Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་བརྒྱད་པ།


  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་འགྲེལ་པ།
   
   
   
   
   
   


 
previousལེའུ་བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་འགྲེལ་པ།next

ལེའུ་བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་འགྲེལ་པ།


DTG038_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་བཅུ་གཉིས་པ་གསུངས་ཏེ། མི་ཞེས་བྱ་བ་ལ་སོགས་པས་མི་སྣང་བའི་དངོས་གྲུབ་གསུངས་པ་ཡིན་ཏེ། ཡི་གེ་མཾ་ལས་འཇམ་པའི་རྡོ་རྗེ་དང་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་སྔར་བཤད་པའི་ཡི་གེ་ཧཾ་ཡན་ལག་ཐམས་ཅད་ལ་བསྒོམས་ན་ཚངས་པ་ལ་སོགས་པས་ཀྱང་


DTG038_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བར་མི་ནུས་སོ། །སྤྲོ་བ་ཡང་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་ས་བོན་གྱིས་བྱའོ། །སྔགས་ཡོངས་སུ་གྱུར་པའི་མཚན་མའི་རིལ་བུས་མི་སྣང་བའི་དངོས་གྲུབ་གསུང་པ་ནི་རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ལྔ་ནི་རྡོ་རྗེ་མི་ཕྱེད་པ་གསུམ་ལས་བྱུང་བའི་ཚིག་ལྔ་གང་ཡིན་པ་དེའི་རིལ་བུ་གསེར་དང་དངུལ་དང་ཟངས་ཀྱིས་དཀྲིས་པ། རང་གི་ས་བོན་ལས་བསྐྱེད་པ། ཙན་ཀའི་འབྲུའི་ཚད་ཙམ་བྱས་ལ། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་མི་ཕྱེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་རྫོགས་པ་ལྟ་བུར་སེམས་བསྒོམས་ལ། དེ་ནས་བར་སྣང་ལས་བྱུང་བའི་རིལ་བུ་ལྔར་བསྐྱེད་ནས་ཨོཾ་ལ་སོགས་པ་ས་བོན་ཙམ་དང་ལྡན་པའི་ལྷ་དེ་སྤྱིའི་རྣལ་འབྱོར་པའི་ཟློས་པས་ཁར་བཅུག་ནས་བསྒོམས་ན་ཇི་སྐད་གསུངས་པའི་ཕན་ཡོན་འཐོབ་པར་འགྱུར་རོ། །འདིར་གང་དང་གང་མ་གསུངས་པ་དེ་ནི་སྔ་མ་དང་ཕྱི་མས་ཁ་བསྐང་བར་བྱའོ། །འཁོར་ལོའི་དངོས་གྲུབ་གསུངས་པ་ནི་འཇམ་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ་རང་གི་སྔགས་ཀྱིས་ཞེས་བྱ་བ་ནི་འཁོར་ལོ་ཅན་གྱི་ལྷའི་སྔགས་དང༌། དེའི་རྣལ་འབྱོར་པ་འཁོར་ལོ་ལྕགས་སམ་སའམ་གཞན་གང་ཡང་རུང་བ་ལས་བསྐྱེད་པ། རང་གི་བདག་པོ་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་རྫོགས་པ་དང་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་བཞུགས་པའི་གནས་སུ་གྱུར་པར་བསྒོམས་ནས། སྔར་བཤད་པའི་ཁྱད་པར་གྱི་རིགས་དང་རྗེས་སུ་མཐུན་པའི་ལྷའི་རྣལ་འབྱོར་བ་ཅིག་གིས་འཁོར་ལོའི་དངོས་གྲུབ་དེ་ལག་ཏུ་རྣམ་པར་བསྒོམས་ན་ཇི་སྐད་དུ་བཤད་པའི་ཕན་ཡོན་འཐོབ་པར་འགྱུར་རོ། །འདིར་ཡང་གོང་མ་དང་འོག་མའི་ཁ་བསྐང་པ་ལྟོས་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་དང་པདྨ་དང་རང་གྲི་ལ་ཡང་བསྐྱེད་པ་ལ་སོགས་པ་ཅི་རིགས་པར་སྦྱར་བར་བྱའོ། །རིན་པོ་ཆེ་ལ་སོགས་པ་ཡང་རང་རང་གི་སྔགས་ལས་གྲུབ་པ་ཡིན་ནོ། །སྦྱོར་བའི་དེའི་རྗེས་སུ་འབྲངས་ནས་སྔར་བཤད་པའི་རིལ་བུ་རྣམས་ཀྱི་རང་གི་ས་བོན་གྱིས་བསྐྱེད་པའི་ཚད་ཀྱི་ལྷའི་རྣལ་འབྱོར་ལ་སོགས་པ་འདྲ་བར་སྔར་མ་བཤད་པ་གསུངས་པ་ནི་ཨོཾ་ནི་རིལ་བུ་ཞེས་བྱ་བ་ལ་སོགས་པའོ། །ད་ནི་སྔར་བཤད་པའི་ལྷའི་རྣལ་འབྱོར་པ་སྔར་བཤད་པའི་རིམ་པས་བསྐྱེད་པའི་འཁོར་ལོ་གྲུབ་པ་རང་གི་ལག་


DTG038_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྔར་མ་གསུངས་པ་དེ་ཁ་བསྐང་པར་བྱ་བའི་ཕྱིར། མཁའ་དབྱིངས་གསལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འབྱུང་བའི་ཟླ་བའི་གདན་ལ་བཞུགས་པའི་སྔར་བཤད་པའི་རྣམ་པར་སྣང་མཛད་བསྒོམས་ལ་སྔར་བཤད་པའི་འཁོར་ལོ་ལག་པས་འཛིན་པར་རབ་ཏུ་བསྒོམས་ན་ཇི་སྐད་དུ་བཤད་པའི་ཕན་ཡོན་འཐོབ་པར་འགྱུར་རོ། །འཁོར་ལོ་ཆེན་པོའི་རིགས་ཞེས་བྱ་བ་ནི་འཁོར་ལོའི་རིགས་ཀྱི་རྒྱུད་དང་ལྡན་པའི་ལྷ་རྣམས་ཀྱང་འདི་བཞིན་དུ་བསྒོམས་ལ་མཚན་མ་འདི་བསྐྱེད་ཅིང་དེ་འཛིན་པ་ལ་སོགས་པས་ཡེ་ཤེས་མཆོག་སྟེ་མཆོག་གི་ཡེ་ཤེས་ཀྱི་སྒྲུབ་པ་ཡིན་ནོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །དེ་བཞིན་དུ་རྡོ་རྗེ་ལ་སོགས་པ་ལ་ཡང་གཟུང་བར་བྱ་བར་གསུངས་པ་ནི་མཁའ་དབྱིངས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ་ཐམས་ཅད་ནི་སྔ་མ་དང་འདྲའོ། །རྩེ་གསུམ་ལ་སོགས་པ་ལ་ཡང་སྐྱེས་པ་ལ་སོགས་པ་གསུངས་པ་ནི་ཏྲི་ཤཱུ་ལ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ཁྱད་པར་གྱིས་ཞེས་བྱ་བ་ནི་བདག་པོའི་རྗེས་སུ་མཐུན་པའི་ཚུལ་དུའོ། །ད་ནི་དགུག་པའི་སྦྱོར་བ་གསུངས་པ་ནི་ལམ་གྱི་ཞེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་དགུག་པ་ཞེས་བྱ་བ་ནི་རྡོ་རྗེ་དགུག་པའོ། །སྦྱོར་གསུམ་སྔགས་ཀྱི་སྐྱེས་བུར་བསམ། །ཞེས་བྱ་བ་ནི་སྐུ་དད་གསུང་དང་ཐུགས་བྱིན་གྱིས་བརླབས་པ་དང་ལྡན་པའོ། །དེ་ནི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་ཡང་དག་པར་རྫོགས་པའི་ལྷའི་སྐྱེས་བུར་བདག་ཉིད་བསམས་ལ་སྦྱོར་བ་གསུམ་དང་ལྡན་པའི་ལྕགས་ཀྱུ་བསྒོམས་ཏེ། སྐུ་ལ་སོགས་པའི་ངོ་བོ་དགུག་པའི་ཕྱིར་གཏང་བར་བྱའོ། །དགུག་པར་བྱ་བ་ཡང་རླུང་གི་དཀྱིལ་འཁོར་ལ་གནས་པར་བྱས་པ་འདི་ནི་སངས་རྒྱས་ཀྱིས་དགུག་པའི་སྦྱོར་བ་གང་འདོད་པ་དེ་ཉིད་ཀྱིས་དགུག་པ་ལ་འགལ་བ་མེད་དོ། །དེ་ལྟ་མོད་ཀྱི་རྣམ་པར་སྣང་མཛད་ནི་ཉེ་བར་མཚོན་པའི་དོན་ཙམ་དུ་གསུངས་པ་ཡིན་ཏེ་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་འཁོར་ལོ་ཆེན་པོ་བསམས་ལ། དགུག་པའི་ལྕགས་ཀྱུ་དང་ལྡན་པའི་རྒྱལ་བ་དེ་དག་གིས་གནས་བསམས་ནས་དགུག་པར་བྱའོ་ཞེས་བྱ་བའི་དོན་སྟོན་ཏོ། །ལྕགས་ཀྱུས་དགུག་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་དག་གིས་ཀྱང་འགྱུར་རོ་ཞེས་བསྟན་པར་བྱ་


DTG038_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རྡོ་རྗེ་པདྨོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ལྕགས་ཀྱུ་ལ་སོགས་པ་རླུང་གི་དཀྱིལ་འཁོར་ལ་གནས་པའི་བསྒྲུབ་པར་བྱ་བ་དགུག་པ་ལ་བརྩོན་པ་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །མཐུ་ཆེན་པོ་དང་ལྡན་པའི་བཟའ་བའི་ཁྱད་པར་རྣམ་པར་སྦྱང་བར་བྱ་བའི་ཕྱིར། རྣམ་པ་མཆོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དཀྱིལ་འཁོར་གྱི་རྡོ་རྗེ་ཅན་གྱི་སྐུའི་རྡོ་རྗེར་ལྷག་པར་མོས་པའི་དབང་གིས་བདག་ཉིད་བསམས་ལ། ལྕེ་ཉིད་ལ་འོག་ནས་བཤད་པའི་རིམ་གྱིས་རྡོ་རྗེ་དེའི་སྦྱོར་བས་དེ་ཉིད་དུ་བསྒོམས་ན་གསུང་གི་རྡོ་རྗེ་དང་འདྲ་བར་འགྱུར་རོ། །འདི་དག་ཀྱང་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་གྱི་མཆོད་པ་དང་བསྟོད་པའི་རྗེས་ཐོགས་ལ་བྱའོ་ཞེས་གསུངས་པ་ནི་གསང་བ་གསུམ་ཞེས་བྱ་བ་ལ་སོགས་པའོ། །སྐུ་ལ་སོགས་པའི་རྡོ་རྗེ་ཅན་ནི་ཕྱག་རྒྱ་བཞི་ལ་སོགས་པ་དང་ལྡན་པར་བསྟན་པའི་ཕྱིར་རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་ཐམས་ཅད་དང་ལྡན་པའི་སྐུའི་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབས་པ་སྙིང་གར་ཡེ་ཤེས་སེམས་དཔའ་དང་ལྡན་པ། དབུ་རྒྱན་ལ་རང་གི་རིགས་ཀྱི་བདག་པོ་འཆང་བའི་སྐུ་རྡོ་རྗེར་བདག་ཉིད་རྣམ་པར་བསྒོམས་ལ་ཚིམ་པར་བྱའོ་ཞེས་པའི་དོན་ཏོ། །ལྕེ་རྣམ་པར་དག་པ་གསུངས་པ་ནི་རྡོ་རྗེའི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་སྟེ་ལྕེའི་གནས་སུ་ཟླ་བ་ལ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པས་ཧཱུཾ་གིས་བྱིན་གྱིས་བརླབས་པའི་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། བདུད་རྩི་ལྔའི་སྦྱོར་བས་སྦྱང་བ་ལ་སོགས་པའི་ཆོ་གས་བཟའ་བར་བྱའོ། །དེས་ནི་རྡོ་རྗེ་གསུམ་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྤྱང་བའི་ཆོ་ག་བསྟན་པ་ནི་ཡི་གེ་ཨ་ལས་བྱུང་བའི་ཐོད་པ་བསམས་ལ་ཡི་གེ་ཨོཾ་སྟེང་དུ་བསྒོམས་ཏེ། དེའི་ནང་དུ་དམ་ཚིག་གི་བཟའ་པར་བྱ་བའི་རྫས་གཞག་པར་བྱའོ་ཞེས་ཤེས་པར་བྱའོ། །ཡི་གེ་ཧཱུཾ་ཡང་འདིར་བར་སྣང་ལ་རྡོ་རྗེའི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པ་རྣམས་དང་ལྡན་པ་ཐོད་པར་གནས་པར་བྱའོ། །དེ་ནི་འབར་བའི་ཨོཾ་གྱིས་བྱིན་བརླབས་རླུང་དང་མེའི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང་སྦྱར་བས་ཤེས་པར་བྱའོ།།


DTG038_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དམ་ཚིག་གསུམ་ནི་བཤད་མ་ཐག་པ་སྟེ་སྒྲུབ་པ་ཉིད་མཆོག་ཡིན་ནོ། །དེས་ན། སྐུ་གསུམ་རྡོ་རྗེ་ཅན་དུ་འགྱུར། །ཞེས་བྱ་བ་སྟེ་འདི་ནི་འདིའི་ཕན་ཡོན་གསུངས་པའོ། །ད་ནི་སྔར་བཤད་པའི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཀྱི་ཕན་ཡོན་གསུངས་པ་ནི་འཁོར་ལོའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། གྲུབ་པ་ནི་མུ་སྟེགས་པའི་རྒྱུད་གཞན་དག་གི་མན་ངག་གིས་གྲུབ་པ་ལས་གཙོ་བོར་གྱུར་པའོ། །སྔར་བཤད་པའི་མངོན་པར་ཤེས་པ་ལྔ་གྲུབ་པའི་ཕན་ཡོན་གསུངས་པ་ན་གངྒའི་བྱེ་སྙེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ད་ནི་ཡན་ལག་བཞི་པོའི་འབྲས་བུ་དང་བཅས་པ་བསྟན་པའི་ཕྱིར་བསྙེན་པའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྡོ་རྗེའི་བྱེ་བྲག་ཅེས་བྱ་བ་ནི་ཆུང་དུ་དང་པར་མ་དང་ཆེན་པོའི་དབྱེ་བས་སོ། །སྡུད་པར་བྱེད་པའི་ཚིག་འདི་ཉིད་ཆུང་དུ་དང་ཆེན་པོ་ལ་སོགས་པའི་དབྱེ་བས་རྣམ་པར་དབྱེ་བ་ནི་བསྙེན་པ་ཞེས་བྱ་བ་ལ་སོགས་པ་སྟེ་ཏིང་ངེ་འཛིན་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་བདག་པོ་སྟེ། དེའི་སྦྱོར་བས་བྱང་ཆུབ་ཀྱི་མཆོག་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བསྙེན་པའི་ཡན་ལག་བསྐུལ་བའི་གླུའི་རྗེས་ཐོགས་ལ་སྔ་མ་དང་འདྲ་བའི་ལྷ་བསྐྱེད་པའི་མཚན་ཉིད་རྒྱུ་མཐུན་པའི་འབྲས་བུ་ཆུང་དུ་བཤད་པ་ཡིན་ཏེ། འདི་སྐད་དུ་ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བའི་སེམས་ཉིད་ནི་ཞེས་བྱ་བ་ནས་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་བར་ཇི་སྐད་བཤད་པ་དང༌། དེ་བཞིན་དུ་གཞན་དག་ལས་སེམས་ཏེ་ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བ་ནས་བརྩམས་ཏེ། བཤེས་གཉེན་དམ་པས་རྒྱུ་མཐུན་བྱས། །ཞེས་བྱ་བའི་བར་དུ་བཤད་པའོ། །ཉེ་བར་སྒྲུབ་པའི་ཡན་ལག་དང་རྣམ་པར་སྨིན་པའི་འབྲས་བུ་ཆུང་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་དུ་གསུངས་པ་ནི་ཉེ་བར་སྒྲུབ་པ་ལ་སོགས་པ་སྟེ་ཉེ་བར་སྒྲུབ་པའི་དངོས་གྲུབ་ཀྱི་མཆོག་ནི་གང་རྡོ་རྗེའི་བདག་ཉིད་ཅན་དུ་མིག་ལ་སོགས་པའི་སྐྱེ་མཆེད་རྣམ་པར་དཔྱད་པའོ། །དེ་ཡང་ཇི་སྐད་དུ། དེ་འོག་རང་སྙིང་ས་བོན་འོད་རྣམས་ཀྱིས། །རང་གི་མིག་སོགས་ས་སྙིང་ལ་སོགས་པས། །ཇི་བཞིན་བཀང་ནས་ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ། སྨིན་ལས་ཐམས་ཅད་མཁྱེན་ཉིད་


DTG038_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་བྱ་བ་ནས་བརྩམས་ཏེ། དེ་ཡི་ས་བོན་རྣམས་ཀྱིས་ནི། །ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །བསྙེན་པའི་ཡན་ལག་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ་སྐུ་གསུམ་རྣམ་པར་དག་པའི་ངོ་བོ་སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་ངུ་གསུངས་པ་ནི་སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། འོད་ཟེར་དང་ཚིགས་སུ་བཅད་པ་རྣམས་ཀྱིས་གང་དེ་བཞིན་གཤེགས་པ་རྣམས་དང་སྔགས་ཀྱི་བདག་པོ་རྣམས་ལ་བསྐུལ་ཞིང༌། ཐུགས་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབ་པའི་སྔགས་ཀྱིས་བསྒོམ་པ་གང་ཡིན་པ་དེ་ནི་བསྙེན་པ་ཞེས་བཤད་དོ། །དེ་ཡང་ཇི་སྐད་དུ་རང་སྙིང་དྲི་མེད་ཟླ་བའི་ཞེས་བྱ་བ་ནས། མཚན་ཉིད་དག་དང་བྲལ་བར་དམིགས་པར་བྱ། །ཞེས་བྱ་བའི་བར་དང༌། དེ་བཞིན་དུ་སྐྱེས་བུ་བསྐྱེད་པ་ཞེས་བྱ་བ་ནས་བརྩམས་ཏེ། སྒྱུ་མའི་ཤེས་རབ་ཡན་ལག་འདུ་ཤེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །སྒྲུབ་པ་ཆེན་པོའི་ཡན་ལག་དབང་བསྐུར་བའི་ཚུལ་དབང་གི་འབྲས་བུ་ཆུང་ངུ་གསུངས་པ་ནི་སྒྲུབ་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། རང་སྔགས་ཀྱི་རྡོ་རྗེ་ཅན་གྱི་བདག་པོའི་གཟུགས་ཕྱག་རྒྱ་ཆེན་པོ་རང་གི་དབུ་རྒྱན་ལ་བསམས་ན་ཡེ་ཤེས་རྡོ་རྗེ་སྟེ་རྣལ་འབྱོར་པས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་ཇི་སྐད་དུ། ཕྱོགས་ཚོགས་ཀུན་ན་བཞུགས་པ་ཡི། །ཐུབ་པའི་ཚོགས་ཞེས་བྱ་བ་ནས། །རང་གི་རིགས་ཀྱི་གཙོས་བརྒྱན་ཅོད་པན་གྱུར། །ཞེས་བྱ་བའི་བར་དང༌། དེ་བཞིན་དུ། དབང་འབྲས་ཆུང་ངུ་གྲུབ་པ་ལ། །ཞེས་བྱ་བ་ནས། རིགས་ཀྱི་གཙོ་བོས་དབུ་རྒྱན་མཆོག །ཅེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ། །བསྙེན་པ་ཉིད་ཁྱད་པར་དུ་དབྱེ་བ་གསུངས་པ་ནི་བསྙེན་པའི་ཞེས་བྱ་བ་ལ་སོགས་པ་ཡིན་ལ། ཡེ་ཤེས་བདུད་རྩི་ནི་སྲིད་པ་བར་མ་དོའི་སེམས་རྗེས་སུ་ཞུགས་པ་སྔོན་དུ་འགྲོ་བའི་ཟླ་བཞུ་བ་སྟེ་དེ་ཉིད་ཀྱིས་བསྙེན་པ་བྱའོ། །དེ་ཡང་ཇི་སྐད་དུ་ཨོཾ་ཨཱ། ཧཱུཾ་ཞེས་བྱ་བའི་སེམས་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བསྙེན་པ་ལ་སོགས་པ་བཞི་པོ་འདི་དག་དང་རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་རྣམས་ནི་དཀྱིལ་འཁོར་གྱི་བདག་པོའི་ལྷར་གཏོགས་པ་ཡིན་པས་ན་མཆོག་གི་སྒྲས་ཁྱད་པར་དུ་བྱས་པ་ཡིན་ནོ། །དེ་ལྟར་གཡེང་བ་མ་ལུས་པ་བསལ་


DTG038_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་ནུས་ཤིང་ཡེ་ཤེས་ཤིན་ཏུ་བྱང་བའི་རང་བཞིན་མ་ཡིན་པས་ན་ཆུང་ངུའི་སྒྲས་ཁྱད་པར་དུ་ཕྱེ་བ་ཡིན་པས་ཤེས་པར་བྱའོ། །དེ་ལྟར་བདག་པོའི་ལྷར་གཏོགས་པའི་ཡན་ལག་བཞི་པོ་འབྲས་བུ་དང་བཅས་པས་གཅིག་བཤད་པ་ཡིན་ནོ། །ད་ནི་དཀྱིལ་འཁོར་གྱི་ལྷ་མ་ལུས་པར་གཏོགས་པས་སྤྱིའི་བསྙེན་པ་དང༌། རྒྱུ་མཐུན་པའི་འབྲས་བུ་ཆེན་པོ་ནི་ཡེ་ཤེས་ཀྱི་ཁྱད་པར་གྱི་དབང་གིས་ཆེན་པོའི་སྒྲས་ཁྱད་པར་དུ་ཕྱེ་སྟེ་གསུངས་པ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པ་སྔོན་དུ་འགྲོ་བའི་པདྨའི་ནང་དུ་ཟླ་བ་ཞུ་བ་གཅིག་པུ་དེར་འདི་དག་ཡོངས་སུ་གྱུར་པ་ལས་བདག་པོའི་ས་བོན་ནོ། །དེ་ལས་ཀྱང་དེ་ཉིད་དུ་དཀྱིལ་འཁོར་པའི་ལྷ་ཐམས་ཅད་བསྐྱེད་པའོ། །དེ་ལས་ནི་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་གདོན་པ་སྟེ་འདི་ནི་རྡོ་རྗེ་བཞི་སྟེ། དེ་ཡང་དང་པོ་སྟོང་ཉིད་བྱང་ཆུབ་སྟེ། གཉིས་པ་ས་བོན་བསྡུས་པ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། བཞི་པ་ཡི་གེ་དགོད་པའོ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ལྟར་ན་རྡོ་རྗེ་བཞི་པོས་བསྙེན་པ་ཆེན་པོ་བྱའོ། །འདི་ཉིད་ནི་སྤྱིའི་བསྙེན་པ་སྟེ་རྒྱུ་མཐུན་པའི་འབྲས་བུ་ཆེན་པོའོ། །དེ་ཡང༌། ཐུགས་ཀའི་ཟླ་བའི་སྔགས་ཀྱི་འོད་རྣམས་ཀྱིས། །ཞེས་བྱ་བ་ནས་བརྩམས་ཏེ་ལྷ་ཐམས་ཅད་ཀྱི་གདོན་པ་བཤད་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལས་ཀྱང་ཐུགས་ཟླ་བའི་རལ་གྲིའི་སྙིང་པོའི་འོད་ཟེར་གྱིས་ཞེས་བྱ་བ་ལ་སོགས་པས་དེ་ཉིད་བཤད་པ་ཡིན་ནོ། །དེ་བཞིན་དུ་ཉེ་བར་སྒྲུབ་པ་ཆེན་པོ་ལ་སོགས་པ་ལ་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོ་ནི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་སྤྱིའི་ཡིན་པར་ཤེས་པར་བྱའོ། །དེ་ཡང་ཇི་སྐད་དུ། རང་ལ་བཤད་པ་ལྟ་བུར་དབང་བསྐུར་ཞིང༌། །ཆོག་ཡིས་ནི་མངོན་པར་མཆོད་པར་བྱ། །ཞེས་བཤད་པ་དང༌། དེ་བཞིན་དུ་འཁོར་ལོ་ནི། མིག་དང་སྐུ་སོགས་བྱིན་བརླབ་ཅིང༌། །རྒྱུ་མཐུན་པ་ནི་ཆེན་པོ་ལས། །སྔོན་བཞིན་དབང་བསྐུར་དེ་བསམ་བྱ། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་ཡན་ལག་བཞི་པ་འབྲས་བུ་དང་བཅས་པ་གཞན་དག་ཀྱང་རྗེས་སུ་མཐུན་པར་བཤད་པར་བྱའོ། །ཡན་ལག་བཞི་པོ་ཆུང་ངུ་དང་ཆེན་པོ་འདི་གཉིས་ཀྱི་བར་ན་གནས་པས་ན་བར་མའི་སྒྲས་ཁྱད་པར་


DTG038_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱེ་བ་ཡིན་ཏེ། ཤེས་རབ་མངོན་པར་འདུས་བྱས་པ་ལ་ཡང་བསྙེན་པ་དང༌། རྒྱུ་མཐུན་པ་ལ་སོགས་པ་རང་ཉིད་ཀྱིས་སྦྱར་བར་བྱའོ། །དེ་ཉིད་ཀྱིས་ན། དེ་བཞིན་རང་གི་ལྷ་འདྲ་རང་སྙིང་པོས། །བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ། །དེ་བཞིན་དུ། དེ་བཞིན་རྒྱུ་མཐུན་སོགས་བར་མ། །རང་སྣང་ཤེས་རབ་རྣམ་པར་སྦྱང༌། །ཞེས་བཤད་པ་ཡིན་ནོ། །གནས་ལྔར་ཞེས་བྱ་བས་ནི་རིགས་ལྔའི་ཚོགས་དགོད་པ་སྟེ། ཤེས་རབ་ཉིད་བསྟན་པ་ཡིན་ནོ། །ཡེ་ཤེས་རྡོ་རྗེ་ཡི་གེ་ཨོཾ། །ཞེས་བྱ་བ་ནི་རྡོ་རྗེའི་ནོར་བུའི་ཆར་ཡི་གེ་ཨོཾ་ལས་བྱུང་བར་ཤེས་རབ་ཀྱི་གནས་སྐབས་སུ་བསྒོམ་པར་བྱ་བའི་ཕྱིར་དྲན་པར་བྱའོ། །སྡོམ་པ་ཞེས་བྱ་བ་ནི་ཇི་སྐད་དུ་ཤེས་པའི་ངེས་པའོ། །ད་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཚིགས་སུ་བཅད་པ་བསྟན་པའི་ཕྱིར། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་སྐུ་གྲུབ་པར་བྱེད་པའི་དུས་གསུམ་གྱི་སངས་རྒྱས་དེ་ནི་སྒྲུབ་པ་སྟེ། དེའི་འབྲས་བུ་ཉིད་ཀྱིས་ཉེ་བ་ཡིན་པའི་ཕྱིར་ཉེ་བར་སྒྲུབ་པའི་སྐུ་བྱིན་གྱིས་བརླབ་པའོ། །དེ་ཉིད་ཀྱིས་ངན་འགྲོ་རྣམས་ལས་སྒྲིབ་གཡོགས་བྱེད་པས་ན་སྔོམ་པའོ། །དེ་ཉིད་ནི་ཚིགས་སུ་བཅད་པ་གསུམ་པོ་གང་ཡིན་པའི་ཡུལ་ཡིན་པས་དེ་ནི་ཉེ་བར་སྒྲུབ་པའི་ཡུལ་ལོ། །དེ་ཉིད་གསུངས་པ་ནི་སངས་རྒྱས་སྐུ་འཛིན་ཞེས་བྱ་བ་ལ་སོགས་པའོ། །སྒྲུབ་པའི་སྡོམ་པའི་ཡུལ་ཞེས་བྱ་བ་ནི་སྔ་མ་དང་འདྲ་སྟེ་སྒྲུབ་པ་ནི་སངས་རྒྱས་རྣམས་སོ། །དེའི་སྡོམ་པ་ནི་གསུང་བྱིན་གྱིས་བརླབ་པའོ། །དེ་ཉིད་གང་གི་ཡུལ་ཡིན་པ་དེ་ལ་ནི་འདི་སྐད་ཅེས་བྱའོ། །དེ་ཉིད་ནི་ཆོས་ཉིད་ཀྱི་གསུང་ལམ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གསུངས་པ་ཡིན་ནོ། །སྒྲུབ་པ་ཆེན་པོའི་སྔོམ་པའི་ཡུལ་ལོ་ཞེས་བྱ་བ་ནི་སྒྲུབ་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པ་སྟེ་སངས་རྒྱས་རྣམས་སོ། །དེའི་སྡོམ་པ་ནི་ཐུགས་བྱིན་གྱིས་བརླབ་པ་ལ་སོགས་པ་སྟེ་སྔ་མ་བཞིན་ནོ། །དེ་ཉིད་ནི་ཚིགས་སུ་བཅད་པ་གསུམ་པའི་གསུམ་ཡིན་པ་ལས་ཚིགས་སུ་བཅད་པ་གཉིས་པ་གསུམ་དུ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས་དོན་ཙམ་བླངས་ནས་སྦྱར་བ་ཡིན་ནོ། །ད་ལྟར་སངས་རྒྱས་རྣམས་ལ་བསྐུལ་བས་ཉིད་ཀྱི་ཐུགས་དམ་བཅས་པ་ལས་ཉམས་པའི་བསྙེངས་པས་སྒྲུབ་པ་པོ་ལ་བྱིན་


DTG038_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབ་པ་ཉིད་དུ་མཛད་དོ་ཞེས་བསྟན་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དྲག་ཤུལ་གྱིས་སྒྲུབ་པ་ཡང་ལེའུ་བཅུ་པར་གསུངས་པའི་བསྐུལ་བའི་ཚིགས་སུ་བཅད་པ་འདི་སྦྱར་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ལེའུ་བཅུ་གཉིས་པའི་འགྲེལ་པའོ།། །།


previousལེའུ་བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་འགྲེལ་པ།next