Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་བརྒྱད་པ།


  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
ལེའུ་བཅུ་གཅིག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུ་མཆོག་གི་འགྲེལ་པ།
   
   
   
   
   
   
   


 
previousལེའུ་བཅུ་གཅིག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུ་མཆོག་གི་འགྲེལ་པ།next

ལེའུ་བཅུ་གཅིག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུ་མཆོག་གི་འགྲེལ་པ།


DTG038_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་བཅུ་གཅིག་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་སྔགས་ཡིན་པས་དེའི་ངོ་བོ་ཉིད་ཀྱི་རྡོ་རྗེ་དང་དེའི་ངོ་བོ་ཉིད་ཀྱི་སྔགས་སྐུ་ལ་སོགས་པའི་ས་བོན་ཏེ། དེ་ལས་བྱུང་བའི་རིག་པའི་སྐྱེས་བུ་སྟེ་དེ་སྟོན་པར་བྱེད་པའི་ལེའུ་བཅུ་གཅིག་པ་འདི་གསུངས་པའོ། །རྡོ་རྗེ་གསུམ་གྱི་ཡི་གེ་ནི་ཨོཾ་ལ་སོགས་པའོ། །དེ་ཉིད་ནི་སྔགས་ཀྱི་མཆོག་སྟེ་དེས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་མངོན་པར་འདོད་པའི་ལྷ་རྣམ་པར་བསྒོམ་པར་བྱ་ཞིང་བསྐྱེད་པར་བྱའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་ཟླ་བ་ཞུ་བ་ལ་གླུ་ཡིས་བསྐུལ་བ་ལ་སོགས་པ་གཞན་དག་ཏུ་གསུངས་པ་འདིར་སྦྱར་བར་བྱའོ། །དེ་ཉིད་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་སེམས་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་དག་ནི་སྲིད་པ་བར་མ་དོའི་སེམས་ཀྱི་དབང་ཉིད་ཀྱི་སྐུ་རྡོ་རྗེ་ལ་སོགས་པའི་རྣམ་པར་དག་པའི་ངོ་བོར་གསུངས་པ་ནི་ཨོཾ་ནི་ཞེས་བྱ་བ་ལ་སོགས་པ་ཡི་གེ་ཧཱུཾ་ནི་ཐུགས་རྡོ་རྗེའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ཕན་ཚུན་ཐ་དད་པ་དང་བྲལ་པའི་ངོ་བོ་ཉིད་ཡིན་པས་སྐུ་གསུང་ཐུགས་ཡིན་པས་ཏེ་ཞེས་བྱ་བ་གསུངས་པ་ཡིན་ནོ། །འཁོར་བ་ལ་སོགས་པའི་རིམ་གྱིས་གཞལ་ཡས་ཁང་གི་ས་བོན་ཟླ་བ་ལ་གནས་པའི་ཡི་གེ་བྷྲཱུཾ་བཤད་


DTG038_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཀུན་ལས་སྐྱེས་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་རྩེ་གསུམ་པ་ཁ་བཞི་པ་སྣ་ཚོགས་པདྨ་ལ་གནས་པའོ། །ཇི་སྐད་དུ་དབུས་གནས་པ། །པདྨ་དེར་ནི་སྣ་ཚོགས་རྡོ་རྗེས་མཛེས། །ཞེས་སྨོས་པ་ཡིན་ཏེ་དེར་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་བཟླས་བརྗོད་དང་འབྲེལ་པའི་ཡི་གེ་གསུམ་པོ་གདན་དང་བཅས་པ་གསུངས་པ་ནི་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་དང་གསལ་བའི་ཆོས་ཀྱི་དཀྱིལ་འཁོར་རྣམས་ཏེ། ཟླ་བའི་དཀྱིལ་འཁོར་དེ་དག་ལ་གནས་པ་ནི་ཡི་གེ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་སྤྲོ་བ་བསྒོམ་ཞིང་བཟླས་པར་བྱའོ། །ལྷག་མ་ཡེ་ཤེས་སེམས་དཔའི་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའོ། །དེ་ཡང༌། རྡོ་རྗེ་གསལ་ཆོས་འཁོར་ལོ་དེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་ཆུད། །གནས་དེར་བརྟན་པར་བྱས་ནས་ནི། །ཡེ་ཤེས་སྐུ་ནི་སྤྲོས་ཤིང་བཟླས་བརྗོད་བྱ། །ཞེས་བཤད་པའོ། །ཡང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཉིད་ནི་མི་ཕྱེད་པ་ཉིད་ཡིན་པས་ན་རྡོ་རྗེའི་དཀྱིལ་འཁོར་རོ། །འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་ཉིད་ནི་བེམས་པོ་མ་ཡིན་པས་ན་གསལ་བའི་དཀྱིལ་འཁོར་རོ། །མི་བསྐྱོད་པའི་དཀྱིལ་འཁོར་ཉིད་ནི་ཆོས་བདག་མེད་པའི་ངོ་པོ་ཉིད་ཡིན་པས་ན་ཆོས་ཀྱི་དཀྱིལ་འཁོར་ཏེ། དེ་རྣམས་ཀྱི་འཁོར་ལོ་ལ་གནས་པ་ནས་རིམ་པ་ཇི་ལྟ་བ་བཞིན་དུ་ཡི་གེ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ཆོ་ག་བཞིན་བཟླ་བར་བྱའོ། །གང་ཡང་ཕན་ཚུན་དབྱེ་བ་མེད་པར་བསྟན་པའི་ཕྱིར། །རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། །ཞེས་བྱ་བ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཉིད་དོ། །ཨོཾ་ཞེས་བྱ་བ་རབ་ཏུ་བསྒོམ། །གསང་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཉིད་དོ། །ཡི་གེ་ཨཱཿནི་རྣམ་པར་བསམ། །ཆོས་ཀྱི་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་ཉིད་དོ། །ཧཱུཾ་གི་རྣམ་པར་བསྒོམ་པར་འདོད་པ་དེ་ནི་རིགས་པ་མ་ཡིན་ཏེ་ཕན་ཚུན་ཐ་མི་དད་པ་ཡིན་པ་མང་དུ་སྨྲས་ཟིན་པ་ཡིན་པའི་ཕྱིར་རོ། །བཤད་མ་ཐག་པའི་ཡི་གེ་བྷྭཱུཾ་ཡོངས་སུ་གྱུར་པའི་ཁང་པ་བརྩེགས་མ་གསུངས་པ་ནི། ཡི་གེ་བྷྲཱུཾ་གྱིས་གནས་བསྒོམས་ཏེ། །ཞེས་བྱ་བ་སྟེ་འཁོར་ལོ་ལ་སོགས་པ་གཅིག་ནས་གཅིག་ཏུ་


DTG038_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་ཞེས་བྱ་བར་ཤེས་པར་བྱའོ། །ད་ནི་སྔར་བཤད་པའི་ཐུགས་ཀྱི་བདག་ཉིད་ཅན་གྱི་ཡི་གེ་གསུམ་པོ་ཧོ་ཞེས་བྱ་བའི་དབུས་སུ་གནས་པ་གསུངས་པ་ནི། སྙིང་པོ་དུས་གསུམ་སངས་རྒྱས་ཀྱི། །ཞེས་བྱ་བ་ཡིན་ཏེ། དེ་གང་ཡིན་ཞེ་ན་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོར་ཡི་གེ་གསུམ་པོ་རྡོ་རྗེ་འཛིན་ཡབ་དང་ཡུམ་གྱི་རང་བཞིན་ཏེ། མཉེས་པར་བྱེད་པ་ནི་ཡི་གེ་ཧོ་དམར་པོ་གཉིས་ཞེས་བྱ་བའི་བར་དུའོ། །ཡང་ཇི་སྐད་དུ། འོད་ལྡན་ཧོ་དང་སྤེལ་བ་ཆོ་ག་བཞིན། །ཞེས་སྨོས་པ་ཡིན་ནོ། །གང་སྔར། རྡོ་རྗེ་གསུམ་གྱི་གནས་སྒོམ་པ། །ཞེས་གསུངས་པ་དེའི་དོན་གནས་ནི་ཡི་གེ་གསུམ་གྱི་མཚན་ཉིད་ཅན་ཏེ་སྐུ་རྡོ་རྗེ་ལ་སོགས་བསྐྱེད་པའི་ས་བོན་གསུངས་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། ཨོཾ་ནི་སངས་རྒྱས་སྐུའི་ཞེས་བྱ་བ་ནི་སྐུ་རྡོ་རྗེའིའོ། །མཚག་ནི་བསྐྱེད་པའི་ས་བོན་བསྒོམ་པར་བྱའོ། །དེ་བཞིན་དུ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དག་ལ་ནི་ཡི་གེ་ཨཱཿ་དང་ཧཱུཾ་ས་བོན་ཡིན་པར་གསུངས་པ་ནི་ཨཱཿནི་ཞེས་བྱ་བ་ལ་སོགས་པའོ། །ཡེ་ཤེས་ཞེས་བྱ་བ་ནི་རྣལ་འབྱོར་པས་བསྐྱེད་པའོ། །དམ་ཚིག་ཅེས་བྱ་བ་ནི་དམ་ཚིག་སེམས་དཔའ་སྐྱེད་པར་བྱེད་པའི་མིག་ལ་སོགས་པ་བྱིན་གྱིས་རློབ་པར་བྱེད་པའི་དམ་ཚིག་དང་བཅས་པ་སྟེ། རྡོ་རྗེ་གསུམ་པོ་འདི་དག་ནི་སྔགས་ཀྱི་རིག་པ་ཞེས་བྱ་བར་བསྒྲགས་པའོ། །དངོས་གྲུབ་ཕྲ་མོའི་ཁྱད་པར་ལས་དུམ་བུ་བསྟན་པའི་ཕྱིར་དབེན་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་རོ། །དེར་རང་གི་སྔགས་ཀྱི་དམ་ཚིག་ནི་རྣམ་པར་སྣང་མཛད་དེ་དེ་སྐྱེད་པའི་ཆོ་གས་བསྐྱེད་ལ། ཡི་གེ་ཨོཾ་གཅིག་མཚན་མ་ལ་གནས་པ་སྙིང་གར་གཞག་པར་བྱའོ། །འདིས་ནི་སྐུ་རྡོ་རྗེ་དང་འོད་མཉམ་པར་འགྱུར་གྱི་སྐུའི་རྡོ་རྗེ་ཡོངས་སུ་རྫོགས་པར་འགྱུར་བ་ནི་མ་ཡིན་ཏེ། སྔར་ཡོངས་སུ་རྫོགས་པ་ནི་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་པ་གང་གི་མཚན་མས་ཀྱང་ཕྱིས་ཉེ་བར་སྒྲུབ་པ་ལ་སོགས་པ་དང་བྲལ་བའི་ཕྱག་རྒྱ་གཅིག་དང་ལྡན་པའི་ལྷ་ཉིད་གཅིག་བུ་སྙོམས་པར་འཇུག་པ་མ་ཡིན་པའི་ཆོ་ག་བཞིན་དུ་བསྒོམས་པ་ལས་སྐུ་རྡོ་རྗེ་བརྟག་པ་ལས་ཇི་སྐད་དུ་གསུངས་པའི་ཕན་ཡོན་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་པ་འདིའི་འོག་མ་རྣམས་ལ་


DTG038_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྦྱར་བར་བྱའོ། །དེ་བས་ན། དངོས་གྲུབ་ཐོབ་པའི་མཚན་མ་མཐོང་ནས་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །འོད་དཔག་ཏུ་མེད་པ་དང་མཉམ་པའི་དངོས་གྲུབ་གསུངས་པ་ནི་ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་ཆོས་ཀྱི་དཀྱིལ་འཁོར་རོ། །དེར་སྔགས་ཀྱི་སྐྱེས་བུ་འོད་དཔག་ཏུ་མེད་པ་ཆོ་ག་བཞིན་དུ་བསྐྱེད་ལ་དེའི་ངག་གི་ལམ་སྟེ། ལྐོག་མར་པདྨའི་ལྟེ་བ་ལ་གནས་པ་ཟླ་བརྟེན་པའི་ཡི་གེ་ཨཱཿཆོ་ག་ཇི་ལྟ་བ་བཞིན་དུ་གཞག་གོ །དེ་ཉིད་ནི་རྡོ་རྗེ་ཆེན་པོའི་ངོ་བོ་ཉིད་འཇིག་རྟེན་དབང་ཕྱུག་སོ་སོར་རྟོག་པའི་བདག་ཉིད་ནི་མཆོག་སྟེ་དེ་བསྒོམ་པའོ། །དེ་ཡང་འོད་དཔག་ཏུ་མེད་པ་བསྒོམ་པས་དགོངས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཐུགས་རྡོ་རྗེའི་རྟོག་པའི་དངོས་གྲུབ་གསུངས་པ་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ལ་ཡི་གེ་ཧཱུཾ་གནས་པ། །ཞེས་བྱ་བ་ནི་རང་གི་སྙིང་གར་རྡོ་རྗེའི་ལྟེ་བ་ལ་ཡི་གེ་ཧཱུཾ་ཆོ་ག་བཞིན་དུ་བསྒོམ་པར་བྱའོ། །མི་སྣང་བའི་དངོས་གྲུབ་གསུངས་པ་ནི་ཡེ་ཤེས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བསམས་ལ། དེའི་གནས་བཞིར་ཡི་གེ་ཁཾ་ལྷ་མོ་མེད་པའི་མཚན་མ་ཟླ་བ་ལ་གནས་པ་བསྒོམ་པར་བྱའོ། །ནམ་མཁའ་རྡོ་རྗེ་ནི་ཡེ་ཤེས་ཀྱི་དམ་ཚིག་སྟེ་ནམ་མཁའི་སྙིང་པོའི་རྟོག་པར་འགྱུར་པའོ། །འཕགས་པ་འཇམ་དཔལ་གྱི་དངོས་གྲུབ་གསུངས་པ་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ་རང་སྔགས་སྐྱེས་བུ་ནི་འཕགས་པ་འཇམ་དཔལ་ཏེ། དེ་ཆོ་ག་ཇི་ལྟ་བ་བཞིན་དུ་བསམས་ལ། །དེའི་སྙིང་གར་རང་གི་མཚན་མའི་དབུས་སུ་ཡི་གེ་ཧཱུཾ་ཞེས་བྱ་བ་ཆོ་ག་བཞིན་དུ་བསྒོམ་པར་བྱའོ། །ཆོག་འདི་ཉིད་ཀྱི་ཐླིཾ་ཞེས་བྱ་བ་ཡང་བསྒོམ་པར་བྱས་ནས་ཕན་ཡོན་ཇི་སྐད་དུ་བཤད་པ་འཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་ཁྱད་པར་གཞན་དག་གསུངས་པ་ནི་ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། མི་བསྐྱོད་པ་རྣམ་པར་བསམས་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་དེའི་ཐུགས་ཀར་ཡི་གེ་ཨོཾ་བསམ་པར་བྱའོ། །སྦྱོར་བའི་ཁྱད་པར་གཞན་གསུངས་པ་ནི་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །


DTG038_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཨོཾ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་རང་བཞིན་ཡི་གེ་ཨོཾ་སྟེ་དེ་ཆོ་ག་བཞིན་དུ་བསྒོམས་ན་ཇི་སྐད་བཤད་པའི་ཕན་ཡོན་འཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་གཞན་དག་གསུངས་པ་ནི་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ་འཇིག་རྟེན་དབང་པོ་ནི་འོད་དཔག་ཏུ་མེད་པའོ། །ཆོས་ཀྱི་ཨོཾ་ནི་པདྨོའི་རིགས་ལྟ་བུ་སྟེ་དེ་སྙིང་གར་བསམ་པར་བྱའོ། །ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཨུཏྤལ་ནི་དོན་ཡོད་གྲུབ་པ་སྟེ་དེ་བསྒོམས་ལ། དེའི་ཐུགས་ཀའི་མཚན་མར་ཟླ་བ་ལ་དམ་ཚིག་ཨོཾ་རབ་ཏུ་བསྒོམ་པར་བྱའོ། །དེ་ལྟར་རིགས་ལྔ་ཆར་ལ་ཡང་ཡི་གེ་ཨོཾ་གྱིས་སྒོམ་པ་བསྟན་ནས་སྐུ་དང་གསུང་དང་ཐུགས་གསུམ་ཅིག་ཅར་བསྟན་པའི་ཕྱིར་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུམ་ཨོཾ་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་ངོ་བོ་ཉིད་དེ་གནས་གསུམ་ཆར་དུ་ཡང་ཡི་གེ་ཨོཾ་མཚན་མའི་ཟླ་བ་ལ་གནས་པ་ཆོ་ག་བཞིན་དུ་བསྒོམ་པར་བྱའོ། །གནས་གསུངས་པ་ནི་རྣམ་པར་དབེན་པའི་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་སྐད་དུ། ལ་ལར་དྲི་མེད་ཆུ་ནི་ཕུན་ཚོགས་ཤིང༌། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །མངོན་པར་ཤེས་པ་རྣམ་པ་ལྔ་བསྒྲུབ་པར་བྱ་བའི་ཕྱིར་བསམ་གཏན་ལས་བྱུང་བའི་ལས་ཀྱི་ཚོགས་གསུངས་པ་ནི། མི་བསྐྱོད་ཡེ་ཤེས་རྡོ་རྗེ་སོགས། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་མི་བསྐྱོད་པ་ཆོ་ག་བཞིན་དུ་བསམ་ལ་མིག་དང་རྣ་བ་དང་སེམས་དང་ཡིད་དང་ལུས་ཏེ། གནས་ལྔར་རང་གི་སྔགས་ཀྱིས་རྩེ་མོ་ལྔ་པའི་རྡོ་རྗེ་ལྔ་བསྒོམ་པར་བྱའོ། །ད་རྣམས་ལ་ཡང་ཟླ་བ་ལ་གནས་པའི་སྔར་བཤད་པའི་ཡི་གེ་ཐླིཾ་ཆོ་ག་ཇི་ལྟ་བ་བཞིན་དུ་བསམས་ལ་མངོན་པར་ཤེས་པ་ལྔ་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས། རང་སྔགས་ཞེས་བྱ་བ་རང་གི་ས་བོན་ཡོངས་སུ་གྱུར་པའི་འཁོར་ལོ་གནས་ལྔའི་སྦྱོར་བས་བསམ་པར་བྱའོ། །སྔར་བཤད་པའི་གནས་ལྔར་གཏོགས་པའི་འཁོར་ལོ་ལྔ་ལ་ཡི་གེ་ཐླིཾ་ཆོ་ག་བཞིན་དུ་བསྒོམས་ན་མངོན་ཤེས་ལྔ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མཚན་མ་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །ཡི་གེ་བྷཱུཾ་གྱི་རྗེས་ལ་འཁོར་ལོ་ལ་སོགས་པ་ཁང་པ་


DTG038_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་མའི་རྒྱུ་ཡིན་པར་གསུངས་པ་ནི་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་འཇུག་པ་ཞེས་བྱ་བ་ནི་འོད་ཟེར་གྱིས་བསྐུལ་བའི་སངས་རྒྱས་སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་རང་གི་རིགས་མ་དང་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་སོ། །སངས་རྒྱས་གནས་དང་འདྲ་བར་འགྱུར། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྟེན་དང་གཅིག་ཏུ་གྱུར་པ་ཡིན་གྱི་འདིར་འདྲ་བའི་སྒྲ་མཚུངས་པའི་ཚིག་ནི་མ་ཡིན་ཏེ། འདི་ནི་སྦྱོར་བ་ཡང་དག་པར་རྫོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཕྲ་མོའི་རྣལ་འབྱོར་ལ་ཐིག་ལེ་བསྒོམ་པ་གསུངས་པ་ནི་སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཀྱི་ཕྲ་མོའི་རྣལ་འབྱོར་གྱི་སྙིང་གར་ཡི་གེ་ཨོཾ་ཆོ་ག་བཞིན་དུ་བསམས་ལ། ཡི་གེ་ཨོཾ་དེ་ཉིད་ལ་སེམས་ཐིག་ལེར་གྱུར་པ་ཞེས་བྱ་བ་འགོག་པའི་རྡོ་རྗེར་གྱུར་པ་སྟེ་རབ་ཏུ་རྒྱུ་བ་འགོག་པར་བསྒོམ་པར་བྱའོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཕྲ་མོའི་མི་བསྐྱོད་པ་ལ་སོགས་པ་ལ་སྦྱར་བར་བྱའོ། །འགོག་པའི་རྡོ་རྗེ་ཡེ་ཤེས་ཞེས་བྱ་བ་ནི་མི་གཡོ་བའི་དམ་ཚིག་གི་ཡེ་ཤེས་སོ། །འདི་དག་ནི་ཐིག་ལེའི་རྣལ་འབྱོར་གྱི་སྒྲར་མི་བཤད་དེ་སྤྲོ་བ་ལ་སོགས་པ་མེད་པའི་ཕྱིར་རོ། །ཡང་དངོས་གྲུབ་ཕྲ་མོ་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བ་སྔར་བཤད་པའི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཡི་གེ་ཨོཾ་བསམས་ན་ཚེ་རིང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་བཞིན་དུ་འདིར་དཔག་ཏུ་མེད་པ་དང་མི་བསྐྱོད་པ་དག་ལ་ཡང་ཤེས་པར་བྱའོ། །ལྷག་པར་མོས་པའི་དབང་གིས་ནི་བསྐལ་པའམ་བསྐལ་པ་གསུམ་དུ་གནས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་ངེས་པ་མེད་པར་བཤད་པའི་ཕྱིར་གསུངས་པ་ཡིན་ནོ། །ལེའུ་བཅུ་གཅིག་པའི་འགྲེལ་པའོ།། །།


previousལེའུ་བཅུ་གཅིག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུ་མཆོག་གི་འགྲེལ་པ།next