Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་དགུ་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་དྲུག་པ། དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་སྟོན་པར་བྱེད་པའི་གཞུང་གི་འགྲེལ་པ།
   
  expand section


 
previousལེའུ་བཅུ་དྲུག་པ། དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་སྟོན་པར་བྱེད་པའི་གཞུང་གི་འགྲེལ་པ།next

ལེའུ་བཅུ་དྲུག་པ། དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་སྟོན་པར་བྱེད་པའི་གཞུང་གི་འགྲེལ་པ།


DTG039_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དངོས་གྲུབ་བསྒྲུབ་པ་དང་སློབ་མ་དབང་བསྐུར་བའི་དོན་དུ། རི་མོ་བྲི་བའི་ཕྱིར་ལེའུ་བཅུ་དྲུག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཡང་འདུས་ནས་ཞེས་པ་ནི་ལེའུ་བཞི་པར་གསུངས་པའི་རིམ་པའོ། །རྡོ་རྗེའི་ཚིག་གིས་ཞེས་པ་ནི། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་པ་ལ་སོགས་པའི་ཚིག་གིས་གསོལ་བ་བཏབ་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྟག་པ་ལ་སོགས་པའོ། །དེའི་རྡོ་རྗེ་རིན་ཆེན་གྱི་མཆོད་པའི་ཚོགས་ནི་ལྷ་མོ་བཅུ་ལ་སོགས་པའོ། །མཆོད་པ་བྱས་སོ་ཞེས་པ་ནི་རང་རང་གི་ས་བོན་ལས་སྤྲོས་པ་མང་དུ་བཀང་བས་ན་མཆོད་པའོ། །དེ་ནས་སྐུའི་དཀྱིལ་འཁོར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཐམས་ཅད་ནི་རྣམ་པར་སྣང་མཛད་དོ། །དེའི་དཀྱིལ་འཁོར་ནི་སྐུའི་དཀྱིལ་འཁོར་རོ། །དེ་ཉིད་ཉོན་མོངས་པའི་རི་དགས་འཇོམས་པ་ལས་མི་འདའ་བས་ན་སེང་གེ་དམ་ཚིག་གོ །དེའི་སྔགས་པ་མཛེས་པར་བྱེད་པས་ན་རྒྱལ་པོའོ། །ཐུགས་རྗེའི་རླན་དང་ལྡན་པས་ན་སྤྲིན་ནོ། །དེ་བཞིན་གཤེགས་པ་མང་པོ་འདུས་པས་ན་བཀོད་པའོ། །དབྱེར་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་ལྟ་བུའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་རྣམ་པར་སྣང་མཛད་ཀྱི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སོ། །སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །དེས་འཁོར་ལོས་སྒྱུར་བས་ན་འཁོར་ལོ་ད་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་པ་ལ་སོགས་པས་སྐུའི་དཀྱིལ་འཁོར་བཤད་པ། ཐུགས་ཀྱི་དཀྱིལ་འཁོར་ནི་རང་བཞིན་གྱི་དཀྱིལ་འཁོར་ཏེ་ད་དང་རབ་ཏུ་འདྲའོ། །སྐུའི་དཀྱིལ་འཁོར་གཞན་དང་ཐུན་མོང་མ་ཡིན་པས་ན་དཀྱིལ་འཁོར་རྣམས་ནི་ཀུན་གྱི་མཆོག་གོ །དེ་ལེགས་པར་རབ་ཏུ་བཤད་པར་བྱ། །ཞེས་བཤད་པར་ཞལ་གྱིས་བཞེས་པའོ། །སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་རྣམ་པར་དག་པས་ཁྲུ་ནི་བཅུ་དྲུག་ཚད་དུ་བྱས་ཏེ། མདོར་ན་ངེས་པ་མེད་པའོ། །གྲུ་བཞི་ཞེས་པ་ནི་མཚོན་པ་ཙམ་སྟེ།


DTG039_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བཞི་དང་རྟ་བབས་བཞི་ལ་སོགས་པས་རབ་ཏུ་མཛེས་པའོ། །དཀྱིལ་འཁོར་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་གནས་པས་ན་སངས་རྒྱས་ཐམས་ཅད་དཀྱིལ་འཁོར་ཏེ། སངས་རྒྱས་གང་ཡིན་ཞེ་ན། སྐུ་ཡི་རྡོ་རྗེ་རབ་ཏུ་གནས། །ཞེས་སོ། །དེའི་ནང་དུ་ཞེས་པ་ནི་ཆ་བརྒྱད་པའི་གྲུབ་བཞི་པའོ། །འཁོར་ལོ་ནི་ཞེས་པ་ནི་དེའི་ཕྱེད་ཀྱི་འཁོར་ལོའི་ཕྲེད་བའི་ཟླུམ་པོ་ཀ་བ་བརྒྱད་ཀྱི་སྟེང་ན་བསྐོར་བའོ། །རྡོ་རྗེའི་ཆོ་གས་བྲི་བར་བྱ། །ཞེས་པ་ནི་འཛབ་བཟླས་པ་ལ་སོགས་པ་དབྱེར་མི་ཕྱེད་པའི་ཆོ་ག་རྫོགས་པས་སོ། །ཕྱག་རྒྱ་དགོད་པའི་ཆོ་ག་གསུངས་པ། སྔགས་རྣམས་ཞེས་པ་ལ་སོགས་པའོ། །ཕྱག་ན་རྡོ་རྗེ་ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་ཕྱག་ན་རྡོ་རྗེ་དགོད་པ་སྟེ། དེའི་གནས་སུ་བྱ་ཞེས་སོ། །གང་བྱ་ཞེ་ན། དབུས་སུ་རྣམ་པར་སྣང་མཛད་བྲི་བར་བྱ། །ཞེས་པ་ནི་དབུས་སུ་ཟླ་བའི་གདན་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་བྲི་བར་བྱའོ། །མི་བསྐྱོད་པ་ཞེས་པ་ནི་ཤར་དུ་ཉི་མའི་གདན་ལ་རྡོ་རྗེ་སྲིན་པོ་བྲིའོ། །ཡང་ཞེས་པའི་སྒྲས་ལྷོ་ལ་སོགས་པའི་གནས་སུ་ཉི་མའི་གདན་ལ་རིན་པོ་ཆེ་ལ་སོགས་པ་བྲི་བར་བྱ་ཞེས་སོ། །སྐུ་ནི་སྤྱན་མའོ། །གསུང་ནི་གོས་དཀར་མོའོ། །ཐུགས་ནི་མཱ་མ་ཀཱིའོ། །རྡོ་རྗེ་མཆོག་ནི་སྒྲོལ་མའོ། །གྲྭ་རྣམས་ཀུན་དུ་དགོད་པར་བྱ། །ཞེས་པ་ནི་ནང་གི་མེ་མཚམས་ལ་སོགས་པ་བཞིར་ཟླ་བའི་གདན་ལ་སྤྱན་མ་ལ་སོགས་པ་བཞི་དགོད་པར་བྱའོ། །སྟོབས་ཆེན་ཞེས་པ་ནི་ལྷ་ཆེན་པོ་ལས་ཁྱད་པར་དུ་གྱུར་པའོ། །ཕ་རོལ་གནོན་པའི་ཞེས་པ་ནི་འཆི་བདག་གི་བདུད་ལ་སོགས་པ་གནོན་པར་བྱེད་པའོ། །ཁྲོ་བོ་རྣམས་ཀྱང་སྒོར་བྲིའོ། །ཞེས་པ་ནི་སྒོ་བཞིར་ཉི་མའི་གདན་ལ་གཤིན་རྗེ་གཤེད་ལ་སོགས་པའི་མཚན་མ་ཐོབ་པ་ལ་སོགས་པ་བྲི་བར་བྱའོ། །རྡོ་རྗེ་གསང་བ་ནི་ཡི་གེ་གསུམ་མོ། །དེ་ལས་བྱུང་བ་ནི་མཆོད་པ་སྟེ། མཆོད་པའི་རང་བཞིན་གྱི་ལྷ་མོ་དྲུག་གོ །དེ་སྔགས་ཤེས་པ་ཡིས་ཕྱིའི་མེ་མཚམས་ལ་སོགས་པའི་གྲྭ་བཞི་དང་འཇུག་པའི་སྒོའི་གཡས་གཡོན་དུ་མེ་ལོང་ལ་སོགས་པའི་མཚན་མ་དགོད་པར་བྱའོ་ཞེས་སོ། །དེ་ལྟར་དཀྱིལ་


DTG039_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བྲིས་པ་འདི་ནི་སྔགས་རྣམས་ཐམས་ཅད་ཀྱི་འདའ་བར་མི་བྱ་བས་ན་དམ་ཚིག་ཤིན་ཏུ་འདའ་དཀའོ་ཞེས་སོ། །བཤད་དང་གཅི་བ་ཞེས་པ་ལ་སོགས་པ་ནི་ཐིག་དང་རྡུལ་ཚོན་དང༌། བཟའ་བའི་དམ་ཚིག་ལ་སོགས་པ་ལ་སྦྱར་བར་བྱའོ། །དེའི་དོན་ནི་འདི་ལྟ་སྟེ་དཀྱིལ་འཁོར་བྲིས་ནས་རྒྱན་དགོད་པ་ལ་སོགས་པ་བྱས་ནས། སྐུད་པ་དང་ཚོན་རྩེ་གཤེགས་སུ་གསོལ་ལ། བཙོ་བླག་མཁན་གྱི་བུ་མོ་དང་ལྷན་ཅིག་ཏུ་སྣ་ཚོགས་པདྨ་རས་ཀྱིས་གཡོགས་པའི་གདན་ལ་འདུག་སྟེ། དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པའི་འཁོར་ལོ་ལ་དཀྱིལ་འཁོར་གཞན་ཐིམ་པས་བྱིན་གྱིས་བརླབས་ཏེ། དེ་ལ་བླ་ན་མེད་པའི་མཆོད་པ་དང་བསྟོད་པ་དང༌། བཤང་གཅི་ལ་སོགས་པའི་བདུད་རྩི་དང༌། མེ་ཏོག་ལ་སོགས་པ་དང༌། བཟླས་པ་དང་འབྱུང་པོ་ལ་གཏོར་མ་བཏང་བ་དང༌། ཧཱུཾ་མཛད་ཀྱིས་ལྷག་ཆད་ཀྱི་སྐྱོན་བསལ་ནས་ཕྱག་བྱ་བ་དང༌། སྦྱིན་སྲེག་བྱས་ནས་མཉེས་པར་བྱས་ནས་རང་ཉིད་ཞུགས་ཏེ་ལྷས་དབང་བསྐུར་བར་བསམས་ནས་སློབ་མ་བཞུགས་པ་ལ་སོགས་པ་དང༌། བདག་ཉིད་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་སོ། །གཞན་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཆོ་ག་འདི་ནི་སྔགས་རྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུའི་རིགས་ཀྱི་སྔགས་པ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་གོ །དེ་ནི་སྐུ་རྡོ་རྗེའི་དཀྱིལ་འཁོར་རོ་ཞེས་མཇུག་བསྡུས་པའོ། །གསུང་གི་དཀྱིལ་འཁོར་བཤད་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གསུང་རྡོ་རྗེ་ཐམས་ཅད་ནི་སྣང་བ་མཐའ་ཡས་སོ། །འདའ་བར་མི་བྱ་བས་ན་དམ་ཚིག་གོ །སྤྲིན་བཀོད་པ་རྡོ་རྗེ་ནི་གོང་མ་བཞིན་ནོ། །དེ་ལྟ་བུའི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ། སྣང་བ་མཐའ་ཡས་ཀྱི་ཚུལ་དུ་སྙོམས་པར་ཞུགས་ནས་ཞེས་སོ། །གསུང་རྡོ་རྗེ་ནི་སྣང་བ་མཐའ་ཡས་སོ། །དེས་འཁོར་ལོས་སྒྱུར་བས་ན་དཀྱིལ་འཁོར་རོ། །དེ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་པ་ལ་སོགས་པས་དེ་ཉིད་བཤད་པ་སྟེ་གོང་མ་ལྟར་སྦྱར་རོ། །སེམས་མ་རྡོ་རྗེ་མ་


DTG039_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་དག་པའི་ཕྱིར་ཁྲུ་ཉི་ཤུའི་ཚད་དུ་བྱའོ། །གྲུ་བཞི་ལྷམ་པ་ཞེས་པ་ནི་དབུས་སོ། །ཆོ་ག་བཞིན་ཞེས་པ་ནི་གོང་མ་ལྟར་དབྱེར་མེད་པའི་ཆོ་གས་རྫོགས་པའོ། །གྲུ་བཞི་ནི་ཚོན་གྱི་ར་བ་དགུག་པའོ། །སྒོ་བཞི་པ་ནི་གྲུ་བཞི་པའི་བརྒྱད་ཅའོ། །རྡོ་རྗེ་བསྒོམས་པ་ཞེས་པ་ནི་འོད་དཔག་ཏུ་མེད་པ་དང༌། རྣམ་པར་སྣང་མཛད་དུ་བསྒོམས་པའི་སློབ་དཔོན་དང་སློབ་མའི་ངོ་བོས་སྲད་བུ་བྲེ་བ་དང་ཐིག་གདབ་པར་བྱའོ་ཞེས་སོ། །ཉིད་ཀྱི་སྐུའི་དཀྱིལ་འཁོར་གནས། །ཞེས་པ་ནི་སྣང་བ་མཐའ་ཡས་ཉིད་གཟུགས་དང་ལྡན་པ་ནི་སྐུའི་དཀྱིལ་འཁོར་ཡིན་ཡང་འདོད་ཆགས་རྣམ་པར་དག་པའི་དབང་གིས་ནི། རྡོ་རྗེ་གསུང་གི་ཡོན་ཏན་བསྐྱེད། །ཅེས་པའོ། །རྒྱལ་པོ་ཆེན་པོ་རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་སོ། །དེ་ཉིད་གོས་དཀར་མོའི་བདག་པོ་བས་ན་རིག་པའི་དབང་པོའོ། །དེ་དབབ་པར་བྱ་བ་ནི་ཆོ་གའི་གནས་སྐབས་ཐམས་ཅད་དུ་བདག་གི་ལུས་ངག་ཡིད་གསུམ་ལ་བསྒོམ་པའོ། །དེའི་དབུས་སུ་ཞེས་པ་ནི་གྲུ་བཞི་ལ་སོགས་པའོ། །རྡོ་རྗེ་ཟླུམ་པོ་ཀུན་དུ་བྲི་བར་བྱ། །ཞེས་པ་ནི་དབྱེར་མེད་པའི་པདྨའི་ཕྲེང་བས་བསྐོར་བ་ཀ་བ་བརྒྱད་ཀྱི་སྟེང་དུ་བྲི་བར་བྱའོ་ཞེས་སོ། །ཕྱག་རྒྱ་དགོད་པའི་ཆོ་ག་གསུངས་པ། མདོ་རུ་ཞེས་པ་ལ་སོགས་པའོ། །ཆོ་ག་བཞིན་དུ་ཞེས་པ་ནི་དེ་ཉིད་འདུས་པ་ལ་སོགས་པའི་ལས་ཀྱི་ཆོ་ག་མཐོང་བས་སོ། །ཚེ་དཔག་མེད་ཀྱི་ཕྱག་རྒྱ་ཆེ། །ཞེས་པ་ནི་པདྨ་དམར་པོ་འདབ་མ་བརྒྱད་པ་ཉི་མའི་གདན་ལ་གནས་པ་དེའི་དབུས་སུ་གཞག་པར་བྱའོ། །རྡོ་རྗེ་ཞེས་པ་ནི་མི་བསྐྱོད་པའོ། །གནས་མཆོག་དེ་ཉིད་དུ་ཞེས་པ་ནི་སྣང་བ་མཐའ་ཡས་ཀྱི་གནས་སུ་མི་བསྐྱོད་པའི་རྡོ་རྗེ་དགོད་པར་བྱའོ། །ལྷག་མ་ཇི་ལྟ་བ་བཞིན་དུ་དགོད་པའི་ཕྱིར་ན་ཐམས་ཅད་ཡོངས་སུ་དགོད་པར་བྱའོ་ཞེས་སོ། །ཡོངས་སུ་གསང་བའི་ཆོ་ག་བཞིན། །ཞེས་པ་ལ་ཆོ་ག་འདི་ཡིན་ཏེ། གོང་མ་ལྟར་གར་མཁན་གྱི་བུ་མོ་དང་ལྡན་པར་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་བྱས་ནས་དཀྱིལ་འཁོར་གཞན་བཀུག་པས་དཀྱིལ་འཁོར་དམ་པ་སྟེ། སྔོན་བས་ལྷག་པར་གནས་པར་བྱས་ནས་སོ། །དེ་ནས་གསང་པའི་མཆོད་བྱ་བ། །


DTG039_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་གར་མཁན་གྱི་བུ་མོའི་གནས་ལས་ལྷ་མོ་བཅུའི་གཟུགས་སྤྲོས་པ་ཐིམ་པས་རྡོ་རྗེ་ཅན་དག་མཉེས་ཞེས་སོ། །དེ་བཞིན་དུ་བསྟོད་པ་བྱས་ནས་བཤང་གཅིའི་ཁུ་བའི་དམ་ཚིག་གིས་མཆོད་ནས་ཞེས་ཏེ་རླུང་ལ་སོགས་པའི་རིམ་པས་སྦྱངས་པའི་རིམ་པས་བདུད་རྩིའི་འཁོར་ལོ་ཚིམ་པར་བྱས་ནས་གང་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་སོ། །གཞན་གོང་མ་བཞིན་དུ་ཤེས་པར་བྱའོ། །ཆོ་ག་འདི་ནི་གསུང་གི་རིགས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་འདའ་བར་དཀའ་བའོ་ཞེས་སོ། །ད་ནི་གསུང་གི་དཀྱིལ་འཁོར་རོ་ཞེས་མཇུག་བསྡུ་བའོ། །ད་ནི་ལྷའི་འཁོར་ལོ་དང་ལྡན་པ་གཞན་གྱི་དཀྱིལ་འཁོར་ཡང་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཉིད་གདུང་བསེལ་བའི་ཕྱིར་ན་སྤྲིན་ནོ། །མང་པོ་འདུས་པས་ན་ཐམས་ཅད་ཀྱི་ཚོགས་སོ། །མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ། ཡེ་ཤེས་སོ་སོའི་ཏིང་ངེ་འཛིན་ལ་ལྷ་ཐམས་ཅད་ཀྱི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སོ། །ཐུན་མོང་མ་ཡིན་པའི་ཕྱིར་ན་རབ་ཏུ་གསང་བ་སྟེ། །རིན་ཆེན་དབང་ཕྱུག་ལ་སོགས་པའོ། །དེ་རང་རང་གི་འཁོར་ལོས་སྒྱུར་བའི་ཕྱིར་ན་དཀྱིལ་འཁོར་ཏེ་དེ་ཕྱུང་ངོ་ཞེས་སྦྱར་རོ། །རྡོ་རྗེ་འཛིན་མཆོག་གང་ཡིན་པ། །ཞེས་པ་ནི་རང་གིས་བླངས་པའི་ལྷ་དེ་བདག་པོ་ལ་སྦྱོར་བ་མ་གཏོགས་པའོ། །གཟུགས་ནི་དབུས་སུ་བྲི་བར་བྱ། །ཞེས་པ་ནི་དབྱེར་མེད་པའི་ཆོ་ག་རྫོགས་པའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་འཛིན་པ་གང་ཡང་རུང་བ་དེ་དགོད་པར་བྱའོ། །དེ་ཡི་དཀྱིལ་འཁོར་གནས་སུ་འགྱུར། །ཞེས་པ་ནི་དཀྱིལ་འཁོར་པ་རྣམས་དེ་ལས་བྱུང་བའི་ཕྱིར་ན་དེ་ཉིད་སྐུ་གསུང་ཐུགས་ཀྱི་གསང་བ་ཡང་ཡིན་ནོ། །ལྷ་དགོད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་གྱི་ཕྱོགས་དང་རྡོ་རྗེ་རྩེ་མོའི་མཚན་ཤེས་པར་བྱའོ། །ལྷ་མོ་རྣམས་དང་ཁྲོ་བོ་ནི་བདག་པོ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་གཙོ་བོར་རང་གིས་བྱེད་པའོ། །གཞན་རྣམས་ནི་བདག་པོ་ཡིན་པས་དེ་བདག་ལ་ཐིམ་པའོ། །དེ་བཞིན་གཤེགས་


DTG039_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་གནས་སུ་ནི་མི་བསྐྱོད་པ་གཞག་གོ །གཞན་རྣམས་ནི་གཟུགས་ཁོ་ན་གཞག་པ་སྟེ་གཉིས་སོ། །ཆོ་ག་ལྷག་མ་ལྟག་འོག་གིས་རྫོགས་པར་བྱའོ། །ཇི་སྐད་དུ། དེ་ཡི་དབུས་གནས་གང་ཡིན་པ། །དེ་ཡི་འཁོར་ལོ་དེ་ཞེས་བྱ། །དེ་བཞིན་གཤེགས་པ་ཀུན་བདག་པོ། །དེ་ཡི་གནས་སུ་མི་བསྐྱོད་གནས། །གཞན་ལ་གཙོ་བོ་དེ་གནས་ལ། རང་བདག་ཁོ་ན་རང་གི་བདག །ཕྱུང་ནས་དུ་བློ་ལྡན་པས། །ཆོ་ག་བཞིན་དུ་ཐིམ་པར་བྱ། །ཞེས་བསྡུས་པའི་དོན་ལས་མར་མེ་མཛད་བཟང་པོས་བཤད་དོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ་ལྷ་ཐམས་ཅད་དོ། །དེ་འབྱུང་བའི་གནས་སུ་གྱུར་པ་ནི་ཡེ་ཤེས་གསང་བ་ཡིན་ཏེ། རང་རང་གི་ཡེ་ཤེས་སོ། །རྟོགས་པར་དཀའ་བས་ན་རབ་ཏུ་གསང་བའོ་ཞེས་སོ། །ད་ནི་དཀྱིལ་འཁོར་ཐམས་ཅད་འབྱིན་པ་ལ། ཐུན་མོང་གི་ཐུགས་ལ་སོགས་པའི་ངོ་བོ་ཉིད་ཡི་གེ་གསུམ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ནི་ལྷ་བཅུ་དགུའོ། །དེ་འབྱུང་བ་ནི་ཡི་གེ་གསུམ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་སོ། །དཀྱིལ་འཁོར་ཐམས་ཅད་ནི་ལྷ་ཐམས་ཅད་དོ། །སྐུ་དང་གསུང་དང་ཐུགས་གསང་བ་ནི་ཡི་གེ་གསུམ་སྟེ་དེ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེའི་དོན་ནི་བྱ་བས་བསྐལ་པའི་རྣལ་འབྱོར་བ་ཐོ་རངས་ཏིང་ངེ་འཛིན་གསུམ་རྫོགས་པས་དུས་གཞན་ལ་བདེ་བའི་སྟན་ལ་ལྷའི་ང་རྒྱལ་གྱིས་གནས་ནས་ཡི་གེ་གསུམ་བརྗོད་པས་སྙིང་གའི་འཁོར་ལོ་ལས་སྤྲོ་ཞིང་གནས་སུ་བཀོད་པ་ལ་དབང་བསྐུར་ཏེ་མཆོད་པ་ལ་སོགས་པས་མཉེས་པར་བྱས་ནས། ཐིག་ལེ་ལ་སོགས་པས་སེམས་བརྟན་པར་བྱའོ་ཞེས་སོ། །དེ་འབའ་ཞིག་ཏུ་མ་ཟད་དེ་ཐིག་གི་ཆོ་ག་ལ་ཡིད་དགོས་པ་བསྟན་པའི་ཕྱིར། དེ་ལ་ཞེས་པ་ལ་སོགས་པ་གསུངས་པ། རྡོ་རྗེ་སྟེ་སྐུ་ལ་སོགས་པའི་དཀྱིལ་འཁོར་དེའི་སྔགས་ནི་སྙིང་པོ་རྣམས་ཏེ་ཐིག་གདབ་པའི་ཕྱིར་ཡི་གེའི་ཚིག་རྣམས་སོ་ཞེས་སོ། །དེ་ཡང་སོ་སོར་གནས་པའི་ཐིག་སྐུད་ཀུན་བྱེད་དང་ལྷན་ཅིག་ཏུ་བཟུང་བས་ནམ་མཁའི་དཀྱིལ་འཁོར་ལ་ལྟ་


DTG039_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཨོཾ་ཨཱཿ་མི་བསྐྱོད་པའི་དཀྱིལ་འཁོར་མཆོད་པའི་ཕྱིར་སྐུད་པ་བདག་ལ་གསོལ་ཅིག་ཧཱུཾ་ལ་སོགས་པའི་སྐུད་པ་ལ་ཐིམ་པར་བྱས་ནས་ཆོས་ཉིད་ཀྱི་སྔགས་གཅིག་ཏུ་བསྒྲིལ་བར་བྱའོ་ཞེས་སོ། །རྣལ་འབྱོར་པ་གཉིས་ཆར་གྱིས་ཀྱང་བསྒྲུབ་པའི་དཀྱིལ་འཁོར་གནད་ལ་ཕབ་པའི་ལྷས་བྲི་བར་གསུངས་པ། རྡོ་རྗེ་ཐིག་ནི་ཞེས་པ་ལ་སོགས་པའོ། །དེ་ལ། རྡོ་རྗེ་ཐིག་ནི་གདབ་པ་དང༌། །ཚོན་རྩི་དག་ནི་དགྱེ་བ་ནི། །བསྒྲུབ་པའི་དཀྱིལ་འཁོར་དག་ལ་སྟེ། །དབང་བསྐུར་བ་ལ་མ་ཡིན་ནོ། །དེ་ལས་དང་པོ་པ་ལྟར་སྔགས་ཀྱི་སེམས་དཔའ་སྟེ། བདག་ཉིད་སྔགས་ཀྱི་བྱིན་གྱིས་བརླབ་པ་ལ་སོགས་པས་རི་མོའི་ལས་གོང་དུ་གསུངས་པ་མི་བྱ་སྟེ་ཞེས་སོ། །ཅིའི་ཕྱིར་མི་བྱ་ན། བྱས་ན་བྱང་ཆུབ་རྙེད་པར་དཀའ། །ཞེས་ཏེ་བྱང་ཆུབ་ནི་ཕྱག་རྒྱ་ཆེན་པོ་དད་ཐུན་མོང་ངོ༌། །དེ་རྙེད་བར་དཀའ་བ་ནི་ཞལ་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པའི་ཕྱག་རྒྱ་ཆེན་པོས་བསྒྲུབ་པར་འགྱུར་གྱི་གཞན་གྱིས་མ་ཡིན་པའོ། །གཞན་ནི་གཞན་འཁྲུལ་པ་བཟློག་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོ་ནི་མི་རྣམས་ཀྱིས་ཕྱེ་བས་ཡན་ལག་མི་རྫོགས་པས་བྱིན་གྱིས་རློབ་པར་མི་བྱེད་དོ། །ལྷ་རྣམས་ཀྱིས་ནི་མཐུ་རྫོགས་པར་ནུས་པའི་ཕྱིར་ན། དེ་ལྷག་པར་བྱིན་གྱིས་རློབ་པས་ན་ཇི་སྐད་དུ་བཤད་པའི་དུས་སུ་ཐོབ་པར་བྱེད་པའོ། །འོ་ན་ཇི་ལྟར་བྱ་ཞེ་ན་དེ་ཉིད་གསུངས་པ། དེ་བས་ཞེས་པ་ལ་སོགས་པའོ། །དམ་ཚིག་ཚུལ་ཤེས་པ་ཞེས་པ་ནི་དམ་ཚིག་གི་ཚུལ་རྫོགས་པར་ཤེས་པ་སྟེ། རྣལ་འབྱོར་པ་གཉིས་སོ། །སྔགས་ཀྱི་ལྷ་རྣམས་ཞེས་པ་ནི་འོག་ནས་འབྱུང་བའི་ལྷའོ། །གནས་ནས་སུ་ཞེས་པ་ནི་ཁྱེའུ་དང་བུ་མོ་ལོ་བཅུ་གཉིས་ལོན་པ་སྟེ། དེ་ལྟར་གནས་པར་བྱས་ནས་བྱིན་གྱིས་བརླབས་ཀྱང་རབ་བསྒོམས་ལ་ཞེས་པ་ནི་དེ་རྣམས་ཉེ་བར་སྒྲུབ་པ་ལ་སོགས་པས་ཀྱང་མཚོན་ནས་དེ་གཉིས་བླ་མ་དང༌། སློབ་མའི་ངོ་བོས་སྒྲུབ་པའི་དཀྱིལ་འཁོར་རྣམས་ནི་བྲི་བར་བརྟག །ཅེས་བའོ། །ད་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་རིགས་ཀྱི་ལྷ་དངོས་གང་དབབ་པ་གསུངས་པ། རྒྱལ་ཆེན་ཞེས་པ་ལ་སོགས་པའོ། །སྐུའི་རིགས་


DTG039_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣལ་འབྱོར་པས་ཁྱེའུ་ལ་རྣམ་པར་སྣང་མཛད་དབབ། །བུ་མོ་ལ་ནི་སྤྱན་མ་དབབ་པར་བྱའོ། །དེ་བྲིས་པའི་ཕན་ཡོན་ནི་སྐུའི་རྡོ་རྗེ་ཁ་དོག་དང་གོ་འཕང་མཆོག་ཐོབ་ཅིང་རྡོ་རྗེ་སྐུའི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་སོ། །དེ་གཉིས་ཁོ་ནས་གསུང་གི་དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པ། རྡོ་རྗེ་ཆོས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་སོ། །བདག་གི་རིག་མ་ནི་གོས་དཀར་མོའོ། །དེ་གཉིས་སྣོད་གཉིས་ལ་དབབ་པར་བྱ་ཞེས་སོ། །ཐུགས་ཀྱི་དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །མཱ་མ་ཀའི་ཡང་སྣོད་རྣམ་པ་གཉིས་ལ་དབབ་པར་བྱ་ཞེས་སོ། །དེ་ལྟར་བྱས་པའི་ཡོན་ཏན་གསུངས་པ། དེ་ལྟར་བྱས་ན་ཞེས་པ་ལ་སོགས་པའོ། །བྱིན་གྱིས་རློབ་པ་ནི་སྤྱན་རས་གཟིགས་སོ།། ཡིད་ལ་དབང་བ་ནི་གོང་མ་ལྟར་དེ་བཞིན་གཤེགས་པ་རྣམས་སོ། །དེ་དེར་གཤེགས་ཏེ་སྒྲུབ་པ་པོ་དེ་ཐུགས་རབ་ཏུ་དགྱེས་པར་གྱུར་ནས་གསང་བ་མཆོག་གི་དངོས་གྲུབ་གསོལ་ཏོ་ཞེས་པའོ། །ད་ནི་རི་མོ་དང་དམ་ཚིག་གི་འཁོར་ལོ་བྱིན་གྱིས་བརླབ་པའི་ཕྱིར་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས་གཉིས་སུ་མེད་པར་བྱ་བ་གསུངས་པ། འདི་སྐད་ཅེས་པ་ལ་སོགས་པའོ། །སྔགས་ཀྱི་སེམས་དཔའ་བྱས་པ་ཡང༌། ཞེས་པ་ནི་དེ་བཞིན་གཤེགས་པའི་གཟུགས་ལ་དམིགས་པའི་སྔགས་སོ། །རྡོ་རྗེ་གསང་བ་རྨད་པོ་ཆེ། །ཞེས་པ་ནི་ཡེ་ཤེས་ཀྱི་འཁོར་ལོ་གནས་ན་རྣམ་པར་གནས་པའོ། །ཁྲོ་བོའི་རྒྱལ་པོ་ཞེས་པ་ནི་གཤིན་རྗེ་གཤེད་དོ། །རང་གི་ས་བོན་གྱིས་བསྐུལ་བས་དེའི་ཐུགས་ལས་སྤྲོས་པའི་གཤིན་རྗེ་གཤེད་ལྕགས་ཀྱུ་ཐོགས་པའི་གཟུགས་སྤྲོས་པས་དེ་དད་ལྷན་ཅིག་པའི་བགེགས་བསྐྲད་ནས་བཀུག་ནས་ནི་ཞེས་སོ། །དེ་ནས་ནང་དུ་ཞུགས་པ་ལ་བསྲུང་བ་ལ་སོགས་པ་བྱས་ནས་ཐིམ་པར་བསམ་མོ། །དེ་རྣམས་འཇུག་པའི་སྒོར་ཕྱོགས་པ་ལ་བསད་གཏོར་དང༌། ཉེ་རེག་དང་མཆོད་ཡོན་དང་ཞབས་བསིལ་ཕུལ་ནས་གོང་མ་ལྟར་ཁྲོ་བོ་གཞན་བསྐུལ་བས་གཞུག་པ་དང་བཅིང་པ་དང༌། དབང་དུ་བྱ་བ་


DTG039_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལོངས་སྤྱོད་བཞི་དང་ལྡན་པའི་སངས་རྒྱས་ཐམས་ཅད་མཆོད་པར་བྱ་ཞེས་སོ། །གང་གིས་མཆོད་པར་བྱ་ཞེ་ན་རྡོ་རྗེ་དྲི་མེད་ཅེས་པ་ལ་སོགས་པའོ། །རྡོ་རྗེ་དྲི་མེད་གསུམ་ནི་སྐུ་ལ་སོགས་པའོ། །དེའི་ངོ་བོ་ལས་མི་འདའ་བས་ན་དམ་ཚིག་མཆོད་པ་སྟེ། ལྷ་མོ་བཅུའོ། །དེ་ཆོ་ག་ཇི་ལྟ་བ་བཞིན་དུ་བསྒོམས་པས་དུས་གསུམ་ཞེས་པ་ནི་ཉེ་བའི་མཚན་ཉིད་དེ་དུས་བཞིར་མཆོད་པར་བྱའོ། །དེས་སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱེད་ཅེས་སོ། །དེ་བཞིན་དུ་བསྟོད་པ་དང་བདུད་རྩི་མྱང་བ་ཡང་ཤེས་པར་བྱའོ། །རི་མོའི་དཀྱིལ་འཁོར་སྒྲུབ་པ་མན་ངག་གཞན་ཡང་སྣང་བ་འདིར་མ་བཤད་དོ། །དཀྱིལ་འཁོར་མཆོད་ནས་བར་ཆད་ཞི་བར་བྱ་བའི་ཕྱིར་ཕྱོགས་སྐྱོང་བ་རྣམས་ལ་ཕྱི་རོལ་དུ་གཏོར་མ་དབུལ་པ་གསུངས་པ། སྔགས་རྣམས་ཞེས་བྱ་བ་ལ་སོགས་པ། སྔགས་རྣམས་ཐམས་ཅད་ཉིད་ལ་ཡང༌། ཞེས་པ་ནི་དཀྱིལ་འཁོར་པ་རྣམས་དང་ཕྱོགས་སྐྱོང་བ་རྣམས་སོ། །དེ་ཡང་གཞུང་གཞན་ལས་གྲགས་པའི་སྤྱན་སྟོང་ལ་སོགས་པའི་གཟུགས་སུ་རང་རང་གི་ཕྱོགས་སུ་བསྐྱེད་ལ་བདག་པོ་ཁྲོས་པའི་སྙིང་ལས་འོད་ཟེར་ནག་པོའི་ལྕགས་ཀྱུས་རང་གི་ཕྱོགས་སྐྱོང་བ་བཀུག་ནས་གཉིས་སུ་མེད་པར་བྱས་ལ། མཆོད་པ་དང་བསྟོད་པས་མཉེས་པར་བྱས་ནས་རྨད་དུ་བྱུང་བའི་གཏོར་མ་འབུལ་ལོ་ཞེས་སོ། །ཇི་ལྟ་བུ་ཞེས་ན་བཤང་གཅི་ཞེས་པ་ལ་སོགས་པའོ། །བཤད་པ་ནི་དྲི་ཆེན་ནོ། །གཅི་བ་ནི་དྲི་ཆུའོ། །ཤ་ནི་ཤ་ཆེན་ནོ། །འབྲུ་མར་ནི་རཀྟའོ། །སེམས་ལས་བྱུང་བ་ནི་བྱང་ཆུབ་སེམས་སོ།། ཤ་ལྔ་དག་ནི་ཞེས་པ་ནི་གླང་པོ་ཆེ་ལ་སོགས་པའི་ཤ་སྟེ་གོང་མའི་རིམ་པས་སྦྱངས་པའི་གཏོར་མ་རང་རང་གི་སྔགས་ཀྱིས་བྱིན་པས་ཚིམ་པར་ཀུན་དུ་བཤད་ཅེས་སོ། །དེ་ནས་འདོད་པའི་དོན་བཞིན་གསོལ་བ་བཏབ་ནས་གཤེགས་སུ་གསོལ་ཏེ། སྲུང་པ་ལ་སོགས་པའི་ཆོ་གས་ནང་དུ་འགྲོ་བ་ཆོ་ག་འདི་ནི་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་མཆོག་གོ །དེས་བར་ཆད་མེད་པས་ན་སངས་རྒྱས་ཀྱི་བྱང་ཆུབ་ཡང་རྫོགས་པར་བྱེད་པའོ་ཞེས་སོ། །གཏོར་མའི་ཆོ་ག་གཞན་ནི་འདིར་མ་བཤད་དོ། །ལས་དང་པོའི་རྣལ་འབྱོར་བས་སློབ་དཔོན་


DTG039_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ཟུང་གཅིག་གིས་དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པ། ཐིག་གདབ་ཅེས་བྱ་བ་ལ་སོགས་པའོ། །བདག་ཉིད་ནམ་ཞིག་སྤྱོད་པ་ནི། །ཞེས་པ་ནི་རང་གི་བྱ་བ་ལ་གནས་པའི་རྣལ་འབྱོར་བ་ལ། སྣོད་དུ་རུང་བའི་གང་ཟག་ལ་སོགས་པས་ཞུས་ནས་སྤྱོད་པའི་དུས་སུ་ཞེས་སོ། །རྣམ་པར་སྣང་མཛད་བསྒོམས་ནས་ནི། །ཞེས་པ་ནི་སྐུའི་དཀྱིལ་འཁོར་བྲི་བའི་དུས་སུ་བླ་མ་རྣམ་པར་སྣང་མཛད་དུ་བསྒོམས་ནས། ཐིག་སྐུད་ཀྱི་སྣ་གཅིག་ནས་བཟུང་ནས་སློབ་མ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པ་འམ། ཡང་ན་རྡོ་རྗེ་མི་འཆི་སྟེ་བདུད་རྩི་འཁྱིལ་པར་བསྒོམས་ལ་སྣ་གཅིག་བཟུང་ལ་དེ་གཉིས་ཀྱང་ལོངས་སྤྱོད་བཞི་དང་ལྡན་པས་ན། སངས་རྒྱས་ཀུན་གྱིས་དབང་བསྐུར་རོ། ལས་ཀྱི་གོ་འཕང་ཞེས་པ་ནི་དེ་གཉིས་ཐིག་འདེབས་པ་དང་ཆ་དབྱེ་བ་ལ་སོགས་པ་བསྒོམ་པར་བྱ་ཞེས་སོ། །ཐིག་བྱིན་གྱིས་བརླབ་པའི་ཆོ་ག་གསུངས་པ། སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །སྟ་གོན་དུ་གནས་པ་རྫོགས་པའི་རྣལ་འབྱོར་པས་སྐུད་ཕ་ཁ་དོག་སོ་སོར་བཙོས་པ་ལྔ་ཡེ་ཤེས་ཉི་ཤུ་རྩ་ལྔའི་བྱེ་བྲག་ཏུ་མོས་བར་བྱས་ཁ་སྦྱར་གྱི་དཀྱིལ་འཁོར་དྲན་པའི་ཡུལ་དུ་བྱས་ནས་རང་གི་ལྷའི་ཏིང་ངེ་འཛིན་ལ་གནས་པས་ཉི་ཟླའི་མིག་ཛས་མཚོན་པས་དེ་ལ་བལྟ་ཞིང་དེ་པ་ཏ་ཨཾ་ཀུ་ཤ་ཛཿ་ཞེས་བརྗོད་པས། འོད་ཟེར་གྱི་ལྕགས་ཀྱུ་འཕྲོ་བས་ཐུགས་ཀ་ཡེ་ཤེས་ཀྱི་སྐུད་པ་རྫི་མ་རླེབ་རླེབ་པོའི་འོད་དང་གོང་དུ་གསུངས་པའི་སྔགས་ཀྱིས་བཀུག་ནས། རྡོ་རྗེའི་ཐིག་སྐུད་སོ་སོའི་ཁ་དོག་དགོད་ཅེས་ཐིམ་པར་བྱའོ། །དེ་ནས་ཨ་ནྱོ་ནྱོ་ཨ་ནུ་ག་ཏ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ནས་བསྒྲིལ་བར་བྱའོ། །གསེར་དངུལ་ལ་སོགས་པའི་སྣོད་དུ་བདུད་རྩི་ལྔ་བྱུགས་ཤིང་སྔགས་ཀྱིས་བསྲུང་བ་བྱས་ནས་ཡི་གེ་གསུམ་གྱི་བར་དུ་གནས་པར་བསམ་མོ། །དེ་ནས་ཛ་གསུམ་གྱིས་བརྐྱང་ནས་སློབ་མ་ལ་གཏད་ཅིང་དེས་ཀྱང་ཛ་གསུམ་བརྗོད་པར་བྱའོ། །དེ་ནས་སྔགས་དང་ཚིགས་བཅད་ཀྱིས་ནམ་མཁའ་དང་སའི་ཐིག་མ་ལུས་པ་ཇི་ལྟར་བཤད་པ་བཞིན་དུ་གདབ་ཕར་བྱའོ་ཞེས་སོ། །དེ་ལྟར་བྱས་


DTG039_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པས་ན། གསང་བ་རབ་ཏུ་ངོ་མཚར་བའོ་ཞེས་སོ། །ཆོ་ག་དེས་ཚོན་བྱིན་གྱིས་བརླབ་པའི་ཆོ་ག་གསུངས་པ། རྣམ་པ་ཞེས་པ་ལ་སོགས་པའོ། །ཉི་ཤུ་རྩ་ལྔ་ནི་ཡེ་ཤེས་རྩ་ལྔའི་བྱེ་བྲག་ཏུ་ཚོན་ཡང་མོས་པ་བསྒོམ་ཞེས་པའོ། །ཀྱང་ཞེས་པའི་སྒྲས་ནི་ཐིག་སྐུད་ལ་སྙེགས་པའོ། །དེ་ཡང་ཚོན་རྣམ་པར་ཕྱེ་བའི་རྣལ་འབྱོར་པས་རིན་པོ་ཆེ་རྣམ་པ་ལྔ་འམ། འབྱུང་ཁུངས་ཀྱི་ཕྱེ་མ་འམ། སཱ་ལུ་བཏགས་པ་ལ་སོགས་པ་གསེར་དངུལ་གྱི་སྣོད་དུ་བཞག་ལ་དྲི་ཞིམ་པོའི་སྤོས་ཅུང་ཟད་དང་བསྲེས་པ་ལ་གོང་མ་ལྟར་ནམ་མཁའི་དཀྱིལ་འཁོར་དགུག་ཅིང་སོ་སོར་ཐིམ་པར་བྱས་ནས་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་དོ། །དེ་ནས་འབར་བའི་ལྟ་བས་ཚོན་རྩི་ལ་བལྟས་ལ། གང་ཞིག་སངས་རྒྱས་བདེན་པ་རྣམས། །སེམས་ཅན་དོན་ལ་ཆགས་པའོ། །རྗེས་སུ་ཆགས་པའི་བདེན་པ་དེས། ཚོན་རྩི་རྣམས་ནི་འབར་གྱུར་ཅིག །ཅེས་བརྗོད་པས་འོད་འབར་བར་བསམས་ཏེ་ཡང་དག་པར་མཆོད་ནས། རྡོ་རྗེ་ཤུགས་ཀྱིས་ཐིག་ནམ་མཁའ་ལ་བཏེག་ནས། ཆོས་ཀྱི་དབྱིངས་ཀྱི་དག་པ་འདི་ནི་ཞེས་བྱ་བ་ལ་སོགས་པའི་མོས་པས་ནང་དུ་ཞུགས་ཏེ། གཡོན་པའི་ཁུ་ཚུད་ཀྱིས་དབང་ལྡན་གྱི་མཚམས་ནས་ཕྱི་རོལ་ནས་དང་པོ་དཀར་པོ་སེར་པོ་དམར་པོ་ལྗང་གུ་མཐིང་ག་རྣམས་ཡ་ཕུབས་ཀྱི་ཚད་དུ་བྲིས་ནས་ཅི་བདེ་པར་བྲི་བར་བྱ་ཞེས་སོ། དེ་བཞིན་དུ་རྡོ་རྗེ་དྲིལ་བུ་དང་ལྡན་པར་བྱུང་བའི་སྔགས་ཀྱིས་ཕྱོགས་ཀྱི་ཚོན་དང་རྡོ་རྗེ་རྩེ་མོ་དང་ཕྱག་མཚན་རྣམས་ཀྱང་གདབ་པར་བྱའོ་ཞེས་སོ། །ཐུན་མོང་མ་ཡིན་པའི་གསང་བའི་བྱང་ཆུབ་ཐོབ་པའི་ཐབས་དམ་པ་ཡིན་ཞེས་སོ། །ད་ནི་སྔར་བཤད་པའི་གཏོར་མ་ཕུལ་ལ་རྣལ་འབྱོར་གཞན་གྱི་ནང་དུ་ཞུགས་ལ་ལྷག་ཆད་ཀྱི་སྐྱོན་བསལ་བ་གསུངས་པ། སྔགས་རྣམས་ཞེས་པ་ལ་སོགས་པའོ། །སྔགས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་གང་ལ་ཡང་རྡོ་རྗེ་ཧཱུཾ་ནི་ཞེས་ཏེ་ཧཱུཾ་གི་སྒྲས་ལྷ་ཆེན་པོ་རྣམས་འགྱེལ་བར་མཛད་པ་སྟེ། ཁམས་གསུམ་རྣམ་པར་རྒྱལ་བའོ། །


DTG039_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་མི་བསྐྱོད་པ་ལྟ་བུ་གཡས་ན་རྡོ་རྗེ་དང་ལྕགས་ཀྱུ། གཡོན་ན་རལ་གྲི་དང་ཞགས་པ། དང་པོ་གཉིས་ཀྱིས་རང་གི་ལྷ་མོ་ལ་འཁྱུད་པ། ཟེའུ་ཀ་སྔོན་པོ་དང་སྨད་གཡོགས་དམར་པོ་དང༌། སྟོད་གཡོགས་སེར་པོ་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་ནས་ནང་དུ་ཞུགས་ཏེ། དཀྱིལ་འཁོར་ལ་བསྐོར་པ་གསུམ་བྱས་ནས་ཤར་ཕྱོགས་ཀྱི་སྒོར་ཕྱག་འཚལ་ཏེ་མེ་ཏོག་གི་ཕྲེང་བ་སྔོན་པོ་གཏོར་ཏེ། ཕྱིར་བླངས་ཏེ་བདག་གི་སྤྱི་བོར་བཅིངས་པར་བསམས་པས། ཐམས་ཅད་དགའ་བར་འགྱུར་རོ། །ད་ནི་དངོས་གྲུབ་ཆེན་པོ་ལ་གཏོགས་པ་ཞི་བའི་སྒྲུབ་པ་ལ། སངས་རྒྱས་གཟིགས་པར་བྱ་བའི་ཆོ་ག་གསུངས་པ། སྐུ་དང་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་མཆོག །ཅེས་པ་ནི་རྡོ་རྗེ་གསུམ་གྱི་ལས་མཛད་པ་གནོད་མཛེས་རྒྱལ་པོ་སྟེ་དེ་གནས་ལྔ་དག་ཏུ་བསྒོམ་པར་བྱ། །ཞེས་པ་ནི་སངས་རྒྱས་ལྔའི་དབུ་རྒྱན་ལ་བསྒོམ་པ་ཞེས་སོ། །ཡང་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི་དེའི་རང་བཞིན་ཏེ་རྡོ་རྗེ་སེམས་དཔའོ། །དེ་སངས་རྒྱས་རེ་རེའི་གནས་ལྔ་དག་ཏུ་བསྒོམ་པར་བྱ་ཞེས་ཏེ། མགོ་བོ་དང༌། ལྐོག་མ་དང༌། སྙིང་ག་དང༌། སྟེ་པ་དང༌། གསང་བར་བསྒོམ་པར་བྱ་ཞེས་པས་བྱིན་གྱིས་རློབ་ཅེས་སྦྱར་རོ། །རྡོ་རྗེ་མི་ཕྱེད་གསུམ་ལས་སྐྱེས་པ་ནི་སངས་རྒྱས་ཐམས་ཅད་དོ། །རྡོ་རྗེ་སེམས་དཔའ་བློ་ལྡན་པས། །ཞེས་པ་ནི་རྣལ་འབྱོར་པ་ལའོ། །སངས་རྒྱས་རྣམས་འཇིགས་ཤིང་སྐྲག་ནས་བྱིན་བྱིས་རློབ་ཅེས་སོ། །ད་ནི་བུམ་པ་སྟ་གོན་དུ་གནས་པའི་ཆོ་ག་གསུངས་པ། རྡོ་རྗེ་བུམ་པ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་ལ་སོགས་པའོ། །དེའི་བུམ་པ་ནི་དེས་བདག་པོ་བྱས་པའོ། །དེ་ཡང༌། སྔགས་རྒྱུད་བདག་པོར་ཤེས་པར་བྱ། །ཞེས་ཏེ། སོ་སོའི་སྔགས་ཀྱིས་བྱིན་གྱིས་རློབ་པ་ཁ་རྒྱན་ལ་སོགས་བ་འབྲེལ་བ། ལྷ་སོ་སོའི་མཚན་མས་བདག་པོ་བྱས་པའི་བུམ་པ་རྣམས་ཞེས་སོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞིས་པ་ནི་རྣམ་པར་མོས་པའི་ཏིང་འཛིན་ནོ། །འཆིང་ཞིང་འགུགས་པས་ན། ཞགས་པ་ལྕགས་


DTG039_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་རྡོ་རྗེ་བསྣམས། །ཞེས་པ་ནི་ཡེ་ཤེས་འཁོར་ལོ་ངག་གཉིས་སུ་མེད་པར་བྱ་བ་སྟེ། ཏིང་ངེ་འཛིན་བརྟན་པའི་བློས་བརྟག་པར་བྱའོ་ཞེས་སོ། །དེ་ཡང་སྟེགས་པུ་ལ་མཎྜལ་བདུད་རྩི་ལྔས་བྱུགས་པ་ལ། མེ་ཏོག་སིལ་མ་བཀྲམ་ནས་དེར་དམ་ཚིག་གི་འཁོར་ལོ་བསྐྱེད་ནས་གཞན་དང་གཉིས་སུ་མེད་པར་བྱས་ནས་མཆོད་པ་ལ་སོགས་པ་བྱས་ནས་གསོལ་བ་ལན་གསུམ་དུ་གདབ་པར་བྱའོ། །དེ་ནས་མཆོད་པའི་བུམ་པའི་ལྷའི་གྲངས་དང་མཐུན་པར་བྱས་ལ། རྣམ་པར་རྒྱལ་བའི་བུམ་པ་ལ་བདག་པོའི་སྔགས་བཟླ་ཞིང་དེ་བཞིན་དུ་བསང་བྱེད་ཀྱི་བུམ་པ་ལ་བདུད་རྩི་འཁྱིལ་པའི་སྔགས་བཟླས་པར་བྱའོ། །དེ་རྣམས་སྤོས་བསྲེག །སྦྱར་བའི་དྲི་ཞིམ་པོའི་ཆུ་དང་འབྲུ་དང༌། སྨན་དང་རིན་པོ་ཆེ་ལྔ་དང་ལྡན་པར་བྱས་ནས་མགུལ་པར་རས་ཀྱིས་ཡང་དག་པར་དཀྲིས་ཏེ། ཨ་མྲ་ལ་སོགས་པའི་ཡལ་ག་དང་ལྡན་པ་མེ་ཏོག་གི་ཕྲེང་བས་བཅིངས་པའི་རྡོ་རྗེ་དབང་བསྐུར་བའི་བུམ་པའི་ཁར་བཞག་ལ། གཞན་དུ་ཀུ་ཤའི་བམ་པོ་གཞག་པར་བྱའོ། །དེ་ནས་དེ་ལས་གྱུར་པའི་གསེར་གྱི་བུམ་པ་ལ། ཧྲཱིཿ་ལས་གྱུར་པའི་པདྨའི་སྟེང་དུ་མ་དང༌། ཨ་ལས་གྱུར་པའི་ཉི་མ་དང་ཟླ་བའི་གདན་ལ་བྱང་ཆུབ་སེམས་ལས་ས་བོན། དེ་ལས་མཚན་མ། དེ་ལས་ལྷ་མོའི་སྐུ་བསམས་ནས། དཀྱིལ་འཁོར་གཞན་དང་གཉིས་སུ་མེད་པར་བྱས་ནས། མཆོད་པ་ལ་སོགས་པས་མཉེས་པར་བྱས་ནས་ཐུན་གསུམ་དུ་གཏོར་མ་ཡང་ཕུལ་ནས་གོང་མ་ལྟར་གསོལ་བ་གདབ་པར་བྱའོ་ཞེས་སོ། །ལྷག་ཆད་ཀྱི་སྐྱོན་བསལ་བའི་རྣལ་འབྱོར་པས་སྦྱིན་སྲེག་གིས་མཉེས་པར་བྱ་བའི་ཆོ་ག་གསུངས་པ། དངོས་གྲུབ་ཅེས་པ་ལ་སོགས་པའོ། །དངོས་གྲུབ་ཀུན་གྱི་འབྲས་འདོད་པས། །ཞེས་པ་ནི་ལྷ་ཚིམ་པ་སྟེ་སྟེར་བའི་ཕྱིར་སྔགས་ཞེས་པ་ནི་སྦྱིན་སྲེག་བྱའོ་ཞེས་སོ། །ཇི་ལྟ་བུའི་སྦྱིན་སྲེག་བྱ་ཞེ་ན། བཤད་གཅི་འབྲུ་མར་ཤ་ལ་སོགས། །ཞེས་ཏེ་འབྲུ་མར་ནི་ཁོ་ནའོ། །གཞན་རྣམས་ནི་བསྲེག་བྱ་ཇི་སྙེད་པ་ནི་སྤྱིན་སྲེག་ཏུ་ནི་དབུལ་བྱ་ཞེས་སོ། །རྡོ་རྗེ་མི་ཕྱེད་གསུམ་དག་ལ། །ཞེས་པ་ནི་དཀྱིལ་འཁོར་པ་རྣམས་ལའོ། །རྡོ་རྗེ་གསང་བའི་སྦྱིན་སྲེག་དབུལ། །ཞེས་ཏེ་ལྷ་མོ་


DTG039_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ལ་སོགས་པའི་མཆོད་པ་ཡང་དབུལ་བར་དགོངས་པའོ། །དབུས་སུ་ལྷ་ཡི་གཟུགས་བསམས་ཏེ། །ཞེས་པ་ནི་ཇི་སྐད་དུ་བཤད་བའི་ཐབ་ཏུ་མེ་ལྷ་ལ་དགང་བླུགས་ཕུལ་ནས་དེའི་སྙིང་གར་རང་གི་ལྷའི་འཁོར་ལོ་བསམ་པ་ལ་སོགས་པ་བྱས་ཏེ། དེ་ནས་དེའི་ཞལ་དུ་སྲེག་བླུགས་དབབ་བར་བྱ་ཞེས་སོ། །དབང་པོ་གཉིས་ནི་ལྷའི་དབང་པོ་དང་དཀྱིལ་འཁོར་པ་རྣམས་ཏེ་འདའ་བར་མི་བྱ་བས་ན་དམ་ཚིག་གོ །དེས་སྦྱིན་སྲེག་བརྒྱ་རྩ་བརྒྱད་ལ་སོགས་པ་བྱའོ་ཞེས་སོ། །སྦྱིན་སྲེག་ཆོ་ག་མདོར་བསྡུས་ནས་བདག་གིས་བཤད་བར་བྱ་སྟེ། ཇི་སྐད་དུ། མེ་ཏོག་ས་དྲི་ཚོན་རྩི་སོགས། །ཁ་དོག་དཀར་གཟུང་ཞི་བ་ལ། །ཧོམ་ཁུང་ཟླུམ་པོ་ཁྲུ་གང་ལ། །ཁ་ཞེང་འོག་ཏུ་ཁྲུ་ཕྱེད་ཟབས། །བཅུ་དྲུག་སོར་ཚད་པདྨར་གནས། །དེ་དབུས་རྡོ་རྗེ་སོར་བརྒྱད་པ། །རྩེ་ལྔ་ཤར་དུ་མགོ་གཏད་བྲི། །དེ་བཞིན་ས་སྟེངས་སོར་བཞི་པ། །ཁ་ཁྱེར་མཐོ་དམན་ཧོམ་ཁུང་དབྱིབས། །རྩེ་གསུམ་རྡོ་རྗེ་རྣམས་ཀྱིས་ནི། །མཚམས་སུ་གནས་པར་བྲི་བར་བྱ། །ཧོམ་ཁུང་གཅི་བ་ས་གཉིས་ཀྱིས། །དྲི་ཞིམ་ཆུ་ཡིས་དེ་བཞིན་བྱུག །དྲི་ཞིམ་མེ་ཏོག་ལ་སོགས་པས། །དུས་མཚམས་གསུམ་དུ་མཆོད་པར་བྱ། །རྒྱས་པ་ཧོམ་ཁུང་སེར་པོ་སྟེ། །སྔ་མའི་ཚད་ལས་ཉིས་ལྟ་བ་གཟུང༌། །ཟུར་བརྒྱད་རིན་ཆེན་ལྟ་བུ་འམ། །ཡང་ན་གྲུ་བཞི་པ་རུ་བྱ། །རྩིབས་བརྒྱད་འཁོར་ལོ་ལྟེ་བར་གནས། །རིན་ཆེན་རྡོ་རྗེ་སོར་དྲུག་པ། །ཧོམ་ཁུང་དབུས་སུ་དེ་བཞག་ནས། །ཉིས་ལྟ་བ་ཚད་དུ་ས་སྟེངས་ནི། །མ་ལུས་པར་ནི་རིན་ཆེན་བསྐོར། །མེ་ཏོག་སྣ་ཚོགས་ལ་སོགས་མཆོད། །ས་དང་བདུད་རྩི་དྲི་ཞིམ་གྱིས། །ཧོམ་ཁུང་ས་ནི་བྱུག་པར་བྱ། །མངོན་སྤྱོད་ཧོམ་ཁུང་ནག་པོ་སྟེ། །ས་སྐམས་རྩུབ་མོ་འགས་པའི་ས། །ཧོམ་ཁུང་ཁ་ནི་མ་བཀག་པ། སོར་མོ་ཉི་ཤུ་གྲུ་གསུམ་པ། །ཁྲོ་བོ་སོར་ཚད་འོག་ཏུ་བཅུ། །སོར་བརྒྱད་རྩེ་གསུམ་དབུས་སུ་གནས། །སྔོན་བཞིན་ས་སྟེང་ས་ཁ་ཕྱིར་བལྟ། །ཚད་དུ་སོར་གསུམ་དུར་ཐལ་དང༌། །བོང་བུ་རྔ་མོ་སོགས་ལྕི་བ། །ས་དང་བསྲེས་ལ་བྱུག་པར་བྱ། །དྲི་མི་ཞིམ་


DTG039_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མེ་ཏོག་གམ། །ཡང་ན་དམར་པོ་རྣམས་ཀྱིས་ནི། །འབྲུ་ཤུན་ལ་སོགས་གཏོར་བྱས་ལ། །འོད་ཟེར་ཤིན་ཏུ་དྲག་པོར་འབར། །གཟི་ཆེན་ལ་སོགས་མར་མེ་བཞིན། །བྷ་ག་ལྟ་བུར་ཁ་དོག་དམར། །ཧོམ་ཁུང་ཟླ་བ་ཕྱེད་པ་འདྲ། །རྡོ་རྗེ་པདྨ་དང་བཅས་དབུས། །གཞན་ཀུན་ཞི་བ་ལྟ་བུར་བྱ། །དབང་ལ་དྲི་ཞིམ་ས་ནི་བྱུག །དགུག་པ་ལ་ཡང་དེ་བཞིན་ནོ། །ཧོམ་ཁུང་རྡོ་རྗེ་རྩེ་གཅིག་ལྟར། །རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འདིར། །ཕྱི་མ་རྣམས་ནི་ཞི་བ་བཞིན། །ལས་ཀུན་བྱེད་པ་ཞི་བ་བཞིན། །པདྨ་ཁ་བྱེ་ལྟ་བུ་ནི། །ཕྱོགས་སུ་རྡོ་རྗེ་ཕྱི་རོལ་མཚན། །ཆོ་ག་བཞིན་དུ་ཁ་ཁྱེར་ནི། །ནང་དུ་རྡོ་རྗེ་ཕྲེང་བས་བརྒྱན། །ཕྱག་མཚན་བཞི་ནང་རིང་ཐུང་མཐོ། །སོར་བརྒྱད་དང་ནི་སོར་གཅིག་པ། །རང་གི་ཕྱག་མཚན་ལྡན་པའོ། །དགུག་པ་མངོན་སྤྱོད་རྒྱས་པ་རྣམས། །ནུབ་ཕྱོགས་བྱང་ཕྱོགས་ལྷོ་རྣམས་ཀྱིས། །ཤར་ཕྱོགས་ཞི་བ་དབང་གཉིས་ལ། །འཁོར་ལོ་གཞལ་ཡས་ཁང་དུ་ནི། །ཟ་བ་སྤོས་ནི་ཚོན་རྩིས་ཀྱང༌། །ཞི་བ་དགོངས་དུས་རེངས་པ་ལ། །ནང་པར་རྒྱས་པ་དགོངས་ཀའོ། །དགུག་པ་ཉིན་ཕྱེད་མངོན་སྤྱོད་ནི། །དབང་གི་ནམ་ཕྱེད་འདོད་པ་ཡིན། །ཐབ་དང་ཕྱོགས་དང་དུས་བསྟན་པའོ། །པ་ལཱ་ཤ་དང་ཨ་ཤྭ་དང༌། ཨུ་དུམྺ་ར་དང་ཀསྨ་རི། །ཨ་མྲ་དང་ནི་ཀ་དམ་པ། །ས་མི་དང་ནི་པ་ལ་ཁ། །ནྱ་གྲོ་དྷ་ནི་དེ་བཞིན་དུ། །འོམ་བུ་ཤིང་རློན་ལོ་མ་གཉིས། །ལོ་མ་མཉམ་པོ་རྩེ་གཅིག་པ། །བདུད་རྩི་དྲི་ཞིམ་ཆུས་གཏོར་ནས། །མར་འོས་འབྲས་ཀྱིས་མགོ་མཇུག་བསྐུ། །སྦོམ་ཕྲ་མཐེ་ཆུང་ཚད་ཙམ་ལ། །མཉམ་པར་བཅད་ལ་སོར་བཅུ་གཉིས། །མཆོག་ཏུ་གྱུར་པའི་ཡམ་ཤིང་ངོ༌། །ཉམས་པ་ལྕི་བ་ཕྲ་བ་ཡོ། །རིང་བ་ཐུང་བ་ལོ་མ་ལྷག །འབུ་ཡིས་ཟོས་པ་དང་ལྡན་པ། །ཤུལ་མེད་ཆག་པ་ཁུང་བུ་ཅན། །རྩེ་གཉིས་ཐོབ་པ་སྤང་བར་བྱ། །སྲེག་རྫས་གཞན་ཡང་འདི་ལྟ་སྟེ། །ཀུ་ཤ་འབྲུ་མར་དྲི་ཞིམ་བྱུག །འབྲས་ཆན་དཀར་པོ་འོ་མ་ནས། །འབྲུ་མར་ཞོ་དང་བྲི་ཡང་ཀུ། །ཙནྡན་དཱུར་པ་ཡི་ནི་རྫས། །དྲི་ཞིམ་


DTG039_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲང་རྩི་ཐུག་པ་དང༌། །ཨ་མྲའི་ལོ་མ་དེ་བཞིན་དུ། །མེ་ཏོག་ལ་སོགས་རྙེད་པ་བཞིན། །སྔོན་དུ་གསུངས་པ་རྣམས་ཀྱི་དཀྱིལ། །ཡམ་ཤིང་དེ་བཞིན་ལག་པས་བཟུང༌། །འོ་མ་ཞོ་མར་དེ་བཞིན་གཏོར། །མངར་གསུམ་བཅུག་པ་ཡང་དག་ཟས། །ཞོ་དང་སྦྲང་རྩི་མར་དང་བཅས། །འབྲས་བུ་ན་བཟའ་ནག་པོ་ཏིལ། །མེ་ཏོག་རྒྱབ་ཏུ་དཱུར་བ་དང༌། །དཀར་པོ་འབྲས་དང་ཞོ་ཟན་དང༌། །པདྨ་ནཱ་ག་གེ་སར་དང༌། ཀརྞི་ཀར་དང་འབྲུ་རྣམས་སོ། །དུར་ཐལ་ཤིང་དང་ཁ་བ་དང༌། །དེ་བཞིན་ཚ་བ་ཚེར་མ་ཅན། །ཡམ་ཤིང་སྩལ་བ་རྩེ་བའི་ཕྱོགས། །ཚད་ནི་སོར་ནི་བཅུ་ཐམ་པ། །འབྲུ་མར་ཁྲག་དུག་རྣམས་ཀྱིས་བསྐུ། །མགོ་མཇུག་རྩེ་མོ་རྣོན་པོར་བྱ། །བྱ་རོག་སྒྲོ་སོགས་རོ་སྐྲ་གཏུབས། །དྲི་ཆེན་དྲི་ཆུ་ཚེར་མ་རྣམས། །བོང་བུ་རྔ་མོ་སོགས་རིལ་མ། །རུས་ཕྱེ་ནི་མ་པའི་ལོ་མ་སོགས། །རྙེད་བཞིན་མཚན་མ་བྱས་པ་འམ། །མཚོན་ཆ་རྣོན་པོས་བཅད་ནས་སུ། །གཡོན་པའི་མཐེའུ་ཆུང་ཙམ་ནས་བསྲེག །དུར་ཁྲོད་ལ་སོགས་མི་སྡུག་པ། །སྐྱོན་མེད་ཡོན་ཏན་བཞི་པ་ལའོ། །ལོ་མ་དང་ལྡན་སོར་ལྔ་པ། །ཙམ་པ་ཀ་དང་པྲི་ཡང་ཀུ། །ནཱ་ག་གེ་སར་ཀུ་ན་ག །གེ་སར་དང་ནི་ལ་ཀ་ཙ། །ཨ་ཤོ་ཀ་དང་ཤལ་ཤིང་རྣམས། །དེ་བཞིན་ནགས་ཚལ་ལས་བྱུང་རྣམས། །མེ་ཏོག་འབྲས་བུ་མ་ཉམས་ཀུན། །ཡམ་ཤིང་དབང་དུ་བྱ་བ་ལ། །ཚེར་མ་དགུག་པའི་ཕྲིན་ལས་ལ། །དེ་ཉིད་ལྕགས་ཀྱུ་ལྟ་བུ་ནི། །སྒྲུབ་པོ་རླུང་ཕྱོགས་ཁ་བལྟའོ། །ཕྱོགས་མཚམས་སུ་ནི་བརྗོད་པ་རྣམས། །ཡིད་འོད་དྲི་ཞིམ་གཏོར་བྱས་ཀུན། །བྲྀང་ཀང་ཀ་དང་ཨརྒ་དང༌། །བར་ཏི་ར་དང་ཁ་ཏི་ར། །ཨ་པ་མརྒ་ལྷག་མ་རྣམས། །ཞི་བར་གསུངས་སོ་ཀ་དམ་པས། །གཞན་མ་ཇི་ལྟར་བཟུང་བ་བཞིན། །ཡང་ན་ཡམ་ཤིང་ཞི་བལྟར། །གཞན་ལ་ཐུན་མོང་ཆོ་གའོ། །སྲེག་རྫས་རྣམས་ནི་བསྟན་པའོ། །བ་ལང་ལྕི་བ་ནགས་ཚལ་གྱི། །ཧོམ་ཁུང་ཚད་ལས་མ་ཐལ་བར། །འབུས་མ་ཟོས་ཤིང་མཆོད་སྦྱིན་གྱི། །བུད་ཤིང་ཞི་བའི་ཕྲིན་ལས་ལ། །རྒྱས་


DTG039_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ནི་འབྲས་བུར་བཅས། །འདི་ནི་སྔོན་དུ་གསུངས་པ་ཉིད། །གཞན་ན་ནགས་ཚལ་ལྕི་བ་དངོས། །ཚ་བ་ཚེར་མ་ཁ་བ་རྣམས། །བུད་ཤིང་འདི་ནི་མངོན་སྤྱོད་ལ། །དྲི་མི་ཞིམ་པ་བྲོ་བའི་ཤིང༌། །དུར་ཤིང་རྔ་མོ་ལ་སོགས་པའི། །ལྕི་བ་སྐམ་པོ་རྙེད་པ་བཞིན། །དབང་ལ་ནི་མ་པ་སྐྱུར་པོ་ཤིང༌། །གཞན་ཡང་མེ་ཏོག་དང་བཅས་པ། །ཚེར་མ་ཡིན་གཟུང་དགུག་པ་ལ། །རང་རང་ཕྲིན་ལས་ཇི་ལྟ་བཞིན། །བུད་ཤིང་རབ་ཏུ་བསྟན་པའོ། །མགར་ཐབ་ལས་བྱུང་མཆོད་སྦྱིན་ནི། །སྦྱིན་སྲེག་མེ་ཡང་འདོད་པའོ། །རྒྱས་པ་ལ་ནི་དགེ་འདུན་གྱི། །གཡོས་ཁང་ནོར་བུ་ལས་བྱུང་བ། །ཡང་ན་རི་ཤོར་ཆེན་པོའི་མེ། །རྒྱལ་པོ་རྒྱལ་འདྲ་ཁབ་བྱུང་བ། །དྲག་པོ་ལས་ལ་གཞན་མ་བཤད། །མི་རུས་དུར་ཐལ་རྡོ་བ་དང༌། །ཤན་པའི་ཁྱིམ་ལས་བྱུང་བའི་མེད། །སྨད་འཚོང་མ་དང་རྗེའུ་རིགས། །ཁྱིམ་བྱུང་མེ་ནི་དབང་བྱས་ལ། །ལམ་དུ་ཞུགས་པའི་འགྲོན་པོ་ཡི། །མེ་ནི་དགུག་པའི་ཕྲིན་ལས་ལ། །གར་མཁན་མེ་ནི་དེ་བཞིན་དུ། །ཕྲིན་ལས་ཐམས་ཅད་རང་རང་བཞིན། །མེ་ནི་བླང་བ་བསྟན་པའོ། །གསེར་དང་ཟངས་མའི་སྣོད་ཆེན་བྱ། །ནི་མ་པ་ལ་སོགས་མཆོད་སྦྱིན་ཤིད། །ཚད་དུ་ཕྱིན་མིན་མཐེབ་སོར་གྱི། །ཉི་ཤུ་རྩ་བཞིའི་ཚད་དུ་བྱ། །དེ་ཡི་རྡོ་རྗེ་ལ་སོགས་བཅས། །ལག་ཏུ་གཟུང་བྱས་དེ་ཡི་སྟེང༌། །གྲུ་བཞི་སོར་བཞིར་གྱུར་པ་ལ། །ནང་དུ་སོར་གཉིས་རྡོ་རྗེས་བསྐོར། །དེ་སྟེང་རྩེ་གསུམ་རྡོ་རྗེ་ནང༌། །སོར་བཞི་པདྨའི་འདབ་མ་ལྟར། །སོར་གཅིག་ཚད་དུ་མ་ཕྱིན་པའི། །མར་འཛག་བུ་ག་དང་ལྡན་པ། །རིན་ཆེན་རྡོ་རྗེ་ཡུ་བའི་འོག །སོར་དྲུག་གིས་ནི་མཚན་པར་བྱ། །ཁྲུ་གང་ཚད་དུ་འཇག་པ་ནི། །འོག་ཏུ་རྡོ་རྗེ་རིན་ཆེན་བྱ། །སོར་གཉིས་ཁ་ཁྱེར་སྟེང་དུ་ནི། །པདྨ་འདབ་མའི་དབྱིབས་སུ་བྱ། །སོར་གཅིག་རྡོ་རྗེ་རྩེ་ལྔ་པ། །དབུས་སུ་བཀོད་ནས་གཞག་པའོ། །སོར་མོ་ལྔ་ནི་སྦྱོར་བ་ལས། །ཡང་ན་གང་བར་བསྲེག་པར་གསུངས། །དེ་བཞིན་གཞན་མ་སོང་གསུམ་བསྡུས། །སྣོད་ཆེན་འཛག་པ་ཞེས་བྱའོ། །བླུགས་


DTG039_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གཟར་དགང་གཟར་བསྟན་པའོ། །ཁྲུས་དང་གཙང་སྦྲ་བྱས་ནས་སུ། །ལུས་ལ་དྲི་ཞིམ་གྱིས་བྱུགས་ལ། །སྙིང་རྗེ་བྱམས་དང་ལྡན་པ་ཡིས། །གོས་དང་མེ་ཏོག་ལ་སོགས་བརྒྱན། །བརྟན་པོ་སྨྲ་བཅད་དང་ལྡན་པ། །འཇམ་པོ་འབོལ་པོ་གདན་ཆེན་ལ། །པདྨའི་སྐྱིལ་ཀྲུང་ལ་གནས་ལ། །ཚེས་གཅིག་དཀར་པོ་ནས་བརྩམས་ནས། །ཤར་དུ་ལྟ་བས་ཞི་བའི་སེམས། །ཞི་བའི་སྦྱིན་སྲེག་བྱེད་པའོ། །འདི་བཞིན་དགའ་བའི་སེམས་ཀྱིས་ནི། །ཁ་དོག་སྣ་ཚོགས་གོས་དང་ལྡན། །བཟང་པོའི་གདན་ལ་གནས་པའོ། །ཡང་ན་མི་རྗེ་སྒེག་པའི་ཚུལ། །ཞོ་དང་ཟས་དང་དཀར་ཟོས་ནས། །ཤིན་ཏུ་བདེ་བ་དང་ལྡན་པས། །ཉ་ཡི་དུས་སུ་གཤེགས་ནས་སུ། །སྣ་ཚོགས་བརྒྱན་པས་སྦྱིན་སྲེག་བྱ། །མིག་བགྲད་ཁྲག་ཆུས་བརླན་པའི་གོས། །སྲབ་པའི་གདན་དང་མཚན་མའི་བྲང༌། །དེར་གནས་ཡང་ན་ཙོག་ཙོག་འདུག །ཡང་ན་དེ་ཉིད་སྟན་མེད་པ། །རྐང་པས་རྐང་པ་མནན་བྱས་ལ། །སོས་ནི་སོ་ནི་འཆའ་བའི་ཚུལ། །ཁྲོ་གཉེར་དང་ལྡན་གདོང་པ་ནི། །ཁྲོས་དེ་དྲག་པོའི་ཕྲིན་ལས་ལ། །གན་པོ་ཉི་མ་རེ་རེ་ལ། །ཁྲོ་བོའི་སྐྱིལ་ཀྲུང་དང་བཅས་པ། །གང་ཚེ་དེ་ཡི་དུས་སུ་ནི། །ཁྲོ་བོའི་རྣལ་འབྱོར་ཁོ་ནས་སོ། །མཐོན་པོ་བདེ་བའི་སྟན་ལ་ནི། །རྡོ་རྗེ་སྐྱིལ་ཀྲུང་ཆགས་སེམས་ལྡན། །དབང་དུ་བྱ་བའི་ཕྲིན་ལས་ལ། །དགུག་པ་ལ་ཡང་དེ་བཞིན་དུ། །འདི་ཉིད་དུ་ནི་གདོང་སྟེང་དུ། །བྱང་ཕྱོགས་ལ་སོགས་ཁ་བལྟས་ལ། །ཕྲིན་ལས་སྣ་ཚོགས་ཉིད་ལ་ཡང༌། །ཇི་ལྟར་གོ་རིམས་བཞིན་དུའོ། །དབང་ལྡན་མཚམས་ལ་ཁ་བལྟས་ལ། །དེ་བཞིན་རྡོ་རྗེ་སྐྱིལ་ཀྲུང་ཅན། །རེངས་བྱེད་རྨོངས་བྱེད་གཉིས་ལ་ནི། །བ་ཤ་ཐམ་མར་སྔགས་ཀྱིས་ནི། །ཧོམ་ཁུང་ཁྲུ་བཞི་དཀར་དང་སེར། །རྒྱན་གྱིས་བརྒྱན་པར་བྱས་པ་ཅན། །ཆོ་ག་རྒྱས་པ་བཞིན་དུ་གནས། །མེ་མཚམས་ཁ་བལྟས་གར་བྱེད་ལ། །རྔ་མོ་ལ་སོགས་རིལ་མས་བྱུག །ཁྱད་པར་ནི་བྲི་དཀར་ནག་བརྒྱན། །ཡམ་ཤིང་བྱ་རོག་སྒྲོ་ལ་སོགས། །འདུས་ཏེ་


DTG039_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཅུག་དང་ལྡན་པ། །བདེན་བྲལ་མཚམས་བལྟ་འཁོན་བྱེད་ལ། །འབྲུ་མར་ཚ་དུག་སོགས་པས་བྲེ། །ཕྱིན་ཅི་ལག་པའི་རྐང་པས་ནི། །སེར་ནག་རྒྱན་གྱིས་བརྒྱན་པར་བྱ། །སྒྲུབ་པ་པོ་ཡི་བསྟན་པའོ། །གསེར་དངུལ་རྡོ་བ་ཟངས་མ་དང༌། །ཤིང་དང་ཁམ་ཕོར་སོལ་བའི་སྣོད། །བརྡུང་ངམ་ལོ་མར་བཅས་པའི་སྣོད། །སྣོད་ནི་བསང་གཏོར་ལ་སོགས་པའི། །འོ་མ་ནས་དང་སྤོས་ལྡན་ཆུ། །མེ་ཏོག་དང་བཅས་ཞི་བ་ལ། །ཞོ་ཏིལ་རྒྱས་པར་ལྡན་ཆུ་ལ། །དེ་ནས་ཟུར་གསུམ་དྲག་པོ་ལ། །ཁྲག་བཅས་ཆུ་འམ་དཱུར་བ་བྲི། །སྣོད་ལ་མི་འམ་བོང་བུའི་ཆུ། །མེ་ཏོག་དྲི་ཞིམ་དབང་སོགས་ལ། །མེ་ཏོག་ཞིམ་ཏིལ་ཀུ་ཤ་དང༌། །འོ་ཐུག་དང་བ་ཅས་ལས་ཀུན་ལ། །བཟླས་པ་ཁྲོས་པའི་སྔགས་ཀྱིས་ནི། །ཡིག་གསུམ་གྱིས་ཀྱང་བར་བཅུག་ལ། །ཡི་དམ་ལྷ་ཡི་སྔགས་ཀྱིས་བསམ། །བསང་གཏོར་སྣོད་ནི་འདོད་པའོ། །གཡོན་དུ་ཞི་བའི་ཕྲིན་ལས་ལ། །བུད་ཤིང་ལ་སོགས་གཡས་སུ་འགྱུར། །ཕྱིན་ཅི་ལོག་པར་དྲག་པོ་ལ། །དགུག་པ་ལ་ཡང་དེ་བཞིན་གསུངས། །བསང་གཏོར་ལ་སོགས་སྣོད་བསྟན་པའོ། །གཞན་ན་སྲུང་བ་དང་ལྡན་པ། །དེ་ནས་སྣོད་དུ་ཡིག་གསུམ་གྱིས། །ཧོམ་ཁུང་ཤིང་ལས་སྦྱར་བྱས་མེ། །བཅུག་ནས་ཆུ་གཏོར་དེ་བཞིན་དུ། །བསིལ་ཡབ་ཀྱིས་གཡབ་འབར་བར་བྱའོ། །ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ་བརྗོད་བྱ། །རྩྭ་སྐམ་པ་ཡི་ལྕི་བ་ཡིས། །ཡང་ན་ཕྱེ་མས་འབར་བར་བྱ། །རིགས་བྱས་བཟླས་བརྗོད་གསུམ་གྱིས་ནི། །ཕྱུགས་མར་གྱིས་ནི་དེ་ནས་མེ། །ཨོཾ་བཛྲ་སཏྭ་ཨ་བརྗོད་བྱ། །མ་དག་རིང་ནི་ཐུང་བ་མིན། །ཉག་མ་གཉིས་ནི་སྦྱིན་པར་བྱ། །ཁ་ཕྱིར་བལྟས་ནས་དེ་ནས་ནི། །ཁ་སོགས་ལྷོ་རུ་བྱས་ནས་སུ། །ཀུ་ཤ་རྩེ་མོ་ཤར་བསྟན་དགབ། །ཡི་དམ་ལྷ་ཡི་ས་བོན་གྱིས། །ཧོམ་ཁུང་རྫོགས་ཏེ་ལྷ་ཡི་བདག །ཐོབ་བྱུང་སྙིང་པོ་ཟུར་གསུམ་པ། །ས་བོན་རི་བྱུང་པདྨར་གནས། །གུནྡྷེ་སྐྱབས་སྦྱིན་དབྱུག་པ་ཕྲེང༌། །ཕྱག་ན་འཛིན་པ་འདི་ན་མེ། །ལས་ཀྱི་རྗེས་མཐུན་རྣམ་


DTG039_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས། །འབར་བའི་གདན་ལ་ཕྱལ་བ་ཆེ། །ཡེ་ཤེས་སེམས་དཔའ་ནམ་མཁའ་ལ། །མཐོང་བྱས་སྔགས་ཀྱི་བསྙེན་པ་བྱས། །ཨོཾ་ཨེ་ཧྱི་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དི་ཛ་སཏྭ་མ། གྲྀ་ཧི་ཏྭ་ཡུ་བྷཾ་མ་ཧཱ་རསྨི་ཨསྨིན་སནྣི་ཧི་ཏོ་བྷ་བ་ཞེས་བྱ། བསྙེན་པའི་སྔགས་སོ། །བསྐུལ་བའི་སྔགས་བཟླས་འགུགས་པ་ལ། །འབར་བ་དེ་ཉིད་གསུམ་དག་གིས། །ཆོག་བཞིན་དྲངས་ཧོམ་ཁུང་གི །ཉེ་བར་ཀུ་ཤའི་སྟེང་དུ་གཞག །བསང་གཏོར་ཉེ་རེག་ཨརྒྷ་དང་། །ཞབས་བསིལ་ཕུལ་ནས་རབ་ཏུ་མཆོད། །བསང་གཏོར་ཀུ་ཤའི་བམ་པོས་ནི། །སྔགས་བཟླས་ཀུན་བྱེད་ཆུ་ཡིས་ནི། །མཛུབ་མོ་མཐེ་བོང་མནན་ནས་སུ། །གཡས་པའི་ཕྱག་ན་ཉེ་རེག་གཟུང༌། །རྡོ་རྗེ་སྙིམ་བ་ཁ་ཕྱེ་བས། །ཨརྒྷའི་ཕྱག་རྒྱ་སྣོད་དུ་སྦྱིན། །ཨོཾ་ཨགྣ་ཡེ་དི་བྱཱ་དི་བྱཱ་བི་ཤཱ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། བསང་གཏོར་གྱི་སྔགས་སོ། །ཨརྒྷའི་སྣོད་ནས་མེ་ཏོག་ཆུ། །འགྲེང་ཚུལ་གཡས་པའི་ཁུ་ཚུར་གྱི། །མཐེབ་མཛུབ་གཉིས་ཀྱིས་བཟུང་ནས་སུ། །སོར་མོ་ཐམས་ཅད་རིམ་པ་བཞིན། །བསྐོར་བ་ལྟ་བུའི་ཚུལ་དུ་ནི། །སྔགས་བརྗོད་པས་ནི་གཏང་བར་བྱ། །ཨོཾ་ཨགྣེ་ཡེ་དི་བྱཱ་དི་བྱཱ་བི་ཤཱ་བི་ཤཱ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་པྲ་བ་ར་སཏྐ་ར་པྲ་ཏཱིཙྪ་སྭཱཧཱ། །ཞབས་བསིལ་གྱི་སྔགས་སོ། །ཨོཾ་ཨགྣ་ཡེ་དེ་བྱཱ་དི་བྱཱ་བི་ཤཱ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་པུཥྤེ་པྲ་ཏཱིཙྪ་སྭཱཧཱ། །སྤོས་སོགས་དག་ཀྱང་དེ་བཞིན་ནོ། །སྔགས་བརྗོད་པས་ནི་དབུལ་བར་བྱ། །བཀུག་ནས་བཅིངས་ཏེ་ཐིམ་ནས་སུ། །དབང་དུ་བྱས་ནས་གོ་རིམས་བཞིན། །ཨོཾ་ཨགྣ་ཡེ་དེ་བྱཱ་དི་བྱཱ་བི་ཤཱ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། །ཆོག་ཁོ་ན་ཐིམ་པའི་སྔགས། །དེ་དག་བྱས་ཏེ་རྣམ་པར་སྨིན། །དེ་ལ་སོགས་པ་མོས་པས་སོ། །བསངས་གཏོར་སོགས་ཀྱིས་ཀྱང་མཆོད་ནས། །སྣོད་ཆེན་སོགས་ཁར་ཡི་དམ་ལྷ། །ས་བོན་འོད་ཟེར་དང་བཅས་དགོད། །ཡང་ན་ལྷུན་གྱིས་གྲུབ་པ་ཡི། །ལྷ་ཡི་དམ་པའི་ཞལ་དུའོ། །པུས་མོའི་བར་དུ་


DTG039_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པས་ནི། །སྦྱིན་སྲེག་ཞི་བ་ལ་སོགས་ཀྱི། །ཕྱི་ལག་གཉིས་ཀྱིས་དྲག་པོའི་ལས། །གཡོན་པའི་ལག་པས་བསྡིགས་པའི་ཚུལ། །རྒྱས་པ་ཞི་བ་དབང་དགུག་པ། །འཁོན་བྱེད་གར་བྱེད་མངོན་སྤྱོད་ལ། །ཨོཾ་སྭཱ་ཧཱ་ཧོ་ཛ་ཧཱུཾ་ཧཱུཾ་ཕཊ་ཐ་མར་ཁ་གདངས། བཀྲ་མི་ཤིས་དང་དྲག་པོ་ལ། །རིམ་བཞིན་ཡང་དག་སྦྱིན་སྲེག་བྱ། །ཨོཾ་ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཨགྣ་ཡེ་སྭཱ་ཧཱ་མར་གྱིས་བཀང་བའི་སྲེག་པའི་སྔགས། ཨོཾ་ཨགྣི་ཡེ་སྭཱཧཱ། དཔལ་བེའུ་རྔ་ཡབ་རྒྱལ་མཚན་དང༌། །གདུགས་དང་པདྨ་དྲིལ་བུའི་དབྱིབས། །རྩེ་གསུམ་དང་ནི་རལ་གྲི་ཉ། །ཨིནྡྲ་མགོ་བོ་བཀྲ་ཤིས་འདྲ། །རྡོ་རྗེ་དུང་སོགས་བཀྲ་ཤིས་པ། །མར་གྱིས་དགང་སྲེག་འཇག་པའི་དབྱིབས། །མེ་ལྕེ་དེ་འདྲ་བཀྲ་ཤིས་མེ། །དཀར་པོ་བརྒྱ་བྱིན་གཞུ་དང་མཉམ། །གཡས་སུ་བསྐོར་བ་ཤིན་ཏུ་སྣུམ། །གསེར་གྱི་དངས་མ་ལྟ་བུའི་མདོག །པདྨ་རཱ་ག་བཻཌཱུཪྻ། །དངུལ་འདྲ་འོད་དང་ཉེ་བའི་འོད། །དྲི་མ་མེད་བཞིན་དུ་བ་མེད། །དྲི་ཞིམ་བྲོ་བ་དེ་བཞིན་དུ། །པི་ཝང་རྫ་རྔའི་སྒྲ་གྲག་མཆོག །ཞི་བ་ལ་སོགས་རང་རང་མདོག །རྩེ་གཅིག་མཆོག་ཏུ་གྱུར་པ་གསུངས། །རྩེ་གཉིས་འབྲིང་པོ་རྩེ་གསུམ་པ། །ཐ་མ་ཡིན་ནོ་སྤྲིན་དཀར་འདྲ། །དུད་པ་མང་བ་བཀྲ་མི་ཤིས། །ལྕེ་ཆད་མེ་འབར་སྤྱོད་པ་དམན། །བ་ལང་འདྲ་བས་མི་སྣུམ་གནག །བ་ལང་མགོ་འདྲ་རྩེ་གསུམ་པ། །རྩུབ་མོ་སྒྲ་གྲག་མེ་སྟག་འབར། །རོ་ཤ་ཉམས་པའི་དྲི་བྲོ་ཅན། །བར་མི་ཤིས་མཚན་བྱུང་གྱུར་ན། །གཏོར་ཏེ་བསྲུངས་ནས་འཁྱིལ་བས་བསལ། །ཡང་ནི་ལན་བདུན་གཏོར་ནས་སུ། །ལས་ཀུན་བྱེད་པའི་སྔགས་ཀྱིས་ནི། །ལན་གསུམ་བདུན་གཅིག་གང་བར་བསྲེག །ཡང་ནི་ཇི་ལྟར། །ཕྱག་ཏུ་ཉེ་རེག་སྦྱིན་པར་བྱ། །ཡམ་ཤིང་ལ་སོགས་འོད་ཟེར་ལ། །དབུ་ལ་མེ་ཏོག་མེ་ལྕེ་ཕྲེང༌། །སྤོས་དང་ཞབས་བསིལ་ཞབས་སུ་ནི། །མེ་མར་མདུན་དུ་སྣོད་དུ་འམ། །ཐུགས་ཀར་ཨརྒྷ་དྲི་ཞིམ་མོ། །ཨོཾ་སརྦྦ་པཱ་པ་ཏ་པ་ཏྲོ་ཡ་སརྦྦ་པཱ་པ་ད་ཧ་ན་སྭཱཧཱ། ཏིལ་གྱིའོ། །ཨོཾ་བཛྲ་


DTG039_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཡུ་ཥེ་སྭཱཧཱ། རྩྭ་དཱུར་བའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱཧཱ། འབྲས་མ་ཉམས་པའིའོ། །ཨོཾ་བཛྲ་སཾ་པ་དེ་སྭཱཧཱ། །ཞོ་དང་འབྲས་ཆན་གྱིའོ། །ཨོཾ་ཨ་པྲ་ཏི་བཛྲ་ཡ་སྭཱཧཱ། རྩྭ་ཀུ་ཤའིའོ། །བསང་གཏོར་ཉེ་རེག་བྱས་ནས་སུ། །འབར་བ་སྣང་དོ་གཉིས་དག་ཏུ། །མེ་ཡི་ཧོམ་ཁུང་གཅིག་གིས་ནི། །མེ་ལྷའི་སྔགས་ཀྱིས་ཁོ་ནའོ། །གཏོར་ནས་སྲེག་རྫས་ཐམས་ཅད་ལ། །ཕྲིན་ལས་རྗེས་སུ་མཐུན་པ་བཞིན། །དེ་དབུས་ལྷ་ནི་སྔ་མ་ལྟར། །དགུག་པ་དྲང་པ་ལ་སོགས་པ། །བསང་གཏོར་ཉེ་རེག་ཨརྒྷ་སོགས། །མཆོད་བསྟོད་བཞུགས་སུ་གསོལ་བ་ལ། །དང་པོ་དགུག་སོགས་དབང་བསྐུར་མཐར། །ཨརྒྷ་ཉེ་རེག་བསང་གཏོར་དང༌། །བྱས་ཏེ་ས་བོན་གྱིས་ལྗགས་མཚན། །སྔོན་བཞིན་ཚིམ་བྱས་སྔགས་སོགས་ཀྱིས། །ཏིལ་མ་ཉམས་ལས་ཞིབ་རྒྱས། །སྣ་ཚོགས་ལས་ནི་དཱུར་བ་ལས། །རྡོ་རྗེ་ཆོས་ཀྱིས་རྟག་ཏུ་བྱ། །ཐ་མར་སྭཱ་ཧཱས་ཚེ་རིང་པ། །དོན་ཡོད་གྲུབ་ལ་ཀུ་ཤས་བསྲུང༌། །རྙེད་བཞིན་དེ་ནས་ཉི་ཤུ་གཅིག །དེ་དག་བར་གྱིས་འབར་བར་བྱེད། །རིགས་ནི་སྔགས་ཀྱིས་དེ་བཞིན་དུ། །དེ་བཞིན་གང་བར་བསྲེག་པ་ལ། །ཨརྒྷ་བསང་གཏོར་ཉེ་རེག་བསྟོད། །མཆོད་ཅིང་གསོལ་བཏབ་བཟོད་པར་གསོལ། །གཤེགས་སུ་གསོལ་ནས་མེ་ལྷ་བསྙེན། །བསང་གཏོར་ཉེ་རེག་བྱས་ནས་སུ། །ལྷག་མ་རྫོགས་པར་བསྲེག་པར་བྱ། །ཉེ་རེག་བསང་གཏོར་མཆོད་རྣམས་ཀྱི། །ཨརྒྷ་ཕུལ་ནས་ཕན་དོན་དུ། །གསོལ་བ་བཏབ་ནས་གཤེགས་སུ་གསོལ། །དེ་ལྟར་ཡན་ཆོ་ག་རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །དེ་བས་ན་ཆོ་ག་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་འདའ་བར་མི་བྱ་བས་ན། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །ཞེས་སོ། །སློབ་མ་གཟུང་བའི་ཆོ་ག་གསུངས་པ། །རྣམ་པར་སྣང་མཛད་ཅེས་བ་ལ་སོགས་པའོ། །རྣམ་པར་སྣང་མཛད་སྦྱོར་བ་ཡིས། །ཞེས་པ་ནི་ཕྱིས་འགྱུར་བའི་ཚུལ་དུ་བརྟེན་པས་དེ་སྐད་དོ། །རྡོ་རྗེ་གསུམ་ལས་བྱུང་ཞེས་པ་ནི་དེས་བྱིན་གྱིས་བརླབས་


DTG039_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་ཉིད་གསུངས་པ། ཨཱཿ་ནི་ལུས་ངག་སེམས་ལས་བསམ། །ཞེས་ཏེ་མགྲིན་པར་ཨཱཿ་ལས་གྱུར་པའི་ལྟེ་བལ་དེ་བསམས་ལ་དག་བྱིན་གྱིས་བརླབ་པར་བྱའོ་ཞེས་སོ། །རྡོ་རྗེས་གཟུང་བར་བྱ་ཞེས་པ་ནི་དེ་བྱིན་གྱིས་བརླབས་པའོ། །སྒོ་གཉིས་གང་གིས་བྱིན་གྱིས་བརླབ་ཅེ་ན། རྒྱལ་ཆེན་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ནི་དེའི་ས་བོན་ཏེ་སྙིང་ལ་ཧཱུཾ་ལས་གྱུར་པའོ་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་བསམ་པའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་དག་ཅེས་པ་ནི་ཨོཾ་ལས་བྱུང་བའི་འཁོར་ལོའི་ལྟེ་བར་ཨོཾ་སྤྱི་བོར་བསམ་པའོ། །དེ་རྣམས་ཀྱིས་སློབ་མ་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་རབ་ཏུ་གསོལ་ཞེས་པས་སོ། །དེ་ཡང་བུམ་པ་སྟ་གོན་ལ་གནས་པའི་དེ་མ་ཐག་ཏུ། སློབ་མ་སྣོད་དུ་རུང་བས་བཟུང་ནས་འཁོར་ལོའི་ཁང་པར་གནས་པ་ལ། སྦྱང་བ་བྱས་བའི་སློབ་མས་སྟོན་ཆེན་ཁྱེད་ལ་བདག་དགའོ། །ཞེས་པ་ལ་སོགས་པས་གསོལ་བ་བཏབ་སྟེ། བླ་མས་ཀྱང་བུ་ཚུར་ཤོག་ཅིག་ཅེས་པ་ལ་སོགས་པ་ལན་སྩལ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུངས་པའི་སློབ་མ་གོང་མ་ལྟར་རྡོ་རྗེ་གསུམ་གྱི་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱི་བཟླས་པའི་དྲི་ཆུས་བསྐུ་བ་དང༌། མེ་ཏོག་ལ་སོགས་པའི་རྫས་སྦྱིན་པ་དང༌། སོ་ཤིང་སྦྱིན་པ་དང༌། ཀུ་ཤ་སྦྱིན་པ་དང༌། སྐུད་པས་སྲུང་བ་དང༌། ཉེ་རེག་སྦྱིན་བ་བྱས་ནས། ཕྱིར་མི་ལྡོག་དབང་དཀྱིལ་འཁོར་ལ། །ཞེས་པ་ལ་སོགས་པས་སློབ་མས་གསོལ་བ་བཏབ་པ་ལ། །བླ་མས་སངས་རྒྱས་ཞེས་པ་ལ་སོགས་པ་ཐུན་མོང་གི་སྡོམ་པ་བྱིན་ལ། དེས་ཀྱང་ཇི་ལྟར་ཐེག་པ་གསུམ་ཞེས་པ་ལ་སོགས་པས་སྡོམ་པ་བླང་བར་བྱའོ། །དེ་ནས། ཀུན་མཁྱེན་གང་དུས་འཇིག་རྟེན་ན། །ཞེས་པ་ལ་སོགས་པས་སྤྲོ་བ་བསྐྱེད་ཅིང་བདེན་པའི་ཆོས་བཤད་ནས་ཉལ་དུ་བཅུག་ལ་བདག་ཉིད་འཁོར་ལོ་དབྱེ་བའི་ཆོ་ག་ལ་སོགས་པའི་དབྱེ་བ་ནི་མན་ངག་གོ །ད་ནི་སློབ་མ་དཀྱིལ་འཁོར་དུ་གཞུག་


DTG039_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོ་ག་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་ཆེན་པོ་ནི་རི་མོའི་དཀྱིལ་འཁོར་རོ། །དེ་ལྟར་འཇུག་པར་བྱ་བའི་རྡོ་རྗེའི་ཚིག་སྟེ་ཡི་གེ་ལྔའོ། །དམ་ཚིག་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དམ་ཚིག་དང་ལྡན་པའི་སྔགས་པ་འཇུག་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ་ཞེས་སོ། །དེ་ཡང་འོག་ནས་འབྱུང་བའི་སྦྱོར་བ་དང་ལྡན་པའི་སློབ་མ་ལ་མོས་པ་དྲིས་ནས་དེས་ཀྱང་ལན་བཏབ་སྟེ། གདོང་གཡོགས་ནས་དཀྱིལ་འཁོར་དང་བླ་མ་མཆོད་ནས། །དེའི་སྙིང་གར་རྡོ་རྗེ་བསམས་ནས། །བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་འཁོར་ལོ་བསྐུལ་ལོ། །དེ་ནས་གཤིན་རྗེ་མཐར་བྱེད་ལ་སོགས་པའི་སྔགས་དང༌། ཡི་གེ་ལྔས་དཀྱིལ་འཁོར་དུ་བཅུག་སྟེ། རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་བསྐྱེད་ལ་དམ་བསྒྲགས་པ་སྟེ། གོང་མ་ལྟར་དབབ་པའི་ཆོ་ག་བྱས་ལ། མེ་ཏོག་གཏོར་བ་ལ་སོགས་པ་བྱའོ་ཞེས་སོ། །ད་ནི་སློབ་མ་རྣམས་ལ་དབང་བསྐུར་བའི་ཆོ་ག་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་རྒྱལ་པོ་ཕྱིར་མི་ལྡོག་པའོ། །དེ་དབང་བསྐུར་བའི་ཐབས་ཀྱི་ཡེ་ཤེས་ཏེ་ཐུན་མོང་མ་ཡིན་པས་ན་གསང་བའོ། །དེའི་དོན་ནི་འདི་ལྟ་སྟེ་དཀྱིལ་འཁོར་བསྟན་པའི་སློབ་མས་དགོས་པ་གསུམ་དང་བཅས་པའི་ལུས་ཕུལ་ནས། དེ་ལ་བུམ་པ་རྣམས་ཀྱི་ཆུ་གཅིག་ཏུ་བྱས་པ་ལས་བྱུང་བ་མི་བསྐྱོད་པ་གནས་གྱུར་པའི་ཆུས་སྤྱི་བོར་བླུགས་པར་བྱས་པས་མེ་ལོང་ལྟ་བུར་རྒྱས་པའོ། །རིན་ཆེན་འབྱུང་ལྡན་ལས་བྱུང་བའི་དབུ་རྒྱན་ཅོད་ཕན་གྱིས་མཚན་པས་དབང་བསྐུར་བས་མཉམ་པ་ཉིད་རྒྱས་པའོ། །སྣང་བ་མཐའ་ཡས་ལས་གྱུར་པའི་རྡོ་རྗེ་བྱིན་ཏེ་སྙིང་གར་བཟུང་བས་སོ་སོར་ཀུན་དུ་རྟོག་པ་རྒྱས་པའོ། །དོན་ཡོད་གྲུབ་པ་ལས་གྱུར་པའི་དྲིལ་བུ་གཡོན་དུ་བྱིན་པས་རྡོ་རྗེ་འཁྱུད་པས་བྱ་བ་ནན་ཏན་རྒྱས་པའོ། །རྣམ་པར་སྣང་མཛད་བསྟིམས་ནས་སྤྱི་བོར་མིང་གི་དབང་བསྐུར་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱས་པའོ། །དེ་ནས་ཧཱུཾ་ལས་གྱུར་པའི་རྡོ་རྗེ་ལག་ཏུ་གཏད་པ་ལན་གསུམ་གསོར་ནས་དེ་ཉིད་སྦྱིན་ནོ། །དེ་བཞིན་དུ་ཨཱཿལས་


DTG039_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་དྲིལ་བུ་གཡོན་དུ་བྱིན་པས་ཕྱོགས་བརྒྱད་དུ་དཀྲོལ་ནས་དེ་ཉིད་སྦྱིན་ནོ། །དེ་དབྱིངས་ཕྱུག་མས་འཁྱུད་པར་བསམས་ནས། དམ་ཚིག་དང་སྡོམ་པས་ཕྱག་རྒྱ་དེ་ཉིད་སྦྱིན་ནོ། །སློབ་མ་དེ་ཁོ་ན་གནས་པས་ཡོན་ཕུལ་ནས་ཕྱིར་མི་ལྡོག་པ་དབང་ལ་སོགས་པས་གསོལ་བ་བཏབ་པ་ལ། །བླ་མས་ཀྱང་ཕས་ཕམ་འདི་ནི་ཞེས་པ་ལ་སོགས་པས་ཐུན་མོང་མ་ཡིན་པའི་སྡོམ་པ་བྱིན་ནས། འཇུག་པའི་སྒོར་ཁ་དོག་གཅིག་པའི་དཀྱིལ་འཁོར་ས་བོན་གྱིས་མཚན་པ་ལ། དབང་སྟེགས་ཀྱི་ཁྲི་སེང་གེས་མཚན་པ་ལ་བཞག་ནས་སྟེང་དུ་གདུགས་བཏེག་པར་བྱས་ནས། དེའི་འོག་ནས་འབྱུང་བའི་ཚིགས་སུ་བཅད་པས་གསོལ་བ་གདབ་པར་བྱའོ། །དེ་ནས་ཏིང་ངེ་འཛིན་གསུམ་དང་ལྡན་པར་བྱས་ནས། བླ་མའི་ལུས་ཀྱི་དཀྱིལ་འཁོར་ལས་སངས་རྒྱས་ཀུན་གྱིས་ཇི་སྐད་དུ་བཤད་པའི་བུམ་པ་གང་བ་བསྣམས་པས་ནམ་མཁའི་ཁམས་ཡོངས་སུ་གང་བར་རབ་ཏུ་བསྒོམ་མོ། །དེ་རྣམས་ཀྱིས་གཞན་ཡང༌། རྡོ་རྗེ་རིག་པ་འཛིན་པ་ཡིས། །ཞེས་ཏེ། གཞན་ལས་འོངས་པ་དེ་ལྟ་བུས་ཀྱང་སིལ་སྙན་དང་ཕེག་རྡོབ་པ་དང༌། རྔ་བརྡུངས་པ་དང་དྲིལ་བུ་དཀྲོལ་བ་དང༌། སྤོས་ལ་སོགས་སྤྲིན་དག་གིས་གཏམས་པར་བསྒོམ་མོ། །དེ་རྣམས་ཉིད་རྡོ་རྗེ་སྐུ་གསུམ་སྟེ། རྡོ་རྗེ་གསུམ་གྱི་རང་བཞིན་ནོ། །དེ་ཉིད་བསྔགས་ཏེ། ཕྲ་ཞིང་མང་བས་ན་ཡུངས་ཀར་ཏེ། དེས་གདབ་པར་བྱ་བ་ནི་མཐར་འཇུག་པའོ། །གང་གིས་མཐར་འཇུག་ཅེ་ན། དེ་ལ་དེ་ཡི་ཚེ་ན་ནི། །བདག་ཉིད་དབང་བསྐུར་རབ་ཏུ་གསོལ། །ཞེས་ཏེ། དེ་རྣམས་ཀྱིས་རིག་པའི་དབང་ལ་སོགས་པ་རབ་ཏུ་སྩོལ་པ་སྟེ་དེའི་དེ་མ་ཐག་ཏུའོ། །དེ་བཞིན་གཤེགས་པ་འབའ་ཞིག་མ་ཡིན་ཏེ། སྤྱན་ལ་སོགས་པས་ཀྱང་བསྐུར་བར་གསུངས་པ། རྡོ་རྗེ་སེམས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན། །ཞེས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། ཅིའི་ཕྱིར་ཞེ་ན། ཡང་ན་སངས་རྒྱས་བསྒོམ་པར་བྱ། །ཞེས་ཏེ་གང་ཡང་རུང་བའི་ཏིང་ངེ་འཛིན་གྱིས་ཞེས་སོ། །བུམ་པའི་དམ་ཚིག་ལ་སོགས་པས་


DTG039_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་སྤྱན་མ་ལ་སོགས་པ་སྒེག་པའི་ཉམས་དང་ལྡན་པའི་ལྷ་མོ་རྣལ་འབྱོར་པ་དག་ལ་མཁས་པ་དག་གིས་ཕྱག་ན་བུམ་པ་བཟུང་བས་བསྒོམས་ནས་ཀྱང༌། གོང་མ་ལྟར་དཔལ་ལྡན་གསེར་གྱི་རི་བོ་ལ་སོགས་པའི་བཀྲ་ཤིས་བརྗོད་པ་ལྟར་དབང་བསྐུར་བྱའོ་ཞེས་སོ། །ད་ནི་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཏིང་ངེ་འཛིན་གསུངས་པ། རྡོ་རྗེ་རྣམ་པར་ཞེས་པ་ལ་སོགས་པའོ། །དེ་ཡང་དེ་ཁོ་ན་ཉིད་དང་བདེན་པ་བརྗོད་པའི་བླ་མས་སྡོམ་པ་དང་ལྡན་པའི་སློབ་མ་རང་གི་ས་བོན་གྱིས་སྦྱངས་ནས། ཨོཾ་ལ་སོགས་པའི་རྣམ་པར་སྣང་མཛད་དམ་ཡང་ན་མི་བསྐྱོད་པར་བསམས་ལ་ཞེས་སོ། །བློ་བརྟན་པ་ཞེས་པ་ནི་སྔོམ་པས་འགྱུར་བ་མེད་པར་བྱས་པའོ། །དེ་ཉེ་བར་བསྒྲུབ་པས་ཀྱང་བྱིན་གྱིས་བརླབས་ལ། དེའི་ལུས་དང་ངག་དང་སེམས་རྣམས་སྔགས་ཨོཾ་ལ་སོགས་པ་ཤེས་པས་རྡོ་རྗེ་གསུམ་གནས་གསུམ་དུ་དགོང་བར་བྱའོ་ཞེས་སོ། །དེ་ནས་གོང་དུ་གསུངས་པའི་ཆོ་ག་ཐམས་ཅད་བྱ་བའོ། །དེ་བཞིན་གཤེགས་པ་དང་ལྷ་མོས་དབང་བསྐུར་བ་སྦྱིན་པའི་དུས་སུ་བླ་མ་སྲུང་བ་ནི། དེ་ལ་འདི་ནི་ཞེས་པ་ལ་སོགས་པ་གསུངས་སོ། །སངས་རྒྱས་རྣམས་ནི་ཞེས་པ་ནི་བརྟགས་པ་ལ་སོགས་པ་ཐམས་ཅད་ཀྱིའོ། །དེའི་རྡོ་རྗེ་གསང་བ་གསུམ་ལས་བྱུང་བ་ནི་འོག་ནས་བྱུང་བའོ། །ཇི་ལྟ་བུ་ཞེ་ན། ཁམས་གསུམ་གྱི་དབང་པོས་ཕྱག་བྱས་པ་ཞེས་པ་སྟེ། དེ་ཉིད་རྡོ་རྗེ་རྒྱལ་པོ་ཕྱིར་མི་ལྡོག་པའི་དབང་བསྐུར་སྦྱིན་ཞེས་རིགས་ཀྱི་དབྱེ་བས་བརྗོད་པའོ། །དབང་སྟེགས་ཀྱི་ཁྲི་ལ་གདུགས་བཏེག་པའི་སློབ་མས་གསོལ་བ་འདེབས་པའི་ཚིགས་བཅད་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །བྱང་ཆུབ་རྡོ་རྗེ་ཞེས་པ་ནི་སྟོན་པ་སངས་རྒྱས་རྣམས་ལ་མཆོད་པ་ཆེན་པོ་བགྱིས་ནས་བསྒྲལ་བ་ལྟར། བདག་ཀྱང་འདམ་རྫབ་རྒལ་དཀའ་བ་ལས་བསྒྲལ་བའི་ཕྱིར་རོ། །སྐྱོན་ཐམས་ཅད་དང་བྲལ་བས་ནམ་མཁའ་ལྟ་བུའི་རྡོ་རྗེ་སློབ་དཔོན་གྱི་དབང་བདག་ལ་སྩོལ་ཅིག་ཅེས་པའོ། །དེ་བཞིན་གཤེགས་པ་དང་ལྡན་པའི་ལྷ་མོ་ཞུགས་པའི་དེ་མ་


DTG039_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཏུ་ཇི་ལྟར་གྱུར་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་དེ་མ་ཐག་གོ །དེ་ལ་དབང་བསྐུར་བ་ཞེས་པ་ནི་སྡོམ་པ་དང་ལྡན་པའི་སློབ་མ་དེ་ལ་ཐུགས་རབ་ཏུ་དགྱེས་པར་གྱུར་ནས་དབང་གི་འབྲས་བུ་སྩོལ་བར་མཛད་པ་ཞེས་སོ། །ཇི་ལྟ་བུ་ཞེ་ན། ལྷའི་གཟུགས་ཞེས་སྦྱོར་བ་གནས་པའི་སློབ་མའི་སྙིང་གར་དེ་བཞིན་གཤེགས་པ་བཞུགས་པས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ་འགྱུར་རོ། །དེ་བཞིན་དུ་སྤྱི་བོར་ལྷ་མོ་ལ་སོགས་པ་བཞུགས་པས་བདག་པོ་གཞག་པར་བྱ་ཞེས་རིགས་ཀྱི་དབང་ཕྱུག་དབུ་རྒྱན་དུ་བསྒོམ་མོ། །རྡོ་རྗེ་སློབ་དཔོན་བློ་ལྡན་ཞེས་པ་ནི་ཆུལ་སོགས་པས་དག་པར་བྱས་ཏེ་རྡོ་རྗེ་སློབ་དཔོན་དུ་གྱུར་པའི་རྣལ་འབྱོར་པའོ། །དཀྱིལ་འཁོར་དག་བསྟན་པར་བྱ་ཞེས་པ་ནི་འོག་ནས་འབྱུང་བའི་རིམ་པས་གོང་དུ་སྟེ། གཞན་དུ་ཡང་ཤེས་པར་བྱའོ། །སྔགས་ཀྱི་ཡི་གེ་རྣམས་ཀྱང་སྦྱིན། །ཞེས་པ་ནི་དེའི་འདོད་པའི་ལྷའི་སྔགས་དང་ཡི་གེ་དང་སྦྱོར་བས། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་རྣམས་བསྟན་པར་བྱའོ་ཞེས་སོ། །དེ་ནས་མི་བསྐྱོད་པ་རིན་པོ་ཆེའི་དབུ་རྒྱན་དུ་གྱུར་པར་བསམ་མོ། །དེ་ནས་སྤྱི་བོར་མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་ནས་བསང་བ་དང་བསྟོད་པ་དང༌། བདུད་རྩི་མྱང་བ་ཡང་བྱས་ནས་གདུགས་དང་བཅས་པ་བསྐོར་བར་བྱས་ལ་ཕྱག་བྱས་ཏེ་ཁྲི་ལ་བཞག་ནས། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །ཞེས་པ་ལ་སོགས་པ་རྒྱུད་དང་སྔགས་འཛིན་པ་པོར་གནས་པར་བྱས་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། སློབ་དཔོན་གྱི་ལས་བསྟན་པར་བྱའོ། །དེ་ནས་བདག་དེ་བཞིན་གཤེགས་པའི་ཚུལ་གྱིས་སྤྱི་བོ་ནས་ལུང་བསྟན་ཏོ། །ཡང་དམ་ཚིག་གསུམ་བྱིན་ནས་དམ་མཆོག་གསང་ཆེན་ཞེས་པ་ལ་སོགས་པས་དབུགས་དབྱུང་ངོ༌། །དེ་ནས་ཇི་ལྟ་ཞེས་པ་ལ་སོགས་པས་བཀའ་ལུང་གནང་བའི་དབང་སྦྱིན་པའོ། །སློབ་མ་རྣམས་ཀྱིས་ཀྱང་བླ་མའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཀའ་ལུང་གཡར་གྱིས་བླང་ངོ༌། །དེ་རྣམས་ནི་བུམ་པའི་


DTG039_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ཆོ་གའོ། །གསང་བའི་དབང་གསུངས་པ། །སངས་རྒྱས་ཞེས་པ་ལ་སོགས་པའོ། །འདས་པ་ལ་སོགས་པའི་སངས་རྒྱས་ཀུན་གྱིས་གསུངས་པའི་ཐུན་མོང་མ་ཡིན་པའི་དམ་ཚིག་གསང་བར་བསྒྲག་པར་བྱའོ་ཞེས་སོ། །དེ་ཡང་གོང་དུ་གསུངས་པའི་དབང་ཐོབ་པས་ཚོགས་ཀྱི་མཆོད་པ་ཆེན་པོས་བླ་མ་མཉེས་པར་བྱས་ནས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ལ་སོགས་པ་གསོལ་བ་འདེབས་ཤིང་ཚོགས་ཀྱི་མཆོད་པའི་རང་བཞིན་ཕུལ་བས་དག་པའི་བླ་མས་བསྒྲག་པར་བྱའོ། །ཇི་ལྟར་བསྒྲག་ཅེ་ན། ཁྱོད་ཀྱིས་སྲོག་ཆགས་གསང་བར་བྱ། །ཞེས་པ་ལ་སོགས་པའོ། །འདི་རྣམས་ནི་ལེའུ་དགུ་རིམ་པ་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་ངོ་བོ་ཐོབ་པར་བྱེད་པའི་ལམ་ནི་དམ་ཚིག་བཞི་སྟེ། དེ་ལ་བདག་གནས་ཤིང་སེམས་ཅན་ཐམས་ཅད་ཀྱང་བསྐུལ་བར་བྱའོ་ཞེས་སོ། །དེ་སྤྱད་ཅིང་བསྲུང་བ་ནི་སངས་རྒྱས་ཐམས་ཅད་ཀྱིས་འདའ་བར་མི་བྱ་བས་ན་དམ་ཚིག་རབ་ཏུ་བརྟན་པར་བྱའོ་ཞེས་སོ། །སྔགས་ནི་ཡི་གེ་གསུམ་མོ། །དེའི་བསྐུལ་བ་ནི་འཇུག་པ་ལ་སོགས་པའོ། །དེ་ཡིད་ཀྱིས་སྨྲས་པ་སྟེ་གསང་བའི་དབང་ཐོབ་པའི་སློབ་མ་དེ་ལ་རྡོ་རྗེ་བཟླས་པའི་ངོ་བོའི་སྔགས་སྦྱིན་པར་བྱ་སྟེ། དེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གསུངས་པ། སྔགས་ཀྱི་རྒྱལ་པོ་ཞེས་པ་ལ་སོགས་པའོ། །སྔགས་ནི་དེ་བཞིན་གཤེགས་པའོ། །འདིས་མཛེས་པར་བྱེད་པས་ན་རྒྱལ་པོའོ། །འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་སྟེ་ཤེས་རབ་ཡེ་ཤེས་སོ། །དེའི་ཡང་སྔོན་དུ་འགྲོ་བའི་རྒྱུ་ནི་གསང་བའི་དབང་སྟེ་དེ་བྱིན་པ་ལ་བསྟན་པར་བྱ་ཞེས་སོ། །གསང་བའི་དབང་དེ་ཡང་ཇི་ལྟར་སྦྱིན་ཞེ་ན་ཁུ་བའམ་ཞེས་པ་ལ་སོགས་པའོ། །དེ་ཡང་གོང་དུ་གསུངས་པའི་སྡོམ་པ་དང་ལྡན་པའི་སློབ་མས་རྡོ་རྗེ་སེམས་ཁྱོད་ཅེས་པ་ལ་སོགས་པས་གསོལ་བ་འདེབས་པ་ལ་གཏི་མུག་ལ་སོགས་པའི་གཞུང་གིས་དག་པར་བྱས་པའི་སློབ་མ་ལ་སྙོམས་པར་


DTG039_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པའི་ཆོ་གས་ཕྱུང་བའི་བྱང་ཆུབ་སེམས་ཆོ་ག་བཞིན་དུ་སྦྱིན་པར་བྱའོ། །དེ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་བདག་ཉིད་ཀྱི་སྔགས་པས། རྡོ་རྗེ་བློས་ནི་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་དུ་ཤེས་པར་བྱས་ནས་བཟའ་བར་བྱ་ཞེས་སོ། །འོན་ཀྱང་དངོས་གྲུབ་རྙེད་མི་དཀའ། །ཞེས་པ་ནི་ཞིང་དག་པའི་སློབ་མ་ནི་སྐྱེ་བ་གཅིག་ཐོགས་པའོ་ཞེས་སོ། །རྣམ་པ་འདི་བཞི་གསང་ཆེན་ཏེ། །ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དམ་ཚིག་བཞི་པ་སྟེའོ་གནས་འཆད་དོ། །དེ་ཉིད་རྡོ་རྗེ་ཅན་གྱི་གསང་བ་སྟེ། སྦ་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་ཞིང་དག་པའི་སློབ་མ་ལ་རང་རིག་ཆོས་ཀྱི་སྐུ་རྟོགས་པར་བྱ་བའི་ཕྱིར་ཀུན་མཁྱེན་ལ་སོགས་པས་གསོལ་བ་འདེབས་པ་ལ་རྣལ་འབྱོར་པ་སྙིང་པོའི་སྡོམ་པ་རྣམས་བྱིན་ནས། ཡང་མཆོག་སྦྱིན་རྡོ་རྗེ་ལ་སོགས་པ་ལ་གསོལ་བ་འདེབས་པ་ལ། ཇི་སྐད་དུ་གསུངས་པའི་ཕྱག་རྒྱ་དང་དམ་ཚིག་དང་སྡོམ་པའི་མཆོག་སྨྲ་བ་དང༌། བདེ་ཆེན་ཟ་མ་ཏོག་གི་སྔགས་བརྗོད་ནས་དེ་ལ་སྦྱིན་པའོ། །ཅིའི་ཕྱིར་ཞེ་ན། སྔགས་ཀྱི་འཁོར་ལོ་ཞེས་ཏེ་བདེ་བར་གཤེགས་པ་རྣམས་སོ། །དེ་བུད་མེད་གཟུགས་སུ་བསྟན་པ་སྟེ། དགོས་པ་ནི་སེམས་ཅན་དོན་སྤྱད་ཕྱིར་གནས་པའོ་ཞེས་ཏེ། འདོད་པའི་ཁམས་ཀྱི་འདོད་ཆགས་དྲག་པོ་ལ་སྤྱོད་པའི་སེམས་ཅན་རྣམས་ངེས་པར་ཐར་པ་རབ་ཏུ་བསྒྲུབ་པའི་ཕྱིར་ཏེ། གཞན་དུ་མི་རྙེད་པས་ན་གཟུགས་མཛེས་པའོ། །རྩ་བའི་རྒྱུད་ལས་ཀྱང༌། ཨེ་མའོ་བྱང་ཆུབ་སེམས་ཉིད་ནི། །སེམས་ཅན་ཀུན་ལ་ཕན་དགོངས་པས། །འདུལ་བའི་དབང་གིས་གང་བའོ། །བུད་མེད་གཟུགས་ཀྱང་དེ་བཞིན་མཛད། །ཅེས་སོ། །དེ་བས་ན་དེའི་ཡིད་འོང་ཞེས་པ་ལ་སོགས་པས་བྱིན་ལ་ཡང་དག་པའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་གྱི་དགའ་བ་དགག་པ་ལ་ཕྱོགས་ཤིང་བྲལ་བའི་དགའ་བའི་སྐྱེ་བ་ཕྱོགས་པའི་བར་དུ་བླ་མའི་མན་ངག་གིས་རྟོགས་པར་བྱའོ། །དེ་ནས་དེ་གཉིས་ཀྱི་རྗེས་སུ་འགྲོ་བ་ལ་སོགས་པ་ཡང་ཇི་ལྟ་བ་བཞིན་དུ་སྦྱིན་


DTG039_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ་ཞེས་སོ། །སློབ་མ་དབང་བསྐུར་བའི་ཆོ་ག་བསྡུས་པའོ། །ད་ནི་གོང་དུ་གསུངས་པའི་དངོས་གྲུབ་ཀྱི་ཤིས་པའི་ཟས་བསྟན་པའི་ཕྱིར། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་སྔགས་ནི་ལུས་ལ་སོགས་པ་ལྷ་རྣམས་སོ། །དེ་མ་ཉེས་པར་བྱེད་པའི་གསང་བ་སྟེ། གླང་པོའི་ཤ་ལ་སོགས་པའོ། །དེ་རྣམས་ཀྱང་རང་གིས་བཟའ་བར་བྱ་ཞིང་སྔགས་རྣམས་ལ་ཡང་དབུལ་བར་བྱ་ཞེས་སོ། །དེ་ཡང་སྔར་བསྙེན་པའི་ཆོ་ག་བསྟེན་པར་བྱས་པས་ནུས་པ་རྙེད་པས་ཉིན་རེ་རྡོ་རྗེ་སློབ་མ་ཡིད་ཆེས་པར་བྱ་བའི་ཕྱིར། དེའི་སྦྱོར་བ་ལ་མཁས་པས་བདུད་རྩིའི་དཀྱིལ་འཁོར་ཟས་ཁྱད་པར་དུ་ཐར་པ་ལ་སོགས་པ་བྱས་ནས་བསྟེན་པར་བྱའོ་ཞེས་སོ། །དེའི་ཆོ་ག་ཡང་བཤད་གཅི་ནི་བདུད་རྩི་ལྔའོ། །ཤ་ནི་ཤ་ལྔའོ། །རྡོ་རྗེ་གསང་བའི་ཚིག་དག་གིས། །ཞེས་པ་ནི་ཡི་གེ་གསུམ་གྱི་བཟླས་པའོ། །སྔགས་རྣམས་ཀུན་གྱི་ཡི་གེ་ཨོཾ། །ཞེས་པ་ནི་རྡོ་རྗེ་ཁུ་བའི་དེ་མ་ཐག་ཏུ་ཨོཾ་བཀོད་ནས་བསིལ་ཕབ་སྟེ། དེས་འབར་བར་འགྱུར་ཞེས་སོ། །བདུད་རྩི་ལ་སོགས་པ་མ་རིག་པ་འཇོམས་ཤིང་ཡེ་ཤེས་ཀྱི་ངོ་བོ་བས་ན་རིག་པ་སྐྱེས་བུ་ཆེན་པོ་ཞེས་སོ། །དེ་བསྟེན་པའི་ཡོན་ཏན་གསུངས་པ། དངོས་གྲུབ་ཐམས་ཅད་ཅེས་པ་ལ་སོགས་པའོ། །དམ་ཚིག་ཆེན་པོ་ཞེས་པ་ནི་རྡོ་རྗེ་འཛིན་པའོ། །དེ་ཉིད་ཀྱི་ཁྱད་པར་ནི་སངས་རྒྱས་བྱང་ཆུབ་ཉིད་དོ། །དེ་ཡང་དེ་རྣམས་ཀྱིས་བཅུད་ལེན་དུ་བྱས་ནས་བསྒྲུབ་པར་བྱ་ཞེས་སོ། །དངོས་གྲུབ་ཐམས་ཅད་བསྟན་པའི་ཕྱིར་མི་སྣང་ཞེས་པ་ལ་སོགས་པའོ། །བརྩོན་འགྲུས་ནི་སྦྱོར་བ་ལ་བྲོད་པའོ། །སྟོབས་ནི་སྐྱོ་བ་མེད་པའོ། །དཀྱིལ་འཁོར་དག་གི་ཞེས་པ་ནི་བདུད་རྩི་དང་ཤ་སྟེ། རིགས་ལྔའི་རང་བཞིན་གྱི་ཕྱིར་རོ། །དེའི་སྦྱོར་བ་གསུངས་པ། བཤང་གཅི་ཞེས་པ་ལ་སོགས་པའོ། །ཆ་ནི་མཉམ་པར་བྱས་ནས་སུ། །ཞེས་པ་ནི་བདུད་རྩི་ལྔ་དང་ཤ་ལྔ་རིགས་རེ་རེར་སྦྱར་རོ། །ཁམ་ཕོར་སྦྱར་མར་གཞག་པ་ནི་ཨས་བསྐྱེད་པའི་བ་དན་ལ་རྣམ་པར་བཀོད་པའོ། །


DTG039_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་དང་ལྷན་ཅིག་འཁོད། །ཅེས་པ་ནི་དེའི་སྟེང་དུ་ཉི་མ་ཟླ་བའི་སྟེང་དུ་ཡི་གེ་ལྔ་བཀོད་ནས་དེའི་འོང་ཀྱིས་སངས་རྒྱས་ལྔ་བཀུག་པ་དེར་གཞུག་པའོ། །འདི་དག་ཀྱང་ལེའུ་བཅུ་གཉིས་པར་བཤད་ཟིན་ཏོ། །ད་ནི་རྡོ་རྗེ་བཟླས་པ་ལ་གནས་པའི་རྣལ་འབྱོར་པས་བཞི་པ་ལ་གནས་པའི་ཆོ་གས་གྲུབ་པའི་མངག་གཞུག་བསྐུལ་བར་གསུངས་པ་དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །གསང་བ་ཐམས་ཅད་ཅེས་པ་ནི་རྡོ་རྗེ་གསུམ་མོ། །རྡོ་རྗེ་མངག་གཞུག་པ་ནི་དེའི་རྣལ་འབྱོར་པའི་དགོས་པ་རྫོགས་པར་བྱེད་པ་སྟེ། རིགས་ཀྱི་ཁྲོ་བོའོ། །དེ་རབ་ཏུ་སྒྲུབ་པའི་དམ་ཚིག་དམ་པའོ་ཞེས་སོ། །ཧྲཱི་ཞེས་པ་ནི་འོད་ཟེར་འབར་བ་དང་ལྡན་པ་མདུན་གྱི་ནམ་མཁའི་དབུས་སུ་བསམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རིག་པའི་ལྷ་མོ་དང༌། ཁྲོ་བོའི་ཚོགས་ཀྱིས་ནམ་མཁའི་ཁམས་གང་བར་བསྒོམས་ལ་དེ་རྣམས་སྐུ་གསུང་ཐུགས་ཀྱི་གནས་ནི་དང་པོའི་ས་བོན་དེར་ཨོཾ་ཨཱཿཧྲི་ཨ་མོ་གྷ་ཀོ་ཊི་ནན་བྷ་ཥ་ཨཱ་ཀཪྵ་ཧཱུཾ་ཞེས་པའི་སྔགས་ཀྱིས་དབབ་པར་བྱའོ། །དེའི་བྱིན་རླབས་ལས་ཇི་ལྟར་འགྱུར་ཞེ་ན། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཀྱི་སྔགས་ནི་མངག་གཞུག་པ་གསུམ་མོ། །དེ་བྱིན་གྱིས་བྲལ་པ་ནི་བསྐྱེད་པ་ཞེས་པའི་དོན་ཏོ། །ཨཱཿཁཾ་དྷཱིཿ་ཞེས་པའི་ཡི་གེ་གསུམ་གང་ཡང་རུང་བར་གྱུར་པ་སྟེ་དང་པོའོ། །དེ་ལ་ཕྱག་ན་རྡོ་རྗེ་གཟུགས་ཆེན་དང༌། །ཞེས་ཏེ་བདུད་རྩི་འཁྱིལ་པ་ལ་གཞན་ཕྱག་བརྙན་དུ་ཆོ་ག་གཞན་པས་རྣམ་པར་བསམ་པ་སྟེ། གཉིས་པའོ། །དེ་བཞིན་དུ་ཕྱག་ན་པདྨོ་འོད་ཆེན་ནི་རྟ་མགྲིན་ནོ། །གཞན་གྱིས་མི་ཐུབ་གཟུགས་ཆེན་ནི་གཤིན་རྗེ་གཤེད་དོ། །དེ་རྣམས་ཡི་གེ་གསུམ་གནས་གསུམ་དུ་བཀོད་ནས་སྙིང་གར་གསང་བའི་གནས་གཞག་པར་བྱའོ། །དེ་ཡང་གང་ཞེ་ན་དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །མི་བསྐྱོད་པ་དང་ཚེ་དཔག་མེད་ནི་ཉི་མ་ལ་བཞུགས་པའོ། །རྡོ་རྗེ་སྣང་མཛད་ནི་ཟླ་བ་ལ་བཞུགས་པར་བསམས་ནས་འོད་ཆེན་དང་ལྡན་པའི་མཚན་མ་ནི་དྲག་ཅིང་མི་བཟོད་པས་ནི་


DTG039_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཆེན་པོ་སྟེ་དེ་དང་སྙིང་པོས་གསང་བའི་གནས་བསྐུལ་བར་བྱའོ་ཞེས་སོ། །དེ་ཉིད་ཅེས་པ་ལ་སོགས་པའོ། །ཡི་གེ་ཨོཾ་དང་མདུད་རྩེ་ཆེ་ལ་སོགས་པའི་མཚན་མ་སྣ་ཚོགས་པས་ཆོ་ག་བཞིན་དུ་བསྐུལ་ནས་དེས་ཀྱང་རིམ་པས་སངས་རྒྱས་ཉིད་རབ་ཏུ་འགྲུབ་ཅེས་སོ། །སྒྲུབ་པའི་གནས་གསུངས་པ། ཉམས་དགའ་ཞེས་པ་ལ་སོགས་པའོ། །ཟླ་བ་ཕྱེད་པ་ནི་སྒྲུབ་པའི་དུས་སུ། །སངས་རྒྱས་ཐོབ་པ་གདོན་མི་ཟ། །ཞེས་པ་ནི་རྒྱུ་ངེས་པ་ཐོབ་པའི་ཕྱིར་ན་ཕན་ཡོན་ནོ། །དེ་ཉིད་གསུངས་པ། རི་རབ་ཅེས་པ་ལ་སོགས་པའོ། །སངས་རྒྱས་ཞིང་དུ་འགྲོ་བར་ཞེས་པ་ནི་དེས་ཁྲིད་ནས་འགྲོ་བའོ། །དེས་ཟབ་མོའི་ཆོས་ཀྱང་ཐོབ་པར་འགྱུར། །ཞེས་པ་ནི་རྫོགས་པའི་རིམ་པའི་ཆོས་མ་ཐོབ་པ་རྣམས་ཀྱང་ཐོབ་པ་སྟེ། དེ་ནས་སངས་རྒྱས་གྲུབ་པའི་མཚན་མ་བྱུང་བས་ན། སངས་རྒྱས་ས་ཡང་ཐོབ་པར་འགྱུར། །ཞེས་སོ། །དམ་ཚིག་རྡོ་རྗེ་བཞད་པ་ནི་མངག་གཞུག་པས་དགའ་བ་རྙེད་པས་ན་དེ་སྐད་དོ། །སྦྱོར་བ་གང་གིས་དེ་བསྐུལ་བ་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །གསུང་གི་རྡོ་རྗེ་འཛིན་ཞེས་པ་ནི་སྣང་བ་མཐའ་ཡས་སོ། །རྡོ་རྗེ་སྐུ་ཆེན་ཞེས་པ་ནི་རྣམ་པར་སྣང་མཛད་དེ། གང་ཡང་རུང་བ་མཉམ་པར་བཞག་ནས་རིགས་ཀྱི་རིམ་པའི་མངག་གཞུག་པ་དག་དུས་རྣམ་པ་བཞིར་བསྐུལ་ལོ་ཞེས་སོ། །དེའི་དོན་ནི་འདོད་པའི་ལྷའི་རྣལ་འབྱོར་པས་ས་བོན་དང་པོ་ནམ་མཁའ་ལ་བསམས་པ་ལ་སངས་རྒྱས་པ་སོགས་པ་ཕབ་པས་ཆོ་ག་དང་པོར་གྱུར་པའོ། །དེ་ཉིད་རིགས་ཀྱི་རིམ་པའི་མངག་གཞུག་པའི་གཟུགས་སུ་ཆོ་ག་གཉིས་པས་བསྐྱེད་ནས་ཡི་གེ་གསུམ་གནས་གསུམ་དུ་བསམས་ལ་གསང་བའི་གནས་སུ་ཡེ་ཤེས་སེམས་དཔའ་བཞག་ལ་དབུ་རྒྱན་ལ་དོན་ཡོད་གྲུབ་པ་བསྒོམས་ཏེ། མདུད་རྩེ་ཆེ་ལ་སོགས་པས་གསང་བའི་གནས་བསྐུལ་ཞེས་པ་ཇི་སྐད་དུ་གསུངས་པའི་གནས་སུ་དུས་བཞིར་བསྒོམས་ན་ཟླ་བ་ཕྱེད་ན་འགྲུབ་པ་མངག་གཞུག་གིས་སངས་རྒྱས་ཞིང་དུ་ཁྲིད་ཅིང་


DTG039_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཅིང་རྒྱ་ཆེ་བའི་ཆོས་ཐོས་པར་བྱས་ནས། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་གཉིད་འོངས་པས་སངས་རྒྱས་ཉིད་འགྲུབ་པའི་མཚན་མ་འབྱུང་བར་འགྱུར་རོ་ཞེས་སོ། །ད་ནི་ཐུན་མོང་གི་དམ་ཚིག་གི་གཞི་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ།། ཡེ་ཤེས་ཀྱི་འཁོར་ལོ་ཞེས་པ་ནི་དེས་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་བསྙེན་པ་དང་སྒྲུབ་པའི་དུས་སུ་འདའ་བར་མི་བྱ་བས་ན་སྔགས་ཀྱི་དམ་ཚིག་གོ །དམ་ཚིག་བསྐུལ་བ་དང་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པའི་གསོལ་བ་གདབ་པའོ། །དམ་ཚིག་གཏོང་བ་དང་ཞེས་པ་དེ་ནི་རྣམས་སྤྱན་དྲངས་བར་བྱ་བའི་ཕྱིར་ལྷ་མོའམ། གསལ་ཤིང་ཐོགས་པ་ལ་སོགས་པའི་ཁྲོ་བོ་སྤྲོ་བའོ། །དམ་ཚིག་སྨྲ་བ་དང་ཞེས་པ་ནི་དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་དེ་རྣམས་ལ་སྙན་པར་སྨྲ་བ་སྟེ། དེ་གཉིས་ནི་དང་པོ་བསྐུལ་པའི་གོང་དུ་ཤེས་པར་བྱའོ། །དམ་ཚིག་འཆིང་བ་པོའི་ཞེས་པ་ནི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་བསྡུས་ནས་ས་བོན་དེར་གཞུག་པའོ། །དེ་བས་ན་འདི་བསྒྲུབ་པ་དང་ཞི་བ་བསྐུལ་བའི་སྟ་གོན་ལ་གནས་པ་ལས་སྦྱར་བར་བྱའོ། །ཇི་སྐད་དུ། སྐུ་གསུང་ཐུགས་ཀྱི་དེ་ཉིད་ནི། །སད་པར་བྱེད་པར་བསྐུལ་བར་གསུངས། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །འོད་ཟེར་འགྱེད་པ་གཏོང་བ་ཡིན། །རྡོ་རྗེ་ཅན་ཀུན་སྙན་མནན་པ། །རྡོ་རྗེ་ཅན་ཀུན་སྤྱན་དྲང་པའོ། །རྡོ་རྗེ་ཅན་གྱི་གནས་དེ་ཡི། །འོད་ཟེར་གྱིས་ནི་རྡོ་རྗེ་ཀུན།། བསྡུས་ནས་གོང་བུའི་ཚུལ་གྱིས་སུ། །བཅིངས་པས་བཅིང་བ་ཞེས་བྱའོ། །ད་ནི་མངག་གཞུག་པ་དེའི་མཐུ་གསུངས་པ། ནམ་མཁའི་ཞེས་པ་ལ་སོགས་པའོ། །ནམ་མཁའ་ནི་གཟུགས་ཅན་གྱི་ཆོས་ཐམས་ཅད་རྣམས་པར་སྤངས་པ་ཡང་རྟ་དང་གླང་པོ་ལ་སོགས་པ་བཞིན་དུ་གོང་བུའི་ཚུལ་དུ་གཞུག་པ་དེ་དག་གིས་རྨད་དུ་བྱུང་བའི་གཟུགས་སུ་བྱེད་ན་གཞན་ལྟ་ཅི་སྨོས་ཞེས་པའོ། །ཐམས་ཅད་ཅེས་པ་ནི་སངས་རྒྱས་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་མཚན་མ་ལས་བྱུང་བའི་ཕྱིར་ན་བུ་གཅིག་པ་ཞེས་བྱའོ། །ད་ནི་འཇམ་པའི་


DTG039_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་མངའ་ལྔའི་སྦྱོར་བས་དབང་དུ་བྱ་བ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །དེ་ཡང་སངས་རྒྱས་ལ་སོགས་པ་དབང་དུ་བྱེད་པར་འདོད་ན་རྡོ་རྗེ་གསུམ་གྱི་ངོ་བོ་འཇམ་པའི་རྡོ་རྗེའི་སྦྱོར་བ་གསང་བ་ཆེན་པོ་འདི་བསམ་མོ་ཞེས་སོ། །ཇི་ལྟར་བསམ་ཞེ་ན་རྡོ་རྗེ་འཇམ་པ་ཞེས་པ་ལ་སོགས་པའོ། །དེ་བསྲུང་བའི་ནང་དུ་ནམ་མཁའ་རྡོ་རྗེའི་དབུས་སུ་ཇི་སྐད་གསུངས་པའི་གཞལ་ཡས་ཁང་བསྐྱེད་ནས། དེར་ཆོ་ག་ཉི་ཤུས་རྡོ་རྗེ་འཇམ་པ་སྟོབས་པོ་ཆེ་བསམས་ལ་མདའ་ལྔའི་སྦྱོར་བ་ཞེས་པ་ནི་སྡོང་བུ་དང་བཅས་པའི་ཨུཏྤལ་དམར་པོ་ཁ་ཕྱེ་བ་ལྟ་བུ་འདོད་བྱེད་དང༌། རྨོངས་བྱེད་དང༌། སྡང་བྱེད་དང༌། བརྒྱལ་བྱེད་དང༌། ངལ་བྱེད་དང༌། དབང་གི་རང་བཞིན་གྱིས་སམ་མདའ་དམར་པོ་རྣམས་མཾ་ལས་བསྐྱེད་ཅིང་ལྟོང་ཨོཾ་གྱིས་བྱིན་གྱིས་བརླབས་ལ་སྨྱུག་མ་ཨཱཿམྡེའུ་ཧཱུཾ་གིས་བྱིན་གྱིས་བརླབས་པ་རྣམས་དབུ་རྒྱན་རྩེ་མོར་བརྒྱན་པར་བྱ་སྟེ་རྣ་དྲུང་དུ་བཀང་བའི་མདས་དབུ་རྒྱན་གྱི་རྩེ་མོར་བརྒྱན་ཏེ། བསྒྲུབ་བྱའི་གནས་ལྔ་དག་ནི་ཐམས་ཅད་དུ་ཞེས་ཏེ་མགོ་དང༌། དཔྲལ་བ་དང༌། ཁ་དང་སྙིང་ག་དང་ལྟེ་བ་རྣམས་སུ་འཇམ་པའི་རྡོ་རྗེའི་ཁྲོ་བོའི་སྔགས་ཀྱི་ཚིག་ཨོཾ་ཨཱཿམཾ་མཉྫུ་ཤྲཱི་ཆེ་གེ་མོ་བ་ཤཾ་ཀུ་རུ་ཧཱུཾ་ཧོ་ཞེས་པས་གདབ་བོ། །དེ་སེམས་ཟླ་བ་སྤྱད་ལྡན་ལྟ་བུར་བཟློག་སྟེ། རིམ་པ་གཉིས་པར་ཆུང་པར་བྱས་ནས་བསྒྲུབ་བྱ་ཡང་སྙིང་རྨོངས་པའི་ངོ་བོར་གྱུར་ནས་སྔངས་ཤིང་བརྒྱལ་ཏེ་སྡོང་པོ་བཅད་པ་བཞིན་དུ་རྐང་པ་གཉིས་ཀྱི་འོག་ཏུ་ཆུད་པར་བསྒོམ་མོ། །བྱིས་པའི་བློ་ཞེས་པ་ནི་འཇམ་པའི་རྡོ་རྗེའི་རྣལ་འབྱོར་གྱིས་སོ། །འདི་མཚན་མ་ཐོབ་པའི་རྣལ་འབྱོར་པས་ཟླ་བ་ཕྱེད་དུ་གསང་བ་བསྐུལ་བ་འདི་བསྒོམ་ཞེས་སོ། །དེས་རྡོ་རྗེ་ཀུན་གྱི་རབ་ཏུ་གསང་བ་སྟེ་དབང་དུ་བྱ་བའི་ཆོ་གའོ། །ཆུང་པར་གསུངས་པ་ནི་སྦྱོར་བ་མངོན་དུ་གྱུར་ཞེས་པའི་ཐ་ཚིག་གོ །དཀྱིལ་འཁོར་དུ་ཞུགས་པའི་སློབ་མ་གདོང་གཡོགས་དགྲོལ་བའི་ཆོ་ག་གསུངས་པ། ནམ་མཁའི་རྡོ་རྗེ་ཞེས་པ་ལ་སོགས་པའོ། །དེ་ཡང་ནམ་མཁའི་རྡོ་རྗེའི་དབུས་སུ་སངས་རྒྱས་ལས་གྱུར་པའི་


DTG039_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་ནང་དུ་ཆུད་པའི་སློབ་མ་གོང་མ་ལྟར་རྡོ་རྗེའི་མཚན་མ་ལ་སོགས་པ་དང་ཧཱུཾ་ལ་སོགས་པ་རྡོ་རྗེ་གསུམ་དང༌། སོགས་ཀྱི་སྒྲས་བསྡུས་པའི་ཡེ་ཤེས་སེམས་དཔའ་དང་ལྡན་པར་བྱས་ནས་གོང་དུ་གསུངས་པའི་བྱ་བ་ཐམས་ཅད་བྱས་པས་མེ་ཏོག་དོར་རོ། །ཨོཾ་ནི་མིག་ཏུ་བསམ་ནས་ནི། །ཞེས་པ་ནི་མིག་གཉིས་ལ་དེ་ཁོ་ནས་མཚན་ཏེ་གདོང་གཡོགས་དཀྲོལ་ཏེ་།ཨོཾ་བཛྲ་སཏྭ་ས་མནྟེ་ཞེས་པ་ལ་སོགས་པ་བརྗོད་ནས་འདི་དག་ཆོ་ག་བཞིན་དུ་བསྟན་ཞེས་སོ། །དེ་ནས་ཁྱོད་ཀྱི་མིག་ལ་ཇི་ལྟར་སྣང་ཞེས་དྲིས་པ་དང༌། མཚན་མ་ཀུན་གྱི་གཟུགས་དག་ཅེས་པ་ནི་ལྷའི་མཚན་མ་བཀོད་པའོ། །དེ་ཡང༌། ཚུལ་གསུམ་རྡོ་རྗེ་ཅན་དུ་མཐོང༌། །ཞེས་ཏེ་སྐུ་དང་ཡི་གེ་དང་ཕྱག་རྒྱའི་གཟུགས་སུ་མཐོང་བ་སྟེ་དེའི་དངོས་གྲུབ་ཉེ་བའོ། །གཞན་ཡང་ཁ་དོག་ལ་སོགས་པའི་དབྱིབས་ལས། ལས་རྣམས་ཀྱི་དངོས་གྲུབ་ཤེས་པར་བྱའོ། །བཀྲེས་སྐོམ་གཞོམ་པའི་སྦྱོར་བ་གསུངས་པ། བཀྲེས་སྐོམ་ཞེས་པ་ལ་སོགས་པའོ། །རྣམ་པར་སྣང་མཛད་གཟུགས་ཆེན་པོ། །ཞེས་པ་ནི་དེའི་སྦྱོར་བས་གནས་ཞེས་ཏེ་མཚོན་པ་ཙམ་མོ། །དེས་བསམས་ན་ཐམས་ཅད་དོན་ཐམས་ཅད་སྦྱོར་ཞེས་སོ། །ཇི་ལྟར་ཞེ་ན། བཾ་ནི་ཁ་ཡི་ནང་དུ་བསྒོམ། །ཞེས་པ་ནི་དེ་ལ་རྐན་གྱི་དབུས་སུ་དེ་ལས་སྐྱེས་པའི་བུམ་བཟང་སེར་པོ་ཟླ་གམ་ཕྱེད་པས་ཁ་བཅད་པ་ཐིགས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟ་བུ་ཁ་ཟས་ཀྱི་རང་བཞིན་བསམས་ལ། རང་གི་ལྕེ་རྩེ་ལ་འདུག་པའི་ཨོཾ་གྱིས་བདུད་རྩི་ལྔ་ལ་སོགས་པའི་རང་བཞིན་གྱི་བཟའ་བར་བྱ་བ་ཀུན་གྱི་གནས་ལས་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཐིགས་པས་བརྒྱན་པ་ལས་དྲངས་ནས་ཚིམ་པར་བྱེད་པས་བཀྲེས་སྐོམ་གྱི་སྡུག་བསྔལ་ཞི་ཞིང་སེལ་ལོ། །དེ་ཉིད་ཡེ་ཤེས་རྡོ་རྗེ་ལྟ་བུའི་ནུས་པ་ཅན་ལས་བྱུང་བ་སྟེ། གཞན་ལ་མ་ཡིན་ནོ། །བཟའ་བར་བྱ་བ་ཟད་མི་ཤེས་པས་ན་ཡིད་བཞིན་ནོར་བུའོ། །ད་ནི་བཞི་པ་ལ་གནས་པའི་ཆོ་ག་སྔགས་ཀྱི་ཁྱད་པར་རྣམས་ཀྱི་སྒྲུབ་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །ཕྱག་ན་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་རྩེ་ལྔ་པ་


DTG039_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དཔའ་བོ་ཆེན་པོ་ཞེས་པ་ནི་དེ་བསྐྱེད་པའི་རྒྱུ་སྟེ་མི་བསྐྱོད་པའོ། །དཔལ་རྡོ་རྗེ་སྒོམ་པའི་ཚིག་འདི་ཕྱུང་ངོ་ཞེས་སོ། །སངས་རྒྱས་དཀྱིལ་འཁོར་འོད་བཟང་ཞེས་པ་ནི་གཞལ་ཡས་ཁང་པའོ། །དེ་ནམ་མཁའ་རྡོ་རྗེ་དབུས་བསམ་ཞེས་ཏེ། ཆོས་འབྱུང་བའི་ནང་དུ་ཆུད་པར་བྱས་ལ། དེར་རྒྱུའི་ཆོ་ག་བཞི་རྫོགས་པས་ཆོ་ག་དང་པོ་ལས་བི་ལས་གྱུར་པའི་རྡོ་རྗེ་སེར་པོ་བི་ཡིས་མཚན་པ་བསམས་ཏེ། དེའི་འོད་ཀྱིས་རྡོ་རྗེ་སྐུ་གསུམ་དེའི་གཟུགས་སུ་བྱས་ནས་དེ་ལ་ཐིམ་པས་དཔའ་བོ་རྡོ་རྗེར་གྱུར་ནས་ཅི་བསྒོ་བ་ཉན་པར་བསམ་མོ། །ཇི་ལྟར་ཞེ་ན། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །ཞེས་པ་ནི་གདུ་བུ་དཔུང་རྒྱན་ལ་སོགས་པས་བརྒྱན་པའོ། །མདོག་ཅུང་ཟད་སེར་པ། གཡས་གནག་པ། གཡོན་དཀར་བ། ཕྱག་དང་པོས་རང་སྣང་བའི་རིག་མ་ལ་འཁྱུད་པ་གཡས་ན་རྡོ་རྗེ་སེར་པོ་དང་རལ་གྲི། གཡོན་པན་པདྨ་དང་ནོར་བུ་བསྣམས་པ། འགྱིང་ཞིང་ཞི་བ་མཁྱེན་པ་དང་ཕྱག་རྒྱས་བཏབ་པ་ཐོར་ཚུགས་དབུ་རྒྱན་ལ་མི་བསྐྱོད་པས་བརྒྱན་པ་བསམས་ནས་ཇི་ལྟར་འདོད་པའི་ལས་ཐམས་ཅད་བསམ་པར་བྱའོ་ཞེས་སོ། །རྡོ་རྗེ་དཔའ་བོ་ཞེས་པ་ནི་མི་བསྐྱོད་པའོ། །དའི་རླབས་ཀྱི་ཕྲེང་བ་སྟེ་རིགས་ཀྱི་སེམས་དཔའོ། །དེའི་ཏིང་ངེ་འཛིན་ཏོ། །སྐུལ་བྱེད་མའི་སྒྲུབ་པའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཀྱི་དབྱིངས་ཞེས་པ་ནི་ཆོས་ཀྱི་དབྱིངས་སོ། །དེ་ཉིད་སྒྲ་སྒྲོགས་པས་རྡོ་རྗེ་སྟེ་མི་བསྐྱོད་པའི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སོ། །རྡོ་རྗེ་ཆེན་པོ་བསྒོམ་པ་ནི་དེའི་རིགས་ལས་སྐྱེས་པའི་སེམས་མ་འདི་ཕྱུང་ངོ་ཞེས་སྦྱར་རོ། དེ་ཡང་གོང་མ་ལྟར་ན་ནམ་མཁའ་རྡོ་རྗེའི་དབུས་སུ་རྟེན་གྱི་དཀྱིལ་འཁོར་བསམས་ལ། དང་པོའི་ཆོ་ག་བཞི་རྫོགས་པས་གཉིས་པའི་དང་པོ་ལས་ཙུཾ་ལས་བྱུང་བའི་པདྨ་དཀར་པོ་དེས་མཚན་པའི་འོད་ཀྱིས་སངས་རྒྱས་ཀྱི་སྤྲིན་ལ་ཕོག་པས་རྡོ་རྗེ་བུད་མེད་གྲགས་ཆེན་ཏེ། ཙུནདའི་གཟུགས་སུ་བྱས་ནས་ལུས་དང་ངག་དང་སེམས་ལ་དབབ་པ་ཞེས་ཏེ། དེའི་


DTG039_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོའི་ཡི་གེ་ཙུཾ་ལ་བཅུག་པས་སངས་རྒྱས་རྡོ་རྗེ་མའི་གཟུགས་སུ་བསྒོམ་མོ། །ཇི་ལྟ་བུ་ཞེ་ན། གོང་མ་ལྟར། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །ཁ་དོག་དཀར་མོ། གཡས་གནག་གཡོན་དམར་བ་ཕྱག་དང་པོས་རང་གི་ཐབས་ལ་འཁྱུད་པ། གཡས་གཉིས་པདྨ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་འཁོར་ལོ་བསྣམས་པའོ། །བར་མས་བྱིན་གྱིས་བརླབ་པའི་དབུ་ལ་རྡོ་རྗེ་རྒྱལ་པོ་ཆེ་སྟེ། མི་བསྐྱོད་རིན་པོ་ཆེའི་ཅོད་པན་ལ་བསམས་ལ་ལས་ཀྱི་ཁྱད་པར་གྱི་དོན་དུ་སྔགས་ཀྱི་དམ་ཚིག་དགོད་དོ་ཞེས་སོ། །བཅོམ་ལྡན་འདས་མ་འདི་ནི་བྱང་ཆུབ་སེམས་དཔའི་གཟུགས་འཛིན་པས་ན་རྒྱུད་ལས་གང་ཉི་མའི་དཀྱིལ་འཁོར་དམ་པ་ནི་ཞེས་པ་དེ་ལ་འཛེམ་པར་མི་བྱ་སྟེ་ཟླ་བར་ཤེས་པར་བྱའོ། །རྡོ་རྗེ་དམ་ཚིག་ནི་མི་བསྐྱོད་པའོ། །དེའི་ཡེ་ཤེས་ཀྱི་འོད་ཟེར་ནི་སྐུལ་བྱེད་མའོ། །ཆུའི་དབང་པོ་སྒྲུབ་པའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་ཆོས་ཀྱི་དབྱིངས་སོ། །དེས་ནོར་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་སོ། །ཏིང་ངེ་འཛིན་ཞེས་པ་ནི་རང་གི་ལྷ་གསལ་བའོ། །འཁོར་ལོའི་ཚུལ་ཞེས་པ་ནི་རྣམ་པར་གསལ་བ་དེ་དང་འབྲེལ་པ་ལ་དམིགས་པ་སྟེ་དེ་ཕྱུང་ངོ་ཞེས་སོ། །རྡོ་རྗེ་དཀྱིལ་འཁོར་ཞེས་པ་ནི་དེའི་རིགས་ལས་བྱུང་བའོ། །དེ་ནམ་མཁའ་རྡོ་རྗེའི་དབུས་སུ་བསམ་ཞེས་པ་ནི་ཇི་སྐད་དུ་གསུངས་པའི་རྒྱུའི་ཆོ་ག་རྫོགས་པས་ཆོ་ག་དང་པོ་ལས་ཛཾ་ལས་བྱུང་བའི་བི་ཛ་པཱུ་ར་རྡོ་རྗེས་མཚན་པའི་འོད་ཀྱིས་སངས་རྒྱས་ཀུན་ལ་ཕོག་པས་རྡོ་རྗེ་གནོད་མཛེས་ཀྱི་གཟུགས་སུ་བསྒོམས་པ་དབབ་པར་བྱས་ཏེ་དེ་ལ་ཐིམ་པར་བྱ་བའོ། །དེས་ཇི་ལྟར་འགྱུར་ཞེ་ན། ཛཾ་བྷ་ལ་ནོར་བུ་གྲུབ་པ་ཞེས་ཏེ། ནོར་གྱི་དངོས་གྲུབ་སྩོལ་བར་བྱེད་པའི་གནོད་སྦྱིན་ཆེན་པོའི་གཟུགས་སུ་བདག་ཉིད་རྫོགས་པར་བྱའོ་ཞེས་སོ། །དེ་ཡང༌། ཞི་བ་གནོད་སྦྱིན་གཟུགས་འཛིན་པ། །ཞེས་ཏེ་རྐང་པ་ཐུང་ཞིང་གསུས་པོ་ཆེ། །ཞལ་གསུམ་


DTG039_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ནི་གསེར་བཙོས་འདྲ། །གཡས་གནག་གཡོན་ནི་དཀར་པོ་སྟེ། །ཞབས་ནི་བུམ་བཟང་ལ་གཞག་པ། །དང་པོས་འཕགས་མ་ནོར་རྒྱུན་འཁྱུད། །བི་ཛ་པཱུ་ར་རལ་གྲི་གཡས། །རིན་ཆེན་སྐྱུག་བྱེད་ཏིལ་འབྲུས་མཚན། །དེ་འོག་པདྨ་འཛིན་པའོ། །པདྨ་ཟླ་བའི་སྟེང་དུ་ནི། །སྐྱིལ་ཀྲུང་ཕྱེད་པས་མནན་ནས་ནི། །གཅིག་གིས་གོང་མ་ཁ་སྦུབས་གཏོང༌། །ནོར་རྒྱུན་དམར་པོ་དང་པོ་གཉིས། །གནོད་སྦྱིན་འབྲས་ཀྱི་སྙེ་ལྡན་པ། །གཞན་མ་བདག་བཞིན་ཤེས་པར་བྱ། །ཞེས་སོ། །དེ་ནས་ཡན་ལག་གཉིས་དང་ལྡན་པས་ཐོར་ཚུགས་དབུ་རྒྱན་ལ་རྡོ་རྗེ་ཅན་ཏེ་མི་བསྐྱོད་པ་བསམས་ལ། དེའི་གནས་ལྔ་སྟེ། མགོ་དང༌། དཔྲལ་བ་དང༌། ཁ་དང༌། སྙིང་ག་དང༌། ལྟེ་བ་རྣམས་སུ། སངས་རྒྱས་ལྔ་ཡི་ཆོ་ག་ཡིས། །ཞེས་ཏེ་མི་བསྐྱོད་པ་དང༌། རིན་ཆེན་དཔལ་དང༌། འོད་དཔག་མེད་དང༌། རྣམ་པར་སྣང་མཛད་དང༌། དོན་ཡོད་གྲུབ་པ་རྣམས་གོ་རིམས་བཞིན་དུ་བསྒོམ་པར་བྱ་སྟེ། བསྒྲུབས་ན་ཇི་སྐད་གསུངས་པ་འགྲུབ་པར་འགྱུར་རོ། །ཆོ་ག་གཞན་གསུངས་པ། རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པའོ། །དེའི་མན་ངག་ནི་འདི་ལྟ་སྟེ། འདོད་པའི་ལྷའི་རྣལ་འབྱོར་པས་ཆོ་ག་བཅུ་གཉིས་རྫོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པའི་ཟླ་བར་ཞུ་བའི་ཆོ་ག་དང་པོ་དང༌། དེ་ཉིད་ཛཾ་དུ་གྱུར་བའི་ཆོ་ག་གཉིས་པ་དང༌། དེ་ཉིད་ལ་གནོད་གནས་དང་འབྲེལ་པའི་དཀྱིལ་འཁོར་བསམས་པ་སྟེ། ཆོ་ག་གསུམ་པའོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པའི་སྔོན་དུ་འགྲོ་བའི་རྡོ་རྗེ་བདུད་རྩིའི་ཆུ་སྣོད་གནས་དེའི་བསམ་གཏན་གྱིས་གནས་ལ་འཇུག་པས་དེའི་ལྕེ་ལ་ཇི་བསམས་ལ་ཨོཾ་ཨཱ་ཛ་དྷ་ནཾ་དྷེ་ཧཱུཾ་ཞེས་བརྗོད་པས་ཞལ་དུ་དབུལ་བར་བྱའོ། །དེ་ནས་དེའི་དབུ་ལ་རྡོ་རྗེ་སེམས་དཔའ་སྟེ། མི་བསྐྱོད་པ་བསམས་ནས་གནོད་སྦྱིན་དབང་པོ་མཉེས་ནས་མངོན་པར་འདོད་པའི་དངོས་གྲུབ་སྟེར་བར་འགྱུར་རོ་ཞེས་སོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ནི་མི་བསྐྱོད་པའོ། །དེ་


DTG039_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་འདའ་བས་ན་རྡོ་རྗེ་དམ་ཚིག་སྟེ། དེ་ཉིད་ཀྱིས་ནོར་བསྒྲུབ་པས་མཛེས་པས་ན་རྒྱལ་མཚན་ཏེ། སྒྲུབ་པ་པོའི་རྒྱུད་ལ་འཇུག་པས་ན་ཤིང་རྟའི་དཔལ་ཞེས་བྱའོ། །གནོད་སྦྱིན་མོ་སྒྲུབ་པའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་འདོད་པ་ནི་འདོད་ཆགས་ཆེན་མོའོ། །དེ་མཉེས་པར་བྱེད་པའི་དཔལ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ལ་སྙོམས་པར་ཞུགས་ནས་ཞེས་སོ། །གནོད་སྦྱིན་མོ་ཐམས་ཅད་ཀྱིས་འདའ་བར་མི་བྱ་བས་ན་རྡོ་རྗེ་དམ་ཚིག་སྟེ། དེའི་ཚིག་འདི་ཕྱུང་ངོ་ཞེས་སྦྱར་རོ། །ནམ་མཁའ་རྡོ་རྗེ་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་སུ་རྟག་པ་ལས་བྱུང་བའི་གཞལ་ཡས་ཁང་པ་གྲུ་བཞི་ལྷམ་པ་རབ་ཏུ་བཟང་བ་ངོས་བཞི་ཤེལ་ལ་སོགས་པའི་རིན་ཆེན་བཞི་ལས་བྱས་པ་མེ་ཏོག་ལ་སོགས་པ་ཀུན་དུ་འཁྲིགས་པ་རྣམ་པར་བསམས་ལ་འཇམ་དཔལ་རྡོ་རྗེའི་རྣལ་འབྱོར་པས་མདུན་དུ་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་ཟླ་གམ་ཐིག་ལེའི་ཐོག་ཅན་གྱི་ཁྱིམ་བསམ་པ་སྟེ་ཆོ་ག་དང་པོའོ། །དེ་ནས་གནོད་སྦྱིན་མོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་གང་བར་བསམས་ལ་གཟུགས་ཀྱི་སྤྲིན་ཡི་གེ་གསུམ་གྱི་བར་དུ་བཅུག་པའི་རྡོ་རྗེ་སྦྱོར་བས་ས་བོན་དེ་ལས་དབབ་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། གསེར་མདོག་མཛེས་པའི་ཆ་ལུགས་ཅན། །བུད་མེད་གཞོན་ནུ་འཇོ་སྒེག་ལྡན། །དར་གྱི་ན་བཟའ་མདོག་ལྡན་གྱིས། །སྟོད་སྨད་དཀྲིས་ཤིང་རྒྱན་གྱིས་བརྒྱན། །ཅུང་ཟད་འཛུམ་ལྡན་ཞལ་མཛེས་པ། །མེ་ཏོག་ཁ་དོག་ལྔ་པ་ཡི། །ཕྱེད་ཀྲུང་པ་ཡི་ཟུར་ཕུད་ཅན། །མེ་ཏོག་ཕྲེང་སོགས་སེ་རལ་མཛེས། །གཡས་ན་གདུགས་དཀར་བསྣམས་ཤིང་གཡོན། །དཔག་བསམ་ཤིང་རྟེན་སྒེག་ཚུལ་ལྡན། །པདྨའི་སྟེང་ན་ཟླ་བ་སེར། །སྟེགས་འདུག་རིན་པོ་ཆེ་ཡི་ནི། །ཕུག་ན་གནས་པ་བསམ་ཡས་ཏེ། །ཞེས་གཉིས་པའོ། །དེ་ཡང་ཡན་ལག་དང་ལྡན་པའི་གཤིན་རྗེ་གཤེད་ཀྱིས་དབུ་བརྒྱན་པ་བསམས་ལ། དེའི་ཡེ་ཤེས་སེམས་དཔའ་བཀུག་ལ་གནས་གསུམ་རྡོ་རྗེའི་བྱེ་བྲག་གིས་ཞེས་པ་ནི་དྲངས་ཏེ་བསྒོ་བ་དང༌། དབྱེ་བ་དང་


DTG039_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་སྦྱིན་པ་ལ་སོགས་པའི་ལས་ཀྱི་ཆོ་ག་བཞིན་དུ་བསྒོམས་ན་ཇི་སྐད་དུ་བཤད་པའི་ཡོན་ཏན་ཐོབ་པར་འགྱུར་བ་སྟེ། ཞི་བའི་སྦྱོར་བའོ། །དེ་མ་གྲུབ་ན་དྲག་ཤུལ་གསུངས་པ། སྙིང་གའི་ཞེས་པ་ལ་སོགས་པའོ། །དེའི་སྔགས་ཀྱི་ཚིག་གོང་གི་ཡི་གེ་བསྒོམས་ལ་དེ་འཁྱུད་ནས་རྡོ་རྗེ་སྦྱོར་བ་པདྨར་གསལ་ཏེ་དེའི་ལམ་ནས་བྱུང་བའི་འོད་སྟུག་པོས་ཡི་གེ་བསྐུལ་བ་མེ་ལྟར་འབར་བ་ཚ་སྟེ། སྐྲག་ནས་དངོས་གྲུབ་སྟེར་བར་འགྱུར་བས་ན་བརྩམ་པར་བྱ་ཞེས་སོ། །གནོད་སྦྱིན་མོ་ཐམས་ཅད་སྒྲུབ་པ་པོ་མཉམ་ཉིད་དུ་སྦྱོར་བ་སྟེ། དེས་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་སོ། །ད་ནི་ཐ་མལ་པའི་ཐམས་ཅད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཚན་མར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སྔགས་ཐམས་ཅད་ཀྱི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའོ། །དེའི་འབྱུང་བ་ནི་དངོས་གྲུབ་ཕྲ་མོ་སྟེ། མི་ཕྱེད་པས་ན་རྡོ་རྗེ་ལྟ་བུ་ལ་སྙོམས་པར་ཞུགས་ནས་ཞེས་སོ། །ལུས་དང་ངག་དང་སེམས་ཀུན་གྲུབ་པ་ཞེས་པ་ནི་རྨོངས་པའི་ལུས་ལ་སོགས་པ་ལས་འདས་ཤིང་སངས་རྒྱས་ཀྱི་གཟུགས་འཛིན་པ། མཚན་དང་དཔེ་བྱད་ཀྱི་འོད་བཟང་པོ་དང་ལྡན་པ། འཛམ་བུ་གསེར་གྱི་མདོག་འདྲ་བ་གྲུབ་ཡང༌། དངོས་གྲུབ་ཕྲ་མོ་དག་ལ་གནས་ཞེས་ཏེ། གང་དག་དངོས་གྲུབ་ཕྲ་མོ་ཐོབ་པ་རྣམས་དེ་ཁོ་ན་ཡོངས་སུ་སྨིན་པ་ལས་གྱུར་པའོ། །དེ་ཉིད་གསུངས་པ་མི་སྣང་བ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །གོང་དུ་གསུངས་པའི་གནོད་སྦྱིན་གྱི་རྒྱལ་པོ་གྲུབ་ན་ནོར་ལ་དབང་བའི་རིག་པ་འཛིན་པའི་དབང་པོར་འགྱུར་རོ་ཞེས་སོ། །དེ་རྣམས་ཀྱི་ཕན་ཡོན་གསུངས་པ། དེ་ལ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་ནི་རྡོ་རྗེ་གསུམ་གྱི་དངོས་གྲུབ་བོ། །དེའི་གཟུགས་ཉིད་གསང་བ་སྟེ་རྡོ་རྗེའོ། །དེ་འཛིན་པའི་མཆོག་སྔགས་ཀྱི་དངོས་གྲུབ་རྣམས་ཞེས་སོ། །དེ་ཉིད་གསུངས་པ། སྔགས་ཀྱི་དངོས་གྲུབ་ནི་ཤེས་པ་དང་སྐྱོབ་པར་ལྡན་པའི་དངོས་གྲུབ་སྟེ་ཕྱག་རྒྱ་ཆེན་པོའོ། །དེ་ཐོབ་ན་


DTG039_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པའི་གཟུགས་སེམས་ཅན་མཐོང་བ་ཐམས་ཅད་དགའ་བར་འགྱུར་ཞེས་སོ། །དེ་བཞིན་དུ་འཁོར་ལོས་སྒྱུར་བའི་གཙུག་ཏོར་བརྒྱད་གྲུབ་ན། ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟར་ཐམས་ཅད་ཀྱི་དགོས་པ་འགྲུབ་པར་འགྱུར་རོ་ཞེས་སོ། །གཞན་ཡང་དེ་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཆོག་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་ལྟ་བུ་ལས་བྱུང་བའི་ཕྱིར་རོ་ཞེས་པའོ། །དངོས་གྲུབ་ཕྲ་མོས་རང་གི་བསམ་པ་ཡོངས་སུ་རྫོགས་པ་ཉིད་རྡོ་རྗེ་ཞེས་བྱའོ། །ད་ནི་གསང་བའི་བརྟུལ་ཞུགས་ཀྱི་ལྷ་མོའི་ལུས་ཐོབ་པའི་དེ་མ་ཐག་ཏུ་ཕྱིའི་རིག་པའི་བརྟུལ་ཞུགས་གསུངས་པ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་གསུམ་མོ། །དེ་རིག་པའི་བརྟུལ་ཞུགས་ཏེ་རིག་མ་དང་ལྡན་པར་བརྟུལ་ཞུགས་སྤྱོད་པ་སྟེ། ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱས་ཡང་དག་པའི་ལེགས་པའི་སྤྱོད་པ་སྟེ་དེ་ཕྱུང་ངོ་ཞེས་སོ། །ཇི་སྐད་དུ། ཐམས་ཅད་ཆོས་ནི་གཉིས་མེད་དེ། །དངོས་པོ་གཉིས་ཀྱིས་མཚོན་པ་ཡིན། །དེ་བས་འཁོར་བ་རྣམ་བྲལ་བ། །ཁྱོད་ཀྱིས་བརྟག་པར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །ཅེས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ཞེས་པ་ནི་རྣམ་པར་སྣང་མཛད་དང༌། འོད་དཔག་མེད་དང་མི་བསྐྱོད་པའོ། །དེ་དག་གི་ལུས་དང་ངག་དང་སེམས་ཀྱིས་བསྒོམ་པ་ནི་རང་གི་རིག་པའི་གཟུགས་དངོས་ཏེ་བསམ་གཏན་མ་ཡིན་ཏེ། མངོན་སུམ་ཁོ་ནར་ལྷན་ཅིག་ཏུ་དེའི་སྐུ་ཉིད་འགྲུབ་པར་འགྱུར་ཞེས་མདོར་བསྡུས་པའོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་བརྟུལ་ཞུགས་སྤྱོད་པ་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །ཐོར་ཚུགས་དང་རྒྱན་དུ་ལྡན་པ། རྣམ་པར་སྣང་མཛད་ཆེན་པོ་ཁ་དོག་སྟོན་ཀའི་ཟླ་བ་བཟང་པོ་འདྲ་བ་མངོན་དུ་མཉམ་པར་བཞག་ནས་ཇི་སྐད་དུ་གསུངས་པའི་སྔགས་ཀྱི་སྡོམ་པ་དང་ལྡན་པར། ཆོ་ག་བཞིན་དུ་ཐམས་ཅད་བྱ། །ཞེས་ཏེ་དེའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་དང༌། ཐོར་ཚུགས་ལ་སོགས་པ་ཡང་


DTG039_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུངས་མ་ལ་སོགས་པ་བྱ་བའི་དོན་ཏོ། །གང་དང་ལྷན་ཅིག་བྱ་ཞེ་ན། ལོ་གྲངས་བཅུ་དྲུག་ཅེས་པ་ལ་སོགས་པའོ། །དེ་ཡང་བཙོ་བླག་མཁན་གྱི་བུ་མོ་བཅུ་དྲུག་ལོན་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བཀླུབས་པ། རང་གི་མཚན་མ་དང་ལྡན་ཞིང་བཞིན་སྡུག་ཅིང་མིག་དཀྱུས་རིང་བ། ཐབས་གཉིས་ཀྱིས་རྙེད་ནས་དེ་དང་ལྷན་ཅིག་ཏུ་རྣམ་པ་བཅུ་གཉིས་སུ་སྤྱོད་ཅེས་སོ། །ཇི་ལྟར་སྤྱོད་ཅེ་ན། །སྤྱན་གྱིས་ཞེས་ཏེ་དེ་ཉིད་དེ་ལྟར་འགྱུར་བའོ། །དེའི་གོ་འཕང་ནི་གསང་བའི་པདྨ་སྟེ། དེ་དང་ལྷན་ཅིག་ཏུ་རྡོ་རྗེ་མཚན་མས་ཇི་སྐད་དུ་བཤད་པའི་དོན་བསྒོམ་པར་བྱ་ཞེས་སོ། །དེ་གསང་བའི་བརྟུལ་ཞུགས་ཀྱི་དུས་སུ་མངོན་པར་འདུ་བྱ་བའི་ཆོ་ག་གསུངས་པ། ཕྱག་རྒྱ་ཞེས་པ་ལ་སོགས་པའོ། །དེ་ཡང་རིམ་པ་ནས་སྦྱངས་ནས་ཕྱག་རྒྱའི་ཆོ་ག་དང༌། སྔགས་ཀྱི་ཆོ་ག་དང་སྔགས་ཀྱི་རྒྱུད་ལ་སོགས་པ་ལེགས་པར་བསླབས་པ། མདོ་ལ་སྐལ་བ་དང་ལྡན་པར་གྱུར་པ་ལ་སོམ་ཉི་མི་བྱའོ། །གཞན་ལ་ཡང་ཇི་སྐད་དུ། ཟླ་བ་གཅིག་གིས་སྐལ་ལྡན་པར། །འགྱུར་བར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་དོ། །དེའི་བཙུན་མོ་ནི་སྤྱན་མའོ། །དག་ལ་ཞེས་པ་ནི་ལུས་ལ་གནས་པའི་ལྷ་མང་བས་ན་དམ་ཚིག་མང་ངོ༌། །དེ་ཉིད་སངས་རྒྱས་བྱང་ཆུབ་ཀྱི་གནས་སོ། །དེ་ལ་བརྟུལ་ཞུགས་ཆེན་པོ་ལ་འཇུག་པ་ལ་སོགས་པའི། དུས་བཞིར་གསང་བའི་མཆོད་པ་བྱ། །ཞེས་ཏེ་ཐོ་རངས་ལ་སོགས་པ་ནི་མ་ཡིན་ནོ། །སྡོང་བུ་རྩ་བ་འབྲས་བུ་ཡི། །བཟའ་དང་བཅའ་བ་སྤྱད་པར་བྱ། །ཞེས་པ་ནི་ལས་ཆུང་བ་སྟེ། རེ་བ་དང་ལྡན་པའི་ཉོན་མོངས་པའི་ཕྱིར་ན་སྒོམ་པ་ལ་ནན་ཏན་དུ་གསུངས་སོ། །གཞན་དུ་རང་གི་རྒྱུ་མཐུན་པ་འབའ་ཞིག་བརྡས་བྱ་བ་སྟེ། དེ་རྣམས་ནི་དེའི་བརྡར་ཤེས་པར་བྱའོ་དེའི་འབྲས་བུ་གསུངས་པ། འོན་ཀྱང་ཞེས་པ་ལ་སོགས་པའོ། །ཟླ་བ་དྲུག་གིས་ནི་ཞེས་པ་ལ་སོགས་པ་ཞེས་བར་གྱི་ཚིག་གོ །དེའི་བསྲུང་བའི་དམ་ཚིག་གཞན་དུ་གསུངས་པ། རྟག་ཏུ་ཞེས་པ་ལ་


DTG039_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའོ། །གཞན་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་ནོར་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་ཏེ། དེ་རྣལ་འབྱོར་གྱིས་བསྐུལ་བར་བྱ་ཞེས་སོ། །རྨད་དུ་བྱུང་བའི་རྣམ་པར་རྟོག་པ་དང་ལྡན་པའི་ཆོས་ཇི་སྙེད་པའོ། །དེ་ཉིད་གཞིགས་པ་ནི་བསད་པའོ། །འདོད་ཆགས་རྡོ་རྗེ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེའི་གནས་ཆོས་ཉིད་མི་གཏོང་བས་ན་སྤྱད་པའོ། །དེ་ལྟ་བུའི་སྡོམ་པར་བསྡམས་པའོ། །འོད་དཔག་མེད་དང་མི་བསྐྱོད་པའི་རྣལ་འབྱོར་པ་དག་གིས་གསུངས་པ། འདོད་ཆགས་ཞེས་པ་ལ་སོགས་པའོ། །འདོད་ཆགས་རྡོ་རྗེ་ནི་སྣང་བ་མཐའ་ཡས་ཏེ་དེའི་ཡོན་ཏན་ནི་འགུགས་པར་བྱེད་པས་ན་ཀྱོ་བ་མ་སྟེ་གོས་དཀར་མོའོ། །ཡོན་ཏན་མི་བསྐྱོད་པས་ཏེ། ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །དེ་དང་འབྲེལ་བས་ལུ་གུ་རྒྱུད་དེ། །ལྷ་མོ་མཱ་མ་ཀཱིའོ། །ངག་གི་རྡོ་རྗེ་སྣང་བ་མཐའ་ཡས་ཉིད་མཆོག་སྟེ་དེ་སེམས་དཔའ་ལ་གོས་དཀར་མོ་འདི་ནི་རྣམ་པ་ཀུན་རིག་མ་ཞེས་སོ། །མི་བསྐྱོད་པ་ལ་ཡང་དེ་ལྟར་སྦྱར་བར་བྱའོ། །ཇི་ལྟར་མོས་པས་འཇམ་པའི་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པས་ཀྱང་རིག་པའི་བརྟུལ་ཞུགས་སྤྱད་པར་བྱའོ་ཞེས་གསུངས་པ། རྡོ་རྗེ་ཅན་གྱི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཅན་གྱི་ཡི་གེ་གསུམ་གྱིས་ཞེས་པ་ནི་འཇམ་པའི་རྡོ་རྗེ་སྐུ་ལ་སོགས་པས་བྱིན་གྱིས་བརླབས་པ་དང་ལྡན་པར་བྱའོ་ཞེས་སོ། །རང་གི་ཕྱག་རྒྱ་ནི་བདག་པོའི་ཕྱག་རྒྱ་འམ་ཡང་ན་གཞན་རྣམས་ལ་ཡང་དེ་ལྟར་སེམས་ཀྱིས་བསམ་པ་དེ་རྟེན་འབྲེལ་གྱི་མཐུའོ། །གཞན་གོང་མ་བཞིན་དུ་དཔག་སྟེ་ཤེས་པར་བྱའོ། །ད་ནི་བརྟུལ་ཞུགས་ལ་གནས་པས་རང་གི་མཐུ་མཐོང་བར་བྱ་བའི་ཕྱིར་གསུངས་པ། སྒྲུབ་པ་པོ་ཞེས་པ་ལ་སོགས་པའོ། །དེ་ཡང་སྒྲུབ་པ་པོ་ནགས་ཚལ་དུ་སོང་སྟེ། བསོད་སྙོམས་བླངས་པ་ཙམ་གྱིས་ཁ་ཟས་བཟང་པོ་སྟེར་བ་དག་ཅེས་པ་ནི་མི་དང་ཐུན་མོང་མ་ཡིན་པའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་སྦྱར་ནས། ཤིང་ལ་གནས་པའི་ལྷ་དེ་དག་སྒྲུབ་དབང་དེའི་གཟི་བརྗིད་ཀྱིས་སྐྲག་ནས་སྟེར་བར་འགྱུར་རོ། །ད་ནི་མ་སྟེར་


DTG039_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འདས་ན་རྡོ་རྗེ་དམ་ཚིག་ཀྱང་ཞེས་ཏེ། རྡོ་རྗེ་གསུམ་འདའ་བར་མི་བྱ་བ་ཡང་རྡོ་རྗེ་ཡི་གེ་སྟེ། མི་འགྱུར་བས་ན་ཡི་གེ་སྟེ། དེ་འགྱུར་བས་ནམ་རུངས་ཞེས་ཏེ་འགས་ཞེས་པའི་དོན་ཏོ། །ད་ནི་ལྷའི་ལུང་གིས་གཞན་དང་བརྟུལ་ཞུགས་སྤྱོད་པ་གསུངས་པ། ལྷ་མོ་ཞེས་པ་ལ་སོགས་པའོ། །དེ་རྣམས་ཀྱང་རང་གི་ནུས་པས་རྙེད་ནས་རིག་པའི་བརྟུལ་ཞུགས་བྱ་ཞེས་སོ། །ཅིའི་ཕྱིར་ན་རྡོ་རྗེ་གསུམ་གྱི་ཡེ་ཤེས་བསྟན་པའི་ཕྱིར་རོ་ཞེས་སོ། །རྡོ་རྗེ་གསུམ་ཐོབ་པར་བྱེད་པའི་ཐབས་དམ་པས་ན་གསང་བའི་ཚུལ་ཆེན་ནོ། །དེ་ཉིད་ཀྱི་སྦྱོར་བ་ཡང་དཀྱིལ་འཁོར་རྡོ་རྗེ་གསུམ་གོམས་པ་ལས་བྱུང་བ་སྟེ། དེ་དང་ལྡན་པའི་སྒྲུབ་པ་པོ་གཉིས་པའི་རྒྱུད་ལས། སངས་རྒྱས་བྱང་ཆུབ་རབ་ཏུ་འཇུག་པའོ་ཞེས་ཏེ། དེ་ཐོབ་པའི་ཞེས་པའི་དོན་ཏོ། །རིག་པ་བརྟུལ་ཞུགས་བཤད་ཟིན་ཏོ། །དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ །དེ་ལས་བྱུང་བའི་དེ་ཉིད་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དངོས་གྲུབ་ཐམས་ཅད་ནི་ཕྲ་མོ་དང་ཕྱག་རྒྱ་ཆེན་པོའོ། །དེའི་དཀྱིལ་འཁོར་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་ཏེ་མངོན་དུ་སོང་བའི་རྒྱུ་དང་བཅས་པའོ། །རྡོ་རྗེ་མངོན་པར་བྱང་ཆུབ་པ་ནི་ཕྱག་ལས་བསྐྱེད་པའི་ཡེ་ཤེས་ལྔའི་མངོན་པར་བྱང་ཆུབ་པ་སྟེ། དེ་སྟོན་པར་བྱེད་པའི་གཞུང་གི་ལེའུ་སྟེ་བཅུ་དྲུག་པའོ། །ལེའུ་བཅུ་དྲུག་པའི་འགྲེལ་པའོ།། །།


previousལེའུ་བཅུ་དྲུག་པ། དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་སྟོན་པར་བྱེད་པའི་གཞུང་གི་འགྲེལ་པ།next