Nitartha Digital Library
Tibetan
 
previousལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པ། ཟླ་བའི་འོད།next

ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པ།
ཟླ་བའི་འོད།


DTG040_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་བདག་འདྲའི་བསོད་ནམས་ཀྱིས། །རྣམ་པ་མང་པོར་གསོལ་བཏབ་ཀྱང༌། །བསོད་སྙོམས་པ་ཡི་ཞལ་སྔ་ནས། །ཐུགས་རྗེ་ཆེ་ཡང་རྒྱན་མ་མཛད། །དེ་ཕྱིར་བདག་གིས་བཅོ་བརྒྱད་པ། །དེ་མཉེས་གསལ་བར་ཁོང་དུ་ཆུད། །དེ་ཡི་ཞབས་ཟུང་ཕྱག་འཚལ་ནས། །རང་ཉིད་དྲན་ཕྱིར་ཅུང་ཟད་བྲི། །འདི་ལྟར་མན་ངག་དང་བཅས་པའི་རྒྱུད་ཐམས་ཅད་ལེའུ་བཅུ་བདུན་པོ་རྣམས་ཀྱིས་མདོའི་གནས་སུ་གྱུར་པ་བསྟན་ནས། ད་ནི་དེ་ཉིད་གསལ་པོར་བྱེད་དེ། ཟབ་པར་བརྗོད་པ་རྣམ་པར་སྤྲོས་པ་དང༌། མ་བརྗོད་པ་གསལ་བར་བྱེད་པ་དཔལ་ལྡན་གསང་བ་


DTG040_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་བཤད་པའི་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ་སྟོན་པ་སྡུད་པར་བྱེད་པས་བརྗོད་པ། དེ་ནས་ཞེས་པ་ལ་སོགས་པ་ལ། དེ་ནས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསྟན་པའི་རྗེས་ལའོ། །ཡང་ནི་ཚིག་གི་རྒྱན་ནོ། །བྱམས་པ་ལ་སོགས་པ་ཞེས་པ་ལ་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ། ཐོད་བཅིངས་པ། སྐྱེ་བ་གཅིག་གིས་བྱང་ཆུབ་ལ་ཐོགས་པ་ཐེག་པ་ཆེན་པོའི་མངོན་པའི་ཆོས་མཛད་པ་པོ་བཅོམ་ལྡན་འདས་བྱམས་པ་སྟེ། གང་རྣམས་ཀྱི་རབ་ཀྱི་གཙོ་བོ་ཡིན་ཏེ་གླེང་གཞིའི་ལེའུར་བརྗོད་པའི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟེ་དེ་རྣམས་ནི་དེ་བཞིན་དུ་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ནི། འབྲས་བུར་གྱུར་པ་བདེ་བ་ཆེན་པོའི་ངོ་བོ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ། དེ་ཉིད་སྤྲུལ་པ་དང་ལོངས་སྤྱོད་དང་ཆོས་ཀྱི་སྐུའི་བདག་ཉིད་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཉིད་ཀྱིས་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཡིན་ལ་དེའི་བསྟན་པ་ནི་གསུངས་པའོ། །ཡང་ན་དེའི་སྟོན་ཅིང་རྟོགས་པར་བྱེད་པ་གང་གིས་དེ་ལེའུ་བཅུ་བདུན་གྱི་བདག་ཉིད་རྩ་བའི་རྒྱུད་ཀྱིས་སོ། །དངོས་པོ་ཐམས་ཅད་ཀྱིས་ཞེས་པ་ནི་མངོན་རྟོགས་དང་བྲིས་པའི་དཀྱིལ་འཁོར་དང་ལས་ཀྱི་ཚོགས་དང་སྟོན་པ་ལ་མཁོ་བའི་ངོ་བོས་སམ་རྣམ་པ་ཐམས་ཅད་ཀྱིས་ཏེ་སྒྱུ་མ་ལ་སོགས་པ་རྣམས་ཀྱིས་སོ། །ཇི་ལྟ་བ་ནི་ཕྱིན་ཅི་མ་ལོག་པའོ། །དམ་ཚིག་ཇི་ལྟ་བ་ནི་གླེང་གཞིའི་ལེའུར་བརྗོད་པའི་རྡོ་རྗེ་འཛིན་པ་ཆེན་པོའི་འཁོར་གྱི་ལུགས་ལས་མ་འདས་པས་སོ། །མཐོང་བས་ནི་འབྲས་བུར་གྱུར་པའི་རྡོ་རྗེ་འཛིན་པའོ། །ཐོས་པ་ནི་དེ་ལས་ལམ་གྱི་བདག་ཉིད་དོ། །ཁོང་དུ་ཆུད་པ་ནི་མངོན་སུམ་དུ་བྱས་པའོ། །ཡང་ན་མཐོང་བ་ནི་སྤྲུལ་པའི་སྐུའི་བདག་ཉིད་སྐུ་རྡོ་རྗེའི་ངོ་བོའོ། །ཐོས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་གསུང་རྡོ་རྗེའི་རྣམ་པས་སོ། །ཁོང་དུ་ཆུད་པ་ནི་ཆོས་ཀྱི་སྐུའི་ངོ་བོ་ཐུགས་རྡོ་རྗེའི་རྣམ་པས་མངོན་སུམ་དུ་བྱས་པའོ། །གཞན་དག་མཐོང་བ་ནི་རིགས་པ་དང་བསམ་པ་ལས་བྱུང་བ་དག་གིས་སོ། །ཐོས་པ་ནི་ཐོས་པ་ལས་བྱུང་བས་སོ། །ཁོང་དུ་ཆུད་


DTG040_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བསྒོམ་པ་ལས་བྱུང་བས་སོ་ཞེས་སོ། །དེ་རྣམས་ལ་ནི་འཁོར་དུ་ཚོགས་པའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལའོ། །གཟིགས་པ་ནི་བརྗོད་མ་ཐག་པའི་ཆོས་གང་རྣམས་ཀྱིས་དེ་རྣམས་གཟིགས་པའི་ཆོས་རྣམས་ཏེ། དེ་ཉིད་ཆོས་གཟིགས་པའོ། །རྒྱུད་ཡོངས་སུ་རྫོགས་ནས་སྐུ་ལ་སོགས་པ་རྣམས་ཁམས་གསུམ་པའི་ལུས་ལ་སོགས་པ་ལ་བཞུགས་པ་སྔར་མ་མཐོང་བ་ཐ་མི་དད་པར་སོ་སོར་རང་རིག་པ་རང་གི་མཚན་ཉིད་ཀྱི་ངོ་བོར་མཐོང་ནས་ཇི་ལྟར་ན་འཁོར་བ་ཡིན་ཞེས་ཡ་མཚན་སྐྱེས་པར་གྱུར་ནས་ཀྱེ་མ་ཞེས་བྱ་བ་ལ་སོགས་པས་ཆེད་དུ་རྗོད་པ་བརྗོད་དོ། །སྐུ་གསུང་ཐུགས་ཀྱི་ངེས་པ་ནི་རང་ཇི་ལྟ་བར་རང་གི་མཚན་ཉིད་དང་བྲལ་བས་གཉིས་སུ་མེད་པ་ཉིད་དུ་ངེས་པའོ། །རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེ་སྟེ། བེམས་པོ་མ་ཡིན་པའི་ངོ་བོས་བཞུགས་པའོ། །གང་དུ་ཞེ་ན་བརྗོད་པ་རྡོ་རྗེ་གསུམ་ལ་སྟེ་ཁམས་གསུམ་གྱི་ལུས་དང་ངག་དང་སེམས་རྡོ་རྗེ་རྣམས་ལ་དེའི་རང་བཞིན་གྱིས་རྣམ་པ་ཐམས་ཅད་བཞུགས་པའོ། །འདི་ཉིད་ཅིའི་ཕྱིར་ཞེ་ན། གང་ལས་སེམས་ཅན་ཐམས་ཅད་བྱུང་བ་རྣམས་སོ། །རང་གི་རང་བཞིན་གྱིས་ཤེ་ན། རྡོ་རྗེ་གསུམ་གྱི་ངོ་བོས་སོ། །དུས་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེའི་ངོ་བོས་སོ། །བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་སྟེ་དེའི་གནས་ཐོབ་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་རྡོ་རྗེ་ནི་རྫུ་འཕྲུལ་ཆེན་པོ་ཡང་ཡིན་ནོ། །དེ་བརྗོད་པ། ཆོས་ཉིད་ཀྱིས་ནི་དབྱེ་བ་འགའ་ཡང་མེད། །ཅེས་བྱ་བ་ལ་སོགས་པས་སོ། །སླར་ཡང༌། སངས་རྒྱས་སངས་རྒྱས་མིན་མཉམ་ཉིད། །མི་མཉམ་མེད་ཕྱིར་གྲུ་བཞི་སྟེ། །ཞེས་པས་སོ། །ངོ་མཚར་ཆེ་བ་ནི་གཞན་དུ་མ་མཐོང་བས་སོ། །དབང་པོ་ལས་འདས་པ་ནི་དབང་པོའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །མཆོག་ཏུ་མྱ་ངན་ལས་འདས་པ་ནི་སྲིད་པ་དང་ཞི་བ་ལ་མི་གནས་པའི་ཕྱིར་རོ། །རྣམ་པ་འདི་ལྟར་ཡང་ཤེས་པ་ཡོད་པ་ལ་འཁོར་བའི་རྒྱུན་འཇུག་པ་ཞེས་ངོ་མཚར་བའོ། །ངོ་མི་མཚར་བ་ནི་ཆོས་ཉིད་ཀྱིས་དེ་ཉིད་གཉུག་མའི་རང་བཞིན་ཡིན་པའི་ཕྱིར་རོ། །ཤིན་ཏུ་རྙེད་པར་དཀའ་བ་ནི་ཐབས་འདིའོ། །བྱང་ཆུབ་སྒྲུབ་པ་ནི་རྒྱུ་གཞན་མེད་པ་སྟེ། ཐབས་གཞན་རྣམས་ནི་བར་དུ་ཆོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྒྱུད་རྣམས་


DTG040_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནི་མཆོག་གི་མཆོག །ཅེས་ཏེ། རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ལས་མཆོག་གོ །ཁྱོད་ལ་གསོལ་བ་འཚལ་བའོ། །ཅིའི་ཕྱིར་ཞེ་ན། གསུངས་པ། སྦས་པ་དེ་ཉིད་རྟོགས་ཕྱིར་རོ། །གང་གིས་ཟབ་པ་ཡིན་ཞེ་ན། །གསུངས་པ། གང་བརྗོད་པ་སྟེ་སྔར་ཡང་དག་པར་གསུངས་པའོ། །ཅི་ཁྱེད་རྣམས་ཀྱིས་དེ་ཁོང་དུ་མ་ཆུད་དམ་ཞེ་ན། གསུངས་པ། སེམས་ཅན་རྣམས་ལ་ཕན་འདོད་པས། །ཞེས་སོ། །དེ་ནས་ཞེས་པ་ནི་གསོལ་བ་བཏབ་པའི་རྗེས་ལའོ། །དེ་དག་ཅེས་པ་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །དེ་རྣམས་ལ་ཞེས་པ་ནི་བྱམས་པ་ལ་སོགས་པ་རྣམས་ལའོ། །ལེགས་སོ་ལེགས་སོ་ཞེས་པ་ལ་སོགས་པས་ནི་དགའ་བས་མ་འོངས་པའི་སློབ་དཔོན་རྣམས་ལའང་འདི་བཞིན་དུ་གཞན་གྱི་དོན་ལ་ཞུགས་པའི་འདྲི་བ་པོ་རྣམས་ལ་ལེགས་སོ་ཞེས་པ་ལ་སོགས་པས་སྤྲོ་བར་བྱ་ཞེས་ཡང་དག་པར་སློབ་པར་བྱེད་དོ། །ཆོས་ལ་གུས་པས་ཡང་ནས་ཡང་དུ་ཕྱག་འཚལ་ནས་འདྲི་བར་བྱེད་དོ། །གསང་བ་ཞེས་འདིར་གང་ལ་བགྱི། །ཞེས་པ་ལ་སོགས་པ་ནི་དྲི་བའི་ཚོགས་ཏེ་གོ་སླའོ། །དེ་རྣམས་བསྟན་པ་དང་བཤད་པ་དང་སོ་སོར་བཤད་པ་དང་དྲི་བ་དང་ལན་དང་བཅས་པས་སྤྲོ་བར་བྱའོ་ཞེས་གསུངས་པ་སྐུ་རྡོ་རྗེ་ལ་སོགས་པ་ལ་བཞག་ནས་ཞེས་པ་ནི་གཅིག་ཏུ་གྱུར་པར་བྱས་ནས་སོ། །རྡོ་རྗེ་འཛིན་པ་ཆེན་པོའི་སྐུ་ལ་སོགས་པའི་རྡོ་རྗེ་ལ་རང་རང་གི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཀྱིས་དམིགས་པ་སྟེ། དབྱེར་མེད་པས་ཡིན་ལ་སྤྲོ་འདོགས་པ་ལ་དཔྱད་ནས་ཆོས་ཉིད་ཉེ་བར་བླངས་ཏེ་ཅང་མི་གསུང་བར་གྱུར་ཏོ། །དང་པོ་ཉིད་དུ་དཔལ་གསང་བ་འདུས་པར་གྲགས་པ་ནི་ཀུན་དུ་བཟང་པོ་ཡིན་ལ་དེའི་ཐབས་སུ་གྱུར་པ་ཡང་དེའི་རྗོད་པར་བྱེད་པའི་རྒྱུད་ཀྱི་མིང་གི་དོན་དུ་བསྟན་པའི་རིམ་པས་བཤད་པའི་རིམ་པ་གསུངས་པ། སྐུ་གསུང་ཐུགས་ནི་རྣམ་པ་གསུམ།། ཞེས་པ་ནི་སོ་སོར་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་རྣམ་པ་གསུམ་མོ། །གསང་བ་ནི་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཚོགས་པ་ནི་འདུས་པ་ཡིན་ནོ། །མཚན་ཉིད་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མིང་ཅན་ཏེ་རང་གི་དོན་ལག་ན་སྦྱར་བར་བྱའོ། །


DTG040_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བརྗོད་པར་འགྱུར་ཏེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་ལ་སོགས་པ་གསུམ་གྱི་རང་བཞིན་གྱིས་གཅིག་པ་ནི་གསང་བ་འདུས་པའོ། །ཡང་ན་རྟེན་དང་བརྟེན་པའི་རྣམ་པར་དག་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་མཐའ་དག་དཀྱིལ་འཁོར་གྱི་རྣམ་པས་ཚོགས་ཤིང་འདུས་པའོ། །འདིས་ནི་གསང་བ་འདུས་པ་བཤད་དོ། །རྒྱུད་ཀྱི་འབྲེལ་པ་ཇི་ལྟར་ལགས། །ཞེས་པ་ནི་དྲི་བའོ། །ལན་གསུངས་པ་ལྔ་པ་ཞེས་པ་ལ་སོགས་པའོ། །ལྔ་པ་ནི་ལེའུ་ལྔ་པའོ། །དགུ་པ་ནི་དགུ་པའོ། །བདུན་དང་བཅུ་ནི་བཅུ་བདུན་པའོ། །བཅུ་གསུམ་ནི་བཅུ་གསུམ་པའོ། །འདི་རྣམས་སུ་དོན་གང་བཤད་ཅེ་ན་གསུངས་པ། རིམ་པ་བཞིན་དུ་རྣམ་པར་མི་རྟོག་པའི་སྤྱོད་པ་དང༌། དམ་ཚིག་བཞི་ཡང་ཡིན་ལ་དེའི་བཤད་པ་ལོག་པར་རྟོགས་པ་འགེགས་པ་དང་འཇིག་རྟེན་པའི་ལྷ་ཐམས་ཅད་ཀྱི་དམ་ཚིག་དང་བསེ་རུ་ལ་སོགས་པའི་ཚུལ་ངེས་པ་དང་སྔགས་ཀྱི་བཟླས་པ་དང་དེའི་དོན་ལ་སོགས་པ་དང༌། ཁ་དོག་དང་ཕྱག་མཚན་ལ་སོགས་པའི་ངེས་པ་དང་ཞི་བ་ཡང་ངོ༌། །གང་རྣམས་ཀྱི་ཞེ་ན། སངས་རྒྱས་རྣམས་ཀྱི་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་རྣམས་ཀྱིའོ། །བསྟན་པ་ནི་བསྟན་པ་ལ་མཁོ་བ་སྟེ་བསམ་གཏན་གྱི་དཀྱིལ་འཁོར་དང་བྲིས་པའི་དཀྱིལ་འཁོར་དང༌། ལས་ཀྱི་ཚོགས་རྣམས་ལས་གཞན་ལེགས་སོ་ལེགས་སོ་ཞེས་པ་ལ་སོགས་པའོ། །སྒྲུབ་པ་ཆེན་པོ་ནི་ལས་ཀྱི་ཚོགས་ལ་སོགས་པ་རྣམས་སོ། །བཞི་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ། །བཅུ་དྲུག་པར་སྐུ་དང་གསུང་ཐམས་ཅད་ཀྱི་བདག་པོའི་དཀྱིལ་འཁོར་རྣམས་སོ། །དེར་ཐིག་སྐུད་དང༌། རྡུལ་ཚོན་དང༌། བུམ་པ་ལ་སོགས་པ་འདུས་བྱ་བ་དང༌། སྦྱིན་སྲེག་དང༌། གཏོར་མ་དང༌། སློབ་མ་གཞུག་པ་དང་དབང་བསྐུར་བ་ལ་སོགས་པ་ནི་སློབ་དཔོན་གྱི་ལས་སོ། །བརྒྱད་པར་བརྟུལ་ཞུགས་ཏེ་དེ་ཁོ་ན་ཉིད་དང་རྗེས་སུ་འབྲེལ་བའི་མཆོད་པ་དང་དེ་ཉིད་འཁོར་བ་དང་ངན་སོང་གི་ལམ་ལས་སྡོམ་པར་བྱེད་པས་སྡོམ་པའོ། །བཅུ་གཉིས་པར་མི་སྣང་བ་དང་མངོན་པར་ཤེས་པ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང༌།


DTG040_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་ལ་སོགས་པའི་ཡན་ལག་བཞི་ཡང་ངོ༌། །བརྒྱད་པ་ཞེས་པ་ནི་དྲུག་པ་སྟེ་གཞུང་ལྷག་པས་སོ། །དེ་ལ་རྗེས་སུ་ཆགས་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པ་དང་མཆོད་པའི་སྔགས་དག་གོ །ཉེ་བར་སྒྲུབ་པ་ནི་དེ་དང་ཉེ་བས་སྒྲུབ་པ་ཉིད་དེ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་སྔགས་བརྗོད་པའོ། །གཉིས་པར་ནི་སྡོམ་པ་ཞེས་པ་བྱང་ཆུབ་ཀྱི་སེམས་སོ། །བཅུ་པ་དང་བཅུ་བཞི་པར་དྲག་པོའི་སྤྱོད་པའོ། །བདུན་པར་སྡོམ་པ་སྟེ་རྗེས་སུ་དྲན་པའི་རང་བཞིན་གསུངས་སོ། །གསུམ་པར་རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་གྱི་ངོ་བོ་བསྙེན་པའོ། །གཅིག་བཅུ་ཞེས་པ་ནི་བཅུ་གཅིག་པར་ལྷ་རྣམས་ཀྱི་གཟུགས་རྫོགས་པའི་རྒྱུ་མཚན་ཡི་གེ་གསུམ་ལ་སོགས་པ་དང་མི་སྣང་བ་ལ་སོགས་པའི་དངོས་གྲུབ་དང་དེའི་གནས་ཀྱང་ངོ༌། །དེ་ཉིད་དུ་གཅིག་གི་སྒྲ་ཕྱིས་པ་མཐོང་བས་དང་པོ་བཟུང་སྟེ། དེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ལྷ་རྣམས་འབྱིན་པ་ལ་སོགས་པ་བརྗོད་དོ། །བཅུ་དང་ལྔ་པ་ཞེས་པ་ནི་བཅོ་ལྔ་པ་སྟེ། དེ་རུ་གྲུབ་པའི་ཞིང་དང་དེའི་རྒྱུ་མཚན་རྨི་ལམ་ལ་སོགས་པ་ཡང་གསུངས་སོ། །འདི་དག་ནི་མཚོན་པ་ཙམ་སྟེ། གཞན་ཡང་དེ་དང་དེར་བརྗོད་པ་བསྟན་པར་འདོད་ནས་གསུངས་པ། ཚར་གཅོད་རྗེས་སུ་གཟུང་བ་དང༌། །ཞེས་པ་ལ་སོགས་པའོ། །ཚར་གཅོད་པ་ནི་སྤྱོ་བར་བྱ་བའི་གདུལ་བྱ་རྣམས་སོ། །རྗེས་སུ་གཟུང་བ་ནི་གསད་པ་ཉེ་བར་བསྡུ་བ་བསྟན་ནས་འཚོ་བར་བྱེད་པའོ། །དེ་དག་ནུས་པ་ནི་ལས་སོ། །དུལ་བ་ནི་སྔར་གྱི་སངས་རྒྱས་རྣམས་ཀྱིས་སོ། །གདུལ་དཀའ་བ་ནི་གདུལ་བར་མི་ནུས་པའི་གདུལ་བྱའོ། །ཞི་བ་ནི་རང་བཞིན་དུ་གནས་པའོ། །དེ་རྣམས་གཞུག་པའོ། །བསྐྱེད་པའི་རིམ་པ་དང་འབྲེལ་བའི་ཞེས་པ་ནི་བསྐྱེད་པའི་རིམ་པའི་ལྷའི་འཁོར་ལོ་གྲུབ་པ་དེའི་རིམ་པའོ། །ཟླ་བ་རྡོ་རྗེ་ལ་སོགས་པའི་མཚན་ཉིད་ཀྱི་རིམ་པ་བསྟན་པའོ། །དེ་དབྱེར་མེད་པར་གྲུབ་པར་བྱེད་པས་ཆོ་གའོ། །བཞི་ཞེས་པ་ནི་དང་པོར་སྟོང་ཉིད་བྱང་ཆུབ་ཅེས་པ་ལ་སོགས་པ་འཆད་པར་འགྱུར་བའི་རིམ་པས་རྣམ་པ་བཞིའོ། །ཐུན་མོང་གི་དངོས་གྲུབ་དང་འབྲེལ་བའི་ཞེས་པ་ནི་རྒྱུད་འོག་མའི་བསྐྱེད་པའི་རིམ་པ་དང་འདྲ་བ་ཡིན་པས་ཐུན་མོང་བའོ། །དེའི་དངོས་གྲུབ་ནི་དེ་དང་


DTG040_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པ་སྟེ་གཞུང་ངོ༌། །མཆོག་ཏུ་གྱུར་པ་ཉིད་ཅེས་པ་ལ་མཆོག་ནི་མཆོག་གི་བསྙེན་པ་སྟེ། ཟླ་བ་ཞུ་བའི་བདག་ཉིད་མངལ་ནས་སྐྱེ་བའི་རིམ་པའི་ངོ་བོའོ། །གང་འཆད་པར་འགྱུར་བ། མཆོག་ནི་ཡེ་ཤེས་བདུད་རྩི་ཉིད། །ཅེས་སོ། །དེ་གསལ་བར་བྱེད་པ་ཡང་གཞུང་ངོ༌། །ཉིད་ཅེས་པ་ནི་ངེས་པར་གཟུང་བའོ། །ད་ནི་སྡུད་པ་པོ་གཞན་དག་ནི་ཐུན་མོང་གི་དངོས་གྲུབ་ནི་མི་སྣང་བ་ལ་སོགས་པ་ཡིན་ལ་མཆོག་དང་ཡང་འབྲེལ་ཏོ་ཞེས་སོ། །དཀྱིལ་འཁོར་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་རོ། །བརྟུལ་ཞུགས་ནི་རིག་པའི་བརྟུལ་ཞུགས་སོ། །གཞུང་ནི་སློབ་དཔོན་ཕུན་སུམ་ཚོགས་པ་རྟོག་པར་བྱེད་པའོ། །བླ་མ་སྔགས་ཀྱི་ལམ་ནས་ནི། །ཞེས་པ་ནི་སྔགས་ཀྱི་ཐེག་པའི་ལུགས་སོ། །སློབ་མ་ཡོངས་སུ་སྨིན་པ་ནི་འཇུག་པར་བྱེད་པའོ། །བརྟུལ་ཞུགས་བཟང་པོ་ནི་བཟུང་བའི་མི་དམན་པའི་ཐུན་མཚམས་བཞི་ཏིང་ངེ་འཛིན་གསུམ་དང་རྣལ་འབྱོར་བསྲུང་བ་ལ་སོགས་པ་དང་དམ་ཚིག་ཉམས་སུ་ལེན་པ་ལ་སོགས་པའི་ངེས་པའོ། །དབང་བསྐུར་བ་ནི་རང་ཉིད་ཀྱིས་མཆོག་གི་མཆོག་ལ་སོགས་པའི་དབང་བསྐུར་བ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་སློབ་མ་བཟང་པོ་བརྟན་ཞིང་གུས་པ་བདག་ཉིད་ཆེན་པོ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་མོས་པ་ནི་སངས་རྒྱས་དང་འབྲེལ་བ་འདི་ཡིན་ཏེ། སྟོན་པ་ནི་གསལ་བར་བྱེད་པ་ཡིན་ལ་གཞན་འདི་ལྟ་བུའི་མཚན་ཉིད་དང་བྲལ་བ་ནི་མ་ཡིན་ནོ་ཞེས་བལྟ་བར་བྱའོ། །སྲིད་པ་དང་ཞི་བའི་རྟོག་པ་དང་བྲལ་བས་ཡོངས་སུ་གྲོལ་བ་ཡིན་ཏེ། བྱའོ་ཞེས་སྔགས་དང་འབྲེལ་ཏོ། །རྣལ་འབྱོར་ཞེས་འདིར་ཅི་ལ་བགྱི། །ཞེས་པ་ནི་འདྲི་བའོ། །ལན་ལ་ཐབས་དང་ཤེས་རབ་ལ་སོགས་པའོ། །ཐབས་དང་ཤེས་རབ་འཆད་པར་འགྱུར་བ་དག་སྙོམས་པར་འཇུག་པ་ནི་ཕྱི་རོལ་མ་ཡིན་པའི་ངོ་བོས་སྙོམས་པར་འཇུག་པ་ངེས་པར་གཏོད་པ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་རྣལ་འབྱོར་ཞེས་བཤད་དོ། །དེ་དག་འཆད་དེ། གང་དངོས་པོ་མེད་པ་ནི་གཟུང་བ་དང་འཛིན་པའི་རྣམ་པ་སྒྲོ་འདོགས་པའི་ངོ་བོར་བརྟགས་པའི་རང་བཞིན་དང་བྲལ་བ་གཉིས་སུ་མེད་པ་སྟེ། དེ་ནི་ཤེས་རབ་བོ། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་ཞེས་བརྗོད་པས་སོ། །ཡང་ཐབས་ནི་སེམས་ཅན་ཐམས་ཅད་སྒྱུ་མ་ལྟ་བུར་སེམས་ཅན་


DTG040_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཀུན་རྫོབ་ཏུ་སྙིང་རྗེས་མངོན་པར་འདོད་པའི་བསམ་པ་ནི་དངོས་པོ་སྟེ། དེ་ཉིད་འདིའི་མཚན་ཉིད་ཡིན་ལ་གདུལ་བྱའི་དབང་གིས་རྣམ་པ་སྣ་ཚོགས་པར་སྣང་བ་རྒྱ་ཆེན་པོས་རབ་ཏུ་སྣང་བའི་ཕྱིར་རོ། །རྒྱ་ཆེན་པོ་ཡང་ཟབ་མོའི་རང་བཞིན་ཉིད་དོ། །དེ་ཉིད་བརྗོད་པ། ཟབ་པ་དང་ནི་རྒྱ་ཆེ་ལས། །ཡོངས་མིན་རྣམ་རྟོག་མེད་པ་ཉིད། །ཅེས་པ་ལ་སོགས་པའོ། །སླར་ཡང༌། རྣམ་པར་མི་རྟོག་ཟབ་པ་དང༌། རྒྱ་ཆེ་བ་ནི་རང་གཞན་འབྱུང༌། །ཞེས་པ་ལ་སོགས་པ་སྟེ། །འདིས་ནི་རྣལ་འབྱོར་བཤད་དོ། །སྔར་ནི་རྒྱུད་ཀྱི་འབྲེལ་པ་བརྗོད་ལ། ད་ནི་རྒྱུད་ཀྱི་སྒྲ་ཉིད་ཀྱི་དོན་མ་དྲིས་པ་ཉིད་དུ་གསུངས་པ། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་མ་འོངས་པའི་སློབ་དཔོན་ཡང་འདི་ལྟར་ཉིད་དུ་སློབ་མས་མི་ཤེས་པས་མ་དྲིས་པར་གོ་ནས་བསྟན་པར་བྱའོ་ཞེས་ཡང་དག་པར་བསླབ་པའི་ཆེད་དུ་ལན་གསུངས་པ། རྒྱུན་ནི་ཚོགས་པ་སྟེ། རྗོད་པར་བྱེད་པའི་ཚོགས་ཡིན་ལ་རྒྱུད་ནི་འདིས་དོན་གསལ་བར་བྱེད་པས་ཞེས་སོ། །དེའི་རྒྱུན་ནི་རྣམ་པ་གསུམ་ཡིན་ཏེ། ཕྱེ་ནས་སྟོན་པར་བྱེད་པ་ནི་གཞི་དང་ཞེས་པ་ལ་སོགས་པའོ། །ཆ་བྱད་ནི་རྣམ་པ་ལ་སོགས་པ་ཁྱད་པར་ཅན་རྒྱུའི་དཀྱིལ་འཁོར་བའི་གཟུགས་ནི་རང་བཞིན་དུ་བརྗོད་དོ་ཞེས་པའི་དོན་ཏོ། །དེ་ཉིད་མི་འཕྲོགས་པ་ནི་འབྲས་བུ་རྒྱས་པ་ཀུན་དུ་བཟང་པོ་ཉིད་ཡིན་ཏེ་རྒྱུ་དང་འབྲས་བུ་དག་དབྱེར་མེད་པས་སོ། །གཞིའི་དོན་འགྲེལ་པ་ནི་ཐབས་ཞེས་ཏེ་ཆོས་ཀྱི་འབྱུང་གནས་དང་གཞལ་ཡས་ཁང་ལ་སྩོགས་པ་ཞེས་པའི་དོན་ཏོ། །གསུམ་པོ་འདིས་རྒྱུད་ཀྱི་དོན་ཡང་དག་པར་བསྡུས་སོ། །གཞན་ཡང་གལ་ཏེ་རྒྱུད་འདིར་སྟོན་པ་དེ་ཡང་འདི་གསུམ་དུ་འདུས་པ་ཉིད་དོ་ཞེས་བསྟན་པར་འདོད་ནས་གསུངས་པ། རིགས་ནི་ལྔ་དང་ཞེས་པ་ལ་སོགས་པའོ། །གང་དངོས་པོ་ལ་རིགས་གཅིག་ཡིན་ལ་གཅིག་ཁོ་ན་རིགས་ཡིན་ཏེ་འདི་ལྟ་སྟེ་ཐུགས་ཀྱི་རིགས་སོ་ཞེས་བརྗོད་པས་སོ། །དེ་ཉིད་རྣམ་པར་སྤྲོས་པའི་གནས་སྐབས་ནི་ལྔའོ། །རིགས་ལྔ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་དབྱེ་བས་སོ། །རིགས་གསུམ་ནི་སྐུ་ལ་སོགས་པའི་དབྱེ་བས་སོ། །ཡེ་ཤེས་ལྔ་རྣམས་ཉིད་ལས་དང་ཆོས་དང་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱའི་དབྱེ་བས་བརྒྱའོ། །དབྱེ་བ་འདི་


DTG040_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཚོན་པ་ཙམ་སྟེ་རྣམ་པ་འདིས་རིགས་མཐའ་ཡས་པའི་ཕྱིར་རོ། །དེ་བརྗོད་པ། ཡེ་ཤེས་ལྔ་རྣམས་ཕྱག་རྒྱ་ཡིས། །རིགས་བརྒྱ་ལྔ་དང་གསུམ་གྱིས་སོ། །ཞེས་སོ། །དེ་ལས་གཞན་པ་ཡང་རྣམ་པ་འདི་ལྟར་རྒྱུ་དང་འབྲས་བུ་དང་རྟེན་རྣམས་ལ་ཇི་ལྟ་ཇི་ལྟར་ནང་དུ་འདུས་སོ་ཞེས་པའི་དོན་ཏོ། །དེ་དང་དེ་ཡང་རྩ་བའི་རྒྱུད་དུ་བཤད་དོ། །རྒྱུད་ཕྱི་མའི་དོན་ཡང་གསུངས་པ། བྱང་ཆུབ་རྡོ་རྗེ་བཅས་ཞེས་པ་ལ་སོགས་པའོ། །ལེའུ་བཅུ་བདུན་པོ་རྣམས་སུ་བྱང་ཆུབ་རྡོ་རྗེ་སྟེ་རྡོ་རྗེ་འཛིན་པའི་ཚིག་གིས་སྤྱིར་གསུངས་པ་གང་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་ཉིད་རྒྱུད་ཕྱི་མར་བཞེད་དེ། སྟན་པ་པོས་དོན་ཇི་ལྟར་བརྗོད་པ་དེ་བཞིན་དུ་བཤད་པའི་ཚུལ་ཉིད་རྒྱུད་ཕྱི་མར་བཞེད་དོ་ཞེས་པའི་དོན་ཏོ། །དེ་ཉིད་རྣམ་པ་དུ་བཤད་ཅེས་པ་ལ་སོགས་པ་དྲི་བ་བཞི་པོ་དེ་རྣམས་ཀྱི་ལན་ནི་གོ་རིམས་ཇི་ལྟ་བར་འདི་རྣམས་ཡིན་ཏེ། དོན་གཞན་ལ་ནི་བརྟེན་ནས་སུ། །དོན་དེ་ཉིད་ནི་བཟླས་པ་ཡིན། །ཞེས་པས་འདིར་འདྲི་བ་བཞིའི་སྒོ་ནས་བྱུང་བས་ཟློས་པ་མ་ཡིན་ནོ། །དེ་ནི་རྣམ་པ་ལྔ་རུ་བཤད། །ཅེས་པ་ནི་བཤད་ཟིན་ཏོ། །ལྷག་པའི་ལྷ་ཉིད་ནི་རིགས་གཅིག་གི་རང་བཞིན་ཀུན་དུ་བཟང་པོ་སྟེ་རིགས་བརྒྱར་གསུངས་སོ། །བྱང་ཆུབ་སེམས་ཞེས་གང་ལ་བགྱི། །ཞེས་པ་དྲིས་པའི་ལན་ནི། ཐོག་མ་ཐ་མ་མེད་ཞི་བ། །ཞེས་པ་ལ་སོགས་པ་སྟེ་ཐོག་མ་དང་ཐ་མ་དག་གང་ལ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་ན་ཞི་བ་སྟེ། རྣམ་པར་དཀྲུགས་པ་ཐམས་ཅད་དང་བྲལ་བས་སོ། །དངོས་པོ་ནི་བརྟགས་པའི་ངོ་བོ་གཟུང་བ་དང་འཛིན་པར་སྒྲོ་བཏགས་པའོ། །དངོས་མེད་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་དང་ཡོངས་སུ་གྲུབ་པ་དག་ལ་རྣམ་པ་ཐམས་ཅད་དུ་སྐུར་བ་འདེབས་པ་སྟེ། དེ་དག་ཟད་པ་གཉིས་སུ་མེད་པའི་ཡེ་ཤེས་གང་ལ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་ན་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པའི་ས་བོན་དུ་གྱུར་པའི་ཕྱིར་རོ། །སྟོང་པ་ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་ཉིད་དོ། །སྙིང་རྗེ་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྐྱོབ་པའོ། །དེ་དག་ཕྱེ་བ་ནི་རོ་གཅིག་ཏུ་གྱུར་པའི་རང་བཞིན་ཏེ་བྱང་ཆུབ་


DTG040_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདག་ཉིད་སེམས་སུ་བརྗོད་དོ། །མི་ཕྱེད་པ་ཞེས་པའི་ཚིག་ལ་ཡང་དོན་འདི་ཉིད་དོ། །དེ་བཞིན་རིག་པའི་སྐྱེས་བུ་ཅི། །ཞེས་པ་ནི་དྲི་བ་ཡིན་ལ་ལན་ལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས་མི་ཕྱེད་པ་ཡིན་ཏེ་ཆོས་ཉིད་ཀྱིས་གསུམ་པོ་རྣམས་གཅིག་གི་རང་བཞིན་ཡིན་པའི་ཕྱིར་རོ། །ཕྱེད་པ་ནི་དངོས་པོ་ཉིད་ཀྱི་ལྡོག་པས་བྱས་པས་ཐ་དད་པའི་རྣམ་པ་ཡིན་ཏེ་དོན་དམ་པར་ནི་མ་ཡིན་ནོ། །རིག་པ་ནི་རང་གི་སྣང་བ་ཤེས་པ་དང་ལྷན་ཅིག་ལྡན་པའོ། །རོ་གཅིག་ཏུ་གྱུར་པ་ལ་རིག་པའི་སྐྱེས་བུ་ཞེས་བརྗོད་དོ། །བཛྲ་དྷྲྀཀ་ཅེས་ཅི་ལ་བགྱི། ཞེས་པ་ནི་དྲིས་པ་ཡིན་ལ། ལན་ལ་རྒྱུ་ལྔ་ཞེས་ཏེ་རྣམ་པར་དག་པའི་རང་བཞིན་ཕུང་པོ་ལྔ་ནི་རྒྱུའོ། །ཕུང་པོ་གནས་གྱུར་པའི་སྒོ་ནས་ཡེ་ཤེས་ལྔ་བསྐྱེད་པའི་རྒྱུ་ཉིད་འདི་ཡིན་ནོ། །རིག་པ་ལྔ་ལ་ཡེ་ཤེས་ལྔ་ནི་རིག་པའོ། །དེ་གཉིས་པོ་འདི་དག་རྩེ་ལྔ་པའི་རྡོ་རྗེར་བརྗོད་དོ། །དྷྲྀཀ་ནི་འཛིན་པའི་ཕྱིར་ན་དྷྲྀཀ་གོ ། དེའི་མཇུག་བསྡུ་བ་གསུངས་པ། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ཡིན་ལ་རྡོ་རྗེ་འཛིན་པ་ནི་མི་བསྐྱོད་པའོ། །སླར་ཡང་དེ་ཉིད་བསྟན་པར་བྱེད་པ་ནི་ཡིད་ཅེས་པའོ། །དེ་བཞིན་ཛི་ན་ཛིཀ་ནི་གང༌། །ཞེས་པ་ནི་དྲིས་པ་ཡིན་ཏེ་ལེན་ལ་ཡོད་པ་ནི་གྲུབ་པ་སྟེ། བྱིས་པས་ཡོངས་སུ་བརྟགས་པ་གཟུང་བ་དང་འཛིན་པའི་ངོ་བོར་སྒྲོ་བཏགས་པའོ། །མེད་པ་ནི་དངོས་པོ་ཐམས་ཅད་མེད་ཅེས་སྐུར་པ་བཏབ་པའོ། །དེ་དག་གི་དབུས་མ་ནི་དབུས་སོ། །བྱིས་པས་བརྟགས་པ་འདི་ཤིན་ཏུ་མེད་པ་དག་ལས་འདས་པ་ཡིན་ཏེ་ཆ་ཤས་མེད་པའི་ཕྱིར་རོ། །དེ་ཇི་ལྟར་ཞེ་ན་བརྗོད་པ། འབྱུང་དང་འབྱུང་ལས་གྱུར་པའི་རྣམ་པ་ལས་བྱུང་བ་ནི་སྐྱེས་པ་ཡིན་ལ་འདི་ལྟ་བུའི་མཚན་ཉིད་ནི་ལུས་ཏེ་སེམས་ཅན་ཐམས་ཅད་ཀྱི་ལུས་སོ། །ཛི་ན་ཛིཀ་འདི་ནི་རྣམ་པར་སྣང་མཛད་ཡིན་ཏེ་རྒྱལ་བ་ནི་ཉོན་མོངས་པའི་དགྲ་རྣམས་ལས་ཡིན་ལ་དེ་ལས་རྒྱལ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ལ་རཏྣ་དྷྲྀཀ་ནི་གང༌། །ཞེས་པ་ནི་དྲི་བ་ཡིན་ལ། ལན་ནི་སེམས་ནི་རིན་པོ་ཆེ་ཞེས་བྱ་བ་སྟེ་དེ་བཞིན་གཤེགས་པ་ཉིད་ལ་སོགས་པའི་ཕུན་སུམ་ཚོགས་པའི་ས་བོན་དུ་གྱུར་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པའི་དོན་རྣམས་ཀྱི་


DTG040_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཀྱིས་དེ་དང་དེའི་རྣམ་པས་ཡིད་བཞིན་གྱི་ནོར་བུ་བཞིན་དུ་འདི་བྱུང་བས་སོ། །འཁྲུལ་ནས་ཕྱི་རོལ་གྱི་དོན་དུ་འགྱུར་རོ་ཞེས་པ་མ་ཡིན་པ་ཉིད་དོ་ཞེས་དགག་པ་གསུངས་པ། ཕྱི་རོལ་གྱི་དོན་མེད་པས་ཚོར་བ་པོ་སྟེ་འཛིན་པ་མེད་པར་འགྱུར་ཏེ། གཟུང་བ་མེད་པས་དེ་འཛིན་མེད། །ཅེས་པའི་རིགས་པས་སོ། །རང་གིས་རིག་པས་ན་ཚོར་བ་ཡིན་ལ་ཚོར་བ་རྣམ་པར་དག་པའི་ངོ་བོ་ནི་རིན་ཆེན་འབྱུང་ལྡན་ཡིན་ཏེ། རཏྣ་དྷྲྀཀ་ནི་ཡིད་ཀྱི་ཤེས་པའོ། །དེ་བཞིན་ཨཱ་རོ་ལི་ཀ་ནི་ཅི། །ཞེས་པ་ནི་དྲིས་པ་ཡིན་ལ། ལན་ནི། མཚན་གཞི་མཚན་ཉིད་དངོས་པོ་ཡིས། །ཞེས་ཏེ་མཚན་གཞི་སྔོན་པོ་ལ་སོགས་པའོ། །མཚན་ཉིད་ནི་རང་དང་སྤྱི་ཡིན་ལ། ཀུན་ལ་ནི་མ་ལུས་པར་ཏེ་དེའི་ངོ་བོས་བཏགས་པའི་ཕྱིར་རོ། །རྣམ་པ་ཀུན་གྱིས་ཏེ་ཕྱི་རོལ་དང་ནང་གི་ངོ་བོས་སོ། །དགའ་བ་ནི་གཉིས་སུ་མེད་པ་ཉིད་དུ་སྤྱོད་པའོ། །དེ་འདི་ལྟ་བུར་གྱུར་པ་ནི་མཚན་ཉིད་དང་མཚན་གཞི་ཡང་ཡིན་ཏེ་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པའི་ངོ་བོ་སྣང་བ་མཐའ་ཡས་ནི་ཨཱ་རོ་ལིཀ་གོ །པྲཛྙཱ་དྷྲྀཀ་ཅེས་གང་ལ་བགྱི། །ཞེས་པ་ནི་དྲི་བ་ཡིན་ལ་ལན་ལ་རབ་ཀྱི་མཐར་ཕྱིན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཡིན་ལ། ཆོས་རྣམ་པར་འབྱེད་པའི་ངོ་བོ་ཞེས་སེམས་སོ། །འདུ་བྱེད་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ལ་དེའི་རང་བཞིན་གྱི་སེམས་དཔར་འཛིན་པའོ། །པྲཛྙཱ་དྷྲྀཀ་ནི་དོན་ཡོད་གྲུབ་པའོ། །འདིས་རྣམ་པར་ཤེས་པ་དང་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པའི་རང་བཞིན་རྣམས་ནི་དེ་བཞིན་གཤེགས་པ་རྣམས་སུ་བཤད་དོ། །རིགས་འདིར་དེ་བཞིན་གང་ཞིག་ལགས། །ཞེས་པ་དྲིས་པ་ལ་ལན་ནི་རིགས་ནི་རྒྱུད་ཡིན་ཏེ། །དེ་ཡང་ཐོག་མའི་རང་བཞིན་ལས། །གཅིག་པ་ཉིད་ནི་རིགས་ཡིན་ཏེ། །གང་བརྗོད་པ་དེ་སྟོན་པ་ནི། །མི་འཇིགས་སྐྱེ་བ་མེད་གང་ཡིན། །མགོན་པོ་ཞེས་སོ། །གང་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པ་པོ་ཡིན་པའི་ཕྱིར་རྡོ་རྗེ་སེམས་དཔའོ། །དེ་རབ་ཏུ་བཤད་དོ། །འདིས་ནི་རྣམ་པར་མ་སྤྲོས་པའི་ངོ་བོ་གཅིག་ལ་རིགས་སུ་བཤད་དོ། །ད་ནི་ཞེ་སྡང་གཏི་མུག་ཅེས་པ་ལ་སོགས་པའི་ཚིག་རྣམས་འཆད་པས་གསུངས་པ་རྣམ་ཤེས་ཞེས་པ་ལ་སོགས་


DTG040_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རྣམ་པར་ཤེས་པ་ནི་སོ་སོར་རྣམ་པར་ཤེས་པ་སྟེ་དེའི་ཚོགས་སོ། །དེ་ཉིད་ཞེ་སྡང་ཡིན་པར་བཤད་དེ་ཞེ་སྡང་ཞེས་བརྗོད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་དང་རིགས་པ་ཞེས་སྔར་བརྗོད་པའི་གཉིས་པོ་སྟེ། གཉིས་པོ་དག་གིས་གཟུང་བ་དང་འཛིན་པ་ཉིད་ལ་སྡང་བ་ནི་ཞེ་སྡང་གི་བདག་ཉིད་ཡིན་པའི་ཕྱིར་རོ། །གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ་གཏི་མུག་ཅེས་བྱར་བཤད་པ་ནི་བརྗོད་པའོ། །ཅིའི་ཕྱིར་ཞེ་ན། གསུངས་པ། བེམས་པོ་བཅིངས་པའི་རང་བཞིན་ལས་ཏེ་མི་གསལ་བའི་བདག་ཉིད་ཡིན་པས་སོ། །ཚོར་བ་ནི་ཚོར་བའི་ཕུང་པོའོ། །དྲེགས་པ་ནི་དགའ་བའོ། །རློམ་པ་ནི་སེམས་ཁེངས་པ་སྟེ། དེའི་མིང་ཅན་ནོ། །ཅིའི་རང་བཞིན་གྱིས་ཤེ་ན། བདག་ཏུ་རློམ་པའི་ངོ་བོས་སོ། །འདུ་ཤེས་ནི་མཚན་མར་འཛིན་པའི་རང་བཞིན་ཡིན་ཏེ་འདུ་ཤེས་ཀྱི་ཕུང་པོའོ། །དེ་ཉིད་ཡང་དག་པར་ཆགས་པའི་བདག་ཉིད་ཅེས་ཏེ་ཡང་དག་པར་ཆགས་པའི་རང་བཞིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ལ་མངོན་པར་ཆགས་པ་ཡིན་པའི་ཕྱིར་རོ། །འདུ་བྱེད་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ལ་དེ་ཡང་ཕྲག་དོག་སྟེ། གཞན་གྱི་ཕུན་སུམ་ཚོགས་པའི་རྟོགས་པ་རྙེད་ནས། དེ་ཉིད་ཀྱིས་དྲངས་པའི་བདག་ཉིད་ཀྱི་ངོ་བོས་མི་བཟོད་པའོ། །ཞེ་སྡང་ལ་སོགས་པ་འདི་རྣམས་ཀྱི་རང་བཞིན་ཡང་བྱང་ཆུབ་ཀྱི་སེམས་ཉིད་དོ། །དེ་ཡང་ཐམས་ཅད་དུ་ཁམས་གསུམ་དུ་བྱུང་བ་དེའི་བདག་ཉིད་དུ་གནས་པ་སྟེ་ཆོས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །འདིས་ནི། ཞེ་སྡང་གཏི་མུག་དེ་བཞིན་ཆགས། །དེ་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ལྔར་གཏོགས་པ་འདི་རྣམས་ཀྱིས། །ཞེས་པ་བཤད་དོ། །འདོད་པ་ནི་རྣམ་པ་ལྔ་སྟེ་དེ་ཡང་སེམས་སོ། །འདིས་ནི་འདོད་དང་ཐར་པ་རབ་སྒྲུབ་པའོ་ཞེས་པ་ཡང་མ་དྲིས་པ་ཉིད་བཤད་དོ། །ཇི་ལྟ་བུར་གྱུར་པ་ཡིན་ཞེ་ན། འདོད་ཆགས་ཞེ་སྡང་རྨོངས་ལྡན་པ་སྟེ་ལྡན་པའོ། །དམ་ཚིག་འདི་འདའ་བར་བྱ་བ་མ་ཡིན་པའོ། །སྣ་ཚོགས་འདྲ་བ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོ་དང་འདྲ་བའོ། །མངོན་པར་ཕྱོགས་པ་ནི་རིང་པོ་མ་ཡིན་པའོ། །ལས་ལས་སྐྱེས་པ་ནི་བསྒོམས་པ་ལས་བྱུང་བའི་ལས་ལས་སྐྱེས་པ་སྟེ་འབྲས་


DTG040_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །ད་ནི་ལྷ་མོ་རྣམས་ཀྱི་འབྱིན་པའི་རྣམ་པར་དག་པ་གསུངས་པ། གཏི་མུག་ཅེས་པ་གང་ལ་བགྱི། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་རང་བཞིན་གྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་ཆོས་རྣམས་ལ་གང་ལ་ང་རྒྱལ་བྱེད་པ་དེ་རྨོངས་ཞེས་བཤད་དོ། །ཞེ་སྡང་ཞེས་འདིར་གང་ལ་བགྱི། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་ཕན་ཚུན་དུ་འབྱེར་བ་ནི་ཕན་ཚུན་དུ་གནོད་པས་སོ། །གཉིས་སུ་མེད་པའི་ཡེ་ཤེས་དེ་ལ་ཞེ་སྡང་ཞེས་བྱ་བར་བཤད་དོ། །ཆགས་པ་ཞེས་ནི་ཅི་ལ་བགྱི། །ཞེས་པ་ནི་དྲིས་པ་ཡིན་ལ། ལན་ལ་འདོད་ཆགས་ཀྱི་མཚན་ཉིད་ནི་ཞེན་པ་ཡིན་ཏེ་ཡུལ་ལྔ་པོ་རྣམས་ལའོ། །རྡོ་རྗེ་ཞེས་འདིར་ཅི་ལ་བརྗོད། །ཅེས་པ་ནི་དྲིས་པ་ཡིན་ལ། ལན་ནི་གང་ཡེ་ཤེས་འདི་ནི་རྡོ་རྗེ་ཞེས་བཤད་དོ། །རཱ་ཏི་ཞེས་འདིར་ཅི་ལ་བརྗོད། །ཅེས་པ་ནི་དྲིས་པ་ཡིན་ལ། ལན་ནི་བཞི་བཞི་པོ་འདི་རྣམས་ཀྱི་དགའ་བ་ནི་མཆོག་དགའོ། །དེའི་ཤིན་ཏུ་ལོངས་སྤྱོད་པ་ནི་བདག་ཉིད་ཀྱི་དབང་དུ་བྱེད་པའོ། །ཕུན་སུམ་ཚོགས་པ་ཇི་ལྟར་ལགས། །ཞེས་པ་ནི་དྲིས་པ་ཡིན་ལ། ལན་ནི་ཕུན་སུམ་ཚོགས་པ་ནི་ཕུན་སུམ་ཚོགས་པ་ཡིན་ལ། བུད་མེད་ནི་གཉིས་སུ་མེད་པའི་ཤེས་རབ་ཡིན་ཏེ་དེའི་བདག་ཉིད་ཀྱི་བདེ་བ་དེ་ཡང་མཆོག་གོ །འདིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པའོ་ཞེས་པ་བཤད་པའོ། །ད་ནི་མ་ལུས་པར་དེ་རྣམས་དགའ་བ་གང་རྣམས་ལ་གནས་པ་རྗོད་པར་བྱེད་དེ། གཏི་མུག་ལ་ནི་སྤྱན་ནོ། །ཞེ་སྡང་ལ་མཱ་མ་ཀཱིའོ། །འདོད་ཆགས་ལ་གོས་དཀར་མོའོ། །རྡོ་རྗེ་ལ་སྒྲོལ་མའོ། །རྟག་པ་ནི་སྐད་ཅིག་མ་རིགས་མཐུན་པ་བརྒྱུད་པའོ། །དགའ་བ་ནི་རང་རིག་པ་བདེ་བ་ཆེན་པོའི་མཚན་ཉིད་ཀྱིས་གནས་པའོ། །འདི་ནི་སངས་རྒྱས་རྣམས་ཀྱི་ཐབས་ཡིན་ཏེ་དེ་ཉིད་ཀྱི་ཕྱིར་མི་ཕྱེད་པའི་ཐེག་པའོ། །སྒོ་སྐྱོང་འདོན་པའི་རྣམ་པར་དག་པ་གསུངས་པ། ཡ་མཱནྟ་ཀྲྀཏ་དོན་ནི་གང༌། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་མི་འཇིགས་པའི་བདག་ཉིད་ནི་མི་འཇིགས་པའི་རང་བཞིན་ཡིན་ལ་ཆོས་རྣམས་ནི་ཕྱི་དང་ནང་གི་བདག་ཉིད་དོ། །འདིས་ནི་དངོས་པོ་ལས་ཐ་དད་པའི་འཇིག་པ་བསལ་བ་ཡིན་ནོ། །ཇི་ལྟར་ཞེ་ན། བརྗོད་པ། མ་སྐྱེས་པ་ཡི་ངོ་བོ་ཉིད། །ཅེས་པ་ལ་དོན་འདི་


DTG040_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། གཟུགས་ལ་སོགས་པའི་དངོས་པོ་རང་བཞིན་ཉིད་ཀྱིས་གདོད་ནས་མ་སྐྱེས་པ་ཡིན་ལ་ཤེས་པ་འབའ་ཞིག་ཉིད་ཡིན་ཏེ་ཆོས་རྣམས་ནི་མ་ཡིན་ནོ། །འདི་ཉིད་དམ་ཚིག་སྟེ་དངོས་པོ་ཀུན་གྱི་དེ་ཁོ་ན་ཉིད་དོ། །རྒྱུ་དེ་ཉིད་ཀྱིས་ཕྱི་རོལ་གྱི་དོན་དུ་ཞེན་པའི་མཚན་ཉིད་ཀྱི་གཤིན་རྗེ་མཐར་བྱས་པའོ། །གཞན་དག་ནི། གཤིན་རྗེའི་ཕྱོགས་ཀྱི་བདག་པོ་མཐར་བྱས་པ། །ཞེས་འཆད་དོ། །དེ་ནི་འཐད་པ་མ་ཡིན་ཏེ་དེ་ལུང་གང་ལའང་མ་མཐོང་བས་སོ། །དེ་བཞིན་པྲཛྙཱནྟ་ཀྲྀ་ཏ་ཅི། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་རྣམ་ཤེས་མ་ཡིན་པ་ནི་ཕྱི་རོལ་གྱི་དོན་མི་ཤེས་པ་ཡིན་ལ་དེའི་བདག་ཉིད་ཡིན་ཏེ་དེའི་རང་བཞིན་ནོ། །ཇི་ལྟར་ཞེ་ན། གསུངས་པ། དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་རིགས་པ་ཡིན་ཏེ། དེའི་རྣམ་པར་དག་པ་ནི་མཉམ་པ་ཉིད་ཡིན་ལ་དེ་ཉིད་དམ་ཚིག་སྟེ་དེ་ཁོ་ན་ཉིད་དོ། །སེམས་ཀུན་ནི་རྣམ་པར་ཤེས་པ་ནི་བརྒྱད་རྣམས་སོ། །ཤེས་རབ་དེས་བརྟགས་པའི་སོ་སོར་རྣམ་པར་རིག་པའི་གཤིན་རྗེ་མཐར་བྱས་པའོ། །རྒྱལ་བ་ནི་ཉོན་མོངས་པ་ལས་རྒྱལ་བའོ། །པདྨཱནྟ་ཀྲྀ་ཏ་ཇི་ལྟར་ལགས། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་བརྗོད་དུ་མེད་པའི་རང་བཞིན་རྣམས་སོ། །གང་རྣམས་ཤེ་ན། ཆོས་རྣམས་ཏེ་རྗོད་པར་བྱེད་པ་རྣམས་ནི་མི་སྲིད་པས་སོ། །གང་གིས་ཤེ་ན། དངོས་པོ་རྣམས་ཡོད་པ་མ་ཡིན་པའོ། །མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའོ། །གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ་དེའི་མཚན་ཉིད་དོ། །བློ་ནི་བློ་གྲོས་སོ། །ཆོས་རྣམས་ཀུན་གྱི་དམ་ཚིག་ཉིད་དོ། །དེས་ན་པདྨ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་བརྗོད་བྱ་རྗོད་བྱེད་དུ་བརྟགས་པ་མཐར་བྱས་པའོ། །དེ་བཞིན་བིགྷཱནྟ་ཀྲྀ་ཏ་ཅི། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་མི་རྟོག་བདག་ཉིད་ཆོས་རྣམས་ཡིན་ཏེ་འགལ་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། གསུངས་པ། རང་བཞིན་གྱི་དངོས་སོ། །ཞི་བའི་དངོས་པོ་ནི་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པའི་ངོ་བོས་སོ། །རྡོ་རྗེ་ཀུན་ནི་རྣམ་པར་རྟོག་པ་རྣམས་ཏེ་འདི་ནི་དམ་ཚིག་གོ །དེས་བགེགས་རྣམས་མཐར་བྱས་པ་སྟེ། བགེགས་ནི་རྣམ་པར་རྟོག་པ་ཙམ་


DTG040_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རག་ལས་པའི་ཕྱིར་རོ། །ད་ནི་ཇི་སྐད་དུ་བཤད་པའི་གཤིན་རྗེ་གཤེད་ལ་སོགས་པ་བཞི་པོ་རྣམས་དྲིས་པའི་ཆེད་དུ་བརྗོད་པ་གསུངས་པ་མི་འཇིགས་པ་ནི་གཤིན་རྗེ་གཤེད་དོ། །རྣམ་པར་མི་ཤེས་པ་ནི་གཞན་གྱིས་མི་ཐུབ་པའོ། །བརྗོད་དུ་མེད་པ་ནི་རྟ་མགྲིན་ནོ། །རྟོག་པ་བྲལ་བ་ནི་བདུད་རྩི་འཁྱིལ་པའོ། །དེ་ནི་རྟེན་དང་བརྟེན་པའི་དཀྱིལ་འཁོར་འདི་དག་ཐམས་ཅད་ཀྱི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་ཡེ་ཤེས་སོ། །འདི་ཤེས་པས་བདེ་བ་མཆོག་ཏུ་དགའ་བའི་ངོ་བོ་ཐོབ་པར་འགྱུར་རོ། །སླར་ཡང་སྒོ་སྐྱོང་རྣམས་ཀྱི་རྣམ་པར་དག་པ་གསུངས་པ། གཏི་མུག་ནི་མི་ཤེས་པའོ། །དེའི་རྣམ་པར་དག་པ་ནི་གཏི་མུག་ཆེན་པོའི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱིས་བདག་ཉིད་ཀྱི་དབང་དུ་བྱས་པ་ཉེ་བར་ལོངས་སྤྱོད་པའོ། །དེས་གཏི་མུག་ཟད་པ་ནི་གཏི་མུག་གི་ཟད་པ་སྟེ། རྣམ་པར་སྣང་མཛད་དེ་ཡང་གཤིན་རྗེ་མཐར་བྱེད་དོ། །ཕུང་པོ་མཐར་བྱེད་པ་ནི་ཕུང་པོའི་བདུད་མཐར་བྱེད་པའོ། །དེས་ཤེས་བྱ་སྟེ། ཤེས་བྱའི་སྒྲིབ་པ་ཡང་མཐར་བྱེད་པར་འགྱུར་རོ། །ཉེས་པ་ཞེ་སྡང་ཡིན་ལ་དེའི་རྣམ་པར་དག་པ་ནི་ཞེ་སྡང་ཆེན་པོ་སྟེ་མི་བསྐྱོད་པའི་ངོ་བོས་ཉེ་བར་ལོངས་སྤྱོད་པའོ། །ཉེས་པ་ཟད་པ་ནི་ཞེ་སྡང་ཟད་པའི་རྣམ་པར་དག་པ་སྟེ། ཤེས་རབ་མཐར་བྱེད་དོ། །དེས་ན་བསགས་པའི་དོན་གྱིས་ན་སེམས་ཏེ་མཐར་བྱེད་པའོ། །ཉོན་མོངས་པ་ནི་བདུད་དང་ཉོན་མོངས་པའི་སྒྲིབ་པ་ཡང་དེ་ཉིད་ཀྱིས་མཐར་བྱས་པའོ། །འདོད་ཆགས་ནི་ཉོན་མོངས་པ་སྟེ་འདོད་ཆགས་དེ་རྣམ་པར་དག་པའི་ངོ་བོ་ནི་འོད་དཔག་ཏུ་མེད་པ་ཉིད་ཀྱིས་སོ། །འདོད་ཆགས་ཟད་པའི་རྣམ་པར་དག་པ་ནི་པདྨ་མཐར་བྱེད་དོ། །དེས་ནི་ཚིག་མཐར་བྱེད་པར་འགྱུར་རོ། །སྙོམས་པར་འཇུག་པ་ནི་ཉོན་མོངས་པའི་འདོད་ཆགས་ཀྱི་མཚན་ཉིད་མཐར་བྱས་པའི་རྣམ་པར་དག་པ་རྫོགས་པར་བྱེད་པའོ། །འཆི་བདག་གི་བདུད་དང་སྐྱེ་བའི་སྒྲིབ་པ་ཡང་མཐར་བྱས་པར་འགྱུར་བར་བལྟ་བར་བྱའོ། །ཉོན་མོངས་པ་ཀུན་ནི་འདོད་ཆགས་ལ་སོགས་པ་རྣམས་སོ། །རྡོ་རྗེ་ཐམས་ཅད་ནི་དབྱེར་མི་ཕྱེད་པའི་རྣམ་པར་རྟོག་པའི་ཕུང་པོ་རྣམས་སོ། །སྒྲིབ་པ་ཀུན་ནི་ཤེས་བྱ་ལ་སོགས་པ་རྣམས་ཏེ་ཤེས་པ་དེ་ལ་ཟད་


DTG040_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བགེགས་རྣམས་མཐར་བྱས་པའོ། །ལྷའི་བུའི་བདུད་དང་ལྟ་བ་མཆོག་ཏུ་འཛིན་པ་ཡིན་པ་འདིར་ཤེས་པར་བྱའོ། །ད་ནི་ཐམས་ཅད་ཀྱི་ཉོན་མོངས་པའི་རྡོ་རྗེའི་སྒྲིབ་པ་རྣམ་པར་དག་པ་ནི་ལས་རྣམ་པར་དག་པ་གསུངས་པ། ལས་ཐམས་ཅད་ཅེས་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལུས་དང་ངག་དང་ཡིད་ཀྱི་བྱ་བའི་མཚན་ཉིད་རྣམ་པར་དག་ཅིང་ཡོངས་སུ་དག་པར་འགྱུར་རོ། །ལས་རྣམས་ཐམས་ཅད་རྣམ་དག་པས། དེ་ལས་སྐྱེས་པའི་འབྲས་བུ་རྣམ་པར་དག་པར་འགྱུར་རོ། །ད་ནི་མེ་ལོང་ལྟ་བུ་ལ་སོགས་པའི་རིམ་པས་དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་ཇི་ལྟར་སྲིད་པ་རྣམ་པར་དག་པ་སྐྱེ་བ་གསུངས་པ། འཛིན་དང་ཞེས་པ་ལ་སོགས་པ་ལ་འཛིན་པ་ནི་འགྲོ་བ་རྗེས་སུ་འཛིན་པ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཆགས་པ་ནི་འགྲོ་བ་ཉིད་སོ་སོར་ཀུན་དུ་རྟོག་པའི་ངོ་བོའོ། །རྣམ་པ་ནི་རྣམ་པར་བྱེད་པ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དོ། །མི་གཡོ་བ་ནི་ཚད་མས་གྲུབ་པའི་ཕྱིར་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །རྒྱུ་ཉིད་ནི་ཀུན་དུ་བཟང་པོ་སྟེ་ཡེ་ཤེས་ལྔའི་བདག་ཉིད་དོ། །འབྲས་བུ་ཉིད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །དྲུག་པོ་འདི་རྣམས་ཀྱིས་སེམས་ཅན་རྣམ་པར་དག་པའི་ཡེ་ཤེས་སུ་འབྱུང་སྟེ་ཀུན་དུ་བཟང་པོ་ཉིད་ཐོབ་བོ། །དེ་བརྗོད་པ་སེམས་ཅན་དོན་དང་བདག་དང་རྣམ་རྟོག་ཅེས་པ་ལ་སོགས་པའོ། །འཛིན་པ་ནི་གཟུགས་ལ་སོགས་པའི་ཡུལ་འཛིན་པའོ། །ཆགས་པ་ནི་དེ་ལ་ཞེན་པའོ། །རྣམ་པ་ནི་དབང་པོ་དང་དོན་ཉེ་བ་ལས་སྐྱེས་པའི་ཀུན་གཞི་རྣམ་པར་ཤེས་པའོ། །མི་གཡོ་བ་ནི་དེ་བརྟན་པའི་དངོས་པོའོ། །རྒྱུ་ཉིད་ཅེས་པ་ནི་ཐབས་ཀྱི་མཚན་ཉིད་དོ། །འབྲས་བུ་ཉིད་ནི་ཤེས་རབ་དང་ཐབས་གཉིས་སུ་མེད་ཅིང་ལྷག་པ་མེད་པའི་འབྲས་བུའོ། །དྲུག་རྣམས་ཞེས་པ་ནི་བརྗོད་མ་ཐག་པ་རྣམས་ཀྱིས་སོ། །ཡང་ན་དྲུག་རྣམས་ཞེས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཏེ། ཐུགས་ལས་བྱུང་ཞེས་གཞན་དག་གོ །གཞན་དག་གཞན་དུ་འཆད་དེ་དེ་མ་བརྗོད་དོ། །རྣམ་བར་དག་པའི་སྒོ་ནས་དཀྱིལ་འཁོར་བ་སྒོ་སྐྱོང་གི་ཁྲོ་བོ་རྣམས་བཤད་


DTG040_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྲུང་བའི་འཁོར་ལོ་ལ་སོགས་པ་དང་ལས་ཀྱི་ཚོགས་ལ་ཉེ་བར་མཁོ་བའི་ཁྲོ་བོ་རྣམས་ཐ་སྙད་ཀྱི་དོན་དུ་མིང་གཞན་གྱིས་སྟོན་ཏོ། །འདོད་པའི་རྒྱལ་པོ་ལ་སོགས་པ་གང་རྣམས་ནི་དབྱུག་པ་སྔོན་པོ་ལ་སོགས་པ་དེ་རྣམས་ཏེ་དྲུག་གོ །མིང་ཇི་ལྟ་བུ་ཞེ་ན། ཁྲོ་བོའི་དབང་པོ་རྣམས་སོ། །རྒྱུད་འདིར་དེ་རྣམས་ཕུང་པོ་ལ་སོགས་པར་མ་འདུས་པས་དཀྱིལ་འཁོར་པ་མ་ཡིན་པ་ཉིད་ཀྱིས་རྣམ་པར་དག་པ་མ་བརྗོད་དོ། །དམ་ཚིག་རྡོ་རྗེ་ལ་སོགས་པ་རྣམས་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་རྣམས་ཏེ། དྲུག་པོ་དེ་རྣམས་ཀྱང་མིག་ལ་སོགས་པ་དེ་རྣམ་པར་དག་པའི་ངོ་བོ་འབྱུང་བ་ལས་གྱུར་པར་ཡོད་པ་རིག་པའི་རྒྱལ་པོ་ཞེས་བཤད་པ་རྣམས་སོ། །ས་ལ་སོགས་པ་ལྔ་ལ་རྣམ་པ་ལྔ་པོ་རྣམས་ཏེ་ས་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་སྤྱན་ལ་སོགས་པ་དང་ནམ་མཁའ་རྣམ་པར་དག་པར་གྱུར་པ་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་དང་བཅས་པ་ལྔ་སྟེ་འབྱུང་བ་ཞེས་བཤད་དོ། །གཟུགས་རྡོ་རྗེ་ལ་སོགས་པ་དྲུག་ནི་གཟུགས་རྡོ་རྗེ་ལ་སོགས་པའི་ཕྱིའི་སྐྱེ་མཆེད་རྣམ་པར་དག་པའི་ངོ་བོ་དྲུག་པོ་ནི་འབྱུང་བ་ལས་གྱུར་པ་སྟེ། རྡོ་རྗེའི་བདག་པོ་ཞེས་བཤད་དོ། །གཟུགས་རྡོ་རྗེ་ལ་སོགས་པ་དྲུག་པོ་འདི་རྣམས་གང་གིས་འབྱིན་ཞེ་ན། གསུངས་པ། བདག་ཉིད་ཆེན་པོ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་ཡི་གེ་གསུམ་པོས་སོ། །བྱུང་བ་ནི་འབྱིན་པར་བྱེད་པའོ། །དེ་བརྗོད་པ། དེ་ཉིད་གསུམ་གྱིས་གཟུགས་ཀྱི་རྡོ་རྗེ་ལ་སོགས་པ་ལྷ་མོ་རྣམས་ནི་སྐུ་ལ་སོགས་འདྲ་བ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་འདི་དག་ཉིད་དཀྱིལ་འཁོར་པ་རྣམས་ཏེ་འདོད་པའི་རྒྱལ་པོ་ལ་སོགས་པ་རྣམས་ནི་མ་ཡིན་ནོ་ཞེས་དགོངས་སོ། །ད་ནི། །ཀུན་དུ་སྤྱོད་པ་གང་ཞིག་ལགས། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་གསུངས་པ། ཐབས་དང་ཤེས་རབ་ཅེས་པ་ལ་སོགས་པ་ལ་ཇི་སྐད་དུ་བཤད་པའི་ཤེས་རབ་དང་ཐབས་ཀྱི་ཏིང་ངེ་འཛིན་ལས་བྱུང་བ་གྲུབ་པའི་དཀྱིལ་འཁོར་གྱི་རྣམ་པ་སྐད་ཅིག་ཙམ་གྱིས་རྫོགས་པའི་རིམ་པ་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཀྱི་ལུས་ཏེ་སྐུ་རུ་ངེས་པར་བྱས་ནས་སྦྱོར་བ་ནི་


DTG040_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་སྦྱོར་བས་སོ། །ཡིད་སྐྱོ་བ་དང་ལྡན་པས་ན་སྔགས་དང་ལྡན་པའོ། །ཐམས་ཅད་དག་པར་མོས་པ་ཡིས། །འཇིགས་པ་ཐམས་ཅད་སྤངས་ནས་དེ་མི་གཡོ་བའི་སེམས་ཀྱིས་སེང་གེ་འདྲ་བར་སྤྱོད་དོ། །འདིར་རྣལ་འབྱོར་པ་དེ་ཅི་མཐོ་རིས་དང་ཐར་བའི་བར་དུ་གཅོད་པ་ཕྱིན་ཅི་ལོག་ལས་བྱུང་བ་ཉོན་མོངས་པའི་བདག་ཉིད་སྲོག་གཅོད་པ་ལ་སོགས་པའི་བྱ་བ་ལ་སོགས་པ་ཡོད་དམ་ཞེ་ན། གསུངས་པ། འདི་ལ་མི་བྱ་ཅི་ཡང་མེད། །ཅེས་པ་ལ་སོགས་པ་ལ་རང་ལས་ཐ་མི་དད་པའི་བརྟན་པ་དང་གཡོ་བ་ལ་སོགས་པར་སྣང་བ་སོ་སོའི་རྡུལ་ཕྲ་རབ་བདེ་བ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་བརྗོད་མ་ཐག་པ་ཡིན་ལ་མི་བྱ་བའི་དངོས་པོ་དེ་ལ་ཇི་ལྟར་ཡོད་པར་འགྱུར་ཏེ་མེད་པ་ཉིད་དོ་ཞེས་དགོངས་སོ། །ལེའུ་ལྔ་པ་ལ་སོགས་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གྲོགས་སུ་གྱུར་པས་དམ་ཚིག་དང་སྡོམ་པའི་ངོ་བོའི་བྱ་བ་སླར་ཡང་ཡོད་པ་ཉིད་དོ། །འདི་ཉིད་གང་ལས་ཤེ་ན། གང་གི་ཕྱིར་མི་མཉམ་ཞེས་ཏེ་མི་མཉམ་པ་ནི་རྡོ་རྗེ་སེམས་དཔའ་བརྟན་པ་དང་གཡོ་བའི་བདག་ཉིད་དོ། །དེ་བཞག་ཅིང་སྦྱོར་བ་གང་དུ་རྣལ་འབྱོར་ཡིན་པ་དེ་ནི་ཞེས་ཚིག་རྣམ་པར་སྦྱོར་རོ། །དེས་ནི་རྟག་ཏུ་མཉམ་པར་བཞག་པ་ཉིད་དོ། །དེ་བརྗོད་པ། དེ་ལྟར་སྡིག་པ་མ་ལུས་སྤངས་པ་ཡི། །སེམས་ནི་ནག་པོའི་ལས་སུ་ག་ལ་འགྱུར། །ཞེས་སོ། །སླར་ཡང༌། །རྗེས་སུ་མཐུན་པའི་འགྲོ་བའི་དོན། །ཞེས་པ་ལ་སོགས་པའོ། །སྔགས་སྤྱོད་ཇི་ལྟར་ཤེས་པར་བགྱི། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་རྐྱེན་རྙེད་ནས་གང་སྐྱེ་བའོ། །ཅི་རྙེད་ནས་ཤེ་ན། དབང་པོ་དང་ནི་ཡུལ་རྣམས་ཀྱང་ངོ༌། །ཅི་སྐྱེ་བར་འགྱུར་ཞེ་ན་ཡིད་དོ། །དེ་དེ་བཞིན་དུ་སྤྱོད་པས་ན་ཡིད་ཡིན་ཏེ་རྟོགས་པའི་ཕྱིར་རོ། །འདིས་ནི་མ་བཤད་དོ། །ཡི་གེ་ཏྲ་ནི་ངན་སོང་དང་འཁོར་བ་ལས་སྐྱོབ་པའི་དོན་གྱིས་སོ། །འདིས་ནི་དེ་ཁོ་ན་ཉིད་ལ་སེམས་པའི་ཕྱིར་དང་སྐྱོབ་པའི་ཡང་ཕྱིར་སྔགས་བཤད་དོ། །ད་ནི་དེའི་བདག་ཉིད་གཅིག་པའི་སྤྱོད་པ་སྟོན་ཏེ་འཇིག་པས་ན་འཇིག་རྟེན་ཡིན་ལ་དེའི་སྤྱོད་པ་ནི་ཐོས་པ་དང་དྲན་པར་བརྗོད་པའོ། །དེ་ལས་གྲོལ་བ་ནི་རང་གི་ལུང་དང་མི་འགལ་བའི་དམ་ཚིག་དང་


DTG040_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་སྟེ། དམ་ཚིག་དང་སྡོམ་པའི་ལེའུར་གསུངས་པ་ཡིན་ལ་དེ་སྐྱོང་བ་ཞེས་དགོངས་སོ། །རྡོ་རྗེ་ཀུན་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་སོ། །དེ་ནི་སྔགས་ཀྱི་བདག་ཉིད་ཀྱི་སྤྱོད་པའོ། །འདིར་བཟླས་ཇི་ལྟར་ཤེས་པར་བགྱི། །ཞེས་པ་ནི་དྲིས་པ་ཡིན་ལ་ལན་ལ་རང་རང་གི་ནི་སྐུ་ལ་སོགས་པའི་རང་བཞིན་ནོ། །རྣམ་པར་དཔྱད་པ་ནི་བླ་མའི་མན་ངག་ལས་སོ། །གང་གིས་ཤེ་ན་ཡིད་ཀྱིས་སོ། །སྐུ་ལ་སོགས་པའི་སྙིང་གར་བཟླས་པ་སྤྲོ་བར་བྱེད་པ་ཡིན་ཞེས་པ་དང་འབྲེལ་ཏོ། །སྤྲོ་བར་བྱེད་པ་ནི་སྐྱེད་པ་ཡིན་ལ་སྡུད་པ་ནི་སྡུད་པར་བྱེད་པར་ཇི་ལྟར་འགྱུར་བ་སྟེ། དེ་བཞིན་དུ་བརྗོད་པ་ནི་འབྱུང་བ་དང་རྔུབ་པ་དག་མ་བསྡམས་པར་གསལ་པོར་རོ། །དབྱེ་བ་ནི་རིམ་དང་ཅིག་ཅར་གྱི་དབྱེ་བས་སོ། །སྣ་ཚོགས་རྡོ་རྗེའི་བདག་ཉིད་ནི་རིགས་སྣ་ཚོགས་པའི་རང་བཞིན་གྱི་སངས་རྒྱས་རྣམས་སོ། །ཡེ་ཤེས་ས་བོན་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་གནས་པའི་ས་བོན་ལས་སོ། །བྱང་ཆུབ་བདག་མེད་ནི་རང་བཞིན་མེད་པའོ། །དེ་ཉིད་ས་བོན་ཏེ་རྒྱུའོ། །དེས་རང་བཞིན་མེད་པ་རྣམས་ལ་གཟུང་བར་བྱ་སྟེ་སྔགས་ལ་ཞུགས་པས་ཐིམ་པར་བྱས་ནས་བརྟན་པར་བྱའོ། །སྤྲོ་བ་བསྟན་པར་བཞེད་ནས་གསུངས་པ། སྤྲོ་བར་བྱའོ་ཞེས་པ་ནི་སྣ་ཚོགས་བཞིན་དུ་སྣ་ཚོགས་ཏེ། རྣམ་པ་དུ་མའི་སྐུ་ལ་སོགས་པའི་དཀྱིལ་འཁོར་དུ་བསྡུས་པའོ། །དུས་གསུམ་ས་བོན་ནི་དུས་གསུམ་གྱི་སྐུ་ལ་སོགས་པའི་རང་བཞིན་གྱི་ཡི་གེ་གསུམ་གྱི་ནང་དུ་ཆུད་པར་བྱས་པའི་ཡེ་ཤེས་སེམས་དཔའི་ས་བོན་བཟླས་པར་བྱའོ། །འདི་སྐད་བརྗོད་པར་འགྱུར་ཏེ། སྐུ་ལ་སོགས་པའི་ཐུགས་ཀ་ན་གནས་པ་དང་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་ལ་གནས་པ་དེ་དང་དེའི་ས་བོན་བརྗོད་པ་ནི་དབུགས་དབྱུང་བས་སྤྲོས་ཏེ་མཆོད་ནས་དབུགས་རྔུབ་པས་བསྡུས་ལ་དེའི་ས་བོན་ལ་ཞུགས་ནས་གཅིག་ཏུ་བྱས་ཏེ། བསྟན་པར་བསྒོམ་པར་མོས་པ་བྱས་ནས་བཟླས་པ་བྱའོ། །ཡི་གེའི་དོན་འབའ་ཞིག་བཤད་དོ། །འདིའི་དོན་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དེ་བརྗོད་པ། ཡང་ན་བཟླས་ལ་རྩེ་གཅིག་སེམས་ཉིད་ནི། །ཞེས་པ་ལ་སོགས་པའོ། །དེ་ཉིད་གསལ་པོར་བྱེད་པ་ནི་བཟླས་པ་ནི་ཟློས་པ་སྟེ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་བྲལ་བའོ། །དེ་དང་འདྲ་བ་


DTG040_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ངག་གི་རྣམ་པར་རིག་བྱེད་ཀྱི་རང་བཞིན་ཐམས་ཅད་དེ་དེ་ཉིད་སྔགས་སོ། །གང་འདི་ཡང་བཟླས་པར་སྨྲ་བར་གྲགས་པ་ཡིན་ཏེ། དེ་ཁོ་ན་ཉིད་ནི་ཆོས་ཉིད་ཡིན་ལ་བསྐུལ་བ་ནི་སྨྲ་བར་བྱེད་པ་སྟེ། གསལ་བར་བྱེད་པ་ཡིན་ཞིང་རྗོད་པར་བྱེད་པ་ཡིན་ཏེ། བརྗོད་པ་དང་བྲལ་བ་ལ་སོགས་པ་མངོན་དུ་བྱས་ནས་ཟློས་པའོ། །དེ་སྐད་བརྗོད་པ། རྣམ་པ་དེ་འདྲའི་སེམས་ལྡན་ལུས་དང་ནི། །ཞེས་པ་ལ་སོགས་པའོ། །རྒྱས་བཏབ་པ་ཞེས་གང་ལ་བཤད། །ཅེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་ཇི་ལྟར་ཞེས་པ་ནི་འབྲེལ་པ་འཁྲུགས་པ་ཡིན་ཏེ་ཇི་ལྟར་རང་གི་ཏིང་ངེ་འཛིན་རང་གི་བདག་པོའི་ལྷའི་ཡིན་པ་དེ་བཞིན་དུ་ཡེ་ཤེས་སེམས་དཔའི་བསྒོམ་པའོ་ཞེས་པའི་དོན་ཏོ། །རང་གི་ཏིང་ངེ་འཛིན་འབའ་ཞིག་ནི་མ་ཡིན་ཏེ། རང་གིས་ཕྱུང་བའི་དཀྱིལ་འཁོར་བ་དང་སྐུ་ལ་སོགས་པའི་གསང་བ་ལ་སོགས་པ་རྣམས་ལ་ཡང་ཡེ་ཤེས་སེམས་དཔའ་བསྒོམ་པ་དང་དབང་བསྐུར་བ་ལ་སོགས་པ་དེ་བཞིན་དུ་བྱའོ་ཞེས་གསུངས་པ་ནི་དེ་རྣམས་ཞེས་པ་ལ་སོགས་པའོ། །སྤྱི་བོར་དབང་བསྐུར་བ་ནི་ཐུབ་པའི་མཆོག་གི་འོད་ཟེར་ལས་བྱུང་བའི་རིག་མ་རྣམས་ཀྱི་སྐུ་ལ་སོགས་པ་རྣམས་དང་ཆེན་པོའི་བསྙེན་པ་ལ་སོགས་པའི་དཀྱིལ་འཁོར་བ་རྣམས་དང་ཐིག་ལེ་དང་ཕྲ་མོ་དང་སྔགས་ཀྱི་བཟླས་པས་སྤྲོས་པ་དེ་རྣམས་ལ་ཡང་བསྒོམ་པར་བྱའོ། །དེ་བཞིན་དུ་གཟུགས་རྡོ་རྗེ་ལ་སོགས་པའི་མཆོད་པ་ཡང་བསྒོམ་པར་བྱའོ། །བརྗོད་པ། ལྷག་པར་མོས་པས་རྒྱུ་མཐུན་སོགས། །ཐིག་ལེ་ཕྲ་མོ་གསང་གསུམ་དབྱུང༌། །ཆུད་དུ་ལ་སོགས་ཀྱིས་ཕྱེ་ལྟར། །རྣལ་འབྱོར་བསྙེན་སོགས་དེ་བཞིན་བསྒོམ། །ཞེས་སོ། །རིག་པ་ཞེས་པ་ནི་ཡོངས་སུ་ཁྱབ་པའོ། །རིག་པ་ནི་སྣང་བའི་ངོ་བོའི་རང་འོད་དང་ལྷན་ཅིག་ཏུ་སྦྱོར་བ་ཡོད་པ་ཡིན་ཏེ་དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པ་དང་ཞལ་གསུམ་ཕྱག་དྲུག་གི་རྣམ་པས་སོ། །གང་གི་ཞེ་ན། རྡོ་རྗེ་འཆང་བ་གང་ཡིན་པ་སྟེ། རྣམ་པ་སྣ་ཚོགས་པའི་ལྷའི་གཟུགས་དེའིའོ། །འང་གི་སྒྲ་ལས་རིག་པ་ཡང་ངོ༌། །ལོངས་སྤྱོད་བཞིར་ཞེས་བྱ་བ་ནི་ལས་དང་ཆོས་དང་ཆེན་པོ་དང་དམ་ཚིག་གི་བདག་ཉིད་ཕྱག་རྒྱ་བཞིར་བསྒོམ་པར་བྱའོ། །དེ་ཉིད་སྟོན་པ། བདག་བྱིན་རླབས་སོགས་ནི་ཡེ་ཤེས་སེམས་དཔས་བྱིན་གྱིས་བརླབས་པ་ལ་སོགས་པ་


DTG040_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དམ་ཚིག་གི་ཕྱག་རྒྱ་ལ་སོགས་པའི་ངོ་བོ་རྣམས་ཀྱིས་ཞེས་པའི་དོན་ཏོ། །གཞན་དག་ནི་བདག་བྱིན་གྱིས་བརླབ་པ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པས་བྱིན་གྱིས་བརླབ་པའོ། །སོགས་པའི་སྒྲས་ནི་མིག་ལ་སོགས་པ་དང་ཐུགས་ལ་སོགས་པ་བྱིན་གྱིས་བརླབ་པའོ། །འདི་མཚོན་པར་བྱེད་པ་ཡིན་པའི་ཕྱིར་ཆུང་ངུ་དང་འབྲིང་དང་ཆེན་པོའི་བསྙེན་པ་ལ་སོགས་པའི་ཡན་ལག་བཞི་དང་གཙོ་བོའི་དཀྱིལ་འཁོར་དུ་གྱུར་པ་དང་སྤྲོ་བ་ལ་སོགས་པ་ཡང་བལྟ་བར་བྱའོ་ཞེས་འཆད་དོ། །ལྷག་པར་མོས་པ་རྒྱུ་མཐུན་སོགས། །ཞེས་པ་ལ་སོགས་པ་ཡང་འདི་ཉིད་དུ་སྦྱོར་བར་བྱེད་དོ། །རྒྱུད་གཞན་དུ་བརྗོད་པ་དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན་པར་བཤད་པ་དགག་པ་གསུངས་པ། དཔའ་བོ་ཞེས་པ་ལ་སོགས་པའོ། །རེ་རེ་ཞེས་པ་ནི་དཀྱིལ་འཁོར་གྱི་བདག་པོ་རྣམས་སོ། །རྡོ་རྗེ་ཅན་ཀུན་ནི་དཀྱིལ་འཁོར་བ་རྣམས་ཏེ་རེ་རེ་ལ་རང་གི་རིགས་ཀྱི་བདག་པོས་སྤྱི་བོ་ན་བཞུགས་པ་ནི་དབང་བསྐུར་བའོ། །སྙིང་པོ་ཕྱག་རྒྱ་ཞེས་པ་ནི་སྙིང་གར་ཕྱག་རྒྱ་སྟེ་མཚན་མ་ཡིན་ལ་དེ་ལ་སྔགས་ཏེ། དེའི་འོད་ཟེར་གྱིས་བསྐུལ་བའི་དེ་བཞིན་གཤེགས་པའི་འོད་ཟེར་ལས་བྱུང་བའི་སྤྱན་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་བའི་རྗེས་ལ་རང་གི་རིགས་ཀྱི་བདག་པོ་བསྒོམ་པ་ནི་ཕྱག་རྒྱ་སྟེ་དེས་རྒྱས་བཏབ་པའོ། །དེ་ཉིད་གསུངས་པ། རང་རིགས་རིམ་གྱིས་རྒྱས་བཏབ་པ། །ཞེས་པའོ། །དཀྱིལ་འཁོར་བ་རྣམས་ལ་རྒྱས་བཏབ་པ་གསུངས་ནས་མི་བསྐྱོད་པ་དང༌། ཀུན་དུ་བཟང་པོ་དག་གིས་གསུངས་པ། འབྲས་བུ་མི་བསྐྱོད་པས་རྒྱུ་ཀུན་དུ་བཟང་པོ་ལ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པའི་ས་བོན་དུ་གྱུར་པ་ལའོ། །རྒྱས་བཏབ་པ་ནི་དབང་བསྐུར་བའོ། །འབྲས་བུ་ནི་མི་བསྐྱོད་པ་ཡིན་ལ་རྒྱུ་ཀུན་དུ་བཟང་པོས་སོ། །ཇི་ལྟར་བྱ་ཞེ་ན། བསྒོམ་པར་བྱའོ། །སླར་ཡང་གཞན་དུ་ན་དངོས་གྲུབ་ནི་བསྐལ་པ་བྱེ་བར་འབྱུང་བར་མི་འགྱུར་རོ། །དེ་བརྗོད་པ། སངས་རྒྱས་ཅོད་པན་ཞེས་པ་ལ་སོགས་པ་དང༌། ཡེ་ཤེས་སེམས་ཐུགས་སྙིང་འོད་ཀྱིས། །ཞེས་པ་ལ་སོགས་པ་ཡང་ངོ༌། །ཆོས་འབྱུང་བསྒོམ་པ་ཇི་ལྟར་ལགས། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་ལོངས་སྤྱོད་བཞི་ནི་བཤད་


DTG040_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་པ་ཉིད་ཡིན་ལ་དེ་རྣམས་ཀྱང་ཡང་དག་པར་ལྡན་པའོ། །རིག་པའི་སྐྱེས་བུ་ནི་བཤད་ཟིན་ཏེ་དེ་ཉིད་རྡོ་རྗེ་ཅན་ནོ། །དེའི་སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །རྣམ་པར་དག་པ་ཟུར་གསུམ་རྣམས་ལ་ནི་ཆོས་ཀྱི་འབྱུང་གནས་ཀྱི་རྒྱུ་མཚན་དུ་བསྒོམ་པར་བྱའོ། །གང་དུ་ཞེ་ན། གསུངས་པ། རྩིབས་བཅུ་ནས་ཞེས་པ་ལ་སོགས་པ་སྟེ། །རྩིབས་བཅུ་ཡིས་མཚོན་པའི་འཁོར་ལོའོ། །ཀུན་ནས་སེར་པོ་ནི་སེམས་གཡོ་བའི་མཚན་ཉིད་བགེགས་རེངས་པར་བྱེད་པའི་དབང་དུ་བྱས་པས་སོ། །དེའི་དབུས་སུ་ཆོས་ཀྱི་འབྱུང་གནས་བསྒོམ་པར་བྱ་སྟེ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་སྒྲ་ཇི་བཞིན་ཤེས་པའི་ཡེ་ཤེས་ཀྱི་རྣམ་པར་དག་པའི་རང་བཞིན་ནི་འཁོར་ལོའི་ལྟེ་བར་བསྒོམས་པ་ཡོངས་སུ་གྱུར་པ་ལས་སོ། །རྩིབས་ཐམས་ཅད་དུ་ཅི་བསྒོམ་པར་བྱ་ཞེ་ན། རྩིབས་ཀུན་དུ་ནི་ཞེས་པ་ལ་སོགས་པ་སྟེ། ཕྱོགས་དང་ཕྱོགས་མཚམས་དང་སྟེང་དང་འོག་ཏུ་གནས་པ་རྣམས་ལའོ། །ཁྲོ་བོ་བཅུ་རྣམས་ནི་གཤིན་རྗེ་མཐར་བྱེད་དང༌། ཤེས་རབ་མཐར་བྱེད་དང༌། པདྨ་མཐར་བྱེད་དང༌། བགེགས་མཐར་བྱེད་རྣམས་ཕྱོགས་སུ་སྟེ། གོ་རིམས་ཇི་ལྟ་བར་སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་རྣམ་པར་དག་པའི་ངོ་བོ་རྣམས་སོ། །མཚམས་རྣམས་སུ་འདོད་པའི་རྒྱལ་པོ་དང་དབྱིག་པ་སྔོན་པོ་དང་སྟོབས་པོ་ཆེ་དང་མི་གཡོ་བ་རྣམས་ཏེ། ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་དང་ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་རྣམ་པར་དག་པའི་བདག་ཉིད་རྣམས་སོ། །སྟེང་དང་འོག་ཏུ་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་གནོད་མཛེས་རྒྱལ་པོ་དག་སྟེ་ཀུན་རྫོབ་ཤེས་པ་དང་སྦྱངས་པ་ཤེས་པ་རྣམ་པར་དག་པའི་བདག་ཉིད་དག་གོ །འདི་ལྟར་འཕགས་པ་བརྒྱད་སྟོང་པ་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཤིན་ཏུ་རྒྱས་པའི་མདོ་སྡེར་ཡོངས་སུ་བརྗོད་པའོ། །ཤེས་པ་བཅུའི་བདག་ཉིད་ལས་བྱུང་བའི་ཁྲོ་བོ་རྣམས་བསྒོམ་པར་བྱའོ་ཞེས་འབྲེལ་ཏོ། །ཡང་གཞན་དག་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔ་དང༌། རྣམ་པར་བྱང་བའི་ཕུང་པོ་དེ་རྒྱུར་གྱུར་པས་ཡེ་ཤེས་ཞེས་བཏགས་ནས་བརྗོད་དོ་ཞེས་འདིར་འཆད་དོ། །དེ་ལ་ཞེས་པ་ལ་ཆོས་འབྱུང་བ་བསྒོམ་པའི་དོན་དུ་དང་པོ་སྲུང་བའི་འཁོར་ལོ་ཡོངས་སུ་གྱུར་པ་ལས་


DTG040_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་རང་བཞིན་གྱི་གཞི་བསྒོམས་ཏེ། དེ་ནས་ཀུན་དུ་བཟང་པོ་ཡོངས་སུ་གྱུར་པ་ལས་ཆོས་ཀྱི་འབྱུང་གནས་བསྒོམ་པར་བྱའོ། །དབུས་ཞེས་པ་ལ་འདིའི་དགོས་པ་ནི་མན་ངག་ལས་ཞེས་གཞན་དག་གོ །དྲག་པོའི་སྒྲུབ་པ་ལ་སོགས་པའི་དུས་སུ་བསྒྲུབ་བྱར་གྱུར་པའི་བཅོམ་ལྡན་འདས་ནམ་མཁའི་དབྱིངས་ཀྱི་ཆོས་ཀྱི་འབྱུང་གནས་ལ་གནས་པ་ལྷ་མོ་བཞིས་ཡོངས་སུ་བསྐོར་བ། འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་རོལ་པ་རྒྱུན་མི་འཆད་པ་མཆོག་ཏུ་ཟག་པ་མེད་པའི་དགའ་བའི་བདག་ཉིད་བལྟས་ཏེ། དབུས་ཞེས་པ་ནི་ལེའུ་བཅུ་པ་ལས་བཤད་པའི་རིམ་པ་དེའི་སྙིང་པོ་བསྐུལ་བའི་དོན་དུ་རང་གི་ཤེས་རབ་ཀྱི་ཆོས་འབྱུང་གི་དབུས་སུ་ཁྲོ་བོའི་རྡོ་རྗེ་བསྒོམ་པར་བྱའོ་ཞེས་གཞན་དག་གོ །བགེགས་རྣམས་འགོག་པ་ཡིན་ཏེ་སྲུང་བའི་འཁོར་ལོ་གྲུབ་ཅིང་གསལ་བར་གྱུར་པས་སོ། །ཁྲོ་བོ་དེ་རྣམས་ལས་རྡོ་རྗེ་འབར་བ་སྤྲོ་བར་བྱའོ། །ཇི་ལྟར་ཞེ་ན། སྤྲིན་ཏེ་ཚོགས་རྣམས་ཀྱིས་སོ། །འཁོར་ལོ་དེ་ཡང་མྱུར་བར་འཁོར་བས་མི་གཡོ་བ་བཞིན་དུ་སྣང་བ་ཡིན་ལ་ཁྲོ་བོ་རྣམས་ནི་མི་གཡོ་བ་ཉིད་དོ། །དེ་ལྟར་ཞེས་པ་ནི་བཤད་མ་ཐག་པའོ། །ཆོས་འབྱུང་ནི་སྟོབས་བཅུ་ལ་སོགས་པའི་ཡེ་ཤེས་འབྱུང་བའོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་གྱིས་དྲི་མ་མེད་པའོ། །ཞི་བ་ནི་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པའི་ངོ་བོའོ། །སངས་རྒྱས་རྣམས་ཀྱི་སྤྱན་ཡེ་ཤེས་ཀྱི་རང་བཞིན་འབྱུང་ངོ༌། །དེ་བརྗོད་པ། ཧཱུཾ་མཛད་ཡང་ན་གཙུག་ཏོར་རམ། །ཞེས་པ་ལ་སོགས་པའོ། །ད་ནི་བསྒོམ་པའི་རིམ་པའི་རྣམ་པར་དབྱེ་བ་མ་དྲིས་པ་སྟོན་པར་བྱེད་དེ། རིམ་པ་གཉིས་ལ་ཡང་དག་བརྟེན། །ཞེས་པ་ལ་རྡོ་རྗེ་ཅན་གྱི་ནི་ཀུན་དུ་བཟང་པོའི་ཡིན་ཏེ་རྒྱུད་སྟོན་པའོ། །རིམ་པ་གཉིས་པོ་གང་ཞེ་ན། བསྐྱེད་པའི་རིམ་པ་སྟེ། མངལ་ནས་སྐྱེས་པའི་རིམ་པ་དང༌། ཟླ་བ་དང་རྡོ་རྗེ་ལ་སོགས་པའི་མཚན་ཉིད་དོ། །རྫོགས་པའི་རིམ་པ་ནི་གྲུབ་པའི་རིམ་པའོ། །དེ་བརྗོད་པ་ཡང་ཡེ་ཤེས་སྐད་ཅིག་གིས་རྫོགས་པ་རྫོགས་པའི་རྣལ་འབྱོར་དུ་བརྗོད་དོ་ཞེས་སོ། །བསྐྱེད་པའི་རིམ་པའི་དེ་ཁོ་ན་ཉིད་རྒྱས་པར་སྟོན་པར་བྱེད་དོ། །སྒྲུབ་པ་ནི་ལྷའི་རྣལ་འབྱོར་རོ། །རྟོགས་པ་ནི་དེ་ཉིད་གཉིས་སུ་མེད་པ་ཉིད་དུ་ངེས་པའོ། །དམ་ཚིག་ནི་


DTG040_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཟིན་ཏོ། །སྡོམ་པ་ནི་མི་དགེ་བ་རྣམས་སྡོམ་པའོ། །འདི་དག་ཐམས་ཅད་སྔར་རྩ་བའི་རྒྱུད་དུ་རྒྱས་པར་བརྗོད་པ་འབྱེད་པར་བྱེད་དོ། །ཇི་ལྟར་ཞེ་ན། རིམ་པ་སྟེ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་མཚན་ཉིད་ཀྱིས་ཕྱེ་བའོ། །དེ་བཞིན་སྡོམ་པ་ཇི་ལྟ་བུ། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་གཟུགས་དང་སྒྲ་ལ་སོགས་པ་རྣམས་འདོད་པར་བྱེད་ཅིང་དགའ་བར་བྱེད་པའི་ཕྱིར་འདོད་པ་རྣམས་སོ། །རང་བཞིན་གྱིས་བདེ་བའི་བདག་ཉིད་དང་སྡུག་བསྔལ་གྱི་བདག་ཉིད་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་བདག་ཉིད་དོ། །དེ་རྣམས་རྣམ་པར་དག་པར་བརྟེན་པར་བྱེད་པ་ན་ཅི་བྱེད་པར་འགྱུར་ཞེ་ན་གསུངས་པ། སྙིང་ལ་སྟེ་སེམས་ལ་སྐྱེ་བར་འགྱུར་རོ། །རྟག་པ་ནི་མི་འཇིག་པ་ཡིན་ལ་སྐྱེ་བ་ནི་རྣམ་པར་དག་པའོ། །འདོད་ཆགས་ཞེ་སྡང་གཏི་མུག་ནི་ཉེ་བར་མཚོན་པ་ཡིན་པས་ང་རྒྱལ་དང་ཕྲག་དོག་ཀྱང་ཞེ་སྡང་དུ་གཏོགས་སོ། །འདི་དག་ཉིད་གསལ་པོར་གསུངས་པ། ཆགས་ལ་འདོད་ཆགས་རང་བཞིན་ཅན། །ཞེས་པ་ནི་ཆགས་པ་ལ་དེའི་རང་བཞིན་སྣང་བ་མཐའ་ཡས་སོ། །ཆགས་ལ་འདོད་ཆགས་རང་བཞིན་ཅན། །ཞེས་པ་ནི་ཉེ་བར་མཚོན་པའོ། །དེ་ནས་ཞེ་སྡང་ལ་སོགས་པ་མ་བརྗོད་པ་དང་རྣམ་པར་སྣང་མཛད་ཀྱང་གཟུང་ངོ༌། །དེ་བཞིན་དུ་ཞེ་སྡང་ལ་དེའི་རང་བཞིན་རྡོ་རྗེ་མི་བསྐྱོད་པའོ། །གཏི་མུག་ཏུ་རྣམ་པར་སྣང་མཛད་དོ། །དེ་ལྟར་ང་རྒྱལ་ལ་རིན་ཆེན་འབྱུང་ལྡན་ནོ། །ཕྲག་དོག་ལ་དམ་ཚིག་དོན་ཡོད་གྲུབ་པའོ། །དེའི་ཕྱིར་འདོད་པ་དེ་རྣམས་ནི་བརྗོད་མ་ཐག་པ་རྣམས་ཏེ་བསྟེན་པར་བྱའོ། །གང་གི་ཕྱིར་དམ་ཚིག་ནི་རྡོ་རྗེ་སེམས་དཔའ་དང་མཚུངས་པ་ཡིན་ཏེ་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཡང་བརྗོད་པ། དཀའ་ཐུབ་ཅེས་བྱ་བ་ལ་སོགས་པའོ། །ཞེ་སྡང་གཏི་མུག་འདོད་ཆགས་ཆེས། །སེམས་ཅན་དོན་མཛད་ཇི་ལྟ་བུ། །ཞེས་དྲིས་པའི་ལན་ལ། རྣམ་བཅས་ཞེས་པ་ལ་སོགས་པ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང་ལྡན་པ། ཞལ་གསུམ་ཕྱག་དྲུག་གི་རྣམ་པ་ཁྱད་པར་ཅན་ལོངས་སྤྱོད་རྫོགས་པའི་སྐུས་ས་བཅུའི་བྱང་ཆུབ་སེམས་དཔའི་ཡུལ་ནི་རྣམ་པ་སྟེ། དེ་


DTG040_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་པ་ནི་རྣམ་པ་དང་བཅས་པའོ། །རྣམ་པ་མེད་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་ཚད་མེད་པ་ལ་སོགས་པའི་ཆོས་ཀྱི་རང་བཞིན་སོ་སོར་བདག་ཉིད་རིག་པ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཆོས་ཀྱི་སྐུ་ཡིན་ཏེ། བརྟགས་པའི་གཟུང་བ་དང་འཛིན་པའི་རང་བཞིན་བེམས་པོའི་རྣམ་པ་དང་བྲལ་བའི་ཕྱིར་རོ། །ཀུན་འགྲོ་ནི་མོས་པ་སྣ་ཚོགས་པའི་གདུལ་བྱ་རྣམས་ལ་དུས་མཚུངས་པར་རྣམ་པ་སྣ་ཚོགས་པའི་ཕན་པ་རྣམས་སྤྲུལ་པ་སྣ་ཚོགས་པ་རྣམས་ཀྱིས་འཁོར་བ་ཇི་སྲིད་པའི་བར་དུ་དོན་རྒྱུན་མ་ཆད་པར་འགྲོ་བ་མ་ལུས་པའི་དོན་བྱེད་པ་ནི་སྤྲུལ་པའི་སྐུ་ཡིན་ཏེ། སོ་སོའི་སྐྱེ་བོ་ལྷ་དང་ལྷ་མ་ཡིན་དང་བཅས་པ་མི་ལ་སོགས་པ་རྣམས་ཀྱི་ཐུན་མོང་གི་ཡུལ་ཉིད་ཀྱི་མཛད་པ་རྒྱ་ཆེ་བའི་ཕྱིར་ཁྱབ་པ་ཡིན་པས་ཀུན་དུ་འགྲོ་བའོ། །དེ་བརྗོད་པ། །དེའི་མཛད་པ་རྒྱ་ཆེ་བའི་ཕྱིར། །ཁྱབ་པ་ཤེས་ནི་བརྗོད་པ་ཡིན། །དེ་ཉིད་ཟད་པར་མི་འགྱུར་ཕྱིར། རྟགས་པ་ཞེས་ནི་བརྗོད་པ་ཡིན། །ཞེས་སོ། །ཡང་ན་རྣམ་པ་དང་བཅས་པ་ནི་མཆོག་ཏུ་དག་པའི་བདག་ཉིད་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ངོ་བོ་རང་དང་གཞན་གྱི་དོན་འབྱུང་བའི་རྒྱུ་རྒྱ་ཆེན་པོའི་རབ་ཏུ་སྣང་བའོ། །རྣམ་པ་མེད་པ་ནི་བརྟགས་པའི་རྣམ་པ་དེ་ཉིད་དང་བྲལ་བའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཟབ་པའི་ཕྱིར་དང་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རོ། །དེ་བརྗོད་པ། རྣམ་པར་མི་རྟོག་ཟབ་པ་དང༌། །རྒྱ་ཆེ་བ་ནི་རང་བཞིན་འབྱུང༌། །ཟབ་དང་རྒྱ་ཆེན་འདི་དག་ཉིད། །ཤེས་རབ་ཐབས་བདག་ཉིད་དུ་བཞེད། །ཅེས་སོ། །དེ་ཉིད་ཀྱི་ཕྱིར་ཀུན་དུ་འགྲོ་བ་སྟེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ནོ། །ཞེས་པའི་རིགས་པས་སོ། །ཡི་གེ་གསུམ་གྱི་བདག་ཉིད་ཐུགས་ལ་སོགས་པ་གསང་བ་དབྱེར་མེད་པས་བྱིན་གྱིས་བརླབས་པས་སོ། །བྱེད་པ་ནི་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དང་མཚམས་མེད་པ་ལ་སོགས་པ་ལ་ཞུགས་པ་དེ་རྣམས་བཟློག་པའི་ཆེད་དུ་ཐབས་གཞན་མེད་པ་ཉིད་ཀྱི་ཕྱིར་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་བསད་ནས་མི་བསྐྱོད་པའི་གཟུགས་སུ་སྐྱེད་པར་བྱེད་པའོ། །འཕྲོག་པར་བྱེད་པ་ནི་


DTG040_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་ལ་སོགས་པའི་སྦྱོར་བས་གཞན་གྱི་བུད་མེད་རྣམས་འཕྲོག་པའོ། །དང་ཡིག་གིས་བརྫུན་དུ་སྨྲ་བ་ཡང་ཡིན་ཏེ་གདུལ་བྱ་དེ་དང་དེ་སེར་སྣ་ལ་སོགས་པས་ཉམས་པ་རྣམས་ཀྱི་དོན་བྱའོ། །ཅི་བྱེད་པས་ཤེ་ན། །གསུངས་པ། སྤྲོ་དང་རང་གི་བཟླས་པ་ཞེས་ཏེ། རང་གི་ནི་སྔགས་ཀྱིས་ཏེ། ཇི་ལྟ་བ་བཞིན་དུ་བསྒྲུབ་བྱའི་མིང་ནང་དུ་བཅུག་པ་དང་ལྷན་ཅིག་པའི་བཟླས་པ་བརྗོད་པས་སོ། །སྤྲོ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ་བསྡུ་བ་ལ་སོགས་པ་ཡང་བརྗོད་མ་ཐག་པ་བྱ་བའི་རྒྱུ་མཚན་དུ་བྱའོ། །གཞན་དག་ན་རེ་བྱེད་པ་ནི་སྤྲོས་པས་འགྲོ་བའི་དོན་བྱེད་པ་ཡིན་ལ་དེ་རྣམས་ཉིད་དེ་མ་ཐག་ཏུ་ཡང་དག་པར་སྡུད་པ་ནི་འཕྲོག་པའོ། །སྤྲོ་བ་ནི་སྤྲོ་བར་བྱེད་པ་ཉིད་དོ། །དང་ཡིག་གིས་ནི་ཞུགས་པ་དང་བརྟན་པར་གནས་པ་དག་བསྡུའོ། །རང་གི་བཟླས་པ་བྱེད་པས། །ཞེ་སྡང་ལ་སོགས་པས་སེམས་ཅན་གྱི་དོན་བྱའོ་ཞེས་འཆད་དོ། །འདིར་རང་གི་བདག་པོའི་ལྷའི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་ལ་མ་ལྟོས་པར་བཟླས་པ་ཙམ་ཡིན་ནམ། ཞེ་ན་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པའོ། །དེ་ལྟར་བརྗོད་མ་ཐག་པའི་སྐུ་གསུམ་གྱི་རྣམ་པར་དག་པའི་ངོ་བོ་ཐུགས་རྡོ་རྗེ་ལ་སོགས་པའི་གསང་བ་བྱིན་གྱིས་བརླབས་པའོ། །ཞེ་སྡང་ནི་མི་བསྐྱོད་པ་ཡིན་ལ་གཏི་མུག་ནི་རྣམ་པར་སྣང་མཛད་དོ། །ཀྱང་ཡིག་གིས་འདོད་ཆགས་ནི་འོད་དཔག་ཏུ་མེད་པ་ཡིན་ལ་ང་རྒྱལ་ནི་རིན་ཆེན་འབྱུང་ལྡན་ཡིན་ཞིང་དོན་ཡོད་གྲུབ་པ་ནི་ཕྲག་དོག་གི་རང་བཞིན་ནོ། །འདི་རྣམས་ལས་གང་ཡང་རུང་བ་སྦྱོར་བ་ཇི་ལྟ་བར་སྒྲུབ་ཐབས་ཀྱི་རིམ་པས་བདག་ཉིད་བསྐྱེད་ནས་སོ། །ས་གསུམ་ཡང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་མིང་ཅན་ནོ། །ཀུན་དུ་གཉིས་སུ་མེད་པ་ཉིད་ཀྱིས་དེའི་རང་བཞིན་དུ་བྱས་པའམ་ཡིད་ལས་བྱུང་བའི་གཟུགས་ཀྱིས་བསྐྱེད་དེ་སྤྲོ་བ་ལ་སོགས་པ་བྱེད་པ་ནི་བཟླས་པའོ། །བརྗོད་མ་ཐག་པའི་དཀོན་མཆོག་ལ་གནོད་པ་བྱེད་པ་ལ་སོགས་པ་གསད་པ་དང༌། དམ་ཚིག་བཞི་པོ་ཉིད་ཐེག་པ་དམན་པ་ལ་སོགས་པ་ལ་བརྟེན་པའི་ཉན་ཐོས་ལ་སོགས་པ་རྣམས་དང་རང་གི་ཐེག་པ་ལ་བརྟེན་པའི་དབང་མ་ཐོབ་པ་རྣམས་ལ་སྦས་པ་ནི་གསང་བའོ། །དེའི་ཡང་


DTG040_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་གྲུབ་པ་ནི་འདོད་པའི་དོན་གྲུབ་པའོ། །དེ་ཉིད་ཀྱིས་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་ཞུགས་པའི་སེམས་ཅན་དེ་རྣམས་དུས་ཅུང་ཟད་ཙམ་རྨི་ལམ་བཞིན་དུ་བརྒྱལ་བའི་གནོད་པ་ལ་སོགས་པ་གནོད་པ་རྣམས་ཉེ་བར་བསྟན་ནས་མནར་མེད་པ་ལ་སོགས་པའི་དམྱལ་བ་ཆེན་པོའི་སྡུག་བསྔལ་ལས་བཟློག་ནས་མི་བསྐྱོད་པའི་རྣམ་པ་བསྐྱེད་དོ། །དེའི་སངས་རྒྱས་ཀྱི་ཞིང་དུ་གཞག་པའི་དོན་དུ་ཡང་ངོ༌། །ཡང་ན་དེ་རྣམས་ཉིད་ཀྱིས་རང་བཞིན་གྱི་བདག་ཉིད་ཀྱི་དངོས་པོར་གྱུར་པ་ལས་མི་བསྐྱོད་པའི་གཟུགས་སུ་གྱུར་པ་ནི་དག་པ་སྟེ། དོན་དེ་ཉིད་བྱེད་དོ། གང་རྣམས་ཤེ་ན། སྙིང་རྗེ་ཆེན་པོ་ཅན་དབྱེར་མི་ཕྱེད་པའི་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་རྣལ་འབྱོར་པ་རྡོ་རྗེ་ཅན་རྣམས་སོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་ལ་སོགས་པས་སེར་སྣ་ལ་སོགས་པས་ཉམས་པ་རྣམས་ལ་ཡང་བལྟ་བར་བྱའོ། །དེ་བཞིན་དུ་ཐུན་མོང་དུ་ཞེ་སྡང་ལ་སོགས་པ་རྣམས་ཀྱིས་འགྲོ་བའི་དོན་བྱ་བ་རྟོགས་པར་བྱས་ནས་རྒྱས་པར་སྲོག་གཅོད་པ་ལ་སོགས་པ་སོ་སོར་རྣལ་འབྱོར་པ་གང་གིས་ཇི་ལྟར་བྱ་བ་དེ་བཞིན་དུ་དེ་ལྟར་རྟོགས་པར་བྱ་བར་འདོད་ནས་གསུངས་པ། ཞེ་སྡང་འཁོར་ལོ་ནི་ཞེ་སྡང་རྡོ་རྗེའི་བདག་པོའི་དཀྱིལ་འཁོར་རོ། །སེམས་ཅན་ཐམས་ཅད་སྡུད་པའི་ངོ་བོ་སྙིང་རྗེ་ཆེན་པོ་དྲི་མ་མེད་པ་བཅོས་མའི་ཞེ་སྡང་མངོན་དུ་བྱས་ནས་དེ་དང་རྗེས་སུ་མཐུན་པའི་བཟའ་དང་གདན་དང་ཉམས་པ་ལ་སོགས་པ་དང་ལྡན་པའོ། །རྡོ་རྗེ་དྲག་པོ་རྒྱབ་ནས་དེའི་རང་བཞིན་ལས་ཉམས་པར་བྱེད་པ་ལེའུ་དགུ་པར་བརྗོད་པའི་གནོད་མཛེས་མང་པོ་འོད་འཕྲོ་བ་འབར་བའི་རྡོ་རྗེས་སམ་རང་གི་གསང་བའི་རྡོ་རྗེས་སོ། །ལྷག་མ་ནི་གོ་སླའོ། །རྐུ་བ་གསུངས་པ། བསྐྱེད་ནས་ཞེས་ཏེ་སྔར་བཞིན་དུའོ། །གཏི་མུག་གི་འཁོར་ལོ་ནི་གཏི་མུག་གི་རིགས་ཀྱི་བདག་པོའི་དཀྱིལ་འཁོར་རོ། །གཏི་མུག་གི་སྦྱོར་བ་ནི་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱིས་ནོར་འཕྲོག་པའི་བསམ་པས་སོ། །རྒྱན་ལ་སོགས་པ་བརྐུ་བར་བྱ་སྟེ་འཕྲོག་གོ །གཏི་མུག་གི་སེམས་ཉིད་ནི་རྒྱ་མཚོའོ། །ལྷག་མ་ནི་གོ་སླའོ། །གཞན་གྱི་ཆུང་མ་འཕྲོག་པ་གསུངས་པ། འདོད་ཆགས་འཁོར་ལོ་ནི་འདོད་ཆགས་ཀྱི་རིགས་ཀྱི་


DTG040_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོའི་དཀྱིལ་འཁོར་རོ། །འདོད་པའི་སྦྱོར་བ་ནི་འཁྱུད་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་ངག་གི་ཁྱད་པར་གྱི་རྗེས་སུ་ཆགས་པར་བྱའོ། །དེ་ཤིན་ཏུ་ཞེན་པའི་ཡིད་ཀྱིས་མངོན་སུམ་ཉིད་དུ་བྱས་པ་སྟེ། མོས་པ་ཙམ་གྱིས་ནི་མ་ཡིན་ནོ། །འདི་རྣམས་ཀྱི་རྣམ་པར་དག་པ་ནི་དགུ་པར་རྒྱས་པར་གཏན་ལ་ཕབ་པ་དང་འདྲའོ། །ད་ནི་ཡེ་ཤེས་ལ་དབང་ཐོབ་པའི་རྣལ་འབྱོར་པའི་ནུས་པ་སྟོན་པར་བྱེད་དོ། །དཀྱིལ་འཁོར་ནི་བྲིས་པའི་དཀྱིལ་འཁོར་རོ། །དབང་ནི་དབང་བསྐུར་བར་སྦྱིན་པའོ། །མཆོག་ནི་ལས་ཚོགས་རྣམས་སོ། །ཉམས་སུ་ལེན་པ་ནི་སེམས་ཅན་གྱི་དོན་བྱའོ། །བྱིན་གྱིས་རློབ་པ་ནི་དུས་ཅུང་ཟད་པའི་སྤྲུལ་པའོ། །གྲུབ་པ་ནི་ཡེ་ཤེས་ལ་དབང་ཐོབ་པ་རྣམས་སོ། །ལས་དང་པོ་པ་ལས་ཡེ་ཤེས་ལ་དབང་ཐོབ་པའི་བགྲོད་པ་ནི་གཞན་ཏེ། མཚན་ཉིད་མི་མཐུན་པའོ། །དེ་བརྗོད་པ། ཡེ་ཤེས་དབང་ཐོབ་པའི་སེམས་ཉིད་ཀྱི་འཁོར་ལོ་གསུམ་པོ་བྱ། བྱིན་བརླབས་དེས་ནི་འཁོར་ལོ་དེ། །གང་ཕྱིར་རང་གཞན་དག་ལ་གནང༌། །འདིར་ནི་འཇུག་དང་རྗེས་གནང་བས། །རྨི་ལམ་གསལ་བ་བཞིན་དུ་གནང༌། །གང་ཕྱིར་སེམས་ཀྱི་ཚུལ་བསྟན་པས། །དེ་ནི་མཆོག་ཏུ་ཤེས་པར་བྱ། །ཞེས་སོ། །དཀྱིལ་འཁོར་ཞེས་ནི་ཅི་ལ་བརྗོད། །ཅེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་བྷ་ག་ནི་ཤེས་རབ་ཀྱི་རྟེན་ཡིན་ཏེ་དེར་སེམས་ཅན་གྱི་འཇིག་རྟེན་རྣམ་པར་དག་པའི་དཀྱིལ་འཁོར་རོ། །པདྨར་བྱང་ཆུབ་ཀྱི་སེམས་ཡོངས་སུ་གྱུར་པའི་ཡང་དཀྱིལ་འཁོར་རོ། །ལུས་ལ་ཕྱག་རྒྱ་བཞིའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །འདི་ནི་དཀྱིལ་འཁོར་རྣམ་པ་གསུམ་དུ་བརྟགས་པ་ཡིན་ནོ། །ཕྱག་རྒྱ་དགོད་པ་ཇི་ལྟར་འགྱུར། །ཞེས་པའི་དྲིས་པའི་ལན་ལ་རྒྱས་བཏབ་པ་ནི་བརྟན་པ་ཉིད་དུ་བསྐྱེད་པའོ། །ཕྱག་རྒྱ་གང་གིས་གང་ལ་ཞེ་ན། བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལ་གང་གི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེས་ཡིན་ཏེ་དེ་ནི་རྟག་པར་རྒྱ་དགོད་པ་ཞེས་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་བྲིས་པའི་དཀྱིལ་འཁོར་ལ་ཡང་དེ་རྟོགས་པར་བྱེད་པའི་མཚན་མ་དགོད་


DTG040_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པས་དཀྱིལ་འཁོར་ཞེས་བསྟན་པ་ཡིན་ནོ། །ད་ནི་སྲུང་བའི་འཁོར་ལོ་ལ་སོགས་པ་ལས་ཀྱི་ཚོགས་ལ་དབང་བའི་ཕྱག་མཚན་གྱི་ཕྱོགས་ཀྱི་ངེས་པ་གསུངས་པ། མཚམས་རྣམས་སུ་མེ་ལ་སོགས་པའི་མཚམས་བཞི་པོ་རྣམས་སུ་སྟེ། བརྗོད་མ་ཐག་པའི་སྲུང་བའི་འཁོར་ལོ་དང་འབྲེལ་པ་ཡིན་ནོ། །དཀྱིལ་འཁོར་གྱི་ཟུར་རྣམས་སུ་ནི་མ་ཡིན་ཏེ། ཕུང་པོ་ལ་སོགས་པའི་རྣམ་པར་དག་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་མིང་ཡང་གསུངས་པ། འདོད་པ་ནི་འདོད་པའི་རྒྱལ་པོའོ། །དབྱུག་པ་ནི་དབྱུག་པ་སྔོན་པོའོ། །སྟོབས་པོ་ཆེ་ནི་སྟོབས་པོ་ཆེའོ། །མི་གཡོ་བ་ནི་བྱིས་པའོ། །འཁོར་ལོ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེ་སྟེང་དུ་ཡིན་ལ། གནོད་མཛེས་ནི་འོག་ཏུ་སྟེ། འདི་དག་གི་མཚན་མ་ནི་འཁོར་ལོ་དང་རྡོ་རྗེ་དག་གོ །དམ་ཚིག་རྡོ་རྗེ་ལ་སོགས་པ། །རིགས་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི། །ཞེས་པ་དེའི་མིང་ཅན་རྣམས་ཀྱི་ཕྱག་མཚན་གསུངས་པ་དང༌། འཁོར་ལོས་སྒྱུར་བ་དྲུག་ནི་དེ་བཞིན་གཤེགས་པ་དྲུག་པོ་རྣམས་ཏེ་གང་ཕྱག་རྒྱ་ཡིན་པ་དེ་ཉིད་ཅི་ལྟར་རིགས་པར་དེ་རྣམས་ཀྱིའོ། །དབུ་རྒྱན་དང་གདན་བོར་བའི་ཁ་དོག་ལ་སོགས་པས་ཡང་བལྟ་བར་བྱའོ། །ས་ལ་སོགས་པའི་སེམས་དཔའ་རྣམས་ནི་སྤྱན་ལ་སོགས་པ་རྣམས་ཏེ་རང་གི་དཀྱིལ་འཁོར་དུ་བརྗོད་པ་རྣམས་སོ། །རྩ་བའི་རྒྱུད་དུ་མ་བརྗོད་པའི་གཟུགས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་གསུངས་པ། ཡང་དག་པར་མཐོང་བ་ནི་མེ་ལོང་ཡིན་ལ། པི་ཝང་ནི་པི་ཝང་ཉིད་དོ། །དྲི་ནི་དྲིའི་དུང་ངོ་། །སྣོད་ནི་རོ་ཡིས་གང་བའི་ཐོད་པའོ། །རག་ནི་ཁ་དོག་སྣ་ཚོགས་པའི་གོས་སོ། །ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་ཡང་ཡིན་ནོ། །དྲུག་པོ་རྣམས་ནི་རྡོ་རྗེའི་བདག་པོ་རྡོ་རྗེ་ཅན་རྣམས་ཀྱི་གྲངས་ཇི་ལྟ་བ་བཞིན་དུ་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་སོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་ནི་སྤྱན་མ་ལ་སོགས་པ་རྣམས་སོ། །ཁྲོ་རྒྱལ་ནི་གཤིན་རྗེ་གཤེད་ལ་སོགས་པ་རྣམས་སོ། །མངོན་པར་རྒྱས་བཏབ་པ་ནི་དེ་རྣམས་ཀྱི་ཕྱག་རྒྱ་དང་ཁ་དོག་དང་ཕྱག་མཚན་གྱི་བདག་ཉིད་རྣམས་


DTG040_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་རྒྱུད་ཉིད་དུ་བརྗོད་དོ་ཞེས་པའི་དོན་ཏོ། །དེའི་ཕྱིར་འདི་རྣམས་ལས་གཞན་པ་ནི་དཔའ་བོ་གཅིག་པ་སྟེ། ལས་ཀྱི་ཚོགས་ལ་ཉེ་བར་མཁོ་བ་དཀྱིལ་འཁོར་པ་མ་ཡིན་པ་མདུད་ཅན་མ་ལ་སོགས་པ་རྣམས་ཏེ་དེ་རྣམས་ནི་རང་གི་རིགས་ཀྱི་བདག་པོའི་ཁ་དོག་ལ་སོགས་པ་རྣམས་ཀྱིས་བརྟག་གོ །འདིར་ནི་མེ་ཏོག་ཅི་ཞིག་ལགས། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་རྩ་བའི་རྒྱུད་དུ་མ་བརྗོད་པ་ཉིད་དོ། །ལྷ་མོ་ཞེས་པ་ལ་སོགས་པ་ལ་གསར་པ་ནི་བུད་མེད་མངའ་མ་ཉམས་པ་རྣམས་ཏེ། དེ་རྣམས་ཀྱི་ནམ་མཁའི་ཁམས་ནི་བྷ་གའོ། །དེ་ལས་བྱུང་བ་ནི་རང་བྱུང་གི་མེ་ཏོག་ཡིན་ཏེ་མེ་ཏོག་གི་སྒྲས་བརྗོད་དོ། །འདི་ཉིད་དུ། མེ་ཏོག་ལྡན་ཞིང་ས་བོན་འབྱུང༌། །ཞེས་བརྗོད་པའི་ཕྱིར་རོ། །གཞན་དག་སྤྱན་ལ་སོགས་པའི་ལྷ་མོ་དགུ་པོ་ཡིན་ལ་ནམ་མཁའི་ཁམས་ཀྱི་སྒྲས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ཡིན་ནོ་ཞེས་འཆད་པ་དེ་འདིར་འདོད་པ་མ་ཡིན་ཏེ། སངས་རྒྱས་ལ་ནི་ངོ་ཚ་མེད། །ཅེས་པ་ལ་སོགས་པས་རྣམ་འགྲེལ་བྱེད་པས་རྒྱས་པར་སུན་ཕྱུང་ངོ༌། །བདུད་རྩི་རྣམ་པ་ལྔ་སྦྱང་བའི་ཕྱོགས་གཅིག་ཏུ་གསུངས་པ། པདྨའི་སྣོད་ན་གནས་པའི་བདུད་རྩི་རྣམ་པ་ལྔ་སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། དེ་རྣམ་པར་དག་པ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་རང་གི་ས་བོན་ཇི་ལྟ་བུ་ལས་བསྐྱེད་པ་དགོད་པ་སྟེ་དེ་རྣམས་ལ་བཅུག་སྟེ་གཅིག་ཏུ་བྱའོ། །དེ་ཉིད་གསུངས་པ། རིགས་ཀྱི་རིམ་གྱིས་ཞེས་སོ། །གཞན་དག་ནི་གཟུགས་རྡོ་རྗེ་ལ་སོགས་པ་དེ་ཉིད་གདོན་ནོ་ཞེས་ཏེ་དེ་ནི་མ་ཡིན་ཏེ་ཟློས་པའི་སྐྱོན་ཡོད་པའི་ཕྱིར་རོ། །མཆོད་རྟེན་ཞེས་ནི་གང་ལ་བཤད། །ཅེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་ཙི་ཏ་ནི་སྤུངས་པ་ཡིན་ཏེ་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་ཕུང་པོའོ། །དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་གནས་ཡིན་ཏེ་རྡོ་རྗེ་རིན་ཆེན་གྱི་རྩེ་མོ་ཅན་གྱི་གཞལ་ཡས་ཁང་ལ་དཀྱིལ་འཁོར་ཞེས་པའི་ཐ་ཚིག་གོ །ཡེ་ཤེས་འཁོར་ལོ་ཇི་ལྟར་ཤེས། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་ཡེ་ཤེས་ཀྱི་བདག་ཉིད་ཐོག་མ་མེད་པའི་ངོ་བོའི་སེམས་དཔའ་གང་ཕྱུང་ཞིང་སྤྲུལ་པ་ནི་ཡེ་ཤེས་


DTG040_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོའོ། །གཞན་དག་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་རེག་ནས་གང་དང་པོ་ནས་གྲུབ་པ་བཀུག་པའོ་ཞེས་སོ། །འདིར་ནི་གནས་ནི་གང་ལ་བཤད། །ཅེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་ལྷ་རྣམས་ཀྱི་ས་བོན་ནི་གནས་ཡིན་ཏེ། གནས་ནི་གཟུགས་རྫོགས་པར་བྱེད་པའོ། །རྡོ་རྗེ་གསུམ་རྣམས་ནི་སྐུ་ལ་སོགས་པའི་ཡི་གེ་གསུམ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོས་ཀྱང་མི་འགྱུར་བའོ། །མགོན་པོ་བསྐུལ་བ་ཇི་ལྟ་བུ། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་སྐུ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་ངོ་བོས་མོས་པ་ཇི་ལྟ་བར་རྣམ་པ་བྱིན་གྱིས་བརླབ་པའི་དོན་དུ་སད་པ་སྟེ། རྡོ་རྗེ་འཛིན་ཐུགས་དཔལ་དང་ལྡན། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་འདེབས་པ་ནི་བསྐུལ་བའོ། །གཏོང་བ་དག་ཀྱང་ཇི་ལྟ་བུ། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་གཏོང་པ་ནི་རང་གི་འོད་ཟེར་སྤྲོས་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་པའི་དོན་དུ་འཕྲོ་ཞིང་སྤྲོས་པའོ། །གང་དུ་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུའོ། །ཇི་ལྟར་དེ་རྣམས་སྤྱན་དྲང་བགྱི། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་སྤྱན་དྲང་བ་ནི་གང་རྡོ་རྗེ་ཅན་ཡིན་པ་དེ་སྟེ་དཀྱིལ་འཁོར་གྱི་ལྷ་རྣམས་སོ། །རྡོ་རྗེ་ཅན་ཀུན་གྱིས་སྤྱན་དྲང་བ་སྟེ། ཕན་ཚུན་གཅིག་ཏུ་བྱེད་པའོ། །བཅིང་བ་འདི་ནི་ཇི་ལྟ་བུ། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་འོད་ཟེར་ཏེ་འོད་ཟེར་གྱི་ཚོགས་ཀྱིས་སོ། །གང་རྣམས་ཤེ་ན། རྡོ་རྗེ་ཅན་ཀུན་ཏེ་སྐུ་ལ་སོགས་པའི་བདག་ཉིད་ཅན་རྣམས་སོ། །རྡོ་རྗེ་ཅན་ཀུན་ནི་སྐུ་ལ་སོགས་པའི་རྡོ་རྗེ་ཅན་ནོ། །དེའི་གནས་ནི་ས་བོན་ཡིན་ཏེ་དེ་ལ་བསྡུས་པའོ། །གོང་བུའི་ཚུལ་ནི་བརྟན་པར་ཞུགས་པས་དབྱེར་མི་ཕྱེད་པར་བྱིན་གྱིས་རློབ་པ་གང་ཡིན་པ་དེ་ནི་བཅིངས་པ་ཡིན་པར་བཤད་དོ། །དབང་བསྐུར་བ་ནི་ཅི་ལྟར་བརྩལ། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཀྱིས་སྐུ་ལ་སོགས་པའི་དཀྱིལ་འཁོར་ལ་རྒྱས་བཏབ་ཅིང་བརྟན་པར་བྱས་པའོ། །ཡིད་ལས་བྱུང་བའམ་རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་བརྟགས་ནས་དབང་བསྐུར་བར་བྱའོ། །དེ་བརྗོད་པ། དཀྱིལ་


DTG040_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡང་དག་ཇི་ལྟ་བར། །རབ་ཏུ་བརྟགས་པར་སུ་ཡིས་ནུས། །རང་བདག་ལྷ་ཡི་སྦྱོར་བ་ཡིས། །དཀྱིལ་འཁོར་བརྟགས་པས་གྲུབ་པ་ཡིན། །ཞེས་སོ། །དབང་བསྐུར་བ་དེ་ཉིད་གསལ་པོར་གསུངས་པ། དབང་བསྐུར་དབྱེ་བ་རྣམ་པ་གསུམ། །ཞེས་པ་ལ་སོགས་པའོ། །དབང་བསྐུར་བ་དེ་ཡང་བླ་མའི་དྲིན་ལས་ཤེས་པར་བྱའོ། །དེ་བཞིན་རིག་པའི་བརྟུལ་ཞུགས་གང༌། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ། རིག་པའི་ལྷ་མོ་དེ་ཉིད་ནི། །ཞེས་པ་ནི་དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སྟེ་ལྷ་མོ་ནི་བདེ་བ་ཆེན་པོ་བླ་ན་མེད་པའི་མཐོ་རིས་ཀྱི་སྲིད་པར་ཤིན་ཏུ་རོལ་པར་བྱེད་པས་ན་ལྷ་མོའོ། །རིག་པ་ནི་རྣམ་པར་ཐར་པའི་སྒོ་བཞིའི་དོན་རིག་པས་སོ། །སློབ་མས་བརྗོད་མ་ཐག་པའི་རིམ་པས་གསང་བ་བླངས་ནས་སོ། །རྡོ་རྗེ་ཅན་ནི་རང་འདོད་པའི་ལྷ་དང་ཐ་མི་དད་པར་བྱས་པས་སོ། །ལག་པ་ཞེས་པ་ནི་གཡས་པ་སྟེ་ལག་པ་གཞག་པར་བྱའོ། །དབང་པོར་བྱས་ནས་ཏེ། དེང་ནས་བདག་གིས་ཡང་དག་པར། །སྒྲུབ་པ་པོ་ལ་བུ་མོ་བྱིན། །བྱང་ཆུབ་ཆེན་པོ་བསྒྲུབ་ཆེད་དུ། །དེ་བཞིན་གཤེགས་པ་རྣམས་ཀྱིས་མཁྱེན། །ཞེས་སོ། །དེ་ནས་དེ་ཁོ་ན་ཉིད་བསྟན་པར་བྱའོ། །གཉིས་སུ་མེད་པ་ནི་གཟུང་བ་དང་འཛིན་པ་དང་བྲལ་བས་སོ། །ཆོས་ཀུན་ནི་རང་དང་སྤྱིའི་བདག་ཉིད་དོ། །དངོས་པོ་གཉིས་ནི་ལྡོག་པས་བྱས་པའི་དབྱེ་བས་མཚོན་པའོ། །དངོས་པོ་ལ་ནི་ཤེས་རབ་དང་ཐབས་དབྱེར་མེད་པ་ཉིད་དོ། །གང་གི་ཕྱིར་འདི་ལྟར་ཡིན་པ་དེའི་ཕྱིར་རྣམ་པར་བྲལ་བར་མི་བྱའོ། །གང་གིས་ཤེ་ན། གཉིས་སུ་མེད་པའི་བདག་ཉིད་ཅན་འདིས་སོ། །གང་དུ་ཞེ་ན། འཁོར་བར་རོ། །གཞན་དུ་འདོད་ཆགས་དང་བྲལ་བས་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཏུ་ཐལ་བར་འགྱུར་བས་སོ། །རྟག་ཏུ་ནི་བྱང་མ་ཆུབ་ཀྱི་བར་དུའོ། །འདི་ནི་རིག་པའི་བརྟུལ་ཞུགས་མཆོག་ཡིན་ནོ། །བདུད་རྩི་ལྔ་རྣམས་ཇི་ལྟར་བཟའ། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་ཐ་མལ་པའི་རང་བཞིན་གྱི་ལུས་ཀྱི་ཆོས་རྣམས་ལ་དྲི་མ་ལྔ་པོ་རྣམས་མཛེས་པ་ཡིན་ནོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་རྣམ་པར་སྣང་མཛད་


DTG040_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་རྣམ་པར་དག་པའི་རང་བཞིན་རྣམས་ཀྱིས་སོ། །དེ་རྣམས་བྱིན་གྱིས་བརླབས་པ་ནི་དེའི་བདག་ཉིད་དུ་བསྐྱེད་པ་སྟེ། བདུད་རྩི་ལྔའི་བདག་ཉིད་ཅེས་པའི་མིང་ཐོབ་བོ། །ཇི་ལྟར་དེ་རྣམས་ཀྱིས་བྱིན་གྱིས་བརླབ་པར་བྱ་ཞེ་ན། གསུངས་པ། སྦར་བ་ནི་ཡཾ་ཡིག་ལས་སྐྱེས་པའི་རྒྱལ་མཚན་སྔོན་པོ་གཉིས་ཀྱིས་མཚན་པའི་གཞུའི་རྣམ་པའི་རླུང་གི་དཀྱིལ་འཁོར་གྱིས་ཡིན་ལ། སྲེག་པ་ནི་འོག་ན་གནས་པའི་རཾ་ལས་བྱུང་བའི་གྲུ་གསུམ་པ་དམར་པོ་མེའི་དཀྱིལ་འཁོར་རླུང་ལ་གནས་པས་སོ། །གསལ་བར་བྱ་བ་ནི་ཨོཾ་ཡིག་གིས་སོ། །གཟུགས་སྣང་བ་ནི་བུཾ་ཡིག་ལ་སོགས་པའི་ས་བོན་ཡོངས་སུ་གྱུར་པ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོས་གྲུབ་པའོ། །སྔགས་ཀྱི་བདག་ཉིད་ཀྱི་ལུས་ནི་འདོད་པའི་ལྷ་ཡིས་སོ། །དེའི་རབ་ཏུ་སྦྱོར་བ་ནི་ཤེས་རབ་དང་ཐབས་སྙོམས་པར་འཇུག་པའི་མཚན་ཉིད་དོ། དེས་བཟའ་བར་བྱའོ། །བདུད་རྩི་ལྔ་ཉིད་ནི་འཆི་བ་དང་བྲལ་བས་བདུད་རྩིའོ། །སླར་ཡང་དེར་གཞན་ཅི་ཞིག་བསྒོམ་པར་བྱ་ཞེ་ན། བར་སྣང་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའི་ལྟེ་བར་དེ་དང་ལྡན་པའོ། །འོག་ཏུ་ནི་ཟླ་བའི་དཀྱིལ་འཁོར་གྱིའོ། །པདྨ་ནི་པདྨའི་སྣོད་དེ་ཡི་གེ་ཨཿ་ལས་བསྒོམ་པར་བྱ་སྟེ། སྔར་བརྗོད་པའི་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུའོ། །དེ་བརྗོད་པ། ཐོད་པ་ལ་ནི་པདྨར་བརྗོད། །ཅེས་སོ། །པདྨའི་སྣོད་དེ་རུ་བདུད་རྩི་རྣམས་བཅུག་ནས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་དུ་བྱས་ཏེ། རྡོ་རྗེ་དེ་ནང་དུ་བཅུག་ནས་རོ་མཉམ་པར་བྱ་སྟེ། ཡི་གེ་ཨོཾ་གྱིས་སྦར་བ་ནི་ཡེ་ཤེས་ཉི་མ་དང་འདྲ་བའོ། །མཚོན་ཆ་མཆོག་གིས་དྲངས་པ་ནི་དེའི་འོད་ཟེར་གྱི་ཚོགས་ཀྱིས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བདུད་རྩིའི་རྣམ་པ་རྣམས་བདུད་རྩི་དེ་རུ་བཅུག་སྟེ་རྣལ་འབྱོར་པས་བཟའ་བར་བྱ་བ་ནི་སྙིང་གར་ཡེ་ཤེས་དང་དམ་ཚིག་ལ་སོགས་པའི་མཚན་ཉིད་ཀྱིས་བཟའ་བར་བྱའོ་ཞེས་སྔར་དང་འབྲེལ་ཏོ། །དེ་བརྗོད་པ། འབར་བའི་ཨོཾ་གྱིས་བྱིན་གྱིས་བརླབས། །ཞེས་པ་ལ་སོགས་པའོ། །དེ་བཞིན་དཔའ་བོ་ལྔ་གང་ལགས།།


DTG040_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་དཔའ་བོ་ལྔ་ནི་ད་ཧ་ན་གོ་ཀུ་རྣམས་ཀྱི་ཤའོ། །དེ་བཞིན་དུ་རྣམ་པ་དེ་ཉིད་ཀྱིས་བཟའ་སྟེ། བསྒྲུབ་བྱའི་དངོས་གྲུབ་ཆོ་ག་ཡིས། །ཞེས་ཏེ་ཇི་ལྟ་བའི་དངོས་གྲུབ་བསྒྲུབ་པའི་ཆོ་གས་སོ། །བསྐྱེད་པ་ནི་བརྗོད་མ་ཐག་པའི་རང་བཞིན་དུ་ཡི་གེ་གསུམ་གྱིས་སོ། །གཞན་དུ་ན་ཕྱུགས་བཞིན་དུ་དངོས་གྲུབ་སྟེར་བར་མི་འགྱུར་བར་ཐལ་ལོ་ཞེས་པའི་དོན་ཏོ། །དངོས་གྲུབ་ཐ་མལ་ཇི་ལྟ་བུ། །ཞེས་དྲིས་པའི་ལན་ལ། མི་སྣང་བ་ལ་སོགས་པའི་བདུད་རྩི་ལ་སོགས་པ་གང་རྣམས་ཡིན་པ་དེ་ལྟར་རོ། །ཐ་མལ་པའི་དངོས་གྲུབ་ཅེས་བསྒྲགས་པ་ཡིན་ནོ། །དེ་བཞིན་མཆོག་ཀྱང་ཇི་ལྟ་བུ། །ཞེས་དྲིས་པའི་ལན་ལ། མཆོག་གི་དངོས་གྲུབ་ཅེས་གསུངས་ཏེ། གང་རྣམས་ཤེ་ན། སངས་རྒྱས་རྣམས་སོ། །ཇི་ལྟ་བུ་ཞེ་ན། གང་གི་ཕྱིར་སངས་རྒྱས་ཉིད་ཀྱི་སྒྲུབ་ཐབས་སོ། །དེ་ལ་ཐབས་ནི་རྣམ་པ་དུ། །ཞེས་པ་དྲིས་པའི་ལན་གསུངས་པ། རྣམ་པ་བཞི་སྟེ། ཚུལ་བཞིན་འདིའི་ཡིན་པ་ནི་ཐབས་རྣམ་བཞི་ཡིན་ཏེ། ཀུན་དུ་བཟང་པོ་ཐོབ་པའི་ལམ་མོ། །བྱང་ཆུབ་རྡོ་རྗེ་ཅན། རྡོ་རྗེ་འཛིན་པས་གསུངས་ཤིང་བརྗོད་པ་ཡིན་ནོ། །གང་དུ་ཞེ་ན། རྣལ་འབྱོར་གྱི་རྒྱུད་དུ་སྟེ་བྱ་བའི་རྒྱུད་རྣམས་སུ་ནི་མ་ཡིན་ནོ། །གང་རྣམས་ཀྱི་ཞེ་ན། རྣལ་འབྱོར་པ་རྣམས་ཏེ་སྒྲུབ་པ་པོ་རྣམས་ཀྱིའོ། །དེ་གང་ཡིན་ཞེ་ན། བསྙེན་པའི་ཆོ་ག་དང་པོ་སྟེ། །ཞེས་པ་ལ་སོགས་པའོ། །བསྙེན་པ་ནི་བཅུ་གཉིས་པར་བཤད་དོ། །བསྙེན་པའི་དམ་ཚིག་གི་རྣལ་འབྱོར་ནི་རྣམ་པ་གཉིས་སུ་རྟོགས་པར་བྱེད་དེ་ཐུན་མོང་མཆོག་གི་དབྱེ་བས་སོ། །གཅིག་ནི་ཐུན་མོང་པ་ཡིན་ལ་མཆོག་ཀྱང་ཡིན་ཏེ་དབྱེ་བའི་རྣམ་པས་སོ། །དེ་ཡང་རྣམ་པ་བཞི་ཡིན་ཏེ་ཚུལ་བཞིའོ། །རྣམ་པ་བཞི་པོ་གང་ཡིན་ཞེ་ན། གསུངས་པ། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །ཞེས་པ་ལ་སོགས་པ་རྡོ་རྗེ་བཞི་ཡིས་སོ། །དེ་ཅི་ཡིན་ཞེ་ན། ཐ་མལ་པ་སྟེ་ཐུན་མོང་གི་བསྙེན་པའོ། །མཆོག་ནི་མཆོག་ཡིན་ཏེ་ཡེ་ཤེས་ཀྱི་བདུད་རྩི་ཀུན་དུ་བཟང་པོ་ནུར་ནུར་པོའི་དངོས་པོས་སོ། །ཐུན་མོང་པའི་བསྙེན་པ་མདོར་བསྟན་པའི་རྡོ་རྗེ་བཞི་རྒྱས་པར་སྟོན་པ་ནི་དང་པོ་ཞེས་ཏེ།


DTG040_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཀྱི་མཚན་ཉིད་བཤད་པ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྒོམས་པ་སྟེ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པ་ནི་བསྙེན་པ་དང་པོའོ། །གཉིས་ནི་གཉིས་པ་སྟེ། ས་བོན་གྱིས་ཏེ། བཅུ་དྲུག་གི་ཆ་དང་ཚོགས་ལས་བྱུང་བའི་ཡེ་ཤེས་ཀྱི་ཟླ་བ་ལ་གནས་པ་ལ་སོགས་པ་དཔལ་མཆོག་དང་པོའི་སྙིང་པོ་ལས་བྱུང་བ་ནོར་བུ་དམར་པོ་དང་འདྲ་བའི་རྡོ་རྗེའི་ལྟེ་བ་ན་གནས་པ་དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་འགྲོ་བ་སངས་རྒྱས་སུ་བྱས་ནས་དེ་ཉིད་དུ་ཞུགས་པའི་རྗེས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་ནི་བསྡུས་པའོ། །གསུམ་ནི་གསུམ་པ་སྟེ། གཟུགས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ལྷའི་གཟུགས་གྲུབ་པ་སྟེ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་པའི་ང་རྒྱལ་གྱིས་དེ་མ་ཐག་ཏུའོ། །བཞི་པ་ནི་བཞི་པའི་བསྙེན་པ་ཡིན་ལ་མི་འགྱུར་བ་ནི་ཡི་གེ་ཡིན་ཏེ། ཆོས་ཀྱི་དབྱིངས་ཡིན་ལ་དེ་དགོད་པ་ནི་བྱིན་གྱིས་བརླབས་པ་སྟེ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པའོ། །འདི་ཉིད་ཀྱི་རྡོ་རྗེ་བཞི་རྣམས་ཀྱི་བསྙེན་པ་ནི་ཐུན་མོང་པའོ། །གང་ལ་ཞེ་ན། གསུངས་པ། སྒྲུབ་པ་ལ་སྟེ། བསྒྲུབ་བྱ་རྡོ་རྗེ་འཛིན་པ་ལའོ། །གཞན་དག་ནི། བཞི་པ་ཡི་གེ་དགོད་པའོ། །ཞེས་པ་མིག་ལ་སོགས་པ་རྣམས་ལ་ཀྵཾ་ཡིག་ལ་སོགས་པའི་ཡི་གེ་རྣམས་དགོད་པར་བརྗོད་དོ། །དེ་ཡང་ཉེ་བའི་སྒྲུབ་པ་སྟེ། བསྙེན་པ་མ་ཡིན་ནོ། །འདིས་ཟླ་བ་རྡོ་རྗེའི་རིམ་པ་རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པ་ལ་སོགས་པའི་རྒྱུད་དང་ཐུན་མོང་བར་བརྗོད་དོ། །གང་འཆད་པར་འགྱུར་བ། སྙིང་པོ་དེ་ནི་ཐུགས་ཀ་རུ། །ཟླ་བ་རྡོ་རྗེའི་སྦྱོར་བས་བལྟ། །ཞེས་པ་ལ་སོགས་པའོ། །ཁ་ཅིག་ནི་དཀྱིལ་འཁོར་པ་ཐམས་ཅད་དུས་གཅིག་ཉིད་དུ་བསྐྱེད་པ་ནི་ཆེན་པོའི་བསྙེན་པ་ཉིད་དེ། ཐུན་མོང་གི་བསྙེན་པའོ་ཞེས་སོ། །དཀྱིལ་འཁོར་རྒྱལ་མཆོག་ལ་སྙིང་གའི་ས་བོན་གྱིས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་རང་གི་ལུས་ལ་བཅུག་པ་ཞུ་བ་འདོན་པའི་ཆ་ནི་སྟོང་པ་ཉིད་བྱང་ཆུབ་པོ། །དེ་ཡོངས་སུ་གྱུར་ནས་རང་གི་ས་བོན་བསྒོམ་པ་ནི་ས་བོན་བསྡུས་པའོ། །ས་བོན་དེ་ཡོངས་སུ་གྱུར་པས་དཀྱིལ་


DTG040_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ཡོངས་སུ་རྫོགས་པ་ནི་གཟུགས་རྫོགས་པའོ། །དེ་ནས་རང་རང་གི་འབྱིན་པའི་སྔགས་བརྗོད་པས་ཕྱུང་ནས་ཕྱིའི་གཞལ་ཡས་ཁང་ན་གནས་པའི་རང་རང་གི་གདན་རྣམས་ལ་དགོད་པ་ནི་ཡི་གེ་དགོད་པའོ་ཞེས་རྡོ་རྗེ་བཞི་རྗོད་པར་བྱེད་དེ། འདི་ཡང་ཆེན་པོ་ཡིན་པའི་ཕྱིར་ཐུན་མོང་བ་མ་ཡིན་ནོ་ཞེས་གཞན་དག་གོ །རྣལ་འབྱོར་མ་ལུས་པར་བླ་ན་མེད་པ་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་བསྙེན་པ་ནི་ཡེ་ཤེས་ཀྱི་བདུད་རྩི་ཉིད་ཀྱིས་ཀུན་དུ་བཟང་པོ་ནུར་ནུར་པོའི་དངོས་པོ་ཉིད་དུ་བྱ་བ་སྟེ། བསྙེན་པ་ཡན་ལག་དྲུག་གིས་ནི། །ཞེས་པ་ལ་སོགས་པའོ། །བསྙེན་པ་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། ཉེ་བར་སྒྲུབ་པ་ལ་སོགས་པ་ལྷག་མ་རྣམས་ཀྱི་ཡང་ཡན་ལག་ཆུང་དུ་དང་འབྲིང་དང་ཆེན་པོའི་དབྱེ་བས་ཕྱེ་བ་རྣམས་བསྐྱེད་ནས་སོ་སོར་སྡུད་པ་ལ་སོགས་པའི་ཡན་ལག་དྲུག་བསྒོམས་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་མཆོག་བསྒྲུབ་པར་བྱའོ། །དེའི་སྒྲུབ་པ་ནི་རྒྱུ་ཡིན་ཏེ་གང་གི་ཕྱིར་བསྙེན་པ་འདི་ཉིད་ཡིན་པས་སོ། །གཞན་དུ་ན་ཞེས་པ་ནི་ལྡོག་པའོ། །ད་ནི་ཡན་ལག་དེ་རྣམས་ཉིད་རྟོགས་པར་བྱེད་པ་སོ་སོར་སྡུད་པ་དང་ཞེས་པ་ལ་སོགས་པའི་སྡུད་པའི་ཚིག་གི་བཤད་པ་གསུངས་པ། དབང་པོ་བཅུ་རྣམས་ནི་འདི་ལྟར་ཡིན་ཏེ། བདག་པོའི་དོན་ནི་དབང་པོའི་དོན་ཏོ། །དབང་པོའི་དོན་ཉེ་བ་ལས་སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེ་བས་ཕྱི་རོལ་གྱི་དོན་ལ་ཡང་དབང་པོ་ཞེས་བཤད་དོ། །གང་གི་ཚེ་ཡུལ་དང་དབང་པོ་རྣམས་ལ་ཐམས་ཅད་དུ་རང་གི་དང་གིས་འཇུག་ཅིང་གནས་པ་དེའི་ཚེ་སོ་སོར་སྡུད་པའོ། །འདི་སྐད་བརྗོད་པར་འགྱུར་ཏེ། སའི་སྙིང་པོ་ལ་སོགས་པའི་རང་བཞིན་མིག་ལ་སོགས་པ་ལྔ་པོ་རྣམས་གཟུགས་རྡོ་རྗེ་ལ་སོགས་པའི་རང་བཞིན་ལྔ་པོ་རྣམས་ལ་འདོད་པ་ལས་མ་འདས་པར་འཇུག་པ་ཡིན་ཏེ་མ་བཀག་པར་རོ། །སོ་སོར་སྡུད་པ་སྟེ། དེ་དང་དེ་རྣམ་པར་དག་པས་བདག་ཉིད་ཀྱི་དབང་དུ་བྱས་པ་སྟེ། ཀུན་ལས་སོ་སོར་སྡུད་པའོ། །འདི་ཉིད་ཀྱི་ཕྱིར་སོ་སོར་འདོད་པ་རྣམས་ལེན་པའོ། །བསམ་གཏན་སྟོན་པར་བྱེད་དེ། འདོད་པ་ལྔ་རྣམས་མདོར་བསྡུས་ནས། །སངས་རྒྱས་ལྔ་རྣམས་ཡིན་ཏེ་རྣམ་པར་སྣང་མཛད་


DTG040_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་སྦྱོར་བ་ལས་ཞེས་པ་ནི་རིགས་ཇི་ལྟ་བར་རྣམ་པར་དག་བ་སྟེ། བརྟགས་པ་ནི་རྣམ་པར་གཞག་པ་ཡིན་ལ་བསམ་གཏན་ནི་རྣམ་པར་མི་གཡེང་བར་བརྗོད་དོ། །བསམ་གཏན་དེ་ནི་རྣམ་པ་ལྔ་སྟེ། རྟོག་པ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔར་འགྱུར་རོ། །རྣལ་འབྱོར་རྒྱུད་ནི་ཐམས་ཅད་དུ། །ཞེས་པ་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྣམས་སོ། །རྣམ་པ་དུ་མར་རྣམ་པར་མི་གཡེང་བའི་རྒྱུ་རྣམས་སུ་བརྗོད་མ་ཐག་པ་རྣམས་སུ་ཡོངས་སུ་བསྒྲགས་པ་ཡིན་ནོ། །རྟོག་པ་ལ་སོགས་པ་དེ་རྣམས་ཉིད་བཤད་པར་བྱའོ། །གསང་བ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྣམས་ཡིན་ཞིང་དེ་རྣམས་ལས་བྱུང་བ་ནི་འདིའི་རྟོག་པ་ཡིན་ནོ་ཞེས་གསང་བ་གསུམ་ལས་བྱུང་བ་ཡིན་ལ་རྟོག་པ་ནི་རྣམ་པར་རྟོག་པ་ཡིན་ཏེ། གཟུགས་ལ་སོགས་པ་རྣམ་པར་དག་པའི་སྒོ་ནས་རྟོག་པ་ནི་བསམ་གཏན་དང་པོའོ། །དཔྱོད་པ་ནི་རྣམ་པར་རྟོག་པ་མཐའ་དག་མེད་པ་སྟེ། རབ་ཏུ་ཞི་བ་ཡིན་ལ་དེའི་ལོངས་སྤྱོད་པ་ནི་བདག་ཉིད་ཀྱི་དབང་དུ་བྱེད་པ་དེའི་དངོས་པོ་ཡིན་ཏེ་གཉིས་པའོ། །རྣམ་པར་རྟོག་དང་དཔྱོད་པ་དག །རྒྱ་ཆེ་བ་དང་ཕྲ་བས་སོ། །ཞེས་ཆོས་མངོན་པའི་ལུང་ལས་སོ། །རྣམ་པར་རྟོག་པ་མཐའ་དག་མེད་པའི་རབ་ཏུ་ཞི་བའི་དོན་ལ་ཟག་པ་མེད་པའི་དགའ་བ་ནི་གསུམ་པའོ། །བཞི་པ་ནི་དེའི་མཚན་ཉིད་ཀྱི་བདེ་བ་རྣམས་བསྡུས་པའི་ངོ་བོའོ། །རང་སེམས་ལྔ་པར་ཤེས་པར་བྱ་བ་ནི་བརྟགས་པའི་རྣམ་པའི་ཤེས་པ་དང་ཤེས་བྱ་དག་བྱུང་བ་ཟད་པ་ལས་སོ་སོར་རང་གིས་རིག་པའོ། །མི་ཟད་པ་ཞེས་པའི་ཚིག་ལ་ནི་བརྟགས་པའི་ཤེས་པ་དང་ཤེས་བྱ་དག་བྱུང་བ་དེ་མེད་པས་རང་བཞིན་གྱིས་འོད་གསལ་བ་དང་གཉིས་དང་བྲལ་བའི་སེམས་རྒྱུན་དུ་འབྱུང་བས་མི་ཟད་པ་ཡིན་ཏེ་བསམ་གཏན་ལྔ་པར་བརྗོད་དོ། །འདི་རྣམས་ནི་བསམ་གཏན་ལྔར་བསྡུས་པའོ། །སྲོག་དང་རྩོལ་བ་འཆད་པ་ནི་སངས་རྒྱས་ཀུན་གྱི་རང་བཞིན་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ན་ཞི་བ་ཡིན་ལ་འདོད་པ་ཐམས་ཅད་ལ་རབ་ཏུ་གནས་པའོ། །ཡེ་ཤེས་ལྔའི་རང་བཞིན་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དབུགས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཡིད་དོ། །ས་ལ་སོགས་པའི་


DTG040_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྔའི་རང་བཞིན་ཡིན་ཏེ་ཕྱུང་བ་ནི་དེ་བཞིན་གཤེགས་པ་ཞུགས་པ་ལ་སོགས་པ་སྔོན་དུ་འགྲོ་བའི་གསང་བའི་རྡོ་རྗེས་སོ། །གོང་བུའི་གཟུགས་ནི་གཅིག་ཏུ་བྱས་པ་སྟེ། སྣའི་རྩེ་མོ་ནི་རང་འོད་ཀྱི་རིག་མའི་ཆོས་འབྱུང་གིའོ། །གནས་ཙམ་གྱི་རྡོ་རྗེའི་ལྟེ་བར་ཁ་དོག་ལྔའི་རིན་པོ་ཆེ་བྱང་ཆུབ་ཀྱི་སེམས་ཡུངས་ཀར་གྱི་ཚད་ཙམ་མོ། །དེའི་དབུས་སུ་རང་འདོད་པའི་ལྷའི་དཀྱིལ་འཁོར་བརྟག་པར་བྱ་ཞིང་བསྒོམ་པར་བྱའོ། །དེ་ལ་སྲོག་དང་རྩོལ་བ་ཞེས་བཤད་དོ། །དེ་བརྗོད་པ། ཡང་ན། རང་གི་མཚན་མ་ཕྲ་མོ་ནི། །ཞེས་པ་ལ་སོགས་པའོ། །འཛིན་པ་སྟོན་ཏེ་རང་གི་སྔགས་ནི་རང་གི་ས་བོན་ནོ། །སྙིང་གར་ཞེས་པ་ནི་ཡེ་ཤེས་སེམས་དཔའི་ཕྱག་མཚན་གྱི་དབུས་སུའོ། །ཙན་ཀའི་རུས་པའི་ཚད་ཙམ་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་བསམས་ནས་སོ། །སྲོག་ནི་འདོད་པའི་ལྷའི་ངོ་བོ་སྟེ་ཡིད་དོ། །དེའི་དབུས་སུ་རྣམ་པར་རྟོག་པ་ཕྱིར་མ་འཕྲོས་པར་བསྒོམ་པར་བྱ་སྟེ་གཞག་པར་བྱའོ། །དགག་པ་ནི་མི་གཡོ་བ་ཡིན་ཏེ་ཕྱིའི་རྒྱུ་བ་དང་བྲལ་བའི་ཕྱིར་རོ། །རང་གི་དང་པོ་ནི་རང་གི་སེམས་ཡིན་ཞིང་དེ་ཉིད་རིན་པོ་ཆེ་ཡིན་ཏེ་དེ་གཟུང་བ་ནི་འཛིན་པའོ། །དེ་བརྗོད་པ། གསང་སྔགས་དམ་པ་ཐིག་ལེའི་གཟུགས་སུ་ནི། །རང་ཡིད་འོང་དང་ལྡན་པར་ཡོངས་སུ་བསྒོམ། །སེམས་དེ་འོད་ཟེར་ཞེས་པ་ལ་སོགས་པའོ། །འགོག་པ་ནི་མི་གཡོ་བའི་དངོས་པོ་སྟེ། རྡོ་རྗེ་ནི་མི་ཕྱེད་པ་ཡིན་ལ་གྱུར་པ་ནི་སེམས་སུའོ། །བརྟན་པ་ལས་མཚན་མ་ཡང་དག་པར་འཛིན་པ་སྐྱེ་བར་འགྱུར་རོ། །མཚན་མ་དུ་རྣམས་ཡིན་ཞིང་རྣམ་པ་ཇི་ལྟ་བུ་ཞེ་ན། གསུངས་པ། དང་པོར་སྨིག་རྒྱུའི་རྣམ་པ་ལྟ་བུ་སྟེ། གཉིས་པ་ནི་དུ་བའི་རྩེ་མོ་ལྟ་བུའི་རྣམ་པ་ཡིན་ལ་གསུམ་པ་ནི་མཁའ་སྣང་ལྟ་བུ་ཡིན་ཞིང་བཞི་པ་ནི་མར་མེ་འབར་བའི་རྣམ་པ་ཡིན་ལ། ལྔ་པ་ནི་རྟག་ཏུ་སྣང་བ་ཡིན་ཏེ། འོད་གསལ་བ་ཡིན་པའི་ཕྱིར་སྤྲིན་མེད་ནམ་མཁའ་དང་འདྲ་བའོ། །ཕྲ་མོའི་རྣལ་འབྱོར་ལ་གང་གི་ཚེ་བརྟན་པར་གྱུར་པ་དེའི་ཚེ་སྤྲོ་བར་བྱའོ། །ཁ་ཅིག་ནི་ཐིག་ལེ་ཡང་ངོ་ཞེས་སོ། །ནམ་མཁའི་ཁམས་རྣམས་སུ་ཞེས་པ་ནི་ནམ་མཁའི་དབྱིངས་རྣམས་སུ་སྟེ། མངོན་པར་ཁྱབ་པའོ། །རྡོ་རྗེའི་ལམ་ནས་དེ་བཞིན་གཤེགས་པའི་


DTG040_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་སམ། ཕྱག་མཚན་རྣམ་པ་སྣ་ཚོགས་པ་སྤྲོ་བར་བྱའོ། །དེ་བརྗོད་པ། མཚན་མ་བརྟན་པོ་མཐོང་ནས་སྤྲོ་བ་ནི། །འོད་ཟེར་དེ་ཡིས་སྤྲུལ་པའི་ཐུབ་དབང་དང༌། །ཞེས་པ་ལ་སོགས་པའོ། །རྗེས་སུ་དྲན་པ་གསུངས་པ། ལྷ་གང་གི་གཟུགས་བསྒོམས་ནས་དེ་རྗེས་སུ་དྲན་པས་དེའི་རྣམ་པ་སྤྲོ་བར་བྱ་སྟེ་དེ་རྗེས་སུ་དྲན་པ་ཞེས་ཤེས་པར་བྱའོ། །དེ་ལ་དེའི་སྣང་བ་སྟེ་རབ་ཏུ་རྟོགས་པ་སྐྱེ་བར་འགྱུར་རོ། །ཏིང་ངེ་འཛིན་འཆད་པ་ནི་ཤེས་རབ་དང་ཐབས་དག་སྙོམས་པར་འཇུག་པ་སྟེ་གཅིག་ཏུ་བྱས་པའོ། །དེས་དེའི་རང་བཞིན་གྱི་དངོས་པོ་ཐམས་ཅད་དེ་ཡང་དག་པར་བསྡུས་ནས་གོང་བུའི་ཚུལ་གྱིས་གཅིག་ཏུ་གྱུར་པའི་དངོས་པོའི་ལྷའི་གཟུགས་ཀྱི་དབུས་སུ་བསྒོམ་པར་བྱའོ་ཞེས་པ་ནི་ལྷག་མའོ། །ཡུད་ཙམ་ནི་མྱུར་བ་དང་བཅས་པའོ། །ཡེ་ཤེས་ཀྱིས་རྫོགས་པ་ཡིན་ཏེ་གཏོང་བར་བྱེད་པའི་ཏིང་ངེ་འཛིན་ཡིན་ལ་དེ་ཉིད་ཀྱི་མིང་ཅན་ནོ། །ཡན་ལག་དྲུག་གི་ཕན་ཡོན་གསུངས་པ་ནི། སོ་སོར་སྡུད་ལ་སྙོམས་འཇུག་ན། །ཞེས་པ་ལ་སོགས་པ་སྟེ་དེ་ཡང་གོ་སླའོ། །གཞན་དག་ནི་ཡང་མཆོག་གི་བསྙེན་པ་ཉིད་གཉིས་ཡིན་ཏེ་ཡེ་ཤེས་ཀྱི་བདུད་རྩི་དང་ཡན་ལག་དྲུག་གི་སྦྱོར་བས་སོ་ཞེས་འཆད་དོ། །དེ་མ་ཡིན་ནོ་ཞེས་གཞན་དག་སྟེ། གང་གི་ཕྱིར་སོ་སོར་སྡུད་པ་ལ་སོགས་པའི་ཡན་ལག་དྲུག་པོ་ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་དུ་འདུས་པས་དེའི་ཕྱིར་བསྙེན་པ་མ་ཡིན་ནོ། །དེའི་ཕྱིར། བསྙེན་པ་ཡན་ལག་དྲུག་སྦྱོར་བས། །ཞེས་པ་ནི་ཉེ་བར་མཚོན་པ་ཡིན་པ་ཉིད་ཀྱི་ཕྱིར་ཆུང་ངུ་དང་འབྲིང་དང་ཆེན་པོའི་བསྙེན་པ་ལ་སོགས་པ་ཡན་ལག་བཞི་པོ་གང་ཡིན་པ་ཡང་བསྐྱེད་ནས་ཕྲ་མོ་དང་ཐིག་ལེས་ཀྱང་མཚན་མ་ཐོབ་པར་བྱ་སྟེ། ཕྱི་ནས་རྗེས་སུ་དྲན་པ་ལ་སོགས་པ་བསྒོམས་པ་ན་ཇི་སྐད་བརྗོད་པའི་དཀྱིལ་འཁོར་ལ་གནས་ཏེ་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱའོ། །གཞན་དུ་ན་འགྲུབ་པར་མི་འགྱུར་རོ་ཞེས་བཤད་པ་འདི་ཉིད་མཛེས་སོ། །དེ་བརྗོད་པ། ཉིན་རེ་ཞིང་ནི་ཐུན་བཞི་རུ། །ཏིང་འཛིན་གསུམ་གྱི་སྦྱོར་ལྡན་པར། །གྱུར་པས་དངོས་གྲུབ་བསྒྲུབ་པར་བྱ། །ཐུན་མོང་དངོས་གྲུབ་ཅིག་ཤོས་སོ། །ཞེས་སོ། །ད་ནི་ཐུན་མོང་གི་བསྙེན་པ་རྡོ་རྗེ་བཞི་པོ་བརྗོད་པ་ཉིད་


DTG040_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བྱེད་པ་ནི་སེམས་དེ་ཉིད་ནི་ཞེས་ཏེ་རྣམ་པར་ཐར་པའི་སྒོ་གསུམ་གྱི་བདག་ཉིད་དུ་རབ་ཏུ་རྟོགས་པའི་སེམས་ནི་དེའི་ཡེ་ཤེས་སོ། །སྙིང་གར་ཞེས་པ་ནི་དཀྱིལ་འཁོར་འདིའི་དབུས་སུ་ཡིན་པར་བལྟ་བར་བྱ་སྟེ། རང་གི་སྙིང་གར་ནི་མ་ཡིན་ནོ། །མཚོན་ནས་ཟླ་བ་རྡོ་རྗེའི་སྦྱོར་བ་ཡིས། །ཞེས་པ་ནི་གཞལ་ཡས་ཁང་གི་དབུས་ན་གནས་པའི་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཆ་བཅུ་དྲུག་པ་དང་ཚོགས་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་གང་བའོ། །དེའི་སྟེང་དུ་དཔལ་མཆོག་དང་པོའི་སྙིང་པོ་ལས་བྱུང་བ་ནོར་བུ་དམར་པོ་དང་འདྲ་བ་སྟེང་དུ་གནས་པའི་རྩེ་མོ་ལྔ་གཉིས་ཅན་ལྟེ་བར་ཧཱུཾ་ཡིག་དང་ལྡན་པའི་རྡོ་རྗེའོ། །དེ་དག་གི་རབ་ཏུ་སྦྱོར་བ་སྟེ་དེ་དག་གི་རྣམ་པས་སོ། །མཚོན་ཆ་མཆོག་སྟེ། འོད་ཟེར་གྱི་ཚོགས་ཀྱིས་དེ་བཞིན་གཤེགས་པ་རྣམས་དྲངས་པའོ། །སེམས་ནི་འགྲོ་བའི་རང་བཞིན་ཡིན་ཏེ་ཁམས་གསུམ་ནི་སེམས་ཅན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་རྡོ་རྗེའི་ལྟེ་བ་ལ་གནས་པའི་སྔགས་ལ་ཞུགས་ནས་དེའི་རང་བཞིན་དུ་བྱས་ནས་ཐ་དད་པར་སྒྲོ་འདོགས་པར་གསལ་བའི་ཆེད་དུ་བྱང་ཆུབ་ཀྱི་ཚིགས་སུ་བཅད་པ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་ལྔའི་རྣམ་པའི་བདག་ཉིད་ཡིན་པར་སྨོས་ཤིང་བརྗོད་པར་བྱའོ། །དེ་ཉིད་གསུངས་པ། སྔགས་ཞེས་པ་ལ་སོགས་པ། སྔགས་ཀྱི་བདག་ཉིད་ཀྱི་གཟུགས་ནི་རྡོ་རྗེ་སྟེ། དེའི་སྦྱོར་བས་བྱང་ཆུབ་ཀྱི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེ་བརྗོད་པ། དཔལ་མཆོག་དང་པོའི་སྙིང་པོ་ལས་བྱུང་བ། ཞེས་པ་ལ་སོགས་པའོ། །གཞན་དག་ནི་རང་གི་སྙིང་ག་ཉིད་ཀྱི་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཐུགས་རྡོ་རྗེ་ཡིན་པ་ནི་ཟླ་བ་རྡོ་རྗེའི་སྦྱོར་བ་ཞེས་འཆད་དེ། གསུང་དང་སྐུ་དག་ནི་གསུང་དང་སྐུ་རྡོ་རྗེ་དག་སྟེ། བྱང་ཆུབ་ཀྱི་ཚིགས་བཅད་ནི། རྡོ་རྗེ་འཛིན་ཐུགས་དཔལ་དང་ལྡན། །ཞེས་པ་ལ་སོགས་པ་སྦྱོར་བར་བྱེད་དོ། །དེའི་རྗེས་ལ་རང་གི་དཀྱིལ་འཁོར་ལ་ཡང་དག་པར་གནས་པའི་དབུས་སུ་གྱུར་པར་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ། །གང་རྣམས་ཀྱི་ཞེ་ན། ཆོ་ག་སྟེ་མངོན་པར་རྟོགས་པའི་ཡང་དག་པར་སྦྱོར་བའི་ཆོ་ག་བསྒོམས་པ་རྣམས་ཀྱིས་སོ། །དེ་ཉིད་སེམས་ཡིན་ཏེ།


DTG040_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་རང་བཞིན་ཀྵིཾ་ཡིག་ལ་སོགས་པས་གྲུབ་པའི་སའི་སྙིང་པོ་ལ་སོགས་པའི་གཟུགས་ཀྱིས་སོ། །བསྒོམ་པ་ནི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་སྟེ། དངོས་ཀྱི་ཉེ་བར་བསྒྲུབ་པའོ། །གཞན་དག་ནི་སྒྲུབ་པ་ཉིད་ཡིན་ནོ་ཞེས་སོ། །ད་ནི་མཚན་མ་ཐོབ་ཅིང་བཟླས་བ་རྫོགས་པའི་རིག་པའི་བརྟུལ་ཞུགས་ཅན་གྱིས་ཟླ་བ་དྲུག་གིས་གལ་ཏེ་མ་གྲུབ་ན་དེའི་ཚེ་དེས་སླར་ཡང་ཅི་ཉམས་སུ་བླང་ཞེ་ན། །གསུངས་པ། མཐོང་བ་ཞེས་ཏེ་རྣལ་འབྱོར་པའི་ཤེས་པ་ལ་གསལ་བ་ཉིད་དོ། །དེ་ཡང་ཇི་སྲིད་དུ་གཉིས་སུ་འགྱུར་བ་དེ་སྲིད་དུ་ཟླ་བ་དྲུག་ཏུ་བསྒོམ་པར་བྱའོ། །ཅི་ལུས་དཀའ་བ་ལ་སོགས་པའི་རྣམ་པར་གཡང་བ་དེ་བྱའམ་ཞེས་འདོད་པ་ཀུན་ལ་ལོངས་སྤྱོད་པས་ཞེས་སོ། །གལ་ཏེ་ཇི་སྐད་དུ་བརྗོད་པ་མཐོང་བ་ཟླ་བ་དྲུག་གིས་མི་སྐྱེན་དེའི་ཚེ་ན་ཇི་སྲིད་དུ་ལན་གསུམ་དུ་མི་སྐྱོ་བ་ཉིད་དུ་བརྩམ་པར་བྱའོ། །གང་རྣམས་ཀྱིས་ཤེ་ན། ཇི་སྐད་དུ་བརྗོད་པ་སྡོམ་པའི་ཆོ་ག་རྣམས་ཀྱིས་སོ། །འདི་ལྟར་བྱས་ཀྱང་གལ་ཏེ་སྒྲུབ་པ་པོ་ལ་མཐོང་བ་སྐྱེ་བར་མི་འགྱུར་ཏེ་བྱང་ཆུབ་མ་གྲུབ་ན་དེའི་ཚེ་དྲག་ཤུལ་གྱི་སྒྲུབ་པས་བསྒྲུབ་པར་བྱའོ། །ཅི་སྟེ་རང་གི་སེམས་མ་རྟོགས་པའི་བྱང་ཆུབ་ཞེས་པ་ནི་ཅུང་ཟད་ཀྱང་མེད་ན་དེ་ལྟར་དྲག་ཤུལ་གྱིས་བསྒྲུབ་ཞེ་ན། བརྗོད་པར་བྱ་སྟེ། ཐ་མི་དད་པ་བདེན་ཡང་ཐོས་པ་ཉུང་བ་ཁ་ཅིག་རང་གི་རིག་པ་ལས་གཞན་པའི་བྱང་ཆུབ་ཡོད་པར་སེམས་པས་སྒོམ་པ་བྱེད་དུ་འཇུག་སྟེ། དེའི་སེམས་རྣམ་པར་དག་པའི་རྒྱུ་རུ་འདི་ཡིན་ཏེ་ཐ་མི་དད་པའི་བགེགས་བསྐྲད་པ་དང་འདྲ་བའི་ཕྱིར་ཉེས་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། སྒྲུབ་པ་པོ་དེའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དངོས་གྲུབ་དེའི་ཚེ་རབ་ཀྱི་མཐར་ཕྱིན་པར་འབྱུང་བར་འགྱུར་རོ། །ད་ནི་བསམ་གཏན་ལས་སྐྱེས་པའི་དྲག་པོའི་བསྒྲུབ་པའི་ཆོ་ག་གསུངས་པ། རིགས་ཀྱི་དབྱེ་བའི་སྦྱོར་བས་རྡོ་རྗེའི་ཕུར་བུས་ལེའུ་བཅུ་བཞི་པར་བརྗོད་པའི་གནས་སུ་ཕུར་པ་གདབ་སྟེ། མི་གཡོ་བར་བྱའོ། །དེ་ནས་ཞེས་པ་ནི་དྲག་པོའི་དེ་མ་ཐག་ཏུའོ། །དབང་དུ་བྱ་བ་དང་བསྲུང་བ་སྟེ། རང་གི་སེམས་ལ་སྣང་བའི་ལྷའི་གཟུགས་སུ་བྱའོ། །ཅི་ལྟར་ཞེ་ན། སྦྱོར་བའི་ས་དེ་གསུངས་པའི་མཚན་ཉིད་ཀྱིས་སོ། །དྲག་པོའི་སྒྲུབ་པ་བསྟན་ནས། ཡང་མངོན་པར་རྟོགས་པའི་


DTG040_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་སྟོན་པར་བྱེད་དེ། འདོད་ཆགས་ཆེན་པོའི་ཚུལ་ཉིད་ནི་ལེའུ་དང་པོར་བཤད་པའི་ཏིང་ངེ་འཛིན་གྱིས་སོ། །བསྡུ་བ་ནི་དེ་བཞིན་གཤེགས་པ་རྣམས་ཏེ་བདག་ཉིད་ལ་བཅུག་ནས་སོ། །འཁོར་ལོ་ཅན་ནི་དཀྱིལ་འཁོར་གྱི་འཁོར་ལོའོ། །བཙུན་མོ་སྤྲོ་བ་ནི་ལྷ་མོ་སྤྲོ་བའོ། །དགུ་ནི་རྣམ་པ་དགུ་ཡིན་ལ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་བོར་བ་ཡིན་ཏེ། དེ་མཆོག་ཏུ་དགའ་བ་བསྐྱེད་པའི་ཡན་ལག་ཡིན་པའི་ཕྱིར་རོ། །རང་གི་བསྒྲུབ་པར་བྱ་བ་རང་འོད་ཀྱི་ཤེས་རབ་ཀྱི་ལུས་པོ་ལ་གཞུག་པར་བྱའོ། །ཅི་བྱས་ནས་ཤེ་ན། གསུངས་པ། དེ་རྣམས་ཡོངས་སུ་གྱུར་པ་སྟེ། བུད་མེད་ཀྱི་གཟུགས་སུ་གྱུར་པ་རྣམས་སོ། །དེ་བརྗོད་པ། ཕྱུང་ནས་རིག་མ་དེ་དག་ཐམས་ཅད་ནི། །གཉུག་མའི་རིག་པའི་ནང་དུ་ཆུད་པར་བྱ། །ཞེས་སོ། །ད་ནི་ཆོས་ཀྱི་དབྱིངས་ནུར་ནུར་པོར་གྱུར་པ་ལ་མཱ་མ་ཀཱི་ལ་སོགས་པས་བསྐུལ་བ་ལས་བཞེངས་པ་གསུངས་པ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་ནི་ཆོས་ཀྱི་དབྱིངས་ཀྱི་འོད་ཟེར་གྱིས་བསྐུལ་བའི་དེ་བཞིན་གཤེགས་པའི་འོད་ཟེར་ལས་བྱུང་བའི་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་རྣམ་པར་དག་པའི་ངོ་བོ་མཱ་མ་ཀཱི་ལ་སོགས་པའི་ལྷ་མོ་བཞི་པོ་ནི་ཕྱག་རྒྱ་བཞི་ཡིན་ལ། དཀྱིལ་འཁོར་ནི་རང་རང་གི་ཕྱོགས་ན་གནས་པ་སྟེ་དེ་རྣམས་ཀྱིས་སོ། །དཀྱིལ་འཁོར་གྱི་དབུས་དེར་བརྟག་པར་བྱའོ། །བདག་ཉིད་ཅེས་པ་ནི་བདག་ཉིད་དེ་ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་ནང་དུ་ཆུད་པར་བྱས་ནས་སོ། །གང་རྣམས་ཀྱི་ཞེ་ན། སྤྱན་ལ་སོགས་པ་རྣམས་ཀྱིའོ། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། །ཞེས་པ་ནི་སྔར་གྱི་ཞུ་བའི་གནས་སྐབས་སོ། །རང་གི་སེམས་དྲི་ཟའི་སེམས་ཅན་གྱི་ངོ་བོའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་རང་གི་ཞལ་ནས་བཅུག་སྟེ། རྡོ་རྗེ་ནས་བྱུང་ནས་ཆོས་ཀྱི་འབྱུང་གནས་སུ་ཧོཿ་ཡིག་གཉིས་ཀྱི་ནང་དུ་ཆུད་པའི་ཡི་གེ་གསུམ་དུ་འགྱུར་རོ། །དེ་ནས་ཡི་གེ་ལྔ་པོ་དེ་དག་ཐམས་ཅད་དང་རིག་མ་དང་བཅས་པའི་རྡོ་རྗེ་སེམས་དཔའ་རྡོ་རྗེའི་རང་བཞིན་དུ་བྱས་ནས་ཏེ། ཟླ་བ་ཞུ་བའི་བདག་ཉིད་དུ་བསྐྱེད་ནས་དེ་ནས་བྱང་ཆུབ་ཀྱི་བདག་ཉིད་ཀྱི་ལུས་བསྒོམ་པར་བྱའོ། །ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པ་ལས་འདོད་པའི་ལྷའི་གཟུགས་སུ་བསྒོམ་པར་བྱའོ། །གང་


DTG040_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྗེས་ལ་ཞེ་ན། བསྐུལ་བའི་གླུ་དབྱངས་བཞི་ཡིས་ལྷ་མོ་སྤྱན་ལ་སོགས་པ་བསྐུལ་བ་ནའོ། །གང་ལ་ཞེ་ན། སྙིང་ལ་སྟེ་ཆོས་ཀྱི་དབྱིངས་ལའོ། །དུས་གསུམ་རྡོ་རྗེའི་རང་བཞིན་ནི་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་ནོ། །ཡེ་ཤེས་ལྟ་བུ་ནི་བེམས་པོ་མ་ཡིན་པའི་ངོ་བོས་སོ། །ལུས་ནི་བརྗོད་མ་ཐག་པའི་བསྒོམ་པའོ། །དེ་བརྗོད་པ་ཞལ་དུ་ཞུགས་ནས་ཞེས་པ་ནས་བརྩམས་ཏེ། ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པ་ལ་ཐུག་པ་སྟེ་མཆོག་གི་བསྙེན་པ་བཤད་དོ། །ལས་ཀྱི་རྗེས་སུ་མཐུན་པས་ཁ་དོག་གི་དབྱེ་བར་འགྱུར་རོ་ཞེས་གསུངས་པ། དྲེགས་པ་སྟེ་ཞེ་སྡང་ལ་སོགས་པའི་བསམ་པའི་ངོ་བོས་སོ། །ཁ་དོག་ནི་སྔོན་པོ་ལ་སོགས་པའི་དབྱེ་བས་སོ། །ཉམས་ནི་ཁྲོ་བོ་ལ་སོགས་པའི་ཉམས་ཀྱིས་ཏེ། ཕྱི་དང་ནང་ཡང་ཁྲོ་བོ་ལ་སོགས་པར་མངོན་པར་འགྱུར་རོ་ཞེས་པའི་དོན་ཏོ། །ནང་ནི་བསིལ་བ་ཉིད་ཡིན་ལ། ཕྱི་རོལ་འབར་བའི་བདག་ཉིད་ཡིན་ནོ་ཞེས་པ་ནི་མ་ཡིན་ནོ། །རང་གི་རྒྱུའི་བདག་ཉིད་རིགས་ཀྱི་བདག་པོ་མགོ་བོ་ལ་གནས་པ་ཉིད་ཀྱིས་རྒྱུ་མ་ཡིན་པ་རྣམས་ལས་འབྱེད་དོ། །རང་གི་རིགས་ཀྱི་བདག་པོའི་གཞིའི་དཀྱིལ་འཁོར་གྱི་འབྲས་བུ་སྟེ། རིགས་ཅན་ཕྱེ་བས་བདག་པོར་འགྱུར་རོ། །གཞི་ཡང་དེའི་ཁ་དོག་གི་ཁྱད་པར་གྱིས་སོ། །སྔགས་ཀྱིས་ཏེ་ཞི་བ་ལ་སོགས་པའི་ངོ་བོས་སོ། །ཆོས་ནི་ཆུ་ལ་སོགས་པའི་དཀྱིལ་འཁོར་གྱི་ངོ་བོའི་གདན་ཏེ། ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་འབྱེད་དོ། །རིག་པ་འང་ཆོས་ཀྱི་ཕྱག་རྒྱས་སོ། །ཞེས་པ་ནི་སྔགས་ཉིད་རིག་པའོ། །དེ་ཡང་ཆོས་ཀྱི་ཕྱག་རྒྱའི་ལས་ཀྱི་དབྱེ་བས་ཡིན་ཏེ། ནང་དུ་གཞུག་པ་ལ་སོགས་པས་ཕྱེ་བས་སོ་ཞེས་པའི་དོན་ཏོ། །གཞན་དག་ནི་སྔགས་ཀྱིས་ཏེ། རང་གི་ས་བོན་ཉིད་ཀྱིས་རང་འོད་ཀྱི་རིག་མ་ཕྱེ་སྟེ། སྒྲུབ་པར་བྱེད་པ་ཡིན་ལ་རིག་པ་ནི་རང་གི་འོད་ཡིན་ལ་དེ་ཡང་ཆོས་ཀྱི་ཕྱག་རྒྱ་སྟེ་སྙིང་ག་ན་གནས་པའི་ཤེས་རབ་གཙོ་བོར་གྱུར་པས་ཐབས་ལས་འབྱེད་དོ་ཞེས་འཆད་དོ། །དཀྱིལ་འཁོར་པ་རྣམས་ལ་ཐ་སྙད་ཀྱི་དོན་དུ་མིང་གཞན་གསུངས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དྲུག་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཡིན་ཏེ། གཙུག་ཏོར་རྣམས་ཞེས་གྲགས་པ་ཡིན་ནོ། །རིག་པའི་རྒྱལ་མོ་ཞེས་བྱར་


DTG040_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ཡིན་ལ་ལོངས་སྤྱོད་བཞི་ནི་སྤྱན་ལ་སོགས་པ་ཡིན་ཏེ། དེ་རྣམས་ཀྱང་རྫུ་འཕྲུལ་ཆེན་མོའོ། །འདོད་པ་ཐམས་ཅད་དེ། །གཟུགས་རྡོ་རྗེ་ལ་སོགས་པ་རྣམས་དེ་བཞིན་དུ་རྡོ་རྗེའི་བདག་པོ་ཞེས་ཤེས་པར་བྱའོ། །རྒྱུད་གཞན་དུ་བརྗོད་པའི་ཤིང་ལ་སོགས་པས་དབང་བསྐུར་བ་དགག་པ་གསུངས་པ། བསམ་གཏན་རྡོ་རྗེས་ནི་དབྱེར་མི་ཕྱེད་པའི་བསམ་གཏན་ཉིད་ཀྱིས་ཏེ། བརྗོད་མ་ཐག་པ་ཐམས་ཅད་ལ་དབང་བསྐུར་བ་ནི་རབ་ཏུ་བསྔགས་སོ། །དབང་བསྐུར་བ་ལ་ཐུག་པ་འདིས་ཇི་ལྟར་འདོད་པའི་སྐུ་ལ་སོགས་པའི་ལྷའི་ལུས་རྣམ་པར་བསྒོམས་ནས་ཤེས་རབ་དང་ལྷན་ཅིག་ཏུ་གཉིས་སུ་མེད་པར་བྱའོ། །བྱང་ཆུབ་སྦྱོར་བ་འདི་ཡིས་ནི། །ཞེས་པ་ལ་སོགས་པས་སྟོན་ཏེ། ཡེ་ཤེས་ནི་རིག་མ་ཡིན་ལ་དེ་དང་ལྷན་ཅིག་པའི་ལུས་ནི་ཕྱི་རོལ་མ་ཡིན་པ་ཉིད་ཀྱིས་སྙོམས་པར་འཇུག་པར་བྱའོ་ཞེས་པ་ནི་ལྷག་མའོ། །དེ་ཉིད་ཀྱི་ཕྱིར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །གཉིས་སུ་མེད་པར་བྱེད་པར་བསྒྲུབ་པ་ནི་གཉིས་སུ་མེད་པར་འགྱུར་བ་ཡིན་ཏེ། རིག་པ་དང་ལྷན་ཅིག་གཅིག་ཏུ་བྱས་པས་སོ། །སྒྲུབ་པ་ནི་བདེ་བ་ཆེན་པོའི་བདག་ཉིད་ཀྱི་བྱང་ཆུབ་པའིའོ། །འདི་ལྟར་སྔར་བརྗོད་པའི་རྗེས་སུ་འབྲངས་ནས་རིག་པའི་སྐྱེས་བུ་རྡོ་རྗེ་ཅན་དུ་དང་པོར་བདག་བསྐྱེད་ནས་རྗེས་སུ་ཆགས་པ་ལ་ཐུག་པ་དང་ཕྱི་ནས་བདག་ཉིད་དང་འདྲ་བ་སྟེ་མཚུངས་པ་རིག་པའི་སྐྱེས་བུའི་བདག་ཉིད་ཀྱི་དཀྱིལ་འཁོར་ཏེ། རང་གི་དཀྱིལ་འཁོར་བ་རྣམས་བྱུང་སྟེ། ཆེན་པོའི་སྒྲུབ་པ་ཆེན་པོ་ལ་ཐུག་པ་ནི་ཆེན་པོའི་རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་འགྲུབ་པའི་ཆེད་དུ་བྱའོ། །དེ་ལ་འདི་ནི་ཆེན་པོའི་སྒྲུབ་པ་སྟེ། སྒྲུབ་པ་ཆེན་པོ་རུ་བརྗོད་དོ། །སྲུང་བའི་འཁོར་ལོ་བསྒོམ་པ་སྔོན་དུ་སོང་བས་བསྙེན་པ་བྱའོ་ཞེས་གསུངས་པ། བསྙེན་པའི་དུས་སུ་བསྙེན་པའི་མཚན་ཉིད་ཀྱི་ཡན་ལག་གི་དུས་སུའོ། །གཙུག་ཏོར་ཆེན་པོ་ནི་སྲུང་བའི་འཁོར་ལོའི་དབུས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་སོགས་པ་གང་ཡང་རུང་བའི་གཟུགས་དམིགས་པའོ། །སྦྱོར་བ་ནི་སྒྲུབ་ཐབས་ཀྱི་ཆོ་གའི་རིམ་པ་སྟེ། ཕྱི་ནས་བསྙེན་པར་བྱའོ་ཞེས་པའི་དོན་ཏོ། །དེ་བརྗོད་པ། ཧཱུཾ་མཛད་ཡང་ནི་གཙུག་ཏོར་རམ། །ཞེས་པ་ལ་སོགས་པའོ། །ཉེ་བར་སྒྲུབ་པའི་དུས་ནི་


DTG040_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བ་ཉེ་བར་སྒྲུབ་ཅིང་རྫོགས་པར་བྱའོ་ཞེས་པས་སྤྱིར་དངོས་གྲུབ་བཤད་དོ། །གང་གིས་གང་ལ་ལའི་དངོས་གྲུབ་སྒྲུབ་པའི་དུས་སུ་བདུད་རྩི་འཁྱིལ་བ་བགེགས་བསྐྲད་པའི་ཆེད་དུ་བསྒོམ་པར་བྱའོ་ཞེས་བལྟ་བར་བྱའོ། །དེ་བརྗོད་པ། བགེགས་རྣམས་བདུད་རྩི་ཐབ་སྦྱོར་འཁོར་ལོའི་ཞེས་པ་ལ་སོགས་པའོ། །སྒྲུབ་པར་རང་ལྷའི་སྦྱོར་བ་ཡིས། །ཞེས་པ་ནི་ཐུགས་དང་གསུང་དང་སྐུ་བྱིན་གྱིས་བརླབ་པའི་ལྷའི་རྣལ་འབྱོར་སྙིང་ག་ལ་སོགས་པར་ཐུགས་རྡོ་རྗེ་ལ་སོགས་ངོ་བོ་དེའི་དུས་བསྒོམ་པར་བྱའོ། །སྒྲུབ་པ་ཆེན་པོའི་དུས་སུ་སངས་རྒྱས་བདག་པོའི་སྐུ་རང་གི་རིགས་ཀྱི་བདག་པོ་དབུ་རྒྱན་དུ་དེ་བཞིན་དུ་བསྒོམ་པར་བྱའོ། །དེ་བརྗོད་པ་དྲི་མེད་རང་སྙིང་ཟླ་བའི་ཞེས་པ་ནས་བརྩམས་ཏེ། ཅོད་པན་གྱུར་ཞེས་པའི་བར་དུའོ། །འདི་ནི་རྡོ་རྗེ་ཅན་ཀུན་གྱི། །ཞེས་པ་ནི་གོ་སླའོ། །དེ་ལྟར་ཞེས་པ་ནི་བརྗོད་མ་ཐག་པའི་རྣམ་པར་དབྱེ་བས་དངོས་གྲུབ་མཆོག་སྟེ། སངས་རྒྱས་བསྒྲུབ་པར་བྱའོ། །གཞན་ནི་གོ་སླའོ། །ད་ནི་རྫོགས་པའི་རིམ་པ་དང་འབྲེལ་བའི་ཁྱད་པར་དུ་འཕགས་པའི་བསྙེན་པ་ལ་སོགས་པ་རྣམ་པ་གཞན་གསུངས་པ། གྲུབ་བྱ་སྟེ་ཀུན་དུ་བཟང་པོ་ཡིན་ལ་སྒྲུབ་ཐབས་ནི་མངོན་རྟོགས་ཡིན་ཞིང་ཡང་སྦྱོར་བ་ནི་གཅིག་ཏུ་བྱེད་པ་ཡིན་ཏེ་བསྙེན་པའོ། །རྡོ་རྗེ་པདྨ་མཉམ་སྦྱོར་བ་སྟེ། རྡོ་རྗེ་ནི་ཡི་གེ་ཧཱུཾ་ལས་གྲུབ་པའི་གསང་བའི་རྡོ་རྗེའོ། །པདྨ་ནི་ཨ་ཡིས་བྱས་པའི་སྣ་ཚོགས་ཟེ་འབྲུ་དང་ཡི་གེ་ཧཱུཾ་གིས་སྤྲུལ་པའི་འདབ་མ་བརྒྱད་པའི་ངོ་བོ་ཆོས་ཀྱི་འབྱུང་གནས་ཏེ། ཕན་ཚུན་གཅིག་པའི་དངོས་པོ་ནི་ཉེ་བར་སྒྲུབ་པའོ། །བསྐྱོད་པ་སྒྲུབ་པ་ཞེས་པ་ནི་པདྨ་དང་རྡོ་རྗེ་དག་སྟེ། ཕན་ཚུན་དུ་བྱས་པའི་དགའ་བ་བསྐྱེད་པའི་ཆེད་དུ་ཡི་གེ་ཧཱུཾ་དང་ཕཊ་བརྗོད་པ་དང་ལྡན་པ་ནི་ཡང་དག་པར་ལྡན་པའོ། །ངོ་བོ་ཉིད་ནི་བཅོས་མ་མ་ཡིན་ཞིང་ཕྱི་རོལ་མ་ཡིན་པ་ལས་བྱུང་བའི་ངོ་བོའོ། །རང་གི་བདེ་བ་ནི་དགའ་བའི་ངོ་བོའོ། །དེ་ཡང་ཞི་བ་ཡིན་ཏེ་རྡོ་རྗེ་དང་པདྨ་ཡང་དག་པར་རེག་པ་ལས་བྱུང་བ་ནི་སྒྲུབ་པ་ཆེན་པོའོ། དེ་བཞིན་ཐབས་བྱུང་ཇི་ལྟ་བུ། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་སངས་རྒྱས་ཀུན་གྱི་བདག་པོ་དཔལ་ལྡན་ཀུན་དུ་བཟང་པོ་ཡིན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའོ། །དེ་ཉིད་རྟོགས་ཤིང་གོ་བར་བྱེད་པས་གནས་ཏེ་རྟེན་


DTG040_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཐབས་ལས་བྱུང་བ་ནི་འབྲས་བུ་སྟེ། །དེ་ཉིད་སྒྲུབ་བྱ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་ནི་འདས་པ་ལ་སོགས་པ་རྣམས་སོ། །ཆོས་རྣམས་ནི་སྟོབས་བཅུ་དང་མ་འདྲེས་པ་ལ་སོགས་པ་རྣམས་སོ། །དེ་ཉིད་ཆོས་ཉིད་དེ་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་ཉིད་དེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དངོས་པོ་ཀུན་དུ་བཟང་པོའོ། །རྣལ་འབྱོར་རྡོ་རྗེ་ཅན་གྱི་ནི། །བཀའ་ནི་ཇི་ལྟར་བསྒོ་བར་བགྱི། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་གང་དག་གང་དྲག་པོ་ལ་སོགས་པའི་ལས་ལ་དེ་དང་རྗེས་སུ་མཐུན་པའི་གཟུགས་ཀྱི་ཡིན་ལ་རྣལ་འབྱོར་ནི་ལྷའི་རྣལ་འབྱོར་ཏེ། རང་ཉིད་ཀྱིས་དམིགས་པར་བྱའོ། །རྣལ་འབྱོར་པ་ཡིས་ཞེས་པ་ནི་རྣལ་འབྱོར་པའོ། །དཀྱིལ་འཁོར་དེ་དང་དེ་བསྐྱེད་ནས། །ཞེས་པ་ནི་མན་ངག་ཇི་ལྟ་བར་མདུན་དུ་གྱུར་པའི་བསྒྲུབ་བྱའི་རང་འདོད་པའི་ལྷའི་གཟུགས་ལ་དམ་ཚིག་མི་བཟད་པ་བསྒོམ་པར་བྱ་སྟེ། སངས་རྒྱས་ཐམས་ཅད་བདག་ལ་གསོན། །ཞེས་པ་ལ་སོགས་པ་དང་གནོད་པ་བྱས་པ་ཡང་ངོ༌། །སྔར་ནི་ལེའུ་བཅུ་གསུམ་པར་རོ། །དམ་ཚིག་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འཛིན་པའི་བསྲུང་བར་བྱ་བའོ། །ཡང་ན་གཙུག་ཏོར་གྱི་དམ་ཚིག་གོ །བཀའི་འཁོར་ལོ་ལ་གནས་པ་སྟེ། དེ་དང་དེའི་ལས་ཀྱི་རྗེས་སུ་མཐུན་པའམ་རང་གི་དཀྱིལ་འཁོར་ནི་འཁོར་ལ་གནས་པས་སོ། །བཀའ་བསྒོ་བ་ནི་རྣལ་འབྱོར་པ་སྟེ། དེ་རྗེས་སུ་གནང་བ་ཉིད་དོ་ཞེས་བསམ་མོ། །ལས་ཀྱི་མཆོག་གི་ཚོགས་རྣམས་ནི། །སྣ་ཚོགས་ཇི་ལྟར་བྱེད་པར་འགྱུར། །ཞེས་པ་ནི་དྲིས་པ་ཡིན་ཏེ། ལན་ལ་བསྒྲུབ་བྱ་ནི། །བརྗོད་པའི་མཚན་ཉིད་དང་ལྡན་པ་སྟེ་ལུས་སོ། །དཀྱིལ་འཁོར་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་བྱུང་བ་དེ་རྣམས་ལའོ། །ཅི་བྱས་ནས་ཤེ་ན། གསུངས་པ། བསྒྲུབ་བྱ་དེ་བཅོམ་ནས་ཏེ་རབ་ཏུ་རྣམ་པར་བསྒོམ་པར་བྱའོ། །དངོས་པོ་ཀུན་གྱིས་དྲངས་ནས་ཏེ་རང་གི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱུང་བ་དེ་རྣམས་གཞུག་པར་བྱའོ། །ཕྱིའི་ལས་སྟོན་པར་བྱེད་དེ། །རྩ་བའི་རྒྱུད་ཇི་ལྟར་གསུངས་པའི་དུག་ལ་སོགས་པའི་རྫས་རྣམས་ཀྱིས་སོ། །དེ་ནས་བཀའ་མནོས་ནས་འཇིགས་སུ་


DTG040_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བའི་ཁྲོ་བོའི་ཚོགས་རྣམས་ཀྱིས་བསྐོར་བ་རྣམས་རྣལ་འབྱོར་བས་གཏང་བར་བྱའོ། །གསང་བ་ཉིད་ཀྱི་དོན་ནི་དེའི་དོན་ཏོ། །གང་དག་གི་དོན་ཡིན་ཞེ་ན། བསྒྲུབ་བྱ་དང་སྒྲུབ་བྱེད་རྡོ་རྗེ་དག་གིའོ། །འདི་དག་ཀྱང་ཡི་གེའི་དོན་ཙམ་སྟེ། ལྷག་མ་ནི་བླ་མ་རྣམས་ལས་ཤེས་པར་བྱའོ། །ལས་ཀྱི་ཆོ་ག་ལྷག་མ་ནི་གོ་སླའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་ནི་དེ་བཞིན་ཁོ་ནའོ། །བསྟོད་པའི་རྒྱལ་པོ་འདིས་བསྟོད་པ་ནི་སྐུ་ལ་སོགས་པའི་རྣམ་པར་དག་པ་ཟུར་གྱིས་སྟོན་པར་བྱེད་པས་བསྟོད་པར་བྱེད་དོ། །སྐུ་ལ་སོགས་པའི་རྡོ་རྗེ་ནི་སྐུ་ལ་སོགས་པ་ཐོབ་པས་སོ། །སེམས་ཅན་མི་མཉམ་པ་དང་མཉམ་པ་སྟེ། རྡོ་རྗེ་སེམས་དཔའ་དང་མཉམ་པའི་སངས་རྒྱས་རྣམས་སོ། །བསྒྲུབ་བྱ་གང་ཡིན་སྒྲུབ་པ་པོ་གང་ཞེས་ཏེ། བསྒྲུབ་བྱ་སྒྲུབ་བྱེད་དག་རྡོ་རྗེ་སེམས་དཔའ་ཉིད་མཉམ་པའི་ཕྱིར་རོ། །གང་གི་ཕྱིར་སེམས་ཅན་ཐམས་ཅད་དང་དེ་བཞིན་གཤེགས་པ་དག་དབྱེར་མེད་པ་དེའི་ཕྱིར་སངས་རྒྱས་ཐམས་ཅད་བཅོམ་ལྡན་ཞིང་བསད་པས་སྒྲུབ་པའི་དབང་པོ་སྡིག་པ་རྣམས་ཀྱིས་ཇི་ལྟར་གོས་པར་མི་འགྱུར། །གལ་ཏེ་གོས་ན་འདིའི་འབྲས་བུ་ཇི་ལྟར་འགྱུར་སེམས་སོ། །དེ་ནས་ཞེས་བ་ལ་སོགས་པ་ལ་དབྱངས་ཆེན་པོ་ནི་རྣམ་པར་དག་པའི་བརྗོད་བྱ་དང་རྗོད་བྱེད་ཀྱི་དངོས་པོ་རྣམས་སོ། །དེ་རྣམས་ལ་མཆོད་པ་ནི་མཆོད་པ་ཆེན་པོ་གང་ཡིན་པ་དེ་རྣམས་སོ། །ལེགས་སོ་ཞེས་བྱས་པས་དགའ་བར་བྱས་ནས་སྔར་ཉིད་ཀྱི་དགོངས་པ་རྟོགས་པར་བྱས་ཀྱང་རྣམ་པར་དག་བ་སྟོན་པར་མཛད་དོ། །སངས་རྒྱས་ཀུན་གྱི་བདག་པོ་ཞེས་པ་ལ་དེ་གང་ཡིན་ཞེ་ན། གསུངས་པ་དཔལ་ལྡན་ནི་སློབ་དཔོན་ཏེ། དངོས་པོ་ཐམས་ཅད་ཀྱི་བསྐྱེད་པ་དང་སྡུད་པར་ཡང་མཛད་པའོ། །རྒྱུ་ངེས་དཀོན་མཆོག་གསུམ་ལ་སོགས་པ་ལ་གནོད་པ་བྱེད་པ་དང་མཚམས་མེད་པ་ལ་ཞུགས་པ་རྣམས་བསད་པས་དོན་གྱི་བྱ་བ་བྱེད་པ་ན། དེའི་སྡིག་པར་མི་འགྱུར་ཏེ། འོན་ཡང་བསོད་ནམས་ཉིད་དོ། །ཀྱང་གི་སྒྲ་ཡང་གི་དོན་ལའོ། །སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་དེ་བཞིན་དུ་དེའི་མཛད་པ་མཛད་དོ། །དེ་བཞིན་དུ་བརྗོད་མ་ཐག་པའི་རིམ་པ་གང་གིས་བསོད་ནམས་འབའ་ཞིག་ཉིད་ཡོད་པ་ཡིན་ཏེ། ཐུགས་རྗེ་ཆེན་པོ་ཕྱིན་ཅི་མ་ལོག་པའི་སྦྱོར་བ་དང་ལྡན་པས་སོ། །


DTG040_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་ཡང་ཡོད་པ་མ་ཡིན་ཏེ་རྣམ་པ་ཐམས་ཅད་དུ་སྡིག་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར། དེ་ཉིད་བྱང་ཆུབ་ཡིན་པར་གསུངས་ཏེ། སྡིག་པ་བྱང་ཆུབ་ཀྱི་བར་ཆད་ཡིན་པས་རྣལ་འབྱོར་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་དོར་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་རྒྱུད་ལ་དེ་སྲིད་དུ་སྡིག་པ་མེད་པ་དེ་རིགས་པ་ཡིན་ཏེ། དེ་དང་འགལ་བའི་ཆོས་ཤིན་ཏུ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་དེ་རྣམས་ལ་བསོད་ནམས་བརྟག་པ་མ་ཡིན་པ་ཡོད་པ་མ་ཡིན་ཏེ། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་སེམས་ཅན་གྱི་དོན་ལ་དེ་དང་དེར་གཤེགས་པ་རྣམས་ཡིན་ནོ་ཞེས་གཅེར་བུ་པ་ལ་སོགས་པ་རྣམས་འདོད་པ་དེ་རྣམས་ཀྱི་ཕྱོགས་དགག་པར་འདོད་ནས་འདི་བརྗོད་དེ། ལས་དང་ལུས་ངག་སྤངས་མ་ཡིན། །མི་མཐུན་ཕྱོགས་ནི་མེད་ཕྱིར་དང༌། །མི་ནུས་ཕྱིར་དེ་སྲིད་པ་ནི། །གནས་ལ་སླར་ཡང་སྐྱེ་ཕྱིར་རོ། །སྲིད་པ་གནོད་པ་མ་མཐོང་ན། །དེ་མེད་རྣམ་པར་མི་ངེས་ཕྱིར། །གཏན་ཚིགས་མ་གྲུབ་ཐེ་ཚོམ་ཟ། །ཐམས་ཅད་མཁྱེན་པས་འདི་བརྗོད་ཕྱིར། །ལས་ཀྱི་གཉེན་པོའི་ཕྱོགས་ལ་ནི། །ཐེ་ཚོམ་བཀག་པ་མེད་པའི་ཕྱིར། །སྒྲུབ་དང་གནོད་བྱེད་མ་མཐོང་བས། །ཡོད་དང་མེད་པ་མ་ངེས་ཕྱིར། །གང་ཕྱིར་འདིར་ཚིག་རིགས་ཆ་ཡིན། །གཉེན་པོའི་ཚོགས་ལ་ཐེ་ཚོམ་ཕྱིར། །འཁྲུལ་ཡིན་འཆད་པ་པོ་རྣམས་ཀྱིས། །གཞན་དུ་ཡོངས་སུ་བརྟགས་ཕྱིར་རོ། །མི་མཐུན་ཕྱོགས་གང་མི་སྲིད་པར། །རྣམ་པ་ཀུན་དུ་སྔར་བསལ་བྱས། །ཕྱི་ནས་ལས་དད་མི་མཐུན་པར། །ཡང་བཤད་དེ་རྣམས་འགལ་བ་ཡིན། །སྲིད་ལ་གནོད་པ་ཅུང་ཟད་ནི། །དེ་ཡིས་བསྟན་པ་མ་ཡིན་ནོ། །དེ་མེད་ཇི་ལྟར་གཏན་ཚིགས་ཡིན། །གོ་བྱེད་ཉིད་དུ་འདིར་ངེས་མིན། །ལས་ཀྱི་མི་མཐུན་ཕྱོགས་མེད་དང༌། །དེ་དང་འགལ་བ་ཡོད་པ་ན། །ཕན་ཚུན་དུ་ནི་འགལ་བ་འདི། །རྟོག་ལྡན་ཚིག་ནི་ཇི་ལྟར་ཡིན། །ལས་དེ་དེ་འདྲ་གང་དང་ནི། །ཚོགས་པ་གཞན་ནི་སྲིད་པ་ན། །འབྲས་བུ་འབྱིན་ཏེ་ལས་དང་ནི། །འགལ་བ་ཡོད་ན་མ་ཡིན་ནོ། །མི་མཐུན་ཕྱོགས་དང་བགེགས་དང་ནི། །འགལ་བ་ཞེས་ལ་སོགས་བསལ་བར། །རྣམ་གྲངས་འཇིག་རྟེན་པ་ལ་གྲུབ། །ཐ་


DTG040_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དད་དོན་མིན་བརྗོད་པའི་ཕྱིར། །ཡོད་པ་སྲིད་པ་དེ་ལ་ནི། །དེ་ཚེ་དེ་ཡི་ཇི་ལྟར་འགྱུར། །སྒྲུབ་བྱེད་གནོད་བྱེད་མ་མཐོང་ལ། །འདི་ཡི་ཐེ་ཚོམ་རིགས་པའི་ཆ། །འདི་ནི་བརྒྱུད་པ་ཡོད་པ་ལ། །དངོས་སུ་མི་མཐུན་ཕྱོགས་མེད་ཅེས། །ཁྱབ་བྱེད་མི་དམིགས་པ་ལ་སོགས། །མེད་ན་དེ་ཡང་ཅི་ཕྱིར་རྟོགས། །གཉེན་པོའི་ཕྱོགས་ལ་ཐེ་ཚོམ་ན། །སྤངས་པ་ལ་ཡང་ཐེ་ཚོམ་ཡིན། །འདིར་ནི་ངེས་པ་ཞེས་པའི་ཚིག །དེ་ཕྱིར་མཁས་པས་ཁ་བསྐང་བྱ། །དེ་ཕྱིར་མི་ནུས་ཕྱིར་གཏན་ཚིགས། །གཉིས་པ་འདིར་ནི་བསྡུས་པ་ཡིན། །མ་ཚད་མེད་རྒྱུ་སྲེད་པ་ལའང༌། །ལས་དང་ལུས་ནི་སླར་ཡང་སྟེ། །ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཉིད། །དེ་ལྟར་ན་ཡང་སྲིད་ཡིན་ཞེས། །སྲེད་པ་ཡོད་པ་དེ་ལྟ་ནའང༌། །ལ་སོགས་སླར་འབྱུང་མ་ཡིན་མིན། །ལས་དེ་ཟད་པར་འདོད་ཆགས་ཀྱིས། །སྲེད་པ་གཅོད་པ་འབད་པར་བྱ། །རྒྱུ་ནི་མ་ཚང་མེད་པ་ལ། །འབྲས་བུ་དགག་པར་ནུས་མ་ཡིན། །ཡང་ནི་སྲེད་པ་བཅད་གྲུབ་ལ། །འབྲས་བུ་ལས་ཟད་ཅི་ཞིག་བྱ། །སྐྱེ་བ་མེད་པར་ཡང་དག་གྲུབ། །ལྷན་ཅིག་བྱེད་རྒྱུ་མེད་པའི་ཕྱིར། །མ་ཚང་བ་ཡི་རྒྱུ་ལ་ནི། །འབྲས་བུ་འབྱུང་བ་ཡོང་མ་ཡིན། །ས་བོན་སོགས་སྲིད་ཆུ་སོགས་མེད། །མྱུ་གུ་ལ་སོགས་ཇི་བཞིན་ནོ། །མ་ལུས་སྐྱེ་བ་སྤྱོད་པ་ལ། །གཉེན་པོ་མི་སྲིད་པ་རུ་འདོད། །སྲེད་པ་ཡང་དག་གནས་ཤེ་ན། །གནོད་པ་བྱེད་པ་གསལ་བར་བརྗོད། །ཇི་སྲིད་ཚད་མས་གནོད་བྱེད་དེ། །སྲིད་ལམ་མ་བསྟན་པ་ལ་ནི། །གཏན་ཚིགས་མ་གྲུབ་ཐེ་ཚོམ་ཟ། །ཚངས་པས་ཀྱང་ནི་སྦ་མི་ནུས། །སྲེད་པ་མེད་པ་ལ་ཡང་ནི། །ཐུགས་རྗེས་བསོད་ནམས་ཡོད་པས་ན། །ཡོད་པ་ན་ཡང་དབང་བྱས་པས། །སླར་ཡང་སྡིག་མཛད་མ་ཡིན་ནོ། །གང་ཕྱིར་ས་ལ་གནས་པ་རྣམས། །སྦྱིན་སོགས་འཇུག་པ་སྲིད་པའི་ཕྱིར། །མི་མཐུན་ཕྱོགས་ཀྱི་སྡིག་རྣམས་ལ། །རྣམ་པ་ཐམས་ཅད་ཉིད་འཇུག་མིན། །བཤགས་པ་ལ་སོགས་ཕྱིར་བཅོས་ཀྱིས། །ལས་གང་རྣམ་པར་བཟློག་པ་ལ། །དེ་ལ་འབྲས་བུར་འདོད་མཐོང་མེད། །དེ་ཉིད་ལམ་ནི་རྣམ་རྟོག་པས། །གཞན་དུ་ན་ནི་ལུང་གིས་གནོད། །འདིར་ནི་མ་སྤངས་ཐལ་བར་འགྱུར། །ཐམས་ཅད་མཁྱེན་པའི་ཚིག་གིས་གནོད། །ཆོས་ཅན་ཚད་མས་གྲུབ་པ་ལའོ། །དེས་བསྐྱེད་ཤེས་


DTG040_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕན་བཏགས་པས། །ཡིད་ནི་ལུས་ལ་བརྟེན་པར་བརྗོད། །འདི་ལྟར་དེ་ནི་སྤངས་པ་ཉིད། །དེ་ཡི་དོན་ནི་གྲུབ་ཕྱིར་རོ། །གཞན་དུ་མངོན་སུམ་གྱིས་གྲུབ་པའི། །ཆོས་ཅན་ཡིད་ཆེས་འདི་ལ་ནི། །ལུང་གིས་གནོད་པ་ཇི་ལྟར་འགྱུར། །གང་གི་འདི་ལྟར་དེ་སེལ་བ། །དེ་ཕྱིར་དེ་ཉིད་མིན་ཚིག་ལས། །ཐམས་ཅད་མཁྱེན་བརྗོད་གནོད་པ་ཡི། །ལུང་གི་ཚད་མས་གྲུབ་པ་ཡི། །ཆོས་ཅན་ལ་ནི་གནོད་ངེས་མིན། །འདིར་ནི་ངེས་པ་མེད་ཉིད་དུ། །གཏན་ཚིགས་འགྲེལ་པ་མཛད་པས་མཛད། །དེས་ན་ལུང་བརྗོད་གཉེན་པོ་ནི། །རྒྱས་པར་རབ་ཏུ་བསྟན་པ་ཡིན། །གཉིས་པོ་རྟག་ཏུ་བརྗོད་པ་ཡི། །ཚད་མ་ཡིས་ནི་མ་གྲུབ་པ། །མི་མཐུན་ཕྱོགས་དང་གཉེན་པོ་ཡང༌། །འགལ་བ་ཉིད་ཀྱིས་གོ་བ་ཡིན། །ཁྱབ་པར་བྱེད་པ་མི་དམིགས་སོགས། །གང་ཚེ་མི་མཐུན་ཕྱོགས་ལ་སྟོན། །གཏན་ཚིགས་མ་གྲུབ་ཐེ་ཚོམ་དུ། །དེ་ཚེ་མཁས་རྣམས་དོགས་པ་མེད། །རྣམ་པ་ཀུན་དུ་དགག་པ་ནི། །མི་དམིགས་པ་ཡི་བསྒྲུབ་པ་ཡིན། །ཚད་མས་གྲུབ་པར་སྨྲ་བ་རྣམས། །ཤུགས་ཀྱིས་བཟློག་པ་ཉིད་ལས་ཡིན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །ལས་རྣམས་རབ་ཏུ་ཆུད་ཟོས་མིན། །འདི་ལྟར་ལུང་ལ་བརྟེན་པ་ན། །གཞུང་འདི་འགལ་བ་མ་ཡིན་ནོ། །སྐྱེ་འདོད་ཉེས་པ་བཀག་པ་ཡིས། །གང་རྣམས་ཉེས་པ་དང་འགལ་ཡིན། །དེས་སྐྱེད་ལས་རྣམས་ནུས་ལྡན་གྱུར། །བྱས་པ་ཉམས་པར་ཅི་ལྟར་འགྱུར། །གཉེན་པོ་ཐོབ་པར་མ་གྱུར་པའི། །ལས་ནི་ཟད་པར་མི་འདོད་དོ། །འཁོར་བའི་དྲི་མ་གང་ཡིན་པའི། །ལས་ནི་ཅུང་ཟད་འབྲས་མེད་མིན། །ངེས་པར་མྱོང་བར་འགྱུར་བ་ནི། །ཡོངས་ཀྱང་འབྲས་བུར་འགྱུར་བའི་ཕྱིར། །གཉེན་པོ་ཐོབ་པར་གྱུར་ཀྱང་ནི། །དེ་ལས་ཤིན་ཏུ་འབྲལ་མི་འགྱུར། །ཤིན་ཏུ་ཆུང་དུ་ཡོད་པས་ན། །དེ་ཕྱིར་འབྲས་བུར་བརྗོད་པ་ཡིན། །ཚོགས་པ་རྙེད་པའི་དུས་དག་ཏུ། །ལུས་ཅན་རྣམས་ལ་འབྲས་བུར་རས། །གང་གིས་ལས་རྣམས་ཟད་པ་རུ། །སངས་རྒྱས་ཀུན་གྱིས་བརྗོད་པ་ནི། །དངོས་པོ་ཀུན་གྱི་ཐམས་ཅད་དུ། །རྣམ་པ་ཐམས་ཅད་མངོན་རྟོགས་པས། །རྣམ་པ་ཐམས་ཅད་རྟོགས་པ་ཉིད། །སྒྲིབ་པ་ཐམས་ཅད་སྤངས་པ་ཡིན། །གཟུང་དང་འཛིན་པའི་ངོ་བོ་ཡི། །ལས་ནི་རྣམ་པ་ཐམས་ཅད་ཟད། །རང་གི་རིག་


DTG040_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐར་ཐུག་ལ། །གཟུང་འཛིན་ལ་སོགས་མི་དམིགས་པས། །གཟུང་དང་འཛིན་པའི་ངོ་བོ་ནི། །སྤངས་པ་རྣམ་པར་འདོད་པ་ཡིན། །ལས་རྣམས་ཟད་པར་མི་འགྱུར་ན། །མི་བདེན་ལྟ་བས་རྩད་བཅད་དང༌། །དགེ་སློང་སོགས་ཀྱི་རྩ་ལྟུང་ཡང༌། །རྣམ་པ་ཀུན་དུ་འཐད་མི་འགྱུར། །གང་ལ་བསོད་ནམས་སྡིག་པ་མེད། །དེ་ནི་བྱང་ཆུབ་ཡིན་པར་གསུངས། །འདི་ནི་བླ་མེད་བྱང་ཆུབ་ལ། །དེ་ཉིད་ཡང་དག་གནས་པ་ཡིན། །གང་ལ་བསོད་ནམས་ཡོད་ཉིད་ལ། །རྣམ་པ་ཀུན་དུ་སྡིག་མེད་ཉིད། །བསོད་ནམས་ཡེ་ཤེས་རང་བཞིན་ཕྱིར། །བྱང་ཆུབ་ཉིད་དུ་དེ་འདོད་དོ། །བགེགས་ཚིག་སྡིག་པ་དང་འབྲེལ་ཡིན། །སྔ་མ་ཕྱེད་ལའང་ལྡན་པའི་ཆ། །བསོད་ནམས་ཉིད་ཀྱི་རྩ་བ་ཉིད། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་བརྗོད། །ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱི། །བསོད་ནམས་ཉིད་ཡོད་ཐམས་ཅད་དུ། །སློབ་དཔོན་ཡང་ནི་དེ་དག་ཕྱིར། །བསོད་ནམས་ཀྱང་ནི་དེ་བཞིན་ཉིད། །དེ་ཡི་མངོན་སུམ་བྱས་པ་ལ། །གཟུང་བ་ལ་སོགས་མི་དམིགས་པས། །གཟུང་དང་འཛིན་པའི་ངོ་བོ་ཡི། །བསོད་ནམས་སྡིག་པ་མེད་ཉིད་ལ། །ཡང་ན་རང་རིག་མཐར་ཐུག་ལ། །བསོད་ནམས་ལ་སོགས་རྟོག་མེད་ཕྱིར། །གཟུང་དང་འཛིན་པའི་ངོ་བོ་ཉིད། །རྣམ་པ་ཐམས་ཅད་མ་དམིགས་ཕྱིར། །གཟུང་བའི་ཆ་ཉིད་ལ་དམིགས་ནས། །རྣམ་པར་རྟོག་པ་རབ་ཏུ་འཇུག །རང་གི་རིག་པའི་མཐར་ཐུག་ལའང༌། །རྣམ་པར་རྟོག་པ་འཇུག་ཉིད་མིན། །གང་དུ་གང་ཞིག་སྒྲ་དོན་འཛིན། །ཤེས་དེས་དེ་ལ་རྟོག་པ་ཡིན། །རང་གི་ངོ་བོའང་སྒྲ་དོན་མིན། །དེ་ལ་མ་ལུས་མངོན་སུམ་ཕྱིར། །ཡང་ན་དེ་ཉིད་གཟིགས་རྣམས་ཀྱི། །ཁམས་གསུམ་སྲེད་པ་རབ་བཅོམ་པས། །འབྲས་བུ་ཐོབ་ཡིན་དག་པའི་སེམས། །ཆོས་དང་ཆོས་ཉིད་ཡོངས་སྤངས་ཕྱིར། །སྡིག་ནི་སྡིག་པ་རྟག་ཏུ་བརྟེན། །དེ་བཞིན་ཆོས་ལ་ཆོས་རྟེན་ཡིན། །དེ་ཉིད་ལམ་སྟོན་མཁས་པ་ཡིས། །གཉི་ག་དག་ནི་སྤངས་པ་ཡིན། །གང་རྣམས་ལམ་དང་ལམ་མིན་རྨོངས། །སངས་རྒྱས་བསྟན་ལ་དེ་རྣམས་རྨོངས། །ཉི་མ་ལ་ནི་མུན་པ་བཞིན། །དེ་རྣམས་ལ་ནི་ཞི་བ་མེད། །ཆུ་ཀླུང་ཆུ་ཡིས་ཁེངས་རྣམས་ལ། །ཁ་ཅིག་ཕ་རོལ་འགྲོ་བ་ཡིས། །རྒལ་དང་རྩ་དང་ཤིང་རྣམས་ནི། །བོར་ནས་བདེ་བར་འགྲོ་བ་


DTG040_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཆོས་རྣམས་ལ་ནི་ངེས་བསྟོད་པ། །ཆོས་དང་ཆོས་མིན་སྤྱོད་པ་སྟེ། །རྣམ་དག་ནམ་མཁའ་དྲི་མ་མེད། །འདི་ལ་དཀྱིལ་འཁོར་དུ་བརྗོད་དོ། །ལས་དང་ཉོན་མོངས་རྣམ་གྲོལ་ཡིད། །ལས་དང་ཉོན་མོངས་རྣམ་གྲོལ་ལྡན། །དེ་རྣམས་སྦྱིན་གནས་འཇིག་རྟེན་ན། །མཆོད་འོས་བརྗོད་འོས་རྟག་ཏུ་ཡིན། །འདིས་ནི་ལས་ནི་ཅུང་ཟད་དང༌། །མཚམས་མེད་པ་ལས་བྱུང་གྱུར་པ། །དེ་དག་ཀུན་ཟད་རྣལ་འབྱོར་པ། །ལེགས་པར་མཉམ་གཞག་སེམས་པས་སོ། །སློབ་དཔོན་མགོན་པོ་དེའང་ཀླུ་སྒྲུབ་ལ་སོགས་པ་ཡིན་ཏེ་དེས་ངན་འགྲོ་སྟེ། ངན་འགྲོར་སྐྱེ་བར་མི་འགྱུར་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་བྱེད་ཀྱང་ངོ༌། །ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ། །གང་དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱང་རྙེད་པར་མི་དཀའ་བ་ཡིན་ཏེ་དེའི་གཉེན་པོ་མངོན་སུམ་བྱས་པས་ཚོགས་པ་རྙེད་ནས་སངས་རྒྱས་རྣམས་སུ་ཡང་འགྱུར་རོ། །མི་བཟད་པ་སྟེ་སྔོན་གྱི་ལས་ཀྱིས་གལ་ཏེ་དམྱལ་བའི་འབྲས་བུར་སྐྱེའོ། །དེ་རྣམས་སྐྱེ་བར་འགྱུར་བ་མངོན་སྤྱོད་བྱས་པ་དེའི་ཚེ་དམྱལ་བ་རྣམས་དེའི་སྟོབས་ཀྱིས་འབྲས་བུ་ཆེན་པོ་སྟེ། བདེ་བ་སྐྱེ་བར་འགྱུར་ལ་དུས་དེ་སྲིད་པའི་དམྱལ་བའི་སྡུག་བསྔལ་བཅོམ་པ་རྣམས་ཡིན་ནོ། །བྱང་ཆུབ་རྡོ་རྗེ་ཅན་རྣམས་ཡེ་ཤེས་ཀྱིས་རྒྱས་བཏབ་པར་འགྱུར་རོ། །བསྒྲུབ་བྱ་འདི་ནི་བསྒྲུབ་བྱ་རྣམས་སོ། །རྒྱུ་དེས་མཆོག་ཏུ་ཕན་བཏགས་པས་ཤེས་པར་བྱའོ། །གང་རྣམས་ཤེ་ན། སེམས་ཅན་རྣམས་ཏེ་སྔགས་ཀྱི་སྒོའི་སྤྱོད་པ་ལ་སྤྱོད་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་དེས་ཚར་གཅད་པའི་སྒོ་ནས་རྗེས་སུ་གཟུང་བའི་ལས་བྱ་སྟེ། བདག་ཉིད་ཆེན་པོ་རྣམས་ཀྱིས་བྱའོ། །ལས་འདི་སྒྲུབ་པ་ཆེན་པོ་ལ་ཐུག་པའི་ལྷའི་རྣལ་འབྱོར་བྱ་སྟེ་བརྩམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། གསད་དང་བསྐྲད་པའི་ལས་དང་ནི། །དབྱེ་བ་དང་ནི་མངོན་སྤྱོད་ནི། །ཐབས་གཞན་དག་ནི་མི་སྲིད་ན། །དེ་ཉིད་བྱ་འོས་དེ་བྱེད་པའོ། །དང་པོ་དབུས་དང་ཐ་མ་རུ། །གང་གིས་སྙིང་རྗེ་མ་སྤངས་པས། །ཞེས་སོ། །དེ་ནས་ཞེས་པ་ལ་སོགས་པ་རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ཏེ་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་ཆོས་གསད་པ་ལ་སོགས་པས་འགྲོ་བ་རྗེས་སུ་གཟུང་བའི་མཚན་ཐོས་ནས་དགའ་བ་སྟེ་ཐོས་པའི་ཕྱིར་རོ། །རབ་


DTG040_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དགའ་ནི་བསམ་པས་སོ། །ཡང་དག་པར་རབ་ཏུ་དགའ་བ་ནི་བསྒོམས་པས་སོ། །ཨེ་མ་ཧོ་ཞེས་པ་ལ་སོགས་པ་ལ་མཆོག་ཏུ་དྲི་མ་མེད་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་ལ་ཞུགས་པས་སོ། །ཇི་ལྟར་ཞེ་ན་བརྗོད་པ། མི་བཟད་པ་ཡི་ལས་ལ་ཡང༌། །སྡང་བ་གདུལ་དཀའ་པ་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་སོགས་པ་དང༌། མཚམས་མེད་པའི་ལས་ལ་ཞུགས་པ་རྣམས་གང་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་སྩོལ་བའོ། །དེ་ནས་ཞེས་པ་ལ་སོགས་པ་ལ་གང་དེ་ལྟར་ཡིན་པ་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ནི་གསང་བ་འདུས་པས་དབང་བསྐུར་བས་སོ། །བྱང་ཆུབ་རྡོ་རྗེ་ལས་བྱུང་བ་རྣམས་ཡིན་ན་གང་རྣམས་ཤེ་ན། ཞེ་སྡང་རྡོ་རྗེ་ལ་སོགས་པ་ཆེན་པོ་རྣམས་སོ། །ཡོངས་སུ་སྤང་བར་མི་བྱ་སྟེ། འཕྱ་བར་མི་བྱའོ། །རྣམ་པར་དག་པའི་ངོ་བོས་རྒྱུད་ཀྱི་རྒྱུན་བསྡུས་པའོ། །ཐམས་ཅད་ཀྱི་དགོངས་པ་བཟུང་ནས་དེ་བཞིན་གཤེགས་པ་རྣམས་མགྲིན་གཅིག་གིས་དཔལ་གསང་བ་འདུས་པར་བརྗོད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་བསྟོད་པར་བྱེད་དེ་དང་པོ་ནི་བདག་པོའི་སྒོ་ནས་སོ། །བཅོམ་ལྡན་འདས་གང་དུས་གསུམ་རྡོ་རྗེ་སྟེ། འདས་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སམ་སྐུ་རྡོ་རྗེ་ལ་སོགས་པའི་སྙིང་པོའོ། །དེ་ཞེས་པ་ནི་ཐམས་ཅད་དུ་སྦྱར་རོ། །སྲིད་པ་དང་ཐར་པར་གྱུར་པ་མི་གནས་པའི་མྱ་ངན་ལས་འདས་པའི་བདག་ཉིད་དོ། །ཞི་བ་ནི་ཞི་བ་ཉིད་ཡིན་ཏེ་ཐམས་ཅད་ལས་རྒལ་བའི་ཕྱིར་རོ། །སྒྲིབ་པ་མེད་པ་ནི་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་དག་པ་ཡིན་ཏེ་ནམ་མཁའ་དང་འདྲ་བའི་རང་བཞིན་ནོ། །སངས་རྒྱས་རྣམ་པར་སྣང་མཛད་པ་ལ་སོགས་རྣམས་ལས་ལྷག་པའི་སངས་རྒྱས་སོ། །དེ་ཉིད་ཀྱི་ཕྱིར་ན་མཆོག་གི་དབང་ཕྱུག་སྟེ། བྱང་ཆུབ་ཀྱི་རྡོ་རྗེའི་བདག་ཉིད་ཀྱི་རྗེའོ། །ལུས་དང་ངག་དང་ཡིད་ཀྱིས་རྟག་ཏུ་ཕྱག་འཚལ་བའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་སྒོ་ནས་བསྟོད་པ་གསུངས་པ། གང་གཟུགས་ནི་གཟུགས་ཀྱི་ཕུང་པོ་ཡིན་ལ། ཚོར་བ་ནི་ཚོར་བ་རྣམས་ཡིན་ཏེ། ལེགས་པར་འདུ་ཤེས་པ་ནི་འདུ་ཤེས་ཡིན་ལ་ལེགས་པར་འདུས་བྱས་ནི་འདུ་བྱེད་ཡིན་ཞིང་རྣམ་པར་ཤེས་པ་


DTG040_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་པར་ཤེས་པའི་ཕུང་པོའོ། །སྐྱེ་མཆེད་དྲུག་ནི་གཟུགས་ལ་སོགས་པའོ། །དབང་པོ་དྲུག་ནི་མིག་ལ་སོགས་པ་འདིས་ནི་གཟུགས་རྡོ་རྗེ་ལ་སོགས་པ་དང་སའི་སྙིང་པོ་ལ་སོགས་པའི་ཡང་དག་པར་དག་པ་བསྟན་པ་ཡིན་ནོ། །ས་ཆུ་མེ་དང་རླུང་ཞེས་པ་ནི་མཱ་མ་ཀཱི་ལ་སོགས་པ་རྣམས་སོ། །ནམ་མཁའ་ཞེས་པ་ནམ་མཁའི་རྡོ་རྗེའོ། །ཐམས་ཅད་མ་ལུས་པ་རྣམས་ཆོས་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་དང་འདྲ་བའི་རྒྱན་ཆེན་པོ་རྣམས་སོ། །སྤྱན་ལ་སོགས་པ་རྣམས་འབྱིན་པ་རྣམ་པར་དག་པའི་བསྟོད་པ་ལ་གང་གཏི་མུག་དང་ཉེས་པ་སྟེ། ཞེ་སྡང་དེ་བཞིན་དུ་འདོད་ཆགས་དང་དེ་ཉིད་རྡོ་རྗེ་དང་བཅས་པ་ཡིན་ལ། ཆོས་ནི་རིག་པའི་སྦྱོར་བ་ལས་བྱུང་བ་རྣམས་ཡིན་ཏེ་རྟག་ཏུ་རྟག་པའི་ངོ་བོས་རྒྱུན་རྣམས་ཡིན་ནོ། །ཕྱུང་བའི་རྗེས་ལ་དགའ་བའི་སྒྲ་འཆད་དེ་སྣ་ཚོགས་པའི་ངོ་བོ་སྣ་ཚོགས་པའི་དགའ་བས་མྱོས་པའི་ངོ་བོར་གྱུར་པ་རྣམས་སོ། །སྡུད་དང་ཆགས་པ་དང་ཞེས་པ་ནི་ཚིགས་སུ་བཅད་པའི་རིམ་པ་བཞིན་དུ་བསྟོད་པའོ། །ཡང་དག་པར་སྡུད་པ་ནི་སྡུད་པ་ཡིན་ལ་དགའ་བ་ནི་དེ་བཞིན་དུ་ཆགས་པའོ། །རྣམ་པ་ནི་ཆ་བྱད་དོ། །མི་གཡོ་བ་ནི་མི་གཡོ་བ་ཉིད་ཡིན་ལ་རྒྱུ་ནི་རྒྱུ་ཉིད་དེ། །འབྲས་བུ་ནི་འབྲས་བུ་ཉིད་ཡིན་ལ། རང་བཞིན་གྱི་སེམས་སུ་རྟོགས་པ་ནི་འདི་རྣམས་ཡིན་ཏེ་རྗེས་ཀྱི་ཆོས་སོ། །དེ་ཉིད་ཀྱི་ཕྱིར་དྲུག་ལས་ཐུགས་ནི་ཀུན་དུ་ཞེས་བཤད་པ་ཡིན་ནོ། །མུན་པ་ནི་གཏི་མུག་ཡིན་ཏེ་ཉེས་པ་ནི་ཞེ་སྡང་ཡིན་ལ་དེ་བཞིན་དུ་སྒྲིབ་པ་ཡིན་ཏེ་འདི་རྡོ་རྗེ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་རྣམས་བསྟོད་ནས། དེ་བསྒོམ་པའི་རྣལ་འབྱོར་པ་ལ་ཕྱག་འཚལ་བ་གསུངས་པ། འདི་བསྒོམ་པ་ཞེས་པ་ལ་འདི་ནི་བརྗོད་མ་ཐག་པའོ། །རྣམ་པར་དག་པ་དང་ཐོག་མ་མེད་པའི་རང་བཞིན་ཡང་ཡིན་ནོ། །སླར་ཡང་ཇི་ལྟར་གྱུར་པ་ཡིན་ཞེ་ན། ཤེས་རབ་དང་ཐབས་ལས་བྱུང་བ་ཡིན་ཏེ་དེས་ན་དཔེ་དང་བྲལ་བ་ཡིན་ལ་གསང་བའི་དབང་བསྐུར་བ་རྡོ་རྗེའི་བརྟུལ་ཞུགས་དང་སྡོམ་པ་དག་གི་སྦྱོར་བ་དེས་བརྟག་པ་ཡིན་ནོ། །མཆོག་ནི་དངོས་གྲུབ་ཀྱི་ཐབས་ཏེ། གང་གིས་ཤེ་ན། བསྙེན་པ་ལ་སོགས་པའི་ཆོ་གས་སོ། །བློའི་ཤེས་པ་ནི་མི་འགྱུར་བ་ཡིན་ནོ། །གང་རྣམས་ཤེ་ན། སྒྲུབ་པའི་དབང་པོ་རྣམས་སོ། །ཐུན་བཞི་རྡོ་རྗེ་དག་གིས་


DTG040_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་བཤད་ཟིན་ཏོ། །མཆོག་གི་དངོས་གྲུབ་ཀྱི་སྒྲུབ་པ་པོ་རྣམས་ལ་རེ་ཞིག་བཞག་ནས་མི་སྣང་བ་ལ་སོགས་པའི་དམན་པའི་དངོས་གྲུབ་སྒྲུབ་པ་པོ་རྣམས་ལ་ཡང་ངོ༌། །ཉམས་པ་མེད་པའི་ལམ་ཞེས་པ་ནི་མངོན་པར་རྟོགས་པ་སྟེ། བླ་མའི་དྲིན་གྱིས་རྟོགས་པའོ། །དམན་པའི་དངོས་གྲུབ་ཀྱི་སྒྲུབ་པ་པོ་བཞག་སྟེ། གང་རྣམས་རྒྱུད་ཀྱི་མིང་ཐོས་པ་དེ་རྣམས་ལ་ཡང་ཕྱག་བྱེད་དེ་ཚིགས་སུ་བཅད་པ་ནི་གོ་སླའོ། །ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཆགས་པ་ལ་སོགས་པ་མེད་པའི་སྟོབས་ཀྱིས་ཏེ། འཁྲུལ་འཁོར་གྱིས་སོ། །ཇི་ལྟ་བུར་གྱུར་པ་ཞེ་ན། སྔགས་ཀྱི་སྤྱོད་པས་སོ། རྒྱས་བཏབ་པ་ནི་བསྒོམ་པའི་ཕྱག་རྒྱས་སོ། །ད་ནི་གང་རྣམས་ཀྱིས་དཔལ་གསང་བ་འདུས་པའི་སྒྲུབ་པ་མཐོང་བ་དེ་རྣམས་ལ་ཡང་ཕྱག་འཚལ་བ་ཡིན་ནོ། །བསྟོད་པའི་ཚིགས་བཅད་འདི་རྣམས་ཀྱིས་མ་འོངས་པའི་རྣལ་འབྱོར་པས་གལ་ཏེ་དེ་བཞིན་གཤེགས་པ་རྣམས་ལ་བསྟོད་ཅིང་བསྟོད་པར་བྱའོ། །དེའི་ཚེ་དེ་རྣམས་རྗེས་སུ་ཡི་རང་བར་བྱེད་པ་ཡིན་ཏེ། མགོན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །ལེགས་པར་གསུངས་པ་ཇི་ལྟ་བུ་ཞེ་ན། གསུངས་པ། དམ་པའི་ཆོས་ཉན་པ་རྣམས་སོ། །རྒྱུད་ཀུན་གྱི་ནི་རྣལ་འབྱོར་ལ་སོགས་པ་སྟེ། མཆོག་གི་བདག་པོ་ཉིད་དོ། །སྐུ་ལ་སོགས་པ་ལ་ཞུགས་པ་ནི་ཀུན་དུ་བཟང་པོ་ཡིན་ལ། དེའི་སྐུ་ལ་སོགས་པའི་རྡོ་རྗེ་སྟེ། སྐུ་ལ་སོགས་པ་རྣམས་རང་གི་སྐུ་ལ་སོགས་པ་ཉིད་ཀྱིས་དམིགས་ཤིང་གཅིག་ཏུ་བྱས་ནས་ཡང་དག་པར་གོ་བར་བྱ་སྟེ། ཅང་མི་གསུང་བར་གྱུར་ཏོ། །ཐམས་ཅད་ཀྱང་ཡིན་ལ་གསང་བ་ཡང་ཡིན་ཏེ། དེ་རྣམས་སྟོན་པ་ཡིན་ལ་དེ་ཉིད་རྡོ་རྗེ་ཡེ་ཤེས་ཡིན་ཏེ་དེ་བྱིན་གྱིས་བརླབ་པའོ། །དེ་ཉིད་ཀྱི་མིང་ནི་དེ་སྟོན་པར་བྱེད་པའི་གཞུང་གི་ལེའུའོ། །ཕྱི་མའི་རྒྱུད་ཀྱི་མིང་ཅན་ལེའུ་བཅོ་བརྒྱད་པའི། །བཤད་པ་འདི་ནི་སོ་མ་བུ་རིར་བདག་གིས་བྱས། །དེ་ཉིད་ཀྱི་ནི་ཆོས་འབྱུང་གིས་ནི་ཡང་དག་པར། །གྲོགས་བྱས་གཞན་གྱི་དོན་དུ་ཡང་དག་བྱས། །འདི་ལ་ལྷག་དང་ཆད་པ་གང༌། །མཁས་པ་རྣམས་ལ་སྣང་གྱུར་ན། །འདི་དེའི་བདག་ཉིད་ཉེས་པ་སྟེ། །བློ་ཆེན་བླ་མའི་མ་ཡིན་ནོ། །བྱང་ཕྱོགས་ལམ་དུ་འཁྲུངས་གྱུར་པའི། །དྲི་མའི་ཚོགས་དང་བྲལ་གྱུར་པ། །སྦས་པའི་ཞབས་ནི་བསྟེན་བྱས་ནས། །དེ་ཡི་བཤད་པ་དྲི་མེད་པ། །


DTG040_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བདག་གིས་གང་རྟོགས་པ། །ཅུང་ཟད་བྲིས་པ་དག་གིས་ནི། །བསོད་ནམས་གང་དེས་འཇིག་རྟེན་རྣམས། །དཔལ་ལྡན་གསང་འདུས་ལ་གནས་ཤོག །དཀྱིལ་འཁོར་ཆེན་པོའི་སློབ་དཔོན་བྱང་ཕྱོགས་ཀྱི་ལམ་ལ་མཁས་པ་ཆེན་པོའི་ཞབས་ལ་དྲན་པར་བྱས་པ། སློབ་དཔོན་ཟླ་བའི་འོད་དང་མིང་གཞན་རིན་ཆེན་རྡོ་རྗེའི་མྱུ་གུས་མཛད་པ། ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་སུན་ཡ་ཤྲཱི་མི་ཏྲ་དང༌། བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་མང་ཡུལ་གྱི་གྲོང་གི་ལྷ་ཁང་ཀ། རུ་དང༌། ཨག་ཙར་སྒང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པ། ཟླ་བའི་འོད།next