པ་ནི་རྟག་ཏུ་གཞན་གྱིས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའི་ཆོ་ག་གསུངས་ནས། འོད་དཔག་ཏུ་མེད་པ་དང༌། མི་བསྐྱོད་པ་དག་གི་རྣལ་འབྱོར་བའི་ཡང་གསུངས་པ་ནི། །འདོད་ཆགས་རྡོ་རྗེའི་ཀྱོ་བ་མོ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འཇམ་པའི་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པས་ཀྱང་ཇི་ལྟར་མོས་པ་བཞིན་དུ་རིག་པའི་བརྟུལ་ཞུགས་འདི་བྱའོ་ཞེས་གསུངས་པ་ནི། རྡོ་རྗེ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྡོ་རྗེ་ཅན་གྱི་ཡི་གེ་གསུམ། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་གསུམ་གྱིས་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་གས་སོ། །ལྷག་མ་རྣམས་ནི་གོ་སླའོ། །ལེའུ་བཅུ་དྲུག་པའི་འགྲེལ་པའོ།། །།

ལེའུ་བཅུ་བདུན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་རྡོ་རྗེའི་བྱིན་གྱི་རླབས་ཀྱི་རྒྱལ་པོ་ཞེས་བྱ་བའི་འགྲེལ་པ།


DTG038_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་གསུངས་པའི་དམ་ཚིག་བསྲུངས་པ་ལས་མངོན་པར་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་ལེའུ་བཅུ་བདུན་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྲུང་བར་བྱ་བའི་ཕྱིར། གསོལ་བ་བཏབ་བ་ཡིན་ལ། ཐོག་མ་དང་ཐ་མ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ན་ཡེ་ཤེས་ཆེའོ། །སྐུ་རྡོ་རྗེ་ལ་སོགས་པ་བསྐྱེད་པའི་རྒྱུར་གྱུར་པས་ན་རྡོ་རྗེ་དབྱིངས་སོ། །ཆོས་ཐམས་ཅད་དྲི་མ་མེད་པར་ཐུགས་སུ་ཆུད་པས་ན་མཁས་པ་ཆེན་པོའོ། །སྐུ་གསུམ་ལ་སོགས་པའི་མཆོག་ཏུ་གྱུར་པས་ན་རྡོ་རྗེ་གསུམ་མཆོག་


DTG038_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གོ །དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཅན་ཡིན་པས་ན། དཀྱིལ་འཁོར་གསུམ་མོ། །རྡོ་རྗེ་དབྱངས་ཞེས་བྱ་བ་ནི་དམ་ཚིག་ལ་སོགས་པ་གསུངས་ཤིག་ཅེས་བརྗོད་དེ་ཕྱག་འཚལ་ལོ། །འདིས་ནི་རྡོ་རྗེ་སེམས་དཔའ་ལ་མི་བསྐྱོད་པའི་བདག་ཉིད་ཀྱི་བསྟོད་པ་ཡིན་ནོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཚུལ་གྱིས་ཚིགས་སུ་བཅད་པ་གསུངས་པ་ནི་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པའོ། །རྣམ་པར་དག་པའི་འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཤེས་རབ་བརྙེས་པས་ན། འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལྟར་ཚིགས་སུ་བཅད་པ་རེ་རེས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་བསྟན་ནས་འདི་དག་ནི་སྟོན་པའི་སྤྲོས་པ་མེད་པས་སྐབས་སུ་གསུངས་པ་ཡིན་ནོ། །ཆོས་ཀྱི་དབྱིངས་ཉིད་ནི་ཡི་གེ་ཆེན་པོ་ཡིན་ལ། དེ་ཡང་སངས་རྒྱས་ཐམས་ཅད་དང་འབྲེལ་པའོ། །དེ་ཉིད་ནི་སྐུ་རྡོ་རྗེ་ལ་སོགས་པའི་དབྱེ་བས་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དམ་ཚིག་བཞི་ནི་སྲོག་གཅོད་པ་ལ་སོགས་པ་བསྲུང་པར་བྱའོ། །ཤ་ལྔ་ལ་སོགས་པ་ནི་བཟའ་བར་བྱ་བའི་དམ་ཚིག་གོ །སྐུ་རྡོ་རྗེའི་དམ་ཚིག་གསུངས་ནས། གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དག་གི་ཡང་སོ་སོའི་དམ་ཚིག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་བཞི་ལ་སོགས་པ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །དམ་ཚིག་འདི་དག་བསྲུང་བ་ནི་དེ་ཉིད་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་པའོ། །ཇི་ལྟར་ཞེ་ན། ཉེ་བར་བསྡུ་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རང་སངས་རྒྱས་ཀྱི་དམ་ཚིག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་རང་སངས་རྒྱས་ཀྱི་རང་གི་ངོ་བོ་ཙམ་ཞིག་བཤད་པ་ཡིན་ནོ། །དེ་ཐོབ་པའི་རྒྱུའི་ཚོགས་པ་དག་ཀྱང་རིག་པ་འཛིན་པ་ལ་སོགས་བའི་དངོས་གྲུབ་ཀྱི་ཚོགས་པ་བཞིན་དུ་ཤེས་པར་བྱའོ། །འདིར་ཕྱག་རྒྱ་ཆེན་པོ་གྲུབ་པའི་རྒྱུའི་ཚོགས་པ་ཉིད་དུ་སྦྱར་བ་ནི་མ་ཡིན་ནོ། །དེའི་ཚུལ་དུ་རྟོགས་པ་ཡིན་པས་རང་སངས་རྒྱས་ཀྱི་དངོས་གྲུབ་ཡིན་ནོ། །ཉན་ཐོས་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཡེ་ཤེས་སྤང་བ་རྣམས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་བྲལ་བའི་ཉན་ཐོས་རྣམས་སོ། །གཏི་མུག་ལམ་གྱིས་ཞེས་བྱ་བ་ལ། གཏི་མུག་ནི་བདག་


DTG038_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཞན་གྱི་ཆར་རྟོག་པ་དང་བྲལ་བ་སྟེ། དེའི་ལམ་གྱི་ལས་གང་བསྒོམ་པའོ། །ཉན་ཐོས་ལ་སོགས་པ་རྣམས་ལ་འཇིགས་པ་སྐྱེད་པར་བྱེད་པ་ཡིན་པས་ན་འཇིགས་ཤིང་མི་སྡུག་པ་སྟེ། དེས་ཕན་ཚུན་དུ་སངས་རྒྱས་ཉིད་དུ་འགྱུར་བའོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། ཇི་ལྟ་བ་བཞིན་དུ་ཡི་གེ་ཨཾ་ལས་བྱུང་བའི་ཚངས་པ་དེའི་ལུང་དང་རྗེས་སུ་མཐུན་པར་གདོང་བཞི་ལ་སོགས་པ་དང་ལྡན་པ། རྡོ་རྗེ་འཛིན་པས་དབང་བསྐུར་བ་བསྒྲུབས་ལ། ཇི་སྲིད་མངོན་པར་འདོད་པའི་དུས་ཀྱི་བར་དུ་འདུག་ནས། དེའི་འོག་ཏུ་སྐུ་རྡོ་རྗེ་ལ་སོགས་པར་མོས་པ་ལས་དེའི་དོན་སྒྲུབ་པར་གྱུར་བའི་སྐུ་རྡོ་རྗེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོའི་བདག་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དྲག་པོའི་དམ་ཚིག་ལ་ཡང་ཡི་གེ་ཨ་ལས་བྱུང་བར་ཆོ་གག་བཞིན་དུ་སྦྱར་པར་བྱའོ། །དེ་བཞིར་དུ་ཁྱབ་འཇུག་གི་དམ་ཚིག་ལ་ཡང་ཞེ་སྡང་གི་རིགས་ཀྱི་རྒྱུད་དང་ལྡན་པ་ཡི་གེ་ཧཱུཾ་ལས་བྱུང་བར་བལྟ་བར་བྱའོ། །འདི་རྣམས་ཉེ་བར་བསྡུ་བའི་རིགས་ཀྱི་དབྱེ་བ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པའོ། །གནོད་སྦྱིན་མོ་རྣམས་ཀྱི་ངོ་བོ་ཉིད་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཤ་དང་ཁྲག་ཟ་བའི་རང་བཞིན་ཅན་ནི་ཕལ་ཆེར་གནོད་སྦྱིན་མོ་ཡིན་ཏེ། དེ་ནས་དེ་བཞིན་དུ་མཆོད་ལ། ཆོ་ག་བཞིན་དུ་བསྒྲུབ་པར་བྱའོ་ཞེས་དགོངས་སོ། །དེ་བཞིན་དུ་ཀླུའི་དབང་པོ་ལ་སོགས་པ་རྣམས་ཀྱི་བུ་མོའི་རང་གི་ངོ་བོ་བསྒྲུབ་པར་བྱ་བའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་འདོད་པས་ཀྱང་དམ་ཚིག་འདི་དག་ཐམས་ཅད་ཆོ་ག་བ་ཞིན་དུ་སྤྱད་པར་བྱའོ་ཞེས་བསྟན་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་རྣམ་གསུམ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའོ། །ཚིག་གི་ལས་ཞེས་བྱ་བ་ནི། བརྫུན་དུ་སྨྲ་བ་ལ་སོགས་པ་རྣམས་བཞིའོ། །ཡིད་ཀྱི་རྡོ་རྗེའི་རང་བཞིན་ཀུན། །ཞེས་བྱ་བ་ནི་གནོད་སེམས་ལ་སོགས་པ་རྣམ་པ་གསུམ་དུ་བཤད་པའོ། །དེ་ལྟར་ཐམས་ཅད་བསྙེན་པའི་རྣལ་འབྱོར་པ་ཉིད་འགྲུབ་པར་འགྱུར་རོ། །དེ་བས་ན་འདི་ནི་ཀུན་ནས་སྤྱད་པ་ལ་སྤྱོད་པས་ན། ཀུན་དུ་མཛེས་དགའ་སྟེ། བཅོམ་ལྡན་འདས་ཕྱོགས་མེད་པར་འཇུག་པའོ། །ད་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་གསུངས་པ་ནི་དེ་ནས་


DTG038_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཁ་ཕྱི་རོལ་དུ་བལྟས་པས་སངས་རྒྱས་ལ་སོགས་པ་ལ་ཕྱག་བྱས་བ་ལ་སོགས་པ་དང༌། རྣལ་འབྱོར་པས་བྱང་ཆུབ་ཡང་དག་འཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་ཕྱག་བྱ་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་དང་འབྲེལ་བའི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་དུ་རང་ཉིད་རྡོ་རྗེ་གསུམ་གསུམ་བསྒོམས་ལ། སྔགས་ལས་ཐ་དད་པའི་བློ་དང་བྲལ་བས་ཕྱག་བྱའོ། །འདི་ཉིད་བཤད་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་རྡོ་རྗེ་འཛིན་པར་བྱས་ལ་ཕྱག་བྱ་བའི་བདག་ཉིད་ཅན་དུ་བསམས་ལ། བདག་ཉིད་ཀྱང་དེའི་ངོ་བོ་ཉིད་དུ་གྱུར་པ་དང༌། བསམ་གཏན་གྱི་ཕྱག་བྱའོ་ཞེས་བྱ་བ་ནི་དམ་ཚིག་གོ །ད་ནི་ཆེན་པོའི་ཡན་ལག་བཞི་བྱས་ནས། བདུད་རྩི་མྱང་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་སངས་རྒྱས་དག་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་རམ། །ཆོས་འབྱུང་གི་ནང་དུ་ཆུད་པ་རྣམས་ལ་འབར་བ་ལ་སོགས་པའི་ཚོགས་བསྒྲུབས་པའི་བདུད་རྩི་དབུལ་བར་བྱའོ། །དེ་ཡང་ཇི་སྐད་དུ། འབར་བའི་ཨོཾ་གྱིས་བྱིན་བརླབ་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྣལ་འབྱོར་པས་དུས་བཞིར་བྱ་བ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྡོ་རྗེ་ཐམས་ཅད་ནི་རྣམ་པར་འཁྲུལ་པ་སྟེ། དེ་རྣམས་ཀྱི་མི་སྣང་པ་ནི་རྣམ་པར་འཇིགས་པ་རྣམ་པར་དག་པའི་ངོ་བོ་སྟེ། དེ་ཉིད་ནི་དམ་ཚིག་ཡིན་ཏེ་དེ་ཕྱུང་བའོ། །སྤྱད་ཅེས་བྱ་བ་ནི་ཕྱིའི་བུད་མེད་རང་སྣང་བའི་རིག་མའི་བདག་ཉིད་དུ་བྱས་ལ་གསལ་བར་སྣང་བའི་བདག་ཉིད་ཐུན་བཞིར་སྤྱད་པར་བྱའོ། །རྫས་ཞེས་བྱ་བ་ནི་དེ་ལས་བྱུང་བའི་དམ་ཚིག་རྡོ་རྗེས་ཆོ་ག་བཞིན་དུ་བླང་བར་བྱའོ། །ཡང་ན་རྫས་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་སྤྱད་བར་བྱའོ། །རིག་པ་འཛིན་པའི་དམ་ཚིག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དབུ་རྒྱན་དག་ལ་བསམ་གཏན་བསམ། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་རིག་པ་འཛིན་པ་གྲུབ་པ་མགོ་ལ་བསམ་པར་བྱའོ། ལས་དང་པོ་པ་རྣམས་ཀྱི་དམ་ཚིག་བཤད་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུའི་རྡོ་རྗེ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་


DTG038_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཟད་དེ་ཐུགས་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་དང་ལྡན་པའོ། །ཕྱི་རོལ་དང་རྡོ་རྗེ་ནི་རྡོ་རྗེ་འཛིན་པ་ལྟ་བུར་རང་གི་ཁ་ཟས་ལ་བསམ་བར་བྱའོ། །རྡོ་རྗེ་ཆོས་ཞེས་བྱ་བ་ནི་ཧཱུཾ་དགོད་པའི་རྡོ་རྗེའི་ལྕེ་དམ་པར་རྣལ་འབྱོར་པ་བདག་ཉིད་བྱ་བ་སྟེ་དེ་ནས་དེ་བཟའ་བར་བྱའོ། །འདི་དག་ཀྱང༌། མདོར་བསྟན་ཚོ་ག་སྤྱད་པར་བྱ། །ཞེས་བྱ་པ་སྟེ། མདོ་ཙམ་དུ་བྱས་པའི་བྱ་བ་ཞེས་བྱ་བའི་དོན་ཏོ། །འདི་དག་ཐམས་ཅད་ནི་ལྷ་རྣམས་ཀྱི་འཁོར་ལོ་ལ་སོགས་པར་བསམ་པར་བྱའོ། །དེ་ཡང་ཇི་སྐད་དུ། ཀུན་དུ་མཉམ་ཞིང་རྣམ་པར་དག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ད་ནི་བཅོམ་ལྡན་འདས་ཡིད་ཀྱིས་མཛད་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྡོ་རྗེ་འཛིན་པའི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་ཉིད་ནི་སྙིང་པོ་སྟེ། དེ་ཁོ་ན་ཉིད་དོ། །དེའི་ངོ་བོ་ཉིད་ཀྱིས་རྡོ་རྗེ་མཉམ་པ་ཉིད་ལ་རྣམ་པར་དགོངས་ནས་ཅང་མི་གསུང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུས་པའི་རྗེས་ཐོགས་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་དམིགས་སུ་མེད་པ་སྟེ། དེ་བཞིན་ཉིད་དེ་དེའི་ངོ་བོ་ཉིད་དོ། །རང་གི་རང་བཞིན་ལས་མི་འགྱུར་བས་ན་མི་འགྱུར་བའི་གནས་སོ། །དེ་བས་ན་རྟོག་པའི་བདག་ཉིད་ཅན་དེ་ཉིད་ནི་ངོ་བོ་ཉིད་མེད་པའི་མི་འགྱུར་བའི་གནས་ཏེ། ཚིག་ལ་སོགས་པའི་ཚུལ་དང་བྲལ་བར་རྣམ་པར་བརྟགས་ནས་ཅང་མི་གསུང་བར་བཞུགས་སོ། །བཅོམ་ལྡན་འདས་འདི་ནི་ཐུགས་ད་ལྟ་བུར་གྱུར་པ་ཡིན་ལ་སྐུ་ཉིད་མི་འགྱུར་བ་ཡིན་ཏེ། འདི་ཉིད་ནི་ཕྱིན་ཅི་ལོག་གི་ཚུལ་གྱིས་མ་སྐྱེས་པའོ། །གསུང་དང་ཐུགས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ན་གསུང་དང་ཐུགས་ཀྱི་བྱ་བ་རྫས་ཅན་གྱི་མཚན་ཉིད་དང་བྲལ་པ་ཡིན་ཏེ། །སྐུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། སྐུ་ལ་སོགས་པ་དེ་ཡང་དམིགས་སུ་མེད་པར་རྟོགས་པ་ལས་ཡང་དག་པར་འབྱུང་བའོ། །དེ་བས་ན་ཁམས་གསུམ་པོ་འདི་དག་ནི་ཕྱིན་ཅི་ལོག་པ་སྟེ། དེ་ལྟར་གྱུར་པས་ཡང་དག་པར་ཤེས་པས། ཡང་དག་པར་བསྡུས་ཤིང་བསྡམས་པ་ཡིན་ནོ། །འཇམ་དཔལ་ལ་སོགས་པ་བྱང་ཆུབ་


DTG038_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྣམས་ཀྱིས་རྟོགས་པའི་རྗེས་ཐོགས་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ་ཡིན་ནོ། །དེ་ཅིའི་སླད་དུ་ཞེས་བྱའོ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་འདི་ལྟར་རྡོ་རྗེ་དབྱིངས་ཀྱི་ངོ་བོ་ཉིད་དེ། དེ་རྣམས་ཀྱི་སྤྱོད་པས་འགྲོ་བའི་དོན་གྱི་རྗེས་སུ་འགྲོ་བ་ཡིན་པས་ན་སེམས་ཅན་གྱི་དོན་གྱི་དོན་གྱི་རྗེས་སུ་འགྲོ་བའོ། །འདི་སྐད་སྟོན་ཏེ། གང་དེ་བཞིན་གཤེགས་པ་ཞན་རྣམས་ཀྱིས་འཇིག་རྟེན་གྱི་བརྩོན་པའི་དབང་དུ་མཛད་ནས། ཕྱི་རོལ་ལ་བསྟེན་པས་ཆོས་ཉིད་སྟོན་པ་ཡིན་ལ། དེ་བས་ན་རྡོ་རྗེ་འཛིན་པས་ཀྱང༌། དེ་བཞིན་དུ་སྟོན་པར་མཛད་པར་རིགས་ཏེ། ཕྱིན་ཅི་ལོག་གིས་ཀུན་འབྱུང་བས། །ཅི་ཕྱིར་དེ་ལ་རྟོག་པ་མཛད། །ཅེས་བྱའོ་།དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། དེ་ཅིའི་ཕྱིར་ཞེ་ན་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ་ཚངས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་ཚངས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་པའི་མངོན་པར་ཤེས་པའི་ཡེ་ཤེས་ཙམ་ཡོད་པར་གྱུར་པས་ཀྱང༌། ཆོས་ཀྱི་དེ་ཁོ་ན་ཉིད་མ་ལུས་པར་མི་ཤེས་པ་རྣམས་འདི་ལྟར་རྣམ་པར་རྟོག་སྟེ། རྡོ་རྗེའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དེ་ཁོ་ན་ཉིད་མི་མཁྱེན་པར་ཅིའི་ཕྱིར་བཅོམ་ལྡན་འདས་ནི་ཆོས་རྣམས་སྟོན་པར་མཛད་ཅེས་དེ་རྣམས་བློ་ལ་སེམས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཚངས་བ་ལ་སོགས་པ་སྐད་ཅིག་མ་དེ་ལ་འཁྲུལ་པ་འདིར་འགྱུར་མོད་ཀྱི། དེ་ལྟར་ན་ཡང་ཆོས་ཉིད་ཇི་ལྟར་གནས་པ་བཞིན་དུ་བསྟན་པར་བྱའི། སེམས་ཅན་རྣམས་སླུ་བར་ནི་མི་བྱ་སྟེ། དེས་ན་ཚངས་པ་ལ་སོགས་པས་ཀྱང་རྣམ་པར་དཔྱོད་ན་ཤེས་པར་འགྱུར་རོ། །ངེད་ཀྱིས་མི་ཤེས་སོ་ཞེས་བྱ་བ་ནི་ཆོས་ཉིད་ཟབ་པ་ཉིད་དུ་བཤད་པ་ཡིན་ནོ། །སྐུ་གསུམ་གྱི་རྡོ་རྗེ་ཆོས་ཉིད་ཉེ་བར་བཟུང་ནས་ཞེས་བྱ་བ་ནི་དེ་ལྟ་བུའི་ཆོས་ཉིད་ཉེ་བར་བཟུང་ན། དེ་ལྟ་བུ་ཉིད་ཀྱིས་བྱ་བ་འབྱུང་བར་འགྱུར་ལ། ཆོས་ཉིད་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པ་ཡིན་ནོ། །དེ་


DTG038_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན། ཞི་བ་དང་ནི་སྲིད་པའི་ངོ་བོ་འདིར། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྨྲ་བར་བྱེད་པ་ཞེས་བྱ་བ་ནི་དམིགས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྟོགས་པས་ཀུན་རྫོབ་ཏུ་བཤད་པའོ། །སྨྲ་མ་ཡིན་ཞེས་བྱ་བ་ནི་དངོས་སུ་ན་ཚིག་ལ་སོགས་པའི་ཚུལ་དང་བྲལ་བ་ཡིན་པའི་ཕྱིར་རོ། །འདི་བདག་ཉིད་གསལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞུས་པའི་རྗེས་ཐོགས་ལ། རྡོ་རྗེ་འཛིན་པས་གསུངས་པ་ནི་རང་གི་སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞུས་པ་དང༌། ལན་གྱི་རིམ་གྱིས་ཆོས་ཉིད་དམིགས་སུ་མེད་པའི་ཚུལ་ཉིད་དུ་གསུངས་པ་ཡིན་ནོ་ཞེས་བྱ་བ་ནི་མདོར་བསྡུས་པའོ། གད་དུ་སྐུ་དང་གསུང་དང་ཐུགས་མེད་ཅེས་བྱ་བ་ནི། སྐུ་ལ་སོགས་པ་ནམ་མཁའ་དང་འདྲ་བ་ཉིད་ཡིན་པའི་ཕྱིར་རོ། །དེར་གཟུགས་སུ་རྣམ་པར་བསྒོམ་ཞེས་བྱ་བ་ནི། དེའི་ཚུལ་གྱིས་དེ་ཉིད་ལ་རང་ཉིད་སོ་སོར་སྣང་བའི་རིག་པ་འབྱུང་བའི་ཕྱིར་རོ། །ད་ནི་དབང་བསྐུར་བ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཡོངས་སུ་གྱུར་པའི་རྡོ་རྗེའོ། །སྤྱི་བོར་རྡོ་རྗེ་ཞེས་བྱ་བ་ནི་སྐུ་རྡོ་རྗེའི་སྤྱི་བོར་མི་བསྐྱོད་པ་བསྒོམ་པའོ། །རྡོ་རྗེ་འཁོར་ལོ་འཛིན་པ་ཞེས་བྱ་བ་ལ། དབུལ་ལ་རང་གི་རྡོ་རྗེ་མི་བསྐྱོད་པ་འཛིན་པ་སྟེ། དེའི་རྟེན་སྐུའི་རྡོ་རྗེའི་འཁོར་ལོ་འཛིན་པ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་རིག་པའི་སྐྱེས་བུའི་གཟུགས་གཞན་དག་ལ་ཡང་རིགས་དབྱེ་བས་དབང་བསྐུར་བའི་ངེས་པ་བསམ་པར་བྱའོ་ཞེས་གསུངས་པ་ནི། ཐམས་ཅད་རིགས་ཀྱི་བྱེ་བྲག་གིས། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མཆོག་འགྱུར་ཞེས་བྱ་བ་ནི་དེ་ལྟ་བུས་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་བྱ་བ་འགྲུབ་པར་ན་བསྲུང་བར་བྱ་ཞིང་ཏིང་ངེ་འཛིན་གྱིས་ཀྱང་ཚིམ་པར་བྱས་ལ་སྤྱན་བསམ་པར་བྱའོ་ཞེས་གསལ་བར་བྱ་བའི་ཕྱིར། །གསང་པའི་དབྱིངས་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དེ་ནི་སྤྱན་དང་མཱ་མ་ཀཱི་དག་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྡོ་རྗེ་གསུམ་གྱིས་མཚན་པའི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ་ཞེས་བྱ་བ་དེ་དྲན་པར་བྱ་བའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་དང་གསུང་དང་


DTG038_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཉིད་ནི་དམ་ཚིག་སྟེ། ཕྱག་རྒྱ་ཆེན་པོ་ལ་འདའ་བར་མི་བྱ་བ་ཡིན་ནོ། །ཆོ་ག་བཞིན་དུ་ཐམས་ཅད་ཅེས་བྱ་བ་ནི་ཇི་སྐད་བཤད་པའི་བསྐྱེད་པ་ལ་སོགས་པའི་ཆོ་གས་ཕྱག་རྒྱ་ཆེན་པོའི་དོན་ཐམས་ཅད་བརྟག་པར་བྱའོ། །ལག་པས་ཕྱག་རྒྱའི་མི་བཅིང་ངོ༌། །ཞེས་བྱ་བ་ནི་དེ་ཡང་རྣམ་པར་གཡེང་བའི་ཚུལ་ཡིན་པའི་ཕྱིར་ཏེ། དགུག་པ་ལ་སོགས་པ་ཡིད་ཀྱིས་བྱའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་འབར་བ་ལ་སོགས་པ་བྱས་ནས་སོ། །བཟའ་ཞེས་བྱ་བ་ནི་བཤད་གཅི་ལ་སོགས་པ་ཉིད་དོ། །བདུད་རྩི་ལྔ་ལ་སོགས་པའི་སྦྱོར་བ་རྣམས་ངེས་པར་བྱ་བ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་ཡང་ཉེ་བར་དགོད་པར་སྨོས་པ་ཡིན་ཏེ། དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །ཕུང་པོ་ལ་སོགས་པའི་རྣམ་པར་དག་པ་གསུངས་པ་ནི་མདོར་ན་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་སྐྱེ་མཆེད་རྣམས་ཉིད་ནི། །ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་སྟོན་ཏེ། མིག་ལ་སོགས་པའི་གནས་རྣམས་ཉིད་དུ་སའི་སྙིང་པོ་ལ་སོགས་པ་གཞག་པར་བྱ་བའི་གཟུགས་རྡོ་རྗེ་ལ་སོགས་པ་ལྟར་དཀྱིལ་འཁོར་བ་ནི་མ་ཡིན་ནོ། །རྡོ་རྗེ་འཛིན་པ་དེ་ཉིད་ཡིན། །ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་འཛིན་པས་ན་ནམ་མཁའི་དབྱིངས་ཡིན་གྱི་སྟོན་པ་པོ་ནི་ཡིན་ནོ། །སློབ་དཔོན་གྱི་བ་སྤུའི་བུག་གཅིག་ཁྱད་པར་དུ་འཕགས་སོ་ཞེས་བྱ་བ་ནི་གསང་བ་འདུས་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་ལ་སོགས་པའི་བསོད་ནམས་ཀྱི་ཕུང་པོ་ནི་ས་འགོམ་པའི་ཕ་རོལ་ཏུ་ཕྱིན་པའི་སངས་རྒྱས་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་གསང་བ་འདུས་པའི་སློབ་དཔོན་ནི་ཚེ་འདི་ཉིད་ལ་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ། །ད་ནི་དེ་ལྟ་བུའི་སློབ་དཔོན་ལ་བརྙས་པ་བྱས་པའི་སེམས་ཅན་རྨོངས་པ་ནི་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་སེམས་ཤིང་བྱམས་པ་ལ་སོགས་པ་ཅང་མི་སྨྲ་བར་གྱུར་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ། ཁྱེད་རྣམས་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ནས་བསམ་གཏན་གྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་ནི་གསང་བའི་དབང་བསྐུར་བ་དང་འབྲེལ་བ་ཡིན་ཏེ་བདག་གིས་མ་བཤད་


DTG038_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཁྲོ་བོ་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་བཤད་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདིར་རིམ་པ་ནི་འདི་ཡིན་ནོ། །ཆོ་ག་བཞིན་དུ་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་ལས། ཡི་གེ་ཧྲཱིཿ་ཞེས་བྱ་བ་ལས་བྱུང་བའི་མདུང་རྩེ་གསུམ་པ་ལས་བྱུང་བ། ཉི་མའི་གདན་ཅན་ཁ་དོག་ནག་པོ་ཞལ་གསུམ་པ་ཕྱག་གཡས་པ་གཉིས་ན། རྡོ་རྗེ་དང་རྩེ་གསུམ་བསྣམས་པ། གཡོན་པ་གཉིས་ན་ཐོད་པ་དང་ནོར་བུ་བསྣམས་པ། ཕྱག་གཙོ་བོ་གཉིས་ཀྱིས་རྡོ་རྗེ་མཁའ་འགྲོ་མ་ལ་འཁྱུད་པ། རྡོ་རྗེ་གསུམ་ལ་སོགས་པས་བྱིན་གྱིས་བརླབས་པའི་རྡོ་རྗེ་མཁའ་འགྲོ་བསམས་ལ་བསྒྲུབ་པར་བྱ་བའི་ཤ་ལ་སོགས་པས་ནམ་མཁའི་ཁམས་གང་བར་བསམས་ཏེ། འོད་ཟེར་ལྔའི་འོད་དང་ལྡན་པའི་རང་གི་ལྕེ་རྣམ་པར་འགྱུར་པ་བསྒོམས་ལ་བསྒྲུབ་པར་བྱ་བའི་ཁྲག་ལ་སོགས་པ་ཧཱུཾ་ཧྲཱིཿཁཾ་ཞེས་བྱ་བའི་སྔགས་ཀྱིས་ཕབ་ལ་ཐོད་པ་ལས་བཏུད་པར་བྱའོ། །སྦྱོར་པའི་དེ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཕུར་བུས་གདབ་པར་ཡང་བྱའོ་ཞེས་གསུངས་པ་ནི་རྩེ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། དེས་ན་བསྒྲུབ་པར་བྱ་བའི་ཁྲག་ལ་སོགས་པ་དྲངས་པར་འགྱུར་རོ། །དམ་ཚིག་གི་བཟའ་བའི་རྫས་གསལ་བར་བྱ་བ་ནི་བཟའ་བའམ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་བཞིན་དུ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་བསྒོམ་པས་སོ། །མཆོད་པའི་ཡོ་བྱད་མཆོག་ལྔ་ཡིས། །མཆོད་པས་ཞེས་བྱ་བ་ནི་དཔའ་བོ་ལྔ་ལ་སོགས་པས་ལྷ་རྣམས་ལ་མཆོད་པར་བྱའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ནི་ལས་ལ་གནས་པར་གྱུར་ནས་བྱང་ཆུབ་ཀྱི་སེམས་རྒྱས་པས་ནམ་མཁའི་ཁམས་བཀང་ལ། དེའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱི་ཕྲ་རབ་ཀྱི་ཚོགས་དེ་བཞིན་གཤེགས་པའི་བཀོད་པར་བསྐྱེད་ནས་ལྷ་མོའི་པདྨར་བཅུག་སྟེ། ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་གྱུར་པར་བསམས་ལ། རང་གི་ཁར་དྲངས་ཏེ་སྤྱད་ལ། དེས་རང་གི་ལུས་ལ་གནས་པའི་ལྷའི་འཁོར་ལོ་དང༌། དཀྱིལ་འཁོར་པ་རྣམས་ཚིམ་པར་བྱའོ། །སེམས་ཅན་ཁམས་རྣམས་མཐའ་ཡས་ཀྱི། །ཞེས་བྱ་བ་ལ་སོགས་པ་ནི་བདག་གིས་མ་བཤད་དོ། །དམ་ཚིག་འཛིན་པ་ཞེས་བྱ་བ་ནི་རྒྱུད་ལས་གསུངས་པའི་དམ་ཚིག་གི་སྤྱོད་པ་དང་དེ་ཁོ་ན་ཉིད་ཤེས་པར་བྱས་པའོ། །དམ་ཚིག་


DTG038_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་རྡོ་རྗེས་སྤྱད། །ཅེས་བྱ་བ་ནི་སྐུ་ལ་སོགས་པ་བྱིན་གྱིས་རླབས་པའི་རྗེས་ཐོགས་ལ་ཆོ་ག་བཞིན་དུ་སྤྱད་པར་བྱའོ། །སྐུ་གསུངས་ཐུགས་ཀྱི་ལོངས་སྤྱོད་ཅེས་བྱ་བ་ནི་རྡོ་རྗེ་གསུམ་མི་ཕྱེད་པའི་ཟླ་བ་ཞུ་པའི་གཟུགས་སོ། །དེར་གསང་གནས་གསུམ་ནི་ཆོ་འབྱུང་བའོ། །རྡོ་རྗེ་ནི་རྡོ་རྗེ་སྟེ། དེ་གཉིས་ལས་བྱུང་པའི་བདེ་བ་ཆེན་པོ་སྐྱེས་པ་དེ་བདག་གིས་བསྒྲུབ་པར་བྱ་ཞིང་དགེ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་བསམ་པ་དང་ལྷག་པར་མོས་པས་བསྒོམ་པར་བྱ་སྟེ། མངོན་པར་ཞེན་པ་བརྟན་པོར་བྱ་བའི་དོན་ཏོ། །རྣལ་འབྱོར་པ་བསྒོམ་པས་དུབ་པ་ལ་སྐྱོ་བསལ་པའི་ཆོ་ག་གསུངས་པ་ནི། མཐོ་གང་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། །སྤྱི་བོའི་སྟེང་དུ་མཐོ་གང་ཙམ་གྱིས་སྤགས་པར་བདུད་རྩི་ལྔའི་དཀྱིལ་འཁོར་མ་ཐོ་གང་ཙམ་པ་ཉིད་གདུགས་དཀར་པོ་ལྟ་བུ་ཡོངས་སུ་བརྟགས་ལ། དེའི་དབུས་ན་གནས་པའི་ཁ་དོག་ལྔ་པའི་ཨོཾ་གྱི་འོད་ཀྱིས་ཞུ་བར་གྱུར་ནས་ཟླ་བ་ལྟ་བུའི་བདུད་རྩིའི་རྒྱུན་ཉིད་རྐན་གྱི་ཕྱོགས་སུ་བབས་པས་སྐུ་རྡོ་རྗེ་ལ་སོགས་པ་རྩ་སྦུབས་མ་ལུས་པའི་རྒྱུ་བ་ནས་ཆོ་ག་བཞིན་དུ་ཚིམ་པར་བྱའོ། །འདི་དག་ཀྱང༌། །རང་གི་སྙིང་པོའི་ཉིད་ངེས་རྟོགས་པས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་དང་སྦྱར་པར་བྱའོ། ཕྱི་རོལ་དུ་ལྟ་བ་ལ་བཞིན་པའི་མཆོད་རྟེན་གྱི་ལས་ལ་སོགས་པ་དགག་པ་གསུངས་པ་ནི་མཆོད་རྟེན་དག་གི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གང་ཞིག་ཕྱི་རོལ་ལ་ཞེན་པའི་བློས་མཆོད་རྟེན་ལ་སོགས་པ་བྱེད་པ་དེ་ལ་ནི་བསོད་ནམས་ཅུང་ཟད་དུ་འགྱུར་མདོ་མོད་ཀྱི། །དེ་ལ་དམིགས་པས་མངོན་པར་ཞེན་པས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། དུག་བསལ་པའི་ཆོ་ག་གསལ་བར་བྱ་པའོ་ཕྱིར་གསུངས་པ་ནི་བྷྲཱུཾ་ཞེས་བྱ་བ་ལ་སོགས་པའོ། །འདིར་ཆོག་ནི་འདི་ཡིན་ཏེ། །ཡི་གེ་བྷྲཱུཾ་ལས་གཙུག་ཏོར་འཁོར་ལོས་སྒྱུར་བ་དཀར་པོའི་རྣལ་འབྱོར་རམ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ལ་ལག་པ་གཡས་པར་ཡི་གེ་བྷྲཱུཾ་ཉིད་ལ་འཁོར་ལོ་རྩི་བས་བརྒྱས་པ་དཀར་པོ་ལ་ཏེ་བར་ཡི་གེ་བྷྲཱུཾ་འོད་ཟེར་དཀར་པོ་དང་ལྡན་པ་རྣམ་པར་བསམས་ལ། །དུག་གིས་ཁྱབ་པའི་ལུས་ལ་གནས་པའི་དུག་ལ་འོད་ཟེར་གཞུག་ཅིང་ཕྱིར་འབྱིན་པས་ཅིང་བསལ་བར་བྱའོ། །དོན་འདི་ཉིད་ནི་ལྷག་པར་བཅུག་ལ། རྟ་མགྲིན་ལ་བཤད་


DTG038_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚོགས་དུག་དྲང་བར་བྱའོ་ཞེས་སྦྱར་བར་བྱའོ། །དེ་བཞིན་དུ་ནོན་པ་ལ་ཡང་ཁ་དོག་སེར་བོའི་རྣལ་འབྱོར་ལ་སོགས་པ་བྱ་སྟེ། །སྔ་མ་བཞིན་དུ་ལས་རྣམས་ཅི་རིགས་པར་བྱའོ། །གྲོ་ག་ལ་སོགས་པ་ལ་བྲི་བར་བྱ་བའམ། བསྒོམ་པར་བྱ་བའི་སྲུང་པའི་འཁོར་ལོའི་ཆོ་ག་བཤད་པའི་ཕྱིར་གསུངས་པ། །དེ་ནི་དེ་ནས་ཞེས་བྱ་བླ་སོགས་པ་སྟེ། །འདི་ཡང་བདག་གིས་མ་བཤད་དོ། །ཨཉྫ། ནའི་ཁྱད་པར་བཤད་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། །འདི་དག་ལ་དམིགས་ནས་ཆོ་ག་བཞིན་དུ་བཟླས་བརྗོད་འབུམ་བྱས་ཏེ། །སྙོམས་པར་ཞུགས་པ་དང་ལྡན་ངའི་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས། ལམ་གྱི་གཞི་མདོ་ལ་སོགས་པར་མར་གྱི་ངོའི་ཚེས་བཅུ་བཞི་ལ་མཚན་ཕྱེད་ཀྱི་དུས་སུ་ཐོག་པའི་སྟེང་དུ་འདུག་སྟེ་ཐོད་པ་དེ་ལས་གཞན་པ་གཉིས་རྐང་པ་གཉིས་ཀྱི་འོག་ཏུ་བཞག་ནས་དཀྱིལ་འཁོར་བྲིས་ལ། ཁ་སྦུབ་པའི་ཐོད་པ་གསུམ་གྱི་སྟེང་དུ་གནས་ཏེ། བདུད་རྩི་ལྔ་ལ་སོགས་པ་དང་བཅས་པའི་ཏིལ་མར་ཆེན་པོས་གང་བའི་ཁྲག་དང་བཤང་བ་ལ་སོགས་པས་བསྒོས་པའི་ཨརྐའི་ཤིང་བལ་གྱི་སྡོང་བུ་པདྨའི་སྣལ་མས་དཀྲིས་པས་མར་མེ་སྦར་ནས་ཐོད་པ་གཉིས་པར་རང་གི་སྔགས་བཟླས་པའི་དུད་པ་བཅུག་ལ། དེ་ཉིད་དུ་བཤད་མ་ཐག་པའི་ཕྲེང་བའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་མངོན་པར་བཟླས་པ་བྱས་ཏེ་མིག་ཏུ་བྱུག་པར་བྱའོ། །དེ་ནས་སྐུ་ལ་སོགས་པའི་དངོས་གྲུབ་གསུམ་དུ་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདིའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞུས་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །ལན་གསུངས་པ་ནི་དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །ངས་མ་གསུངས་སོ་ཞེས་བྱ་བ་ན་མིར་མེ་མཛད་ལ་སོགས་པའི་བར་གཉིད་དུ་མཛད་ནས་མ་གསུངས་པ་སྟེ། །སྤྲོས་པ་མེད་པའི་རྡོ་རྗེ་འཛིན་པའི་བདག་ཉིད་ཀྱིས་ན། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང༌། མར་མེ་མཛད་ལ་སོགས་པ་ནི་ཐ་མི་དད་པ་ཉིད་ཡིན་ལ། །སྤྲོས་པའི་ཚུལ་གྱིས་ནི་ཁྱས་པར་ཡོད་དོ། །ཞེས་བྱ་བར་དགོངས་སོ། །སྡུག་བསྔལ་གསུམ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་སྡུག་བསྔལ་ལ་ལོ། །དེའི་ཚོ་འབྱུང་པའི་སེམས། ཅན་འདི་ལྟ་སྟེ། སེམས་ཅན་རྣམ་པ་གཉིས་དང༌། འབྱུང་


DTG038_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་སྡུག་བསྔལ་གསུམ་དང་ལྡན་པར་ཤེས་ནས་བྱང་ཆུབ་སེམས་དཔའ་རྣམས་དུ་བ་ཡིན་ནོ། །དེ་ནས་དེ་རྣམས་བཟློག་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ་ནི་ཡི་གེ་ནི་ཐུན་མོང་སྟེ་ཞེས་བྱ་བ་ལ་སོགས་པའོ། །ཡི་གེའི་ཚིག་འདི་ནི་ཐུན་མོང་ཉིད་ཡིན་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཀྱིས་དེའི་ཚེ་གསང་བའི་ཡི་གེ་དེ་མི་ཤེས་པ་དེ་བཞིན་དུ་བདག་ཅག་རྣམས་ཀྱིས་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཐུན་མོང་དུ་གྱུར་པའི་ཕོངས་པ་དེ་ལ་ཅིའི་ཕྱིར་མྱ་ངན་བྱེད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། ཁྱེད་རྣམས་ཀྱིས་ཅིའི་ཕྱིར་གསང་བའི་ཡི་གེ་དེ་རྣམས་མཁྱེན་པར་མ་གྱུར་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། གསང་བའི་ཡི་གེ་གསུམ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཡི་གེ་དེ་རྣམས་ནི་སྐུ་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་ཞིང་དེ་ཁོ་ན་ཉིད་དུ་གྱུར་པ་ཐམས་ཅད་མཁྱེན་པའི་རྒྱུ་ཡིན་ལ། བདག་ཅག་རྣམས་ནི་དེའི་ཚེ་མངོན་པར་རྫོགས་བར་སངས་མ་རྒྱས་པ་ཡིན་ཏེ། དེས་ན་བདག་ཅག་རྣམས་ཀྱིས་མི་ཤེས་པ་ཡིན་ནོ། །རྡོ་རྗེ་གསུམ་ཡི་གེ་སྔགས་ཀྱི་མཆོག་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པར་བྱའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་བར་སྐབས་འདིར་ཀཱ་ལིར་གྱུར་པའི་རྡོ་རྗེ་འཛིན་པ་ལ། ལྷ་མོ་རྣམས་ཀྱིས་བླངས་པའི་ཚིགས་སུ་བཅད་པ་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ནི་གླུའི་སྒྲ་ཡིས་བསྐུལ་བར་བྱས་པར་བསམ་ཞེས་སྨོས་པ་ཡིན་ནོ། །རིག་མའི་པདྨའི་ནང་དུ་སྤྲུལ་པའི་དཀྱིལ་འཁོར་དུ་ཞུགས་པའི་སེམས་ཅན་གྱི་ཁམས་སྣོད་དུ་རུང་བར་བྱ་བའི་ཕྱིར། དབང་བསྐུར་བ་སྦྱིན་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དམ་ཚིག་གི་འཁོར་ལོས་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་འཛིན་པའི་བདག་ཉིད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཅེས་བྱ་བ་ནི་ཆོས་འབྱུང་བར་ཁང་པ་བརྩེགས་མ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་གྱུར་པའི་ཚུལ་གྱིས་དབང་བསྐུར་བ་སྦྱིན་པའི་དོན་དང༌། རབ་ཏུ་ལྡན་པས་ཟླ་བ་ཞུ་བས་གང་བར་གྱུར་པའོ། །འདི་ནི་སེམས་ཅན་ཐམས་ཅད་ཀྱི་དབང་བསྐུར་བའོ། །དེ་ཡང་ཟླ་བ་


DTG038_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བའི་གཟུགས་སུ་གྱུར་པ་དང༌། དེ་ནི། དེ་རྣམས་དེ་འོག་དབང་བསྐུར་བྱ། །ཞེས་སྨོས་པ་ཡིན་ནོ། །དེ་ནས་སེམས་ཅན་དེ་རྣམས་རྡོ་རྗེའི་ཡེ་ཤེས་ཅན་དུ་གྱུར་ཏོ། །དེ་ཡང་ཇི་སྐད་དུ། །ས་ཡི་སྙིང་པོ་ཕྱག་ན་རྡོ་རྗེ་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འདོད་པའི་ཁམས་ན་མ་ཡིན་ཞེས་བྱ་བ་ལ་སོགས་པས་ནི་རྟོགས་པར་བྱ་བའི་ངོ་བོ་ཉིད་ལས་ཐ་དད་པར་གྱུར་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དགག་པ་ཡིན་ཏེ། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱིས་གཉིས་སུ་མེད་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། ཞི་བ་དང་ནི་སྲིད་པའི་ངོ་བོ་འདིར། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཁམས་གསུམ་པོ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་བ་ནི་བརྟན་པ་དང༌། གཡོ་བའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་སྐུའི་དཀྱིལ་འཁོར་དུ་རང་རང་གི་ངོ་བོ་ཐ་མི་དད་པར་གནས་སོ་ཞེས་བྱ་བའི་དོན་ཏོ། །ལུས་དང་བྲལ་བས་ངག་དང་སེམས་ཉེ་བར་དགོས་པ་སྟེ། དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བའི་མཐར་ཐུག་པའི་ལེའུ་བཅུ་བདུན་གྱིས་ནི་རྩ་བའི་རྒྱུད་རྫོགས་པ་ཡིན་ནོ། །ལེའུ་བཅུ་བདུན་པའི་འགྲེལ་པའོ།། །།

ལེའུ་བཅོ་བརྒྱད་པ། གསང་བ་ཐམས་ཅད་སྟོན་པ་རྡོ་རྗེའི་ཡེ་ཤེས་ཀྱིས་བྱིན་གྱིས་རློབ་པ་ཞེས་བྱ་བའི་འགྲེལ་པ།


DTG038_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པ་ཞེས་བྱ་བའི་རྩ་བའི་རྒྱུད་ཀྱི་འགྲེལ་པ་རྫོགས་སོ།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྩ་བའི་རྒྱུད་ཀྱི་བཤད་པའི་ངོ་བོར་གྱུར་པ་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ་གསུངས་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་དང་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་དེ་དག་བསྟན་པའི་ལེའུ་བཅུ་བདུན་པ་ལས་བཤད་པའོ། །དངོས་པོ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་རང་གི་ལུས་ལ་སོགས་པ་རྩེ་གཅིག་པ་སྟེ། འདི་ནི་བྱེད་པ་པོའི་ཁྱད་པར་རོ། །ཇི་ལྟ་བ་དང་ཞེས་བྱ་བ་ནི་ལུས་ལ་སོགས་པ་ལྷའི་བདག་ཉིད་ཅན་ཏེ། འདི་ནི་ལས་ཀྱི་ཁྱད་པར་རོ། །དུས་ཇི་བཞིན་པར་ཞེས་བྱ་བ་ནི་གླེང་གཞིའི་ལེའུ་ལ་སོགས་པ་ལས་གསུངས་པའི་རིམ་གྱིས་ཏེ། འདི་ནི་བྱ་བའི་ཁྱད་པར་རོ། །མཐོང་བ་ནི་སྐུའི་རྣམ་པས་སོ། །ཐོས་


DTG038_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གསུང་གི་རྣམ་པས་སོ། །ཁོང་དུ་ཆུད་པ་ནི་ཐུགས་ཀྱི་རྣམ་པས་ཏེ། སོ་སོར་རང་རིག་པའི་ཚུལ་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་གསུམ་གྱིས་ཞེས་བྱ་བ་ནི། སྐུ་རྡོ་རྗེ་ལ་སོགས་པ་གོ་རིམས་ཇི་ལྟ་བ་བཞིན་དུ་བཞུགས་པ་འདི་ནི་སྐུ་གསུང་ཐུགས་ཀྱི་ངེས་པ་སྟེ། དེ་ནི་ངོ་མཚར་ཆེའོ། །དེའི་དོན་ནི་འདི་ཡིན་ཏེ། རྣལ་འབྱོར་པ་རྣམས་ཀྱི་སྐུ་རྡོ་རྗེའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་སྐུ་རྡོ་རྗེ་ཉིད་ལ་རྣམ་པར་གནས་ལ་སྡུད་པ་ནས་ཡང་རང་གི་སྐུ་རྡོ་རྗེ་ཉིད་ལ་རབ་ཏུ་འཇུག་གི་གཞན་དུ་ནི་མ་ཡིན་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །དེ་བས་ན་འདིས་ནི་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁམས་གསུམ་པ་ཐམས་ཅད་ཀྱི་ལས་ཞེས་བྱ་བ་ལ་སོགས་པ་འདི་ཉིད་ཀྱི་ལེའུ་བཅུ་བདུན་པ་ལས་གསུངས་པའི་འདས་མ་ཐག་པའི་དོན་སྟོན་པ་ཡིན་ནོ། །དུས་གསུམ་རྡོ་རྗེའི་ངོ་བོ་ཉིད། །ཅེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་ངོ་བོ་ཉིད་དུ་སེམས་ཅན་ཐམས་ཅད་ཡང་དག་པར་འབྱུང་བ་ཡིན་ལ་དེ་བས་ན་དེ་རྣམས་ནི་དོན་དམ་པར་སངས་རྒྱས་ཉིད་ཡིན་པར་གསུངས་སོ། །བྱང་ཆུབ་རྡོ་རྗེའི་གནས་ཐོབ་པ། །ཞེས་བྱ་བ་ནི་དེ་ཉིད་ཀྱིས་ན་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པ་དང༌། དེ་བཞིན་དུ། སྲིད་དང་ཞི་བའི་ངོ་བོའི་ཆོས་ཉིད་དག །འདིར་ནི་དབྱེ་བ་འགའ་ཡང་ཡོད་མིན་ཏེ། གཟུང་བྱ་ལ་སོགས་རྣམ་བྲལ་བས། །དེ་ཕྱིར་ཐམས་ཅད་དུ་ནི་རྟག་ཏུ་འགྲུབ། །ཅེས་བཤད་པས་སོ། །ཨེ་མའོ་མཆོག་ཏུ་མྱ་ངན་འདས། །ཞེས་བྱ་བ་ནི་འཁོར་བའི་རྒྱུན་ཉིད་ནི་དེ་ཁོ་ན་ཉིད་ཤེས་པ་ནི་མྱ་ངན་ལས་འདས་པའོ་ཞེས་བྱ་བ་ནི་ངོ་མཚར་ཆེའོ། །དེ་ཡང༌། འཁོར་བ་དང་ནི་མྱ་ངན་འདས། །འདི་གཉིས་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བཤད་པ་ཡིན། །ཞེས་འབྱུང་བའོ། །གསང་བ་ཞེས་འདིར་གང་ལ་བགྱི། །ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཞུས་པ་ཡིན་ཏེ། ཞུས་པ་འདི་རྣམས་ཀྱི་དོན་ནི་འོག་ནས་བཤད་པ་ལས་འདི་ཉིད་གསལ་བར་སྟོན་པར་འགྱུར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཞེས་བྱ་བ་ལ་སོགས་པ་ནི་རང་རང་གི་ལུས་དང་ངག་ཡིད་རྡོ་རྗེ་རྣམས་ཀྱིས་སོ། །སྐུ་གསུང་


DTG038_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་རྡོ་རྗེ་ལ། །ཞེས་བྱ་བ་ནི་ཡང་དག་པར་རྟོགས་པའི་བདག་ཉིད་ཅན་གྱི་རྡོ་རྗེ་ཅན་སྐུ་ལ་སོགས་པའི་ལྷའི་བདག་ཉིད་ཅན་དུ་ཡང་དག་པར་བཟུང་ཞིང་ཡང་དག་པར་རྟོགས་པ་ལ་རྩེ་གཅིག་ཏུ་བྱས་ནས་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པའི་གསུང་དང་རྗེས་སུ་མཐུན་པར་དེ་ཉིད་ལ་བྱང་ཆུབ་སེམས་དཔའ་དེ་རྣམས་རྗེས་སུ་འཇུག་བར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་པའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་སྐུ་རྡོ་རྗེ་ལ་སོགས་པ་རང་རང་གི་ལུས་རྡོ་རྗེ་ལ་སོགས་པས་དམིགས་ན། ལུས་ལ་སོགས་པའི་ངོ་བོ་ཉིད་རྡོ་རྗེ་འཆང་གི་བདག་ཉིད་ཡིན་པར་རྟོགས་ཤིང་མངོན་དུ་བྱས་ནས་ཅང་མི་སྨྲ་བར་གྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་ཉན་པ་པོའི་སློབ་མ་ཉིད་དུ་གྱུར་པར་མཛད་ཅེས་བྱ་བའི་དོན་ཏོ། །འདི་ཉིད་ནི་ཆོས་སྟོན་པར་མཛད་པའི་དུས་ཡིན་ནོ། །ད་ནི་ཞུས་པ་རྣམས་ཀྱི་ལན་བསྟན་པའི་ཕྱིར། སྐུ་གསུངས་ཐུགས་ནི་རྣམ་པ་གསུམ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཀྱི་འབྲེལ་བ་ཇི་ལྟ་བུ། །ཞེས་བྱ་བའི་ལན་བསྟན་པར་བྱ་བའི་ཕྱིར་ལྔ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ལྔ་པ་ལས་ནི་སྒྲུབ་པོ་གསུངས་ལ། དགུ་པ་ལས་ནི་དམ་ཚིག་བཞི་གསུངས་སོ། །བཅུ་བདུན་པ་ཞེས་པ་ནི་བཅུ་བདུན་པ་ལས་ནི་བསྲུང་བར་བྱ་བའི་དམ་ཚིག་གོ །བཅུ་གསུམ་བ་ལས་ནི་གསང་སྔགས་ཀྱི་བཟླས་བརྗོད་ལ་སོགས་པ་གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། ལྔ་པ་ལས་བཤད་པའི་སྒྲུབ་པ་པོ་ནི་ལེའུ་དགུ་པ་ལ་སོགས་པ་ལས་གསུངས་པའི་དོན་དང་འབྲེལ་ཏེ། ད་བས་ན་འདི་ནི་བཅོམ་ལྡན་འདས་ཀྱིས་གང་བསྟན་པར་མཛད་པ་དེ་ཉིད་ནི་སྒྲུབ་པ་ཆེན་པོའོ། །བཞི་པར་ནི་དཀྱིལ་འཁོར་གྱི་ཆོ་ག་གསུངས་ལ། སློབ་དཔོན་གྱི་ལས་དེ་ཡང་བཅུ་དྲུག་པ་ལས་བརྟུལ་ཞུགས་དང་དཀྱིལ་འཁོར་གསུངས་སོ། །རྒྱས་པ་ལས་ནི་དེ་ཁོ་ན་ཉིད་དང་རྗེས་སུ་འབྲེལ་པའི་མཆོད་པ་གསུངས་ཏེ་དེ་ཉིད་ནི་སྡོམ་པའོ། །བཅུ་གཉིས་པ་ལས་ནི་ཐུན་མོང་གི་དངོས་གྲུབ་གསུངས་སོ། །བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ལ་སྔར་བརྒྱད་པའི་སྒྲ་སྨོས་པའི་ཕྱིར་གཞུང་ལྷག་པ་ཡིན་པས་ན་དྲུག་པ་ཡིན་


DTG038_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་ལ། དེ་ལ་དྲུག་པ་ལས་ནི་རྗེས་སུ་མཉེས་པ་དང་ཉེ་བར་སྒྲུབ་པ་གསུངས་སོ། །གཉིས་པ་ལས་ནི་དམ་ཚིག་ཅེས་བྱ་བ་བྱང་ཆུབ་ཀྱི་སེམས་གསུངས་སོ། །བཅུ་པ་དང་བཅུ་བཞི་པ་ལས་ནི་དྲག་པོའི་སྦྱོར་བ་གསུངས་སོ། །བདུན་པ་ལས་ནི་སྒྲུབ་པའི་སྡོམ་པ་རྗེས་སུ་དྲན་པའི་ངོ་བོ་ཉིད་གསུངས་སོ། །གསུམ་པ་ལས་ནི་བསྙེན་པའོ། །བཅུ་གཅིག་པ་ལས་ནི་དངོས་གྲུབ་ཀྱི་ཞིང་རི་བོ་ལ་སོགས་པའོ། །དེ་ཉིད་དུ་བཅུ་ཞེས་བྱ་བའི་སྒྲ་མི་མངོན་པར་བྱས་ནས་ལེའུ་དང་པོ་བཟུང་སྟེ། དེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ལྷ་རྣམས་འབྱིན་པ་ལ་སོགས་པ་གསུངས་པ་ཡིན་ནོ། །བཅོ་ལྔ་པ་ལས་ནི་བསྐྱེད་པའི་རིམ་པ་དང་འབྲེལ་བའི་ལྷའི་དཀྱིལ་འཁོར་བསྐྱེད་པའི་བསྒྲུབ་པའི་གོ་རིམས་ཀྱི་སྦྱོར་བ་གསུངས་སོ། །བསྙེན་པ་རྡོ་རྗེའི་ཆོ་ག་བཞི། །ཞེས་བྱ་བ་ནི་རྡོ་རྗེ་བཞེས་བསྙེན་པ་བྱའོ་ཞེས་སྟོན་ཏོ། །མཆོག་ཏུ་གྱུར་པ་གཞུང་ཉིད་དོ། །ཞེས་བྱ་བ་ནི་དངོས་གྲུབ་མཆོག་དང་འབྲེལ་པའི་གཞུང་ངོ༌། །སློབ་མ་བཟང་པོ་ལ་སངས་རྒྱས་ལ་སོགས་པ་དང་འབྲེལ་བར་སྟོན་པ་ཉིད་ནི་དེའི་འཁོར་བ་ལས་ཡོངས་སུ་གྲོལ་བ་ཞེས་བྱ་སྟེ། དེ་དག་ཐམས་ཅད་ནི་ལེའུ་དེ་དང་དེ་དག་ཅི་རིགས་པར་གསུངས་སོ་ཞེས་བྱ་བ་ནི་རྒྱུད་ཀྱི་འབྲེལ་བ་ཡིན་ནོ། །རྣལ་འབྱོར་ཞེས་འདིར་ཅི་ལ་བགྱི། །ཞེས་བགྱི་བའི་ལན་བསྟན་པར་བྱ་བའི་ཕྱིར་ཤེས་རབ་ཐབས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་དང་པོ་རྒྱུད་ཀྱི་འབྲེལ་པ་གསུངས་ནས། ད་ནི་རྒྱུད་ཅེས་བྱ་བའི་སྒྲ་ཉིད་ཀྱི་དོན་བསྟན་པར་བྱ་བའི་ཕྱིར། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞི་དང་རང་བཞིན་རྒྱུ་ཡིན་ནོ། །ཞེས་བྱ་བ་ལ་རང་བཞིན་ནི་རྣམ་པའམ་འབྱུང་གནས་ཏེ། ཁྱད་པར་གྱི་རྒྱུ་ལ་རང་བཞིན་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་དེ་ཉིད་ཀྱི་འབྲས་བུ་ནི་མི་འཕྲོགས་པ་སྟེ་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་ཏེ། རྒྱུ་དང་འབྲས་བུ་དབྱེར་མེད་པས་སོ། །གཞིའི་དོན་རྣམ་པར་དབྱེ་བ་ནི་ཐབས་དང་ཞེས་བཤད་པ་སྟེ། ཆོས་འབྱུང་བའི་གཞལ་ཡས་ཁང་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རྒྱུན་གསུམ་པོ་དེ་དག་ལ་ནི་རྒྱུད་ཅེས་བྱའོ། །རྒྱུན་ལས་རབ་ཏུ་སྟོན་པའི་ཕྱིར་རོ། །གལ་ཏེ་རྒྱུད་འདི་ལས་གཞན་དག་སྟོན་པ་དེ་དག་ཀྱང་གསུམ་པོ་


DTG038_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་གི་ནང་དུ་འདུས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རིགས་གསུམ་ཞེས་བསྟན་པ་གསུངས་ཏེ། དངོས་པོ་གང་ཡིན་པ་དེ་དག་ནི་སེམས་སུ་རིགས་གཅིག་ལ་དེ་རྣམས་པར་སྤྲོས་པ་རྣམས་སྐུ་ལ་སོགས་པའི་དབྱེ་བ་ལས་ནི་རིགས་གསུམ་དུ་འགྱུར་བ་རིགས་ལྔའི་སངས་རྒྱས་ཀྱི་དབྱེ་བ་ལས་ནི་རིགས་ལྔར་འགྱུར་རོ། །དེ་རྣམས་ཉིད་རྣམ་པར་ཕྱེ་བའི་དབྱེ་བ་ལས་ནི་རིགས་བརྒྱར་འགྱུར་བ་འདི་ནི་ཉེ་བར་མཚོན་པ་ཙམ་སྟེ། རྣམ་པ་འདི་ཉིད་ཀྱིས་ན་རིགས་རྣམས་ཀྱི་དབྱེ་བ་ནི་མཐའ་ཡས་སོ། །དེ་བས་ན་རིགས་འདི་དག་དང་འདི་ལྟ་བུ་གཞན་དག་ཀྱང་རྒྱུ་དང་འབྲས་བུ་དང་བཞི་སྟེ། གསུམ་དུ་ཇི་ལྟར་རིགས་པར་འདིའི་ཁོང་སུ་གཏོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྩ་བའི་རྒྱུད་བཤད་ནས་རྒྱུད་ཕྱི་མའི་ལེའུ་བཅོ་བརྒྱད་པར་བཤད་པའི་དོན་བསྟན་པའི་ཕྱིར། །བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལེའུ་བཅུ་བདུན་པར་གསུངས་པའི་བཀའ་དང་བཅས་པར་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གང་གསུངས་པ་དེ་ཉིད་ནི་རྒྱུད་ཕྱི་མ་ཡིན་པར་འདོད་དེ་སྟོན་པ་པོས་དོན་ཇི་ལྟ་བུ་གསུངས་པ་དེ་དང་འདྲ་བར་བཤད་པའི་ཚུལ་ཉིད་ནི་རྒྱུད་ཕྱི་མ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་རྣམ་པ་དུ་རུ་བཤད། །ཅེས་བྱ་བ་ལ་སོགས་པ་དྲིས་པ་བཞི་ལ་ལན་བཞི་བསྟན་པར་བྱ་བའི་ཕྱིར། དེ་ཉིད་རྣམ་པ་ལྔ་རུ་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་རྣམ་པ་གསུམ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཉིད་ལ་བྱ་སྟེ། །དོན་འདི་ནི་སྔར། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་བསྟན་པ་ཡིན། །ཞེས་འདི་ཉིད་ཀྱི་ནང་ནས་བཤད་ཟིན་མོད་ཀྱི། འོན་ཀྱང་ཡང་དྲིས་པའི་རིམ་པའི་སྒོ་ནས་རིགས་ལྔའི་དབྱེ་བས་དེ་ཁོ་ན་ཉིད་ལ་སོགས་པའི་ཆོས་ཀྱི་མཚོན་པ་མཛད་པ་ནི་དེ་ཉིད་དྲན་པའི་ཕྱིར་གསུངས་པ་ཡིན་པས་ན་འདི་ལ་ཟློས་པའི་ཉེས་པ་ཡོད་པ་མ་ཡིན་ཏེ། བཅོམ་ལྡན་འདས་ནི་སེམས་ཅན་གྱི་བསམ་པའི་དབང་གིས་བསྟན་པར་མཛད་ཟིན་པའི་དོན་ལ་ཡང་མིང་གི་རྣམ་པ་གསུངས་པ་ནི་སྲིད་པ་ཡིན་ནོ། །ཆེ་བའི་ལྷ་ནི་བདག་པོར་གྱུར་པའི་ལྷ་སྟེ་ཐུགས་རྣམ་པར་དག་པའི་རང་བཞིན་དོན་དམ་པར་རིགས་གཅིག་པའི་ངོ་བོ་ཉིད་དོ། །གསང་བ་ཞེས་བྱ་བ་ནི་བརྡ་ལ་བྱའོ། །བྱང་ཆུབ་


DTG038_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཞེས་གང་ལ་བགྱི། །ཞེས་འདིར་སྨྲས་པའི་ལན་བསྟན་པའི་ཕྱིར། ཐོག་མ་ཐ་མ་མེད་ཞི་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་དང་དངོས་མེད་མི་ཟད་ཅེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པའི་རྫས་དང་བྲལ་བའོ། །སེམས་གཙོ་ཞེས་བྱ་བ་ནི་མིག་ཡོར་གྱི་ཚུལ་གྱིས་ཁྱབ་པའོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །ཞེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་ནོ། །དེ་བཞིན་རིག་པའི་སྐྱེས་བུ་ཅི། །ཞས་བྱ་བའི་ལན་བསྟན་པར་བྱ་བའི་ཕྱིར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཕྱེད་པ་ནི་ཞེས་བྱ་བ་ལ་ཐབས་དང་ཤེས་རབ་ནི་སྐུ་གསུང་ཐུགས་རྡོ་རྗེ་ཉིད་ཀྱི་གཉིས་སུ་མེད་པའི་ཚུལ་དུ་ངོ་བོ་ཉིད་གཅིག་པས་མི་ཕྱེད་པས་སོ། །ཕྱེ་བའི་དངོས་ཞེས་བྱ་བ་ནི་དེ་དག་ཉིད་རྣམ་པར་དབྱེ་བའི་དབྱེ་བས་ཕྱེ་བས་སོ། །བཛྲྀ་དྷྲཀ་ཅེས་གང་ལ་བགྱི། །ཞེས་བྱ་བ་ལ་སོགས་པ་དྲིས་པ་ལྔ་ལ་ལན་ལྔའི་ཚིགས་སུ་བཅད་པ་བསྟན་པ་ནི་རྒྱུ་ལྔ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྒྱུ་ལྔ་ནི་རྒྱུར་གྱུར་པའོ། །འབྲས་བུ་ལྔ་ནི་འབྲས་བུར་གྱུར་པ་སྟེ། རྡོ་རྗེའི་རྩེ་ལྔ་ནི་སངས་རྒྱས་ལྔའི་བདག་ཉིད་ཅན་ཡིན་ལ། དེ་ཉིད་སྟེང་དང་འོག་གི་ཆས་རྒྱུ་དང་འབྲས་བུ་རྣམ་པར་དག་པའི་གཟུགས་ཅན་ནི་རྡོ་རྗེ་ཞེས་བྱ་བ་ལ་དེ་འཆང་བར་མཛད་པས་ནི་རྡོ་རྗེ་འཛིན་པའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་རྣམ་པར་ཤེས་པ་སྟེ། དེ་ཉིད་ནི་ཡིད་ཅེས་ཀྱང་བྱའོ། །ཡོད་དང་མེད་དང་དབུས་ལས་འདས། །ཞེས་བྱ་བ་ནི་ཡོད་པ་དང་མེད་པའོ་ཞེས་བྱ་བའི་རྣམ་པར་རྟོག་པ་དང་བྲལ་ཞིང་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་མེ་ལོང་རྣམ་པར་དག་པའི་གཟུགས་ཅན་ཡིན་ལ། དེ་ཉིད་ནི་སེམས་ཅན་ཀུན་གྱི་ལུས་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པའོ། །དེ་ནི་འདི་ལྟར་ཛིན་ཛིཀ །ཅེས་བྱའོ། །ཛིན་ཞེས་བྱ་བའི་སྒྲ་ཉིད་ཀྱི་དོན་བསྟན་པར་བྱ་བའི་ཕྱིར། སྐྱེ་ལས་རྒྱལ་བ་ཞེས་བྱ་བར་གསུངས་ཏེ། ཛི་ནའི་སྒྲ་ནི་སྐྱེ་བ་ལ་བྱ་ལ་དེ་ལས་རྒྱལ་བར་མཛད་པས་ན་ཛི་ན་ཛིཀ་ཅེས་བྱ་སྟེ། བརྟགས་པའི་བདག་ཉིད་དུ་མི་སྐྱེའོ་ཞེས་བྱ་བའི་དོན་ཏོ། །དོན་རྣམས་ཐམས་ཅད་ཅེས་བྱ་བ་ནི་དོན་ཐམས་ཅད་ལ་གང་མཉམ་པ་ཉིད་དེ་ལས་ཀུན་དུ་འབྱུང་བ་ནི་དེ་རྣམ་པར་དག་པའི་སེམས་ཉིད་ནི་རིན་པོ་ཆེ་དེ་ཡིན་ལ། དེ་ཡང་ཚོར་བ་པོས་


DTG038_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་པས་ངེས་པར་ཚོར་བ་ཡིན་པས་ན། ཚོར་བ་རྣམ་པར་དག་པའི་ཡིད་ལ་རིན་ཆེན་འཛིན་ཞེས་བྱ་བའོ། །མཚན་གཞི་མཚན་ཉིད་དངོས་པོས་ནི། །ཞེས་བྱ་བ་ལ། མཚན་གཞི་ནི་སྔོན་པོ་དང་སེར་པོ་ལ་སོགས་པའོ། །མཚན་ཉིད་ནི་དེའི་བརྟག་པའོ། །དངོས་པོ་ནི་རྣམ་པར་རྟོག་པའི་ངོ་བོ་དྲུག་པ་ཡིན་ཏེ། དེས་རྣམ་པ་ཐམས་ཅད་དུ་གང་རྟོག་ཅིང་སེམས་ཅན་གྱི་དོན་ལ་སོ་སོར་རྟོག་པ་སྟེ། དེ་རྣམ་པར་དག་པ་ཉིད་ཀྱི་མཚན་མ་མཚོན་པར་བཤད་མ་ཐག་པ་གང་ཡིན་པ་དེ་ནི་ཨཱ་རོ་ལྀ་ཀ་ཅེས་བྱའོ། །རྣམ་པར་ཤེས་རབ་མཐར་ཕྱིན་བྱེད། །ཅེས་བྱ་བ་ནི་བྱམས་པ་དང༌། སྙིང་རྗེ་ལ་སོགས་པ་ལ་རབ་ཀྱི་མཐར་ཕྱིན་པར་སློབ་པར་བྱེད་པའི་རྣམ་པར་ཤེས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཤེས་རབ་འཛིན་ཅེས་བྱ་ལ། དེ་འཛིན་པར་བྱེད་པས་འདུ་བྱེད་སེམས་པ་རྣམ་པར་དག་པའི་ཡིད་ནི་ཤེས་རབ་འཛིན་ཅེས་བྱ་བར་བཤད་དོ། །དེ་ནི་དེ་བཞིན་རིགས་ནི་འདིར་གང་ལགས་ཞེས་བྱ་བའི་ལན་འདིར་བསྟན་པའི་ཕྱིར། རིགས་ནི་རྒྱུད་ཅེས་བྱ་བར་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་འཇིག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གཉིས་སུ་མེད་པའི་ངོ་བོ་ཉིད་ལ་ནི་རྣམ་པར་འཇིག་པ་མེད་དོ། །སྐྱེ་བ་མེད་པ་གང་ཡིན་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཆོས་རྣམས་ཀྱི་གཅིག་དང་དུ་མའི་སྒྱོར་བས་སྐྱེ་བ་མེད་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་དག་པ་ཉིད་ཀྱིས་སྐྱེ་བ་མེད་པའི་ཕྱིར་རོ། །རིགས་ནི་ལྔ་པོ་འདི་དག་སྟེ། །ཞེས་བཤད་པའོ། །སྔགས་ཀྱི་སྒོ་ནས་སངས་རྒྱས་རྣམས་ཀྱི་རྣམ་པར་དག་པ་སྔར་བཤད་ནས། ད་ནི་རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་པས་ཕུང་པོའི་སྒོ་ནས་རྣམ་པར་དག་པ་གསུངས་པ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་རྒྱུ་ལ་རྒྱུ་ཉིད་དང༌། འབྲས་བུ་ལ་འབྲས་བུ་ཉིད་དུ་གང་མངོན་པར་ཞེན་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་གསུངས་པའོ། །གཉིས་པོ་དེ་དག་གི་འཇིག་པའི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པའི་ཕུང་པོའི་ངོ་བོ་དེ་ནི་ཞེ་སྡང་ཡིན་པར་བཤད་དེ་རྒྱུ་དང་འབྲས་བུ་དག་ཐ་མི་དད་པར་མངོན་པར་ཞུགས་པའི་ཡེ་ཤེས་ལ་ནི་ཞེ་སྡང་ཞེས་བྱ་བའི་དོན་ཏོ། །བེམས་པོས་བཅིངས་པ་ཡིས་ཞེས་བྱ་བ་ལ་


DTG038_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ་གཟུགས་ཀྱི་ཕུང་པོ་དེ་ཉིད་སེམས་མད་པས་བཅིངས་པའི་རང་བཞིན་ཡིན་ལ། དེ་རྣམ་པར་དག་པའི་ངོ་བོ་ཉིད་ནི་གཏི་མུག་ཅེས་བྱ་བར་བཤད་དེ། ཐམས་ཅད་དུ་རང་རིག་པའི་ང་རྒྱལ་གྱི་རབ་ཏུ་འཇུག་པ་ནི་གཏི་མུག་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ཚོར་བ་ཞེས་བྱ་བ་ནི་ཚོར་བའི་ཕུང་པོ་སྟེ། དྲེགས་པ་དང་ང་རྒྱལ་ལ་སོགས་པ་རྗེས་སུ་མྱོང་བའི་ངོ་བོའོ། །དེ་རྣམ་པར་དག་པས་ཐམས་ཅད་བདག་མ་ཉམ་མོ་ཞེས་བྱ་བའི་ང་རྒྱལ་གྱི་ངོ་བོ་ཉིད་ཀྱིས་མཉམ་པའི་བདག་ཉིད་ཅན་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ནི་འདུ་ཤེས་ཀྱི་ཕུང་པོའོ།། དངོས་ལ་ཆགས་པའི་མཚན་ཉིད་ཅན། །ཞེས་བྱ་བ་ནི་མཚན་མར་ཉེ་བར་འཛིན་པའི་བདག་ཉིད་ཅན་ཏེ། དེ་རྣམ་པར་དག་པའི་སོ་སོ་རང་རིག་པའི་ངོ་བོ་ཉིད་ཀྱི་འདོད་ཆགས་ཀྱི་བདག་ཉིད་ཅན་ནི་འོད་དཔག་ཏུ་མེད་པའོ། །འདུ་བྱེད་ཅེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། དེ་རྣམ་པར་དག་པ་འདའ་བའི་ངོ་བོ་ཉིད་ནི་དོན་ཡོད་གྲུབ་པའོ། །རྐྱེན་གྱིས་དྲངས་པའི་བདག་ཉིད་ཅན། །ཞེས་བྱ་བ་ནི་བདག་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱའི། གཞན་དག་གིས་ནི་མ་ཡིན་ནོ་ཞེས་ནན་ཏན་བྱེད་པས་དྲངས་པའི་བདག་ཉིད་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བྱ་བ་སྒྲུབ་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ནི་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ནི་གཅིག་ཏུ་མཉམ་པའི་ངོ་བོ་ཉིད་ཡིན་པས་སེམས་ཡང་དག་པར་བཟློག་པར་བྱ་བའི་ཕྱིར། སྲིད་པ་ཀུན་འབྱུང་ཞེས་བྱ་བ་གསུངས་ཏེ། དེ་ནི་སྲིད་པ་དང་མཉམ་པའི་ངོ་བོ་ཉིད་དོ་ཞེས་བྱ་བར་དགོངས་སོ། །ད་ནི་འདི་ལས། འདོད་དང་ཐར་པ་རབ་བསྒྲུབ་པ། །ཞེས་གསུངས་པའི་འདོད་པའི་སྒྲའི་དོན་བསྟན་པར་བྱ་བའི་ཕྱིར་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དམ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་བདག་ཉིད་ཅན་ནོ། །སྣ་ཚོགས་འདྲ་བ་ཡིན་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རང་བཞིན་ནོ། །མངོན་ཕྱོགས་ཞེས་བྱ་བ་ནི་རང་རིག་པ་ལ་མངོན་པར་ཕྱོགས་པའོ། །ལས་ལས་སྐྱེས་ཞེས་བྱ་བ་ནི་བྱམས་པ་དང་སྙིང་རྗེ་ལ་སོགས་པ་


DTG038_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པ་ལས་ཡང་དག་པར་བྱུང་བའོ། །ད་ནི། མོ་ཧ་ཞེས་ནི་གང་ལ་བགྱི། །ཞེས་བྱ་བ་ལ་སོགས་པ་དྲིས་པའི་ལྔའི་ལན་བསྟན་པའི་ཕྱིར་གཉིས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་ཆོས་ཉིད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་དངོས་པོ་རྣམས་གང་རང་གི་ངོ་བོ་ཉིད་ལྷག་པར་མོས་པའི་ང་རྒྱལ་དེ་ལ་ནི་རྨོངས་པ་ཞེས་བྱའོ་ཞེས་བཤད་དོ། །གང་ཕྱོགས་ངེས་པ་མེད་པའི་ངོ་བོས་ཕན་ཚུན་མཐུག་ཅིང་འཛེར་བའི་གཉིས་སུ་མེད་པའི་ངོ་བོར་དེ་ཉིད་ནི་ཞེ་སྡང་ངོ༌།། གང་གི་མཚན་ཉིད་ངོ་བོ་ཉིད་གཉིས་སུ་མེད་པ་ལ་ཞེན་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དེ་ཉིད་ནི་འདོད་ཆགས་སོ། །གང་འདི་ལྟར་མི་ཆོད་ཅིང་མི་ཤིགས་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་དེ་ནི་རྡོ་རྗེ་ཞེས་བཤད་དེ། བཞི་པོ་དེ་དག་ནི་དགའ་བ་རྫོགས་པའི་ལོངས་སྤྱོད་མཆོག་ནི་གཅིག་ཏུ་གྱུར་པ་སྟེ། འདི་དག་ནི་མོ་ཧ་ར་ཏི་ཞེས་བྱ་བ་ལ་སོགས་པ་ལྷ་མོ་བཞིའི་སྔགས་ཀྱི་དོན་གསུངས་པ་ཡིན་ནོ། །བཙུན་མོའི་མཆོག་ཕུན་སུམ་ཚོགས་པའོ་ཞེས་གསུངས་པའི་སྒྲའི་དོན་ཕུན་སུམ་ཚོགས་པ་ཇི་ལྟར་ལགས་ཞེས་ཞུས་པ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་བུད་མེད་བདེ་མཆོག་ཕུན་སུམ་ཚོགས་པའོ་ཞེས་བྱ་བ་གསུངས་ཏེ། མོ་ཧ་ར་ཏི་ལ་སོགས་པ་འདི་དག་ནི་བདེ་མཆོག་གི་རྒྱུར་གྱུར་པས་ན་བདེ་མཆོག་སྟེ། དེ་ཉིད་ལ་ཕུན་སུམ་ཚོགས་པའོ་ཞེས་བྱ་བའི་དོན་ཏོ། །གཏི་མུག་ལ་སོགས་པ་གསུམ་ལ་རྡོ་རྗེ་དགའ་བ་ཁོངས་སུ་གཏོགས་པར་བསྟན་པར་བྱས་བའི་ཕྱིར། གཏི་མུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དགའ་བ་ནི་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་སྟེ་རྒྱུ་དེས་ན་གཏི་མུག་ལ་སོགས་པའི་ཐབས་སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཐེག་པའོ་ཞེས་བཤད་ཅིང་གསུངས་པར་གྱུར་པ་ཡིན་ནོ། །ད་ནི། ཡ་མཱནྟ་ཀྲྀཏ་དོན་ནི་གང༌། །ཞེས་བྱ་བ་ལ་སོགས་པ་ཁོ་བོའི་སྔགས་བཞིའི་དོན་ཞུས་པའི་ལན་བསྟན་པར་བྱ་བའི་ཕྱིར་མི་འཇིགས་པ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་དང་ངག་དང་ཡིད་ཀྱི་ཆོས་རྣམས་ནི་གཅིག་དང་དུ་མ་ལ་སོགས་པའི་ཕྱིན་ཅི་ལོག་གི་ཚུལ་གྱིས་མ་སྐྱེས་པའི་ངོ་བོ་ཉིད་ཡིན་པས་ན་མི་འཇིགས་པའི་བདག་ཉིད་ཅན་གྱི་ཆོས་རྣམས་ཏེ།


DTG038_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པའི་བདག་ཉིད་ཅན་ཉིད་ནི་འཇིགས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ལུས་ལ་སོགས་པའི་དངོས་པོ་འདི་དག་ཐམས་ཅད་ཀྱི་མི་འཇིགས་པའི་ངོ་བོ་ནི་དམ་ཚིག་སྟེ། ལུས་ལ་སོགས་པར་གཏོགས་པའི་གཅིག་དང་དུ་མ་ལ་སོགས་པ་དང་བྲལ་བའི་ཡུལ་ལ་དང་པོ་རྣམ་པར་དག་པའི་ངོ་བོ་ཉིད་ནི་གཤིན་རྗེ་མཐར་བྱེད་ཅེས་བྱ་སྟེ། གང་གི་ཕྱིར་ཕྱིན་ཅི་ལོག་ནི་གཤིན་རྗེ་ཞེས་བྱ་བ་ལ་དེའི་མཐའ་རྣམ་པར་འཇིག་པར་བྱེད་པའོ་ཞེས་བྱ་བར་དགོངས་སོ། །རྣམ་ཤེས་མིན་པ་བདག་ཅེས་བྱ་བ་ནི་དོན་དམ་པར་མི་འགྱུར་པའི་ཚུལ་གྱིས་དག་པར་གྱུར་པ་འཛིན་པ་པོའི་ངོ་བོ་ཉིད་དུ་མི་འགྱུར་བའི་ཆོས་རྣམས་ནི་བྱང་ཆུབ་པའི་བདག་ཉིད་དོ། །དེ་ལྟ་བུའི་སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་གང་ཡིན་པ་དེའི་ཚུལ་གྱིས་ན་ཤེས་རབ་མཐར་བྱེད་ཅེས་བྱ་སྟེ། ཉེས་བ་སྐྱེས་པ་རྣམས་སྤོང་བའི་ཕྱིར་དང༌། མ་སྐྱེས་པ་རྣམས་ནི་མི་སྐྱེད་པ་དང༌། དེ་བཞིན་དུ་ཡང་དག་པའི་བྱང་ཆུབ་མ་སྐྱེས་པ་རྣམས་བསྐྱེད་པར་བྱ་བའི་ཕྱིར་དང༌། སྐྱེས་པ་རྣམས་གནས་པར་བྱ་བའི་ཕྱིར་དང༌། དད་པ་དང་ལྡན་པའི་བརྩོན་འགྲུས་རྣམ་པ་བཞི་པོ་དེ་རྣམ་པར་དག་པའི་རང་བཞིན་རྒྱལ་བ་ཉིད་ནི་ཤེས་རབ་མཐར་བྱེད་ཅེས་བྱ་སྟེ། འདི་ལྟ་བུའི་ཤེས་རབ་ཀྱིས་ཉེས་པ་རྣམས་མཐར་བྱེད་པའོ་ཞེས་དགོངས་སོ། །བརྗོད་མེད་བདག་ཉིད་ཅེས་བྱ་བ་ནི་དངོས་པོ་རྣམས་ཀྱི་དེ་ཉིད་ནི་བརྟག་པར་མི་ནུས་པས་ན་བརྗོད་དུ་མེད་པའི་བདག་ཉིད་ཅན་གྱི་ཆོས་རྣམས་ཏེ། དེ་བས་ན་འདི་ལྟར། མིང་དང་གཟུགས་བློ་དངོས་པོ་མེད། །ཅེས་བྱ་བ་སྟེ། གཟུགས་ལ་སོགས་པར་སོ་སོར་སྣང་བའི་བློ་དངོས་པོ་མེད་པ་སྟེ། མེད་པར་གྱུར་པའི་དངོས་པོ་ལ་ནི་ཡུལ་མེད་དོ་ཞེས་བྱ་བའི་བར་དུའོ། །དེ་ལྟ་བུར་གྱུར་པའི་ཆོས་ཐམས་ཅད་ཀྱི་དམ་ཚིག་གང་ཡིན་པ་དེས་ན། པདྨ་མཐར་བྱེད་ཅེས་བྱ་སྟེ། བརྗོད་དུ་མེད་པའི་བདག་ཉིད་ཅན་གྱི་ཕུང་པོའི་ཡུལ་རྣམས་ལ་འདུན་པ་དང༌། བརྩོན་འགྲུས་ལ་སོགས་པས་དེ་རྣམས་ལ་སྐྱེས་བུ་དྲན་པ་དང༌། བརྩོན་འགྲུས་རྩོམ་པར་གྱུར་བ་སྟེ། འདི་ནི་དངོས་པོའི་ཆོས་རྣམས་དང་བྲལ་བར་བྱུང་བའི་འདུན་པ་ལ་སོགས་པའི་ཡུལ་རྣམས་དྲན་པའི་པདྨ་ཞེས་བྱ་ལ། དེ་ཉིད་འདུན་པ་མེད་པ་ལ་སོགས་པའི་ཉེས་པ་མཐར་བྱེད་པས་ན། བཅོམ་ལྡན་འདས་པདྨ་མཐར་བྱེད་ཅེས་


DTG038_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །མི་རྟོག་བདག་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་འདི་ལྟར་ཞི་བ་ཉིད་ཡིན་པས་འཛིན་པ་པོ་ལ་སོགས་པའི་སྤྲོས་པ་དང་བྲལ་བའི་ཕུང་པོ་ལྔ་རྣམས་ཡིན་ལ་དེ་ཉིད་འདིར་རྡོ་རྗེ་ཀུན་གྱི་དམ་ཚིག་སྟེ། རྗེས་སུ་འདའ་བར་མི་བྱ་བའི་ངོ་བོ་ཉིད་ཡིན་ལ། ཚུལ་དེས་ན་བགེགས་མཐར་བྱེད་ཅེས་བྱ་སྟེ་སྔར་བཤད་པའི་མི་རྟོག་པའི་ཆོས་རྣམས་ལ་རྣལ་འབྱོར་པ་དྲན་པ་དང་ལྡན་པས་སེམས་རྩེ་གཅིག་པའི་ངོ་བོ་ཉིད་དངོས་པོའི་དེ་ཁོ་ན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཤེས་རབ་ཀྱི་རིགས་ལས་བྱུང་བ་རྫོགས་པར་གྱུར་པ་སྟེ། དེ་རྣམ་པར་དག་པའི་ངོ་བོ་ཉིད་ནི་ཁྱབ་བདག་བགེགས་མཐར་བྱེད་པ་ཡིན་ཏེ། མ་དད་པ་ལ་སོགས་པའི་བགེགས་རྣམས་མཐར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ངེས་པར་བཤད་པ་བཞི་པོ་རྣམས་ཀྱི་འདི་ཉིད་ཀྱིས་ཀྱང་དེ་དག་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ངོ་བོ་ཉིད་ཡིན་པས་དེ་དག་ཤེས་པ་ལས་བདེ་བ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་མི་འཇིགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཤིན་རྗེ་གཤེད་ཀྱི་བྱ་བ་གསལ་བར་བསྟན་པར་བྱ་བའི་ཕྱིར། གཏི་མུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཏི་མུག་ཅེས་བྱ་བ་ནི་ཐམས་ཅད་དུ་སོང་བའི་ང་རྒྱལ་གྱི་བདག་ཉིད་ཅན་གྱི་གཏི་མུག་ཆེན་པོའོ། །དེ་ཡང་གཏི་མུག་ལ་ཉེ་བར་ལོངས་སྤྱོད་པར་འགྱུར་ཏེ། གཏི་མུག་ཆེན་པོའི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་རྣམ་པར་དག་པའི་གཏི་མུག་ལ་བསླབས་པ་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཏི་མུག་ཟད་ཕྱིར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེའི་ཕྱིན་ཅི་ལོག་གི་རབ་ཏུ་འཇུག་པ་འབྱུང་བ་ཟད་པར་བྱེད་པའི་སྒོའི་དབང་དུ་མཛད་པ་ནི་གཤིན་རྗེ་མཐར་བྱེད་ཅེས་བཤད་དོ། །དེ་ཉིད་ཀྱིས་ན་ལུས་མཐར་བྱེད། །ཅེས་བྱ་སྟེ། འཇིག་ཚོགས་ལ་ལྟ་བ་མཐར་བྱེད་ཅིང༌། །རྣམ་པར་འཇིག་པར་མཛད་པ་དང༌། །འཛིན་པ་པོ་དང་བྲལ་བ་ཉིད་ཀྱིས་ནི། །ཤེས་རབ་མཐར་བྱེད་ཅེས་བྱ་བ་ཡང་དེ་ཉིད་དོ། །ཤེས་རབ་མཐར་བྱེད་ཀྱི་བྱ་བ་བསྟན་པའི་ཕྱིར། །ཉེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེས་པ་ཞེས་བྱ་བ་ནི་ཧེ་སྡང་ཆེན་པོ་སྟེ། བདག་དང་གཞན་དུ་རྣམ་པར་འབྱེད་པ་དང་བྲལ་པའོ། །ཉེས་པ་དེ་ཉིད་ལ་ཉེ་བར་སྤྱོད་པར་གྱུར་པ་ནི་ཞེ་སྡང་ཆེན་པོའི་བདག་ཉིད་


DTG038_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་པ་ཡོངས་སུ་དག་པའི་བདག་ཉིད་ལ་བསླབས་པ་ལས་སྐྱེ་ཞེས་བྱ་བའི་དོན་ཏོ། །ཉེས་པ་ཟད་ཕྱིར་ཞེས་བྱ་བ་ནི་མི་བསྐྱོད་པ་དེ་ལས་ཞེ་སྡང་ཁ་ཕྱིར་བལྟས་པའི་ཞེ་སྡང་གི་རབ་ཏུ་འཇུག་པ་འབྱུང་བ་ཟད་པར་མཛད་པའི་སྒོའི་དབང་དུ་མཛད་ནས་ཤེས་རབ་མཐར་བྱེད་ཅེས་གསུངས་སོ། །དེ་ཉིད་ཀྱིས་ན་སེམས་ནི་མཐར་བྱེད་ཅིང་ཞེས་པ་སྟེ། དེ་ཉིད་ཀྱིས་ན་སེམས་ནི་ཞེས་བྱ་བ་ནི་འཛིན་པའི་བདག་ཉིད་ཅན་གྱི་སེམས་ཏེ། དེ་མཐར་བྱེད་པའོ། །དེ་ཉིད་ཀྱིས་ན་ཉོན་མོངས་མཐར་བྱེད་དེ། འཛིན་པ་པོའི་བདག་ཉིད་ཀྱི་རྒྱུར་གྱུར་པའི་ཉོན་མོངས་པ་གཞན་གྱིས་མི་ཐུབ་པས་ན་དེ་འགོག་པར་མཛད་པའི་ཕྱིར་རོ། །དེ་བཞིན་པདྨ་མཐར་བྱེད་ཀྱི་དགོས་པ་བསྟན་པར་བྱ་བའི་ཕྱིར་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ནི་འོད་དཔག་ཏུ་མེད་པའི་བདག་ཉིད་ཅན་གྱི་འདོད་ཆགས་ཆེན་པོའོ། །དེ་ཡང་རྣམ་པར་དག་པའི་ཆགས་པ་ལ་བསླབས་པ་ལས་སྐྱེ་བར་གྱུར་པ་སྟེ། དེ་ཡང་འདོད་དཔག་ཏུ་མེད་པ་དེ་ནི་ཕྱིན་ཅི་ལོག་གི་ཆགས་པ་དང་འདྲེས་པའི་དོགས་པ་སེལ་བའི་མཆོག་ཡིན་པས། འདི་ནི་པདྨ་མཐར་བྱེད་ཅེས་བྱའོ། །དག་མཐར་བྱེད་ཅེས་བྱ་བ་ནི། །ངག་གི་ངོ་བོ་འགོག་པར་མཛད་པའོ། །དེ་ཉིད་ཀྱིས་ན་སྙོམས་པར་འཇུག་པ་མཐར་བྱེད་པར་གྱུར་པ་ནི་རྟ་མགྲིན་ཏེ། སྨྲ་བ་པོ་དང་བརྗོད་པར་བྱ་བ་གང་ཡིན་པའི་སྙོམས་པར་འཇུག་པ་ནི་ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་དུ་འདུས་པ་སྟེ། དེ་རབ་ཏུ་འཇིག་པར་བྱེད་ཅེས་བྱ་བའི་དོན་ཏོ། །བགེགས་མཐར་བྱེད་ཀྱི་ཡང་སྦྱོར་བ་བསྟན་པའི་ཕྱིར། ཉོན་མོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་མ་ལུས་པ་ཟད་པར་བྱེད་ནུས་པའི་ཡེ་ཤེས་ཉིད་བྱ་བ་ཐམས་ཅད་བྱེད་པས་བགེགས་མཐར་བྱེད་ཅེས་བྱ་བའི་དོན་ཏོ། །ཉོན་མོངས་རྡོ་རྗེ་ཉིད་སྒྲིབ་པ་ཡིན་ལ་དེ་རྣམ་པར་དག་པ་ནི་གཉིས་སུ་མེད་པར་ལྷག་པར་མོས་པ་ལས་ཐམས་ཅད་རྣམ་པར་དག་པར་གྱུར་ལ། དེ་ནས་ལས་ལས་སྐྱེས་པའི་ཡང་འབྲས་བུ་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། རྣམ་པ་དེ་འདྲའི་སེམས་ལྡན་ལུས་དང་ནི། །ངག་གི་ལས་རྣམས་ཅི་ཡང་རུང་བ་དག །ཕྱག་རྒྱ་དང་ནི་སྔགས་ཀྱི་རྣམ་པ་རུ། །རྫོགས་པའི་སངས་རྒྱས་ཀུན་གྱིས་དེ་གསུངས་སོ། །ཞེས་


DTG038_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྡོ་རྗེའི་བདག་ཉིད་ཅན་དེ་དག་ཇི་ལྟར་འབྱུང་བ་དེ་ཡང་བསྟན་པར་བྱ་བའི་ཕྱིར་གཟུང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུང་བ་ནི་དེའི་རྣམ་པར་སོ་སོར་ཤེས་པའོ། །ཆགས་པ་ནི་དེ་ལ་རྗེས་སུ་ཕྱོགས་པའོ། །རྣམ་པ་ནི་འདྲ་བར་བསྐྱེད་པའོ། །མི་གཡོ་པ་ནི་དྲན་པའི་ཚུལ་མི་གཡོ་བ་དེ་ཉིད་དུ་བསྟན་པར་གྱུར་པའོ། །རྒྱུ་ཉིད་ནི་དེ་ཉིད་ཀྱི་གཉིས་སུ་མེད་པའི་རང་བཞིན་གྱིས་འབྲས་བུ་དང་མི་ཕྱེད་པར་སློབ་པའོ། །འབྲས་བུ་ཉིད་ནི་དེ་ཉིད་ཀྱི་རྒྱུའི་རྣམ་པ་དང༌། གཉིས་སུ་མེད་པའི་བདག་ཉིད་གསལ་བར་གྱུར་པ་སྟེ། དེ་ནི་འདིར་རྡོ་རྗེ་རྣམས་ཀྱིས་བསྐྱེད་པའོ། །ད་ནི་ཁྲོ་བོའི་གནས་སྐབས་བཤད་པ་ཡིན་པས་ན། འདོད་པའི་རྒྱལ་པོ་ལ་སོགས་པ་ཡང་བཤད་པར་བྱ་བའི་ཕྱིར། འདོད་པའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱིན་པའི་སྔགས་ཀྱི་སྐབས་ན་མེད་པས་འདི་དག་དཀྱིལ་འཁོར་པ་མ་ཡིན་པར་དགོངས་སོ། །སའི་སྙིང་པོ་དང༌། ས་རྡོ་རྗེ་སོགས་པ་རྣམས་ཞུས་པ་མེད་ཀྱང་ཐེ་ཚོམ་མེད་པའི་དོན་དུ། མིང་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར། དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་རྡོ་རྗེ་ནི་སའི་སྙིང་པོའོ། །དེ་ལ་སོགས་པ་དྲུག་ནི་མིག་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཉིད་དེ། དེ་དག་ཀྱང་གཟུགས་ཡོངས་སུ་དག་པ་ཉིད་ཡིན་པས་འབྱུང་བ་ལས་གྱུར་པ་ཉིད་དུ་རྣམ་པར་གྲགས་སོ། །རིག་པའི་རྒྱལ་པོ་ཞེས་བཤད་དོ། །ཞེས་བྱ་བ་ལ་སོགས་པ་ལ་རིག་པའི་རྒྱལ་པོའི་སྒྲ་ཡང་དེ་ཉིད་ཡིན་པར་བཤད་དོ། །ས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལས་རྡོ་རྗེ་ལ་སོགས་པ་ནི་སྤྱན་ལ་སོགས་པའི་ངོ་བོ་ཉིད་ཡིན་ལ། ནམ་མཁའ་རྡོ་རྗེ་དང་བཅས་པ་ནི་འབྱུང་བ་རྣམ་པ་ལྔ་ཉིད་དུ་རྣམ་པར་གྲགས་སོ། །གཟུགས་རྡོ་རྗེ་ལ་སོགས་པའི་ཡང་མིང་ལ་སོགས་པ་སྟན་པར་བྱ་བའི་ཕྱིར། གཟུགས་རྡོ་རྗེ་ལ་སོགས་པ་གྲུག་ཅེས་བྱ་བ་ལ་སོགས་པ་། གསུངས་ཏེ། རྡོ་རྗེ་བདག་པོ་ཐམས་ཅད་ནི། །འདོད་ཆགས་དེ་ཉིད་དོན་སེམས་པ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་བདག་པོའི་སྒྲས་ནི་གཟུགས་རྡོ་རྗེ་ལ་སོགས་པ་འབྱུང་བ་ལས་གྱུར་པའི་ལྷ་མོ་དྲུག་ཡིན་པར་རྣམ་པར་བཤད་དོ། འབྱུང་བ་ལས་གྱུར་པ་རྣམ་པར་དག་པའི་


DTG038_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ཀྱི་སྐབས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མོ་དྲུག་པ་དེ་དག་ཉིད་ཀྱི་འབྱིན་པའི་སྔགས་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཏེ་སྐུ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཡི་གེ་གསུམ་ལས་དབྱུང་བར་བྱ་སྟེ། དེ་བས་ན་འདི་དག་ནི་དཀྱིལ་འཁོར་བ་ཉིད་ཡིན་གྱི། འདོད་པའི་རྒྱལ་པོ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ད་ནི། ཀུན་དུ་སྤྱོད་པ་གང་ཞིག་ལགས། །ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་ཐབས་དང་ཤེས་རབ་ལས་བྱུང་ཞིང་སྐྱེས་པ་ནི་དཀྱིལ་འཁོར་འཁོར་ལོའི་རྣམ་པ་ཐམས་ཅད་དག་པར་ལྷག་པར་མོས་པས་ཕུང་པོ་ལ་སོགས་པ་གཉིས་སུ་མེད་པའི་སྦྱོར་བ་ངེས་པར་བྱས་ལ་སྔགས་པས་འཇིགས་པ་ཐམས་ཅད་དང་བྲལ་ཞིང་མི་འགྱུར་བའི་སེམས་ཀྱིས་སེང་གེ་དང་འདྲ་བར་གནས་པར་བྱའོ། །རྣལ་འབྱོར་པ་དེ་ལ་གནས་པས་ནི་མི་བྱ་བ་ལ་སོགས་བ་ནི་མི་བྱ་བ་ལ་སོགས་པ་ཅི་ཡང་མེད་དེ། སྔགས་པས་འདི་དག་ཐམས་ཅད་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདི་ཉིད་ནི་མཉམ་པར་མ་གཞག་པ་སྟེ། སྨྱོན་པ་ལ་སོགས་པའི་ཚུལ་གྱི་སྦྱོར་བ་ཀུན་དུ་སྤྱོད་པ་ཞེས་བཤད་དོ། །དེ་བས་ན་སྦྱོར་བ་འདིས་གང་སྤྱོད་པ་དེ་ནི་རྟག་ཏུ་མཉམ་པར་གཞག་པ་ཡིན་པས་ཀུན་དུ་སྤྱད་པ་ལ་སྤྱོད་པ་ཞེས་བཤད་དོ། །དེ་སྐད་དུ། ཕྱིན་ཅི་ལོག་རྟོག་རྣམ་གྲོལ་ན། །བྱ་བ་མ་ལུས་པ་ནི་རྫོགས་པར་བྱ། །ཞེས་བཤད་པས་སོ། །དེ་བཞིན་དུ་སྔགས་ཀྱི་སྤྱོད་པ་ཅི་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། རྐྱེན་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་དང་དབང་པོ་ལ་བརྟེན་ནས་རྣམ་པར་ཤེས་པ་གང་འབྱུང་བར་འགྱུར་བ་དེ་ནི་ཡིད་ཀྱི་སྒྲར་བཤད་ལ། དེ་ཉིད་རྣམ་པར་དག་པས་འཁོར་བ་ལས་སྐྱོབ་པས་ན་མནྟྲ་སྟེ་སྔགས་སོ། །དེས་འཇིག་རྟེན་གྱི་སྤྱོད་པ་ལས་རྣམ་པར་གྲོལ་བའི་དམ་ཚིག་དང༌། སྡོམ་པ་ཡོངས་སུ་བསྲུང་བའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་སྔགས་ཀྱི་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །འདིར་ནི་བཟླས་པ་གང་ཞིག་ལགས། །ཞེས་བྱ་བ་འདིའི་ལན་


DTG038_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་བྱ་བའི་ཕྱིར་རང་རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་ཀྱི་གསང་སྔགས་བཟླས་པའི་ཆོ་གར་བཤད་པས། རྣམ་པར་བརྟགས་པའི་དབྱེ་བས་སྔགས་བརྗོད་ལ། སྤྲོ་བ་ལ་སོགས་པ་ཆོ་ག་བཞིན་དུ་བྱའོ། །ཡེ་ཤེས་ས་བོན་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ས་བོན་གྱི་སྟེ། བྱང་ཆུབ་བདག་མེད་པའི་ངོ་བོ་ཉིད་ཀྱིས་སོ། །བདག་མེད་གཟུང་ཞེས་བྱ་བ་ནི་འཛིན་པ་པོའི་རང་བཞིན་དང་བྲལ་བ་སྟེ། དེ་ལྟ་བུའི་སངས་རྒྱས་ལྔ་པོ་སྣ་ཚོགས་རྡོ་རྗེའི་བདག་ཉིད་ཅན་ཅིག་ཅར་སྤྲོ་ཞིང་བསྡུའོ། །གཟུང་ཞེས་བྱ་བ་ནི་གནས་པ་བརྟན་པར་བསྒོམ་པར་བྱའོ། །སྣ་ཚོགས་བཞིན་ཞེས་བྱ་བ་ནི། །རང་ཉིད་དངོས་པོ་ཐམས་ཅད་ངོ་བོ་ཉིད་དུ་མོས་པ་སྟེ། ཇི་སྐད་དུ་ཡང་བཟླས་ལ། སེམས་ཉིད་ནི་དངོས་ཀུན་བདག་ཉིད་རང་གི་སེམས་དབང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྣ་ཚོགས་ཞེས་བྱ་བ་ནི་སྣ་ཚོགས་པའི་ངོ་བོ་ཡེ་ཤེས་ཀྱི་ས་བོན་ཏེ། དུས་གསུམ་ལ་ནི་ཡི་གེ་གསུམ་དང་ལྷན་ཅིག་ཏུ་ཡང་བཟླས་པའོ། །དེ་ནས་ཡང་སྤྲོ་བ་ལ་སོགས་པ་བྱ་བ་ནི་སྔགས་བཟླས་པའི་ཆོ་གའོ། །བཟླས་པ་ཞེས་བྱ་བའི་སྒྲ་ནི་སྨྲ་བ་ཡིན་པར་བཤད་པས་ངག་འདི་དག་ཐམས་ཅད་ཀྱང་སྔགས་ཀྱི་སྒྲར་བཤད་དེ། དེ་ཁོ་ན་ཉིད་བསྐུལ་བའི་ངོ་བོ་ཉིད་གྱུར་པས་སྔགས་དང་རྣལ་འབྱོར་པའི་ཐམས་ཅད་དུ་དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པ་ཡིན་པའི་ཕྱིར་རོ། །དམ་ཚིག་སེམས་དཔའ་འདྲ་བར་ཡེ་ཤེས་སེམས་དཔའ་ཡང་བསྒོམ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཐུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་རྣམས་ཀྱི་སྤྲོ་བས་ཀྱང་དབང་བསྐུར་བ་ལ་སོགས་པ་དེ་བཞིན་དུ་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་རྣམས་སྤྱི་བོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྤྱི་བོ་ན་ཡང་གང་གི་རིག་པ་གང་དང་གང་ཡིན་པ་ལྷན་ཅིག་ཏུ་སྦྱོར་བར་འགྱུར་བ་ནི་རྡོ་རྗེ་འཆང་བཞིན་དུ་དེ་ཐམས་ཅད་ཀྱི་ཡང་ལོངས་སྤྱོད་རྣམ་བཞིར་ཤེས་པར་བྱའོ། །དེ་བསྟན་པའི་ཕྱིར་བདག་བྱིན་བརླབ་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ལ་བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་དེ་ལ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ནི་


DTG038_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བྱིན་གྱིས་བརླབ་པའོ། །སོགས་པའི་སྦྲས་ནི་ཐུགས་བྱིན་གྱིས་བརླབ་པ་ལ་སོགས་པའོ། །དེ་བས་ན་འདིས་ནི། བསྙེན་པ་ལ་སོགས་པ་ཡན་ལག་བཞི་གསུངས་པ་ཡིན་ནོ། །འདི་དག་ཀྱང་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། ཐམས་ཅད་ལ་ཡང་དཀྱིལ་འཁོར་གྱི་བདག་པོ་གཙོ་བོ་རྣམས་ཀྱི་བཞིན་དུ་བསྟན་པར་བྱའོ། །ཕྱག་རྒྱ་གང་ལ་བགྱི་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། དཔའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྙིང་པོ་ཕྱག་རྒྱ་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་སྟེ། རྗེས་སུ་མཐུན་པས་རིགས་ཀྱི་བདག་པོས་རྒྱས་གདབ་པོ། །འབྲས་བུ་ཞེས་བྱ་བ་ནི་མི་བསྐྱོད་པས་སོ། །རྒྱུ་ནི་རྡོ་རྗེ་འཆང་སྟེ། འབྲས་བུ་མི་བསྐྱོད་པ་རྡོ་རྗེ་འཆང་བས་རྒྱས་གདབ་བོ། །ཆོས་འབྱུང་བ་ནི་ཇི་ལྟར་བསྒོམ། །ཞེས་པ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། །ལོངས་སྤྱོད་བཞི་དང་ཡང་དག་ལྡན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོངས་སྤྱོད་བཞི་ནི་བསྙེན་པ་ལ་སོགས་པ་སྟེ། དེ་དང་ལྡན་པའི་རྡོ་རྗེ་ཅན་ལྷ་ཐམས་ཅད་དང་ལྡན་པ་སྐུ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཟུར་གསུམ་དང་ལྡན་པའི་ཆོས་འབྱུང་བར་བསྒོམ་མོ། །དེ་དབུས་ཞེས་བྱ་ནི་ཆོས་འབྱུང་བ་བསྒོམས་པས་མཚོན་པའི་ཞིང་རྣམ་པར་དག་པར་བྱ་བའི་ཕྱིར་དང་པོ་ཉིད་དུ་འཁོར་ལོ་རྩིབས་བཅུ་པ། ཁྲོ་བོ་བཅུ་དང་ལྡན་པ་སྲུང་བའི་ཕྱིར་བསྒོམ་པར་བྱའི། །ཆོས་འབྱུང་བའི་ནང་དུ་སྲུང་བའི་འཁོར་ལོ་བསྒོམ་པར་བྱ་བ་ནི་མ་ཡིན་ཏེ། ཇི་སྐད་དུ། དེ་འོག་ཧཱུཾ་གིས་རྡོ་རྗེར་བྱས་པའི་ས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་དང༌། དེ་བཞིན་དུ་ཧཱུཾ་མཛད་དང་ཡང་ན་གཙུག་ཏོར་རམ་ཞེས་བྱ་བ་ལ་སོགས་པ་བཤད་པས། འདིར་དབུས་སུ་ཞེས་བྱ་བའི་སྒྲའི་དོགས་པ་ནི་མ་བཤད་དོ། །ཡེ་ཤེས་བདག་ཉིད་བཅུ་ལས་བྱུང༌། །ཞེས་བྱ་བ་ནི་དད་པ་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཉིད་དོ། །འགོག་པའི་རྡོ་རྗེས་ཞེས་བྱ་བ་ནི། སེམས་མ་འཕྲོས་པའི་མཚན་ཉིད་དོ། །མི་གཡོ་བ་དང་མཚུངས་པར་འཁོར། །ཞེས་བྱ་བ་ནི་མྱུར་དུ་འཁོར་བས་མི་འགུལ་བ་དང་མཚུངས་པར་འཁོར་བར་བལྟ་བར་བྱའོ། །དེ་བཞིན་སྡོམ་པ་ཇི་ལྟ་བུ། །ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་ཞེས་བྱ་བ་ནི་རིམ་པ་འདི་


DTG038_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་སྒྲུབ་པའི་རྒྱུའོ། །ནན་ཏན་ཞེས་བྱ་བ་ནི་ཉམས་སུ་བླང་བའོ། །དམ་ཚིག་ནི་བསྲུང་བར་བྱ་བ་ལ་སོགས་པ་སྟེ། འདི་དག་ཐམས་ཅད་ནི་རྩ་བའི་རྒྱུད་དུ་རྒྱ་ཆེར་གསུངས་སོགས་པ་གསུངས་ཏེ་གར་བཤད་པ་ཉིད་དོ། །དེ་ཉིད་ནི། རིམ་པའི་དབྱེ་བས་ཕྱེ་བ་ཡིན། །ཞེས་བྱ་བ་སྟེ། དབྱེ་བའི་ཁྱད་པར་གྱིས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །གཟུགས་དང་སྒྲ་སོགས་འདོད་པ་ནི། །ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་སྟོན་པ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་ལས་འདོད་ཆགས་དང་ཞེས་སྡང་དང་གཏི་མུག་སྐྱེ་བར་འགྱུར་བ། །དེ་ལ་འདོད་ཆགས་ལ་དེའི་རང་བཞིན་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་བསམ་མོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ནི་མཉམ་པའི་བདག་ཉིད་ཅན་ཡིན་ལ། མཉམ་པའི་རང་བཞིན་ཉིད་ནི་དམ་ཚིག་སྟེ། རྡོ་རྗེ་འཆང་བ་ཡིན་པས་གཟུགས་ལ་སོགས་པའི་འདོད་པ་རྣམས་རྡོ་རྗེ་འཆང་བའི་བདག་ཉིད་ཅན་ཡིན་པར་བསྒོམ་པར་བྱའོ། །དེ་ལྟར་གཟུགས་ལ་སོགས་པའི་གཉིས་སུ་མེད་པར་གྱུར་པ་དེ་ཉིད་བསྟེན་པ་ནི་སྡོམ་པ་ཞེས་བྱ་བ་ཡིན་པར་དགོངས་སོ། །རྣམ་པ་ཞེས་བྱ་བ་ལ་སོགས་པས་ནི་ཞེ་སྡང་གཏི་མུག་ཅེས་བྱ་བ་ལ་སོགས་པའི་ལན་གསུངས་པ་ནི་རྣམ་པ་དང་ནི་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ། །རྣམ་པ་མེད་པ་ནི་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱིས་ཏེ། ཀུན་དུ་འགྲོ་བའི་ཡི་གེ་གསུམ་གྱི་བདག་ཉིད་ཅན་དུ་རྣམ་པར་བསམས་ནས། བཟླས་བརྗོད་སྤྲོ་བ་ལ་སོགས་པའི་བྱ་བས་སེམས་ཅན་གྱི་དོན་བྱའོ། །བྱ་བ་ཞེས་བྱ་བ་ནི་གསོད་པའོ། །འཕྲོག་པ་ནི་རྫས་དབྲོག་པ་སྟེ། དེ་དག་ལ་སོགས་པའི་ལས་རྣམས་བྱའོ། །དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པའི་ལྷའི་གཟུགས་ལས་དང་རྗེས་སུ་མཐུན་པར་ཞེ་སྡང་ལ་སོགས་པའི་ངོ་བོ་ཉིད་དུ་ཐམས་ཅད་བསྐྱེད་ལ། གསང་བ་རྣམ་པར་ཀྱི་རྡོ་རྗེ་དགོ་ཧིན་དུ་ཕྱག་རྒྱས་བཏབ་ན། རྣལ་འབྱོར་པ་རྣམས་ཀྱི་དོན་བྱེད་དོ། །དེས་དེ་ལྟར་ཐུན་མོང་དུ་བཤད་ནས། རེ་རེའི་ཞེ་སྡང་ལ་སོགས་པའི་ལས་བསྟན་པར་བྱ་བའི་ཕྱིར་ཞེ་སྡང་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེ་སྡང་གཙོ་བོར་གྱུར་པའི་འཁོར་ལོར་བསྐྱེད་ལ། ཐམས་ཅད་ཞེ་སྡང་གི་རང་བཞིན་དུ་བསམས་ཏེ་སྤྲོ་བ་ལ་སོགས་པ་རྣམས་བྱེད་པར་


DTG038_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་བྱ་བ་གཞིག་པ་ལ་སོགས་པ་བྱའོ། །འདིའི་ཕན་ཡོན་བསྟན་པའི་ཕྱིར། འདི་ལྟའི་སྦྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེ་སྡང་གི་རྣལ་འབྱོར་པའི་ལས་བསྟན་ནས། གཏི་མུག་གི་རྣལ་འབྱོར་བའི་ལས་བསྟན་པར་བྱ་བའི་ཕྱིར། གཏི་མུག་སྦྱོར་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་དུ་གཏི་མུག་གི་འཁོར་ལོ་ཐམས་ཅད་བསྐྱེད་ལ་བཟླས་པ་ལ་སོགས་པ་བྱ་སྟེ། རྫས་དབྲོག་པ་ལ་སོགས་པ་བྱའོ་ཞེས་བྱ་བ་ནི་མདོར་བསྡུས་པའོ། །འདོད་ཆགས་ཅན་གྱི་རྣལ་འབྱོར་པའི་ཡང་ལས་བསྟན་པར་བྱ་བའི་ཕྱིར། །འདོད་ཆགས་སྦྱོར་བའི་རྣལ་འབྱོར་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་སྔ་མ་བཞིན་དུ་འདོད་ཆགས་ཀྱི་ངོ་བོ་ཉིད་དུ་བལྟས་ལ། བཟླས་པ་དང་སྤྲོ་བའི་ལས་ལ་སོགས་པ་བྱས་ནས། ལྷ་མོའི་རྣམ་པ་ལ་སོགས་པ་བྱའོ་ཞེས་བྱ་བའི་དོན་ཏོ། །ཞེ་སྡང་ལ་སོགས་པའི་རྣལ་འབྱོར་པའི་ལས་ཀྱང་རིམ་པ་འདི་ནི་ལེའུ་དགུ་པ་ལས་རྒྱ་ཆེར་གསུངས་པས་དེ་ཉིད་དུ་ཤེས་པར་བྱའོ། །ཡང་འདི་ལ་ནུས་པ་འདི་ལྟ་བུ་ཡོད་པར་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་དཀྱིལ་འཁོར་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་ལ་སོགས་པའི་འདོད་པ་ཙམ་གྱིས་བྱེད་ལ། དེ་བས་ན་གྲུབ་པ་པོ་རྣམས་ཀྱི་བཀོད་པ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བར་དགོངས་སོ། །དཀྱིལ་འཁོར་ཞེས་ནི་གང་ལ་བགྱི། །ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་བྷ་ག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུམ་པོ་དཀྱིལ་འཁོར་ཡིན་པར་གསུངས། །ཞེས་བྱ་བ་ནི་ཆོས་འབྱུང་བའི་དཀྱིལ་འཁོར་དང་པདྨ་ལ་བྱང་ཆུབ་ཀྱི་སེམས་ཡོངས་སུ་གྱུར་པའི་དཀྱིལ་འཁོར་དང༌། ལུས་ལ་ཕྱག་རྒྱ་བཞིའི་འཁོར་རོ། །ཕྱག་རྒྱ་དགོད་པ་ཇི་ལྟར་ལགས། །ཞེས་བྱ་བའི་ཚིག་འདིའི་ལན་དང༌། དཀྱིལ་འཁོར་གྱི་དོན་འདི་གསལ་བར་བྱ་བའི་ཕྱིར་ཕུད་པོ་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་ལ་སོགས་པ་ཀུན་ནས་རྒྱས་བཏབ་པ་ཉིད་ལྷ་ཐམས་ཅད་ཀྱི་འཁོར་ལོ་ལ་སོགས་པའི་དཀྱིལ་འཁོར་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་དགོད་པ་བསྟན་པར་བྱ་བའི་ཕྱིར། ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །འཁོར་ལོ་རྩིབས་བཅུ་


DTG038_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤར་ལྷོ་ལ་སོགས་པའི་མཚམས་རྣམས་སུ་འདོད་པའི་རྒྱལ་བོ་དང་དབྱིག་སྔོན་དང༌། སྟོབས་པོ་ཆེ་དང༌། མི་གཡོ་མགོན་པོའི་ཕྱག་མཚན་ལྕགས་ཀྱུ་ལ་སོགས་པ་རྣམ་པ་བཞི་རིམ་བཞིན་དགོད་པར་བྱའོ། །སྟེང་དུ་བལྟས་པའི་རྩིབས་ལ་གཙུག་ཏོར་གྱི་འཁོར་ལོའི་མཚན་མ་དགོད། འོག་ཏུ་བལྟས་པའི་རྩིབས་ལ་གནོད་མཛེས་ཀྱི་རྡོ་རྗེ་དགོད་པར་བལྟ་བར་བྱའོ། །རིག་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི། །ཞེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱ་ནི་འཁོར་ལོས་སྒྱུར་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམས་ཡིན་པས་དེ་དང་རྗེས་སུ་འབྲེལ་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ཚུལ་ནི་ཅི་རིགས་པར་སྦྱོར། །དེ་བས་ན་ཀུན་དུ་བཟང་པོ་ནི་རྡོ་རྗེ་འཛིན་པ་ལྟ་བུའོ། །ས་ལ་སོགས་པའི་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་སྟེ། སྤྱན་ལ་སོགས་པའི་ཕྱག་རྒྱ་ནི། རང་གི་དཀྱིལ་འཁོར་དུ་གསུངས་སོ། །གཟུགས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་རིམ་པ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱ་བའི་ཕྱིར། མེ་ལོང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དྲུག་པོ་རྣམས་སོ། །བྱང་ཆུབ་སེམས་དཔའ་རྣམས་དང༌། ཁྲོ་བོའི་རྒྱལ་པོ་ཐམས་ཅད་མངོན་པར་རྒྱས་བཏབ་པའི་དེ་རྣམས་ཀྱི་ཕྱག་རྒྱ་ནི་བཤད་ཟིན་པ་ཉིད་དོ། །དཔའོ་གཅིག་ཅེས་བྱ་བ་ནི་རྡོ་རྗེ་དཔའ་བོ་ལ་སོགས་པའོ། པདྨ་རྣམ་པ་ལྔར་ཞེས་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་པདྨ་ལ་སོགས་པ་མེ་ཏོག་གི་དོན་ཞུས་པ་དེའི་ལན་བསྟན་པར་བྱ་བའི་ཕྱིར་ལྷ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་བཅུ་ནི་མེ་ཏོག་གི་སྒྲར་བཤད་ད། འདི་བདག་ནི་ཉིད་དུ་གསལ་བར་བྱས་པ་ཡིན་ནོ། །གཟུགས་རྡོ་རྗེ་ལ་སོགས་པ་དྲུག་ཀྱང༌། ཡི་གེ་གསུམ་གྱིས་འབྱིན་པ་ཡིན་པར་བསྟན་པའི་ཕྱིར། སྐུ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་རིམ་གྱིས་ཞེས་བྱ་བ་ནི་རང་གི་རིགས་ཀྱི་ཕྱག་རྒྱས་བཏབ་པའི་འབྱིན་པར་བསྟན་ཏོ། །མཆོད་རྟེན་ཞས་ནི་ག་ལ་བགྱི། །ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་མཆོད་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞལ་ཡས་ཁང་ལ་མཆོད་རྟེན་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་འཁོར་ལོ་ཇི་ལྟ་བུ། །ཞེས་བྱ་བ་འདིའི་ལན་བསྟན་པར་


DTG038_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར། ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་སེམས་དཔའ་གང་རེག་པ་ཞེས་བྱ་བ་ནི། ཡེ་ཤེས་སེམས་དཔའི་འོད་ཟེར་རྣམས་ཀྱིས་གང་ཡང་དག་པར་བསྐུལ་བའི་སངས་རྒྱས་ཀྱི་འཁོར་ལོ་གཞན་པ་ལ་ནི་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་ནི་གནས་ཀྱང་གང་ཞིག་ལགས། །ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་བོན་གྱི་ཡི་གེ་ནི་སྔགས་ཏེ། དེའི་ངོ་བོ་ཉིད་གནས་ཞེས་བྱའོ། །མགོན་པོ་ཇི་ལྟར་བསྐུལ་བར་བགྱི། །ཞེས་བྱ་བ་ལ་སོགས་པ་དྲིས་པ་བཞིའི་ལན་བསྟན་པར་བྱ་བའི་ཕྱིར། བསྐུལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་ཚུལ་གྱིས་ཇི་ལྟར་མོས་པའི་རྣམ་པར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་གསོལ་བར་བྱ་བ་ནི་བསྐུལ་ཞེས་བཤད་དོ། །ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲང་བར་བྱ་བའི་ཕྱིར། འོད་ཟེར་སྤྲོ་བ་ནི་སྟོང་པ་ཞེས་བཤད་དོ། །རྡོ་རྗེ་ཅན་ཐམས་ཅད་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཐམས་ཅད་སྤྲོས་པས་གང་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་པས་མངོན་དུ་བྱེད་པ་དེ་ནི་སྤྱན་འདྲེན་པ་ཞེས་བྱ་སྟེ། དེ་དག་གཉིས་ཀ་ལ་ཡང་བསྐུལ་བ་སྔོན་དུ་འགྲོ་བ་ཡིན་པར་བལྟ་བར་བྱའོ། །རྡོ་རྗེ་ཅན་གྱི་ངོ་བོ་ཉིད་ཀྱི་འོད་ཟེར་གྱིས་རྡོ་རྗེ་ཐམས་ཅད་ཡང་དག་པར་བསྡུས་ནས་དེའི་གནས་ཏེ། སྙིང་གའི་ས་བོན་གྱི་བདག་ཉིད་ཅན་ལ་གོང་བུའི་ཚུལ་གྱིས་གཞུག་པ་ནི་བྱིན་གྱིས་བརླབ་པ་སྟེ་བཅིང་བ་ཞེས་བྱ་བ་ཡིན་ནོ། །དབང་བསྐུར་བ་ནི་ཇི་ལྟར་སྩལ། །ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡུལ་ཚོན་ནི་ཡིད་ཀྱིས་དཀྱིལ་འཁོར་བྲིས་ལ་དབང་བསྐུར་བ་སྦྱིན་པར་བྱ་སྟེ། དབང་བསྐུར་བའི་ཆོ་ག་དེ་ནི་བདག་གིས་མ་བཤད་དོ། །དེ་བཞིན་རིག་པའི་བརྟུལ་ཞུགས་གང༌། །ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། ཆོས་ཀུན་གཉིས་སུ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་གཉིས་སུ་མེད་པ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དུའོ། །རྣམ་བྲལ་བར་ཞེས་བྱ་བ་ནི་


DTG038_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་དང་ལྷན་ཅིག་པ་དང་བྲལ་བར་མི་བྱའོ་ཞེས་བྱ་བ་སྟེ། འདི་ན་རིག་པའི་བརྟུལ་ཞུགས་ཞེས་བྱའོ། །བདུད་རྩི་ལྔ་རྣམས་ཇི་ལྟར་བཟའ། །ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། ལུས་ཀྱི་ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀྱིལ་འཁོར་གྱི་ལོར་གྱུར་པས་བར་སྣང་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམས་ལ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་སུ་ཞུ་བའི་བདག་ཉིད་ཅན་དུ་ཡི་གེ་ཨ་ལས་བྱུང་བའི་ཐོད་པར་བདུད་རྩི་ལྔ་པོ་ཨོཾ་གྱིས་མཚན་པར་དབབ་བོ། །མཚོན་ཆའི་མཆོག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་ས་བོན་གྱི་འོད་ཟེར་གྱི་དྲངས་པའོ། །བཟའ་བའི་སྦྱོར་བ་ཞེས་བྱ་བ་ནི་བཟའ་བའི་ཆོ་གས་ཏེ། དེ་སྐད་དུ། འབར་བའི་ཨོཾ་གྱིས་བྱིན་གྱིས་བརླབས། །རླུང་མེ་ཞེས་བྱ་བ་ལ་སོགས་པ་པ་སྨོས་པ་ཡིན་ནོ། །དེ་བཞིན་དཔའ་བོ་ལྔ་གང་ལགས། །ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། བསྒྲུབ་བྱའི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་མ་ཐག་པའི་ཆོ་གས་དཔའ་བོ་ལྔ་ཞེས་པ་ཤ་ལྔའི་ངོ་བོར་བསྒྲུབ་པར་བྱ་བའི་དངོས་གྲུབ་ཀྱི་ཆོ་གའི་དོན་དུ་སྤྱད་པར་བྱའོ། །དངོས་གྲུབ་ཐུན་མོང་ཇི་ལྟ་བུ། །ཞེས་བྱ་བ་ལ་སོགས་པ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། །མི་སྣང་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཉིད་དུ་སྒྲུབ་པ་ནི། །ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་གྲུབ་པ་ནི་དངོས་གྲུབ་མཆོག་ཡིན་པར་སངས་རྒྱས་ཀྱིས་གསུངས་སོ། །དེ་ལ་ཐབས་ནི་རྣམ་པ་དུ། །ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། །ཐབས་ནི་རྣམ་པ་བཞི་པོ་དག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་པ་ལ་སོགས་པའི་ཡན་ལག་བཞི་ནི་ཐབས་རྣམ་པ་བཞིའོ། །དེ་ལ་བསྙེན་པ་ལ་སོགས་པའི་དབྱེ་བ་བསྟན་པར་བྱ་བའི་ཕྱིར་ཐུན་མོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུན་མོང་གི་བསྙེན་པ་རྣམ་པ་གཉིས་དང༌། མཆོག་གི་བསྙེན་པ་རྣམ་པ་གཉིས་ཏེ། བསྙེན་པ་རྣམ་པ་བཞི་ནི་བསྙེན་པའོ། །དེ་ལ་ཐུན་མོང་གི་བསྙེན་པ་གཅིག་ནི་རྡོ་རྗེ་རྣམ་པ་བཞིའོ། །མཆོག་གི་བསྙེན་པ་གཅིག་ཀྱང་ཡེ་ཤེས་བདུད་རྩི་དང་སྲིད་པ་བར་མ་པ་གཅིག་ཏུ་གྱུར་ཅིང་མེར་མེར་པོར་གྱུར་པ་ལ་སོགས་པའི་རིམ་གྱིས་བདག་པོའི་ལྷ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་


DTG038_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཏོ། །འདི་ཡང་ལྷ་གཙོ་བོའི་ཡན་ལག་ཏུ་གྱུར་པས་མཆོག་གི་བསྙེན་པ་ཞེས་བཤད་དོ། །མཆོག་གི་བསྙེན་པ་གཉིས་པ་འོག་ནས་བཤད་དོ། །ད་ནི་ཐུན་མོང་གི་བསྙེན་པ་དང་འབྲེལ་པ་རྡོ་རྗེ་བཞི་བསྟན་པར་བྱ་བའི་ཕྱིར། དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཀྱང་ལེའུ་བཅུ་གཉིས་པ་ལས་བཤད་པས་དེ་ཉིད་དུ་ཤེས་པར་བྱའོ། །མཆོག་གི་ཡེ་ཤེས་བདུད་རྩིའི་ཉིད། །ཅེས་བྱ་བ་ནི་ཡེ་ཤེས་ཀྱི་བདུད་རྩིས་མཆོག་གི་བསྙེན་པ་འདི་བྱས་ནས་ཐུན་མོང་གི་བསྙེན་པ་བྱའོ་ཞེས་བྱ་བའི་དོན་ཏོ། །ཐུན་མོང་གི་སྒྲུབ་པ་གཉིས་པ་བསྟན་པར་བྱ་བའི་ཕྱིར་སྦྱོར་བ་དྲུག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་ཞེས་བྱ་བ་ནི་དངོས་གྲུབ་མཆོག་གི་ཡན་ལག་དྲུག་གི་སྦྱོར་བ་བྱས་ནས་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་དྲུག་གི་སྦྱོར་བ་དེ་གང་ཡིན་ཞེ་ན། སོ་སོར་སྡུད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལས་སོ་སོར་སྡུད་པ་བསྟན་པར་བྱ་བའི་ཕྱིར། དབང་པོ་བཅུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ལ་སོགས་པ་རྣམས་དང༌། གཟུགས་ལ་སོགས་པ་རྣམས་ནི་རང་རང་གི་བྱ་བ་ལ་དབང་བྱེད་པས་འདི་དག་བཅུ་ཆར་ཡང་དབང་པོ་ཞེས་བཤད་དེ། དེ་རྣམས་ཀྱི་རང་གི་ངོ་བོ་ཉིད་ཙམ་དུ་གནས་པ་ལས་གང་འདོད་པ་ལས་སྡུད་པའི་ངོ་བོ་ཉིད་དེ་ནི་སོ་སོར་སྡུད་པའོ། །བསམ་གཏན་གྱི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར་འདོད་པ་ལྔ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་ལྔ་རྣམས་སངས་རྒྱས་ལྔའི་བདག་ཉིད་དུ་བཏགས་པ་དེ་ནི་བསམ་གཏན་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་དེ་ཡང་རྟོག་པ་ལ་སོགས་པའི་ཚུལ་གྱིས་རྣམ་པ་ལྔར་འགྱུར་ལ། རྟོག་པ་ལ་སོགས་པ་དེ་རྣམས་ཀྱི་རང་གི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་ཚུལ་གྱིས་བྱུང་བའི་གསང་བ་གང་ཡིན་པ་དེ་ནི་རྟོག་པ་ཞེས་བཤད་ལ། གསང་བ་དེ་ཉིད་ཀྱི་རབ་ཏུ་སྦྱོར་བ་ལ་ཀུན་ནས་ལོངས་སྤྱོད་པ་ནི་དཔྱོད་པའོ། །དེ་ཉིད་གསལ་བའི་ངོ་བོ་ཉིད་དགའ་བའི་བདག་ཉིད་ཅན་ཡིན་པས་དགའ་བའོ། །འདྲ་བ་ཞེས་བྱ་བ་ནི་དེ་ཉིད་རབ་ཏུ་སྟོན་པའི་ངོ་བོ་ཉིད་དེ། དགའ་བ་དེའི་འོག་ཏུ་རྗེས་སུ་གཟུང་བར་བྱ་བའི་ཁྱད་པར་ནི་བདེ་བའོ། །དེ་ཉིད་རང་གི་སེམས་ཏེ་ཡེ་ཤེས་དང་ཤེས་བྱའི་རྣམ་པར་དབྱེ་བ་ཟད་པའི་ངོ་བོ་ཉིད་ནི། སེམས་རྩེ་གཅིག་པ་ཞེས་བྱ་སྟེ། བསམ་


DTG038_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལྔ་པའི་རབ་ཏུ་དབྱེ་བའོ། །སྲོག་དང་རྩོལ་བའི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་དངོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྲ་མོའི་རྣལ་འབྱོར་ལ་གནས་པ་ན་དེར་གལ་ཏེ་སྐྱོ་བར་གྱུར་ན། སངས་རྒྱས་ཐམས་ཅད་ལ་སོགས་པའི་ངོ་བོ་ཉིད་ཀྱི་དབུགས་ཏེ། རང་གི་མཚན་མའི་གཟུགས་ཀྱིས་ཞེས་པ་ལྷའི་རང་བཞིན་གྱིས་གོང་བུའི་ཚུལ་གྱིས་རང་གི་རྡོ་རྗེ་ལས་བྱུང་སྟེ། ལྷ་མོའི་སྣ་རྩེ་བསྒོམ་པར་བྱའོ། །དེ་ནས་ཉེ་བར་མཚོན་པ་ཙམ་གྱི་དོན་དུ་མཚན་མ་གཅིག་བསྟན་པར་བྱ་བའི་ཕྱིར། རིན་ཆེན་ཁ་དོག་སྣ་ལྔ་པ། །ཞེས་བྱ་བ་གསུངས་ཏེ། དེ་ལ་ནི་འདིར་སྲོག་དང་རྩོལ་བ་ཞེས་བྱ་བར་བཤད་དོ། །འཛིན་པའི་ངོ་བོ་བསྟན་པར་བྱ་བའི་ཕྱིར། རང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྲ་མོའི་རྣལ་འབྱོར་ལ་རང་གི་ས་བོན་ཡེ་ཤེས་སེམས་དཔའི་ཐུགས་ཀན་གནས་པའི་མཚན་མའི་ལྟེ་བ་བསམས་ལ། ས་བོན་དེ་ལ་ཐིག་ལེ་ཡོད་པར་སྲོག་གི་ངོ་བོ་ཉིད་ལ་སེམས་གཞག་པར་བྱའོ། །རང་གི་དབང་པོ་ཞེས་བྱ་བ་ནི་སྲོག་དེ་ཉིད་མཆོག་ཏུ་ཡང་དག་པར་གཟུང་བར་བྱ་སྟེ། དེ་ལ་འདི་ནི་གཟུང་བ་ཞེས་བྱ་བ་ཡིན་པར་བཤད་དོ། །འགོག་པས་སེམས་བརྟན་པར་གྱུར་ན་མཚན་མ་རྣམ་པ་ལྔ་སྟེ། དེ་ལས་འོད་ཟེར་གོང་ནས་གོང་དུ་འཕགས་པའི་མཚན་ཉིད་ཅན་སྨིག་རྒྱུ་ལྟ་བུ་ལ་སོགས་པ་འབྱུང་བར་འགྱུར་རོ། །རྗེས་སུ་དྲན་པའི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། བརྟན་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྲ་མོའི་སྦྱོར་བ་ལ་གནས་པའི་རྣལ་འབྱོར་བས་བརྟན་པར་གྱུར་པའི་མཚན་ཉིད་ཅན། དེའི་ལམ་ནས་ནམ་མཁའི་ཁམས་རྣམས་སུ་ཇི་སྐད་བཤད་པའི་ཆོ་གས་སྤྲོ་བར་བྱའོ། །དེར་སྤྲོ་བ་ནི་རྗེས་སུ་དྲན་པ་གང་རྣམས་བསྒོམ་པ་དེ་དང་འདྲ་བར་སྤྲོ་བར་བྱ་བ་དེ་ནི་རྗེས་སུ་དྲན་པ་ཞེས་བཤད་དེ། སོ་སོར་སྣང་བ་དེ་ལ་སྐྱེ་ཞེས་བྱ་བ་ནི་མཚན་མ་རྣམ་པ་ལྔ་འབྱུང་བའི་འོག་ཏུ་རྒྱས་པར་འཕྲོ་བ་སྤྲོ་བ་སོ་སོར་སྣང་བ་དེ་ལ་སྐྱེ་བར་འགྱུར་ཏེ། རྗེས་སུ་དྲན་པ་འདིའི་ངོ་བོ་ཉིད་ལེའུ་བདུན་པ་ལས་རྒྱས་པར་ཤེས་པར་བྱའོ། །ཏིང་ངེ་འཛིན་གྱི་རང་གི་ངོ་བོ་ཉིད་ནི་བསྟན་པར་བྱ་བའི་ཕྱིར། ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྙོམས་པར་འཇུག་པས་དངོས་པོ་ཐམས་ཅད་གོང་བུའི་ཚུལ་དུ་བསྡུས་ནས། གཟུགས་གཅིག་ལ་དཀྱིལ་འཁོར་བའི་ལྷ་རྣམས་ཀྱི་འཁོར་ལོའི་དབུས་སུ་རྣམ་པར་བསྒོམས་ལ། དེར་ལྷ་རྣམས་ཀྱི་འཁོར་ལོའི་


DTG038_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དུ་བསྒོམ་པར་གྱུར་བ་ནས་གང་སྐད་ཅིག་ཡུད་ཙམ་གྱིས་ཡེ་ཤེས་རྫོགས་པ་དེ་ནི་ཏིང་ངེ་འཛིན་ཞེས་བཤད་དོ། །སོ་སོར་སྡུད་པ་ལ་སོགས་པ་དྲུག་པོ་རྣམས་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གིས་ནི་སྦྱོར་བའི་ཡན་ལག་དྲུག་གི་རང་བཞིན་ཐུན་མོང་གི་བསྙེན་པའི་ཡན་ལག་གཉིས་པ་བསྟན་པ་ཡིན་ནོ། །ད་ནི་ཉེ་བར་སྒྲུབ་པའི་གནས་སྐབས་སུ། །སྒྲུབ་པའི་དོན་བསྟན་པར་བྱ་བའི་ཕྱིར། །སྙིང་པོ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་རྡོ་རྗེ་ལ་སོགས་པའི་ཐུགས་ཀའི་ཕྱག་མཚན་གྱི་ལྟེ་བར་སྙིང་པོ་དེ་ཞེས་པ་སྔགས་ཀྱི་རང་བཞིན་དུ་གནས་པའོ། །ཟླ་བ་རྡོ་རྗེའི་སྦྱོར་བ་བལྟ། །ཞེས་བྱ་བ་ནི་མི་ཕྱེད་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བལྟ་བའོ། །མཚོན་ཆ་མཆོག་གི་ཞེས་བྱ་བ་ནི་དེའི་འོད་ཟེར་རྣམས་ཀྱིས་སོ། །སྔགས་ཀྱི་གཟུགས་ཀྱི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པ་རྣམས་ཀྱིས་རང་གི་དཀྱིལ་འཁོར་ལ་ཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཚོགས་ཆོ་ག་བཞིན་དུ་ཤེས་རབ་དང་སྦྱོར་བ་དང་འདྲ་བར་རང་གི་ཐུགས་སྔགས་ཀྱི་རང་བཞིན་དུ་བྱས་ན། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་བྱིན་གྱིས་བརླབ་པོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་སྙིང་པོ་དེའི་འོད་ཟེར་གྱི་ཚོགས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ནས་བྱང་ཆུབ་པའི་ཚིགས་སུ་བཅད་པ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །ཞེས་བྱ་བ་ལ་སོགས་པ་བརྗོད་དེ། །དེ་ནས་ཐུགས་རྡོ་རྗེ་ལ་སོགས་པ་དེས་དྲངས་པས་རྒྱལ་བ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡེ་ཤེས་ཀྱི་གཟུགས་ཀྱིས་གཅིག་ཏུ་གྱུར་བར་བསྒོམ་པ་ནི་ཉེ་བར་སྒྲུབ་པ་ཞེས་བྱ་སྟེ། འདིས་བསྒྲུབ་པར་བྱ་བ་ཡིན་པས་ན་སྒྲུབ་པ་སྟེ། སངས་རྒྱས་ཀྱི་ཚོགས་སོ། །དེའི་རྒྱུར་གྱུར་པར་ཉེ་བར་གནས་པས་ན་ཉེ་བར་སྒྲུབ་པའོ། །འདིར་ཐུགས་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་ཉེ་བར་སྒྲུབ་པ་ཡིན་པར་བཤད་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲུབ་པའི་རྣམ་པར་དབྱེ་བ་ཉིད་བསྟན་པར་བྱ་བའི་ཕྱིར་ཇི་སྲིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐོང་བ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པའི་མཚན་ཉིད་དོ། །སྒྲུབ་པ་རྣམ་པ་གཉིས་ནི་ཞི་བའི་སྦྱོར་བ་དང་དྲག་པོའི་སྦྱོར་བའོ། །དེ་ལ་དང་པོར་ནི་ཞི་བའི་སྦྱོར་བ་ཉིད་ཀྱིས་འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པས་ཟླ་བ་དྲུག་གི་བར་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲུབ་པ་


DTG038_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབད་པར་བྱའོ། །དེ་ལྟར་ན་ཡང་འགྲུབ་པར་མི་འགྱུར་ན། དེའི་ཚེ་ཇི་སྐད་དུ་བཤད་པའི་ཆོ་གས་ལན་གསུམ་གྱི་བར་དུ་བརྩམ་པར་བྱའོ། །གལ་ཏེ་འདི་ཙམ་གྱིས་ཀྱང་སྒྲུབ་པ་པོ་ལ་ཞལ་སྟོན་པར་མི་མཛད་ཅིང༌། བྱང་ཆུབ་ཀྱང་མི་འགྲུབ་ན་དེའི་ཚེ་ལེའུ་བཅུ་པ་ལ་སོགས་པ་ལས་གསུངས་པའི་དྲག་པོའི་སྦྱོར་བའི་ཆོ་གས་བསྒྲུབ་པར་བྱའོ། །དྲག་པོའི་ཆོ་ག་ཉིད་ནི་ལེའུ་བཅུ་བཞི་པ་ལས་གསུངས་ཏེ། དེར་ཐུགས་རྡོ་རྗེ་ལ་སོགས་པ་ནི་རིགས་དེ་དང་འབྲེལ་པ་ཤེས་རབ་མཐར་བྱེད་ལ་སོགས་པས་ཕུར་བུས་གདབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་དབྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཕུར་བུས་ཞེས་བྱ་བ་ནི་འོག་ཏུ་མདུང་རྩེ་གཅིག་པ་ལ་སྟེང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་གཟུགས་ཀྱིས་སོ། །དེ་ནས་ཞེས་བྱ་བ་ནི་དྲག་པོའི་སྦྱོར་བའི་འོག་ཏུ་དབང་དུ་བྱ་བ་ལ་སོགས་པའི་སྦྱོར་བ་དག་ཀྱང་བྱའོ་ཞེས་བྱའོ་ཞེས་པའོ། །ལེའུ་དང་པོ་ལས་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་བྱ་བ་ལ་སོགས་པར་དེ་བཞིན་གཤེགས་པ་ཐམས་ཅད་བུད་མེད་ཀྱི་གཟུགས་སུ་བཅོམ་ལྡན་འདས་ཀྱི་སྐུ་ལས་མངོན་པར་བྱུང་བར་གྱུར་ཏོ་ཞེས་གསུངས་པ་དེའི་འོག་ཏུ་དེ་རྣམས་ཀྱི་བུད་མེད་ཀྱི་གཟུགས་ཉིད་ཀྱིས་ལེའུ་དང་པོར་རིགས་པ་ལ་རབ་ཏུ་ཞུགས་པར་ཡང་ཤེས་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་འཁོར་ལོ་ཅན་ཏེ། སངས་རྒྱས་རྣམས་ཡང་དག་པར་བསྡུས་ནས་དེ་ཡོངས་སུ་བསྡུས་པའི་ངོ་བོ་ཉིད་སྤྱན་ལ་སོགས་པ་ལྷ་མོ་དགུའི་གཟུགས་སུ་སྤྲོས་ནས། བསྒྲུབ་པར་བྱ་བ་ཞེས་བྱ་བ་རང་རིག་པའི་ནང་དུ་ཆུད་པར་བསྒོམ་ཞེས་བྱ་བ་སྟེ། ཇི་སྐད་དུ། །མཆོག་ཏུ་རྗེས་ཆགས་ཕུན་ཚོགས་དཔག་མེད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ད་ནི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ལས་སྤྱན་ལ་སོགས་པ་རྣམས་ཀྱིས་བསྐུལ་པའི་གླུ་དང༌། བཅོམ་ལྡན་འདས་ཡང་དག་པར་བླང་བའི་མཆོག་གིས་བསྙེན་པ་བསྟན་པར་བྱ་བའི་ཕྱིར་ཡོངས་སུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཡོངས་སུ་གྱུར་པ་ཞེས་བྱ་བ་ནི་ཟུར་བཞིར་འཁོར་བའི་ཚུལ་དུ་གནས་པའོ། །ཕྱག་རྒྱ་བཞིའི་དཀྱིལ་འཁོར་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་ལྷ་མོ་བཞི་སྟེ། གནས་དེར་བསྟན་པར་བྱའོ། །བདག་ཉིད་དབུས་སུ་གནས་


DTG038_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། །ཞེས་བྱ་བ་ནི་བདག་ཉིད་ཟླ་བཞུ་པའི་གཟུགས་སུ་ལྷ་མོ་རྣམས་ཀྱི་དབུས་ན་འདུག་པར་བྱས་པའོ། །འཁོར་ལོ་ཅན་ཀུན་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། །བསྡུ་བར་བྱ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ནང་དུ་བསྒོམ་པར་བྱའོ། །དེ་ནས་ཐམས་ཅད་རྡོ་རྗེའི་དངོས་པོར་བདག་ཉིད་བྱས་ལ། བྱང་ཆུབ་པའི་བདག་ཉིད་ཅན་དུ་བསྒོམས་ནས་ལྷ་མོ་དེ་རྣམས་ཀྱིས་འདི་ལྟར་བསྐུལ་པའི་གླུ་དབྱངས་ཀྱིས་བསྐུལ་བར་གྱུར་པར་བསམ་མོ། །དུས་གསུམ་རྡོ་རྗེའི་རང་བཞིན་སེམས། །ཞེས་བྱ་བ་ལ་འདས་པ་ལ་སོགས་པའི་རྡོ་རྗེའི་ངོ་བོ་ཉིད་ཀྱི་སེམས་ཡེ་ཤེས་ལྟ་བུ་སྟེ། ཡེ་ཤེས་དང་འདྲ་བ་ལུས་ཀྱི་བདག་ཉིད་ཅན་ཏེ། ཐབས་དང་ཤེས་རབ་ཀྱིས་ངོ་བོ་ཉིད་ཀྱི་ལུས་སུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། ལས་དང་རྗེས་སུ་མཐུན་པར་ཁ་དོག་ལ་སོགས་པའི་རྣམ་པར་དབྱེ་བར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། དྲེགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུ་མདོག་དེ་ཉིད་ཅུང་ཟད་ཙམ་གྱི་ཁྱད་པར་ཡོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཉམས་ཀྱིས་ཞེས་བྱ་བ་ནི་ཁྲོ་བོ་སོགས་པའི་ཉམས་ཀྱིས་ཐུགས་ཕྱེ་བ་སྟེ། ནང་དང་ཕྱི་རོལ་དུ་ཁྲོ་བོ་ལ་སོགས་པར་གསལ་བར་མངོན་པར་སྣང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་མོད་ཀྱི་ནང་དུ་བསིལ་ལ་ཕྱི་རོལ་འབར་བའི་བདག་ཉིད་ཡིན་པར་བལྟ་བར་བྱའོ། །དབང་བསྐུར་བས་ནི་རང་གི་རྒྱུ། །ཞེས་བྱ་བ་ནི་དབང་བསྐུར་བས་རང་གི་རྒྱུ་སྟེ། རིགས་ཀྱི་བདག་པོ་འབྱེད་པར་འགྱུར་རོ་ཞེས་པ་སྟེ། མགོ་བོ་ན་གནས་པས་རྒྱུ་ཕྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཆེ་བ་ཡིན་ཞེས་བྱ་བ་ནི་འབྲས་བུ་ཡང་བཞིའི་ཚུལ་གྱིས་འབྲས་བུ་ཕྱེ་བར་གྱུར་པ་ཡིན་ཏེ། དེ་དག་གི་རྒྱུ་དང་འབྲས་བུ་དག་གི་ཆ་རྣམ་པར་གཞག་གོ་ཞེས་བྱ་བའི་བར་དུའོ། །སྔགས་ཀྱིས་ཆོས་ནི་འབྱེད་གྱུར་ལ། །ཞེས་བྱ་བ་ནི་རང་གི་སྔགས་ཀྱིས་ཆོས་ཞེས་བྱ་བ་རང་གི་ཤེས་རབ་བསྐྱེད་པ་སྟེ། དེ་བཞིན་རང་གི་ལྷ་འདི་རང་སྙིང་པོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རིག་པ་ཡང་ཆོས་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། ཆོས་ཀྱི་ཕྱག་རྒྱ་ནི་ཡེ་ཤེས་ཀྱི་ལྷ་མོ་སྟེ། དེས་རིག་པ་འབྱེད་དེ། ཤེས་རབ་ཀྱི་སྙིང་གར་ཡེ་ཤེས་སེམས་དཔའ་བུད་མེད་ཀྱི་གཟུགས་སུ་འཛིན་པ་སྟེ། དེ་ལྟ་མོད་ཀྱི་སྐྱེས་པའི་གཟུགས་ཀྱིས་གནས་པ་བསལ་བ་སྟེ། དེས་ན་འདི་ལྟར་


DTG038_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་ཆ་ལས་ཤེས་རབ་བྱེ་བྲག་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཙུག་ཏོར་མཉེས་པར་བྱ་བར་གྲགས། །ཞེས་བྱ་བ་ལ། གཙུག་ཏོར་ལ་སོགས་པའི་སྒྲའི་དོན་བསྟན་པར་བྱ་བའི་ཕྱིར། འཁོར་ལོས་སྒྱུར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོས་སྒྱུར་བའི་དེ་བཞིན་གཤེགས་པ་དྲུག་པོ་དེ་ཉིད་ནི་གཙུག་ཏོར་ཞེས་བྱ་བའི་སྒྲས་བཤད་དོ། །རྒྱལ་པོ་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་མཛེས་པས་ན་དེ་ཉིད་ལ་རྒྱལ་པོ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་བཞི་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་བཞི་སྟེ། དེ་ནི་རིག་པའི་རྒྱལ་མོ་ཞེས་བྱ་བར་བཤད་དོ། །རྡོ་རྗེའི་བདག་པོ་རྣམས་ནི་གཟུགས་རྡོ་རྗེ་ལ་སོགས་པ་སྟེ། དེ་ནི་འདོད་པ་ཐམས་ཅད་ཅེས་བྱ་བའི་སྒྲས་བརྗོད་པ་ཡིན་པར་ཤེས་པར་བྱའོ། །ད་ནི་སྐུལ་སོགས་པའི་དབང་བསྐུར་བ་ཐམས་ཅད་ནི་བསམ་གཏན་ཉིད་ཀྱིས་བྱ་བ་མཆོག་ཡིན་གྱི། ཕྱིའི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཐམས་ཅད་བསམ་བསྟན་འཁོར་ལོ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་བསྐུར་བའི་མཐར་ཐུག་པའི་མཆོག་གི་སྦྱོར་བ་འདིས་ཇི་ལྟར་མངོན་པར་འདོད་པའི་སྐུ་ལ་སོགས་པའི་ལྷའི་གཟུགས་རྣམ་པར་སྒོམས་ལ། ཤེས་རབ་དང་ལྷན་ཅིག་གཉིས་སུ་མེད་པར་བྱའོ་ཞེས་སྟོན་ཏེ། ཆོ་གའི་སྦྱོར་བ་འདི་ཡིས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་རིག་པ་དང་ངོ༌། །དེ་ལྟར་སྔར་བཤད་པའི་ཚུལ་གྱིས་རིག་པ་དང་བདག་ཏུ་ལྡན་པར་བསྐྱེད་ལ། དཀྱིལ་འཁོར་དབྱུང་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། སྔར་བཤད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་པ་དང་ལྡན་པའི་སྐྱེས་བུས་རྡོ་རྗེ་གསུམ་བྱིན་གྱིས་བརླབ་པ་ནས་རྗེས་སུ་ཆགས་པའི་མཐར་ཐུག་པས་བདག་ཉིད་རབ་ཏུ་བསྒྲུབ་ལ། བདག་དང་འདྲ་བར་དཀྱིལ་འཁོར་གྱི་ལྷ་རྣམས་དབྱུང་བར་བྱ་སྟེ། སྒྲུབ་པ་ཆེན་པོའི་མཐར་ཐུག་པའི་བར་དུ་བྱའོ། །བདག་ཉིད་བརྟན་པར་བྱ་བའི་ཕྱིར་བསྙེན་པའི་དུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་གི་བསྙེན་པའི་དུས་སུ་གཙུག་ཏོར་ཆེན་པོ་ཞེས་བྱ་བར་སངས་རྒྱས་གང་ཡང་རུང་བའི་གཟུགས་སུ་དམིགས་སོ། །སྦྱོར་བ་ཞེས་བྱ་བ་ནི་ཆུང་དུ་འབྲིང་དང་ཏིང་ངེ་འཛིན་རྒྱུ་མཐུན་པ་ལ་སོགས་པའི་རིམ་གྱིས་རྗེས་སུ་ཆགས་པའི་མཐར་ཐུག་པའི་དང་པོའི་སྦྱོར་བ་བྱས་པ་དང༌། ཐུན་མོང་གི་བསྙེན་པའི་རྒྱུ་


DTG038_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གིས་བྱེད་པས་རྒྱུ་མཐུན་པའི་འབྲས་བུ་བྱས་པའོ། །ཉེ་བར་སྒྲུབ་པ་ནི་བདུད་རྩི་འཁྱིལ་པའི་བར་གྱི་ལྷ་ཐམས་ཅད་ཀྱི་མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་མཚན་ཉིད་ཅན་རྣམ་པར་སྨིན་པའི་འབྲས་བུ་བྱའོ། །དེ་ལྟར་སྒྲུབ་པ་ཡང་སྐྱེས་བུ་བྱེད་པའི་འབྲས་བུ་ལ་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་བདུད་རྩི་འཁྱིལ་པའི་བར་ཐམས་ཅད་ལ་ཆོ་ག་ཤེས་པའི་སྔགས་པས་རང་གི་ལྷའི་སྦྱོར་བ་སྟེ། ཐུགས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱའོ། །དེ་ནས་དབང་གི་འབྲས་བུ་ནི་སྒྲུབ་པ་ཆེན་པོའི་དུས་སུ་བདུད་རྩི་འཁྱིལ་པ་ཉིད་ཀྱི་བར་གྱི་ལྷ་ཐམས་ཅད་ཀྱི་དབུ་རྒྱན་ལ་རང་རང་གི་བདག་པོའི་སངས་རྒྱས་རྒྱས་ཀྱི་སྐུ་ཆོ་ག་བཞིན་དུ་སྔགས་པས་གཞག་པར་བྱའོ། །དེ་དེ་ལྟར་ཉེ་བར་སྒྲུབ་པ་ལ་སོགས་པའི་བདག་ཉིད་ཅན་གྱི་རབ་ཏུ་དབྱེ་བ་གསུངས་ནས། ཕན་ཡོན་བསྟན་པར་བྱ་བའི་ཕྱིར། འདི་ནི་རྡོ་རྗེ་ཅན་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །།དེ་ལྟ་བུའི་ཐབས་ཀྱི་རྣམ་པར་དབྱེ་བ་རྣལ་འབྱོར་པས་ཤེས་པར་བྱས་ལ། དངོས་གྲུབ་མཆོག་གི་བསྒྲུབ་པར་བྱའོ་ཞེས་པའོ། །སངས་རྒྱས་སྐྱོབ་པ་རྣམས་ཀྱི་ཡང༌། །ཞེས་བྱ་བར་ཤེས་པར་བྱའོ། །ད་ནི་མཆོག་གི་བསྙེན་པ་གཉིས་བསྟན་པར་བྱ་བའི་ཕྱིར། བསྒྲུབ་བྱ་སྒྲུབ་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་དག་ནི་པདྨ་དང༌། རྡོ་རྗེ་དག་ཡང་དག་པར་འདུས་པ་གང་ཡིན་པ་དེ་ནི་བསྙེན་པ་ཞེས་བྱ་བར་བཤད་དེ། དངོས་གྲུབ་མཆོག་གི་རྒྱུར་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་ཉེ་བར་སྒྲུབ་པ་ལ་སོགས་པའི་ཡང་དབྱེ་བ་གཞན་དག་བསྟན་པར་བྱ་པའི་ཕྱིར། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་པདྨ་དང་ལྷན་ཅིག་ཡང་དག་པར་ཞུགས་པའི་འོག་ཏུ་ཡང་དག་པར་རེག་པ་གང་ཡིན་པ་དེ་ནི་ཉེ་བར་སྒྲུབ་པ་ཞེས་བྱ་སྟེ། འོག་ནས་བཤད་པའི་སྒྲུབ་པ་དང་ཉེ་བའི་ཕྱིར་རོ། །ཡང་དེ་དག་ཉིད་གང་ཡིན་པ་ཡི་གེ་ཧཱུཾ་ལས་བསྐྱེད་པ་དག་རྣམ་པར་འབྱིན་པའི་ཡི་གེ་ཕཊ་བ་དོག་སེར་བོས་བཀག་ལ། ལས་ཀྱི་ཁྱད་པར་གྱི་ངོ་བོ་བསྐྱེད་པ་དེ་ནི་སྒྲུབ་པ་ཞེས་བྱ་བར་བཤད་དེ། འདིས་བདེ་བ་ཆེན་པོ་སྒྲུབ་པ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་ངོ་བོ་ཉིད་ཀྱིས་གཉིས་སུ་མེད་པའི་བདག་ཉིད་ཅན་དུ་གྱུར་པ་སྤྲོས་པ་རྣམས་དང་བྲལ་བས་ཞི་བའི་བདེ་བ་ཆེན་པོ་གང་སྐྱེ་བར་འགྱུར་


DTG038_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ནི་སྒྲུབ་པ་ཆེན་པོ་ཞེས་བཤད་དེ། དངོས་གྲུབ་ཆེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཐབས་ཀྱིས་བསྙེན་པ་ལ་སོགས་པ་བཞི་བཤད་ནས། ད་ནི་ཐབས་ལས་བྱུང་བ་ཇི་ལྟ་བུ་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པའི་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ནི་སངས་རྒྱས་ཀྱི་ཐབས་ལས་བྱུང་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་ནི་ཆོས་རྣམས་ཀྱི་ཆོས་ཉིད་གཉིས་སུ་མེད་པ་ཐུགས་སུ་ཆུད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ཉིད་ལ་རྡོ་རྗེ་འཛིན་པ་ཞེས་བཤད་དོ། །དེ་བས་ན་དེ་ཉིད་ནི་བསྒྲུབ་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཀའ་ནི་ཇི་ལྟར་བསྒོ་བར་བགྱི། །ཞེས་བྱ་བའི་ལན་བསྟན་པར་བྱ་བའི་ཕྱིར། །ལས་དང་རྗེས་མཐུན་གང་གང་གིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལས་ཀྱི་མཆོག་གི་ཚོགས་རྣམས་ནི། །སྣ་ཚོགས་ཇི་ལྟར་བྱེད་པར་འགྱུར། །ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་བསྒྲུབ་བྱའི་ལས་གང་ཡིན་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་གཉི་ག་ཡང་བདག་གིས་མ་བཤད་དོ། །དེ་ལྟར་ཞུས་པ་ཐམས་ཅད་ཀྱི་ལན་འདི་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེ་ཚོམ་བཅད་ནས། དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སྐུ་ལ་སོགས་པ་དང༌། ངོ་བོ་ཉིད་གཅིག་པས་བཞུགས་པའི་རྡོ་རྗེ་འཛིན་པ་རང་གི་སྐུལ་སོགས་པ་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཛིན་པའི་མཐུན་དེ་རྣམས་ཀྱི་ཡེ་ཤེས་ཕུལ་དུ་བྱུང་བ་ཡིན་པ་ཡིན་ལ། དེ་བས་ན་འདི་ལྟར་དེ་ཉིད་ལ་དམིགས་ནས་བཞུགས་སོ་ཞེས་བྱ་བར་དགོངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་དགའ་བར་གྱུར་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཇི་ལྟ་བ་བཞིན་དུ་བཞུགས་པའི་སྐུ་ལ་སོགས་པའི་ངོ་བོ་ཉིད་སྟོན་པར་མཛད་པ་ལ་བསྟོད་པ་བྱེད་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་མཛད་ཅེས་བྱ་བ་ནི་སྔར་བཤད་པའི་སྲོག་གཅོད་པ་ལ་སོགས་པའི་ལས་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱིས་སྐུ་ལ་སོགས་པ་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་ལས་སྣ་ཚོགས་པ་བྱེད་དེ། སྐུ་ལ་སོགས་པའི་ངོ་བོ་


DTG038_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་བཞིན་གཤེགས་པ་རྣམས་ཡིན་ཏེ། དེ་བས་ན་འདི་ལྟར་ལས་ཐམས་ཅད་བྱེད་པར་གྱུར་པ་ཡིན་ནོ། །དེའི་ཕྱིར་སྐུ་གསུང་ཐུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པ་རྣམ་པར་དག་པ་ཡིན་པས་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ཐོབ་པས་སེམས་ཅན་ཐམས་ཅད་ཉིད་མི་མཉམ་པ་སྟེ། ཐུན་མོང་མ་ཡིན་པའི་སངས་རྒྱས་ཉིད་དང་མཉམ་པ་ཡིན་ཏེ། ཇི་སྐད་དུ། སོ་སོའི་སྐྱེ་བོ་རྣམ་པར་དག་པ་དང༌། །དེ་བཞིན་གཤེགས་པའི་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དོ་ཞེས་གསུངས་པས་སོ། །གཉིས་སུ་མེད་པའི་དགོངས་པ་ཉིད་བསྟན་པར་བྱ་བའི་ཕྱིར། བསྒྲུབ་བྱ་གང་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དོན་ནི་འདི་ཡིན་ཏེ། བསྒྲུབ་པར་བྱ་བ་དང་སྒྲུབ་པ་པོ་ཉིད་ནི་འགའ་ཡང་མེད་མོད་ཀྱི། འོན་ཀྱང་གནས་སྐབས་ཙམ་ལས་དེ་འཁྲུལ་པ་ཙམ་དུ་གཞག་པ་ཡིན་གྱིས། དངོས་སུ་ནི་སེམས་ཅན་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་ཏེ། དེ་ལྟ་བུའི་ཚུལ་གྱིས་གནས་ན། སྒྲུབ་པ་པོ་གང་སྲོག་གཅོད་པ་ལ་སོགས་པའི་ལས་རྣམས་བྱེད་པ་དེ་ནི་སངས་རྒྱས་ཐམས་ཅད་ཉིད་ཀྱང་བཅོམ་པར་བྱས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་རྣམ་པར་བཅོམ་པ་དེས་གཏི་མུག་ཅན་འདི་སྡིག་པས་གོས་པར་ཇི་ལྟར་མི་འགྱུར། གལ་ཏེ་སྡིག་པས་གོས་པར་གྱུར་ན། དེའི་ཚེ་འབྲས་བུ་མངོན་པར་བྱང་ཆུབ་པའི་མཚན་ཉིད་དུ་གྱུར་པར་ཡང་གང་ཞིག་ཡིན་ཞེས་དྲིས་པ་དང༌། ད་ནི་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་སྔོན་དུ་འགྲོ་བའི་རྗེས་སུ་དགྱེས་པར་གྱུར་ནས། དེ་ནས་ཞེས་བྱ་བ་ལ་སོགས་པས་འདིའི་ལན་དུ་གསུངས་ཏེ། སྒྲུབ་པ་པོ་དེ་ཉིད་ནི་སློབ་དཔོན་ཏེ། སངས་རྒྱས་ཀུན་ནི་དཀྱིལ་འཁོར་དུ་གཏོགས་པ་སྟེ། དེའི་བདག་པོའོ། །དེ་བས་ན་དཔལ་ལྡན་ནོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་རྡོ་རྗེ་ཅན་གྱིས་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུའི་ཚུལ་གྱིས་འབྱིན་པ་དང༌། སྡུད་པས་ན་ཐ་དད་པའི་བློས་ནི་མ་ཡིན་པའི་ཕྱིར་རོ། །དེ་བས་ན་རྨི་ལམ་དང་འདྲ་བའི་ཚུལ་གྱིས་ལས་ཐམས་ཅད་བྱེད་དོ། །རྒྱུ་དེས་ན་སློབ་དཔོན་དེའི་སྡིག་པར་མི་འགྱུར་


DTG038_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་དང་འདྲ་བར་བསོད་ནམས་སུ་ཡང་མི་འགྱུར་རོ། །དེ་བས་ན་འདི་ལྟར་བསོད་ནམས་དང་སྡིག་པས་མི་གོས་ཏེ། དེའི་ཕྱིར་འབྲས་བུ་ཡང་བྱང་ཆུབ་པའི་མཚན་ཉིད་ཅན་དུ་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ལ་སྡིག་དང་བསོད་ནམས་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་གྱི་ལྟ་བ་དང་བྲལ་བས་སྡིག་པ་དང་བསོད་ནམས་སུ་མངོན་པར་རློམ་པ་མེད་པས། དེའི་བྱང་ཆུབ་རྫོགས་པར་འགྱུར་བ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་བས་ན་འདི་ལྟར་མགོན་པོ་དེའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མགོན་པོ་དེའི་ཞེས་བྱ་བ་ནི། སློབ་དཔོན་དེས་ལུས་ཅན་ཐམས་ཅད་ཐ་མི་དད་པའི་བློས་སླུ་བ་ནི། འདུལ་བར་མཛད་པ་སྟེ། གཞན་ཡང་ལས་གང་ཡང་རུང་བ་ཞིག་བྱེད་པར་འགྱུར་ལ། དེས་སླུ་བ་ལ་སོགས་པས་མགོན་པོ་རྣལ་འབྱོར་པ་དེ་ངན་འགྲོར་སྐྱེ་བར་མི་འགྱུར་ཞིང་སྡིག་པར་མི་འགྱུར་གྱི། སླར་ཞིང་དེ་བཞིན་ཉིད་ཀྱི་སྦྱོར་བ་ལ་བསླབས་པས་བྱང་ཆུབ་པ་ཉིད་རྙེད་ལས་བར་འགྱུར་རོ། །ལུས་ཅན་མ་རིག་པས་ལྡོངས་པ་དེ་རྣམས་ཀྱང་རྣལ་འབྱོར་པ་དེས་ཇི་སྐད་དུ་བཤད་པའི་འབྲས་བུ་ཆེན་པོའི་མཆོག་འཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། སྔོན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་ཤིན་ཏུ་མི་བཟད་པའི་སྡིག་ཅན་གྱི་ལས་བྱས་པས་སྐྱེ་བོ་རྣམས་དམྱལ་བའི་སྡུག་བསྔལ་དུ་སྐྱེས་པ་དེའི་ཚེ། དམྱལ་བར་དེ་རྣམས་ཀྱི་དམྱལ་བ་དང་མཚུངས་པ་རྣམས་ཀྱི་ཡང་འབྲས་བུ་ཆེན་པོར་འགྱུར་རོ་ཞེ་ན་དེ་ནི་མ་ཡིན་ཏེ། བཞིན་དུ་གྱུར་པས་སྒྲུབ་པ་པོའི་སྙིང་རྗེ་ཆེན་པོ་དང་ལྡན་པ། ཇི་ལྟ་ཇི་ལྟར་གསུངས་པའི་ཚོགས་རྣམ་པར་འཇིག་པར་བྱེད་པའི་འབྲས་པུ་ཆེན་པོའི་སྡིག་པ་དང་བྲལ་བ་ལ་སོགས་པའི་མཚན་ཉིད་ཅན་འབྱུང་བར་འགྱུར་ཏེ། ཇི་སྐད་དུ་ལེའུ་དགུ་པ་ལས་ཀྱང༌། མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་དེ་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོ་ག་གང་གིས་ལུས་ཅན་རྣམས་བསྒྲུབ་པར་བྱ་བ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་སློབ་


DTG038_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱིས་སྔགས་ལ་སོགས་པ་དང་ལྡན་པའི་གཉིས་སུ་མེད་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱིས་རྒྱས་བཏབ་ཅིང་ཡང་དག་པར་སྦྱར་ནས་བསྒྲུབ་ཏུ་རུང་བར་འགྱུར་རོ། །དེ་ལྟར་བསྒྲུབ་པར་བྱ་བའི་ཡན་ལག་གི་ངོ་བོ་ཉིད་བསྟན་ནས། སྒྲུབ་པ་པོའི་ཡན་ལག་ཀྱང་བསྟན་པར་བྱ་བའི་ཕྱིར། ཚར་གཅོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་བ་དེས་སེམས་ཅན་དེ་རྣམས་ལ་མཆོག་ཏུ་ཕན་བཏགས་པར་ཤེས་པར་བྱ་སྟེ། སྦྱོར་བ་འདི་ལྟ་བུས་ལུས་ཅན་འདི་རྣམས་ཀྱི་དགོངས་པའི་མཆོག་ཏུ་འགྱུར་རོ་ཞེས་ཤེས་པར་བྱས་ལ་ཅི་རིགས་པར་ལས་རྣམས་བྱེད་པའི་རྣལ་འབྱོར་པ་རྣམས་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་དགོངས་ཏེ། ཇི་སྐད་དུ། གང་གི་སྙིང་རྗེ་མཉམས་པ། །དེ་ཡིས་ལས་འདི་བྱ་བར་འོས། །ཞེས་གསུངས་པས་སོ། །དེ་བས་ན་དེ་ལྟར་ཤེས་པར་བྱས་ནས་བདག་ཉིད་ཆེན་པོ་དེས་ཚར་གཅོད་པ་དང་རྗེས་སུ་གཟུང་བའི་ལས་རྣམས་བྱའོ། །རྣལ་འབྱོར་པ་དེ་ཐམས་ཅད་རྩོམ་པ་ནི་ཅི་ཞིག་བྱ་ཞེ་ན། སྒྲུབ་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་རྗེའི་སེམས་བསྐྱེད་པ་ནས་བརྩམས་ཏེ། མཆོག་གི་སྒྲུབ་པ་ཆེན་པོའི་མཐར་ཐུག་པའི་བར་གྱི་ལས་རྣམས་བྱས་ལ། སྒྲུབ་པ་ཆེན་པོ་དཀྱིལ་འཁོར་རྫོགས་པར་གྱུར་ནས། དེའི་འོག་ཏུ་ལས་ཀྱི་མཆོག་གི་ཏིང་ངེ་འཛིན་གྱིས་ཇི་ལྟར་མངོན་པར་འདོད་པའི་ལས་རྣམས་བྱའོ་ཞེས་བྱ་བར་དགོངས་སོ། །ད་ནི་དེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་ཚུལ་དང་ལྡན་པའི་ཆོས་ཐོས་པས། བྱང་ཆུབ་སེམས་དཔའ་རྣམས་ལེགས་སོ་ཞེས་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཇི་ལྟར་གསུངས་པའི་དོན་གྱི་རྗེས་སུ་སྨྲ་བར་བྱེད་པས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཉིད་ཀྱི་འབྲས་བུ་སྩོལ། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཆོ་ག་ཕུན་སུམ་ཚོགས་པའི་ནུས་པའོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཇི་སྐད་དུ་བཤད་པའི་དངོས་པོ་ལ་ཞུགས་པ་ཉིད་དུ་མཁྱེན་ནས། དེ་བཞིན་གཤེགས་པ་རྣམས་དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་


DTG038_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། བྱང་ཆུབ་རྡོ་རྗེ་ལས་བྱུང་བ། །ཞེས་བྱ་བ་ནི་རང་རིག་པ་ཙམ་གྱི་ངོ་བོ་ཉིད་རྡོ་རྗེ་འཛིན་པ་ལྔར་གྱུར་པ་ནི། ཞེ་སྡང་རྡོ་རྗེ་ལ་སོགས་པ་བདག་ཉིད་ཆེན་པོ་རྣམས་ཏེ། དེ་ནས་སྔགས་ཀྱི་རྒྱུན་བསྡུས་པ་སྤང་ཞིང་དོར་བར་མི་བྱ་སྟེ། ཞེ་སྡང་གི་ལས་ལ་སོགས་པ་འདི་དག་ཐམས་ཅད་ཀྱང་སོ་སོ་རང་རིག་པ་ཉིད་ཀྱིས་རྣམ་པར་དག་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ད་ནི་རྒྱུད་ཀྱི་དོན་ཐམས་ཅད་བསྟན་པའི་སྒོ་ནས། དེ་བཞིན་གཤེགས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་པར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་རྡོ་རྗེ་ཐུགས་ཡིན་ཞེས་བྱ་བ་ལ་སོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ཡིན་པའོ། །སྲིད་དང་ཐར་གྱུར་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་བདག་ཉིད་ཅན་ནོ། །ནམ་མཁའ་དག་པའི་ངོ་བོ་ཉིད། །ཅེས་བྱ་བ་ནི་དམིགས་སུ་མེད་པའི་ནམ་མཁའ་བཞིན་ནོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྤྲོས་པ་མེད་པའི་ཚུལ་གྱིས་ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་ལ་ཕྱག་བྱས་པའོ། །སྤྲོས་པའི་བདག་ཉིད་ལས་གཞན་གྱི་དོན་གྱི་སྒོ་ནས་ཀྱང་ཕྱག་བྱ་བ་བསྟན་པའི་ཕྱིར། གང་ཞིག་གཟུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྣམ་པར་ཤེས་པའི་བར་གྱིས་ནི་ཕུང་པོ་ལྔ་བསྟན་ལ། སྐྱེ་མཆེད་དྲུག་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དུའོ། །དབང་པོ་དྲུག་ནི་ཡིད་ཀྱི་དབང་པོའི་མཐར་ཐུག་པ་སྟེ། དེ་དག་གིས་ནི་སྐྱེ་མཆེད་བཅུ་གཉིས་གསུངས་པ་ཡིན་ནོ། །ས་ཆུ་ཞེས་བྱ་བ་ལ་སོགས་པས་ནི་འབྱུང་བ་ལྔ་སྟོན་ཏོ། །དེའི་དོན་ནི་འདི་ཡིན་ཏེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དོ། །གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པ་བཅུ་གཉིས་གཟུགས་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་དོ། །ས་ལ་སོགས་པ་རྣམས་ནི་སྤྱན་ལས་སོགས་པ་ཉིད་རྣམ་པར་དག་པ་སྟེ། དེ་དག་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་བ་ཉིད་དུ་རྒྱ་ཆེ་ཞིང་ཡངས་པ་སྟེ། སྤྲོས་པའོ་ཞེས་བྱ་བའི་བར་དུའོ། །དེ་བས་ན་དེ་དག་


DTG038_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ལུས་དང་ངག་ཡིད་ཀྱི་བདག་ཉིད་ཅན་གྱི་བྱ་བ་རྣམ་པ་གསུམ་གྱིས་རྟག་ཏུ་ཕྱག་འཚལ་ལོ་ཞེས་བྱའོ། །གཏི་མུག་ལ་སོགས་པ་རྣམ་པར་དག་པའི་ཚུལ་གྱིས་ཀྱང་ཕྱག་བྱ་བར་བསྟན་པའི་ཕྱིར། གཏི་མུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེས་པ་ཞེས་བྱ་བའི་སྒྲས་ནི་ཞེ་སྡང་གསུངས་སོ། །རྡོ་རྗེ་ཆོས་ཅན་ཞེས་བྱ་བ་ནི་འདོད་ཆགས་རྣམ་པར་དག་པའི་ངོ་བོ་རྡོ་རྗེ་ཆོས་ལ་བྱ་བར་མངོན་པར་འདོད་དོ་ཞེས་ཟེར་རོ། །འདིར་ཁྲོ་བོའི་སྒོ་ནས་ཀྱང་ཕྱག་བྱ་བ་ཡིན་པར་བལྟ་བར་བྱའོ། །སྤྲོ་བ་ལ་སོགས་པའི་སྒོ་ནས་ཀྱང་བསྟན་པའི་ཕྱིར། སྤྲོས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྲོས་དང་ཞེས་བྱ་བ་ནི་སྤྲོས་པའོ། །དགའ་བ་ནི་སྡུད་པའོ། །རྣམ་པ་ནི་རང་གི་ལྷའི་རྣམ་པའོ། །མི་འགྱུར་བ་ནི་བརྟན་པར་བྱའོ། །རྒྱུ་ནི་རྣམ་པ་བྱེ་བྲག་ལ་སློབ་པའོ། །འབྲས་བུ་སྟེ་དེ་ཉིད་གསལ་བར་གྱུར་བ་དང༌། རང་བཞིན་དུ་གཏོགས་པའི་ཆོས་གང་ཡིན་པ་ཅི་ཡང་རུང་བ་དང༌། སེམས་སུ་གཏོགས་པའི་ཆོས་གང་ཡང་རུང་བ་དང༌། དེ་བཞིན་དུ་གཏི་མུག་དང༌། ཞེ་སྡང་དང༌། འདོད་ཆགས་དང༌། སྒྲིབ་པ་སྟེ། ཉོན་མོངས་པ་མ་ལུས་པའི་ངོ་བོ་ཉིད་ལ་དེ་དག་ཐམས་ཅད་རྣམ་པར་དག་པས་ན་རྡོ་རྗེ་སྟེ། དེ་བས་ན་རྡོ་རྗེ་འཛིན་པ་དང་འདྲ་བ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ། །འདི་ལ་སྔར་ཤེས་རབ་དང་ཐབས་ལས་བྱུང་བའི་ངོ་བོ་ཉིད་དུ་གསུངས་པ། གསང་བའི་དབང་བསྐུར་བ་དང་ལྡན་པར་བསྒོམ་པ་དེ་ཡང་རྡོ་རྗེ་འཛིན་པ་དང་འདྲ་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཐོག་མ་མེད་དངོས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡན་ལག་བཞིའི་སྦྱོར་བ་ཉིད་ཀྱིས་བསྒོམ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཞིག་དངོས་གྲུབ་མཆོག་གི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐུན་བཞིར་བསྒྲུབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཐུན་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་སྣང་བ་ལ་སོགས་པ་ནི་ལྷ་ལ་སོགས་པའོ། །མཆོག་དང་དམན་བསྒྲུབ་ཅེས་བྱ་བ་ནི་དངོས་གྲུབ་མཆོག་དང་ཐ་མ་གྲུབ་སྟེ། འདིས་ནི་རིག་


DTG038_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིན་པ་ལ་སོགས་པ་གྲུབ་པའི་སྒྲུབ་པ་པོས་ཀྱང་རིམ་གྱིས་སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་ཀྱི་རྒྱུར་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །གསང་བ་འདུས་པའི་རྒྱུད་ཉན་པ་ལ་སོགས་པ་དང་ལྡན་པ་རྣམས་ཀྱང་སངས་རྒྱས་ཀྱི་ས་བོན་ལེགས་པར་ཐོབ་པ་ཡིན་པས་ཕྱག་བྱ་བར་འོས་པར་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཡང་འཁྲུལ་འཁོར་དང་སྔགས་ལ་སོགས་པ་དང་ལྡན་པས་ཞི་བ་ལ་སོགས་པའི་ལས་རྣམས་གྲུབ་པར་བྱེད་པའི་སྐྱེ་བོ་རྣལ་འབྱོར་གྱི་དབང་ཕྱུག་དེ་ཡང་དགེ་བའི་བཤེས་གཉེན་གྱི་མཐུས་སྡིག་པའི་ལས་རྣམས་དང་བྲལ་བར་གྱུར་པས་ཕྱག་བྱ་བར་འོས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཞིག་བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁྲུལ་འཁོར་ནི་ལེའུ་བཅུ་བཞི་པ་ལས་གསུངས་པས་སོ། །སྔགས་བཤད་པས་ཞེས་བྱ་བ་ནི་ཇི་ལྟར་རང་གི་སྔགས་ལ་སོགས་པས་བྱིན་གྱིས་བརླབས་ཏེ། ཁྱད་པར་དེ་རྣམས་ཀྱིས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཀྱི་ཕྱོགས་སྟོན་པ་ཡིན་ནོ། །གང་ཡང་དེ་ལྟ་བུར་གྱུར་པའི་སློབ་དཔོན་མཐོང་བ་དང༌། མི་ཐོས་པ་ལ་སོགས་པར་ཡང་མངོན་པར་དགའ་བ་དེ་རྣམས་ཀྱང་དད་པའི་ཁྱད་པར་གྱིས། མི་དགེ་བའི་ལས་རྣམ་པར་འཇིག་པས་ཕྱག་བྱ་བར་འོས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་གིས་གཙོ་བོ་སྒྲུབ་པ་མཐོང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་པོ་གཙོ་བོ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པའི་སློབ་དཔོན་གྱིས་ཏེ། ཇི་སྐད་དུ། གང་ཞིག་མཐོང་དང་ལྡན་པ་དང༌། །ཐམས་ཅད་དུ་ནི་མཆོད་གྱུར་ན། །སངས་རྒྱས་ཐམས་ཅད་མཐོང་བ་དང༌། །མཆོད་པ་ཉིད་དུ་གྱུར་པ་ཡིན། །ཞེས་གསུངས་པས་སོ། །དེ་ལྟར་ཚིགས་སུ་བཅད་པ་བཅུ་པོ་དེ་དག་གིས་ནི་བསྟོད་པའི་སྒོ་ནས། རྒྱུད་ཀྱི་དོན་རྗེས་སུ་བཤད་པ་བསྟན་ནས། ད་ནི་ཚིགས་སུ་བཅད་པ་འདི་དག་ཉིད་ཀྱིས་དོན་ཆེན་པོ་སྟོན་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། བསྟོད་པའི་ཚིག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསང་བ་འདུས་


DTG038_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་འདི་ཐམས་ཅད་ནི་རྒྱུད་གཞན་རྣམས་ལས་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འདུས་པ་གསུངས་པ་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་དེ་རྣམས་ལ་སོགས་པ་ཇི་ལྟར་གསུངས་པའི་དེ་ཉིད་ཀྱི་དོན་མངོན་དུ་བྱ་བའི་ཕྱིར་ཅང་མི་གསུང་བར་གྱུར་ཏེ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་དོན་འདི་ཡིན་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་སྐུ་རྡོ་རྗེ་ལ་སོགས་པ་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལ་རང་རིག་པ་ཙམ་ཉིད་ཀྱི་དེ་དང་ཐ་མི་དད་པར་བཞུགས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་དེ་རྣམས་ཉིད་ལ་དམིགས་སོ་ཞེས་བྱ་བ་སྟེ། དེ་བཞིན་དུ་དེ་དང་གཅིག་པའི་ངོ་བོ་ཉིད་དུ་བསྐྱེད་ནས་ཅང་མི་གསུང་བར་གྱུར་པའོ། །འདིར་ཡང་སྐུ་ལ་སོགས་པ་མང་པོ་ཉིད་ཀྱང༌། ཚིག་གཅིག་པར་བྱས་པ་ནི་འདི་རྣམས་ཀྱང་ཕན་ཚུན་དབྱེར་མེད་པར་བྱ་བའི་ཕྱིར་ཡིན་ཏེ། ལུས་ལ་སོགས་པ་འདི་དག་རང་རིག་པ་ཙམ་དུ་གཉིས་སུ་མེད་པའི་ངོ་བོར་དེ་བཞིན་ཉིད་གང་ཡིན་པ་དེ་སྤྲོས་ནས་གསུངས་པ་ནི་དེ་ཉིད་ངེས་པར་བྱས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་དེའི་བདག་ཉིད་ཅན་གང་ཡིན་པ་དེ་ཉིད་ནི་གསང་བའོ། །དེ་བས་ན་གསང་བ་འདུས་པའི་རྒྱུད་དུ་གསང་བ་ཐམས་ཅད་སྟོན་པའི་རྡོ་རྗེའི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ཤིང་སོ་སོར་ཤེས་པ་གང་ཡིན་པ་འདི་ནི་ལེའུ་བཅོ་བརྒྱད་པ་སྟེ་དེ་རྫོགས་སོ།། །།དད་ལྡན་རྣམས་ཀྱིས་དྲན་པའི་རྒྱུར་ནི་འདུས་པ་འདིའི། །ཉུང་ཟད་ཙམ་གྱི་ཚིག་གང་ཡིན་པ་བཤད་བྱས་པས། །བདག་གིས་དགེ་བ་ཟླ་བ་ལྟར་སྣང་གང་ཐོབ་པ། །དེས་ནི་འགྲོ་བ་རྒྱལ་བའི་ལམ་མཆོག་ལ་གནས་ཤོག། དཔལ་གསང་བ་འདུས་པའི་འགྲེལ་པ་སློབ་དཔོན་ཐ་ག་ནའི་ཞལ་སྔ་ནས་མཛད་པའོ། །རྒྱ་གར་གྱི་མཁན་པོ་ཨཱ་ཙཱཪྻ་ཤྲདྡྷཱ་ཀ་ར་ཝརྨྨ་དང༌། དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོས་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།


previousདཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ། ཐ་ག་ན།no next