Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཞི་བཅུ་པ།


  collapse section
དཔལ་གསང་བ་འདུས་པའི་རྒྱན་ཞེས་བྱ་བ།  དྲི་མེད་སྦས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
no previousདཔལ་གསང་བ་འདུས་པའི་རྒྱན་ཞེས་བྱ་བ། དྲི་མེད་སྦས་པ།next

དཔལ་གསང་བ་འདུས་པའི་རྒྱན་ཞེས་བྱ་བ།
དྲི་མེད་སྦས་པ།

ལེའུ་དང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་བཤད་པ།


DTG040_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་ཨ་ལཾ་ཀཱ་ར་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་རྒྱན་ཞེས་བྱ་བ། དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །མ་ལུས་མུན་པའི་རྒྱུན་ནི་རྣམ་དག་པ། །འགྲོ་ལ་ཕན་པའི་ཁྱད་པར་མ་ལུས་རྒྱུ། །གང་གི་སྐུ་ནི་ཚད་མའི་རྗེས་འགྲོ་བ། །ཐམས་ཅད་འདུས་པ་དེ་ལ་ཕྱག་འཚལ་ལོ། །ཤིན་ཏུ་ཕྲ་བརྙེས་དམ་པ་ལ། །དོན་མེད་ཆེན་པོ་སྐྱེ་བའི་ཕྱིར། །ཡེ་ཤེས་རྗེས་སུ་འབྲང་བའི་འགྲེལ། །རིགས་པས་ཕལ་ཆེར་བསྒྲུབས་པ་ཡིན། །ཡོངས་སུ་རྫོགས་དང་རྣམ་དག་པས། །བླ་མས་རྗེས་གནང་མངོན་གྲུབ་དང༌། །དེ་ལ་བརྙས་པ་དགག་ཕྱིར་དང༌། །རྩོད་པ་ངན་པ་སྤང་ཕྱིར་རོ། །ལ་ལར་ཚིག་གཞན་དགོད་པ་དང༌། །ལ་ལར་འདྲེས་པའི་གཟུགས་ཀྱིས་དང༌། །ལ་ལར་སྔར་མེད་བཅུག་པ་དང༌། །ལ་ལར་ལུང་དང་རིགས་པས་སོ། །འགྲེལ་བཤད་མང་པོ་བལྟ་བྱས་ན། །ཕན་ཚུན་དུ་ནི་འགལ་བ་ཡིན། །གང་རྨོངས་དེ་ནི་དགག་དོན་དུ། །ཀུན་ལས་གཅེས་པ་བསྡུ་ཕྱིར་རོ། །ཐམས་ཅད་མཁྱེན་པ་མ་གཏོགས་པ། །གང་རྣམས་མ་འཁྲུལ་པ་ཡི་བློ། །གང་རྣམས་མ་འཁྲུལ་བ་ཡི་ཚིག །


DTG040_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཅིས་ན་རྨོངས་པར་མི་འགྱུར་ཡིན། །ཚད་མ་ལུང་དང་མི་འགལ་བ། །མཐོང་དང་མ་མཐོང་བ་ཡི་ཚིག །གང་རྣམས་དེ་ནི་མཁས་པས་གཟུང༌། །གཞན་དུ་འདིར་ནི་ཁྱེད་ཅག་སླུ། །བསྟན་བཅོས་སྒྲུབ་པའི་རིགས་པ་དང༌། །རང་གི་ཚིག་གིས་མི་གནོད་པ། །དེ་གཟུང་མཐོང་དང་མ་མཐོང་ལ། །འདི་ནི་རིགས་མཁྱེན་འདོད་ཕྱིར་རོ། །དམ་པ་རྣམས་བརྗོད་པར་བྱ་བ་དང༌། དགོས་པ་ལ་སོགས་པ་རྣམས་ཐོས་པ་མེད་ན་ཕལ་ཆེར་ཉན་པ་ལ་སོགས་པ་ལ་མི་འཇུག་གོ །འདི་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་སྙིང་རྗེའི་མཚན་ཉིད་དང་རྣམ་པ་ཐམས་ཅད་ཀྱི་ཆོས་ཀུན་གྱི་དེ་ཁོ་ན་ཉིད་ལ་དམིགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་བསེ་རུ་ལ་སོགས་པའི་མྱ་ངན་ལས་འདས་པ་དང་ཁམས་གསུམ་ལ་མི་གནས་པས་འདམ་གྱིས་མ་གོས་པའི་འདམ་སྐྱེས་ལྟ་བུ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ནམ་མཁའ་བཞིན་དུ་འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་ཀྱང་དེ་ཉེས་པས་མི་གོས་པས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་སྐད་དུ་ཡང༌། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་སོ། །ཞེས་བརྗོད་དོ། །ཤིན་ཏུ་རྣམ་པར་དག་པ་གཉིས་སུ་མེད་པ་རང་རིག་པའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སོ་སོའི་བདག་ཉིད་རིག་པ་མི་གཡོ་བ་ཡིན་ཏེ། སོ་སོའི་


DTG040_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་རིག་གྱུར་པ། ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པའི་རིགས་པས་སོ། །ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་བརྟན་པ་དང་གཡོ་བ་ཀུན་གྱི་དངོས་པོ་རབ་ཏུ་སྣང་བ་རྡུལ་ཕྲ་རབ་སོ་སོའི་ནང་དུ་མཐའ་ཡས་པ་སྤྲོ་བ་ཤེས་རབ་དང་ཐབས་ཀྱི་རང་བཞིན་དྲི་མ་མེད་པའི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བ་བདེ་བ་ཆེན་པོས་གང་བའི་བརྟེན་པའི་ལྷ་དང༌། རྟེན་གྱི་དཀྱིལ་འཁོར་གྱི་ངོ་བོ་ཡིན་ཏེ། འཕགས་པ་དཀོན་མཆོག་སྒྲོན་མ་ལས། །རྡུལ་ཕྲ་རབ་ཀྱི་དབྱེ་བ་བཞིན་འཇིག་རྟེན་གྱི་ཁམས་ཀུན་གྱི་བདག་ཉིད་དངོས་པོས་མངོན་པར་སྤྲུལ་གྱུར་པ་ཞེས་གསུངས་པས་སོ། །ཕ་རོལ་ཏུ་ཕྱིན་པ་བཅུའི་ངོ་བོ་ཡོངས་སུ་མཐར་ཕྱིན་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང་ལྡན་པས་དཔལ་ལྡན་ཏེ། སྦྱིན་སྩོགས་རྣམ་བཅུ་དཀར་པོའི་ཡོན་ཏན་ཚུལ། །ལམ་ལ་ཡང་དག་ཏུ་ནི་གནས་པར་བགྱི། །ཞེས་པའི་ཕྱིར་རོ། །བསེ་རུ་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་ཏེ་ཆོས་དང་ལོངས་སྤྱོད་པ་དང༌། སྤྲུལ་པའི་སྐུའི་བདག་ཉིད་ཐུགས་དང་གསུང་དང་སྐུའི་གསང་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །གང་ཕྱིར་ཆོས་ནི་ཡོད་མ་ཡིན། །ཞེས་པའི་རིགས་པས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པས་ཀྱང་གསང་བ་འདུས་པ་སྟེ། སྐུ་གསུང་ཐུགས་གསུམ་གསང་བ་སྟེ། །འདུས་པ་ཚོགས་པ་ཡིན་པར་བརྗོད། །ཅེས་རྒྱུད་ཕྱི་མ་ལས་བཤད་པས་སོ། །གདུལ་བྱའི་སྐྱེ་བོ་དེ་དང་དེ་རྗེས་སུ་གཟུང་བའི་ཕྱིར་རྣམ་པར་རྟོག་པ་མ་ལུས་པ་དང་བྲལ་ཡང་སྒྲ་སྣ་ཚོགས་དང༌། སྤྲུལ་པ་དང་ལམ་དང་ཆོ་འཕྲུལ་ལ་སོགས་པས་ཐེག་པ་གསུམ་གྱིས་བསྡུས་པའི་ཆོས་སྟོན་པར་བྱེད་དོ། །དེ་ཉིད་ཤེས་པ་འགྲོ་སྐྱོབ་ལ། །ཐར་པ་མཆོག་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་པའི་ཕྱིར། །ཐར་པ་ལྟར་སྣང་དེ་ལས་གཞན། །ཞེས་ཏེ། འབྲས་བུར་གྱུར་པའི་ཀུན་ཏུ་བཟང་པོའོ། །དེ་མངོན་སུམ་དུ་བྱེད་པའི་རྒྱུ་ཏིང་ངེ་འཛིན་གསུམ་གྱི་མཚན་ཉིད་ནི་ལམ་མོ། །དེའི་ལྷན་ཅིག་བྱེད་པའི་རྒྱུར་གྱུར་པ་དབང་བསྐུར་བ་དང་རིག་པའི་བརྟུལ་ཞུགས་དང་དམ་ཚིག་ལ་སོགས་པ་གསང་བ་སྦྱིན་པ་ལ་སོགས་པའི་རྒྱུ་མཚན་ཐུགས་དང་གསུང་དང་སྐུ་དང་ཐམས་ཅད་ཀྱི་བདག་པོའི་བྲི་བའི་དཀྱིལ་འཁོར་རོ། །དེ་ལ་བར་དུ་གཅོད་པའི་


DTG040_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ལ་སོགས་པ་ཉེ་བར་ཞི་བར་བྱ་བའི་དོན་དུ་ལས་ཀྱི་ཚོགས་སོ། །གསུམ་པོ་འདིར་མ་བསྡུས་པ་དེ་དག་བསྟན་པ་དང་ཉན་པ་པོའི་སྐྱེ་བོ་སྤྲོ་བ་ལ་སོགས་པའི་རྒྱུ་སྟོན་པ་ལ་ཉེ་བར་མཁོ་བ་ནི་བརྗོད་པར་བྱ་བའོ། །དགོས་པ་ནི་སྙིང་རྗེ་དང་ལྡན་པས་གཞན་ལ་སྟོན་པར་འདོད་པས་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་པས་མངོན་སུམ་དུ་བྱེད་པའོ། །རྣམ་འགྲེལ་ལས། །བརྩེ་ལྡན་སྡུག་བསྔལ་སྤང་བའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་ཅན། །དེ་འཆད་པ་ནི་དཀའ་བ་ཡིན། །ལུང་དང་རིགས་པས་རྣམ་དཔྱོད་པས། །སྡུག་བསྔལ་རྒྱུ་ནི་ཡོངས་སུ་རྟོགས། །ཞེས་སོ། །དེ་ཉིད་ཀྱི་བརྗོད་པར་བྱ་བ་ཚད་མ་དང་ལུང་གིས་གྲུབ་པ་ཡིན་ཏེ། །གཞན་ལ་བསྟན་དུ་མེད་པ་ནི། །གོམས་པ་ཉིད་ལས་སྐྱེ་འགྱུར་ཏེ། །ནོར་བུ་དངུལ་ལ་སོགས་པའི་ཤེས། །དེ་རིག་པ་རྣམས་རྗེས་དཔག་མིན། །ཞེས་པའི་རིགས་པས་སོ། །གུས་པས་ཡུན་རིང་པོར་བར་མེད་པར་གོམས་པ་ལས་མངོན་སུམ་དུ་བྱས་པ་ཡིན་ཏེ། །རྣམ་རྟོག་རྗེས་སུ་འབྲེལ་བ་ལས། །དོན་གསལ་སྣང་བ་ཡོད་མ་ཡིན། །ཞེས་པས་གསལ་བར་སྣང་བ་རྟོག་པ་མཐའ་དག་དང་བྲལ་བའི་རྣལ་འབྱོར་པ་ཡིན་ནོ། །འཁོར་ལོ་འཁོར་བའི་སྦྱོར་བ་ཡིས། །སྐྱོབ་པ་བྱ་བ་མེད་པར་ཡང༌། །ཚོགས་སད་པ་ཡི་ནུས་པ་ལས། །བསྟན་པ་ཡང་དག་སྐོར་བར་བྱེད། །ཅེས་པས་རྒྱུ་མཚན་མེད་པ་དང་ལྷུན་གྱིས་གྲུབ་པའོ། །ཡང་ན། དེ་མི་རིག་དང་རྣམ་པ་མེད། །རྟོག་བྲལ་དེ་ནས་བྱ་བ་མེད། །རྣམ་པར་གྲོལ་བ་ལྟར་སྣང་སྟོན། །ཞེས་ཏེ། དགེ་བ་འཇིག་རྟེན་པའི་ཡེ་ཤེས་ཀྱི་གནས་སྐབས་འཇིག་རྟེན་ལས་འདས་པའི་རྗེས་ལས་བྱུང་བ་དག་པ་འཇིག་རྟེན་པའི་ཡེ་ཤེས་མངོན་དུ་བྱས་ནས། བཅོམ་ལྡན་འདས་ཆོས་སྟོན་ཏོ་ཞེས་པའི་ལུང་གིས་ཏེ། སྙིང་བརྩེ་བའི་བདག་ཉིད་ཀྱི་དངོས་པོས་རྣམ་པ་ཐམས་ཅད་ཀྱི་དེ་ཉིད་སོ་སོར་རྟོགས་པས་མི་སླུ་བ་ཉིད་ཀྱིས་ཚད་མར་གྱུར་པའི་བདེན་པའོ། །གསུང་གཅིག་ཏུ་ནི་གསུངས་མོད་ཀྱི། །དུ་མ་ཉིད་དུ་སོ་སོར་མཚོན། །ཞེས་པ་དང༌། འཕགས་པ་དཀོན་མཆོག་སྒྲོན་མ་ལས་ཀྱང༌། འཇིག་རྟེན་ཀུན་གྱི་སྒྲ་རྣམས་ཇི་བཞིན་དུ། །སྐད་ཅིག་གཅིག་ལ་གསུང་ནི་རྗོད་པར་བྱེད། ཅེས་གསུངས་སོ། །གདུལ་བྱའི་མོས་པས་རབ་ཏུ་སྣང་བ་ནི་


DTG040_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྨོན་ལམ་གྱི་དབང་གིས་སྐད་སྣ་ཚོགས་དང་སྤྲུལ་པ་དང་ཆོ་འཕྲུལ་དང་ལམ་ལ་སོགས་པས་སོ། །གང་དང་གང་གི་གཟུགས་ཀྱིས་ནི། །ལུས་ཅན་འདུལ་བའི་སྣོད་དུ་འགྱུར། །དེ་དེ་སྙིང་རྗེའི་དབང་སོན་པས། །སྙིང་རྗེའི་བདག་ཉིད་ཅན་གྱིས་སྟོན། །ཞེས་སོ། །གཞན་རྣམས་ལ་ཡང་སྣོད་ཇི་ལྟ་བར་ཐོས་པ་ལ་སོགས་པའི་རིམ་པས་དེ་དག་མངོན་སུམ་དུ་བྱ་བའི་ཕྱིར་རབ་ཏུ་སྟོན་པ་ནི་དེའི་དངོས་ཀྱི་དགོས་པ་ཡིན་ཏེ། དེ་ལས་གཞན་མི་སྲིད་པའི་ཕྱིར་རོ། །སྐྱོབ་པས་ཉིད་ཀྱི་ལམ་གཟིགས་གསུང༌། །འབྲས་མེད་ཕྱིར་ན་བརྫུན་མི་གསུང༌། །ཐུགས་བརྩེ་ལྡན་ཕྱིར་གཞན་དོན་ཡང༌། །རྩོམ་པ་ཐམས་ཅད་སྦྱོར་ཕྱིར་རོ། །དེ་ཕྱིར་ཚང་ཡིན་ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་ཡིན། །ཞེས་རྣམ་འགྲེལ་ལས་སོ། །མགོན་པོ་ཁྱེད་ཀྱིས་གཞན་ལ་ཕན་པ་འབྲས་བུ་ཡིན། །ཞེས་བརྗོད་པའི་ཡང་ཕྱིར་རོ། །དེའི་རྗོད་པར་བྱེད་པ་ཡང་བསྟན་པའི་ཆོས་ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོར་སྣང་བ་དཔལ་གསང་བ་འདུས་པ་ཞེས་གྲགས་པའི་རྒྱུད་འདི་ཡིན་ནོ། །དེ་ཉིད་དོན་གཅིག་ཏུ་བསྡུས་པའི་རྣམ་པ་དང༌། བསྒྲུབ་པར་བྱ་བའི་ཐབས་དང༌། སྐྱེས་བུའི་དོན་རྗོད་པར་བྱེད་པ་དང༌། བསྟན་བཅོས་ཀྱི་ཆོས་དང་མཐུན་པར་མངོན་སུམ་ལ་སོགས་པའི་ཡུལ་རྣམས་ལ་རྟོགས་པ་དང་ལྡན་པ་རྣམས་འཆད་པར་འགྱུར་བའི་དབང་དུ་བྱས་པས་ཡོངས་སུ་བརྟག་གོ །གང་ཡང་རྣམ་འགྲེལ་ལས། །འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་ངག །ཡོངས་སུ་བརྟགས་ནས་དབང་བྱས་ཡིན། །དེ་ལས་གཞན་དུ་དབང་བྱས་མིན། །ཞེས་སོ། །འདི་ཉིད་རྣམ་འགྲེལ་གྱི་ཚིག་ཏུ་རིགས་ཏེ་འདི་ཉིད་དུ་བསྟན་བཅོས་ཀྱི་དོན་གང་ཡིན་བསྟན་ལ། འདིའི་འགྲེལ་བར་འབྲེལ་པ་དང་རྗེས་སུ་མཐུན་པའི་ཐབས་དང༌། སྐྱེས་བུའི་དོན་རྗོད་པར་བྱེད་པ་རྣམས་ཏེ། བསྟན་བཅོས་ཆོས་ནི་མ་བསྟན་པར། །ཞེས་སོ། །འགྲེལ་བཤད་གཞན་ལས་ཀྱང་འབྲེལ་བ་དང་རྗེས་སུ་མཐུན་པའི་ཐབས་དང༌། སྐྱེས་བུའི་དོན་ཞེས་ཟླས་དབྱེ་བ་དེ་རྣམས་ཀྱིས་རྗོད་པར་བྱེད་པ་ཞེས་སོ། །དེའི་དགོས་པ་ཡང་བརྗོད་པར་བྱ་བ་རྟོགས་པའོ། །དེ་དག་གི་ཐབས་དང་ཐབས་ལས་བྱུང་བའི་དངོས་པོ་ནི་འབྲེལ་པ་སྟེ། དེ་ལས་གཞན་ནི་མ་གྲུབ་པས་སོ། །འདི་ཐམས་ཅད་སོ་སོར་ཟུང་ཤིག །རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཡིན་ཏེ། ཁྱོད་ཉིད་དེ་བཞིན་


DTG040_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབང་ཕྱུག་གི་རྒྱལ་པོའི་འཁོར་ལོ་ཞེས་དབང་བསྐུར་རོ་ཞེས་པའི་ཐ་ཚིག་གིས་སོ། །བཅོམ་ལྡན་འདས་རྡོ་རྗེ་ཆོས་ཡིན་ཏེ། རྒྱུད་འདིར་ཡང་སྟོན་པ་དང་འཁོར་དང་སྡུད་པར་བྱེད་པ་འབྲས་བུ་འདྲ་ཡང་བསམ་གྱིས་མི་ཁྱབ་པའི་ཕྱིར་ཐམས་ཅད་མཁྱེན་པ་གཞན་གྱི་དོན་བྱེད་པའི་རིམ་པའི་དགོས་པས་གདུལ་བྱའི་སྐྱེ་བོ་གཟུང་བའི་ཕྱིར་དང༌། །ཚུལ་གཞན་གྱི་རྒྱུད་ལ་མངོན་པར་བརྩོན་པའི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་མ་ཡིན་པའི་ཡང་ཕྱིར་རོ། །རྣམ་པར་རྟོག་པའི་ཤེས་པ་ལ་སོགས་པ་གནས་གྱུར་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་ཏེ། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པས་འདི་ལྟ་བུའི་མཚན་ཉིད་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་སྡུད་པར་བྱེད་པས་ཤུགས་ཀྱིས་འཕངས་པ་ནི་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་སོ། །འདིས་ནི་རྗོད་པར་བྱེད་པ་དང༌། །དེའི་དགོས་པ་དང༌། འབྲེལ་པ་དང༌། བརྗོད་པར་བྱ་བ་དང་དེའི་དགོས་པ་དང༌། དེའི་ཡང་དགོས་པ་རྣམས་ནི་ཉན་པ་ལ་སོགས་པ་རྣམས་ལ་འཇུག་པའི་ཡན་ལག་ཏུ་འཕངས་པ་ཡིན་ཏེ། གང་སློབ་དཔོན་ཕྱོགས་ཀྱི་གླང་པོས། །དད་ལྡན་འཇུག་པ་ཡན་ལག་ཏུ། །སྟོན་པ་དང་ནི་འཁོར་དབང་པོ། །ཡུལ་དང་དུས་དག་ངེས་བསྟན་པ། །རང་ཉིད་ཚད་མར་གྲུབ་ཕྱིར་རོ། །འཇིག་རྟེན་ན་ནི་སྡུད་པ་པོ། །ཡུལ་དང་དུས་ནི་ཉེར་མཚོན་དང༌། །དབང་པོ་དང་བཅས་སྨྲས་པ་ན། །ཚད་མ་ཉིད་དུ་རྗེས་སུ་འགྲོ། །འདི་དག་ཐམས་ཅད་ཚིག་ཕྲད་དག །ཐོས་པ་ལ་སོགས་རབ་ཏུ་བསྒྲགས། །ཞར་ལས་བྱུང་བ་ཞེས་པས་སོ། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་པས་བསྙད་པར་བྱ། །མདོ་དོན་སྨྲ་བར་འདོད་རྣམས་ཀྱིས། །ཞེས་རྣམ་བཤད་རིགས་པ་ལས་བརྗོད་དེ། དེར་དགོས་པ་དང་བསྡུས་པའི་དོན་ལ་སོགས་པ་ཡང་བརྗོད་པར་བྱའོ། །མངོན་རྟོགས་ལ་སོགས་དབྱེ་བ་ཡིས། །རྒྱུད་དུ་རྣམ་པ་བཞི་བསྟན་པ། །རང་དབང་ཞུགས་པས་གྲུབ་མེད་ཕྱིར། །དེར་དཀྲུགས་བསྟན་པས་དྲི་མ་མེད། །འབྲས་བུ་མཐོང་


DTG040_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་འབྲས་བུ། །དོན་གཉེར་རྒྱུ་ལ་འཇུག་པར་འགྱུར། །དེ་ཕྱིར་རྒྱལ་བས་གླེང་གཞི་ཡི། །ལེའུར་འབྲས་བུ་ལ་སོགས་བསྟན། །དེ་ཡི་རྒྱུ་ནི་འདོད་པ་ལ། །བྱང་ཆུབ་སེམས་ནི་རྒྱུ་ཡིན་པར། །དེ་རིགས་དབྱེ་བས་རྣམ་དྲུག་ཏུ། །ལེའུ་གཉིས་པས་བསྟན་པ་ཡིན། །སྟོང་པ་ཉིད་དང་དེ་ཡི་སེམས། །དེ་ཡང་ཆོས་དབྱིངས་ང་རྒྱལ་དང༌། །དེ་ལ་སོགས་པ་རྟོགས་དོན་དུ། །སླར་ཡང་གསུམ་པ་བསྟན་པ་ཡིན། །དབང་བསྐུར་མེད་པར་གྲུབ་མིན་དང༌། །དཀྱིལ་འཁོར་མེད་ནའང་གྲུབ་མིན་ཏེ། །འདི་ལ་སོགས་པ་རྟོགས་བྱའི་ཕྱིར། །བཞི་པ་རབ་ཏུ་བསྟན་པ་ཡིན། །དཀྱིལ་འཁོར་དུ་ནི་དབང་བསྐུར་ལ། །དམ་ཚིག་སྡོམ་པའང་བརྗོད་བྱ་ཞེས། །དེ་ཉིད་རིག་པ་རྣམས་ཀྱིས་ནི། །ལེའུ་ལྔ་པར་གསུངས་པ་ཡིན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང༌། །རྗེས་ཆགས་མཆོད་དག་རྣལ་འབྱོར་པས། །ཐ་མི་དད་སྩོགས་རྟོགས་དོན་དུ། །ལེའུ་དྲུག་པ་གསུངས་པ་ཡིན། །ཤེས་རབ་སྙིང་རྗེ་ལྡན་པ་ཡིས། །འདོད་ཀུན་ལོངས་སྤྱོད་བསྟེན་པས་ན། །འགྲོ་བའི་དོན་དུ་བྱང་ཆུབ་ཐོབ། །འདི་ལ་སོགས་པ་བདུན་པར་གསུངས། །རིག་པའི་བརྟུལ་ཞུགས་རྗེས་མཐུན་ཕྱིར། །རིག་མ་སྦྱང་བར་བྱ་དོན་དུ། །རྣམ་སྣང་སྩོགས་ཀྱིས་བྱིན་བརླབས་པའི། །དོན་དུ་བརྒྱད་པ་བསྟན་པ་ཡིན། །ལྔ་པ་དམ་ཚིག་བརྗོད་པ་ལ། །འདི་ལ་གང་ཞིག་ལོག་རྟོགས་པ། །དེ་ནི་འདི་ཡིས་སྤོང་བྱེད་པས། །དེ་ཡང་ལེའུ་དགུ་པར་དཀྲོལ། །བཅུ་པར་བརྟག་པ་ལ་སོགས་པས། །རིག་མ་བྱིན་གྱིས་བརླབ་པ་དང༌། །དྲག་པོ་ཞིང་སྩོགས་བསྒྲུབ་སྩོགས་དང༌། །རྡོ་རྗེ་འཛིན་པའི་ས་བོན་གསུང༌། །ལྷ་ཡི་གཟུགས་ནི་གྲུབ་པ་ཡི། །རྒྱུ་རུ་ཡི་གེ་གསུམ་རྣམས་དང་། །སྙིང་རྗེ་ཤེས་རབ་རང་བཞིན་གྱི། །ཧོ་གཉིས་བཅུ་གཅིག་པར་བརྗོད་དོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང༌། །བྱིན་བརླབས་གསོལ་བ་འདེབས་པ་དང༌། །བརྩོན་འགྲུས་ལྔ་ཡི་ཕན་ཡོན་སྩོགས། །བཅུ་གཉིས་པ་རུ་ཡང་དག་བསྒྲགས། །སྔགས་བཟླས་དེ་ཡི་དོན་སྩོགས་དང༌། །རྟག་པ་ལ་སོགས་ཁ་དོག་དང༌། །མཚོན་སོགས་ངེས་དང་ཞི་སྩོགས་ལས། །བཅུ་གསུམ་པ་རུ་སྟོན་པར་བྱེད། །ཞི་སྩོགས་དོན་དུ་སྔགས་ཀྱི་ནི། །དྲག་པོའི་སྒྲུབ་པ་ལ་སོགས་དང༌། །རྣལ་འབྱོར་པ་ཡིས་སྒྲུབ་དོན་དུ། །སྤྱན་སྩོགས་བཅུ་བཞི་པ་རུ་བསྟན། །རིག་པའི་བརྟུལ་ཞུགས་རྗེས་མཐུན་ཕྱིར། །རིག་པ་སྒྲུབ་པའི་


DTG040_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་ནི། །དབང་བསྐུར་ལ་སོགས་ངེས་པ་ཀུན། །གྲུབ་པའི་དོན་དུ་བཅོ་ལྔ་པའོ། །སྐུ་སྩོགས་དཀྱིལ་འཁོར་ལྷ་རྣམས་དང༌། །རྣལ་འབྱོར་པ་ཡི་བརྟུལ་ཞུགས་དང༌། །རྫས་སྩོགས་སྒྲུབ་ཐབས་ཡང་དག་པར། །བཅུ་དྲུག་པ་རུ་བསྟན་པ་ཡིན། །དམ་ཚིག་བསྲུང་དང་བྱང་ཆུབ་ལ། །བསེ་རུ་ལ་སོགས་ཚུལ་ངེས་པ། །སྟོན་པ་རྒྱལ་བས་མདོར་བསྡུས་པ། །བཅུ་བདུན་པ་རུ་བསྟན་པ་མཛད། །ཟབ་པར་བརྗོད་དོན་སྤྲོས་པ་དང༌། །རྩ་བར་མ་སྨྲས་བརྗོད་དོན་དུ། །རྒྱུད་ནི་ཕྱི་མའི་ཚུལ་གྱིས་ནི། །ལེའུ་བཅོ་བརྒྱད་པ་རུ་འདོད། །འཆང་པ་པོ་དང་ཉན་པ་པོས་ཀྱང་བདེ་བླག་ཏུ་བཤད་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། མདོར་བསྡུས་པས་བརྗོད་པའི་དོན་ཚིག་གི་དོན་བཤད་པ་ལ་སོགས་པ་ལེགས་པར་རྟོགས་པར་མི་འགྱུར་བའི་ཕྱིར། །སྐབས་ཇི་ལྟ་བར་དེ་བརྗོད་པར་བྱ་སྟེ། །དེ་ལ་འདི་སྐད་ཅེས་པ་ནི་གཞོན་ནུ་མའི་དགའ་བའི་ཚུལ་གྱིས་སོ་སོར་རང་གིས་རིག་པའི་རང་གི་མཚན་ཉིད་ཀྱི་ངོ་བོས་གཞན་རྣམས་ལ་བསྟན་པར་མི་ནུས་པའི་ཕྱིར་སྤྱིའི་རྣམ་པས་བརྗོད་པ་ནི་རྒྱུད་ཀྱི་དོན་མདོར་བསྡུས་པའོ། །བདག་གིས་ཞེས་པ་ནི་མངོན་སུམ་དུ་ཐོས་པའོ། །ཐོས་པ་ཞེས་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་པས་རྟོགས་པ་སྟེ། མཐོང་ཞིང་ཐོས་ལ་ཁོང་དུ་ཆུད་ནས་ཞེས་རྒྱུད་ཕྱི་མ་ལས་བརྗོད་པས་སོ། །ཁོང་དུ་ཆུད་ཀྱང་ཀུན་གཞི་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་ང་རྒྱལ་མེད་པ་ཉིད་ཀྱིས་འཆད་པ་པོ་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་ཆོས་རིན་པོ་ཆེའི་བདུད་རྩི་ཉན་པ་ལ་ཚིམ་པ་མེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་སངས་རྒྱས་ཐམས་ཅད་ཀྱང་གསན་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསླབ་པའི་དོན་དུ་ཐོས་པ་སྨོས་སོ། །ཁོང་དུ་ཆུད་པ་རྣམ་པར་གཅད་པར་བྱ་བའི་དོན་དུ་འདིར་འཆད་པ་ནི་གཞན་དག་སྟེ་སྣང་བར་བྱེད་པར་འདོད་པས་མུན་པ་བྱས་པ་བཞིན་དུ་སྡུད་པ་པོ་གཟུང་བར་བྱ་བར་འོས་པ་ཉིད་དུ་བསྟན་པར་འདོད་པས་གཟུང་བར་མི་འོས་པར་བསྟན་པར་འགྱུར་རོ། །དེ་ཉིད་དུ་དོན་རྫོགས་པ་ཉིད་ཀྱིས་སྡུད་པར་བྱེད་པ་པོ་ངེས་པར་བྱས་པར་བསྟན་པར་མི་འགྱུར་རོ། །གང་གི་ཚེ་གང་ལས་གང་དུ་ཞེ་ན་གསུངས་པ། དུས་གཅིག་ན་ཞེས་པ་ནི་སྐད་ཅིག་མ་གཅིག་ལ་སྟེ། འདིས་ནི་བདག་ཉིད་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་སྒོ་ཐོབ་


DTG040_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཐོས་པ་མང་བ་དང༌། མདོ་རིན་པོ་ཆེ་ཡང་དཀོན་པ་ཉིད་ཡིན་པར་སྔར་བྱུང་བའི་ཞེས་པ་ལ་སོགས་པའི་མཐའི་ཚིག་གིས་སོ། །མ་འོངས་པས་ཀྱང་འདི་ལ་འབད་པར་བྱའོ་ཞེས་གསུངས་པའོ། །བཅོམ་ལྡན་འདས་ཞེས་པ་ནི། འཇོམས་པའི་ཕྱིར་ན་བཅོམ་ཞེས་བརྗོད། །ཉོན་མོངས་བདུད་ལ་སོགས་འཇོམས་པས། །ཤེས་རབ་ཉོན་མོངས་དེ་འཇོམས་ཕྱིར། །དེ་ཕྱིར་ཤེས་རབ་བཅོམ་པར་བཤད། །ཅེས་ཏེ། ཉོན་མོངས་པ་དང་ཕུང་པོ་དང་འཆི་བདག་དང་ལྷའི་བུའི་བདུད་འཇོམས་པའི་ཕྱིར་རོ། །དབང་ཕྱུག་དང་ནི་གཟུགས་བཟང་དང༌། །སྙན་དང་དཔལ་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་ལ་སྐལ་ལྡན་ཞེས་ནི་ཐོས། །ཕུན་སུམ་ཚོགས་པ་འདི་རྣམས་ནི། །ཇི་ལྟར་རྒྱལ་ལ་བསྟེན་འཇུག་ཡིན། །ངེས་ན་གཞན་དུ་གཞན་མིན་འདི། །བཅོམ་ལྡན་བདེ་བར་གཤེགས་པར་འདོད། །ཅེས་སོ། །དབང་ཕྱུག་ཕུན་སུམ་ཚོགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་དེ་ལ་རྟོག་པ་མ་ལུས་པའི་བག་ཆགས་དང་བྲལ་བའི་བདག་ཉིད་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་ནི་དབང་ཕྱུག་ཕུན་སུམ་ཚོགས་པའི་བཅོམ་ལྡན་འདས་ཡིན་ཏེ། རང་དང་གཞན་གྱི་དོན་བསྒྲུབ་པ་དེའི་མཐུ་དང་ལྡན་པའི་ཕྱིར་རོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་དེ་ལས་གཞན་པའི་ཡེ་ཤེས་ཀྱི་འབྱུང་ཁུང་ཉིད་ཡིན་པས་གཟུགས་ཕུན་སུམ་ཚོགས་པའི་བཅོམ་ལྡན་འདས་ཀྱི་རང་བཞིན་ཡིན་ཏེ་འདི་ཡེ་ཤེས་གཅིག་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་སྙིང་རྗེ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེའི་མཐུས་འགྲོ་བ་མཐའ་དག་ལ་ཕན་པ་སྐྱེད་པའི་ནུས་པས་སྙན་པ་མ་ལུས་པའི་ཡང་དག་པའི་རྟེན་དུ་གྱུར་པ་ཕུན་སུམ་ཚོགས་པ་ཉིད་ཀྱིས་བདག་པོར་གྱུར་པ་དང་ལྡན་པས་སྙན་པ་ཕུན་སུམ་ཚོགས་པ་དང་དཔལ་ཡང་ཡིན་ནོ། །སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ནི་ཕྱིན་ཅི་མ་ལོག་པར་དངོས་པོ་ཡོངས་སུ་གཅོད་པའི་བདག་ཉིད་ཀྱིས་ཡེ་ཤེས་ཕུན་སུམ་ཚོགས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པས་རྣམ་པར་གཞག་པའི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཕུན་སུམ་ཚོགས་པའི་རྩོལ་བའོ། །ཐུན་མོང་མ་ཡིན་པའི་ཡོན་ཏན་རིན་པོ་ཆེས་བརྒྱན་པ་དེ་ལྟར་ན་བཅོམ་ལྡན་འདས་བདེ་བར་གཤེགས་པའོ། །དེ་རྣམས་ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་ཉིད་དུ་ཇི་ལྟ་བ་དེ་བཞིན་གཤེགས་པ་སྟེ། །ཡང་དག་པར་རྟོག་པ་དང༌།


DTG040_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྣམས་ལ་ཡང་དེ་བཞིན་དུ་སྟོན་པར་བྱེད་པས་ངེས་པའི་ཚིག་གིས་བསྒྲུབ་པས་དེ་བཞིན་གཤེགས་པའོ། །དེ་རྣམས་ཀྱིས་སྔར་བཤད་པའི་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པའི་རང་བཞིན་གྱིས་ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་སྙིང་པོའོ། །དེ་ཉིད་ཡེ་ཤེས་ལྔའི་རང་བཞིན་གྱིས་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་དངོས་པོ་ཐམས་ཅད་ཁོང་དུ་ཆུད་པས་མངོན་སུམ་དང་རྗེས་སུ་དཔག་པས་མི་ཕྱེད་པའི་ཕྱིར་རྡོ་རྗེ་ཡིན་ཏེ། གང་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བརྗོད་དེ། །རྣམ་པར་དབྱེ་བ་དང་བྲལ་བའི་བསྟན་པའོ། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་པས། དེ་ཉིད་བཙུན་མོ་སྟེ་ཤེས་རབ་ཡིན་ལ་དེ་ཉིད་སྔར་བཤད་པའི་རིགས་པས་བྷ་གའོ། །དེ་ཡང་གཉིས་སུ་མེད་པར་མཉམ་པའི་རྣམ་པར་རྒྱལ་བ་ལས་གསུངས་པ། བྷ་ག་བཅོམ་ལྡན་སངས་རྒྱས་ཏེ། །དེས་ན་འདོད་ཆགས་སུམ་མི་དབྱུང༌། །དེ་ཉིད་གཞན་ནི་དམ་ཚིག་གསུམ། །དེ་ཉིད་འདིར་ནི་འདུས་པ་ཡིན། །ཞེས་སོ། །དེ་རྣམས་སུ་ཞེས་མང་པོའི་ཚིག་གིས་ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་དུ་སྣང་བའི་རྡུལ་ཕྲ་རབ་སོ་སོའི་ནང་དུ་ཆུད་པའི་སྟོབས་བཅུ་ལ་སོགས་པའི་ཆོས་འབྱུང་བའི་ནང་དུ་གནས་པ་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེ་ལ་བརྟེན་པ་རྡོ་རྗེ་རིན་པོ་ཆེའི་རྩེ་མོ་ཅན་གཞལ་ཡས་ཁང་ན་གནས་པ་རྡོ་རྗེ་འཛིན་པ་ཆེན་པོའི་དཀྱིལ་འཁོར་གྱི་ཚོགས་གསུངས་པ་ཡིན་ནོ། །གང་གསུངས་པ། མང་པོའི་ཚིག་ནི་སོ་སོའི་རྡུལ་ཕྲན་གྱི། །ནང་ན་མཐའ་ཡས་འོད་འཕྲོ་མ་ལུས་འགྲོ་བ་ལ། །རྟེན་དང་བརྟེན་པའི་ཆ་བྱད་དུ་ནི་གྱུར་པ་ཡིན། །འཁོར་ལོའི་ཚོགས་ནི་རྣམ་པར་བསྟན་པར་འདོད། །བཞུགས་ཞེས་ཏེ་གདུལ་བྱའི་སེམས་ཅན་མོས་པ་སྣ་ཚོགས་པ་ལ་སྣ་ཚོགས་པའི་ཐབས་ཀྱིས་ཡིད་འཕྲོག་པར་བྱེད་པ་གང་གི་ཚེ་མགུ་བར་བྱས་པ་དེའི་ཚེ་དེ་ནས་དེ་རུ་བདག་གིས་ཐོས་ཞེས་སྔར་དང་འབྲེལ་ལོ། །གང་དང་ལྷན་ཅིག་ཏུ་ཐོས་ཤེ་ན། བརྗོད་ཀྱིས་མི་ལང་བ་སྟེ་སོ་སོར་རང་གིས་རིག་པའི་རང་བཞིན་གྱིས་བརྗོད་པར་མི་ནུས་པ་དང༌། དེ་ཉིད་ཀྱི་ཕྱིར་བརྗོད་ཀྱིས་མི་ལང་བ་སྟེ། རྗོད་པར་བྱེད་པ་མ་ཡིན་པས་སོ། །མང་པོའི་ཚིག་ཡིན་པས་བྱེད་པ་པོ་ལ་བྱེད་པའི་རྐྱེན་ནོ། །སློབ་དཔོན་


DTG040_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་གླང་པོས། །དོན་དང་སྒྲ་ཡི་བྱེ་བྲག་ལ། །བརྗོད་བྱ་རྗོད་བྱེད་འདོད་མིན་ཏེ། །དེ་དག་སྔར་ནི་མཐོང་མིན་ཕྱིར། །སྤྱི་ཉིད་ཀྱིས་ནི་བརྗོད་པ་ཡིན། །ཞེས་པ་རྗོད་པས་སོ། །བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོ་བརྟགས་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དེ། །དོན་དམ་པར་རྣམ་པར་རྟོག་པ་དེ་དང་བྲལ་བས་དེ་རྣམས་ཀྱི་ཡོན་ཏན་ཆེན་པོ་གཙོ་བོ་ཡིན་པའི་ཕྱིར་དང་པོར་གསུངས་སོ། །དེ་ལྟར་ཡང་འཕགས་པ་ལང་ཀར་གཤེགས་པ་ལས། །བདག་ལ་བཅོམ་ལྡན་འདས་ཀྱིས་ངག་གི་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་སྙིང་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་དུ་གསོལ། །གང་གིས་རྣམ་པར་རྟོག་པའི་ངག་གི་མཚན་ཉིད་ཀྱི་སྙིང་པོས་བཅོམ་ལྡན་འདས་ཀྱིས་རྣམ་པར་དབྱེ་བས་སོ་སོར་རྟོག་པའི་སྒོ་ནས་བདག་དང་གཞན་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྗོད་ཀྱིས་མི་ལང་བས་དོན་གཉིས་རྟོགས་པར་གྱུར་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་བརྗོད་ཀྱིས་མི་ལང་བའི་དོན་གཉིས་པོ་རྟོགས་པ་ལ་སེམས་ཅན་ཐམས་ཅད་རྣམ་པར་དག་པར་བྱེད་པར་མཛད་དུ་གསོལ་ཞེས་སོ། །དེ་སྐད་དུ་ཀྱེ་རྒྱལ་བའི་སྲས་ཚིག་དང་བྲལ་བའི་དོན་ནི་སངས་རྒྱས་ཀྱི་ཚིག་གི་དོན་ཞེས་བརྗོད་དོ། །ཆོས་ཀྱི་དབྱིངས་ལ་ཡི་གེ་མ་མཐོང་བ་དང་དོན་མ་མཐོང་བ་ཞེས་སོ། །དེ་སྐད་དུ་ཡང་དཔལ་གསང་བའི་ཐིག་ལེ་ལས། །ཚིག་ཏུ་བརྗོད་པ་དང་བྲལ་བ་སངས་རྒྱས་ཀྱི་ཞིང་ནམ་མཁའི་ཁམས་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྡོ་རྗེ་རྣལ་འབྱོར་པ་ཆེན་པོའི་དབང་ཕྱུག་རྣམས་ཀྱིས་ཞེས་སོ། །ཐམས་ཅད་ཀྱང་ཡིན་ལ་དེ་རྣམས་ཀྱང་སངས་རྒྱས་ཀྱི་ཞིང་ཡང་ཡིན་ཏེ། དེ་རྣམས་ནི་རི་རབ་དེ་རྣམས་ཀྱི་རྡུལ་ཕྲ་རབ་ཙམ་ཡང་མཉམ་པའི་རྡུལ་ཕྲ་རབ་དེ་དང་མཉམ་པའི་གྲངས་ཞེས་པ་ནི་གྲངས་ཆེན་པོ་ཉིད་དོ། །གྲངས་རྣམས་ཀྱིས་ཡང་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་ཞེས་པ་ནི་གྲངས་མེད་པའི་ཡང་གྲངས་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་རྣམས་ཀྱི་ཕྱི་མའི་ངག་གི་དོན་ཤིན་ཏུ་མང་བ་ཉིད་ཀྱིས་གྲངས་ཀྱི་བྱེ་བྲག་གི་ཚིག་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་སྒྲ་ཇི་སྲིད་དུ་ལན་མང་དུ་ཡོངས་སུ་བསྒྲེས་ཀྱང་མདུན་ན་གནས་པའི་བྱེ་མའི་ཕུང་པོ་ཙམ་ཉིད་དུ་ཡོངས་སུ་ཆུབ་པས་ཉུང་བའི་ཕྱིར་ཚིག་གི་དོན་སྔ་མ་དེ་དང་


DTG040_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་ཏུ་གཞི་མཐུན་པ་འགལ་ལོ། །གང་འཕགས་པ་སྟུག་པོ་བཀོད་པ་ལས། །དེའི་མདུན་ན་གནས་པའི་བྱེ་མའི་ཕུང་པོ་ཆེན་པོར་གྱུར་པ་དཔག་ཚད་དུ་མའི་ཚད་དུ་ཡོད་པའི་བྱེ་མའི་ཕུང་པོ་བགྲང་བ་དང་གཞལ་བ་དང་ཚད་ཀྱིས་གྲངས་སུ་བྱས་པ་འདི་ཙམ་ཞེས་བྱེ་མ་རྣམས་ཀྱི་འབྲུ་ལ་མངོན་པར་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཡོངས་སུ་བསྒྲེས་སོ། །སླར་ཡང་འདི་ཉིད་དུ་གསུངས་པ་ཇི་སྲིད་དུ་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་འབྱུང་བ་བརྒྱུད་པ་རྟོགས་སོ། །དེ་མ་ཐག་ཏུ་སེམས་ཀྱིས་དེ་བཞིན་གཤེགས་པ་རྣམས་འཛམ་བུའི་གླིང་གི་རྡུལ་ཕྲ་རབ་དང་འདྲ་བར་རྟོགས་སོ། །དེ་མ་ཐག་ཏུ་དེ་བཞིན་གཤེགས་པ་རྣམས་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཇི་སྲིད་པ་དང་མཉམ་པར་སེམས་ཀྱིས་རྟོགས་སོ། །དོན་གཅིག་ཡིན་ན་ཡང་དོན་གཞན་མི་སྲིད་པས་ཟློས་པར་འགྱུར་རོ། །གཞི་མི་མཐུན་ན་ཡང་དོན་མེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པའི་རྣམ་པར་དག་པ་རང་རིག་པ་ཙམ་གྱི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་བྱང་ཆུབ་ཀྱི་རང་བཞིན་ནི་སེམས་དཔའ་སྟེ། རང་རིག་གིས་ནི་རིག་བྱ་བ། །ཆོས་དབྱིངས་རྒྱུད་དང་བྲལ་བ་ནི། །རྟག་ཅིང་བདེན་པའི་དངོས་པོར་མཐོང༌། །གློ་བུར་མ་ཡིན་མཚན་ཉིད་ནི། །ཞེས་རྒྱན་ལས་སོ། །སེམས་ཅན་གྱི་དོན་ལ་ནུས་པ་ཆེན་པོ་ནི་སེམས་དཔའ་ཆེན་པོའོ། །དགའ་ཆེན་འདི་ནི་གང་ལ་ཆགས། །སེམས་ཅན་གནས་ལ་ཆགས་པ་ཡིན། །ཞེས་པས་སོ། །འདི་ལྟར་དཔག་ཏུ་མེད་པ་ཡང་བཅུ་བདུན་པ་འདི་ལས་དེ་ནས་རྡོ་རྗེ་ནམ་མཁའི་ཁམས་འདིར་སེམས་ཅན་གང་རྣམས་སྐུ་གསུམ་གྱི་དམ་ཚིག་ལས་བྱུང་བ་ལ་དེ་རྡོ་རྗེའི་དཔལ་གྱིས་ཡང་དག་པར་རེག་པས་དེ་རྣམས་ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཅན་དུ་གྱུར་ཏོ། །དེང་ནས་བརྩམས་ཏེ་སེམས་ཅན་ཐམས་ཅད་ཀུན་དུ་བཟང་པོ་ཀུན་དུ་བཟང་པོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཀྱིས་དབང་བསྐུར་བར་གྱུར་ཏོ་ཞེས་གསུངས་པའི་ཚིག་ལས་སོ། །གསང་བའི་པདྨའི་དཀྱིལ་འཁོར་དུ་སེམས་ཅན་གྱི་འཇིག་རྟེན་དབང་བསྐུར་མ་ཐག་ཏུ་གྲུབ་པའི་དངུལ་ཆུས་ཟངས་གསེར་དུ་བྱེད་པ་བཞིན་དུ་གནས་ཡོངས་སུ་གྱུར་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་


DTG040_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པས་གང་རྣམས་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་སུ་ཡང་གྱུར་པས་དེ་རྣམས་མིང་དེས་བརྗོད་དོ། །འདི་ལྟ་སྟེ་ཞེས་པ་ནི་འདི་ལྟར་རོ། །རང་གི་དམ་ཚིག་བསྒྲུབ་པ་ལ་གཙོ་བོར་གྱུར་པ་ནི་འདོད་པའི་ལྷ་སྒྲུབ་པའི་ཐབས་ཏེ་འགྲོ་བ་མཐའ་དག་གི་དོན་བྱེད་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངེས་པར་བྱ་དགོས་པ་ཉིད་ཀྱིས་འདའ་བར་མི་བྱ་བ་ཡིན་ཏེ། རྣམ་འགྲེལ་ལས་གཞན་དོན་ཡང༌། །རྩོམ་པ་ཐམས་ཅད་སྦྱོར་ཕྱིར་རོ། །ཞེས་པས་སོ། །དེས་ན་དམ་ཚིག་ནི་གཙོ་བོ་སྟེ་སྔ་མ་ལྟར་རྡོ་རྗེ་བཞིན་དུ་རྡོ་རྗེ་ཡིན་ཏེ། དོན་ཡོད་གྲུབ་པ་དང་པོར་བརྗོད་དོ། །དམ་ཚིག་བཞིན་ཏེ་ཞེས་པ་འདིས་འདིར་དོན་ཡོད་གྲུབ་པས་བརྗོད་པས་སོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་མེད་ན་མི་འབྱུང་བས་དེའི་ངོ་བོ་དང་སྐུ་སྟེ་ལུས་རྡོ་རྗེ་བཞིན་དུ་རྡོ་རྗེ་སྟེ། དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡོད་ཀྱང་འདིར་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་མེད་ན་དེ་མི་འབྱུང་བ་ཡིན་ལ་དེ་ལས་བྱུང་བ་དེའི་ངོ་བོ་ཡན་ལག་བཅུ་གཉིས་ཀྱི་ཆོས་སྟོན་པར་སྣང་བའི་གསུང་རྡོ་རྗེ་སྟེ། བཅོམ་ལྡན་འདས་འོད་དཔག་མེད་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡོངས་སུ་མཐར་ཐུག་པའི་འབྲས་བུ་ནི་ཆོས་ཀྱི་དབྱིངས་རྣམ་པ་དག་པའི་ཡེ་ཤེས་ཏེ་དེའི་རང་བཞིན་ཐུགས་རྡོ་རྗེ་ནི་གང་དེ་བཞིན་དུ་བཅོམ་ལྡན་འདས་མི་བསྐྱོད་པའོ། །འདི་དག་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་མེད་ན་མི་འབྱུང་བས་དེའི་རང་བཞིན་དགེ་བ་ལས་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་རྡོ་རྗེ་སྟེ། གང་དེ་བཞིན་དུ་བཅོམ་ལྡན་འདས་རིན་པོ་ཆེའི་ཏོག་གོ །དེ་རྣམས་ཀྱི་དབང་བསྐུར་བ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང༌། སའི་སྙིང་པོ་དང༌། འཇིག་རྟེན་དབང་ཕྱུག་དང༌། ཕྱག་ན་རྡོ་རྗེ་དང༌། ནམ་མཁའི་སྙིང་པོ་ཞེས་དེ་བཞིན་དུ་བརྗོད་དེ་ཉེ་བར་གདགས་པས་སོ། །དེའི་དགོས་པ་ཡང་ཡོད་དེ། །དེའི་རིགས་ཉིད་དུ་བསྟན་པའི་ཕྱིར་རོ། །གང་དག་ཀུན་དུ་བཟང་པོ་ལ་སོགས་པ་གོ་རིམས་ཇི་ལྟ་བ་བཞིན་དུ་འཆད་དེ། ཅི་ཐམས་ཅད་དེ་བཞིན་དུ་བཤད་པར་ནུས་སམ་ཞེས་མཁས་པ་རྣམས་ཀྱིས་དཔྱད་པར་བྱ་སྟེ་རྒྱུད་འདི་ནི་ཐམས་ཅད་དུ་དཀྲུགས་པ་ཡིན་ནོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ལས་རྒྱལ་བས་རྒྱལ་བའི་རྡོ་རྗེ་སྟེ་གང་དེ་སྐད་དུ་དེ་ཀུན་དུ་བཟང་


DTG040_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པོའོ། །དཔལ་གསང་བའི་རྒྱུད་ལས་རྒྱལ་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་གང་ཀུན་དུ་བཟང་པོ་ཞེས་གྲགས་སོ་ཞེས་བརྗོད་དོ། །སྲ་བ་དང༌། གཤེར་བ་དང༌། དྲོ་བ་དང༌། ཡང་བའི་མཚན་ཉིད་རྣམས། ས་དང༌། ཆུ་དང༌། མེ་དང༌། རླུང་རྡོ་རྗེ་གང་རྣམས་ཡིན་པ་དེ་རྣམ་པར་དག་པའི་ངོ་བོ་བཅོམ་ལྡན་འདས་མ་སྤྱན་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་དེ་བཞིན་ནོ། །ཐམས་ཅད་ལ་གོ་འབྱེད་པར་བྱེད་པའི་མཚན་ཉིད་ཀྱིས་ནམ་མཁའ་རྡོ་རྗེ་ཞེས་པ་སྟོབས་བཅུ་ལ་སོགས་པའི་ཆོས་གང་འབྱུང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པའི་རྟེན་དུ་གྱུར་པ་ཡིན་ཏེ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་དུ་དབང་པོར་གྱུར་པའོ། །གང་གསུངས་པ། །བརྟན་དང་གཡོ་བའི་རྡོ་རྗེ་ཐམས་ཅད་ལ། །གང་འདིས་གོ་སྐབས་སྟེར་བར་བྱེད་པས་ན། །དེ་ཕྱིར་ནམ་མཁའི་ཁམས་ཀྱི་རྡོ་རྗེ་ནི། །རྡོ་རྗེ་འཛིན་པའི་རང་བཞིན་ངེས་ཚིག་ལས། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའི་རང་གི་ངོ་བོ་རྡོ་རྗེ་འཛིན་ཞེས་གསུངས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་གཞན་གྱི་དོན་བྱ་བ་རྣམས་གྲུབ་པར་བྱ་བའི་ཕྱིར། །ཤིང་ལ་སོགས་པའི་གཟུགས་ཀྱིས་ཀྱང་ཇི་སྲིད་དུ་མངོན་དུ་འགྱུར་རོ། །གང་གསུངས་པ། དེ་རྣམས་དགོན་པ་རྣམས་སུ་ཤིང་ཆེན་གྱུར། །སྨན་དང་མི་ཟད་རིན་ཆེན་གཏེར་དུ་ཡང་། །ཞེས་སོ། །ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་བར་མར་གནས་པའི་དབྱེ་བས་གསུམ་གྱི་ངོ་བོ་གཟུགས་དང༌། སྒྲ་དང་དྲི་དང་རོ་དང་རེག་བྱ་དང༌། རྣམ་པར་རྟོག་པའི་ཡུལ་དུ་གྱུར་པའི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ཡིན་ཏེ་གང་དེ་རྣམས་ནི་སྦྱིན་པ་གསུམ་ལ་སོགས་པ་དེ་དག་གི་རྣམ་པར་དག་པའི་ངོ་བོ་དེ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་རྣམས་སོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཤེས་རབ་དང་ཐབས་ཀྱི་ངོ་བོ་ཡིན་པའི་ཕྱིར་དང༌། འཇིག་རྟེན་ན་ཡང་རྟགས་ངེས་པ་མེད་པས་ཤེས་རབ་གཙོ་བོ་ཡིན་ཡང་ཏིང་ངེ་འཛིན་རྣམས་ཕོའི་རྟགས་ཀྱིས་བསྟན་ཏོ། །འདིར་འབྲས་བུ་ལ་བྱེ་བྲག་མེད་ཀྱང་དེ་བཞིན་གཤེགས་པ་ཀུན་པས་བྱང་ཆུབ་སེམས་དཔའ་དེ་རྣམས་དང་པོར་བསྟན་པ་ནི་ཕྱག་བྱ་བ་གཉིས་ནི་བདེ་གཤེགས་དང༌། རྒན་པ་ཞེས་པས་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱ་བ་མ་ཡིན་པར་སྨྲ་སྟེ། དེ་རྣམས་སྔར་འབྱུང་བ་རྒྱུ་མཚན་དུ་བརྗོད་པས་མྱུ་གུ་འདོད་པ་རྣམས་ས་བོན་ལེན་པ་བཞིན་དུ་དེ་བཞིན་གཤེགས་


DTG040_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་འདོད་པ་རྣམས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་བ་ལ་སོགས་པ་བྱ་བ་ཉིད་དོ་ཞེས་གསུངས་སོ། །དེ་ལྟར་ཡང་འཕགས་པ་སྟུག་པོ་བཀོད་པའི་མདོ་ལས་གསུངས་པ། དེ་ནས་ཡང་དགེ་སློང་དེ་རྣམས་ཀྱིས་འཇམ་དཔལ་ལ་གཞོན་ནུར་གྱུར་པའི་ཞབས་ལ་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་སྐྱེས་བུ་དམ་པ་ཁྱོད་མཐོང་བ་དང་ཕྱག་བྱས་པའི་དགེ་བའི་རྩ་བ་དང་གང་ཡང་བདག་གི་དགེ་བའི་རྩ་བ་གཞན་ཉིད་ཁྱེད་དང་མཁན་པོས་མཁྱེན་པ་དང་གང་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པའི་མངོན་སུམ་དུ་བདག་གི་དགེ་བའི་རྩ་བ་འདིས་ཁྱེད་ཇི་ལྟ་བ་བཞིན་དུ་གྱུར་ཅིག །དེ་བཞིན་དུ་རང་བཞིན་དང་སྐུ་ཡང་ཐོབ་པར་གྱུར་ཅིག །དེ་བཞིན་དུ་གཟུགས་དང་དབྱངས་དང༌། དེ་བཞིན་དུ་མཚན་གྱི་གཟུགས་འདི་ལྟ་བུ་དང་རྣམ་པར་འཕྲུལ་བ་ཁྱེད་ཀྱི་ཇི་ལྟ་བ་བཞིན་དུ་གྱུར་ཅིག་ཅེས་སོ། །སླར་ཡང་འདི་ཉིད་དུ་གསུངས་པ་འདི་ལྟ་སྟེ། རིགས་ཀྱི་བུ་གང་རྒན་པ་རྣམས་དང་སྣ་ཆེན་པོ་ལ་གཏོགས་པ་རྣམས་ཀྱིས་ཀྱང་རྒྱལ་པོའི་བུ་བྱིས་པ་གཞོན་ནུ་ལ་ཕྱག་བྱའོ། །རྒྱལ་པོའི་བུས་ཀྱང་རྒན་པ་དང་སྣ་ཆེན་པོ་ལ་གཏོགས་པ་ལ་གུས་པར་མི་བྱ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ཚངས་པར་སྤྱོད་པ་ཡུན་རིང་པོར་སྤྱད་པའི་རྒན་པའི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་འདུད་པར་བྱའོ། །བྱང་ཆུབ་སེམས་དཔས་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་གུས་པར་མི་བྱ་བ་ནི་མ་ཡིན་ནོ། །འདི་ལྟ་སྟེ་རིགས་ཀྱི་བུ་ཐམས་ཅད་ཀྱིས་སྤ་བཀོང་བའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་ཉིད་མ་སྤངས་པས་ཐམས་ཅད་ཀྱི་མཆོག་ཐོབ་ཀྱང་རྒྱལ་པོའི་སྣ་ཆེན་པོ་ལ་གཏོགས་པ་དང་མཉམ་པ་མ་ཡིན་ཏེ། རིགས་གཙོ་བོར་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ཉེ་བར་ལེན་པས་ཡོངས་སུ་གནོད་པ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་མཚན་ཉིད་ཀྱིས་མི་དབེན་པ་ཡང་ཐམས་ཅད་ཀྱི་མཆོག་ཐོབ་པའི་ཉན་ཐོས་དང་སངས་རྒྱས་ཐམས་ཅད་དང་མི་མཉམ་སྟེ། སངས་རྒྱས་ཀྱི་རིགས་ཀྱི་བདག་པོའི་གཙོ་བོར་གྱུར་པའི་ཕྱིར་རོ། །དཔེར་ན་རིགས་ཀྱི་བུ་ཡོངས་སུ་དག་པའི་ནོར་བུ་རིན་པོ་ཆེ་ལ་མིག་རབ་རིབ་ཀྱི་ཉེས་པ་ཅན་གྱིས་ཡོངས་སུ་མ་དག་པའོ་ཞེས་བརྗོད་ཅིང་ཡང་དག་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་རང་བཞིན་གྱིས་ཡོངས་སུ་དག་པའི་ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེ་


DTG040_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ལ་སེམས་ཅན་མ་དད་པའི་མིག་མི་ཤེས་པའི་རབ་རིབ་ཀྱི་ཉེས་པས་ཡོངས་སུ་མ་དག་པའོ་ཞེས་ཤེས་སོ། །རིགས་ཀྱི་བུ་དཔེར་ན་རིག་པ་ཐམས་ཅད་དང་སྨན་བསྡུས་ཤིང་ཚོགས་པའི་སྨན་གྱི་ལུས་མཐོང་བ་དང་རེག་པ་དང་ལྷན་ཅིག་པས་སེམས་ཅན་རྣམས་ཀྱི་ནད་རབ་ཏུ་ཞི་བར་བྱེད་དོ། །དེ་བཞིན་དུ་དགེ་བའི་རྩ་བ་ཐམས་ཅད་འཕེལ་བའི་ཤེས་རབ་དང་ཐབས་དང་རིག་པའི་སྨན་བྱང་ཆུབ་ཀྱི་སེམས་ཡང་དག་པར་བཟུང་བ་དང་ཡང་དག་པར་ལྡན་པ་བྱང་ཆུབ་སེམས་དཔའི་སྨན་པའི་ཡེ་ཤེས་ཀྱི་ལུས་མཐོང་བ་དང་ཐོས་པ་དང་ལྷན་ཅིག་སྨྲ་བ་དང༌། རྗེས་སུ་དྲན་པའི་སྦྱོར་བས་སེམས་ཅན་རྣམས་ཀྱི་ནད་རབ་ཏུ་ཞི་བར་བྱེད་དོ་ཞེས་སོ། །དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བྱང་ཆུབ་སེམས་དཔའ་ཕྱག་བྱ་མིན། །ཞེས་པས་ཤིན་ཏུ་ཚིག་ངན་སྨྲས། །བྱང་ཆུབ་སེམས་དཔའ་མ་ཐོབ་ན། །ཆོས་ཀྱི་སྐུ་ནི་སྐྱེ་མི་འགྱུར། །གང་ཞིག་བུར་ཤིང་ས་བོན་ལ། །ཞེ་སྡང་ཤ་ཀར་ཟ་བར་འདོད། །བུར་ཤིང་ས་བོན་ཉམས་པ་ཡིས། །ཤ་ཀར་སྐྱེ་བ་ཉིད་དུ་འགྱུར། །བུར་ཤིང་ས་བོན་བསྲུངས་པས་ན། །དེ་ལ་ཉེ་བ་ཉིད་དུ་བསམ། །བུ་རམ་ཤ་ཀར་ཕྱེ་མ་རྣམས། །དེ་ལས་སྐྱེ་བ་ཉིད་དུ་འགྱུར། །བྱང་ཆུབ་སེམས་ནི་བསྲུངས་པས་ན། །དེ་ལ་ཉེ་བར་བསམ་པར་བྱ། །དགྲ་བཅོམ་པ་དང་རང་སངས་རྒྱས། །དེ་ལས་སྐྱེ་བར་འགྱུར་བ་ཡིན། །དཔེར་ན་སཱ་ལུའི་མྱུ་གུ་སོགས། །སོ་ནམ་པ་ཡིས་སྲུང་བར་བྱེད། །དེ་བཞིན་ཐེག་མཆོག་ཆོས་རྣམས་ཀྱིས། །གཙོ་བོ་སྲུང་བར་བྱེད་པར་འགྱུར། །ཇི་ལྟར་ནག་པོའི་བཅུ་བཞི་ལ། །ཟླ་བའི་ལུས་ནི་མཐོང་མི་འགྱུར། །དེ་བཞིན་ཐེག་མཆོག་ལ་མོས་པ། །སངས་རྒྱས་གཟུགས་ནི་མཐོང་བར་འགྱུར། །ཇི་ལྟར་ཟླ་བ་གཞོན་ནུ་ཉིད། །སྐད་ཅིག་སྐད་ཅིག་འཕེལ་བར་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །འཕེལ་བ་སྐད་ཅིག་སྐད་ཅིག་མཐོང༌། །ཇི་ལྟར་ངེས་པར་བཅོ་ལྔ་ལ། །ཟླ་བ་གང་བ་རྣམ་པར་མཛེས། །དེ་བཞིན་ས་ཡི་མཐར་སོན་པའི། །ཆོས་ཀྱི་སྐུ་ནི་རྣམ་པར་མཛེས། །ཞེས་སོ། །དེ་དག་ལས་ཞེས་པ་ནི་མཇུག་སྡུད་པའོ། །ཐམས་ཅད་ནམ་མཁའི་དབྱིངས་དང་མཉམ་པ་ཞེས་བྱ་བ་ནི་ཐམས་ཅད་དུ་སོན་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མཐའ་ཡས་པས་སོ། །བདུད་བཞི་ལ་སོགས་པ་རྣམས་ཀྱིས་བསྐྱོད་པར་མི་ནུས་པ་སྟེ། དེ་ཉིད་ཀྱི་ཕྱིར་ན་རྡོ་རྗེའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་མུན་པ་རྣམ་པར་སྣང་བས་སེལ་


DTG040_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པས་ན་དངོས་པོ་ཐམས་ཅད་ཀྱི་དེ་ཉིད་གང་ལ་སྣང་བར་བྱེད་པས་རང་དོན། །ཨ་ནི་རྐྱེན་ཕྱིན་པས་རྡོ་རྗེ་རྣམ་པར་སྣང་མཛད་དོ། །ཟག་པ་མེད་པའི་དགའ་བ་རྒྱས་པར་བྱེད་པ་དང༌། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་ཕྱིར་རིན་པོ་ཆེ་དང་ཆོས་མཐུན་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རྒྱུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། རིན་པོ་ཆེ་ཏོག་གི་མཚན་མ་ཡོད་པ་དང་གང་རྡོ་རྗེ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞལ་དུ་མེད་པས་དཔག་ཏུ་མེད་པ་སྟེ། ཆོས་ཐམས་ཅད་ཀྱི་དེ་ཉིད་སྟོན་པའི་སྤྲུལ་པ་ཡིན་ཏེ་རྡོ་རྗེ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་ཡོད་པ་ནི་སེམས་ཅན་ཐམས་ཅད་ལ་འབྲས་བུ་དང་བཅས་པ་སྟེ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །རྡོ་རྗེ་བཞིན་དུ་ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་ཡིན་པས་རྡོ་རྗེ་ནི་ངེས་པར་འབྱེད་པའི་ཤེས་རབ་ཡིན་ཏེ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་རྟོགས་པའི་ཕྱིར་རོ། །སྙིང་པོ་བརྟན་ཞིང་ཁོང་སྟོང་མེད། །སྟོང་པ་ཉིད་ལ་རྡོ་རྗེར་བརྗོད། །ཅེས་ཏེ། མངོན་སུམ་ལ་སོགས་པས་མི་གནོད་པ་ཉིད་དང༌། མི་ཕྱེད་པའི་ཡང་ཕྱིར་གང་རྡོ་རྗེ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་མ་བརྗོད་པ་ཐམས་ཅད་ལ་ཡང་རྡོ་རྗེའི་དོན་ཤེས་པར་བྱའོ། །དེ་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་ནི། །ཐམས་ཅད་ཕྱག་རྒྱས་རྒྱས་གདབ་བོ། །ཞེས་རྒྱུད་ཀྱི་ཕྱི་མ་ལས་སོ། །འདི་ཙམ་ཉིད་ནི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་དོན་བྱེད་པའི་ཕྱིར་དངོས་པོའོ། །དེ་ལ་གཟུགས་ཅན་བཅུ་ནི་རང་གི་ཤེས་པ་དང་དུས་གཅིག་པ་ནི་ཕུང་པོ་ཡིན་ལ་དེ་བས་སྔ་བ་ནི་དབང་པོ་དང་ཡུལ་ཡིན་ནོ། །རེག་བྱའི་ཕྱོགས་གཅིག་ས་ལ་སོགས་པ་བཞི་ནི་ཁམས་ཡིན་ལ་ལྷག་མ་ནི་རེག་བྱའོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་དེ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་བརྗོད་པས་རྣམ་པར་ཤེས་པ་ཐམས་ཅད་རང་གི་ཆ་དམིགས་པ་ཉིད་ཀྱིས་རྣམ་པར་རྟོག་པའི་ཡུལ་དུ་ཡང༌། ནམ་མཁའ་ཆོས་ཀྱི་དབྱིངས་ཀྱང་ཡོད། །རྣམ་པར་རྟོག་པ་རང་རིག་འདོད། །བརྟགས་ཕྱིར་དོན་དང་འབྲེལ་བ་མིན། །ཞེས་པས་རང་རིག་པའི་ངོ་བོ་ཡིན་པས་ན་མངོན་སུམ་ཡིན་པའི་ཕྱིར་དོན་མེད་པ་ཉིད་དོ། །དེའི་ཕྱིར་གསུངས་པ། སྣང་བར་གྱུར་པའི་ཡུལ་རྣམས་གང་ཡིན་པ། །གང་ཞིག་རྟོགས་པའི་གནས་སུ་གྱུར་པ་རྣམས། །


DTG040_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེ་གཉིས་སུ་སྦྱོར་དང་བྲལ་བས་ན། །དེས་ན་རྣམ་པར་དབྱེ་བ་ཐམས་ཅད་མིན། །ཞེས་སོ། །དེ་ལས་གཞན་དུ་གོམས་ན་འཁོར་བ་དང༌། གང་ཟག་ལ་བདག་མེད་པས་ཉན་ཐོས་དང་བསེ་རུ་ལྟ་བུ་དང་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་ངོ་བོས་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པས་བསྐལ་པ་གྲངས་མེད་པ་གསུམ་མམ་སུམ་ཅུ་རྩ་གསུམ་གྱིས་ཡིན་ནོ། །འདི་ལ་བསལ་བྱ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པའི་རིགས་པས་རིགས་ཀྱི་སྟོབས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཞལ་གསུམ་ལ་སོགས་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པའི་རྣམ་པར་ཡང་བསྒོམས་ན་སྔགས་པས་ཚེ་འདི་ཉིད་ལ་བླ་ན་མེད་པའི་ཤེས་རབ་དང་ཐབས་ཀྱི་རང་བཞིན་དྲི་མ་མེད་པ་མཆོག་ཏུ་དགའ་བའི་རང་བཞིན་གྱི་སྐལ་བ་ཅན་དུ་འགྱུར་རོ། །དེ་ལྟར་བརྗོད་དེ། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་ཀྱང་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་དུ་གྲགས་པ་སྟེ། །ཆུ་ཁམས་མཱ་མ་ཀཱི་རུ་གྲགས། །གོས་དཀར་མོ་དང་སྒྲོལ་མ་ནི། །མེ་དང་རླུང་དུ་གྲགས་པ་ཡིན། །མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི། །དེ་ཉིད་རྡོ་རྗེ་འཛིན་པར་བརྗོད། །ཅེས་སོ། །འདི་ཡིས་དེ་བཞིན་གཤེགས་པ་ནི། །སྐུ་དང་ཐུགས་ཀྱི་རྡོ་རྗེ་འཛིན། །གསུང་ནི་ཆོས་འཛིན་མཆོག་ཡིན་ཏེ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་སོ། །འདི་ལྟར་ཅིའི་ཕྱིར་ཡིན་ཞེ་ན། གང་གི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་ཡུལ་རྣམས་ལ་དེ་རྣམས་ཀྱིས་མི་གནོད་པ་ཉིད་ཀྱིས་བདེ་བར་གཤེགས་པའི་རྗེས་སུ་དཔག་པ་དང་ལུང་དག་གིས་བསྐལ་བ་གྲངས་མེད་པ་གསུམ་མ་མ་སུམ་ཅུ་རྩ་གསུམ་གྱིས་ཡིན་ནོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་འདི་ལ་ཞེས་པ་ལ་སོགས་པ་ཤེས་པར་བྱའོ། །མཐོང་བ་མེད་པ་ཙམ་དང་ཚད་མ་མེད་པ་ཡང་འདིར་ཐམས་ཅད་དུ་མཚུངས་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རང་བཞིན་ནི་བསྐལ་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཙམ་ཉིད་ཡིན་ཏེ་ཉམས་པ་སྣ་ཚོགས་དང་རྣམ་པར་དག་པ་དང་ཁ་དོག་དང་ཕྱག་མཚན་ལ་སོགས་པ་ལ་མོས་པའི་རྣལ་འབྱོར་པ་རྣམས་ཀྱིས་གདུལ་བྱའི་སྐྱེ་བོ་དེ་རྗེས་སུ་གཟུང་བའི་ཕྱིར་


DTG040_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྟོགས་པར་བྱ་བ་ཉིད་ཀྱིས་དེ་དག་ལ་སོགས་པ་སྟེ་གང་རྣམས་དེ་རྣམས་དང་ལྷན་ཅིག་པའི་དབང་པོའི་འཁོར་གསུངས་སོ། །ཏིལ་གྱི་གོང་བུ་བཞིན་དུ་ཞེས་པ་ནི་ཏིལ་གྱི་གོང་བུ་ས་བོན་གྱིས་ཡོངས་སུ་གང་བ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདིར་གང་བར་སྣང་ངོ༌། །གྱུར་ཏོ་ཞེས་པ་ནི་སྟོན་པའི་དུས་ནའོ། །འདིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གཅིག་ཉིད་ཀྱིས་རྒྱུད་འདི་གསུངས་པར་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པའི་གསུང་ཡིན་པའི་ཕྱིར་ཞེ་ན། །ཆོས་ནི་ཐམས་ཅད་བདག་མེད་དང༌། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །མྱ་ངན་ལས་འདས་ཞི་འདི་རྣམས། །ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་གསུམ། །ཞེས་པ་ཡིན་ཏེ། མཚན་ཉིད་གསུམ་པོ་དེ་སྔགས་ཀྱི་ཐེག་པ་འདིར་འདུས་པས་སོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་མི་རྟག་པ་ཞེས་བྱ་བ་ནི་ཤིན་ཏུ་མི་རྟག་པའི་དོན་ཏེ་དེའི་དབང་དུ་བྱས་པའི་ཚིག་དང་སྡུག་བསྔལ་ཞེས་པ་ནི་སྨོན་པ་དང་བྲལ་བ་སྟེ་དེའི་དབང་དུ་བྱས་པའི་ཚིག་གོ །བདག་མེད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དེ་དེའི་དབང་དུ་བྱས་པའི་ཚིག་གོ །ཞི་བ་ཞེས་བྱ་བ་ལ་སོགས་པ་ནི་མཚན་མ་མེད་པ་མངོན་སུམ་དུ་བྱེད་པ་སྟེ་དེའི་དབང་དུ་བྱས་པའི་ཚིག་གོ །དེས་འདི་ཚད་མ་ཇི་ལྟར་ཡིན་ཞེ་ན། མངོན་སུམ་ཡུལ་ལ་མངོན་སུམ་དང༌། །དེ་ལས་རྗེས་དཔག་ཡུལ་དང་ནི། །དེ་དག་ཡུལ་མིན་རང་གིས་ནི། །གནོད་མེད་སླུ་བ་མེད་ཕྱིར་ཚད། །གང་རྣམ་འགྲེལ་ལས། །མཐོང་དང་མ་མཐོང་འདི་ལ་ནི། །སླུ་མེད་དེ་ཡི་ཡུལ་དག་ལ། །མངོན་སུམ་རྗེས་སུ་དཔག་པ་དང༌། །གཉིས་པོས་ཀྱང་ནི་གནོད་པ་མེད། །འདིར་ཡང་མངོན་སུམ་ཡུལ་ལ་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ། །ཀུན་ལ་ཕྱག་རྒྱས་རྒྱས་བཏབ་པ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །ཞེས་པ་ལ་སོགས་པས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་བསྟན་པ་ཡིན་ཏེ་དེས་རྗེས་སུ་དཔག་པར་བྱ་བ་ཡང་གཉིས་སུ་མེད་པ་ལ་སོགས་པ་ཡིན་ཏེ་ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་པ་ལ་སོགས་པས་དོན་དམ་པའི་བདེན་པ་ལ་བརྟེན་ནས་རྗེས་སུ་དཔག་པས་སོ། །དེ་དག་གི་སྤྱོད་ཡུལ་མ་ཡིན་པ་ཡང་ལུང་གི་ཡུལ་ཡིན་ལ་ཚེ་འདི་ཉིད་ལ་སངས་རྒྱས་ལ་སོགས་པ་ཡིན་ཏེ། འདིས་ནི་སྐུ་ནི་སངས་རྒྱས་ཉིད། །ཐུགས་ནི་རྡོ་རྗེ་


DTG040_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཡིན། །གསུང་ནི་རྡོ་རྗེ་མཆོག་ཡིན་ཏེ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་པ་ལ་སོགས་པས་བསྟན་ཏོ། །ཕྱོགས་འགའ་ཞིག་ཏུ་རང་གིས་ཀྱང་མི་གནོད་པ་ཞེས་པ་བླང་བར་བྱ་བ་ཡིན་ཏེ། སྔགས་ཀྱི་ཐེག་པ་འདིར་མཐོང་བ་དང་མ་མཐོང་བའི་འབྲས་བུ་འདོད་པས་དོན་ཆེན་པོ་ལས་ཉམས་པས་འཇིགས་ནས་མཁས་པས་བསྟན་བཅོས་གྲུབ་པའི་རིགས་པ་དང༌། རང་གི་ཚིག་གིས་མི་གནོད་ན། །དེ་གཟུགས་མཐོང་དང་མི་མཐོང་ལ། །ཞེས་པས་རིགས་པ་ཤེས་པས་འདོད། །གང་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །རིགས་པས་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་སོ། །ཅི་སྟེ་ཡང་མདོ་སྡེ་ལ་འཇུག་པ་དང་འདུལ་བ་ལ་སྣང་བ་དང་མངོན་པ་དང་མི་འགལ་བ་ནི་སངས་རྒྱས་ཀྱི་ཚིག་ཡིན་ལ་གཞན་དུ་ནི་བདུད་ཀྱི་ཚིག་ཡིན་ནོ་ཞེས་པས་འདིའི་དོན་གྱི་མདོ་སྡེ་ལ་སོགས་པ་ལ་འཇུག་པ་ལ་སོགས་པ་མེད་པས་ཇི་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངག་གཅིག་ཡིན་ཞེ་ན། མ་ཡིན་ཏེ་རང་གི་ཞེས་པ་ངག་འདི་ཁྱད་པར་དུ་བྱས་པའི་ཕྱིར་རོ། །སྔགས་པ་འདིའི་མདོ་ལ་སོགས་པ་ལ་འཇུག་པ་ལ་སོགས་པ་ཡོད་པའི་ཕྱིར་རོ། །གང་འཕགས་པ་ཐོགས་མེད་ཀྱིས། །རང་ལ་འཇུག་པ་རང་ཉིད་ཀྱིས། །འདུལ་བ་སྣང་བ་ལ་སོགས་པ། །ཟབ་ཅིང་རྒྱ་ཆེའང་ཡིན་པས་ན། །ཆོས་ཉིད་ཡིན་པར་འགལ་བ་མེད། །གཞན་དུ་ན་ཡང་གང་འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པའི་འདུལ་བ་རྣམས་ལ་དུས་མ་ཡིན་པའི་ཟས་ལ་སོགས་པ་མ་བསྟན་པ་དག་དེ་ལས་གཞན་པ་དང་ཕན་ཚུན་དུ་འགལ་བས་དང་ཕན་ཚུན་དུ་ལྟོས་ཏེ། སྡེ་པ་བཞིའི་ལུང་སངས་རྒྱས་ཀྱིས་མ་གསུངས་པ་ཉིད་དུ་ཐལ་བར་འགྱུར་རོ། །ཚད་མས་གྲུབ་པའི་བླང་བ་དང་དོར་བའི་དེ་ཁོ་ན་ཉིད་ཐབས་དང་བཅས་པ་ཐམས་ཅད་དུ་ཕན་ཚུན་འཇུག་པ་ལ་གཏམ་རྒྱུད་འགལ་ན་ཡང་མི་འགལ་བ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་གཙོ་བོའི་དོན་ལ་སླུ་བ་མེད་པས་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་དུ་ཡང་ཚད་མའི་རང་བཞིན་ཡིན་ཏེ། གང་རྣམ་འགྲེལ་ལས། བླང་དང་དོར་བྱའི་དེ་ཉིད་ལ། །ཐབས་དང་བཅས་པར་རབ་བསྒྲུབས་པས། །གཙོ་བོའི་དོན་ལ་མི་སླུའི་ཕྱིར། །རྗེས་སུ་དཔག་པ་གཞན་དུ་ཡང༌། །ཞེས་སོ་ཞེ་ན། འདི་


DTG040_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཚད་མས་གྲུབ་པའི་གང་ཟག་དང་ཆོས་ལ་བདག་མེད་པ་འབྲས་བུ་དང་བཅས་པའི་ཐེག་པ་ཆེན་པོ་ཐམས་ཅད་དུ་བསྟན་པའི་ཕྱིར་དང་རང་དང་གཞན་བྱང་ཆུབ་པའི་རྒྱུ་ཡིན་པའི་ཕྱིར་དེ་ཉིད་གཙོ་བོའི་ཆོས་རིན་པོ་ཆེ་ཡིན་ཏེ། རིགས་པ་ཤེས་པ་དོན་ཆེན་པོ་ཉམས་པས་འཇིགས་པ་རྣམས་ཀྱིས་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་མངོན་པར་སྦྱོར་བས་བརྟེན་པར་བྱ་བ་ཡིན་ཏེ། ལོ་རྒྱུས་འགལ་བ་ལ་སོགས་པ་བརྗོད་པ་དང་མི་མཁས་པ་རྣམས་ཀྱིས་བླང་བས་ཅི་ཞིག་བྱ་ཞིང་ཤིན་ཏུ་བློ་གྲོས་ངན་པ་བསལ་བར་བྱས་པ་ཅི་ཞིག་བྱ། ཆོས་ནི་ཐམས་ཅད་བདག་མེད་དག།། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མྱ་ངན་ལས་འདས་ཞི་འདི་རྣམས། །ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་ཡིན། །དེས་ན་ཐེག་པ་གསུམ་ལ་ཁྱབ། །སྤྱི་ཡི་མཚན་ཉིད་གསུངས་པ་ཡིན། །ཞན་གྱི་མཚན་ཉིད་མི་སྲིད་པས། །སངས་རྒྱས་ཀྱིས་གསུངས་ཅུང་ཟད་མིན། །ཉེས་པ་གསུམ་དང་རྣམ་བྲལ་ཉིད། །མཁས་པས་མཚན་ཉིད་དག་ཏུ་འདོད། །མིན་ན་གསུམ་པོར་ཐལ་བར་འགྱུར། །སྡེ་པ་བཞི་ཡི་ལུང་རྣམས་ནི། །རྣམ་པ་བཅོ་བརྒྱད་ཕྱེ་རྣམས་ལ། །དུས་མ་ཡིན་པའི་ཟས་ལ་སོགས། །རྣམ་གཞག་ཕན་ཚུན་གནོད་པ་ཡིན། །གང་དུ་སྤྱི་ཡི་མཚན་ཉིད་ཡོད། །དེ་ཕྱིར་དེ་ནི་ཀུན་མཁྱེན་ཚིག །གང་དུ་དེ་ཡི་མཚན་ཉིད་མེད། །དེ་ནི་བཅོམ་ལྡན་གྱིས་གསུངས་མིན། །ཞེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པ་རྣམས་སོ། །དེ་ནས་ཞེས་པ་ནི་ཞལ་གསུམ་གྱི་རྣམ་པར་ཡང་དག་པར་གཟིགས་པའི་རྗེས་ལའོ། །དེ་ནམ་མཁའི་ཁམས་ཐམས་ཅད་དུ་རྟག་ཏུ་གནས་པས་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཉིད་ཡིན་པའི་ཕྱིར་ཆེན་པོ་ཡང་ཡིན་ལ་ཐབས་རྣམ་པ་སྣ་ཚོགས་པས་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་སྟོན་པར་བྱེད་པས་སྣང་མཛད་ཡིན་ཏེ། སེམས་ཅན་གྱི་རྒྱུད་ལ་རབ་ཏུ་སྟོན་པར་བྱེད་པས་རྣམ་པར་སྣང་མཛད་ཀྱང་ཡིན་ནོ། །སྐབས་འདིར་བྱེད་པའི་སྒྲ་ལས་རྡོ་རྗེ་འཛིན་པ་ཆེན་པོའོ། །འདིའི་ཆེན་པོ་ཡང་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་དང་སྙིང་རྗེ་ཆེན་པོའི་དབང་དུ་གྱུར་པས་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁྱབ་པ་ཡིན་ལ་འདོད་ཆགས་ཀྱང་དངོས་གྲུབ་ཐམས་ཅད་ཀྱི་མན་ངག་སྟེར་བས་རྗེས་སུ་ཆགས་པའི་ཕྱིར་དང༌། ཟག་པ་མེད་པའི་བདེ་བ་


DTG040_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་དགའ་བར་བྱེད་པ་ཡང་ཡིན་པའི་ཕྱིར་རོ། །ཤེས་རབ་དང་ཐབས་ཀྱི་རང་བཞིན་དྲི་མ་མེད་པའི་བདེ་བ་ཆེན་པོ་རང་གིས་རིག་པའི་ངོ་བོ་ཀུན་དུ་བཟང་པོའོ། །འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །དངོས་གྲུབ་ཀུན་ལ་རྗེས་ཆགས་ཕྱིར། །མཆོད་པ་ཆེན་པོ་འདོད་ཆགས་ཆེ་སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པའི་ལུང་ལས་སོ། །དེ་སྐད་དུ་ཡང་གསུངས་པ། སྡུག་བསྔལ་མ་ལུས་ཚོགས་སེལ་དང༌། །སྡུག་བསྔལ་རྒྱུ་ལས་འདོན་འདོད་པས། །དེ་ཕྱིར་སེམས་ཅན་ཐམས་ཅད་ལ། །སྙིང་རྗེ་ཆགས་པར་རབ་ཏུ་བརྗོད། །གང་ཞིག་མངོན་པར་འདོད་སྟོབས་པ། །དེ་ཕྱིར་གྲུ་ཡི་འབྲས་བུ་བཞིན། །གང་ཞིག་རྗེས་མཐུན་སྦྱོར་བ་ཡིས། །དེ་ཉིད་ཐབས་སུ་རབ་ཏུ་བརྗོད། །འོ་མ་དང་ནི་ཆུ་བཞིན་དུ། །གང་ཞིག་སྙིང་པོ་ཚོགས་གྱུར་པ། །གཉིས་སུ་མེད་པའི་སྦྱོར་བ་ཡིས། །དེ་ཉིད་ཤེས་རབ་ཐབས་སུ་བརྗོད། །དེ་འདིས་ཐོབ་པར་བྱེད་པས་ན་ཚུལ་ལོ། །དེ་གང་ཡིན་ཞེ་ན། ཏིང་ངེ་འཛིན་ཡིན་ཏེ། ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་རྣལ་འབྱོར་རོ། །ཤེས་རབ་ཐབས་ཀྱི་སྙོམས་འཇུག་པ། །རྣལ་འབྱོར་ཞེས་རྒྱུད་ཕྱི་མ་ལས་སོ། །དེ་ལས་སྙོམས་པར་འཇུག་པ་ནི་མངོན་སུམ་དུ་བྱས་པ་ཡིན་ལ་མཆོག་ཏུ་རྗེས་སུ་ཆགས་པའི་སྙོམས་པར་འཇུག་པས་གདུལ་བྱའི་འཇིག་རྟེན་ཐམས་ཅད་ལ་དམིགས་ཏེ་ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་པའི་དེ་བཞིན་གཤེགས་པ་དེ་རྣམས་འདི་ལ་བཅུག་པར་གྱུར་པ་རྣམས་ཡིན་ཏེ། སྔོན་གྱི་སྨོན་ལམ་སད་པའི་ཕྱིར་དང༌། །ཏིང་ངེ་འཛིན་གྱི་མཐུ་བསམ་གྱིས་མི་ཁྱབ་པའི་ཡང་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་རྟག་ཏུ་མཉམ་པར་གཞག་པ་ཡིན་ཡང་གང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སྟོན་པ་ཡིན་ཏེ། དེ་མཉམ་པར་གཞག་པ་ཉིད་ཀྱིས་ཆོས་སྟོན་པ་ལ་སོགས་པ་ལ་འཇུག་པར་བྱའོ་ཞེས་པ་དང༌། ལམ་འདི་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་ཀྱང་བསླབ་པར་བྱ་བའི་དོན་དུ་བྱ་བ་ཡིན་ཏེ། ཐབས་གཞན་གྱིས་ནི་སངས་རྒྱས་མིན། །ཞེས་རྒྱུད་ཕྱི་མ་ལས་བཤད་པའི་ཕྱིར་དང༌། མ་ཐོགས་སྦྱོར་བ་གཞན་མ་ཡིན་པ་སྨྲོས། །མི་མཉམ་མཉམ་པའི་ཆགས་ཚུལ་རྣམ་དག་པ། །ཞེས་པ་དང༌། ཆགས་ཉིད་གསང་བ་ཆེན་པོ་སྟེ། །བདེ་བ་ཀུན་གྱི་


DTG040_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་མཆོག །ཅེས་གསང་བའི་ཐིག་ལེ་ལས་སོ། །དེ་ལྟར་ཡང༌། གང་ཉིད་ཡུན་རིང་དུས་སུ་བསྒོམ། །དེ་བཞིན་གུས་པ་ཡིས་ཀྱང་ཡིན། །བར་མེད་པ་ཡིས་དེ་ཉིད་ནི། །གསལ་པོར་འགྱུར་ཞེས་གཞན་དུ་མིན། །འདོད་ལྡན་མ་སྩོགས་རྣམ་རྟོག་ལ། །ཇི་ལྟར་དེར་ན་སྣང་གྱུར་པ། །ཡང་ན་ཇི་ལྟར་བདག་ཞེན་པ། །དེ་ལ་བདག་མེད་སྟོབས་ཅན་མིན། །སེམས་ལ་བདེ་བའི་རྣམ་བསྒོམ་པ། །རང་དང་གཞན་གྱི་རྒྱུད་དག་ལ། །བླ་མེད་ཐེག་ལ་རྣལ་འབྱོར་པས། །དེ་ཕྱིར་དེ་རུ་དེ་གསལ་འགྱུར། །མཁས་པ་བྱིས་པ་བུད་མེད་རྣམས། །ཀུན་གྱིས་བདེ་བ་ཚོལ་བར་བྱེད། །རྒྱ་ཆེན་རྒྱུན་གྱིས་དབྱེ་བ་ཡིས། །དེ་ནི་རྣམ་པ་ལྔ་དུ་འདོད། །གང་ཞིག་མཆོག་ཡིན་དེར་བསྒོམས་ཏེ། །དེ་ཉིད་དུ་ནི་རྣལ་འབྱོར་སྦྱར། །རྟོག་ལྡན་དེ་རུ་བདེ་བ་ནི། །རྒྱ་ཆེན་རྒྱུན་ནི་རབ་ཏུ་བསྔགས། །ཚད་མ་ལུང་གིས་དེར་གྲུབ་པ། །དེས་ན་དེ་ནི་ཕྱིན་ལོག་མིན། །དེ་དག་ཉིད་ཀྱིས་ངེས་གྱུར་པ། །མཁས་པ་ཡིན་ཞིང་དོན་དམ་མ་ཡིན་ཡང་དེ་ཉིད་བདེ་བ་ལ་སོགས་པར་བྱེད་པའི་ཕྱིར་རྣལ་འབྱོར་པ་རང་དང༌། གཞན་དག་གི་བྱང་ཆུབ་ཀྱི་རྒྱུ་ཡིན་ལ། འདི་ལས་གཞན་པ་རྣམས་ཀྱི་ཡང་འཁོར་བའི་རྒྱུ་ཇི་ལྟར་ཡིན་ཞེ་ན། །དཔེར་ན། གང་ཞིག་དེ་ཉིད་མ་མཐོང་བའི། །བློ་ནི་ཕྱིན་ཅི་ལོག་པའི་དུག །དེ་ཉིད་མཐོང་བ་དེ་ཡི་ནི། །བདུད་རྩི་ཕྱིན་ཅི་མ་ལོག་བློ། །དེ་ཉིད་ཀྱི་ཕྱིར། །གང་ཉིད་ཀྱིས་ནི་རྨོངས་པ་འཆིང༌། །འདིར་ནི་མཁས་པ་དེ་ཡིས་གྲོལ། །ཞེས་བྱ་བ་ལ་སོགས་པ་དཔལ་མཆོག་དང་པོ་ལས་སོ། །བདེ་བའི་རྣམ་པ་མྱོང་བ་ལས། །འདོད་ཆགས་ལ་སོགས་སྐྱེ་བའི་ཕྱིར། །འཁོར་བ་རྒྱུན་ཆད་མི་འགྱུར་ཏེ། །དེ་ཡི་རྩ་བས་སྲིད་པ་གནས། །ཞེན་འདོད་ཆགས་ལ་སོགས་པའི། །རྒྱུ་ནི་བདེ་བའི་རིགས་པ་མིན། །དེ་ཡི་རྒྱུ་ནི་གཏི་མུག་སྟེ། །གཉིས་མེད་སེམས་ལ་དེ་ཡང་མེད། །གང་རྣམ་འགྲེལ་ལས། །བདག་གཞན་ཡང་དག་སྒྲོ་བཏགས་པ། །འདོད་ཆགས་ཆོས་ནི་དེ་དག་ཉིད། །ལོག་པར་སྒྲོ་བཏགས་མེད་གྱུར་ན། །བདེ་བ་ལ་ཡང་འདོད་པ་མེད། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་དབྱིག་གཉེན་གྱིས། །ཕྱིའི་རྣམ་པར་གཡེང་བས་ཏིང་ངེ་འཛིན་ལ་ཉམས་པར་བྱེད་དོ་ཞེ་ན། ཏིང་ངེ་འཛིན་ལས་སྐྱེས་པའི་ནང་གི་བདེ་བ་ལུས་ལས་སྐྱེས་པའི་ལུས་ཀྱི་བདེ་བ་ནི་ཏིང་ངེ་འཛིན་གྱི་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ་ཞེས་པས་སོ། །གང་གི་ཕྱིར་དེ་བཞིན་དུ་


DTG040_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་སྐྱོ་བའི་རྒྱུ་ཉིད་དང༌། །བཏང་སྙོམས་དགོས་པ་མེད་པའི་ཕྱིར། །བསྒོམ་མིན་དེ་ཕྱིར་གཉིས་མ་ཡིན། །བདེ་བ་ཉིད་ནི་བསྒོམ་པར་བྱ། །ཟག་བཅས་ཡིན་ན་ཡོངས་གྱུར་པ། །དེ་ཚེ་སྐྱོ་བར་བྱེད་འགྱུར་ཞེས། །དེ་ཡོངས་དག་དང་རྩ་འགལ་ཕྱིར། །བདག་མེད་པ་ཐོང་བ་གོམས་པར་བྱ། །དེ་ཉིད་ཀྱི་ཕྱིར་གསུངས་པ་བདེ་བའི་བསྒྲུབ་བྱ་དེ་མཆོག་མཉམ་པ་རིན་པོ་ཆེ་ཡིན་དེ་ལས་མཆོག་ནི་མེད་ཅེས་སོ། །དེ་བཞིན་དུ་ཡང་དཔལ་གསང་བའི་ཐིག་ལེ་ལས། །རྡོ་རྗེ་སེམས་དཔའ་ཁྱོད་ནི་བདེ་བ་སྒྲུབ་པར་བྱེད། །ཅེས་སོ། །ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཅན་ཉིད་ནི་བདེ་བ་མངོན་སུམ་དུ་བྱས་པས་འགྲོ་བ་མ་ལུས་པའི་དོན་བྱེད་པ་ལ་ཁྱབ་པའི་རྗེས་སུ་འགྲོ་བ་དང་ལྡོག་པས་ཚད་མ་དང་ལུང་གིས་ངེས་སོ། །བདག་ཉིད་བདེ་བར་བྱེད་པ་ན། །མཁས་པས་བདེ་བའི་རྣམ་པ་ཡིན། །སྲིད་པར་སྐྱོ་བར་མི་བྱེད་པས། །རྟག་ཏུ་གཞན་གྱི་དོན་བྱེད་དོ། །དམྱལ་སོགས་སོང་ན་དེ་ཡིས་ནི། །སྒྱུ་མ་བཞིན་དུ་རབ་ཏུ་སྣང༌། །ཇི་ལྟར་སྣོད་ཡིན་མ་ལུས་ལ། །ཤིན་ཏུ་སེམས་ཅན་དོན་བྱེད་དོ། །སྡུག་བསྔལ་སྐྱེ་བར་བྱེད་ཕྱིར་དང༌། །བཏང་སྙོམས་མཁོ་བ་མེད་པ་ནི། །སྐྱོ་དང་མཁོ་བ་མེད་དག་གིས། །འཁོར་བ་ལས་ནི་ཆགས་བྲལ་ཡིན། །དེ་ལས་ཆགས་བྲལ་མྱང་འདས་ལ། །རྟག་ཏུ་གནས་པར་འགྱུར་བའང་ཡིན། །མྱ་ངན་འདས་ལ་གནས་པ་དེ། །ཇི་ལྟར་སེམས་ཅན་དོན་སྲིད་ཡིན། །དེ་ནི་མེ་བཞིན་མྱ་ངན་འདས། །ཞེས་པས་ཅི་ཡི་ཕྱིར་མི་བརྗོད། །མྱ་ངན་འདས་ལ་སེམས་ཅན་དོན། །རྣམ་པར་ལོག་པ་མཚོན་པ་ཡིན། །སྙིང་རྗེ་རང་དབང་སོན་པས་ན། །རྒྱ་ཆེ་རྒྱུན་གྱི་བདེ་བའང་ཡིན། །མི་གནས་མྱ་ངན་འདས་པ་ལ། །སངས་རྒྱས་དྲི་མེད་རྣམས་ནི་གནས། །འཁོར་བར་མ་ཡིན་མྱང་འདས་མིན། །མི་གནས་པ་རུ་རབ་གནས་ཡིན། །གནས་དང་གནས་མ་ཡིན་སྦྱོར་བས། །ཐུབ་པ་རྣམས་ཀྱིས་མྱ་ངན་འདས། །གང་ཕྱིར་ལྟ་ལ་སོགས་ལྡན་པ། །བསྒོམ་པ་མ་འཁྲུལ་པ་ཡི་སེམས། །དེ་ནི་མཐོང་བའི་ཆོས་ལའང༌། །ཤེས་རབ་ལ་སོགས་རབ་སྒྲུབ་བྱེད། །དེ་ཉིད་ཇི་ལྟར་ཡིན་ཞེ་ན། །ངེས་པ་མེད་ཀྱང་འཇུག་པར་འགྱུར། །རྟོགས་ལྡན་གནོད་པ་མ་མཐོང་བས། །ཐེ་ཚོམ་ཟ་ནའང་འཇུག་པ་མིན། །བླ་མེད་བདེ་བ་ཐོབ་པའི་ཕྱིར། །འདོད་པ་ལྡོག་པར་མི་འགྱུར་རོ། །ཐེག་


DTG040_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞན་ལ་འདོད་པ་ནི། །རྟོགས་ལྡན་མ་ཡིན་ཐལ་བར་འགྱུར། །འབྲས་བུ་ཐོབ་པའི་ཕྱིར་ཞུགས་པ། །རྟོགས་ལྡན་དེ་ལས་གཞན་དུ་མིན། །བདག་དང་གཞན་གྱི་དོན་ཐོབ་པས། །འཇུག་ལ་དགོས་པ་ཅི་ཞིག་ཡོད། །རྒྱ་ཆེའི་རྒྱུན་བདེ་རྣམ་པ་ལ། །མཁས་པ་རྣམས་ནི་རང་དབང་གྱུར། །རང་དོན་དེ་སྲིད་རྒྱུན་མི་འཆད། །སྒྲོ་འདོགས་ཀུན་བྲལ་ལ་མཁས་པས། །སྒྲོ་འདོགས་ཀུན་བྲལ་མཁས་པ་ཡང༌། །ཤེས་བྱའི་སྒྲིབ་པ་དག་པ་ཡིན། །བག་ཆགས་དང་བཅས་ཉོན་མོངས་དང༌། །ཕུང་པོ་ཐམས་ཅད་རྣམ་དག་བསྟེན། དེས་ན་ལུས་དང་ངག་དང་ཡིད། །ཉམས་པ་རབ་ཏུ་སྤངས་པ་ཡིན། ཇི་ལྟར་སྣོད་ཡིན་མ་ལུས་པའི། །སེམས་ཅན་དོན་ལ་མངའ་བདག་ཡིན། །ཏིང་འཛིན་སྔགས་ཀྱི་མཐུ་ཡིས་ནི། །གང་ལྟར་གཞན་གྱི་རྒྱུད་དག་ལ། །དུག་ལ་སོགས་པ་སེལ་བ་ལྟར། །བདེ་བའི་རྣམ་པ་ཡང་སྲིད་ཡིན། །སྒྲུབ་པར་བྱེད་དང་གནོད་མེད་ཕྱིར། །འདིར་ནི་མཁས་པ་ཐེ་ཚོམ་ཟ། །དེ་ལས་གཞན་ནི་དོན་བརྟེན་མིན། །སྙིང་རྗེ་སྒྲོ་འདོགས་མེད་སྦྱོར་བ། །དེས་ན་མཁས་པ་རྣམས་ལ་རིགས། །འཇུག་པ་དོན་གྱི་ཐེ་ཚོམ་ལས། །རང་གི་དོན་ལ་དེ་རྣམས་ངེས། །རྗེས་སུ་དཔག་པ་ལས་འཇུག་ཡིན། །གང་གི་རྣམ་པར་བསྒོམ་གྱུར་པ། །དེ་སེམས་བློ་ནི་འདོད་འབྲས་བུ། །བསྒོམ་པ་ཡོངས་སུ་རྫོགས་པ་ལ། །ཞེས་སོགས་སྔར་ནི་བརྗོད་པ་ཡིན། །ཡོངས་རྫོགས་བདེ་བ་ཐོབ་པ་ལ། །གཟུགས་སོགས་སྣང་བ་བསྒོམ་པ་ཡིན། །བློ་གྲོས་བཟང་ལ་རིགས་པ་ཡིན། །དེ་མེད་རང་དབང་དུ་མི་འགྱུར། །གཟུགས་སོགས་སྣང་བའི་མྱོང་བ་ལ། །ཤིན་ཏུ་ཡང་ནི་མྱོང་བ་ཡིན། །ཆེ་རྒྱུན་བདེ་བ་མྱོང་བའི་ཕྱིར། །དེ་ཐོབ་དེ་དང་འབྲེལ་བ་ཡིན། །ཟག་མེད་བདེ་བ་ཐོབ་པ་ལ། །དེ་ཉིད་ཕྱིར་ན་བརྗོད་པ་ཡིན། །དཔལ་ལྡན་གསང་འདུས་རྒྱུད་བརྗོད་པའི། །མཁས་པས་བསྒོམ་པར་བྱ་བ་ཡིན། །དེ་ཉིད་བརྟན་ཞིང་གཉུག་མའི་གཟུགས། །རྗེས་སུ་མཐུན་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློགས་ཏེ། །བློ་ཡིས་དེ་ལ་རྗེས་གཟུང་ཕྱིར། །གང་རྣམ་འགྲེལ་ལས། །འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་ཡིན་ཕྱིར་རོ། །དེ་བཞིན་དུ་དཔལ་རྡོ་རྗེ་སྙིང་པོའི་རྒྱན་ལས། །འདོད་ཆགས་ཆེན་པོའི་དངོས་


DTG040_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བདེ་བ་ཆེན་པོའི་མཆོག་ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་འཇུག་གོ །བདེ་བ་ཆེན་པོ་མཆོག་གྲུབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་མཆོག་གྲུབ་པའི་ཕྱིར་ཡང་དག་པར་འཇུག་གོ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་དངོས་གྲུབ་ཀྱི་མཆོག་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བདུད་ཆེན་པོ་རྣམས་འཇོམས་པའི་དངོས་གྲུབ་མཆོག་ཐོབ་པའི་ཕྱིར་ཡང་དག་པར་འཇུག་གོ །བདུད་ཆེན་པོ་འཇོམས་པ་མཆོག་གྲུབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཁམས་གསུམ་མཐའ་དག་གི་དབང་ཕྱུག་ཡང་དག་པར་འཇུག་གོ །ཁམས་གསུམ་མཐའ་དག་གི་དབང་ཕྱུག་མཆོག་གྲུབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པར་ཡོངས་སུ་སྐྱོབ་པ་དང༌། སེམས་ཅན་ཐམས་ཅད་ལ་ཕན་ཞིང་བདེ་བའི་མཆོག་དང༌། ཤིན་ཏུ་བདེ་བ་ཆེན་པོའི་མཆོག་གྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྲིད་འཁོར་བའི་ཁང་གནས་པར། །གྱུར་པའི་མཆོག་དང་དཔའ་བོ་རྣམས། །དེ་སྲིད་མཉམ་མེད་སེམས་ཅན་དོན། །བྱེད་བཞེད་མྱ་ངན་འདས་པ། །ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །ཡེ་ཤེས་བྱིན་རླབས་ཀྱིས་བསྒྲུབས་པ། །ལས་ཀུན་རྣམ་པར་དག་པ་དང༌། །སྲིད་པ་དག་པར་འགྱུར་བ་ཡིན། །འཇིག་རྟེན་གདུལ་བྱ་ཆགས་སོགས་ཀྱིས། །ཇི་སྲིད་འཁོར་བའི་རྟགས་སྡིག་བྱས། །དེ་རྣམས་རྣམ་པར་དག་དོན་དུ། །རང་ཉིད་འཁོར་བ་ཇི་སྲིད་འདུལ། །དཔེར་ན་པདྨ་ལེགས་དམར་བ། །ཚོན་གྱི་ཉེས་པས་མ་གོས་ལྟར། །རྟག་གྱུར་གནས་ཀྱི་སྐྱོན་གྱིས་ནི། །འགྲོ་ལ་ཕན་པ་གོས་མ་ཡིན། །འདོད་ཆགས་ཆེན་པོ་རྣམ་དག་པ། །བདེ་བ་ཆེན་པོ་གཏེར་ཆེན་པོ། །ཁམས་གསུམ་དབང་ཕྱུག་ཐོབ་པ་རྣམས། །དེ་རྣམས་བརྟན་པས་དོན་བྱེད་དོ། །ཞེས་སོ། །དེ་ཉིད་ཀྱི་ཕྱིར། །ཀྱེ་མ་རང་བཞིན་རྣམ་དག་འདི། །རྗེས་སུ་ཆགས་པའི་རང་འབྱུང་རྣམས། །ཆགས་བྲལ་གང་ཞིག་དག་བྱའི་ཕྱིར། །ཆགས་པ་ཡིས་ནི་འདུལ་བར་བྱེད། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདོད་ཆགས་ཡེ་ཤེས་རྙོག་པ་མེད། །འདོད་ཆགས་བྲལ་བ་ཆགས་པས་བཅོམ། །བདེ་བ་ཐམས་ཅད་སྟེར་བར་བྱེད། །ཅེས་དཔལ་


DTG040_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་བསྡུས་པ་ལས་སོ། །འཁོར་བས་སྐྱོ་བ་བསྐྱེད་དོན་དུ། །སྡུག་བསྔལ་ལ་སོགས་བསྟན་པར་བྱས། །ཕལ་ཆེར་སྐྱོ་བའི་སེམས་ཉིད་ནི། །ཐར་པའི་ལམ་ལ་འཇུག་པར་བྱེད། །སེམས་ཅན་སྙིང་རྗེའི་དབང་སོང་གང༌། །སྡུག་བསྔལ་ཉིད་ནི་མཐོང་མ་ཡིན། །དེ་རྣམས་རྨོངས་པ་སྤང་ཕྱིར་ཏེ། །སྡུག་བསྔལ་བསྟན་པས་འཇུག་པ་མིན། །གང་རྣམ་འགྲེལ་ལས་ཀྱང༌། །འདུ་བྱེད་སྡུག་བསྔལ་ཉིད་མཁྱེན་ནས། །སྡུག་བསྔལ་བསྒོམ་པ་གསུངས་པ་ཡིན། །ཁོ་བོའི་དེ་ཡང་རྐྱེན་ལས་བྱུང༌། །དེ་ནི་བདག་མེད་ལམ་བརྟེན་ཡིན། །སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །བསྒོམ་པ་ལྷག་མ་དེ་དོན་ཡིན། །དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །མདོ་སྡེ་ལས་ཀྱང་གང་གསུངས་པ། །འདི་ལྟར་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཁམས་ཡོངས་སུ་མ་དག་པར་གཟིགས་ནས་མི་རྟག་པ་དང་སྡུག་བསྔལ་བ་དང༌། །བདག་མེད་པ་དང༌། སྡུག་བསྔལ་གྱིས་སྐྱོ་བའི་གཏམ་གྱིས་འཁོར་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་སྐྱོ་བར་བྱེད་དོ། །འཕགས་པ་ཡང་ཆོས་འདུལ་བ་ལ་འཇུག་པར་བྱེད་དོ་ཞེས་སོ། །ཆགས་པ་དང་བྲལ་བའི་གདུལ་བྱའི་སེམས་ཅན་གདུལ་བའི་དོན་དུ་ཐ་མལ་པའི་མཚན་ཉིད་འདོད་ཆགས་དང་བྲལ་བར་བརྗོད་དོ། །གང་རྣམ་འགྲེལ་ལས། ཙནྡན་དང་ནི་སྟེའུ་བཞིན་དུ། །ཀུན་ལ་མཉམ་པར་གནས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། །བླང་དང་དོར་བ་བཅོམ་པའི་ཕྱིར། ཞེས་སོ། །བདེ་བ་ཆེན་པོ་མངོན་སུམ་དུ་བྱེད་པ་ལ་དེ་རྣམས་སྣོད་མ་ཡིན་པའི་ཕྱིར་རོ། །གང་དཔལ་མཆོག་དང་པོ་ལས། ཆགས་བྲལ་གྱིས་འདུལ་འཇིག་རྟེན་ལ། །ཆགས་བྲལ་ཉིད་ཀྱིས་དག་པ་ཡིན། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་སེམས་དཔས་སྦས་པ་ཡིན། །ཞེས་སོ། །གང་སངས་རྒྱས་ཀྱི་བསྟན་པ་ལ་འདོད་ཆགས་དང་བྲལ་བ་བསྟན་པ་ནི་དེ་དག་པར་བྱ་བའི་དོན་དུའོ། །དེ་ཅིའི་ཕྱིར་ཞེ་ན། མུ་སྟེགས་ཅན་རྣམས་འདོད་ཆགས་དང་བྲལ་བའི་ཆོས་དེས་གྲོལ་ལོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐར་པ་ནི་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པས་སོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་རང་གི་ཆུང་མས་ཀྱང་སེམས་ཅན་རྗེས་སུ་འཛིན་པར་མཛད་དོ། །འདོད་ཆགས་ཀྱིས་ཀྱང་བྱང་ཆུབ་མཚོན་པ་ཡིན་ནོ་ཞེས་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་


DTG040_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སོ། །ཕྱག་འཚལ་འདོད་ཆགས་ཀྱིས་ཆགས་ལ། །ཕྱག་འཚལ་འདོད་ཆགས་ཆགས་བྲལ་བ། །ཕྱག་འཚལ་ཕྱག་འཚལ་ཆགས་བྲལ་ལ། །ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གསང་བའི་རྒྱན་གྱི་བཀོད་པ་ལས་སོ། །སྣ་ཚོགས་ཐེག་པ་མི་རྣམས་བློ། །རྒྱལ་བས་རྗེས་སུ་གཟུང་བར་མཛད། །ཐེག་པ་གསུམ་གྱིས་ངེས་པར་འབྱུང༌། །ཐེག་པ་གཅིག་གི་འབྲས་བུར་གནས། །སྲིད་དང་ཞི་བ་ལ་ལྟོས་པས། །དད་རྒྱུའི་བདེ་བ་རྣམས་ཀྱི་ནང༌། །ཡོངས་སུ་དག་པ་འགྲོ་ལ་ཁྱབ། །ཡིད་བྱུང་ཞི་བ་ཟག་པ་མེད། །དེའི་ཕྱིར་བདེ་བ་ལྔ་པས་བསྔགས། །རྒྱ་ཆེན་རྒྱུན་བདེ་བླ་ན་མེད། །ཤེས་རབ་ཐབས་ཀྱི་བདག་ཉིད་འདི། །ཚད་མ་ལུང་གིས་ངེས་པ་ཡིན། །སངས་རྒྱས་རང་བཞིན་གཅིག་ཡིན་ཏེ། །གདུལ་བྱ་གཞན་ནི་མོས་ཕྱིར་རོ། དེ་ཉིད་ཀྱི་ཕྱིར་དེས་ན་ཕྱག་ན་རྡོ་རྗེ་གསང་བའི་སྦྱོར་བ་སྨྲས་ནས་གཞན་གྱིས་སངས་རྒྱས་མ་ཡིན་ན་ཞེས་མཆོག་ཏུ་གསང་བའི་མཛོད་ཀྱི་ཐིག་ལེ་ལས་བརྗོད་དེ་རིགས་པ་དང་ལུང་གིས་གྲུབ་བོ། །བྱང་ཆུབ་སེམས་དཔའི་ས་ལས་ཀྱང་འཕགས་པ་ཐོགས་མེད་ཀྱིས་གསུངས་པ། དེ་ལ་བདེ་བ་རྣམ་པ་ལྔ་པོ་འདི་དག་ཡིན་ཏེ། རྒྱུ་བདེ་བ་དང༌། ཚོར་བ་བདེ་བ་དང༌། སྡུག་བསྔལ་གྱི་གཉེན་པོའི་བདེ་བ་དང༌། ཚོར་བ་རྒྱུན་ཆད་པའི་བདེ་བ་དང༌། གནོད་པ་མེད་པའི་བདེ་བ་དང་ལྔའོ། །དེ་ལ་བདེ་བའི་ཕྱོགས་ཀྱི་དབང་པོ་དང་ཡུལ་གཉིས་དང༌། རྒྱུ་དེ་ལས་བྱུང་བའི་ཚོར་བ་བདེ་བར་འགྱུར་བའི་རིག་པ་གང་ཡིན་པ་དང༌། ཚེ་འདི་འམ། ཚེ་རབས་གཞན་དུ་འདོད་པའི་འབྲས་བུ་འབྱུང་བའི་ལས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་རྒྱུ་བདེ་བ་ཞེས་བྱ་སྟེ། འདི་ལས་གོང་ན་ཡང་མེད་འདི་ལས་ལྷག་པ་ཡང་མེད་དོ། །སྡུག་བསྔལ་རབ་ཏུ་ཞི་བ་ལ་མི་ལྟོས་པར་རྒྱུ་བདེ་བར་བསྡུས་པའི་རྒྱུ་གསུམ་པོ་དེ་དག་ཉིད་ལས་བྱུང་བ་ལུས་དང་སེམས་ལ་ཕན་འདོགས་པའི་མྱོང་བ་ནི་ཚོར་བ་བདེ་བ་ཞེས་བྱ་སྟེ། དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །དེ་ལ་ཟག་པ་མེད་པ་གང་ཡིན་པ་དེ་ནི་སློབ་པའོ། །ཟག་པ་དང་བཅས་པ་ནི་ཁམས་གསུམ་པ་སྟེ། འདོད་པ་དང་གཟུགས་དང༌། གཟུགས་མེད་པ་དང་ལྡན་པའོ། །དེ་ཡང་ཅི་རིགས་པར་ཁམས་གསུམ་པ་ཐམས་ཅད་ཀྱི་སྐྱེ་མཆེད་རྣམ་པ་དྲུག་གི་བྱེ་བྲག་ལས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་ནས་ཡིད་ཀྱི་འདུས་ཏེ་རེག་པ་


DTG040_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་བར་དག་གོ །རྣམ་པ་དྲུག་པོ་དེ་དག་ཀྱང་རྣམ་པ་གཉིས་སུ་འགྱུར་ཏེ། ལུས་ཀྱི་དང་སེམས་ཀྱིའོ། །དེ་ལ་རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པ་ནི་ལུས་ཀྱིའོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནི་སེམས་ཀྱིའོ། །གྲང་བ་དང་ཚ་བ་དང་བཀྲེས་པ་དང༌། སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམ་པ་དུ་མ་དང༌། སྣ་ཚོགས་མང་པོ་འབྱུང་ངོ་ཅོག་ལ་གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་གཉེན་པོས་ཞི་བར་བྱ་སྟེ། སྡུག་བསྔལ་ཞི་བར་གྱུར་པ་ཙམ་དེ་ཉིད་ལ་བདེ་བའི་བློ་སྐྱེ་བ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་གཉེན་པོའི་བདེ་བ་ཞེས་བྱའོ། །འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་ནི་ཚོར་བ་རྒྱུན་ཆད་པའི་བདེ་བ་ཞེས་བྱའོ། །གནོད་པ་མེད་པའི་བདེ་བ་ནི་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། མངོན་པར་འབྱུང་བའི་བདེ་བ་དང་རབ་ཏུ་དབེན་པའི་བདེ་བ་དང༌། ཉེ་བར་ཞི་བའི་བདེ་བ་དང༌། རྫོགས་པར་བྱང་ཆུབ་པའི་བདེ་བའོ། །དེ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་སྟེ། ཁྱིམ་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ལས་ངེས་པར་ཐར་པ་ནི་མངོན་པར་འབྱུང་བའི་བདེ་བ་ཞེས་བྱའོ། །འདོད་པ་དང་སྡིག་པ་མི་དགེ་བའི་ཆོས་སྤངས་ཏེ། དབེན་པས་བསམ་གཏན་དང་པོ་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་རབ་ཏུ་དབེན་པའི་བདེ་བ་ཞེས་བྱའོ། །བསམ་གཏན་གཉིས་པ་ལ་སོགས་པ་ལ་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་བ་ནི་ཉེ་བར་ཞི་བའི་བདེ་བ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་དང་གཏན་དུ་བྲལ་བ་དང༌། ཤེས་བྱའི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་བདེ་བ་གང་ཡིན་པ་དེ་ནི་རྫོགས་པར་བྱང་ཆུབ་པའི་བདེ་བ་ཞེས་བྱའོ། །དེ་ལ་རྒྱུ་བདེ་བ་ནི་བདེ་བའི་རྒྱུར་གྱུར་པའི་ཕྱིར་བདེ་བ་ཡིན་གྱི། ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ། །ཚོར་བ་བདེ་བ་ནི་རྒྱུའི་དངོས་པོས་མ་ཡིན་གྱི་ངོ་བོ་ཉིད་ཁོ་ནས་སོ། །སྡུག་བསྔལ་གྱི་གཉེན་པོའི་བདེ་བ་ནི་རྒྱུའི་དངོས་པོས་ཀྱང་མ་ཡིན་ལ་ངོ་བོ་ཉིད་ཀྱིས་ཀྱང་མ་ཡིན་ཏེ་སྡུག་བསྔལ་ཞི་བར་གྱུར་པ་ཙམ་དང༌། སྡུག་བསྔལ་བསལ་བས་བདེ་བ་ཡིན་ནོ། །ཚོར་བ་རྒྱུན་ཆད་པའི་བདེ་བ་ནི་རྒྱུའི་དངོས་པོས་ཀྱང་མ་ཡིན་གྱི་ངོ་བོ་ཉིད་ཀྱིས་ཀྱང་མ་ཡིན། སྡུག་བསྔལ་བསལ་བས་ཀྱང་མ་ཡིན་གྱི། འདི་ལ་ཚོར་བ་གང་ཅི་ཡང་རུང་བ་དེ་ནི་སྡུག་བསྔལ་བ་ཡིན་པ། ཡང་དག་པར་སྡུག་བསྔལ་བ་དུས་དེ་ཙམ་


DTG040_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གནས་པས་ཞི་བར་གྱུར་པ་ནི་བདེ་བའོ། །གནོད་པ་མེད་པའི་བདེ་བར་གཏོགས་པ་ཐ་མར་རྫོགས་པར་བྱང་ཆུབ་པའི་བདེ་བ་ནི་ཕྱི་མ་ལ་ཡང་དག་པར་སྡུག་བསྔལ་བ་དེ་གཏན་ཞི་བར་གྱུར་ལ་ཚེ་འདི་ལ་ཡང་ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་རྟེན་ལ་ཡོད་པ་ཐམས་ཅད་གཏན་མེད་པར་གྱུར་པའི་ཕྱིར་བདེ་བ་ཡིན་ནོ། །གནོད་པ་མེད་པ་དེའི་ལྷག་མ་རྣམས་ཀྱང་ཐ་མ་དེ་དང་མཐུན་པ་དང་དེའི་ཕྱོགས་ཡིན་པ་དང་དེའི་འདྲེན་པ་ཡིན་པའི་ཕྱིར་གནོད་པ་མེད་པའི་བདེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཕན་པའི་ཕྱོགས་ཀྱི་བདེ་བ་གང་ཡིན་པ་དེ་ཉིད་སེམས་ཅན་རྣམས་ལ་གྲུབ་པར་བྱེད་ཀྱི་གནོད་པའི་ཕྱོགས་ནི་མ་ཡིན་ནོ། །གནོད་པའི་ཕྱོགས་ཀྱི་བདེ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ཡོངས་སུ་ཤེས་པར་བྱས་ཤིང་དེ་ལས་སེམས་ཅན་རྣམས་འདུན་པ་བཟློག་པར་བྱ་སྟེ། ཅི་ནུས་ཀྱིས་དེ་ལས་བཟློག་ཅིང་འབད་པར་བྱའོ། །ཕན་པར་འགྱུར་བ་གང་ཡིན་པ་དེ་སྡུག་བསྔལ་དང་འབྲེལ་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ལ་བརྟེན་ནས་སྡུག་བསྔལ་བ་དང་བཅས་པ་དང་ཡིད་མི་བདེ་བ་དང་བཅས་པར་སེམས་ཅན་རྣམས་ལ་མི་འདོད་བཞིན་དུ་བསྒྲུབ་པར་བྱའོ། །མི་ཕན་པར་འགྱུར་བ་གང་ཡིན་པ་དེ་ནི་བདེ་བ་དང་འབྲེལ་དུ་ཟིན་ཀྱང་ཐབས་མཁས་པ་ལ་བརྟེན་ནས་བདེ་བ་དང་བཅས་པ་དང་ཡིད་བདེ་བ་དང་བཅས་པ་དང༌། སེམས་ཅན་རྣམས་མི་དགའ་བཞིན་དུ་བཟློག་པར་བྱ་ཞིང་དྲང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་སྡུག་བསྔལ་དང་བཅས་པའི་བདེ་བ་བསྒྲུབ་པ་གང་ཡིན་པ་དེ་དང༌། བདེ་བ་དང་བཅས་པའི་མི་ཕན་པ་ལ་བཟློག་པ་དེ་ནི་སེམས་ཅན་རྣམས་ལ་ཕྱིས་བདེ་བ་ཁོ་ན་ཡིན་པར་ངེས་པར་རིག་པར་བྱ་བའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཕན་པར་འདོད་པ་གང་ཡིན་པ་དེ་ནི་དོན་གྱིས་ན་བདེ་བ་འདོད་པ་ཡིན་པར་ཤེས་པར་བྱའོ། །ཕན་པ་སྦྱིན་པ་གང་ཡིན་པ་དེ་ནི་བདེ་བ་སྦྱིན་པར་ཤེས་པར་བྱ་སྟེ། འདི་ལྟར་ཕན་པ་ནི་རྒྱུ་ལྟ་བུ་ཡིན་ལ་བདེ་བ་ནི་འབྲས་བུ་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གང་ལ་ལ་སེམས་ཅན་རྣམས་ལ་ཕན་པ་དང་ལྡན་པ་དེ་ནི་བདེ་བ་དང་ལྡན་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་ཚེ་འདི་དང་ཚེ་རབས་གཞན་དུ་འདོད་པའི་འབྲས་བུར་འགྱུར་བའི་ལས་རྒྱུ་བདེ་བར་གཏོགས་པ་གང་ཡིན་པ་དང༌། ཚོར་བ་རྒྱུན་ཆད་པའི་བདེ་བ་གང་ཡིན་པ་དག་གནོད་པ་མེད་པའི་


DTG040_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་གང་ཡིན་པ་དེ་དག་ནི་ཕན་འདོགས་པ་དང༌། ཁ་ན་མ་ཐོ་བ་མེད་པ་ཡིན་པས་དེ་དག་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་དཔྱད་མི་དགོས་པར་ངེས་པར་བསྒྲུབ་པར་བྱའོ། །ཚོར་བ་བདེ་བ་དང་རྒྱུ་བདེ་བ་དང་དབང་པོ་དང་ཡུལ་དང་རེག་པས་བསྡུས་པ། ཀུན་ནས་ཉོན་མོངས་པར་འགྱུར་བ་དང༌། ཉོན་མོངས་པར་འགྱུར་བ་ཅན་དང༌། ཁ་ན་མ་ཐོ་བ་དང་བཅས་པ་མི་ཕན་པ་དང༌། མི་འཕྲོད་པ་གང་ཡིན་པ་དེ་ནི་བསྒྲུབ་པར་མི་བྱའོ། །ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང༌། ཁ་ན་མ་ཐོ་བ་མེད་པ་ཕན་པ་དང༌། འཕྲོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཅི་ནུས་ཅི་ལྕོགས་བཞིན་དུ་བསྒྲུབ་པར་བྱའོ། །བདག་ཉིད་ཀྱིས་ཀྱང་དེ་བཞིན་དུ་ཡང་དག་པར་སྤྱད་པར་བྱ་བསླབ་པར་བྱ་ཉམས་སུ་མྱོང་བར་བྱའོ་ཞེས་ཏེ། རྒྱ་ཆེན་པོའི་རྒྱུན་གྱི་བདེ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་འདིར་འདུས་པར་བལྟ་བར་བྱའོ། །དེ་ནས་ཞེས་པ་ནི་རྡོ་རྗེ་འཛིན་པ་ཆེན་པོའི་ནང་གི་རེག་བྱའི་བདེ་བ་ཉམས་སུ་མྱོང་བའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དེ་ཡང་ཡིན་ལ། དེའི་དབང་དུ་གྱུར་པ་དང་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་བདག་པོ་ཡང་ཡིན་ནོ། །དེའི་ཡོངས་སུ་མཉེས་པ་ཞེས་པ་ནི་དེ་རྣམས་ཟག་པ་མེད་པའི་བདེ་བ་ཆེན་པོ་མྱོང་བའོ། །མངོན་སུམ་གྱིས་ནི་མྱོང་བྱ་ཉིད། །ཡིན་ཡང་དེ་ཡི་བདག་ཉིད་དེ། །ཞེས་པའི་རིགས་པས་དེའི་བདག་ཉིད་ཡིན་ཏེ། དེའི་སྣོད་དུ་ཐབས་ཀྱིས་གཙོ་བོའི་རང་གི་གཟུགས་རྣམས་བུད་མེད་ཀྱི་གཟུགས་ཤེས་རབ་གཙོ་བོར་གྱུར་པའི་བུད་མེད་རྣམས་སུ་མངོན་པར་སྤྲུལ་པའོ། །འདི་དག་ཐམས་ཅད་སྔོན་གྱི་སྨོན་ལམ་དང་ཏིང་ངེ་འཛིན་གྱི་མཐུས་རྟོག་པ་མེད་པ་ཡིན་ན་ཡང་གྲུབ་པོ། །དེ་ལ་ཁ་ཅིག་ནི་ཞེས་པ་ནི་རྣམ་པར་སྣང་མཛད་རྡོ་རྗེ་སྟེ་དེ་ཉིད་སངས་རྒྱས་ཡིན་ལ། དེ་ཉིད་སྤྱན་མ་སྟེ་དེའི་རྣམ་པས་གདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་རོ། །དེ་བཞིན་དུ་མི་བསྐྱོད་རྡོ་རྗེ་མཱ་མ་ཀཱིའི་རྣམ་པ་དང༌། དཔག་མེད་རྡོ་རྗེ་གོས་དཀར་མོའི་རྣམ་པ་དང༌། དོན་ཡོད་རྡོ་རྗེའི་དམ་ཚིག་དེ་ཉིད་དེ་སྒྲོལ་མའི་རྣམ་པས་སོ། །དེ་བཞིན་དུ་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་རིན་ཆེན་ཏོག་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་རྡོ་རྗེ་རྣམས་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་རང་བཞིན་གྱི་རྣམ་པར་གནས་པར་གྱུར་ཏོ་ཞེས་སོ། །འདིས་ནི་དེ་ཁོ་ན་ཉིད་དུ་ན་རིགས་དང་རིགས་ཅན་ལ་ཐ་དད་པ་མེད་པར་སྨྲས་སོ། །དེ་ནས་ཞེས་བྱ་བ་ནི་སྤྱན་


DTG040_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་སོགས་པའི་ལྷ་མོ་རྣམས་རང་གི་རིག་མའི་ནང་དུ་ཞུགས་མ་ཐག་ཏུའོ། །གང་བཅོ་བརྒྱད་པ་ལས། འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས། །ཡེ་ཤེས་འཁོར་ལོ་རྣམ་བཀུག་སྟེ། །དགུ་པོ་སྤྲོས་ནས་བཙུན་མོ་ཉིད། །བསྒྲུབ་བྱའི་ལུས་ལ་གཞུག་པར་བྱ། །ཞེས་པ་གནས་ཡོངས་སུ་གྱུར་ནས་སོ། །ཡང་ཞེས་པ་ནི་ཚིག་གི་རྒྱན་ནོ། །སྲིད་པ་དང་ཞི་བའི་དབྱེ་བའི་རྣམ་པར་རྟོག་པའི་རླུང་གིས་མི་བསྐྱོད་པས་འདིར་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ནི་རང་གི་འོད་ཀྱི་རིག་མའི་ཆོས་ཀྱི་འབྱུང་གནས་ཀྱི་པདྨའི་ཟེའུ་འབྲུ་རྣམས་ལའོ། །རང་གི་སྙིང་ཀའི་ཟླ་བ་ལས་བྱུང་བའི་རྡོ་རྗེ་དམར་པོའི་ལྟེ་བ་ལ་གནས་པའི་ཟླ་བའི་དབུས་སུ་མགོ་གྱེན་དུ་བལྟས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུས་བཀུག་པའི་དེ་བཞིན་གཤེགས་པ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་དེ་ཉིད་དུ་ཟླ་བ་ཞུ་བའི་གཟུགས་སུ་གྱུར་པས་གསང་བའི་རྡོ་རྗེ་ལས་བྱུང་བས་མི་མཉམ་པ་མེད་པའི་ཕྱིར་གྲུ་བཞི་དང་རྡུལ་མེད་པ་ནི་འོད་གསལ་བ་ཡིན་པའི་ཕྱིར་དང༌། སེམས་ཀྱི་ཉོན་མོངས་པ་གློ་བུར་པ་ཡིན་པའི་ཕྱིར་ཏེ། སེམས་འདི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་བྱ་བའི་རིགས་པས་རང་བཞིན་མཐའ་དག་གི་གློ་བུར་གྱི་དྲི་མ་དང་བྲལ་བས་སོ། །ཆེན་པོའང་དེ་ཡིན་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངོ་བོས་ཐམས་ཅད་དུ་སོང་བ་ཡིན་པའི་ཕྱིར་དང་དམ་ཚིག་ཀྱང་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་སྐྱེད་པར་བྱེད་པའི་སྒོ་ནས་འདའ་བར་མི་བྱ་བས་ན་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། དེའི་དཀྱིལ་ནི་སྙིང་པོ་ཡིན་ལ་ལེན་པར་བྱེད་པས་དཀྱིལ་འཁོར་རོ། །བྱིན་གྱིས་བརླབས་པ་ནི་སེམས་ཅན་གྱི་འཇིག་རྟེན་རྣམ་པར་དག་པའི་ཆེད་དུ་སྟེ་དབང་བསྐུར་བའི་དོན་དུ་སྤྲུལ་པ་དང་ལྡན་པའོ། །གསལ་བ་ནི་རྣམ་པར་དག་པའི་ཡིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཤེལ་བཞིན་དུ་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་གྱི་རྟེན་དུ་གྱུར་པ་ཡིན་པས་གཞལ་ཡས་ཁང་གི་ཕྱི་རོལ་ན་གནས་པས་ཀྱང་ནང་དུ་ཆུད་པའི་དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བའི་ཕྱིར་རོ། །དེའི་རང་བཞིན་གྱི་ཆོས་ཉིད་ཀྱིས་རྡོ་རྗེ་འཛིན་པ་ཆེན་པོའི་བདག་ཉིད་དོ། །སྣ་ཚོགས་པའི་གཟུགས་ནི་དཀར་པོ་ལ་སོགས་པའི་ཁ་དོག་གི་དབྱེ་བས་སོ། །སངས་རྒྱས་སྤྲིན་གྱིས་ཀུན་དུ་ཁྱབ་པ་ནི་མི་


DTG040_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་བས་ཡོངས་སུ་གང་བའོ། །དེའི་འོད་ཟེར་འཕྲོ་བ་ནི་དེའི་འོད་ཟེར་རྣམས་ཀྱིས་གང་བའི་ཕྱིར་རོ། །འཁྲུགས་པ་བཞིན་དུ་འཁྲུགས་པའོ། །གསལ་བ་ལ་སོགས་པའི་དཀྱིལ་འཁོར་ནི་ཟླ་བ་དང་ཉི་མའི་བདག་ཉིད་དང་ལྡན་པ་སྟེ། མགོན་པོ་དང་བཅས་པའི་ལྷའི་གདན་ནོ། །འདི་ཡང་དེ་བཞིན་གཤེགས་པ་ཉིད་འབྱུང་བར་འགྱུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲོང་སྟེ་ཐར་པའི་གྲོང་ཡིན་པའི་ཕྱིར་ཁང་པ་བརྩེགས་མའོ། །དེ་ནས་ཞེས་བྱ་བ་ནི་རང་གི་འོད་ཀྱི་རིག་མའི་ཆོས་ཀྱི་འབྱུང་གནས་སུ་དཀྱིལ་འཁོར་སྤྲུལ་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་ནི་སྔར་བཞིན་དུ་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཏེ་དེའི་དབུས་ནི་རང་འོད་ཀྱི་རིག་མའི་པདྨའི་ཟེའུ་འབྲུའི་དཀྱིལ་འཁོར་སྔར་བརྗོད་པ་ལ་ཞུགས་པར་གྱུར་པ་ནི་སེམས་ཅན་གྱི་འཇིག་རྟེན་ཞེས་ཁ་བསྐང་བར་བྱའོ། །དཀྱིལ་འཁོར་དུ་ཞུགས་པ་ཙམ་གྱིས་ནི་བྱང་ཆུབ་མ་ཡིན་ལ་བླ་ན་མེད་པའི་ཆོས་ཉན་པ་ལ་སྐལ་པ་དང་ལྡན་པ་ཡིན་པས་འོན་ཀྱང་ཁྱད་པར་དུ་གྱུར་པའི་དབང་བསྐུར་བ་ཡིན་པར་གསུངས་པ། དེ་ནས་ཞེས་པ་ནི་རང་གི་རིག་མའི་པདྨའི་ཟེ་འབྲུའི་ནང་གི་དཀྱིལ་འཁོར་དུ་སེམས་ཅན་གྱི་ཁམས་བཅུག་པའི་རྗེས་ལའོ། །བྱང་ཆུབ་ཀྱི་བདག་ཉིད་ཀྱི་སེམས་སྔར་བཞིན་དུ་རྡོ་རྗེ་གང་ཡིན་པ་དེ་ནི་དེ་ལྟར་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། དེའི་སྙིང་པོ་ནི་སྙིང་གའི་རྡོ་རྗེའི་ལྟེ་བའི་ནང་དུ་གནས་པའི་ཡི་གེ་ཧཱུཾ་ལས་རྡོ་རྗེ་དང་པདྨའི་སྦྱོར་བ་དང་དེའི་འོད་ཟེར་གྱི་ལྕགས་ཀྱུས་བཀུག་སྟེ་བཞུགས་སོ། །དེ་ཉིད་དུ་ཐིག་ལེ་ཞུ་བའི་གཟུགས་སུ་གྱུར་པ་ཡིན་ཏེ་སྙིང་པོ་ས་བོན་དུ་བརྗོད་དོ་ཞེས་པས་སོ། །གསང་བའི་རྡོ་རྗེ་དམ་པའི་དབུས་སུ་ནི། །གཞུག་སྟེ་ཞེས་པ་འདི་ཡང་བརྒྱུད་པའི་ཚུལ་གྱིས་བལྟ་བར་བྱའོ། །གང་བཅོ་བརྒྱད་པ་ལས། རྡོ་རྗེ་པདྨའི་སྦྱོར་བ་ལས། རྡོ་རྗེ་ཐམས་ཅད་འདུས་པ་ཡིན། །དེ་རྣམས་ཐམས་ཅད་སྙིང་གར་དབབ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ལས། །རྡོ་རྗེའི་ལམ་ནས་དབྱུང་བར་བྱ། །ཞེས་པས་སོ། །དེ་བཞིན་དུ་དཔལ་མཆོག་ཏུ་གསང་བའི་མཛོད་ཀྱི་ཐིག་ལེ་ལས། དེ་ནས་བ་སྤུའི་བུ་གནས་དྲངས་པའི་ཁུ་བའི་ཐིག་ལེ་རྣམས་གནས་གསུམ་དུ་གནས་པ་དག་ཡིན་ཏེ། མགོ་བོ་ལ་བུམ་པའི་ཚུལ་གྱིས་ཏེ། དཔེར་ན་བདུད་རྩིའི་གཟུགས་དང་བདུད་རྩིའི་རང་བཞིན་དང་བདུད་རྩིའི་ངོ་བོས་སྤྱི་བོ་ན་


DTG040_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་བུམ་པ་དེ་ལས་རབ་ཏུ་འབབ་པར་གནས་པར་བལྟ་བར་བྱའོ། །གཞན་སྙིང་གར་གནས་པའི་པདྨ་ཤིན་ཏུ་འཇམ་པ་དཀར་པོ་མར་སར་དང་འདྲ་བ་གང་སྔར་བལྟས་པའི་བུམ་པའི་བདུད་རྩིས་པདྨ་དེ་ཚིམ་པར་བྱེད་པར་འབབ་པོ། །དེ་ནས་འབབ་པའི་སྦྱོར་བས་རྩ་རྣམ་པ་ལྔའི་ཁ་ནས་འབབ་པ་རྩ་རྣམ་པ་ལྔ་པོ་དེ་རྣམས་ལས་འབབ་པར་འགྱུར་བ་ནི་ཡི་གེ་ཨེའི་དབུས་སུ་སྟེ། འོན་ཀྱང་ཡི་གེ་ཨེ་ནི་ཡི་གེ་ཨེ་དང་འདྲ་བའི་ཟུར་གསུམ་པ་ཁ་དོག་སྣ་ཚོགས་དུ་མའོ། །དེ་ནས་ཨེའི་ཆ་བྱད་ཉིད་ནི་གྲུ་གསུམ་པའི་ཆོས་ཀྱི་འབྱུང་གནས་ཡིན་ནོ་ཞེས་ལུང་ལས་གྲུབ་བོ། །དེ་བཞིན་དུ་གསུངས་པ། མཆོག་ཏུ་རྗེས་ཆགས་ཕུན་ཚོགས་དཔག་མེད་ཀྱིས། །གདུལ་བྱའི་འཇིག་རྟེན་ཐམས་ཅད་དམིགས་ནས་ནི། །དགའ་བའི་སྒྱུ་མའི་སྒྲ་ཡིས་དེ་རྣམས་དང༌། །རྒྱལ་བའི་ཚོགས་རྣམས་མ་ལུས་གཞུག་པར་བྱ། །དེ་ནི་སྤྱན་ལ་སོགས་པའི་ལྷ་མོ་དང༌། །གཟུགས་སོགས་མ་ལུས་ཡུལ་གྱི་རང་བཞིན་གྱིས། །ཕྱུང་ནས་རིག་མ་དེ་དག་ཐམས་ཅད་ནི། །གཉུག་མའི་རིག་མའི་ནང་དུ་ཆུད་པར་བྱ། །དེ་ཡི་པདྨའི་ལྟེ་བའི་ནང་དུ་ནི། །དཀྱིལ་འཁོར་དྲི་མེད་ཟླ་ཟེར་ལས་བྱུང་བར། །བསམས་ནས་བློ་ཡིས་འགྲོ་བའི་ཚོགས་རྣམས་ནི། །མ་ལུས་དེར་ནི་རབ་ཏུ་གཞུག་པར་བྱ། །གསང་བའི་རྡོ་རྗེ་པདྨའི་དབུས་སུ་ནི། །རྣམ་སྣང་ལ་སོགས་རྒྱལ་བའི་ཚོགས་གཞུག་སྟེ། །ཞེས་སོ། །མངོན་པར་བྱང་ཆུབ་པར་འདོད་པས་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པར་བྱས་ནས། མངོན་པར་བྱང་ཆུབ་པར་བྱ་སྟེ། གཞན་དུ་ན་རྟེན་ཁྱད་པར་ཅན་མེད་པར་ཏིང་ངེ་འཛིན་ཁྱད་པར་ཅན་དང་བླ་ན་མེད་པའི་ཆོས་རིན་པོ་ཆེའི་བདུད་རྩི་ཡང་མི་འབྱུང་སྟེ། སེང་གེ་མོའི་ཚིལ་བཞིན་དུ་གསེར་གྱི་སྣོད་མེད་ན་གནས་པ་ཉིད་དུ་མི་འགྱུར་བའི་ཕྱིར་སྣོད་ཀྱི་འཇིག་རྟེན་གྱི་རྣམ་པར་དག་པ་གསུངས་པ། དེ་ནས་ཞེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་གཉིས་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་གང་ལས་མ་ལུས་པར་འབྱུང་བའི་ཕྱིར་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ཡིན་པས་དེ་ལ་དེ་སྐད་ཅེས་བྱ་སྟེ། སྔར་བཞིན་དུ་རྡོ་རྗེ་ཡང་ཡིན་ལ་ཏིང་ངེ་འཛིན་ཡང་ཡིན་པ་དེ་ལ་སྙོམས་པར་ཞུགས་སོ། །དེ་ནས་ཞེས་པ་ནི་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པའི་རྗེས་ལའོ། །འདི་


DTG040_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་རང་རིག་པའི་ངོ་བོ་ནམ་མཁའི་དབྱིངས་ཐམས་ཅད་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་གནས་པར་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་གསུམ་པོ་རྣམ་པར་དག་པའི་ངོ་བོ་རྣམ་པར་ཐར་པའི་སྒོ་གསུམ་གྱི་རྣམ་པར་དག་པ་སྟེ། ཟླ་བ་རྒྱས་འདྲ་དཀར་བའི་མདངས་ལྡན་ཞིང༌། །གཡས་དང་གཡོན་པའི་ཞལ་ནི་སྔོ་དང་དམར། །སྐུ་རུ་བསམ་ཞེས་གསུངས་པས་སོ། །འཆི་བ་ལས་འདས་པའི་ཆོས་ཐམས་ཅད་ཅེས་པ་ནི་སྟོང་པ་ཉིད་དོ། །རྒྱུ་ལས་རྣམ་པར་གྲོལ་བ་ཞེས་པས་ནི་མཚན་མ་མེད་པའོ། །རྟོག་པ་དང་བྲལ་བ་ཞེས་པ་ནི་སྨོན་པ་མེད་པ་སྟེ། རྣམ་པར་ཐར་པ་གསུམ་པོ་ནི། དེ་ནི་ཡི་གེ་མ་དང་ཡི་གེ་ཧ་དང་ཡི་གེ་ཨུའི་བདག་ཉིད་ཡིན་ལ་ཡི་གེ་ཧཱུཾ་ཡང་ཡིན་ཏེ་གསལ་བར་བྱེད་པས་དེ་སྐད་དུ་བརྗོད་ལ་ཉེ་བར་བརྟགས་པའི་དགོས་པ་ཡང་ཆོས་ཉིད་ལ་དབྱེ་བ་མེད་པར་སྟོན་པའོ། །དེའི་རྒྱུ་མཚན་གྱིས་རྡོ་རྗེའི་རང་བཞིན་དུ་བྱས་པ་སྟེ། ཧཱུཾ་ལས་བྱས་པའི་རྡོ་རྗེ་སར་པ་བསམས་ནས་ནི་ཞེས་པ་ལ་སོགས་པ་གསུངས་པས་སོ། །གང་རྣམས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་ཟླ་བ་ཞུ་བའི་ངོ་བོ་བྱང་ཆུབ་ཀྱི་སེམས་སོ་ཞེས་འཆད་དོ། །དེ་རྣམས་ནི་ཚིག་བདུན་པོ་སྟོན་པའི་ཀུན་དུ་བཟང་པོ་དང་འགལ་ཏེ་ཟླ་བ་ཞུ་བའི་དངོས་པོ་ཡང་དྲུག་པའི་ཚིག་གི་དོན་ལས་ཕྱིས་ཡིན་པའི་ཕྱིར་དང་བཅུ་བདུན་པའི་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །གང་འཆད་པ་དེ་ལས་འདི་ནི་ནམ་མཁའི་དབྱིངས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་གི་ཁུ་བས་ཡོངས་སུ་གང་བའི་རྡོ་རྗེའི་ཆུའི་བུམ་པ་བཞིན་དུ་གནས་པར་གྱུར་ཏོ་ཞེས་ཏེ་འདི་ནི་ཚིག་གཉིས་པ་ཡིན་པའི་ཕྱིར་རོ། །ཀུན་དུ་བཟང་པོ་དང་འགལ་བས་དེ་རྣམས་ལ་ཉམས་པ་ཅི་ཡོད་ཅེ་ན། དེ་ལྟར་ན་ཡང༌། ཆོ་ག་འདི་ནི་གཞུང་ལུགས་ལས་ཡིན་ཏེ། གཞུང་ལུགས་འདི་ནི་ཡིད་ཆེས་གྱུར་ལས་ཡིན། །ཡིད་ཆེས་དེ་ཡང་དཔལ་ལྡན་སངས་རྒྱས་དཔལ། །ཡེ་ཤེས་འདི་ནི་སངས་རྒྱས་རྣམ་དག་ལས། །གང་ཕྱིར་འདི་ནི་ཐ་དད་མ་ཡིན་པས། །སངས་རྒྱས་འདི་ནི་ཇི་ལྟར་ཡིད་ཆེས་ཡིན། །ཚད་མས་ཡང་དག་དེ་ཉིད་སྟོན་བྱེད་པས། །ལམ་མཆོག་སྟོན་ཕྱིར་དེ་དང་འདི་མཉམ་ཡིན། །སངས་རྒྱས་ཀྱིས་གསུངས་དེ་ཉིད་མཉམ་མེད་འཆད། །གང་འདི་ལམ་གསུང་དེ་ནི་ཡང་དག་སྟོན། །སངས་རྒྱས་དགྱེས་པ་ཅིས་ན་འདི་སྟོན་


DTG040_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མིན། དེ་ཕྱིར་འདིས་ནི་དེ་གཞུང་ཡིད་བརྟན་ཚིག །ཉིད་ཡིན་པར་ནི་རང་གི་རྣམ་གཞག་གྲུབ། །དེ་འགལ་བར་བཤད་གང་འདི་སླར་བཀག་ཡིན། །ཚིག་བདུན་བཤད་པ་ཡང་ཀུན་དུ་བཟང་པོའི་རྗེས་སུ་འབྲངས་པ་ཉིད་ཡིན་ལ། དེ་ཉིད་རྒྱུད་འདིའི་ཆེད་དུ་གཉེར་བའི་རྒྱ་ཆེར་འགྲེལ་པ་ཡིན་ལ། བཅོམ་ལྡན་འདས་ཀྱིས་བཀའ་ཉིད་ཀྱིས་བསྟན་པ་ཡིན་ཏེ། བཤེས་གཉེན་དམ་པ་ཡིས་ནི་བསྐུལ་ཕྱིར་སྤྲོ་བྱ་སྟེ། །ཞེས་པས་སོ། །དེས་ཀྱང་དཔལ་ལྡན་འདུས་པའི་དཀྱིལ་འཁོར་ཆོ་ག་ཡིས། །ཞེས་བྱ་བ་ལ་སོགས་པས་བྲི་བའི་དཀྱིལ་འཁོར་བཞི་དང༌། དབང་བསྐུར་བ་ལ་སོགས་པ་དང་བཅས་པ་ཡིན་ནོ། །རྗེས་སུ་མཐུན་པའི་འགྲོ་བའི་དོན་རྣམས་དང༌། །ཞེས་པ་ལ་སོགས་པ་ཞི་བ་ལ་སོགས་པའི་ལས་ཚོགས་ཡིན་ནོ། །སྦྱིན་སྲེག་ཆོ་གས་བསྒྲེ་བྱ་ཞིང༌། །ཞེས་པ་ལ་སོགས་པས་ནི་ཕྱི་དང་ནང་གི་སྦྱིན་སྲེག་གོ །དེ་ལྟར་རྟོགས་ནས་ཞེས་པ་ལ་སོགས་པས་ནི་སྟོན་པ་ལ་མཁོ་བའོ། །ཏིང་ངེ་འཛིན་གསུམ་པོའི་མཚན་ཉིད་ནི་མངོན་པར་རྟོགས་པ་ཡིན་ཏེ། གསལ་པོ་ཉིད་དུ་བརྗོད་པའི་ཕྱིར་དེ་དང་འགལ་ན་བཅོམ་ལྡན་འདས་ཀྱི་བཀའ་ཉིད་དང་འགལ་བ་ཉིད་དུ་འགྱུར་ཏེ་དེའི་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་ཡུལ་རྣམས་ལ་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་དེ་ལ་དེ་རྣམས་ཀྱིས་མི་གནོད་པའི་ཕྱིར་དེའི་རྗེས་སུ་འབྲང་བར་རྟོགས་ཏེ། དེ་ཉིད་ཀྱི་ཕྱིར་ན་མཁས་པ་རྣམས་ཀྱི་ཡུལ་ཡིན་ནོ། །དེས་ན་འདིས་ནི་སྣོད་ཀྱི་འཇིག་རྟེན་གྱི་རྣམ་པར་དག་པ་བསྟན་པ་ཡིན་ནོ། །སེམས་ཅན་གྱི་འཇིག་རྟེན་རྣམ་པར་དག་པ་སྔར་བརྗོད་པའི་མཇུག་བསྡུ་བ་གསུངས་པ་དེ་ནས་ཞེས་པ་སྟེ། རྡོ་རྗེ་དཔལ་གྱིས་རེག་པའི་རྗེས་ལའོ། །གང་བཅུ་བདུན་པ་ལས། དེ་ནས་རྡོ་རྗེ་ནམ་མཁའི་དབྱིངས་འདིར་གང་སེམས་ཅན་སྐུ་གསུམ་གྱི་དམ་ཚིག་ལས་བྱུང་བ་དེ་རྣམས་ལ་རྡོ་རྗེ་དཔལ་གྱིས་ཡང་དག་པར་རེག་ནས་ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཅན་དུ་གྱུར་ཏོ། །དེ་ནས་བཟུང་སྟེ་སེམས་ཅན་ཐམས་ཅད་ཀུན་དུ་བཟང་པོ་ཀུན་དུ་བཟང་པོ་ཞེས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་དབང་བསྐུར་བར་གྱུར་ཏོ། །གསང་བའི་རྡོ་རྗེ་ལས་བྱུང་བ་ནི་དཔལ་ཡིན་ལ་ཐིག་ལེ་ཞུ་བའི་གཟུགས་སུ་གྱུར་པ་རྣམ་པར་སྣང་མཛད་ལ་སོགས་པ་དེས་ཡང་དག་


DTG040_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་པ་སྟེ། བླ་མའི་མན་ངག་གིས་ཁྱད་པར་དུ་འཕགས་པའི་དབང་བསྐུར་བ་ཡིན་ནོ། །ཇི་སྙེད་པ་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་ཡང་དག་པར་བསྡུས་པའི་སེམས་ཅན་ཞེས་འབྲེལ་ཏོ། །འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་རྣམས་ནི་རྒྱུ་དང་བཅས། །ཞེས་ལུང་ལས་སོ། །ནམ་མཁའི་དབྱིངས་ཐམས་ཅད་ན་གནས་པ་ཞེས་པ་ནི་ནམ་མཁའི་དབྱིངས་ཐམས་ཅད་རྟག་ཏུ་གནས་པ་ཡིན་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་འཛིན་པ་ཆེན་པོའི་རང་གི་རིག་མའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་དང་མ་འདྲེས་པ་ལ་སོགས་པའི་ཆོས་འབྱུང་བའི་ནང་གི་པདྨའི་ཟེ་འབྲུའི་ནང་དུ་ཆུད་པའི་དཀྱིལ་འཁོར་ལ་ཡང་དག་པར་གནས་པའོ། །ཐམས་ཅད་ཅེས་བྱ་བ་ནི་སྣོད་ཇི་ལྟ་བ་ཡིན་ཏེ། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང༌། །སྐལ་པ་མེད་པས་བཟང་མི་མྱོང༌། །ཞེས་པའི་ལུང་གིས་སོ། །དེས་ཞེས་བྱ་བ་ནི་སྔར་བརྗོད་པས་སོ། །རྡོ་རྗེ་སེམས་དཔའི་བྱིན་གྱི་རླབས་ཀྱིས་ཞེས་པ་ནི། རྡོ་རྗེ་ངེས་འབྱེད་ཤེས་རབ་སྟེ། །སེམས་དཔའ་རིག་བྱར་བརྗོད་པ་ཡིན། །ཞེས་པས་སོ། །ཤེས་རབ་དང་སྙིང་རྗེའི་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རྡོ་རྗེ་དཔལ་གྱི་བླ་མའི་མན་ངག་ལས་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཐབས་དང་ཤེས་རབ་ཀྱི་རང་བཞིན་མཆོག་ཏུ་དགའ་བའི་ངོ་བོའོ། །ཡིད་བདེ་བ་ནི་དེ་ལས་བྱུང་བའི་དགའ་བའི་སྤྲུལ་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའོ། །དེ་ཐོབ་པ་ནི་དམ་ཚིག་རྡོ་རྗེ་ལ་སོགས་པ་དོན་ཡོད་རྡོ་རྗེའི་མཐར་ཐུག་པ་གྲུབ་པ་སྟེ། འདི་ནི་དེའི་རང་བཞིན་གྱི་རྐྱེན་བྱིན་པས་དེའི་བདག་ཉིད་དུ་གསུངས་སོ། །དེ་བཞིན་གཤེགས་པའི་འོད་ཀྱིས་སེམས་ཅན་ཇི་སྙེད་པ་ལ་རེག་པས་དེ་རྣམས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐོབ་པར་གྱུར་རོ་ཞེས་འཕགས་པ་དཀོན་མཆོག་སྒྲོན་མ་ལས་ཀྱང་གསུངས་སོ། །འདིས་ནི་སེམས་ཅན་གྱི་འཇིག་རྟེན་རྣམ་པར་དག་པས་ཉེ་བར་བསྡུས་པ་ཡིན་ནོ། །ཟླ་བ་ཞུ་བའི་གཟུགས་སུ་གྱུར་པ་དང༌། །དེས་ནི་དེ་རྣམས་དེ་འོག་དབང་བསྐུར་བྱ། །ས་ཡི་སྙིང་པོ་ཕྱག་ན་རྡོ་རྗེ་དང༌། །མཁའ་སྙིང་འཇིག་རྟེན་དབང་ཕྱུག་སྒྲིབ་སེལ་བཅས། །དཔལ་ལྡན་ཀུན་དུ་བཟང་པོ་ཞེས་བྱ་བ། །དེ་དག་མིག་ལ་སོགས་པ་གྲངས་བཞིན་ནོ། །


DTG040_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་སྒྲ་དང་དྲི་དང་རོ་དག་དང༌། །རེག་བྱ་དང་ནི་ཆོས་དབྱིངས་རྡོ་རྗེ་དང༌། །ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི། །ངོ་བོ་ཉིད་གྱུར་སྤྱན་ལ་སོགས་པར་གྲགས། །གཟུགས་དང་ཚོར་བ་དེ་བཞིན་འདུ་ཤེས་དང༌། །འདུ་བྱེད་དང་ནི་རྣམ་པར་ཤེས་བཤད་པ། །རྣམ་པར་སྣང་མཛད་ལ་སོགས་བདེ་གཤེགས་རྣམས། །ཞེས་སོ། །སྣོད་ཀྱི་འཇིག་རྟེན་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རྒྱུར་གྱུར་པས་བྱང་ཆུབ་པ་ཡིན་པའི་ཕྱིར་གསུངས་པ། དེ་ནས་ཞེས་ཏེ་ཆོས་ཀྱི་འབྱུང་གནས་ཀྱི་ནང་ན་གནས་པའི་ཁང་པ་བརྩེགས་མའི་དབུས་ཀྱི་གདན་དབུས་མ་ལ་གནས་པ་བཅུ་དྲུག་ཆ་དང་ཚོགས་ལས་བྱུང་བའི་ཟླ་བ་གང་བ་ལ་གནས་པའི་དཔལ་མཆོག་དང་པོའི་སྙིང་པོ་ལས་བྱུང་བ་ནོར་བུ་དམར་པོ་འདྲ་བའི་རྡོ་རྗེ་བཟང་པོའི་ལྟེ་བ་ཟླ་བ་ལ་གནས་པའི་སྙིང་པོ་ལས་བྱུང་བ་དཔག་ཏུ་མེད་པའི་སྤྲུལ་པས་འགྲོ་བའི་དོན་མཆོག་གི་ཕན་པ་བྱས་ཏེ་དེའི་ང་རྒྱལ་བྱས་པའི་རྗེས་ལའོ། །སྙིང་པོར་དེ་ནི་ཐུགས་མཚོན་ནས། །ཟླ་བ་རྡོ་རྗེའི་སྦྱོར་བ་ཡིས། །མཚོན་ཆ་མཆོག་གིས་དྲངས་ནས་ནི། །སེམས་ནི་སྔགས་ཀྱི་དངོས་བྱས་ཏེ། །སྔགས་ཀྱི་གཟུགས་ཀྱི་ཚུལ་གྱིས་ནི། །བྱང་ཆུབ་ཚིགས་བཅད་བརྗོད་པར་བྱ། །ཞེས་རྒྱུད་ཕྱི་མ་ལས་སོ། །སྙིང་པོ་ཞེས་བྱ་བ་ནི་གཞལ་ཡས་ཁང་དང་འབྲེལ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡང་འདི་ཡིན་ལ་དམ་ཚིག་ཀྱང་ཡིན་ཏེ། སྔར་བཞིན་དུ་རྡོ་རྗེ་འཛིན་པ་ཆེན་པོ་ཡིན་ནོ། །གང་གི་ཕྱིར་དེ་ལས་བྱུང་བས་དེ་ལྟར་དེ་སྔར་བཞིན་དུ་རྡོ་རྗེའི་ཏིང་ངེ་འཛིན་ཏེ། དེ་ལ་སྙོམས་པར་ཞུགས་པའོ། །འདི་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་རང་གི་རིག་པས་མངོན་སུམ་དུ་རྟོགས་པར་བྱ་བ་ཡིན་ནོ་ཞེས་གསུངས་ཏེ། དེའི་དོན་རྗོད་པར་བྱེད་པ་ཡང་མིང་ཐམས་ཅད་ལ་ཡིན་པས་སོ། །རིག་པའི་སྐྱེས་བུ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །དབྱེར་མེད་དབྱེ་བའི་དངོས་པོ་ལས། །རིགས་དང་ལྷན་ཅིག་ཡང་དག་ལྡན། །རིག་པའི་སྐྱེས་བུ་ཞེས་རྒྱུད་ཕྱི་མ་ལས་གསུངས་སོ། །གཟུགས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུར་སྣང་བའི་མཐར་ཐུག་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན་གྱི་སྐུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཤེས་རབ་ཀྱི་བདག་ཉིད་ཆོས་ཐམས་ཅད་ཀྱི་དེ་ཉིད་ཡིད་ལ་བྱེད་པས་ཡིད་ཡིན་ལ། སྙིང་རྗེ་ཆེན་པོའི་དབང་དུ་གྱུར་པའི་དངོས་པོས་


DTG040_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སྐྱོབ་པས་ཀྱང་སྔགས་སོ། །དབང་པོ་དང་ནི་ཡུལ་དག་གི །རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་རྒྱུད་ཕྱི་མ་ལས་སོ། །དེ་རྣམས་ཀྱིས་བྱིན་གྱིས་རློབ་པ་ནི་སྐྱེད་པར་བྱེད་པ་ཉིད་ཀྱིས་རྒྱུའོ། །སྐྱེད་པ་ནི་དེ་ལ་གང་ཞིག་གིས་ཕན་པར་བྱེད་དོ་ཞེས་རིགས་པ་ལས་སོ། །དེ་བྱིན་གྱིས་བརླབས་པ་ནི་འཁོར་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པ་དང་ལྡན་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་དེ་མ་ཐག་ཏུ་བྱིན་གྱིས་བརླབས་པ་ཙམ་གྱིས་གང་འདི་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་ཏིང་ངེ་འཛིན་ལ་སོགས་པའི་ངོ་བོ་མངོན་དུ་གྱུར་ནས་ཡོད་པ་དེ་ཉིད་བཅོམ་ལྡན་འདས་ཀུན་དུ་བཟང་པོ་ཡིན་ལ་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་གསུམ་རྣམ་པར་དག་པ་སྔོན་པོ་དང་དམར་པོ་དང་དཀར་པོ་སྟེ། གཡས་པ་དང་གཡོན་པ་དང་རྩ་བའི་ཞལ་གསུམ་གྱི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། །དེ་སྐད་དུ་ཡང་བརྗོད་པ། ཐུབ་མཆོག་ཕྲ་རབ་ལས་གྲུབ་མཚུངས་མེད་པ། །ཟླ་བ་རྒྱས་འདྲ་སྐར་མའི་མདངས་ལྡན་པ། །གཡས་དང་གཡོན་པའི་ཞལ་ནི་སྔོ་དང་དམར། །སྣ་ཚོགས་རྒྱན་རྣམས་འབར་བའི་ཕྱག་གཉིས་ཀྱིས། །རིག་མ་དམ་པ་འཁྱུད་པར་མཛད་པའོ། །ལྷག་མའི་ཕྱག་གིས་རྡོ་རྗེ་རལ་གྲི་དང༌། །པདྨ་རིན་ཆེན་བསྣམས་པ་ཟུང་གཉིས་མཛེས། ཁམས་གསུམ་ཁོངས་ནི་རྣམ་པར་རྒྱས་པ་ཡིས། །ཐུབ་པའི་འོད་ཚོགས་དུ་མ་རྣམ་པར་འགྱེད། །རྣམ་པར་ཐར་པའི་སྒོ་གསུམ་རྣམ་དག་པས། །ཤེས་རབ་ཐབས་ཀྱི་བདག་ཉིད་སྙིང་རྗེ་མཆོག །མ་ལུས་འགྲོ་བའི་དེ་ཉིད་གཅིག་པུ་ཉིད། །རྒྱལ་བུ་སྐྱེད་བྱེད་ཉིད་ཀྱི་སྐུ་རུ་མཐོང༌། །ཞེས་སོ། །གང་དག་ཞལ་དང་པོ་དང་ལུས་ཐམས་ཅད་ཀྱང་སྔོན་པོ་ཡིན་ལ་གཡས་པ་དམར་པོ་ཡིན་ནོ་ཞེས་འཆད་དོ། །དེས་ན་དེ་མ་ཐག་ཏུ་ཡང༌། །རྣམ་པར་སྣང་མཛད་འོད་འདྲ་ཞིང༌། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །སངས་རྒྱས་རྡོ་རྗེ་འཛིན་གསུམ་གྱུར། །ཞེས་པས་བཅོ་ལྔ་པར་བཤད་པ་དང་འགལ་བར་འགྱུར་རོ། །གང་ཡང་འདི་ཉིད་དུ་འབྲས་བུར་གྱུར་པའི་ཀུན་དུ་བཟང་པོ་ཡིན་པར་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བ་ནས་བཟུང་སྟེ། ཏིང་ངེ་འཛིན་དེ་ལ་ཞེས་པའི་མཐར་ཐུག་པ་རྒྱས་པར་མ་ལུས་པ་ཡིན་ནོ་ཞེས་སོ། །ཚིག་བདུན་པ་བཤད་པར་དེ་རྣམས་ཀྱང་ཚིག་གི་


DTG040_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དྲུག་པ་ལས་བྱས་འབྱུང་བའི་ཕྱིར་དང་བཅུ་པའི་བརྗོད་བྱ་ཡིན་པའི་ཕྱིར་ཏེ། གང་བཤད་པ། ནམ་མཁའི་དཀྱིལ་འཁོར་དབུས་གནས་པ། །དཀྱིལ་འཁོར་བཀོད་པ་བསྒོམ་པར་བྱ། །འདི་ཡི་དབུས་ནས་ཡི་གེ་ཧཱུཾ། །རང་གི་གཟུགས་སུ་རབ་ཏུ་བརྟག །རྡོ་རྗེ་འོད་ཟེར་རབ་ཏུ་འབར། །རྣམ་པར་འཕྲོ་བར་བསམ་པར་བྱ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །དྲངས་པར་དེ་ཡིས་རྣམ་བསྒོམས་ན། །དེ་མ་ཐག་ཏུ་དེར་འགྱུར་བ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཀུན་གྱི་གཙོ་བོ་དབང་ཕྱུག་མཆོག །ཅེས་སོ། །འདིས་ཚིག་བདུན་གྱི་བཤད་པ་བླ་མ་ལས་ཁོང་དུ་མ་ཆུད་དོ་ཞེས་རྗེས་སུ་དཔག་གོ །གཞན་ཡང་ཚད་མ་དང་ལུང་གིས་གནོད་པའི་ཕྱིར་ཏེ། མང་དུ་སྨྲ་བ་དེ་ཡང་གཞུང་མངས་པས་འཇིགས་པའི་ཕྱིར་རམ། ཡང་ན་གཞན་གྱི་ཉེས་པ་བསམས་པས་ཅི་ཞིག་བྱ་སྟེ། མཁས་པས་རང་ཉིད་ཀྱིས་རྣམ་པར་དཔྱད་དེ་གཟུང་བར་འོས་པའི་ཕྱིར་མ་བཀག་གོ ། གནས་གྱུར་པས་དེ་བཞིན་གཤེགས་པར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ཕྱིར་རང་རང་གི་རིགས་ཀྱིས་གདོན་པ་གསུངས་པ་ནི་དེ་ནས་ཞེས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་མ་ཐག་ཏུ་སྟེ། ཡོངས་སུ་མཐར་ཐུག་པའི་འབྲས་བུར་གྱུར་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་མི་བསྐྱོད་པ་ལ་སོགས་པ་གང་གཙོ་བོར་སྨོས་པ་རྣམས་ཏེ། དམ་ཚིག་རྡོ་རྗེ་ལ་སོགས་པ་ནས་དོན་ཡོད་རྡོ་རྗེའི་བར་རོ། །ཐམས་ཅད་ཀྱང་འབྲས་བུར་མཚུངས་པའི་ཕྱིར་རྒྱུད་འདིར་དེ་བཞིན་གཤེགས་པའི་སྒྲས་བརྗོད་དོ། །རྣམ་པར་སྣང་མཛད་ནི་སྔར་བརྗོད་པ་བཞིན་དུ་ཡིན་ལ་རྡོ་རྗེ་འཛིན་པ་ཆེན་པོའི་སྙིང་པོས་ཞལ་དུ་ཞུགས་ནས་ཀྵི་ཡིག་ལ་སོགས་པའི་ས་བོན་གྱིས་ཡིན་ཏེ། སྙིང་པོ་ས་བོན་དུ་བརྗོད་ཅེས་པས་སོ། །འགྲོ་བ་མཐའ་དག་གི་དོན་བྱེད་པའི་ཕྱིར་དེ་ཁོ་ན་ཉིད་བསྐུལ་བར་དེ་བཞིན་གཤེགས་པ་རྣམས་ཀྱིས་བརྡར་བྱས་པའི་ཕྱིར་འབྱིན་པའི་རྒྱུར་གྱུར་པ་ཀུན་དུ་ཆོས་སྟོན་པ་ལ་སོགས་པའི་དོན་དུ་བྱུང་བ་རྣམས་ཡིན་ཏེ་དེ་སྐད་དུ་ཡང་བརྗོད་པ། དེ་རྗེས་ས་བོན་གྱིས་ནི་དབྱུང་བར་བྱ། །ཀྵིཾ་ཛཾ་ཁམ་ཀཾ་ཀཾ་སཾ་ཞེས་པ་འདི་དག་མིག་ལ་སོགས་པ་རྣམས་ཀྱི་ཡིན། ཛཿཧཱུཾ་བཾ་ཧོཿཁཾ་རཾ་ཞེས་བཤད་པ། དེ་དག་གཟུགས་ཀྱི་རྡོ་རྗེ་ལ་སོགས་པའོ། །ལཱཾ་མཱཾ་པཱཾ་ཏཱཾ་ཞེས་བྱ་བ་བཞིར་བཤད་པ་དེ་དག་སྤྱན་ལ་སོགས་པ་


DTG040_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཡིན། བྲུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་ཞེས་བྱ་བ་འདི་རིམ་པ་ཇི་བཞིན་རྟག་པ་ལ་སོགས་པའོ་ཞེས་སོ། །ས་བོན་དེས་དབྱུང་བར་བྱའོ་ཞེས་པས་ནི་མིག་ལ་སོགས་པ་རྣམ་པར་དག་པར་བྱའོ་ཞེས་པ་དང་ཟླ་བ་ཞུ་བར་གྱུར་པ་རྣམས་དེ་རྣམས་ཀྱིས་བསྐྱེད་པར་བྱ་བ་ཡིན་ནོ་ཞེས་པ་ནི་བབ་ཅོལ་ཏེ་ཇི་ལྟར་རིགས་པ་ཤེས་པ་རྣམས་ཀྱིས་དཔྱད་པའོ། །མངོན་པར་བྱུང་ཞེས་པ་ནི་ཕྱུང་བ་སྟེ་འདི་ཞེས་པ་ནི་དེ་མ་ཐག་པའོ། །ཆེད་དུ་བརྗོད་པ་ནི་གསོལ་བ་བཏབ་པ་མེད་པར་རང་ཉིད་ཀྱིས་ཆེད་དུ་རྗོད་པས་བརྗོད་པའོ། །ཨེ་མའོ་ཞེས་པ་ནི་ངོ་མཚར་བའོ། །བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེ་དཔལ་གྱི་མཚན་ཉིད་དེ་མཆོག་ཏུ་ཞུགས་པ་དང་རེག་པ་ཙམ་གྱིས་སེམས་ཅན་ཐམས་ཅད་བདེ་བ་དང་ཡིད་བདེ་བ་ཐོབ་པའོ། །འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིན་པ་ཉིད་ཀྱིས་བསེ་རུ་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པས་གསང་བའོ། །རྣམ་པར་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར་བརྟག་བྱ་མ་ཡིན་པའོ། །རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རྙོག་པ་མེད་པ་སྟེ། ཉོན་མོངས་པ་དང་མ་འདྲེས་པའོ། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་པས་སོ། །དེ་ནས་ཞེས་པ་ནི་འཁོར་འདུས་མ་ཐག་ཏུའོ། །ཡང་ཞེས་པ་ནི་དེ་འདུས་ཤིང་ཚོགས་པ་ལ་ལྟོས་པས་འདུས་པའི་སྤྱོར་བས་ཚོགས་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རེ་ཞིག་དང་པོར་མཆོད་པ་དང་ཕྱག་འཚལ་ནས་གསོལ་བ་བཏབ་པ་སྔོན་དུ་སོང་སྟེ། སྟོན་པ་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་དམ་པའི་ཆོས་མཉན་པའི་ཕྱིར་འཇུག་པ་དང་ལྡན་པ་ཡིན་ན། བདག་ལྟ་སྨོས་ཀྱང་ཅི་དགོས་ཞེས་མ་འོངས་པའི་ཆོས་ཉན་པ་ལ་ཡང་དག་པར་བསླབ་པའི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་ཅིང་ཕྱག་འཚལ་ཏེ་གསོལ་ཏོ་ཞེས་པ་དང་འབྲེལ་ལོ། །ཅིས་ཤེ་ན། གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཆོད་པ་དང་གཞན་གྱིས་ཏེ། དེ་སྤྲོས་པ་ནི་ཕྱོགས་བཅུར་ཁྱབ་པ་ཡིན་ལ། དེ་ཉིད་ཆོས་ཉན་པའི་དང་པོར་ངེས་པར་བྱ་བ་ཉིད་དང་འདའ་བར་མི་བྱ་བ་ཉིད་ཀྱིས་དམ་ཚིག་གོ །དེ་ཉིད་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱིས་དེ་ཁོ་ན་ཉིད་ཡིན་པ་ལ། དེ་ཉིད་ཟག་པ་མེད་པ་ཉིད་ཀྱིས་མཆོག་ཡིན་ཞིང་དགའ་བ་རྒྱས་པར་བྱེད་པས་རིན་པོ་ཆེ་སྟེ།


DTG040_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྤྲིན་གྱིས་ཞེས་སོ། །འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་དེ་མ་ཐ་ག་པའི་ངག་ཡིན་ལ། བཅོམ་ལྡན་འདུས་པ་བཤད་དུ་གསོལ། །ཞེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་ནི་དེ་ཚོགས་པ་ཡིན་ལ། དེ་ཉིད་ཀྱི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔ་པོའི་ངོ་བོ་རིགས་ལྔའི་བདག་ཉིད་ཡིན་པའི་ཕྱིར་དེ་ཁོ་ན་སྟེ། འདི་ཉིད་ཀྱི་ཕྱིར་གསང་བའོ། །མཉམ་པ་ཉིད་དང་བྱ་བ་ནན་ཏན་གྱི་ཡེ་ཤེས་དག་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ནང་དུ་འདུས་པའི་ཕྱིར་ཡེ་ཤེས་གསུམ་གྱི་ངོ་བོ་ཡིན་ཏེ། ཆོས་དང་ལོངས་སྤྱོད་སྤྲུལ་བདག་ཉིད། །རིགས་གསུམ་ཆོས་དང་ལོངས་སྤྱོད་སྤྲུལ། །འཇུག་པས་འགྲོ་བའི་དོན་བྱེད་པ། །སེམས་ཀྱི་གསང་བའི་བྱིན་རླབས་ཡིན། །ཞེས་བཟང་པོའི་ཞབས་ཀྱིས་བརྗོད་པས་སོ། །དེ་ཉིད་རིགས་ནི་ལྔ་རུ་བརྗོད། །རིགས་གསུམ་གསང་བར་སྨྲས་པའོ། །ཞེས་རྒྱུད་ཕྱི་མ་ལས་སོ་ཞེས་ཁ་ཅིག་གོ །སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་ལས་ཡེ་ཤེས་ཞབས་ཀྱིས་སྐུ་གསུམ་དུ་ཡེ་ཤེས་ལྔ་འདུས་པ་གཞན་དུ་བཤད་དེ། གང་གསུངས་པ་དེ་ལ་དོན་དང་སེམས་ཅན་དུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པའི་ངོ་བོ་དེས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། རྟག་ཏུ་བཅོམ་ལྡན་འདས་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་ལས་བྱུང་བས་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པའི་བདག་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པའི་ངོ་བོ་དཔེ་མེད་པ་གཟུངས་ལ་སོགས་པ་དང་ཡང་དག་པའི་ལྡན་པ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཏེ་ཡེ་ཤེས་གཉིས་པོ་འདི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ་མཉམ་པ་ཉིད་དང་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དག་ཅི་ལྟར་རྟོགས་པའི་ཆོས་ལ་ཉེ་བར་ལོངས་སྤྱོད་པའི་གཞི་ཡིན་པའི་ཕྱིར་རོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་གནས་གྱུར་པའི་མཚན་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ལས་བྱུང་བ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཡིན་ཏེ། དེ་ཡང་སྤྲུལ་པ་སྣ་ཚོགས་ཀྱི་རྟེན་ཡིན་པའི་ཕྱིར་སྤྲུལ་པའི་སྐུའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ནི་ལེགས་པར་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱེ་ཡེ་ཤེས་ཡིན་ནོ། །ཕ་


DTG040_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཐེག་པའི་དབྱེ་བ་དང་ཡེ་ཤེས་ལྔ་པོ་སོ་སོའི་བདག་ཉིད་ཡིན་པའི་ཕྱིར་འདིར་མི་འགལ་བར་བལྟ་བར་བྱའོ། །དེ་བཞིན་དུ་ཡང་གང་དག་མིག་ལ་སོགས་པའི་རྣམ་པར་ཤེས་པ་གནས་གྱུར་པའི་ངོ་བོ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཡིན་ལ། རྣམ་པར་རྟོག་པའི་རྣམ་པར་ཤེས་པ་གནས་གྱུར་པའི་རང་བཞིན་ཡང་བྱ་བ་ནན་ཏན་གྱི་ཡེ་ཤེས་ཡིན་ནོ་ཞེས་སོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་གནས་གྱུར་པའི་བདག་ཉིད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཡིན་ནོ་ཞེས་ཀྱང་འཆད་པ་དེ་ནི་འདི་ཉིད་ཀྱིས་གནོད་དོ་ཞེས་བལྟ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་རྣམས་ཡིན་ཏེ་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་སོ། །འདུས་ནས་བསྟན་པས་ན་སྙིང་པོ་སྟེ། མདོར་བསྡུས་པའི་སྐུ་གསུང་ཐུགས་རྣམ་པར་གསུམ་མོ། །གསང་བ་ལས་བྱུང་བའི་ཕྱིར་དེ་དབྱུང་བ་སྟེ་དེ་གསུངས་ཤིག་ཅེས་སོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ལའོ། །ལེགས་སོ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་དང་ཤེས་བཞིན་ལ་སོགས་པ་སྔོན་དུ་འགྲོ་བས་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པའི་བཞོན་པར་གྱུར་པས་གསོལ་བ་འདེབས་པར་རིགས་པའོ། །ཅིའི་ཕྱིར་ཞེ་ན། གང་ལས་མངོན་སུམ་ལ་སོགས་པའི་ཡུལ་རྣམས་ལ་དེ་རྣམས་ཀྱིས་མི་གནོད་པའི་ཕྱིར་ལེགས་པ་སྟེ། མ་འོངས་པའི་སེམས་ཅན་ལ་ཡང་དག་པར་བསླབ་པའི་ཕྱིར་གསུངས་སོ། །འོན་ཀྱང་ཞེས་པ་ནི་ཡུལ་ཁྱད་པར་ཅན་ལ་ཁྱད་པར་དུ་འཕགས་པའི་ཆོས་བསྟན་པའོ། །གང་གི་ཕྱིར་འདུས་པ་འདི་ལ་དེ་བཞིན་གཤེགས་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་རིགས་ངེས་པ་རྣམས་རང་བཞིན་གྱིས་རྣམ་པར་བྱང་བའི་ཡེ་ཤེས་ཀྱི་ངོ་བོ་སོ་སོའི་སྐྱེ་བོའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཐེ་ཚོམ་གྱི་ངོ་བོ་ཡིད་གཉིས་བྱེད་པ་ཡིན་ཏེ། ཐབས་དང་ཤེས་རབ་ཀྱི་དབང་བསྐུར་བ་དང་བྲལ་བས་སོ། །སོ་སོའི་སྐྱེ་བོའི་ཤེས་པ་གང༌། །རང་བཞིན་གྱིས་ནི་རྣམ་བྱང་སྟེ། །དེ་ལ་སངས་རྒྱས་སྒྲས་བརྗོད་དེ། །ཇི་ལྟར་བྱང་ཆུབ་སེམས་ལས་རྒྱལ། །རང་བཞིན་ཉིད་དང་དྲི་མ་མེད། །དེ་དེ་རྐྱེན་ནི་ཡིན་པ་དང༌། །དེ་སྐྱེས་གྱུར་ཕྱིར་ཆོས་རྣམས་ཀྱི། །རྣམ་པར་བྱང་བ་བཞི་པོ་ཡིན། །དེ་ལ་རྣམ་ཤེས་ཙམ་ཉིད་ནི། །རང་བཞིན་གྱིས་ནི་རྣམ་དག་གོ །དམ་པའི་དོན་དུ་གཉིས་མེད་དངོས། །དེ་བཞིན་བདག་མེད་པ་ཡང་ཡིན། །སྟོང་ཉིད་ཆོས་ཀྱི་དབྱིངས་ཀྱང་ཡིན། །


DTG040_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་མཐའ་དང་བརྗོད་མེད་པ། །ཆོས་ཉིད་དང་ནི་མཚན་མ་མེད། །དེ་ཉིད་དོན་དུ་བརྗོད་པ་ཡིན། །ཞེས་ཕྱོགས་ཀྱི་གླང་པོའི་ཞབས་ཀྱིས་བརྗོད་པའི་ཕྱིར་རོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པས་དེ་ལྟར་བྱུང་བ་ཉིད་དེ་བཞིན་གཤེགས་པར་རྟོགས་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་ཚིག་ལས་སོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པར་སྤངས་པ་ལ་ཐེ་ཚོམ་ཡོད་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ལ་ཅུང་ཟད་མ་མཐོང་བ་མེད་དོ་ཞེས་པ་ལ་སོགས་པའི་ལུང་ལས་ཡིན་ཞེས་ཁ་ཅིག་ཡིན་ནོ། །གཞན་དག་ནི་མཐའ་ཡས་པའི་བྱང་ཆུབ་བདེ་བར་གཤེགས་པས་བསྟན་ཞེས་བརྗོད་པས་དཔལ་གསང་བ་འདུས་པར་མངོན་པར་བྱང་ཆུབ་པ་རྣམས་ཡིན་ནོ་ཞེས་སོ། །ཅིའི་ཕྱིར་ཞེ་ན། གཞན་ནི་རིགས་མ་ངེས་པ་ལ་སོགས་པ་རྣམས་ཡིན་ནོ། །དེ་ནས་ཞེས་པ་ནི་ཆོས་ཟབ་མོ་བསྟན་པའི་རྗེས་ལའོ། །ཐུན་མོང་མ་ཡིན་པ་ནི་སེམས་ཅན་མཆོག་གི་བསྒྲུབ་བྱ་བ་ཡིན་ལ་དཔལ་གསང་བ་འདུས་པར་ངེས་པར་བྱས་པས་ངོ་མཚར་ཐོབ་པའོ། །ཐམས་ཅད་མཁྱེན་པ་ལས་གཞན་གྱི་སྔར་མ་བྱུང་བ་རྟོགས་པས་རྨད་དུ་བྱུང་བ་ཐོབ་པའོ། །གང་ནི་གང་གི་ཕྱིར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འཁོར་བྱིན་གྱིས་བརླབས་པ་དེ་ནས་དེའི་ཕྱིར་རོ། །ཡང་དག་པ་ནི་མཆོག་གི་སྒོ་ནས་ཡིན་ཏེ་མངོན་སུམ་ལ་སོགས་པའི་ཡུལ་རྣམས་ལ་དེ་རྣམས་ཀྱིས་དེ་མི་གནོད་པའི་ཕྱིར་རོ། །མཆོག་ནི་ཕུན་སུམ་ཚོགས་པ་མ་ལུས་པའི་རྒྱུར་གྱུར་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པ་དང་ལོངས་སྤྱོད་པ་དང་ཆོས་ཀྱི་སྐུའི་བདག་ཉིད། སྐུ་གསུང་ཐུགས་ཀྱི་གསང་བ་བསྟན་དུ་གསོལ་ཞེས་སོ། །དེའི་བྱིན་གྱིས་བརླབས་པ་ཉིད་ཇི་ལྟར་ཡིན་ཞེ་ན། གསུངས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་རྡོ་རྗེ་ཡིན་ལ་དེའི་རང་བཞིན་གསང་བའི་རྡོ་རྗེ་སྟེ། དེ་ཉིད་དམ་ཚིག་ཡིན་པ་དེའི་ཕྱིར་དེ་ལས་བྱུང་བ་གང་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་ཚོགས་ཀྱི་རྒྱུར་གྱུར་པ་ཉིད་ཀྱི་གནས་ཡིན་ལ་རྡོ་རྗེ་དཔལ་གྱིས་རེག་པའི་མཚན་ཉིད་དེས་བྱིན་གྱིས་བརླབས་པ་སྟེ། འཁོར་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་བྱས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་བཞིན་གཤེགས་པ་ཐམས་


DTG040_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་འབྲེལ་པའི་བདེ་བ་དང་ཡིད་བདེ་བ་གང་ཡིན་པ་དེ་རྗེས་སུ་མྱོང་བ་ཡིན་ལ་འཁོར་གྱི་དོན་ནི་དགོས་པ་ཡིན་ཏེ། གང་བྱིན་གྱིས་བརླབས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་སྲིད་བར་དུ་ཞེས་པ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཡོན་ཏན་རྣམས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་དེ་ཉིད་རྟོགས་པའི་རང་བཞིན་ནོ། །མངོན་པར་ཤེས་པ་ནི་ལྷའི་མིག་དང་རྣ་བ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་རྫུ་འཕྲུལ་དང་གཞན་གྱི་སེམས་ཤེས་པ་དང་ཟག་པ་ཟད་པ་ཤེས་པའི་མཚན་ཉིད་ཀྱི་གནས་སོ། །འབྲས་བུ་དེ་ཐོབ་པའི་རྒྱུར་བྱིན་གྱིས་རློབས་ལ་བསྟན་དུ་གསོལ་ཞེས་སོ། །འདི་ལྟར་སྦྱོར་བ་དང་པོའི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་དཀྲུགས་ཏེ་ཉེ་བར་བསྟན་ནས། དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་ཡང་དག་པར་བསྟན་པ་གསུངས་པ། དེ་ནས་ཞེས་པ་ནི་ཆོ་ག་ཇི་ལྟ་བར་སྙིང་གའི་ཟླ་བའི་སྔགས་ཀྱི་འོད་ཀྱིས་བཀུག་སྟེ་ཟླ་བ་ཞུ་བའི་གཟུགས་སུ་གྱུར་ཏེ། ཧཱུཾ་གི་རྡོ་རྗེ་ལས་བྱུང་བ་དྲི་མ་མེད་པར་ཆུ་སྐྱེས་ལ་གནས་པའི་ཡིད་ཀྱི་ཚུལ་དམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སྙིང་པོ་ལས་བྱུང་བ་མ་ལུས་པའི་གཉུག་མའི་དཀྱིལ་འཁོར་གྱི་རྣམ་པར་ཡོངས་སུ་གྱུར་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་ཞེས་པ་ནི་དང་པོའི། །མཁྱེན་ནས་ཞེས་པ་ནི་མ་འོངས་པ་རྣམས་ཀྱིས་ཀྱང་ཡང་དག་པའི་བསམ་པ་སྔོན་དུ་འགྲོ་བའི་ཡང་དག་པའི་གསོལ་བ་བཏབ་པ་ངེས་པར་བྱས་པ་ཉིད་ཀྱིས་ཟབ་མོའི་ཐེག་པ་སྟོན་ཅིག་ཅེས་པ་ཡིན་ཏེ། གཞན་དུ་ན་གཉི་ག་ཡང་ལྟུང་བར་འགྱུར་བས་འདི་གསུང་སོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ནི་ཡེ་ཤེས་ཏེ། དེ་ཉིད་མི་བསྐྱོད་པའི་རྣམ་པར་དེའི་བདག་ཉིད་ཀྱིས་རང་ཉིད་སྟོན་པ་པོ་ཡིན་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མུན་པ་སེལ་བར་བྱེད་པས་སྒྲོན་མ་བཞིན་དུ་སྒྲོན་མའོ། །གང་རྣམ་འགྲེལ་ལས། །གསལ་དེ་འང་དེ་ཡི་བདག་ཉིད་ལས། །རང་ཉིད་རབ་ཏུ་གསལ་བར་བྱེད། །ཇི་ལྟར་གསལ་བར་འདོད་གྱུར་པ། །དེ་ལྟར་བློ་ནི་མྱོང་ཕྱིར་རོ། །ཞེས་སོ། །དེ་ཉིད་སྔར་བཞིན་དུ་རྡོ་རྗེ་སྟེ། གང་དུ་དེ་དམིགས་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །འདི་ནི་རང་རིག་པའི་མངོན་སུམ་གྱིས་རྟོགས་པར་བྱ་བའོ། །


DTG040_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བས་གདུལ་བའི་སེམས་ཅན་གདུལ་བའི་ཕྱིར་བཅོས་མའི་ཁྲོ་བ་ལས་བྱུང་བའི་སྙིང་རྗེ་ཆེན་པོ་ལས་གྱུར་པའི་སེམས་ནི་ཞེ་སྡང་སྟེ། མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་པ་འདི་ལྟ་བུའི་མཚན་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྩ་བ་ནས་གཅོད་པ་ལྷུར་བྱེད་པ་ཡིན་ཏེ། ངག་གི་རྡོ་རྗེ་སོགས་གྲུབ་ལ། །སྙིང་རྗེའི་བདག་ཉིད་ཅན་གྱིས་བསྒྲུབ། །ཅེས་བརྗོད་པའི་ཕྱིར་རོ། །གཞན་དུ་འཆད་པ་ནི། ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། །བག་ཆགས་བཅས་པར་གཏན་སྤངས་པ། །ཞེས་པའི་ལུང་དང་འགལ་བར་འགྱུར་རོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རིགས་ཡིན་ཏེ་རྗེས་སུ་འགྲོ་བའོ། །དེ་ཉིད་སྔར་བཞིན་དུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་སྔགས་སོ། །དེ་ཉིད་མི་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔའི་བདག་ཉིད་ཀྱིས་སོ། །སླར་ཡང་མེ་ལོང་ལྟ་བུ་ལ་སོགས་པའི་དབྱེ་བས་ཉི་ཤུ་རྩ་ལྔའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་སོ། །དེ་སོ་སོ་ཡང་ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོའི་དབྱེ་བས་མཆོག་གི་རིགས་བརྒྱའོ། །རིགས་ནི་རྗེས་སུ་འགྲོ་བར་བསྒྲགས། །མཆོག་གི་རིགས་ནི་རྣམ་པར་བརྒྱ། །ཞེས་རྒྱུད་ཕྱི་མ་ལས་སོ། །དེ་ཉིད་མངོན་སུམ་ལ་སོགས་པ་རྣམས་ཀྱིས་མི་གནོད་པའི་ཕྱིར་སྙིང་པོ་དང་འདོད་པ་མ་ལུས་པ་མཆོག་ཏུ་གྱུར་པའི་གཞོན་པར་གྱུར་པས་སྙིང་པོའོ། །དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་དེ་སྐད་བརྗོད་དེ་ཉེ་བར་བཏགས་པས་སོ། །དེའི་དགོས་པ་ནི་དོན་དམ་པར་རྗོད་པར་བྱེད་པ་ལས་ཐ་དད་པར་གྱུར་པའི་བརྗོད་པར་བྱ་བ་མེད་དོ་ཞེས་སྟོན་པའོ། །རྡོ་རྗེ་སྐྱིལ་མོ་ཀྲུང་ལ་སོགས་པས་སྐུ་ལས་སུ་རུང་བར་བྱས་པ་དང༌། མྱུར་བ་དང་བུལ་བ་ལ་སོགས་པའི་ཉེས་པ་སྤངས་པའི་གསུང་དང་ཐུགས་རྩེ་གཅིག་པས་སྔགས་བཟླས་པ་དང༌། དེའི་ལུང་དབོག་པ་ལ་སོགས་པ་ལ་རབ་ཏུ་འཇུག་པར་བྱའོ་ཞེས་དེ་ཁོ་ན་ཉིད་དུ་དབྱེར་མེད་ཀྱང་ལུས་ལ་སོགས་པའི་དབྱེ་བས་མ་འོངས་པ་ལ་བསླབ་པའི་དོན་དུ་གསུངས་སོ། །བྱིན་གྱི་རླབས་ཀྱིས་གཞན་གྱི་ཁ་ནས་ཀྱང་སྟོན་པ་སྲིད་པས་ཉིད་ཀྱི་སྒྲ་སྨོས་སོ། །དེ་ཉིད་ཞེས་པ་ནི་དེ་ཁོ་ན་ཉིད་དུ་དབྱེ་བ་མེད་ཀྱང་གདུལ་བྱའི་ལྷག་པར་མོས་བ་དང་རང་གི་སྨོན་ལམ་དང་བསྒོམ་པའི་སྟོབས་ཀྱིས་སྣང་བ་


DTG040_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པས་འདི་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱང་འདི་ཡིན་ལ་རིག་པའི་སྐྱེས་བུ་ཡང་ཡིན་ཏེ། འདིར་སྔོན་བཞིན་དུ་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་ངོ༌། །མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་ནི་འདིར་ཁ་དོག་དང་ཕྱག་མཚན་ལ་སོགས་པ་གཉིས་སུ་མེད་པའི་རབ་ཏུ་སྣང་བའི་བདག་ཉིད་དེ། ཞེ་སྡང་གཙོ་བོར་གྱུར་པའི་སེམས་ཅན་གྱི་དོན་བྱེད་པ་ལ་གཅིག་ཏུ་བརྩོན་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་བུ་གཉིས་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་འཆང་བར་འགྱུར་བའི་སྐུ་དེ་ནི་མཆོག་ཀྱང་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱིས་ཟག་པ་མེད་པའི་བདེ་བ་ཐོབ་པར་བྱེད་པའི་ཕྱིར་ཡང་དག་པ་ཡང་ཡིན་ཏེ། མངོན་སུམ་ལ་སོགས་པས་མི་གནོད་པའི་ཕྱིར་རོ། །རྣལ་འབྱོར་ཡང་ཡིན་ཏེ་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པ་ཡིན་པའི་ཕྱིར་རོ། །གནས་ཀྱང་ཡིན་ཏེ་སེམས་ཅན་མ་ལུས་པའི་བླ་ན་མེད་པའི་འབྲས་བུའི་རྟེན་ཡིན་པས་སོ། །དེ་རྣམས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱེད་པར་གསུངས་པ་ཡིན་ཏེ། དེ་བཞིན་དུ་གཞན་དུ་ཡང་ཡིན་ནོ། །ནག་པོ་དང་དཀར་པོ་དང་དམར་པོའི་རྣམ་པ་ནི་ལུས་ཐམས་ཅད་དང་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་ནི་སྔོན་པོ་དང་དཀར་པོ་དང་དམར་པོའི་རྣམ་པར་རོ། །བཞུགས་སོ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོའི་རྣམ་པ་ཉིད་ཀྱིས་རྡུལ་ཕྲ་རབ་སོ་སོའི་ནང་དུ་ཐིམ་པ་དང་ལྡན་པའོ། །དེ་འདི་སྐད་དུ་བརྗོད་པར་འགྱུར་ཏེ་ཞེ་སྡང་གཙོ་བོར་གྱུར་པ་མི་བསྐྱོད་པའི་གདུལ་བྱའི་སེམས་ཅན་ངེས་པར་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ཆེད་དུ་དེ་ཁོ་ན་ཉིད་ལ་བསྐུལ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྡར་བྱས་པས་བཛྲ་དྷྲྀཀ་ཅེས་པ་འདིས་དེ་བསྐུལ་ནས་ཕྱུང་སྟེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེས་ཁྱབ་ན་སྣོད་ཇི་ལྟ་བ་ལ་སྒྲ་སྣ་ཚོགས་དང་སྤྲུལ་པ་དང་ལམ་དང་ཆོ་འཕྲུལ་ལ་སོགས་པ་རྣམས་ཀྱིས་སྐྱེ་བོ་དམ་པའི་དོན་བྱས་ནས་བདག་ལ་བསྡུས་ཏེ། དེ་བཅོམ་ལྡན་འདས་ལ་ཐིམ་པར་གྱུར་ཏོ་ཞེས་སོ། །རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའི་ངོ་བོ་བསྔགས་པ་དང་སླར་ལྡོག་པ་མེད་པ་དང་མ་ལུས་པར་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་མི་བསྐྱོད་པ་འབྲས་བུ་མཐོང་བ་སྔོན་དུ་འགྲོ་བ་ཡིན་པས་གདུལ་བྱ་ཐབས་ཚོལ་བས་


DTG040_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་འབྲས་བུ་བསྟན་ཏོ། །འདི་མངོན་སུམ་དུ་བྱེད་པའི་རྒྱུ་ཅི་ཡིན་ཞེས་འདོད་པ་རྣམས་ལ་མེ་ལོང་དང་མཉམ་པ་ཉིད་དང་སོ་སོར་ཀུན་ཏུ་རྟོག་པ་དང་བྱ་བ་ནན་ཏན་གྱི་ཡེ་ཤེས་བཞི་པོ་ཉིད་གཟུགས་ལ་སོགས་པའི་ཕུང་པོ་བཞིའི་རྣམ་པར་དག་པའི་ངོ་བོ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་རྣམ་པ་དེ་མ་ཐག་ཏུ་མངོན་སུམ་དུ་བྱེད་པའི་རྒྱུ་སྟོན་པར་བྱེད་པས་གསུངས་པ་དེ་ནས་ཞེས་ཏེ། རྣམ་པར་སྣང་མཛད་ཀྱི་གདུལ་བྱ་གཏི་མུག་གཙོ་བོར་གྱུར་པའི་སེམས་ཅན་ཡོངས་སུ་སྨིན་པར་ངེས་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྟོགས་ཤིང་མངོན་སུམ་དུ་བྱེད་པ་ཡིན་ནོ། །མེ་ལོང་བཞིན་དུ་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་འབྱུང་བའི་གནས་ཡིན་པའི་ཕྱིར་དང༌། རང་ཡང་རབ་ཏུ་གསལ་བར་བྱེད་པ་ཡིན་པའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པའི་ངོ་བོ་དམ་ཚིག་དེ་གང་ལས་བྱུང་བའོ། །དེ་ནི་སྔ་མ་བཞིན་དུ་རྡོ་རྗེ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་པ་འདི་ལྟར་མཚན་ཉིད་ཡིན་ཏེ་སེམས་ཅན་ཐམས་ཅད་ཀྱི་གཏི་མུག་རྩ་བ་ནས་འབྱིན་པ་ལ་མཐར་ཐུག་པའི་གཏི་མུག་ཆེན་པོ་ནི་འདིར་གཏི་མུག་གོ། ལུས་པོ་ཐམས་ཅད་དང་རྩ་བ་དང་གཡས་དང་གཡོན་པའི་ཞལ་ནི་དཀར་པོ་དང་སྔོན་པོ་དང་དམར་པོའི་ཚུལ་གྱིས་མདུན་དུ་ཟླ་བའི་དཀྱིལ་འཁོར་ལ་བཅོམ་ལྡན་འདས་ལ་མངོན་པར་ལྟ་ཞིང་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་སོ། །དེ་ནས་ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱི་གདུལ་བྱ་ང་རྒྱལ་གཙོ་བོར་གྱུར་པའི་སེམས་ཅན་ཡོངས་སུ་སྨིན་པར་ཡོངས་སུ་ཆོད་པའི་རྗེས་ལའོ། །མེ་ལོང་ལྟ་བུའི་ཡེ་ཤེས་མངོན་སུམ་སུ་བྱས་པས་ཀུན་གཞིའི་རྣམ་པར་ཤེས་པ་མེད་པའི་ཕྱིར་ངའམ་ངའི་ཞེས་པའི་རྣམ་པར་དམིགས་པའི་ཉོན་མོངས་ཅན་གྱི་ཡིད་མི་སྐྱེ་བའི་ཕྱིར་གང་ཟག་དང་ཆོས་སུ་མི་དམིགས་པའི་ངོ་བོ་སྟོང་པ་ཉིད་ཀྱི་བདག་ཉིད་ཀྱི་མཉམ་པ་ཉིད་དུ་རང་རིག་པའི་ངོ་བོའི་ཡེ་ཤེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགའ་བ་ཟག་པ་མེད་པ་རྒྱས་པར་བྱེད་པས་ན་རིན་པོ་ཆེའོ། །དེ་ལས་གང་འབྱུང་བ་དེ་ནི་རྡོ་རྗེ་བཞིན་དུ་མི་ཕྱེད་པ་དང་དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་གང་ཡིན་པ་སྟེ། དེ་ཡང་འདིར་


DTG040_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཡིད་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱེད་པས་ཡིད་བཞིན་གྱི་ནོར་བུ་སྟེ་བཅོམ་ལྡན་འདས་རིན་ཆེན་ཏོག་གོ །སྐུ་ཐམས་ཅད་དང་རྩ་བ་དང་གཡོན་དང་གཞན་གྱི་ཞལ་ནི་སེར་པོ་དང་དཀར་པོ་དང་ནག་པོའི་རྣམ་པས་ཉི་མའི་དཀྱིལ་འཁོར་ལོའོ། །དེ་ནས་ཞེས་པ་ནི་འོད་དཔག་མེད་ཀྱི་གདུལ་བྱ་འདོད་ཆགས་གཙོར་གྱུར་པའི་སེམས་ཅན་ཡོངས་སུ་སྨིན་པར་ཤེས་པའི་རྗེས་ལའོ། །ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཤེས་པ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་མི་དམིགས་པས་རྣམ་པར་རྟོག་པའི་ཤེས་པ་གནས་གྱུར་པས་སོ་སོར་རྟོག་པ་ཉིད་རང་ཉིད་གསལ་བའི་ཡེ་ཤེས་ཡིན་ཏེ། འདོད་ཆགས་ཆེན་པོ་ལས་དེ་འབྱུང་བ་ནི་འོད་དཔག་མེད་དོ། །དེ་ཉིད་དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་ཡིན་ཏེ་སྔར་བཞིན་དུ་རྡོ་རྗེ་འདོད་ཆགས་ཡིན་ལ་དེ་ཉིད་འཇིག་རྟེན་དབང་ཕྱུག་ཀྱང་ཡིན་ཞིང་རིག་པ་ཆེན་པོའི་བདག་པོ་ཡང་ཡིན་ཏེ། སྐུ་ཐམས་ཅད་དང་རྩ་བ་དང་གཡོན་དང་གཞན་གྱི་ཞལ་ནི་དམར་པོ་དང་དཀར་པོ་དང་སྔོན་པོའི་རྣམ་པས་སོ། །དེ་ནས་ཞེས་པ་ནི་དོན་ཡོད་རྡོ་རྗེའི་གདུལ་བྱ་ཕྲག་དོག་གཙོ་བོར་གྱུར་པའི་སེམས་ཅན་ཡོངས་སུ་སྨིན་པར་ཡོངས་སུ་ཆོད་པའི་རྗེས་ལའོ། །སོ་སོར་རྟོག་པའི་ཡེ་ཤེས་ཐམས་ཅད་ཡོད་པ་ན་འགྲོ་བ་མ་ལུས་པའི་བྱ་བ་རྗེས་སུ་སྒྲུབ་པ་ཉིད་རང་ཉིད་གསལ་བའི་ཤེས་པ་དོན་ཡོད་པའི་དམ་ཚིག་རྡོ་རྗེའོ། །དེ་ཉིད་དམ་ཚིག་འགུགས་པ་ནི་སློང་བར་བྱེད་པ་ཡིན་ཏེ། སྐུ་ཐམས་ཅད་དང་རྩ་བ་དང༌། ཞལ་དང་པོ་གཡོན་པ་དང་གཞན་ནི་ལྗང་གུ་དང་དཀར་པོ་དང་ནག་པོའི་རྣམ་པས་སོ། །འདོད་པ་དང་ཐར་པ་ནི་ཟག་པ་མེད་པའི་བདེ་བ་ཆེན་པོའི་ངོ་བོའོ། །བདེ་ཆེན་ཡིན་ཕྱིར་ཐར་པ་ང༌། །དངོས་གྲུབ་འགྱུར་མེད་བདེ་བ་ལ། །བདེ་བ་ཆེན་པོར་དྲན་པ་ཡིན། །ཞེས་གསུངས་པ་སྟེ། རབ་ཀྱི་མཐར་ཕྱིན་པས་སྒྲུབ་པ་པོ་རྣམས་སོ། །འདི་དག་ཐམས་ཅད་བྱམས་པ་ལ་སོགས་པ་མངོན་སུམ་དུ་མ་བྱས་ན་མི་འགྱུར་བའི་ཕྱིར་དེ་དག་རྣམ་པར་དག་པའི་ངོ་བོ་ཤེས་རབ་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་རྣམས་ནི་དེས་འདུལ་བ་རྣམས་རྗེས་སུ་གཟུང་བའི་ཕྱིར་བསྟན་པ་ཡིན་པས་གསུངས་པ། དེ་ནས་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་རྣམ་པར་དག་


DTG040_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་འཕགས་མ་མཱ་མ་ཀཱིའི་གདུལ་བྱ་ཡོངས་སུ་སྨིན་པར་ཡོངས་སུ་ཤེས་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་དེ་རྣམས་རྡོ་རྗེ་ཡིན་པ་ནི་ཡེ་ཤེས་ལྔའི་ངོ་བོ་ཡིན་ལ་དེའི་བདག་ཉིད་དུ་འཛིན་པས་རྡོ་རྗེ་འཛིན་པ་ཡང་ཡིན་ནོ། །དེ་རྣམས་མཉེས་པ་ནི་བྱམས་པ་ལ་སོགས་པའི་ཆོས་སྟོན་པས་སེམས་ཅན་མ་ལུས་པའི་དོན་བྱེད་པས་སོ། །སེམས་ཅན་དོན་བྱེད་མཆོག་ཏུ་ནི། །ང་ཡི་མཆོད་པ་མཆོག་ཡིན་ཏེ། །ཞེས་བརྗོད་པའི་ཕྱིར་རོ། །ཤེས་རབ་དང་ཐབས་ཀྱི་སོ་སོའི་རྡུལ་ཕྲ་རབ་ཀྱི་ནང་དུ་ཆུད་པས་བདེ་བ་ཆེན་པོ་རང་གིས་རིག་པར་བྱེད་པས་ཀྱང་མཉེས་པར་བྱེད་པའོ། །དེའི་དམ་ཚིག་ནི་རྒྱུ་སྟེ་མཱ་མ་ཀཱི་ལ་དེའི་རྣམ་པར་ཞུགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །རྡོ་རྗེ་འཛིན་པ་ཉིད་དེའི་གདུལ་བྱ་རྗེས་སུ་འཛིན་པའི་ཕྱིར་བཙུན་མོའི་མཆོག་གོ །དེ་བཞིན་དུ་གཞན་དུ་ཡང་ངོ༌། །བུད་མེད་ཅེས་བྱ་བ་ནི་ཤེས་རབ་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་ནོ།། བྱམས་པ་བསྒོམ་པ་སྔོན་དུ་སོང་བས་སྙིང་རྗེ་ལ་སོགས་པའི་དགེ་བ་ཐམས་ཅད་ཡིན་པས་དེ་རྣམ་པར་དག་པའི་ངོ་བོ་སྔར་ཏེ་དང་པོར་རོ། །གྲྭར་ནི་བདེ་ན་བྲལ་དུ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཉེ་བར་བསྡུས་པའི་མཚན་ཉིད་ཀྱི་བྱམས་པ་བསྒོམས་པའི་རྗེས་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་པའི་མཚན་ཉིད་ཀྱི་སྙིང་རྗེ་སྐྱེ་བར་འགྱུར་ཞེས་པས་དེ་རྣམ་པར་དག་པ་ལ་སོགས་པའི་རང་བཞིན་གྱི་སྤྱན་མས་གསུངས་པ་དེ་ནས་ཞེས་ཏེ། འཕགས་མ་སྤྱན་མའི་གདུལ་བྱ་ཡོངས་སུ་སྨིན་པར་རྟོགས་པའི་རྗེས་ལའོ། །ལྷོ་ཕྱོགས་ཀྱི་ཟུར་ཞེས་པ་ནི་མེའི་མཚམས་སུའོ། །དེ་ནས་ཞེས་པ་ནི་སངས་རྒྱས་དང་ཆོས་ཐམས་ཅད་ལ་མགུ་བའི་མཚན་ཉིད་དགའ་བ་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་འཕགས་མ་གོས་དཀར་མོའི་གདུལ་བྱ་ཡོངས་སུ་སྨིན་པར་ཡོངས་སུ་ཆོད་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་པ་ནི་སྔར་བཤད་དོ། །འདོད་ཆགས་ནི་སྙིང་རྗེ་ཆེན་པོའི་མཚན་ཉིད་ཡིན་ཏེ། དེའི་བདག་ཉིད་དུ་འཛིན་པས་འདོད་ཆགས་འཛིན་པ་ཡང་ཡིན་ནོ། །དེ་ཉིད་དེས་འདུལ་བ་རྗེས་སུ་འཛིན་པའི་ཕྱིར་བཙུན་མོའི་མཆོག་ཡིན་ནོ། །ནུབ་ཕྱོགས་ཀྱི་ཟུར་ཞེས་པ་ནི་རླུང་གི་མཚམས་སོ། །དེ་ནས་ཞེས་


DTG040_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདེ་བ་དང་སྡུག་བསྔལ་བ་དང་རྙེད་པ་དང་མ་རྙེད་པ་དང༌། སྙན་པ་དང་མི་སྙན་པ་དང༌། བསྟོད་པ་དང་སྨད་པའི་ཉེས་པ་བཏང་སྙོམས་སུ་བྱེད་པའི་མཚན་ཉིད་བཏང་སྙོམས་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་འཕགས་མ་སྒྲོལ་མའི་གདུལ་བྱ་ཡོངས་སུ་སྨིན་པར་ཡོངས་སུ་ཤེས་པའི་རྗེས་ལའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཐབས་སྣ་ཚོགས་པས་མི་སླུ་བར་བྱེད་པ་སྟེ། མངོན་སུམ་ལ་སོགས་པའི་ཡུལ་ལ་དེ་གྲུབ་པའི་དོན་དུ་ཆོས་བསྟན་པ་ཐོབ་པར་བྱ་བ་ལ་གང་གིས་འདི་ཉིད་དུ་ཁྱད་པར་དུ་མི་སླུ་བ་ཉིད་རྡོ་རྗེ་ཡིན་ཏེ་མི་ཕྱེད་པ་གང་ཡིན་པ་དེ་སྒྲོལ་མ་ཡིན་ནོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་ཤེས་རབ་འཛིན་པ་ཡང་ཡིན་པས་དེ་ཉིད་དེས་རྗེས་སུ་འདུལ་བ་རྗེས་སུ་འཛིན་པའི་ཕྱིར་བཙུན་མོའི་མཆོག་སྒྲོལ་མ་ཟླ་བའི་དཀྱིལ་འཁོར་ལའོ། །བྱང་གི་མཚམས་ཞེས་པ་ནི་དབང་ལྡན་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་སྙིང་རྗེ་ཆེན་པོས་གཞན་གྱི་དབང་དུ་གྱུར་པས་བཙུན་མོའི་མཆོག་རྣམས་ཡིན་ཏེ། དེས་གདུལ་བྱ་འདུལ་བར་བྱེད་པས་ཤེས་རབ་གཙོ་བོ་ཡིན་ལ་ཏིང་ངེ་འཛིན་རྣམས་ཁོ་ན་ཕུན་སུམ་ཚོགས་པ་ཡིན་ཏེ། ཤེས་རབ་དང་ཐབས་ཀྱི་རང་བཞིན་དྲི་མ་མེད་པའི་ཏིང་ངེ་འཛིན་ལས་བྱུང་བ་བདེ་བ་ཆེན་པོའི་རང་གིས་རིག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །མེ་མཚམས་ལ་སོགས་པའི་ཟུར་བཞི་དང་རྩ་བའི་སྒོའི་ངོས་གཉིས་རྣམས་སུ་གཟུགས་རྡོ་རྗེ་ལ་སོགས་པ་དྲུག་ཟླ་བའི་གདན་དང་འོད་ཅན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་དཀྱིལ་འཁོར་གྱི་བདག་པོ་ལ་ལྷུར་ལྟ་བ་རྣམས་ཡིན་ཏེ། མེ་ལོང་དང་ཏམྦུ་ར་དང་དྲིའི་དུང་དང་རོའི་སྣོད་དང་གོས་སྣ་ཚོགས་དང་ཆོས་ཀྱི་འབྱུང་གནས་རྣམས་རྩ་བའི་ཕྱག་མཚན་ཡིན་ལ་དེ་བཞིན་གཤེགས་པ་དྲུག་གིས་དབང་བསྐུར་བ་དང་ཁ་དོག་དང་ལྷག་མའི་ཕྱག་མཚན་རྣམས་ཀྱང་འདྲའོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའི་རང་བཞིན་དེ་སྟོན་པ་ལྷུར་བྱེད་པ་ཡིན་ཏེ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བའི་ཕྱོགས་ཀྱི་དེ་དག་རྩ་བ་ཡིན་པའི་ཕྱིར་རོ། །དེ་ཉིད་དེ་ཁོ་ན་ཉིད་གསུམ་གྱིས་ཤེས་པར་བྱའོ། །ཤིན་ཏུ་སྡང་ཞིང་དྲག་རྣམས་ལ། །ཞི་བས་རིགས་པ་མ་ཡིན་ཏེ། །ཤེས་རབ་ཐབས་ཀྱི་བདག་ཉིད་


DTG040_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོར། །བྱས་པ་དེ་བཞིན་གཤེགས་པ་ཀུན། །ཞེས་སོ། །ཀྱེ་མ་ཐབས་ནི་ཆར་ལྡན་པ། །སངས་རྒྱས་སྙིང་རྗེའི་བདག་ཉིད་ཅན། །སེམས་ཅན་དོན་ཕྱིར་ཞི་གང་དང༌། །དྲག་པོར་ཡང་ནི་མཛད་པ་ཡིན། །ཞེས་དཔལ་སངས་རྒྱས་ཐམས་ཅད་དང་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས་ཀྱང་གསུངས་སོ། །མ་དད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཡིན་པའི་ཕྱིར། བཅོས་མའི་ཁྲོ་བོའི་གཟུགས་ཀྱི་ཏིང་ངེ་འཛིན་སྙིང་རྗེ་ཆེན་པོས་གཞན་གྱི་དབང་དུ་གྱུར་པས་སྟོན་པར་འདོད་པས་གསུངས་པ། དེ་ནས་ཞེས་ཏེ་མ་དད་པ་དང་ཕུང་པོའི་བདུད་དང་འཇིག་ཚོགས་ལ་ལྟ་བ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པའི་གཉེན་པོ་འཕགས་པ་གཤིན་རྗེ་མཐར་བྱེད་ཁྲོ་བོའི་གདུལ་བྱ་ཡོངས་སུ་སྨིན་པར་ཡོངས་སུ་ཆོད་པའི་རྗེས་ལའོ། །རྣམ་པར་སྣང་མཛད་རྡོ་རྗེའི་དབང་ནི་དེའི་རིགས་སུ་བསྟན་པའི་ཕྱིར་ཏེ། འཕགས་པ་གཤིན་རྗེ་མཐར་བྱེད་ཡིན་ལ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་གང་གིས་འགུགས་པ་ལ་སོགས་པའི་ལས་ཀྱིས་བྱིན་གྱིས་རློབ་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །ཆེན་པོ་ཡང་ཡིན་ཏེ་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་སེམས་ཅན་གྱི་འཇིག་རྟེན་ཐམས་ཅད་ལ་ཁྱབ་པ་དང་ཁྲོ་བ་ལ་སོགས་པའི་ཉོན་མོངས་པའི་དབང་དུ་གྱུར་པའི་སེམས་ཅན་གྱི་ཉོན་མོངས་པ་ལ་སྡང་བས་ཁྲོ་བ་ཡང་ཡིན་ནོ། །གང་ཞིག་གདོན་གྱིས་བཟུང་བ་དེ་ལ་བརྡེག་ཅིང་རྩུབ་པ་འང་སྨྲ་བར་བྱེད། །གདོན་ལས་བསླང་ཕྱིར་སྨན་པས་སྤྱོད་བྱེད་གདོན་གྱིས་མ་བཟུང་ལ་བརྡེག་མིན། །དེ་བཞིན་ཉོན་མོངས་ཅན་རྣམས་ཉིད་ཀྱི་དབང་བྱས་སྙིང་རྗེ་བྲལ་ལ་འཇུག །སྐྱེ་བོ་ཉོན་མོངས་དབང་བྱས་ཆེད་དུ་ཁྱེད་ཐུགས་རྗེ། །ཞེས་བརྗོད་པས་སོ། །དེ་བཞིན་གཤེགས་པ་ཉིད་སྤ་བཀོང་པས་གདུལ་བྱའི་དབང་དུ་བྱས་ཏེ་སྐྲག་པར་བྱེད་པའི་རྣམ་པས་ཉི་མའི་དཀྱིལ་འཁོར་ལ་དཀྱིལ་འཁོར་གྱི་བདག་པོ་ལ་མངོན་པར་ཕྱོགས་པར་ཁྲོ་བོའི་སྐྱིལ་མོ་ཀྲུང་གིས་བཞུགས་སོ། །གཡས་དང་གཡས་མིན་སྦྱོར་བ་ཡིས། །གཡོན་བརྐྱང་པ་ཡི་སྦྱོར་བ་ལས། །ཁྲོ་བོའི་སྐྱིལ་ཀྲུང་བཅས་པ་ནི། །འདི་ལྟར་སྤྱི་ཡི་མཚན་ཉིད་ཀྱིས། །ཞེས་ཏེ་བྱེ་བྲག་གི་ཚིག་མེད་པས་གཡོན་བརྐྱང་བས་


DTG040_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཐམས་ཅད་བསྐྲད་པར་བྱེད་པ་རྩ་བའི་སྒོར་བཞུགས་སོ། །དེ་ནས་ཞེས་པ་ནི་ལེ་ལོ་དང་ཉོན་མོངས་པའི་བདུད་དང་མཐར་འཛིན་པར་ལྟ་བ་དང༌། ཉོན་མོངས་པའི་སྒྲིབ་པ་ལ་སོགས་པའི་གཉེན་པོ་འཕགས་པ་གཞན་གྱིས་མི་ཐུབ་པའི་ཁྲོ་བོའི་གདུལ་བྱ་ཡོངས་སུ་སྨིན་པར་ཡོངས་སུ་ཆོད་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་བྱང་ཆུབ་པ་ནི་རྡོ་རྗེ་མི་བསྐྱོད་པ་སྟེ། དེས་དབང་བསྐུར་བ་ནི་གཞན་གྱིས་མི་ཐུབ་པ་ཡིན་ལ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ནི་གཞུག་པ་ལ་སོགས་པའི་ལས་ཀྱིས་སོ། །རྡོ་རྗེ་དམ་ཚིག་ཀྱང་ཡིན་ཏེ། སྔར་བཞིན་དུ་བསྙེངས་པར་བྱེད་པ་ཡང་ཡིན་པས་དེའི་རྣམ་པས་སོ། །དེ་ནས་ཞེས་པ་ནི་དྲན་པ་ཉམས་པ་དང་ལོག་པར་ལྟ་བ་དང་འཆི་བདག་གི་བདུད་དང༌། སྐྱེ་བའི་སྒྲིབ་པ་ལ་སོགས་པའི་གཉེན་པོ་འཕགས་པ་རྟ་མགྲིན་གྱི་གདུལ་བྱ་ཡོངས་སུ་སྨིན་པར་ཡོངས་སུ་ཆོད་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཆོས་རིན་པོ་ཆེའི་འབྱུང་གནས་འོད་དཔག་ཏུ་མེད་པ་ཡིན་ཏེ། དེས་དབང་བསྐུར་བ་རྟ་མགྲིན་ཡིན་ལ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ཡང་དེ་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་སྙིང་རྗེ་ཆེན་པོའི་འདོད་ཆགས་འཛིན་པ་ཡིན་ཏེ། དེས་དཀྱིལ་འཁོར་བྱིན་གྱིས་རློབ་པ་ནི་བཅིངས་པ་ལ་སོགས་པའི་ལས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངག་ལོངས་སྤྱོད་རྫོགས་པའི་སྐུ་འོད་དཔག་ཏུ་མེད་པ་སྟེ་དེའི་གཟུགས་ཀྱིས་སོ། །དེ་ནས་ཞེས་ཏེ་རྣམ་པར་གཡེང་བ་དང་ལྟ་བ་མཆོག་ཏུ་འཛིན་པ་དང་ལས་ཀྱི་སྒྲིབ་པ་དང་ལྷའི་བུའི་བདུད་ལ་སོགས་པའི་གཉེན་པོ་འཕགས་པ་བདུད་རྩི་འཁྱིལ་པའི་གདུལ་བྱ་ཡོངས་སུ་སྨིན་པར་ཡོང་སུ་ཤེས་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ནི་མི་བསྐྱོད་པ་ཡིན་ལ་དེས་དབང་བསྐུར་བ་ནི་བདུད་རྩི་འཁྱིལ་པ་ཡིན་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ཡང་དེ་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པ་ནི་མཉེས་པ་ལ་སོགས་པའི་ལས་ཀྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་


DTG040_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསུང་དང་ཐུགས་ནི་མི་བསྐྱོད་པ་ཡིན་ཏེ། དེའི་རྣམ་པས་ནི་ཉི་མའི་གདན་དང་འོད་ཅན་ཁྲོ་བོའི་སྐྱིལ་ཀྲུང་སྔར་བརྗོད་པ་ཡིས་ཕྱོགས་དང་ཕྱོགས་མཚམས་སུ་བགེགས་ཐམས་ཅད་རྫོགས་པའི་བྱང་ཆུབ་ལ་བཞག་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་བྱང་གི་སྒོར་བཞུགས་སོ། །དཀྱིལ་འཁོར་པ་ཐམས་ཅད་ནི་གང་གི་དཀྱིལ་འཁོར་གདན་ཡིན་པ་དེ་ནི་འོད་ཀྱི་དཀྱིལ་འཁོར་ཡིན་ནོ། །གང་ཁ་དོག་དང་ཕྱག་མཚན་དང་དབང་བསྐུར་བ་ལ་མ་བརྗོད་པ་དེ་རྣམས་ནི་རང་གི་བདག་པོའི་ཁ་དོག་དང་ཕྱག་མཚན་དང་དེའི་དབང་བསྐུར་བ་ཡང་ཡིན་ནོ། །ཁྲོ་བོ་རྣམས་བོར་བ་ཡང་རྡོ་རྗེ་སྐྱིལ་མོ་ཀྲུང་དང་བཅས་པ་རིན་པོ་ཆེའི་དབུ་རྒྱན་ནོ། །དེ་བཞིན་གཤེགས་པ་རྣམས་ནི་རལ་པའི་ཐོར་ཚུགས་ཅན་ཡང་ཡིན་ནོ། །འདི་རྣམས་ཐམས་ཅད་ནི་ཞལ་གསུམ་ཕྱག་དྲུག་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དཀྱིལ་འཁོར་གྱི་བདག་པོ་ལ་ལྟ་བ་གདན་སྣ་ཚོགས་པདྨ་ཡུ་བ་དང་བཅས་པ་ལ་གནས་པ་ཡིན་ནོ། །དེ་ལྟར་ཡང་དཔལ་མཆོག་དང་པོ་ལས། དེ་ཡི་དབུས་སུ་གནས་པ་ནི། །པདྨ་ཡུ་བ་དང་བཅས་པ། །སྣ་ཚོགས་འདབ་མས་ཡང་དག་གང༌། །དེ་དག་ཐམས་ཅད་རྣམ་དག་གདན། །ཞེས་སོ། །ཁྲོ་བོ་རྣམས་ནི་སླར་ཡང་འབར་ཞིང་སེར་བའི་སྤྱན་དང་སྨར་དང་སྐྲ་གྱེན་དུ་བསྒྲེང་བ་སྦྲུལ་སྣ་ཚོགས་ཀྱིས་བརྒྱན་པ་འཇིགས་སུ་རུང་བ་རྣམས་བསྒོམ་པར་བྱའོ། །དེ་སྐད་དུ་ཡང་བརྗོད་པ་ཐུགས་རྡོ་རྗེ། །སྐྱེ་བོ་དམ་པའི་དོན་མཛད་ཡང་དག་བསྐུལ། །ཞེས་པ་ནས་བརྩམས་ནས། ཐོ་བ་དབྱིག་པ་དེ་བཞིན་པདྨ་དང༌། །རྡོ་རྗེ་སོགས་འདི་ཕྱག་ནི་ཀུན་ལ་བསམ། །ཞེས་པའི་བར་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མཉེས་པ་ལ་ཐུག་པའི་ལས་ཀྱིས་དང་དཀྱིལ་འཁོར་རྣམས་ལ་འདའ་བར་མི་བྱ་བ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་རང་བཞིན་གྱི་སེམས་དཔའ་རྣམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཉིད་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་བ་ཡིན་ཏེ། དེ་ཉིད་བརྩོན་འགྲུས་ཅན་རྣམས་ཀྱི་ཡུལ་ཡིན་པའི་ཕྱིར་དགྱེས་པ་ཡིན་པས་གསང་བ་འདུས་པའོ། །འདུས་པ་ཚོགས་པ་ཡིན་པར་བརྗོད། །སངས་


DTG040_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་གྱིས་རྗོད་བྱེད་པ། །ཞེས་རྒྱུད་ཕྱི་མ་ལས་འཆད་དོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི་བསྒོམ་པའི་དཀྱིལ་འཁོར་རོ། །དེ་བྱིན་གྱིས་རློབ་པའི་ལེའུ་ནི་དེ་སྟོན་པར་བྱེད་པའི་གཞུང་སྟེ་ཡོངས་སུ་གཅོད་པའོ། །དཔལ་གསང་བ་འདུས་པའི་རྒྱན་གྱི་ལེའུ་དང་པོའོ།། །།

ལེའུ་གཉིས་པ། བྱང་ཆུབ་ཀྱི་སེམས་ཀྱི་བཤད་པ།


DTG040_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་དྲི་མ་མེད་པ་བདེ་བ་ཆེན་པོས་གང་བ་ལྷ་རྣམས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཉེ་བར་བསྟན་མ་ཐག་པ་དེའི་འབྲས་བུ་འདི་གང་བསྒོམས་པས་མངོན་སུམ་དུ་བྱེད་པའི་རྒྱུའི་གཙོ་བོ་ཡིན་ཞེས་གདུལ་བྱའི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་པའི་རྗེས་ལའོ།། མཆོད་པ་ནི་འཆད་པར་འགྱུར་བའི་གསང་བ་དང་གཞན་ནོ། །བྱང་ཆུབ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རབ་ཏུ་སྣང་བ་སོ་སོའི་རྡུལ་ཕྲ་རབ་ཀྱི་ནང་དུ་གཏོགས་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དྲི་མ་མེད་པའི་ཏིང་ངེ་འཛིན་ལས་བྱུང་བ་བདེ་བ་དམ་པས་གང་བའི་ལྷ་རྣམས་ཀྱི་འཁོར་ལོ་དང་སེམས་ཅན་མ་ལུས་པའི་དོན་བྱེད་པའི་ངོ་བོར་གྱུར་པ། དེའི་བཞོན་པར་གྱུར་པའི་སེམས་འཆད་པར་འགྱུར་བའི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་གསུམ་གྱི་བདག་ཉིད་ཅན་ནོ། །དེ་ཉིད་ཀྱི་ཕྱིར་ལུང་དང་རིགས་པས་གྲུབ་པ་ཉིད་ཀྱིས་སྒྲིབ་པ་ཐམས་ཅད་ཀྱི་བག་ཆགས་རྩ་བ་ནས་གཅོད་པ་ལ་བསྟན་པར་གྱུར་པའི་ཕྱིར་སྙིང་པོའོ། །སྤྲུལ་པའི་སྐུ་ལ་སོགས་པའི་བདག་ཉིད་ཀྱི་སྐུ་ལ་སོགས་པའི་བཞོན་པར་གྱུར་པས་སྐུ་གསུང་ཐུགས་ཏེ་ཉེ་བར་ལེན་པའི་རྒྱུ་ཉིད་ཀྱིས་གཙོ་བོར་གྱུར་པས་མཆོག་གོ །བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱེད་པའི་ཕྱིར་བླ་ན་མེད་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །སྟོང་པ་ཉིད་ཀྱི་བདག་ཉིད་ཀྱི་སེམས་དོན་དམ་པ་ཡིན་ན། ཇི་ལྟར་སྐུ་ལ་སོགས་པའི་བདག་ཉིད་ཡིན་ཞེས་སེམས་ཀྱིས་ཡོངས་སུ་རྟོག་པ་ནི་དཔྱོད་པའོ། །ཐུགས་ཉིད་ཀྱིས་ངེས་པར་བཟུང་བ་ནི་རྗེས་སུ་དཔག་པ་དང་ལུང་རྣམ་པར་གཅོད་པའི་དོན་དུའོ། །སྐྱེད་ཅིག་ཅེས་པ་ནི་མོས་པས་སྐྱོད་པའི་ས་ལ་གནས་པ་སྨོན་པ་བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བས་སྒོམས་ཤིག་པ་དང༌། ས་དང་པོ་ལ་སོགས་པར་གནས་པ་རྣམས་ལ་མངོན་སུམ་དུ་གྱིས་ཤིག་པའོ། །སེམས་ནི་གང་ཟག་དང་ཆོས་མེད་པའི་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་ཡིན་ལ་གོ་


DTG040_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ཇི་ལྟ་བར་མོས་པ་དང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དག་གིས་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་ཞལ་གསུམ་ཕྱག་དྲུག་པ་ལ་སོགས་པ་ཤེས་རབ་དང་ཐབས་གཉིས་སུ་མེད་པར་རབ་ཏུ་སྣང་བའི་བདག་ཉིད་སྐུ་རྡོ་རྗེའི་རྣམ་པར་བརྗོད་མ་ཐག་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཆེད་དུའོ། །ལུས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཐུགས་རྡོ་རྗེའི་རྣམ་པར་རོ། །སེམས་ཉིད་ནི་སྔར་བཤད་མ་ཐག་པ་ཡིན་ལ་ཚིག་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཡིན་ཏེ། སྐྱེས་བུ་མཆོག་གི་དོན་སྟོན་པར་བྱེད་པའི་ཕྱིར་རབ་ཀྱི་མཆོག་ཏུ་བརྗོད་པས་གང་གི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཡིན་པས་གསུང་རྡོ་རྗེར་གྱུར་པ་དེ་ལ་དེ་སྐད་དུ་བརྗོད་དེ། དེ་ལྟ་བུར་འདི་སྐྱེད་ཅིག་ཅེས་པ་དང་འབྲེལ་ཏོ། །དེ་ནས་ཞེས་པ་ནི་དེ་མ་ཐག་པའི་སྐུ་དང་གསུང་དང་ཐུགས་ཀྱི་དེ་ཁོ་ན་ཉིད་བསྟན་པས་གྲུབ་པའི་དངུལ་ཆུས་ཟངས་གསེར་དུ་བྱེད་པ་བཞིན་དུ་སྔར་གྱི་ཐོས་པ་དང་བསམས་པ་དང་བསྒོམས་པས་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པ་ལ་བསྒོམ་པའི་བག་ཆགས་ཡོངས་སུ་སྨིན་པའི་རྗེས་ལའོ། །དེ་རྣམས་ཀྱིས་ཞེས་པ་ནི་གང་སྔར་སེམས་ཀྱི་རྟོག་པ་སྐྱེས་པ་རྣམས་ཡིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་བསྟན་མ་ཐག་པ་རྣམས་སོ། །ནམ་མཁའ་དམིགས་པ་མེད་པར་ནི། །ཡེ་ཤེས་ཞེས་བརྗོད་པའི་ཕྱིར་གཉིས་སུ་མེད་པ་སོ་སོར་སྣང་བའི་རྣམ་པས་སྦྱོར་བ་སྟེ་མངོན་སུམ་དུ་བྱས་ནས་བརྗོད་པའོ། །སེམས་ཙམ་ལ་ནི་རྣམ་གཞག་པ། །སྐྱེ་བ་མེད་པར་ང་སྨྲའོ། །ཞེས་ལང་ཀར་གཤེགས་པ་ལས་ཡིན་ཏེ། གཉིས་སུ་མེད་པའི་རབ་ཏུ་སྣང་བ་ཙམ་དུ་ངེས་པ་ནི་འདིར་སྐྱེ་བ་མེད་པའོ། །གཞན་དུ་ན་སྐྱེ་བ་མེད་པ་ཞེས་པ་ལ་སོགས་པའི་དག་ལས་དོན་གཞན་མེད་པའི་ཕྱིར་དང༌། དོན་གཞན་ལ་ནི་བརྟེན་ནས་སུ། །དོན་དེ་ཉིད་ནི་བཟླས་པ་ཡིན། །ཞེས་པའི་ཚུལ་ཡང་མེད་པའི་ཕྱིར་ཟློས་པ་ཡིན་ནོ། །དེ་ཕ་རོལ་ཏུ་ཕྱིན་པ་དང་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པ་རྣམས་ལས་རབ་ཏུ་སྦྱོར་བ་ཤེས་རབ་དང་ཐབས་ལ་སྙོམས་པར་འཇུག་པའི་མཚན་ཉིད་ནི་ཏིང་ངེ་འཛིན་ཡིན་ཏེ། ཤེས་རབ་ཐབས་ཀྱི་སྙོམས་འཇུག་པ། །རྣལ་འབྱོར་ཞེས་རྒྱུད་ཕྱི་


DTG040_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལས་སོ། །བསྒོམ་པར་འགྱུར་བ་རྒྱུར་གྱུར་པ་དེས་སོ། །མ་ལུས་པར་བཟང་བ་ནི་དགེ་བར་གདུལ་བྱ་རྣམས་ལ་འགྱུར་བ་གང་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་སྐྱེད་པ་ནི་མངོན་སུམ་དུ་བྱེད་པའོ། །འདིར་ནི་རང་རིག་པའི་མངོན་སུམ་གྱིས་མྱང་བར་བྱའོ། །རབ་ཀྱི་མཐར་སྐྱེས་བུ་མཆོག་གི་དོན་གྱི་ཕྱིར་བསྒྲགས་པ་སྟེ། སྐྱེ་བ་འདི་ནི་ཞེས་བྱ་བ་ལ་སོགས་པས་སོ། །དེ་ནས་ཞེས་པ་ནི་རྡོ་རྗེ་འཛིན་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པའི་གདུལ་བྱ་ཡོངས་སུ་སྨིན་པར་ཆོད་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མ་ལུས་པ་སྟེ་ཡང་དག་པ་ནི་ཚད་མ་དང་ལུང་གིས་མི་གནོད་པའི་ཕྱིར་རོ། །བྱང་ཆུབ་ནི་རྣམ་པར་དག་པའི་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་སྔར་བརྗོད་པའི་དཀྱིལ་འཁོར་གྱི་རྣམ་པའོ། །དེ་འདིས་ཐོབ་པར་བྱེད་པས་ན་ཚུལ་ལོ། །དེ་ཉིད་སྔར་བཞིན་དུ་རྡོ་རྗེའོ། །གང་ཡིན་ཞེ་ན། ཏིང་ངེ་འཛིན་ཡིན་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྙོམས་པར་འཇུག་པའི་མཚན་ཉིད་ནི་རྣལ་འབྱོར་ཡིན་ལ། དེ་ལ་སྙོམས་པར་ཞུགས་ནས་འདི་རང་རིག་པའི་མངོན་སུམ་གྱིས་རྟོགས་པར་བྱ་བའི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་བདག་ཉིད་ཡིན་ལ། གསུངས་པ་ནི་བརྗོད་པ་དང་ལྡན་པའོ། །བརྟགས་པའི་དོན་མེད་ཀྱང་བསྒོམ་པའི་དངོས་པོ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་དངོས་པོ་ཡོད་པ་ཡིན་ནོ། །འདིས་ནི་ཀུན་དུ་སྐུར་བ་འདེབས་པའི་མཐའ་སྤངས་པ་ཡིན་ནོ། །དོན་དམ་པར་སྒྲོ་འདོགས་པའི་མཐའ་སྤོང་བ་གསུངས་པ། བསྒོམ་པར་བྱ་བ་ནི་གཞན་དུ་བརྟག་པར་བྱ་བ་སྟེ་ཀུན་གཞིའི་རྣམ་པར་ཤེས་པའོ། །སྒོམ་པར་བྱེད་པ་ནི་གཞན་དུ་རྟོག་པར་བྱེད་པ་སྟེ་འཇུག་པའི་རྣམ་པར་ཤེས་པ་བདུན་ནི་བསྒོམ་པའོ། །དེ་ནི་ཡོད་པ་མ་ཡིན་ཏེ་དེ་བཞིན་དུ་ཚད་མས་གནོད་པའི་ཕྱིར་རོ། །དེ་སྐད་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས། འདི་རུ་མི་བདེན་རྟོག་གང་ཡིན། །སེམས་ཡིན་གང་ཕྱིར་ངེས་གཞན་རྟོག །ཇི་ལྟར་གཞན་དུ་རྟོག་པའི་དོན། །དེ་བཞིན་ཤིན་ཏུ་མེད་པ་ཡིན། །དེ་ནི་རྒྱུ་འབྲས་དངོས་པོ་ཡིས། །སེམས་ནི་རྣམ་པ་གཉིས་སུ་འདོད། །གང་ཞིག་ཀུན་གཞི་རྣམ་ཤེས་གྲགས། །འཇུག་པར་གྲགས་པ་རྣམ་པ་བདུན། །ཉོན་


DTG040_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་བག་ཆགས་ས་བོན་ནི། །བསྩགས་པའི་ཕྱིར་ནི་སེམས་ཞེས་བརྗོད། །རྣམ་ཤེས་དང་པོ་གཉིས་པ་ནི། །སྣ་ཚོགས་རབ་ཏུ་འཇུག་པའི་ཕྱིར། །ཞེས་སོ། །གང་ཉིད་ཀྱི་ཕྱིར་དེའི་ཕྱིར་ཞེས་ཏེ། དེ་བས་ན་དངོས་པོར་བྱ་བ་ནི་བསྒོམ་པར་བྱ་བ་ཞེས་བྱ་བ་སྟེ། ཀུན་གཞིའི་རྣམ་པར་ཤེས་པའོ། །དངོས་པོར་བྱེད་པ་ནི་སྒོམ་པར་བྱེད་པའི་ཕྱིར་འཇུག་པའི་རྣམ་པར་ཤེས་པའི་དངོས་པོ་ཡིན་ཏེ་དེ་ཁོ་ན་ཉིད་དུ་མེད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བསྒོམ་པ་རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ཚད་མས་མ་དམིགས་པའི་ཕྱིར་རོ། །དེ་ལྟར་ན་རྣམ་པ་ཐམས་ཅད་དུ་མེད་པར་ཐལ་བར་འགྱུར་རོ། །མ་ཡིན་ཏེ་གང་ཟག་དང་ཆོས་མེད་པའི་རང་བཞིན་སྟོང་པ་ཉིད་ཀྱིས་དེ་ཁོ་ན་ཉིད་དེ་དེ་ཡང་ཡང་དག་པའི་རྣམ་པར་རྟོག་པ་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་རོ། །དེས་ན་འདིས་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་དང་བྲལ་བའི་དབུ་མ་ཡིན་པར་རྟོགས་པར་གསུངས་པ་ཡིན་ཏེ། གང་འཕགས་པ་བྱམས་པས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་དེ་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བརྗོད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་སོ། །སེམས་ནི་སྔར་ཡང་མདོ་རུ་བསྡུས་པས་ན། །རྣམ་པ་སྟོང་པ་ཉིད་དུ་མཐོང་བ་ཡིན། །སེམས་ནི་གཞན་པ་རྣམ་པ་ལྔ་ཡིས་ནི། །རྣམ་པར་སྤྲོས་པའི་རྣམ་པས་སྟོང་པར་བརྗོད། །ཐམས་ཅད་དུ་ནི་བསྟན་པ་འདི་ཡིན་ཏེ། །དེ་བཞིན་གཤེགས་པས་རྣམ་གཉིས་མཐོང་བ་ཡིན། །ཞེས་དཔལ་སྡེའི་ཞལ་སྔ་ནས་སོ། །འདིས་ནི་མགོ་སྨོས་པས་གོ་བ་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་མདོར་བསྡུས་པའི་ཚུལ་གྱིས་སྟོང་པ་ཉིད་བསྟན་ནས་སྤྲོས་པས་གོ་བ་རྒྱས་པ་ལ་དགའ་བའི་སྐྱེ་བོ་རྗེས་སུ་གཟུང་བའི་ཕྱིར་སྤྲོས་ཏེ་གསུངས་པ། དེ་ནས་ཞེས་ཏེ། བསྒོམ་པ་དམིགས་སུ་མེད་པའོ། །ཞེས་པའི་གཏན་ཚིགས་མ་གྲུབ་ཅེས་མི་བསྐྱོད་པའི་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཤེས་པའི་རྗེས་ལའོ། །རྣམ་པར་སྣང་མཛད་རྡོ་རྗེ་ནི་འདིར་མི་བསྐྱོད་པའི་གཟུགས་ཅན་རྣམ་པར་སྣང་མཛད་ཆེན་པོའོ། །


DTG040_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་དེ་དང་དེའི་གདུལ་བྱ་རྗེས་སུ་གཟུང་བའི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་དེ་ཉིད་ཐམས་ཅད་དུ་སྣ་ཚོགས་པའི་ཐབས་ཀྱིས་གསལ་བར་བྱེད་པ་སྟེ། སེམས་ཅན་གྱི་རྒྱུད་རྣམས་ལ་སྟོན་པར་བྱེད་པ་ཞེས་ངེས་པའི་ཚིག་ལས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་རྟོགས་པ་ཉིད་རྡོ་རྗེ་ཡིན་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །དེ་ཉིད་ཡང་དག་པར་རྟོགས་པར་བྱེད་པས་ན་ཏིང་ངེ་འཛིན་ནོ། །ཤེས་རབ་དང་ཐབས་སྙོམས་པར་ཞུགས་པ་ནི་རྣལ་འབྱོར་རོ། །གང་གི་ཕྱིར་སེམས་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པ་སྟེ། གང་ཟག་ཡང་ན་ཆོས་རྣམས་ཀྱི། །དངོས་མེད་འདི་ནི་སྟོང་པར་བརྗོད། །ཞེས་ཏེ་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །གལ་ཏེ་ཡིན་དུ་ཆུག་ན་ཡང་རྟག་པ་དོན་བྱེད་པ་དང་འགལ་བའི་ཕྱིར། གང་ཟག་མེད་པ་ཡིན་ཡང་ཆོས་རྣམས་སྐད་ཅིག་མ་ཇི་ལྟར་ཡིན་ཞེ་ན། གསུངས་པ། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ཞེས་པས། དེ་རྣམས་སྤངས་པ་ཡིན་ཏེ། དེ་ལ་གཟུགས་སོགས་ཕུང་པོ་ལྔ། །ཁམས་རྣམས་བཅོ་བརྒྱད་དག་ཡིན་ཏེ། །སྐྱེ་མཆེད་དག་ནི་བཅུ་གཉིས་ཀྱིས། །ཆོས་རྣམས་ཐམས་ཅད་བསྡུས་པ་ཡིན། །དངོས་པོ་ལྔ་ནི་བསྟེན་པ་དང༌། །རྣམ་ཤེས་གསུམ་ནི་འཛིན་པའི་ཕྱིར། །མ་འོངས་སྐྱེ་བའི་སྒོར་ཞུགས་པས། །གསུམ་པོ་གྲངས་ནི་གོ་རིམས་བཞིན། །གཟུགས་རུང་ཕྱིར་ན་གཟུགས་མཚན་ཉིད། །རེག་དང་ཡུལ་གྱི་བྱེ་བྲག་ལས། །མྱོང་བ་རྣམ་སྨིན་རྗེས་མྱོང་ཡིན། །འདུ་ཤེས་ཡུལ་ལ་མཚན་མར་འཛིན། །འདུ་བྱེད་མངོན་པར་འདུ་བྱེད་པ། །རྣམ་ཤེས་འཛིན་པའི་བདག་ཉིད་དོ། །འདི་ནི་ཕལ་ཆེར་སྐྱེ་བོ་ཡིས། །བདག་ཏུ་འཛིན་པ་འཇུག་པར་འགྱུར། །དབང་པོ་གང་ཡིན་དོན་གང་ཡིན། །རབ་ཏུ་རྟོགས་ཕྱིར་ཤེས་པ་ཡིན། །དེ་ལ་ས་བོན་སྣ་ཚོགས་ཏེ། །དེ་ནི་དབང་དྲུག་ཁམས་རྣམས་ཡིན། །གང་ཞིག་དོན་གཟུང་འཛིན་གྱུར་པ། །གང་ཞིག་དབང་པོའི་ཡུལ་རྣམས་ལ། །གང་ཞིག་དབང་རྣམས་བདག་གྱུར་པ། །དེ་རྣམས་ཡུལ་གྱི་ཁམས་དྲུག་ཡིན། །གང་ཞིག་ཤེས་འགྱུར་འཛིན་འགྱུར་བ། །གང་ཞིག་དབང་པོའི་སྤྱོད་


DTG040_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གང༌། །ཁམས་ནི་བཅུ་གཉིས་གསུངས་པ་རྣམས། །དེ་རྣམས་ཀྱང་ནི་སྐྱེ་མཆེད་ཉིད། །དེ་ཉིད་ཕྱིར་ན་ཆོས་གསུམ་པོར། །ཆོས་རྣམས་ཐམས་ཅད་འགྱུར་བ་ཡིན། །གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཁམས། །ཡིད་ཀྱི་སྐྱེ་མཆེད་དེ་བཞིན་ནོ། །ཞེས་པ་ནི་ཐེག་པ་ཆེན་པོའི་ཆོས་མངོན་པ་ཀུན་ལས་བསྡུས་པའི་དོན་ཏོ། །དེ་ལྟར་གྱུར་ན་ཡང་མ་སྐྱེས་པའི་ཆོས་གསལ་བར་མི་རུང་བས་གཟུགས་ལ་སོགས་པ་མེད་པ་ཡིན་ན་རྣམ་པར་ཤེས་པ་བརྒྱད་ཅིའི་ཕྱིར་མེད་ཅེ་ན། ཐམས་ཅད་ཀྱང་ཡིན་ལ་དངོས་པོ་ཡང་ཡིན་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པའི་རྒྱུད་ལ་རྣམ་པར་ཤེས་པ་བརྒྱད་ཀྱི་དངོས་པོ་དེ་དང་བྲལ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཐམས་ཅད་ཀྱི་རང་སེམས་རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་དེ་ཁོ་ན་ཉིད་དུ་བཟོད་ནས་མི་འཐད་དོ། །ཅི་ལྟར་ཞེ་ན། གང་གི་ཕྱིར། གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་ཀྱི་བདག་མེད་པར་མཉམ་པས་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་གྱིས་མཉམ་པའི་རྒྱུས་ཡིན་ཏེ། གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་རོ། །གང་རྣམ་འགྲེལ་ལས། སྣ་ཚོགས་སྣང་ཅན་དོན་རྣམས་ལ། །གལ་ཏེ་གཅིག་ཉིད་མི་རིགས་ན། །རེ་ཞིག་བློ་དེ་གཅིག་ཉིད་ལ། །ཇི་ལྟར་དུ་མ་སྣང་བར་འགྱུར། །ཅི་ལྟ་ཅི་ལྟའི་དོན་བསམ་པ། །དེ་ལྟ་དེ་ལྟར་རྣམ་པར་བྲལ། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སློབ་འོངས་པ་ཡིན། །གཅིག་ལ་སྣ་ཚོགས་དེ་ཅིར་འགྱུར། །དེ་ཡི་བློ་ལའང་མི་འགྱུར་རོ། །གལ་ཏེ་འདི་བདག་དོན་འདོད་ན། །དེ་ལ་བདག་གིས་ཅི་ཞིག་བྱ། །དེ་ཕྱིར་དོན་དང་ཤེས་པ་ལ། །རགས་སྣང་མ་ཡིན་དེ་དག་ཉིད། །གཅིག་ལ་བཀག་པ་ཉིད་ཀྱི་ཕྱིར། །མང་པོ་ལ་ཡང་ཡོད་མ་ཡིན། །ཡོངས་སུ་གཅོད་པ་ནང་ཡིན་ཏེ། །གཞན་ནི་ཕྱི་རོལ་འདྲ་བར་གནས། །ཤེས་པ་དབྱེར་མེད་ཕྱེ་བ་ནི། །ཐ་དད་སྣང་བས་དཀྲུགས་པ་ཡིན། །དེ་ལ་གཅིག་ཀྱང་མེད་པ་ན། །གཉིས་ཀ་དག་ཀྱང་ཉམས་པར་འགྱུར། །དེ་ཕྱིར་གཉི་ག་སྟོང་པ་ནི། །དེ་ཡི་དེ་ཉིད་དེ་ཉིད་ཡིན། །དངོས་རྣམས་ཐ་དད་གནས་པ་འདི། །དེ་ཐ་དད་རྟེན་དང་ཚུལ་ཅན། །དེ་ནི་བསླད་པ་ཉིད་ཡིན་ཡང༌། །དེ་དག་ཐ་དད་ཀྱང་བསླད་ཡིན། །གཟུང་དང་


DTG040_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མ་ཡིན། །དེ་བས་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པར་རབ་ཏུ་བཤད། །ཅེས་སོ། །དེ་ནས་ཞེས་པ་ནི་ཆོས་ལ་བདག་མེད་པའི་མཉམ་པ་ཉིད་ཀྱི་གཏན་ཚིགས་མ་གྲུབ་པའོ་ཞེས་རྣམ་པར་སྣང་མཛད་ཀྱི་གདུལ་བྱའི་རྟོག་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་བཟད་པའི་རྡོ་རྗེ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གང་ལས་མ་སྐྱེས་པ་འདི་རྣམས་གཟུང་བ་དང་འཛིན་པའི་ངོ་བོར་བརྟགས་པ་མེད་པ་ཡིན་ཏེ་དེས་ན་བརྗོད་མ་ཐག་པའི་ཆོས་ཀྱང་མ་ཡིན་ལ། དེ་སྤྱིར་གྱུར་པའི་ཆོས་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །དེས་ན་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །དེ་ནས་ཇི་ལྟར་ནམ་མཁའ་སྤྲོས་པ་མེད་ཅིང་རྟོག་པ་མེད་པ་དེ་བཞིན་དུ་བདག་མེད་པ་རྣམ་པར་ཤེས་པ་ཙམ་གྱི་མཚན་ཉིད་ཡིན་ལ་བསྒོམ་པར་བྱ་བའི་བྱང་ཆུབ་ཀྱི་ཚུལ་གྱི་ཐབས་བསྟན་པ་ཡིན་ཏེ། ཚད་མས་གྲུབ་པའི་ཕྱིར་རོ། །དེ་སྐད་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས། །འདི་ནི་རྣམ་རིག་ཙམ་ཡིན་ཏེ། །རང་བཞིན་གྱིས་ནི་རྣམ་བྱང་ཡིན། །དོན་དམ་གཉིས་མེད་དངོས་པོ་མེད། །དེ་བཞིན་དུ་ཡང་བདག་མེད་ཡིན། །སྟོང་ཉིད་ཆོས་ཀྱི་དབྱིངས་ཀྱང་ཡིན།། ཡང་དག་མཐའ་དག་བརྗོད་མེད་པ། །ཆོས་ཉིད་དང་ནི་མཚན་མ་མེད། །དེ་ཉིད་དོན་ཞེས་བརྗོད་པ་ཡིན། །རྒྱུ་དང་འབྲས་བུའི་དངོས་པོ་ནི། །ཚད་མ་ཡིས་ནི་གྲུབ་པ་མིན། །དངོས་པོ་ཐམས་ཅད་མ་སྐྱེས་པ། །རྒྱལ་བས་ཐུགས་རྗེས་བསྟན་པ་ཡིན། །རྗེས་སུ་འགྲོ་དང་ལྡོག་དག་ལས། །དེ་ཡིས་གྲུབ་ན་གྲུབ་དག་ཡིན། །མངོན་སུམ་དང་ནི་མི་དམིགས་པས། །དེ་དག་སྐད་ཅིག་ཡིན་པའི་ཕྱིར། །མི་གནས་ཕྱིར་ན་འཛིན་ཉིད་མིན། །དེ་དང་འབྲེལ་པའི་སྐད་ཅིག་གཉིས། །གང་ཞིག་རྒྱུ་དང་འབྲས་བུའམ། །དེ་ཡིས་སྟོང་པའི་ས་ཕྱོགས་དག །རྒྱུ་ཡོད་པ་དང་འབྲས་གང་ཡིན། །དེ་འཛིན་བྱེད་ཉིད་འཛིན་པ་པོ། །རྒྱུ་མེད་ལས་འབྲས་མེད་པ་ནི། །དེ་ཡི་དངོས་པོ་ངེས་པ་ཡིན། །རྒྱུ་ནི་འབྲས་བུའི་དུས་ན་མེད། །སྐད་ཅིག་ཡིན་ཕྱིར་འཇིག་པའི་ཕྱིར། །རྒྱུ་ཡི་དུས་ནའང་འབྲས་བུ་མེད། །དུས་མཉམ་ཉིད་དུ་ཐལ་འགྱུར་ཕྱིར། །དམ་པའི་དོན་དུ་རྒྱུ་གཅིག་


DTG040_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །འབྲས་བུ་དུ་མ་མ་ཡིན་ནོ། །གལ་ཏེ་རྒྱུ་གཅིག་ཡིན་གྱུར་ན། །དེ་དེས་བྱེད་གྱུར་ལྟོས་མེད་པས། །དེས་ན་མིག་ལ་སོགས་པ་རྣམས། །རང་གི་བློ་ལ་གོས་མེད་འགྱུར། །དེ་ཚེ་ལོང་སོགས་མེད་པ་རུ། །སྐྱེ་བོ་ཐམས་ཅད་ཐལ་བར་འགྱུར། །དུ་མའང་རིགས་པ་མ་ཡིན་ཏེ། །འབྲས་བུ་གཅིག་གི་རྒྱུ་ཡིན་པས། །རྒྱུ་ཐ་དད་ལ་འབྲས་བུ་ནི། །དབྱེར་མེད་རྒྱུ་ན་མེད་པར་འགྱུར། །འབྲས་བུའང་དེ་ཡི་བདག་ཉིད་ཕྱིར། །དེ་ཡང་ཐ་དད་ཡིན་འདོད་ན། །གཅིག་ནི་ཅི་ལྟར་ཐ་དད་འགྱུར། །གཅིག་དང་གཞན་ཉིད་ཉམས་འགྱུར་བས།། མཁས་པ་རྣམས་ཀྱིས་གང་བརྗོད་པ། །དེ་དབྱེ་དམ་པའི་དོན་དུ་མེད། །འབྲས་བུ་སོ་སོ་ཐ་དད་པའི། །ཉེས་པ་སྔར་ནི་བསྒྲགས་པ་ཡིན། །ཡོད་མེད་རང་དང་གཞན་པ་རྒྱུ། །གཉི་ག་ལས་སྐྱེ་དཔྱོད་པ་ནི། །མ་བྱས་གཞུང་ནི་མང་འགྱུར་ཕྱིར། །གསལ་བའི་ཕྱིར་དང་བསྒྲུབས་ཟིན་ཕྱིར། །ཞེས་སོ། །དེ་སྐད་དུ་ཡང་ལང་ཀར་གཤེགས་པ་ལས། མེད་པ་ལས་ནི་སྐྱེ་བ་མིན། །རྐྱེན་ཡང་མཐོང་བ་མ་ཡིན་ནོ། །དངོས་པོ་མེད་ཡང་ཡོད་མིན་ལ། །དོན་མེད་མིང་ཡང་མ་ཡིན་ནོ། །གང་དུ་ཉན་ཐོས་སངས་རྒྱས་རྣམས། །མུ་སྟེགས་རྣམས་ཀྱིའང་སྤྱོད་ཡུལ་མིན། །ས་ནི་བདུན་པར་སོང་བ་ཡང༌། །དེ་ནི་མ་སྐྱེས་མཚན་ཉིད་ཡིན། །རྒྱུ་དང་འབྲས་བུ་ལྡོག་པ་ནི། །རྒྱུ་ཡི་འགེགས་པར་བྱེད་པ་ཡིན། །སེམས་ཙམ་ཉིད་དུ་རྣམ་བཞག་པ། །མ་སྐྱེས་པ་ཞེས་ང་སྨྲའོ། །དངོས་རྣམས་རྒྱུ་མེད་པ་ཡི་རྒྱུན། །བརྟག་བྱ་རྟོག་པ་རྣམ་སྤངས་པ། །ཡོད་མེད་ཕྱོགས་དང་རྣམ་བྲལ་བ། །སྐྱེ་བ་མེད་པར་ང་སྨྲའོ། །སེམས་དང་མཐོང་བྱ་རྣམ་བྲལ་བ། །རང་བཞིན་གཉིས་པོ་སྤངས་པ་སྟེ། །གནས་ནི་གཞན་དུ་གྱུར་པ་ལ། །སྐྱེ་བ་མེད་པར་ང་སྨྲའོ། །ཞེས་སོ། །དེ་ནས་ཞེས་པ་ནི་ནམ་མཁའ་དང་མཉམ་པའི་བདག་མེད་པ་མ་གྲུབ་པོ་ཞེས་རིན་ཆེན་འབྱུང་ལྡན་གྱི་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཤེས་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པ་ནི་རྡོ་རྗེ་སྟེ། གང་ཟག་དང་ཆོས་མེད་པའི་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །གང་གི་ཕྱིར་དངོས་པོ་མེད་པ་ནི་གཉིས་སུ་མེད་


DTG040_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དེ། དངོས་མེད་གཉིས་སུ་མེད་པ་ཡིན། །ཞེས་དེ་བཞིན་གཤེགས་པས་གསུངས་པས་སོ། །དེའི་ཕྱིར་ཆོས་ཐམས་ཅད་ནི་གཉིས་སུ་མེད་པ་བདག་མེད་པར་གྲུབ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཕུང་པོ་ལ་སོགས་པའི་ཆོས་རྣམས་གང་ཡིན་པ་གཟུགས་སུ་ཡོད་པའི་མཚན་ཉིད་ཀྱིས་གཟུགས་དང༌། མྱོང་བའི་མཚན་ཉིད་ཀྱིས་ཚོར་བ་དང༌། མཚན་མར་འཛིན་པའི་མཚན་ཉིད་ཀྱིས་འདུ་ཤེས་དང༌། མངོན་པར་འདུ་བྱེད་པའི་མཚན་ཉིད་ཀྱིས་འདུ་བྱེད་རྣམས་དང༌། སོ་སོར་རིག་པའི་བདག་ཉིད་ཀྱིས་རྣམ་པར་ཤེས་པ་ཞེས་པ་ལ་སོགས་པའི་རང་གི་མཚན་ཉིད་དང༌། མི་རྟག་པ་ཉིད་ལ་སོགས་པ་ནི་སྤྱིའི་མཚན་ཉིད་རྣམས་ཡིན་ཏེ། དེ་རྣམས་སྤངས་པའོ། །དེ་དེ་བཞིན་གཤེགས་པའི་མཚན་ཉིད་མེད་པ་དེ་མངོན་པར་བྱང་ཆུབ་པ་ཡིན་ནོ་ཞེས་རྒྱལ་བའི་ཡུམ་ལས་བརྗོད་པས་སོ། །དེ་ལྟར་ན་གང་ལས་སངས་རྒྱས་འབྱུང་བ་ཡིན་ཞེ་ན། གསུངས་པ་ཆོས་རྣམས་ཀྱི་བདག་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་ཡང་དག་པར་འབྱུང་བ་ཡིན་ནོ་ཞེས་སོ། །གང་རྣམ་འགྲེལ་ལས། ཕུང་པོ་ལ་སོགས་བྱེ་བྲག་གི །མཚན་ཉིད་ཐམས་ཅད་བྱེད་པ་ཡི། །ཁྱད་པར་དེ་ཡང་དེ་ཉིད་མིན། །དེས་ཀྱང་དེ་དག་མཚན་ཉིད་བྲལ། །ཅི་ལྟར་རང་རྐྱེན་ལས་ལྟོས་ནས། །མ་རིག་པས་བཅོམ་བདག་ཉིད་ཅན། །རྣམ་རིག་དེ་བཞིན་མིན་རྣམ་པར། །སྐྱེ་འགྱུར་རབ་རིབ་ཅན་སོགས་བཞིན། །ཚུ་རོལ་མཐོང་བ་ཐམས་ཅད་ཀྱིས། །དེ་ནི་དེ་ཉིད་རིག་ཅན་མིན། །གཟུང་དང་འཛིན་པས་བསླད་པ་དག །མེད་པས་དེ་རྣམས་མེད་ཕྱིར་རོ། །དེས་དེ་ཉིད་དོན་བཏང་སྙོམས་ཅན། །གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །འཇིག་རྟེན་ཐུགས་ནི་འབའ་ཞིག་གིས། །ཕྱི་རོལ་སྤྱོད་པ་རྒྱས་པར་མཛད། །ཅེས་སོ། །དེ་ནས་ཞེས་ཏེ་བསྒོམ་པར་བྱ་བ་དང་བསྒོམ་པ་ཡོད་ན་སྒོམ་པ་པོ་ཡང་ཡོད་དོ་ཞེས་བྱ་བར་འགྱུར་ཏེ། དེ་ཅི་ལྟར་ཆོས་ཀྱི་བདག་མེད་པར་འགྱུར་ཞེས་སྣང་བ་མཐའ་ཡས་ཀྱི་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཤེས་མ་ཐག་ཏུའོ། །ཡེ་ཤེས་ཉིད་ནི་ཆོས་ཐམས་ཅད་ཀྱི་དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཕུང་པོ་ལ་སོགས་པའི་བུད་ཤིང་སྲེག་པར་བྱེད་པས་འབར་བ་ཡིན་ལ་དེ་ཉིད་ཅི་ལྟ་བར་གྱུར་པའི་དངོས་པོའི་དེ་ཁོ་ན་


DTG040_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གསལ་བར་བྱེད་པས་སྒྲོན་མའོ། །དེ་ཉིད་རྡོ་རྗེ་ཡང་ཡིན་ཏེ་གང་ལ་དེའི་རྣམ་པར་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །མ་སྐྱེས་པ་ནི་སྔར་བརྗོད་པའི་རིགས་པས་ཡོད་པའི་ཆོས་རྣམས་ལའོ། །བསྒོམ་བྱ་ཞེས་པ་ནི་དངོས་པོ་དང་བསྒོམ་པ་ཡང་བྱ་བའི་ངོ་བོར་མེད་པས་སྒོམ་པར་བྱེད་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཆོས་ལ་བདག་མེད་པ་སྒྲུབ་བོ། །དེ་ལྟར་ན་འདོད་ཆགས་ཀྱི་རིགས་ལ་སོགས་པ་འབྱུང་བར་བསྒྲགས་པ་ཇི་ལྟར་ཞེ་ན། གསུངས་པ། ནམ་མཁའ་དང་ཆོས་མཐུན་པ་གཞན་དུ་མ་ཡིན་པའི་ཕྱིར་དེ་བཞིན་ཉིད་ཀྱི་མཚན་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ནི་ནམ་མཁའ་ཡིན་ཏེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྟེན་ཡིན་པའི་ཕྱིར། གོ་འཕང་ནི་གནས་ཡིན་ལ་དེའི་བདག་ཉིད་ཀྱི་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པའི་ངོ་བོ་ནི་སྦྱོར་བ་སྟེ། དེས་བསྒོམ་པར་བྱ་བའི་རྒྱུས་འཆད་པར་འགྱུར་བའི་རིམ་པས་དངོས་པོ་སྙིང་རྗེའི་བདག་ཉིད་འདོད་ཆགས་ཀྱི་རིགས་ལ་སོགས་པའི་ངོ་བོ་ནི་ཐབས་ཡིན་ཏེ། ཐབས་ནི་དངོས་པོའི་མཚན་ཉིད་དོ་ཞེས་རྒྱུད་ཕྱི་མ་ལས་སོ། །རབ་ཏུ་བསྒྲགས་ཞེས་པ་ནི་མཆོག་ཏུ་སྟེ། སྐྱེས་བུའི་དོན་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྒྲགས་པའོ། །དེ་ནས་ཞེས་པ་ནི་བྱང་ཆུབ་དང་མངོན་པར་རྟོགས་པ་ཡོད་ན་བྱང་ཆུབ་པ་པོ་ཡང་ཡོད་དོ་ཞེས་དོན་ཡོད་གྲུབ་པའི་གདུལ་བྱའི་རྣམ་པར་རྟོག་པར་ཡོངས་སུ་ཤེས་མ་ཐག་ཏུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀུན་དུ་ཟིལ་གྱིས་གནོན་པ་ནི་གང་གི་ཕྱིར། བྱ་བ་ནན་ཏན་གྱི་ཡེ་ཤེས་ཡིན་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །བྱང་ཆུབ་སྟེ་བྱང་ཆུབ་པར་བྱ་བ་ཡང་མེད་ལ་མངོན་པར་རྟོགས་པ་སྟེ་ལམ་ཡང་མེད་དོ། །དེས་ན་བྱང་ཆུབ་ནི་ཅུང་ཟད་ཀྱང་མེད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། སེམས་འདི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་པ། །ཞེས་རྣམ་འགྲེལ་ལས་སོ། །རང་བཞིན་གྱིས་དངོས་པོ་མེད་པས་འོད་གསལ་བ་ཡིན་ཏེ་གཟུང་བ་དང་འཛིན་པ་ལ་སོགས་པའི་མངོན་པར་ཞེན་པའི་གཏི་མུག་གི་མུན་པ་སྤངས་པའི་ཆོས་རྣམས་སོ། །ཅི་ལྟར་ཞེ་ན། གང་གི་ཕྱིར་སྔར་བཞིན་དུ་ནམ་མཁའ་དང་མཉམ་པ་དེ་ཉིད་ཀྱི་ཕྱིར། ཆུ་ཁམས་གསེར་


DTG040_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །ཅེས་པའི་རིགས་པས་གདོད་མ་ཉིད་ནས་དག་པ་ཡིན་ལ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་སྤངས་པ་ཡང་ཡིན་ཏེ། ལྷག་མ་ནི་སྔར་བཞིན་དུའོ། །དེ་ལྟར་ན་ཡང༌། ལོག་པར་སྒྲོ་འདོགས་སྤང་བའི་ཕྱིར། །གྲོལ་བ་པོ་ནི་མེད་ཀྱང་བརྩོན། །ཞེས་རྣམ་འགྲེལ་ལས་ཡིན་པས། གང་ཐོས་པ་ལ་སོགས་པ་དོན་མེད་པ་མ་ཡིན་ནོ། །གཟུགས་སུ་རུང་བས་གཟུགས་དང༌། ཉམས་སུ་མྱོང་བས་ཚོར་བ་དང༌། མཚན་མར་འཛིན་པའི་བདག་ཉིད་ཀྱིས་འདུ་ཤེས་དང༌། ཅི་སྲིད་པའི་སེམས་ཡོངས་སུ་གཡོ་བར་བྱེད་པའི་འདུ་བྱེད་རྣམས་དང༌། སོ་སོར་རིག་པར་བྱེད་པས་རྣམ་པར་ཤེས་པ་སྟེ། མཚན་ཉིད་དེ་རྣམས་ཀྱིས་སྟོང་པའི་ཕྱིར་ཆོས་ཐམས་ཅད་སྟོང་པར་བརྗོད་དོ། །སོ་སོར་སྣང་བ་ཙམ་ནི་དགག་པར་མི་ནུས་པར་ལུང་གི་ཕྱིར་དོན་དམ་པར་ཡང་རང་རིག་པ་ཙམ་གཉིས་སུ་མེད་པ་ནི་ཚད་མས་གྲུབ་པའི་ཕྱིར་དགག་པར་མི་ནུས་སོ། །འཁྲུལ་པ་དང་བྲལ་བ་དྲི་མ་མེད་པ་ཟད་པར་མི་འགྱུར་བ་ནི་དོན་དམ་པར་ཚད་མ་ཉིད་ཡིན་པར་གྲུབ་བོ་ཞེས་རྣམ་པར་ངེས་པ་ལས་སོ། །དེ་ལྟ་བས་ན་དོན་དམ་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་པ་ལ་སོགས་པ་རྒྱན་བྱེད་པའི་དག་ཀྱང་བརྟགས་པ་འགེགས་པ་ལྷུར་བྱེད་པ་ཉིད་དུ་བལྟ་བར་བྱ་སྟེ། གཞན་དུ་ཚད་མ་དང་ལུང་དང་འགལ་བ་ཚངས་པས་ཀྱང་སྤང་བར་མི་ནུས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཉིས་སུ་མེད་པའི་རང་རིག་པ་ནི་རང་རིག་པའི་མངོན་སུམ་གྱིས་གྲུབ་པའི་ཕྱིར། རང་རིག་གིས་ནི་རྟོགས་བྱ་བ། །ཆོས་ཀྱི་དབྱིངས་ནི་རྒྱུ་མེད་པར། །རྟག་ཏུ་ཡོད་པ་མཐོང་བ་ཡིན། །གློ་བུར་མ་ཡིན་མཚན་ཉིད་དོ། །ཞེས་རྒྱན་ལས་སོ། །ཚད་མས་གྲུབ་པ་ལ་ཚད་མ་གཞན་གྱིས་གནོད་པ་མི་སྲིད་དེ་གཞན་དུ་ན་མཚན་ཉིད་དེ་དང་ལྡན་པ་ལ་གནོད་པ་སྲིད་ན་དེའི་མཚན་ཉིད་སུན་ཕྱུང་བར་འགྱུར་བའི་ཕྱིར་ཅུང་ཟད་ཀྱང་ཚད་མ་དང་ཚད་མ་ཡིན་པར་མི་འགྱུར་བས་དེ་ལ་གནོད་པ་ནི་གནོད་པ་ཉིད་མ་ཡིན་ཏེ། ཚད་མ་མ་ཡིན་པ་ནི་གནོད་བྱེད་མ་ཡིན་པའི་ཕྱིར་རོ། །དེས་ན་དེས་གནོད་པ་ནི་གནོད་པ་མ་ཡིན་པ་ཉིད་དོ་ཞེས་གནས་ཏེ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །


DTG040_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །དེ་ཡང་རྣམ་པར་དཔྱད་པ་ལས་ཉམས་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དཔྱོད་པར་བྱེད་པ་ཡང་རྗེས་སུ་དཔག་པ་ཡིན་པའི་ཕྱིར་ཏེ། རང་རིག་པའི་མངོན་སུམ་གྱི་ཚད་མ་མེད་ན་ཡང་དེ་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་རྒྱན་བྱེད་པས་གསུངས་པ། ཚད་མ་ལ་ཚད་མས་གནོད་པ་མ་ཡིན་ཏེ་སྟོབས་མཚུངས་པ་ལ་ཇི་ལྟར་གནོད། །ཚད་མ་ཉིད་ལ་ཡང་ཇི་ལྟར་གནོད་པར་བྱེད་པ་ཡིན། སྟོབས་མི་མཉམ་པ་ཡིན་ན་ཡང་འོ་ན་གལ་ཏེ་རྗེས་སུ་དཔག་པས་གནོད་ན་ཚད་མ་ཉིད་དུ་ཡང་མི་འགྱུར་རོ། །གང་རྗེས་སུ་དཔག་པ་ཉིད་དེར་ཡང་མི་འགྱུར་ཏེ། གང་མངོན་སུམ་གྱིས་ཞེས་མཚུངས་པར་ཐལ་བར་འགྱུར་རོ། །འོ་ན་རབ་ཏུ་སྣང་བ་ནི་ཅི་ལྟར་བརྒྱ་ལ་རྒྱུའི་ཉེས་པས་གཞན་དུ་འགྱུར་ལ་རྗེས་སུ་དཔག་པ་ནི་མ་ཡིན་ཏེ། དེས་ན་གནོད་པ་བྱེད་པ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། རྒྱུ་ཡི་ཉེས་པས་གཞལ་བྱ་ལ། །བློ་ནི་གཞན་གྱུར་རིགས་དང་ལྡན། །རང་བཞིན་ལ་ནི་རྒྱུ་ཡི་སྐྱོན། །རྒྱས་ཀྱང་ཅི་ལྟར་རིགས་པ་ཡིན། །ཞེས་སོ། །དེ་བཞིན་དུ། རྗེས་དཔག་མངོན་སུམ་ལ་གནོད་མིན། །ཞེས་སོ། །དེ་བཞིན་དུ་ཚད་མ་ནི་ཚད་མ་ལ་གནོད་པ་ཡང་མ་ཡིན་ལ་སྒྲུབ་པར་བྱེད་པ་ཡང་མ་ཡིན་ཏེ། ཚད་མ་ཉིད་ཆད་པར་ཐལ་བར་འགྱུར་བས་སོ། །དེ་ལྟར་ན་ངེས་པར་རང་རིག་པ་དགག་པར་ནུས་པ་མ་ཡིན་ནོ། །མངོན་སུམ་གྱིས་ནི་རབ་གྲུབ་ལ། །གལ་ཏེ་གཞན་གྱིས་གནོད་པས་ན། །མངོན་སུམ་ཚད་མ་མ་ཡིན་ལ། །གཞན་ལའང་ཚད་མ་མ་ཡིན་ནོ། །མངོན་སུམ་གྱིས་ནི་གྲུབ་པ་ལ། །ཚད་མ་གཞན་གྱིས་ཅི་ལྟར་ན། །གནོད་པར་བྱེད་པར་འགྱུར་བ་ཡིན། །ཆད་གཞན་མངོན་སུམ་རྩ་བ་ཡིན། །ཞེས་པ་ལ་སོགས་པའི་ཚིག་ལས་རྒྱན་བྱེད་པས་ཀྱང་གཟུང་བ་དང་འཛིན་པའི་རྣམ་པས་མཚོན་པའི་བརྟགས་པ་འགེགས་པ་ཡིན་པར་དོན་དམ་པར་འདོད་དེ། རང་རིག་པའི་མངོན་སུམ་གྱི་མཚན་ཉིད་གཉིས་སུ་མེད་པ་རྣལ་འབྱོར་པའི་ཤེས་པ་ལ་ནི་མ་ཡིན་པར་དཔག་གོ །དེ་ལྟར་ཡང་སློབ་དཔོན་དབྱིག་གཉེན་གྱིས་ཆོས་ཀྱི་བདག་མེད་པར་འཇུག་པ་ནི་བརྟགས་པའི་བདག་ཉིད་ཀྱིས་སོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོས་བརྟགས་པ་འགེགས་པར་བྱེད་པ་འདི། ཞེས་པ་མདོར་བསྡུས་ལྟ་བ་ཡིན། །ཤེས་བྱ་ཐམས་ཅད་ལ་ཡོད་པ། །རྣམ་


DTG040_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྟགས་པར་འདོད་པ་ཡིན། །ཞེས་སོ། །དོན་འདི་ཉིད་བསྒྲུབ་པའི་ཕྱིར། རྣམ་འགྲེལ་བྱེད་པས་གསུངས་པ། བློ་ལ་གཞན་མྱོང་ཡོད་མིན་ཏེ། །དེ་ཡི་མྱོང་བ་གཞན་མ་ཡིན། །གཟུང་དང་འཛིན་དང་མི་ལྡན་ཕྱིར། །རང་རིག་དེ་ཉིད་གསལ་བ་ཡིན། །ཞེས་སོ། །དེ་ཡི་གཟུང་མིན་དེས་ནི་འཛིན་པ་མིན། །ཤེས་པ་གཞན་གྱི་གཟུང་བྱ་ཡིས་ཀྱང་སྟོང༌། །དེ་ལྟར་ན་ཡང་ཤེས་པའི་རང་བཞིན་གསལ། །ཁྱེད་ཀྱི་མངོན་སུམ་ཕྱོགས་ནི་གསལ་བ་ཡིན། །ཞེས་བསྟོད་པ་བྱེད་པས་སོ། །དེ་ལྟར་ཆེན་པོའི་ཡང་ཆེན་པོ་རྣམས་ངག་གཅིག་པས་འདིར་ཐེ་ཚོམ་ཟ་བར་མི་བྱའོ། །དེ་ལྟ་བས་ན་གཟུང་བ་དང་འཛིན་པ་མེད་པ་ཉིད་རྗེས་སུ་དཔག་པས་ངེས་པར་བྱ་སྟེ། འདི་ནི་དོན་དམ་པའོ། །དེ་གསུངས་པ། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་ཏེ། །དེ་ནི་མི་བདེན་ཕྱིར་ཡོད་མིན། །དེ་ཉིད་ཤེས་བྱ་ཕྱི་རོལ་མེད། །དེ་ལ་ལྟོས་པས་རང་རིག་ནི། །བྱེད་པ་པོ་རུ་འདོད་པ་ཡང༌། །དེ་ཡང་མི་བདེན་པ་ཡི་ཕྱིར། །རང་རིག་གཉིས་མེད་ཞེས་པར་ལྟ། །ཞེས་སོ། །དེ་ལྟ་བས་ན་ཐམས་ཅད་རང་རིག་པ་ཡིན་ཏེ་བདག་ཉིད་མངོན་སུམ་དུ་བྱེད་པ་ལ་འཇུག་པས་མ་འཁྲུལ་པའི་ཕྱིར་དང་ཐམས་ཅད་དུ་གསལ་བར་སྣང་བ་ཉིད་ཀྱིས་མི་རྟོགས་པའི་ཕྱིར་མངོན་སུམ་མོ། །གཟུང་བ་དང་འཛིན་པར་ཞེན་པ་ཡང་ཐོག་མ་མེད་པའི་བག་ཆགས་ཀྱི་མ་རིག་པས་སྤྲུལ་པ་ཉིད་ཀྱིས་ཁྱབ་པར་བྱེད་པ་ཉིད་མ་ཡིན་པ་མི་གསལ་བར་སྣང་བ་གསལ་བར་སྣང་བའི་གཉིས་སུ་མེད་པ་ལ་གེགས་བྱེད་པ་མ་ཡིན་ཏེ། རྒྱུ་མེད་པའི་ཕྱིར་འགག་པ་ཡིན་ནོ། །རྒྱན་བྱེད་པས་གང་གསུངས་པ་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་ལ་ཡང་གཉིས་སུ་སྣང་བ་ནི་འདིར་མངོན་སུམ་ཉིད་དེ་དེས་ན་གང་དུ་མངོན་སུམ་བྱེད་པ་དེ་ནི་དེར་མངོན་སུམ་ཡིན་ནོ། །ཕྱི་རོལ་ལ་དེ་འཁྲུལ་པ་ཡིན་ཏེ། དེ་ལ་ཡང་དེ་མངོན་སུམ་དུ་བྱེད་པ་མ་ཡིན་ནོ། །རབ་ཏུ་སྣང་བ་ནི་གཟུགས་ལ་སོགས་པ་གཅིག་པ་ཡོད་པ་མ་ཡིན་ཏེ་འདི་ནི་བརྟགས་པ་ཉིད་ཡིན་ནོ། །དེ་ལྟར་ཡང་ཡིད་འཁྲུལ་པའི་ཡུལ་ཡིན་ལས་ནོར་པ་ཡིན་པར་བརྗོད་དོ། །ཅི་སྟེ་མ་འཁྲུལ་པ་ཡང་ཕྱི་རོལ་གྱི་དོན་ལ་རྟོགས་པའི་ཤེས་པ་ཡིན་ནོ་ཞེ་ན། དེ་བདེན་ཏེ་དེ་ལྟར་ཡང༌། འདིར་ནི་རིགས་པའི་སྟོབས་འོངས་པ།།


DTG040_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་རྣམས་ཀྱིས་གང་བརྗོད་པ། །ཅི་ལྟ་ཅི་ལྟར་དོན་བསམས་པ། །དེ་ལྟ་དེ་ལྟར་རྣམ་པར་བྲལ། །དེ་བཞིན་དུ་རང་གི་ངོ་བོ་ཙམ་གྱིས་རང་རིག་པ་ལས་གཞན་པ་ནི་རྟོག་པ་ཉིད་ཡིན་ནོ་ཞེས་སོ། །དེ་དག་ལ་གཅིག་ཏུ་ཞེན་པ་མ་ཡིན་ཏེ་རང་རིག་པ་དང་གཟུགས་ལ་སོགས་པ་ལ་ཞེན་པ་དག་ཀྱང་དུས་གཅིག་ཏུ་འཇུག་པའི་ཕྱིར་འཁྲུལ་པ་ཡིན་ནོ། །གང་རྣམ་འགྲེལ་ལས། །རྟོག་བཅས་དང་ནི་རྟོག་མེད་དག །ཡིད་དག་ཅིག་ཅར་འབྱུང་བ་ནི། །རྨོངས་པའང་མྱུར་པར་འཇུག་པའི་ཕྱིར། །དེ་དག་གཅིག་ཏུ་ཞེན་པར་བྱེད། །ཅེས་སོ། །དེ་བཞིན་དུ་ཡང་ལེའུ་བཅོ་བརྒྱད་པ་ལས། །ཐོག་མ་ཐ་མ་མེད་ཞི་པ། །དངོས་དང་དངོས་མེད་མི་ཟད་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བྱ་བ་ཡིན། །ཞེས་པས་ཡིད་ཆེས་པས་གནོད་པ་ནི་ཀུན་རྫོབ་ཐམས་ཅད་ལ་ཁས་བླངས་པ་ཡིན་ནོ་།ཅི་སྟེ་ཡང་ཚད་མས་གྲུབ་པའི་ཆོས་ཅན་དང་གཏན་ཚིགས་ལ་ལུང་བོར་ན་ཡང་ཅུང་ཟད་ཀྱང་ཉམས་པ་མེད་དེ་འདོད་པའི་དོན་གྲུབ་པ་ལ་མི་གནོད་པའི་ཕྱིར་རོ། །མངོན་སུམ་པར་རྗེས་སུ་དཔག་པའི་ཡུལ་མ་ཡིན་པ་ལུང་གིས་བསྟན་པའི་ཆོས་ཅན་ལ་སོགས་པ་རྣམས་ལ་ངེས་པར་ལུང་ཁས་བླངས་པར་བྱ་སྟེ། གཞན་དུ་དཔྱད་པ་མི་འཇུག་པས། །དེས་ན་དེ་ཉིད་ལ་དེས་གནོད་པར་རིགས་སོ། །གང་རྣམ་འགྲེལ་ལས། །དེ་ཕྱིར་གྲུབ་པའི་དོན་རྣམས་ལ། །བསྟན་བཅོས་སྤངས་ཀྱང་ཉམས་པ་མེད། །ལུང་ཁས་ལེན་པ་མེད་པར་ནི། །ལྐོག་གྱུར་ལ་འདོད་འཇུག་མི་འགྱུར། །དེ་བདེན་ཏེ་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་ཤེས་པ་ཡང་ཁྱེད་ཀྱི་འདོད་པས། དེ་མེད་ན་དེའི་ཡུལ་ཅན་གྱི་མངོན་སུམ་དུ་མེད་པའི་ཕྱིར་དེ་སྔོན་དུ་འགྲོ་བའི་རྗེས་སུ་དཔག་པ་ཅུང་ཟད་ཀྱང་གྲུབ་པ་མེད་དེ་ཐམས་ཅད་དུ་གནོད་པའམ་ཅུང་ཞིག་ཏུ་འང་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དོན་དམ་པར་ཡོད་པར་སྨྲ་བ་ལ་ནི་དབྱེ་བ་རིགས་པ་ཉིད་ཡིན་ནོ། །གཞན་ཡང་ཐམས་ཅད་མཁྱེན་པ་མ་ཡིན་པས་བརྗོད་པའི་བསྟན་བཅོས་པོར་ཡང་ཉེས་པ་མེད་པར་བལྟ་བར་བྱའོ། །ལུང་རྣམས་ལའང་ཚད་མ་ནི་སྔ་མ་ཉིད་དུ་བཀག་པ་ཡིན། །གཞན་དུ་ན་གལ་ཏེ་ཐམས་ཅད་མཁྱེན་པས་གསུངས་པའི་ལུང་གིས་


DTG040_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཚད་མས་གྲུབ་པའི་ཆོས་ཅན་ལ་མི་གནོད་ན། དེའི་ཚེ་རང་རིག་པའི་མངོན་སུམ་གྱིས་གྲུབ་པའི་ཡིད་ལ་ཡང་གང་གིས་ཡིད་ཆེས་པས་གནོད་པ་ཐོབ་པའི་གོ་སྐབས་ག་ལ་ཡོད། ཅི་སྟེ་ཡོད་ཀྱང་ལུས་ལ་བརྟེན་པ་ཉིད་དུ་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ཏེ། ལུས་དང་སེམས་དག་ནི་ཕན་ཚུན་དུ་རྗེས་སུ་འཇུག་པར་བྱེད་པ་ཡིན་ནོ་ཞེས་གསུངས་པས། འདི་ལྟར་གནོད་པ་བརྗོད་པ་ན། །དེ་ཡི་ཤེས་པས་ཕན་འདོགས་ཕྱིར། །ཡིད་ནི་ལུས་ལ་བརྟེན་པར་བརྗོད། །ཅེས་པ་འདིས་རྣམ་འགྲེལ་བྱེད་པས་དེ་སྤངས་པ་ཡིན་ནོ། །གཞན་ཡང་རང་རིག་པའི་མངོན་སུམ་གྱི་མཚན་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཚད་མ་ཡིན་ཏེ་མི་སླུ་བའི་ཕྱིར། དོན་དམ་པ་ཡིན་ལ་དེའི་ཚིག་ཉིད་ཀྱང་ཀུན་རྫོབ་ཏུ་ཚད་མ་ཡིན་ཏེ་གཞན་ནི་མ་ཡིན་ནོ་ཞེས་རྒྱན་བྱེད་པས་རྒྱས་པར་བསྟན་པ་ཡིན་པས་དེ་ཉིད་དུ་རྟོགས་པར་བྱའོ། །གང་གསུངས་པ། ཐམས་ཅད་དོན་དང་འབྲེལ་བ་ཡི། །ཤེས་པ་མངོན་སུམ་གྱིས་མཐོང་མིན། །སྤྱི་ཡི་ཚུལ་གྱིས་འབྲེལ་པ་ནི། །རྗེས་སུ་དཔག་པས་བཞག་པ་ཡིན། །ཚད་མ་གཞན་ཡང་ཡོད་མིན་ཕྱིར། །གང་ལས་ཐེ་ཚོམ་གཅོད་པ་ཡིན། །དེས་ན་ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་སོ། །གལ་ཏེ་དེ་ལྟ་ན་ཐ་སྙད་ལས་ཚད་མ་ཡིན་ན་ཚད་མའི་མཚན་ཉིད་བསྟན་བཅོས་སུ་ཇི་ལྟར་བཀོད། བསྟན་བཅོས་སུ་བསྟན་ཀྱང་ཚིག་ཙམ་གྱིས་དེ་ལྟར་གྱུར་པ་མ་ཡིན་ཏེ། འོན་ཀྱང་ཐ་སྙད་དུ་མི་སླུ་བ་ཉིད་ལས་ཡིན་ཏེ། དེ་ཡང་ཡོད་ན་བསྟན་བཅོས་དོན་མེད་པ་ཉིད་དོ། །གསུངས་པ། བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན།། གལ་ཏེ་ཐ་སྙད་ལས་ཚད་མའི་རང་བཞིན་རྟོགས་ན་ཅིའི་ཕྱིར་ཕན་ཚུན་འགལ་བའི་བསྟན་བཅོས་ཀྱི་མཚན་ཉིད་དུ་འགྱུར། དེས་ན་ཐ་སྙད་ཀྱང་བློ་གྲོས་མི་མཐུན་པ་རྣམས་ཀྱི་ཡིན་ནོ། །དེ་ལྟར་ཡང༌། ཐམས་ཅད་ཐ་སྙད་དག་ལས་ནི། །ཚད་མ་ཉིད་དུ་རྟོགས་མ་ཡིན། །དེ་ཡིས་ཚད་མའི་མཚན་ཉིད་ནི། །ཕན་ཚུན་འགལ་བ་དང་ལྡན་ཡིན། །མངོན་སུམ་ལ་སོགས་ཚད་མ་ཡིས། །འཇིག་རྟེན་ཕ་རོལ་རྟོགས་མ་ཡིན། །ལུང་ལས་གཞན་ནི་བརྗོད་པ་སྟེ། །དེས་ན་ཐ་སྙད་ལས་མ་ཡིན། །དེ་ཕྱིར་ཐ་སྙད་ཐེ་ཚོམ་ཕྱིར། །བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །སྔོན་དང་ཕྱི་མ་མི་དྲན་ལ།།


DTG040_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་འདི་ཡིས་ཟློག་པར་བྱེད། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པས་བརྗོད་པའི་བསྟན་བཅོས་ཉིད་ཀྱིས་རྨོངས་པ་བཟློག་སྟེ། གཞན་གྱིས་ནི་མ་ཡིན་ལ་རྣམ་པ་འདིས་ཐམས་ཅད་མཁྱེན་པའི་ཚིག་ཉིད་དོན་དམ་པར་ཚད་མ་ཡིན་ནོ། །ཐམས་ཅད་མཁྱེན་པའི་ཤེས་པ་ཉིད་ཚད་མ་ཡིན་ལ་གཞན་ནི་མ་ཡིན་ནོ་ཞེས་པ་ནི་དོན་དམ་པའོ། །གཞན་ནི་ཚད་མ་མ་ཡིན་ཏེ། །གཞལ་བྱ་ལ་ཁྱབ་མི་སྲིད་ཕྱིར། །མ་ཁྱབ་པ་ཡིས་འབྲས་སོགས་ཀྱི། །འབྲེལ་པ་འཛིན་པ་མ་ཡིན་ནོ། །རྒྱུ་དང་འབྲས་བུའི་དངོས་པོ་ནི། །འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་དང་ཡུལ་ལ་ཁྱབ་པ་ལྷན་ཅིག་སྤྱོད་པའི་དངོས་པོ་ངེས་པར་ཐམས་ཅད་མཁྱེན་པ་མ་ཡིན་པའི་ཤེས་པའི་ཡུལ་མ་ཡིན་ཏེ། ད་ལྟར་བྱུང་བ་དང་ཉེས་པའི་དངོས་པོའི་ཡུལ་ཙམ་མངོན་སུམ་གྱིས་འཛིན་པའི་ཕྱིར་དང༌། རྗེས་སུ་དཔག་པ་ཡང་འཇུག་པ་མ་ཡིན་པས་སོ། །བསྟན་བཅོས་བྱེད་པ་དེ་ཐམས་ཅད་མཁྱེན་པར་ཇི་ལྟར་ཤེས་ཤེ་ན། འདི་ནི་ཕྱིས་བཤད་པར་བྱའོ། །དེ་ནས་ཐམས་ཅད་མཁྱེན་པའི་གསུང་དང༌། དེའི་རྗེས་སུ་འབྲང་བའི་ཚིག་ཀྱང་ཐམས་ཅད་དུ་ཚད་མ་དང་གནོད་པར་བྱེད་པ་ཡང་ཡིན་ནོ་ཞེས་གནས་སོ། །གལ་ཏེ་ངེས་པར་ཚུ་རོལ་མཐོང་བས་ཇི་ལྟར་ཡང་ནུས་ན་ཡིན་གྱི་གཞན་དུ་མ་ཡིན་ནོ། །གཞན་ཡང་གང་ལ་ཡང་འདི་རྣམས་ཀྱི་བརྒལ་བ་དང་ལན་ནི་རྒྱན་བྱེད་པས་བཤད་དེ། ཅི་སྟེ་འདི་ཡོད་ན་འབྱུང་བར་འགྱུར་ལ་དེ་སྐྱེས་པ་ལས་སྐྱེ་བར་འགྱུར་རོ་ཞེས་པ་འདི་ཉིད་ཀྱིས་རྒྱུའི་མཚན་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གཞན་དུ་རྟག་ཏུ་འཇུག་པ་ནི་མ་དཔྱད་དོ། །བཅོམ་ལྡན་འདས་ཉིད་དོན་དམ་པའི་ཚད་མ་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ཏེ། ཁྱབ་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་རྗེས་སུ་གཟུང་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཕན་འདོགས་པ་དང་ལྡན་པ་ཡོན་ཏན་མ་བཤད་པ་མི་སྲིད་དོ། །ཉེས་པ་མེད་དེ་གང་གི་ཕྱིར་རྟག་ཏུ་ཕན་པ་བྱེད་པ་ཉིད་དུ་ཁོ་བོ་ཅག་གིས་བཤད་པའི་ཕྱིར་ལྔ་པ་ཡིན་ཏེ། སྐྱས་པ་ལས་ཞེས་བརྗོད་དོ། །འདི་ཡོད་ན་འདི་འབྱུང་ངོ་ཞེས་པས་རྟག་ཏུ་འཇུག་པ་གསུངས་པ་ཡིན་ནོ། །ཡོད་ན་ཞེས་པས་རྒྱུ་མཚན་གྱི་བདུན་པ་ཡིན་ནོ། །གཞན་དུ་ན་དེ་མེད་ཀྱང་ཡོད་ན་འདི་དེའི་


DTG040_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་གྱི་དངོས་པོར་ཡང་མི་འགྱུར་རོ། །ལྔ་པ་ནི་འབྱུང་ཁུངས་ཡིན་ཏེ་འབྱུང་ཁུངས་ཀྱང་སྐྱེ་བའི་བྱེད་པ་པོ་ལས་བྱུང་ཞེས་པས་སོ། །འབྱུང་བ་ཡང་རྒྱུ་མཚན་ཉིད་ཡིན་ནོ། །དེ་ཡང་ཚད་མའི་ཡུལ་ལ་ཐམས་ཅད་མཁྱེན་པས་བརྗོད་པའི་ལུང་དང་འགལ་བའི་གནོད་པ་མེད་པས་འབྲེལ་བ་མེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་འདི་ལྟར་ཐམས་ཅད་དུ་ཐམས་ཅད་མཁྱེན་པའི་བཀའི་གནོད་པ་ཞེས་རྟོགས་པར་བྱའོ། །ཇི་ལྟར་ཡང་ཐམས་ཅད་ཀུན་རྫོབ་ཏུ་ཁས་ལེན་པ་ལ་ཚད་མ་དང་ལུང་གིས་གནོད་པས་འདི་མེད་པའི་ཕྱིར་དབུ་མ་ལ་ཕྱི་རོལ་དུ་གྱུར་པ་ཉིད་ཡིན་ནོ། །དེ་བཞིན་དུ་རྒྱས་པར་ཁོ་བོས་དོན་དམ་པ་སྒྲུབ་པར་བཤད་པས་དེ་ཉིད་དུ་རྟོགས་པར་བྱའོ། །དེ་སྐད་དུ་ཡང་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ། །དེ་ཕྱིར་མཐོང་བའི་ཆུ་བུར་དེ་དག་གིས། །བསྟན་པ་འདི་ལ་འབྱུང་བར་འགྱུར་བ་ཡིན། །གང་འདི་གཅིག་ནི་གང་ཟག་འཛིན་པ་སྟེ། །གཞན་དག་ཐམས་ཅད་མེད་ཅེས་འཛིན་པ་ཡིན། །ཞེས་སོ། །དེ་འཕགས་པ་ཐོགས་མེད་ཀྱིས་བྱང་ཆུབ་སེམས་དཔའི་ས་ལས་གསུངས་པ། དེ་ལ་རིགས་པ་གང་གིས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱ་ཞེ་ན། ཆོས་རྣམས་ཀྱི་རང་གི་མཚན་ཉིད་བརྟགས་པ་འདི་ལྟ་སྟེ། གཟུགས་ཞེས་བྱ་བའམ། ཚོར་བ་ཞེས་བྱ་བའམ་འདུ་ཤེས་ཞེས་བྱ་བའམ། འདུ་བྱེད་རྣམས་ཞེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ཐ་ན་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་གང་ཡིན་པ་དེ་ནི་བཏགས་པ་ཙམ་དུ་ཟད་པར་རིག་པར་བྱ་སྟེ། ངོ་བོ་ཉིད་མ་ཡིན་པ་དེ་ལ་མ་གཏོགས་པ་དང་དེ་ལས་གུད་ན་ཡང་ངག་གི་སྤྱོད་ཡུལ་དང་ངག་གི་ཡུལ་མེད་དོ། །དེ་ལྟར་ན་ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་ཇི་ལྟར་ན་བརྗོད་པ་དེ་བཞིན་དུ་ཡོད་པར་མི་འགྱུར་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ནོ། །དེ་དེ་ལྟར་ཡོད་པ་ཡང་མ་ཡིན་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ན་ཅི་ལྟར་ཡོད་ཅེ་ན། ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པའི་ལེགས་པར་མ་ཟིན་པ་སྤངས་པ་དང༌། ཡང་དག་པ་ལ་སྐུར་བ་བཏབ་པའི་ལེགས་པར་མ་ཟིན་པ་སྤངས་པ་ཡོད་དེ། ཆོས་ཐམས་ཅད་ཀྱི་དོན་དམ་པའི་ངོ་བོ་ཉིད་དེ་ཡང་རྣམ་པར་མི་རྟོག་


DTG040_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ཡིན་པར་རིག་པར་བྱའོ། །གལ་ཏེ་ཆོས་གང་དག་དང་དངོས་པོ་གང་ལ་ཇི་ལྟར་བརྗོད་པ་འཇུག་པ་བཞིན་དུ་ཆོས་དེ་དག་དང་དངོས་པོ་དེ་དེའི་བདག་ཉིད་དུ་འགྱུར་ན་ནི་དེ་ལྟར་ཆོས་གཅིག་པུ་དང་དངོས་པོ་གཅིག་པུའི་ངོ་བོ་ཉིད་རྣམ་པ་སྣ་ཚོགས་མང་པོར་འགྱུར་བར་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་གཅིག་པུ་དང་དངོས་པོ་གཅིག་པུ་ལ་མང་པོ་དག་གིས་རྣམ་པ་སྣ་ཚོགས་མང་པོ་བརྗོད་ཅིང་བཏགས་ཏེ་ཉེ་བར་འདོགས་པར་བྱེད་པ་ལ་བཏགས་པའི་ཚིག་རྣམ་པ་སྣ་ཚོགས་མང་པོ་དག་ལས་བཏགས་པའི་ཚིག་གང་ཡང་རུང་བ་གཅིག་ཅིག་ཆོས་དེ་དང་དངོས་པོ་དེ་ལ་དེའི་བདག་ཉིད་དང༌། དེའི་རང་བཞིན་གྱི་ངོ་བོ་ཉིད་དུ་འགྱུར་ལ། འདོགས་པའི་ཚིག་ལྷག་མ་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བའི་ངེས་པ་ཅི་ཡང་མི་དམིགས་ཏེ་དེ་བས་ན་བཏགས་པའི་ཚིག་ཐམས་ཅད་ནི་མཐའ་དག་གམ་ཁ་ཅིག་ཀྱང་རུང་སྟེ་ཆོས་ཐམས་ཅད་དང༌། དངོས་པོ་ཐམས་ཅད་ཀྱི་དེའི་བདག་ཉིད་དུ་འགྱུར་བ་ཡང་མེད་ལ་དེའི་རང་བཞིན་གྱི་ངོ་བོ་ཉིད་དུ་འགྱུར་བ་ཡང་མེད་དོ། །གཞན་ཡང་གལ་ཏེ་གཟུགས་ལ་སོགས་པའི་ཆོས་སྔར་ཇི་སྐད་བསྟན་པ་རྣམས་འདོགས་པའི་ཚིག་གི་ངོ་བོ་ཉིད་མ་ཡིན་དུ་ཟིན་ན་དེ་ལྟར་ན་ཇི་དངོས་པོ་སྔར་བྱུང་བ་ཕྱིས་དེ་ལ་དགའ་མགུར་འདོགས་པའི་ཚིག་གིས་ཉེ་བར་འདོགས་ན་ནི་འདོགས་པའི་ཚིག་གིས་ཉེ་བར་འདོགས་པའི་སྔ་རོལ་འདོགས་པའི་ཚིག་གིས་ཉེ་བར་མ་བཏགས་པའི་ཚེ། ཆོས་དེ་དང་དངོས་པོ་དེ་ངོ་བོ་ཉིད་མེད་པ་ཁོ་ནར་འགྱུར་རོ། །ངོ་བོ་ཉིད་མེད་པར་གྱུར་ན་དངོས་པོ་མེད་པ་ལ་ནི་འདོགས་པའི་ཚིག་གིས་ཉེ་བར་གདགས་སུ་མི་རུང་ངོ༌། །འདོགས་པའི་ཚིག་གིས་ཉེ་བར་འདོགས་པ་དེ་མེད་ན་ཡང་ཆོས་དང་དངོས་པོ་འདོགས་པའི་ཚིག་གི་ངོ་བོ་ཉིད་དུ་ཡོད་པར་མི་རུང་ངོ༌། །གལ་ཏེ་འདོགས་པའི་ཚིག་ཉེ་བར་འདོགས་པའི་སྔ་རོལ་ནས་གཟུགས་མེད་དེ་གཟུགས་ཀྱི་བདག་ཉིད་ཡིན་ཏེ། ཕྱིས་ཀྱང་གཟུགས་ཀྱི་བདག་ཉིད་ལ་གདགས་པའི་ཚིག་གིས་བསྡུས་པའི་གཟུགས་སུ་ཉེ་བར་འདོགས་པར་བྱེད་ན་ཡང་དེ་ལྟ་ན་ནི་གཟུགས་ཞེས་འདོགས་པའི་ཚིག་ཉེ་བར་འདོགས་པ་མེད་བཞིན་དུ་ཡང་གཟུགས་ཞེས་བྱ་བར་འགྱུར་བའི་ཆོས་དང༌། གཟུགས་ཞེས་བྱ་བར་འགྱུར་བའི་


DTG040_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ལ་གཟུགས་ཀྱི་བློ་འཇུག་པར་འགྱུར་བའི་རིགས་ན་མི་འཇུག་པ་སྟེ། དེ་བས་ན་གཏན་ཚིགས་འདི་དང་རིགས་པ་འདིས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །གཟུགས་ལ་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ལ་སོགས་པ་ནས་ཆེར་ན་མྱ་ངན་ལས་འདས་པའི་བར་དུ་ཇི་སྐད་བསྟན་པའི་ཆོས་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །གཟུགས་ལ་སོགས་པའི་ཆོས་རྣམས་དང༌། གཟུགས་ལ་སོགས་པའི་དངོས་པོ་ལ་འདོགས་པའི་ཚིག་གི་ངོ་བོ་ཉིད་ཀྱིས་རང་གི་མཚན་ཉིད་ཡོད་པ་མ་ཡིན་ལ་སྒྲོ་བཏགས་ནས་མངོན་པར་ཞེན་པ་གང་ཡིན་པ་དང་འདོགས་པའི་ཚིག་མཚན་མའི་གཞི་འདོགས་པའི་ཚིག་གི་མཚན་མའི་རྟེན་དུ་གྱུར་པ་བརྗོད་དུ་མེད་པའི་བདག་ཉིད་ཀྱིས་དོན་དམ་པར་ཡོད། ཡང་དག་པའི་དངོས་པོ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ་ཞེས་སྐུར་བ་འདེབས་ཤིང་ཆུད་གཟོན་པར་བྱེད་པ་གང་ཡིན་པ་འདི་གཉིས་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་པར་རིག་པར་བྱའོ། །ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པའི་ཉེས་པ་གང་ཡིན་པ་དེ་དག་ནི་ཐོག་མ་ཉིད་དུ་དཔྱད་ཅིང་གསལ་བར་བྱས་ལ་བཀྲོལ་ཞིང་བསྟན་ཟིན་ཏེ་ཉེས་པ་དེ་དག་གིས། གཟུགས་ལ་སོགས་པའི་དངོས་པོ་ཡོད་པ་མ་ཡིན་ལ་སྒྲོ་བཏགས་པས། ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་པར་རིག་པར་བྱའོ། །གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ལ་ཡང་སྐུར་བ་འདེབས་ཤིང་ཐམས་ཅད་དུ་ཆུད་གཟོན་པ་དེ་ཆོས་འདུལ་བ་འདི་ལས་ཇི་ལྟར་རབ་ཏུ་ཉམས་པར་འགྱུར་བ་དེ་ལྟར་བཤད་པར་བྱ་སྟེ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ལ་སྐུར་བ་འདེབས་པ་ནི་དེ་ཁོ་ན་ཡང་མེད་ལ་འདོགས་པ་ཡང་མེད་དེ་གཉིས་ཀ་ཡང་མི་རིགས་སོ། །འདི་ལྟ་སྟེ་དཔེར་ན། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཡོད་ན་གང་ཟག་ཏུ་གདགས་སུ་རུང་གི་མེད་དུ་ཟིན་ན་དངོས་པོ་མེད་པ་ལ་གང་ཟག་གདགས་སུ་མེད་དོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ཡོད་ན། གཟུགས་ལ་སོགས་པའི་ཆོས་རྣམས་འདོགས་པའི་ཚིག་ཉེ་བར་དགག་ཏུ་རུང་གི་མེད་དུ་ཟིན་ན་དངོས་པོ་མེད་པ་ལ་གདགས་པའི་ཚིག་གིས་ཉེ་བར་འདོགས་


DTG040_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་དོ། །དེ་ལ་འདོགས་པའི་གཞི་མེད་དུ་ཟིན་ན་ནི་གཞི་མེད་པར་གྱུར་པས་འདོགས་པ་ཡང་མེད་པར་ཡང་འགྱུར་རོ། །དེ་བས་ན་གང་ཟག་ཁ་ཅིག་ཤེས་པར་དཀའ་བའི་མདོ་སྡེ་ཐེག་པ་ཆེན་པོ་དང་ལྡན་པ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་དགོངས་པའི་དོན་བསྟན་པ་དག་ཐོས་ན་བཤད་པའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་ནས་ཚུལ་མ་ཡིན་པར་རྣམ་པར་བརྟགས་ཏེ་རིགས་པ་མ་ཡིན་པས་བསྐྱེད་པའི་རྟོགས་པ་ཙམ་གྱིས་འདི་ཐམས་ཅད་ནི་བཏགས་པ་ཙམ་དུ་ཟད་དེ། འདི་ནི་དེ་ཁོ་ན་ཉིད་ཡིན་ནོ། །སུ་ཞིག་འདི་ལྟར་ལྟ་བ་དེ་ནི་ཡང་དག་པར་ལྟ་བ་ཡིན་ནོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེ་དག་གི་ལྟར་ན་འདོགས་པའི་གཞིའི་དངོས་པོ་ཙམ་ཡང་མེད་པས་འདོགས་པ་དེ་ཉིད་ཀྱང་ཐམས་ཅད་ཀྱི་ཐམས་ཅད་མེད་པར་འགྱུར་ན་བཏགས་པ་ཙམ་གྱི་དེ་ཁོ་ན་ལྟ་ཡོད་པར་གལ་འགྱུར་ཏེ། དེ་བས་ན་རྣམ་གྲངས་དེས་ན་དེ་དག་གིས་ནི་དེ་ཁོ་ན་ཉིད་བཏགས་པ་དེ་གཉིས་ཀ་ལ་ཡང་སྐུར་བ་འདེབས་པར་འགྱུར་ཏེ། བཏགས་པ་དེ་ཁོ་ན་སྐུར་པ་བཏབ་པས་ན་མེད་པར་ལྟ་བའི་གཙོ་བོ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་མེད་པ་དེ་ནི་ཚངས་པ་མཚུངས་པར་སྤྱོད་པ་མཛངས་པ་རྣམས་ཀྱིས་སྨོན་པའི་འོས་པ་མ་ཡིན་པ་དང་འགྲོགས་པར་མི་བྱ་བ་ཡིན་ཏེ། དེ་ནི་བདག་ཉིད་ཀྱང་ཕུང་བར་བྱེད་ལ་འཇིག་རྟེན་གང་དེའི་ལྟ་བ་ལ་སོགས་པ་ཡང་ཕུང་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་འདི་ལ་དགོངས་ནས་འདི་ན་ལ་ལ་གང་ཟག་ཏུ་ལྟ་བ་ནི་བླའི། །ལ་ལ་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་ཏུ་ལྟ་བ་ཅན་གྱི་སྐྱེ་བོ་ནི་ཤེས་བྱ་ལ་རྨོངས་པ་འབའ་ཞིག་ཏུ་ཟད་ཀྱི། ཤེས་བྱ་ཐམས་ཅད་ལ་སྐུར་བ་འདེབས་པ་མ་ཡིན་ཏེ་གཞི་དེས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་ལ་གཞན་ཆོས་འདོད་པ་དང་སྡུག་བསྔལ་ལས་རྣམ་པར་ཐར་པར་འདོད་པ་དག་ཀྱང་ཕུང་བར་མི་བྱེད་ཅིང་སླུ་བར་མི་བྱེད་ལ་ཆོས་དང་བདེན་པ་ལ་ཡང་འགོད་པར་བྱེད་དོ། །བསླབ་པའི་གཞི་དག་ལ་ཡང་གཡེལ་བར་མི་འགྱུར་རོ། །སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་ཤེས་བྱའི་དངོས་པོ་ལ་ཡང་རྨོངས་ལ་ཤེས་བྱ་ཐམས་ཅད་ལ་ཡང་སྐུར་བ་འདེབས་ཏེ། གཞི་དེས་


DTG040_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དམྱལ་བ་རྣམས་སུ་ཡང་སྐྱེ་བར་འགྱུར་ལ་གཞན་ཆོས་འདོད་པ་དང༌། སྡུག་བསྔལ་ལས་ཐར་འདོད་པ་རྣམས་ཀྱང་ཕུང་བར་བྱེད་དོ། །བསླབ་པའི་གཞི་དག་ལ་ཡང་གཡེལ་བར་འགྱུར་ཏེ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དངོས་པོ་ལ་སྐུར་བ་འདེབས་པ་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་ནོ། །ཇི་ལྟར་ན་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ཞེ་ན། དགེ་སྦྱོང་ངམ་བྲམ་ཟེ་གང་ལ་གང་གིས་སྟོང་པ་དེ་ཡང་མི་འདོད་ལ་གང་གིས་གང་སྟོང་པ་དེ་ཡང་མི་འདོད་པ་འདི་ལྟ་བུ་འདི་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོང་པ་དེ་མེད་པ་དང༌། གང་སྟོང་པ་ཉིད་དེ་ཡོད་པའི་སྟོང་པ་ཉིད་ནི་རིགས་པའི་ཕྱིར་རོ། །ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག་གང་གིས་སྟོང་པར་འགྱུར་ཏེ་དེས་དེ་ཉིད་སྟོང་པ་ཉིད་དུ་འགྱུར་དུ་མི་རུང་ངོ༌། །དེ་བས་ན་དེ་ལྟ་བུ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ནོ། །ཅི་ལྟར་ན་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ཞེ་ན། གང་གི་ཕྱིར་གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་མཐོང་ལ་འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདི་ན་ཡང་དག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་སྟོང་པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཞུགས་པ་ཞེས་བྱ་སྟེ། འདི་ལྟ་སྟེ་གཟུགས་ཞེས་བྱ་བ་ལ་སོགས་པའི་མིང་ཅན་ཇི་སྐད་བསྟན་པའི་དངོས་པོ་རྣམས་ལ་གཟུགས་ཞེས་བྱ་བ་ལ་སོགས་པར་འདོགས་པའི་གཞི་དང་ཚིག་གི་བདག་ཉིད་ཀྱི་ཆོས་མེད་དེ་དེ་བས་ན་གཟུགས་ཞེས་བྱ་བ་ལ་སོགས་པའི་དངོས་པོ་དེ་གཟུགས་ཞེས་བྱ་བ་ལ་སོགས་པར་འདོགས་པའི་ཚིག་གི་བདག་ཉིད་དེས་སྟོང་ངོ༌། །གཟུགས་ཞེས་བྱ་བ་ལ་སོགས་པའི་མིང་ཅན་དངོས་པོ་དེའི་ལྷག་མ་གང་ཞེ་ན། འདི་ལྟ་སྟེ་གཟུགས་ཞེས་བྱ་བ་ལ་སོགས་པར་འདོགས་པའི་གཞི་དང་ཚིག་ཙམ་པོ་ཡིན་ཏེ་དེ་གཉི་ག་ཡང་འདི་ལྟ་སྟེ། དངོས་པོ་ཙམ་ཡོད་པ་དང་དངོས་པོ་ཙམ་དུ་འདོགས་པ་ཙམ་ཡོད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཡོད་པ་མ་ཡིན་པ་ལ་ཡང་སྒྲོ་མི་འདོགས་ལ་ཡང་དག་པ་ལ་སྐུར་པ་མི་འདེབས་སོ། །ལྷག་པར་ཡང་མི་བྱེད་ལ་ཉུང་བར་ཡང་མི་བྱེད་དོ། །ཕྲི་བར་ཡང་མི་བྱེད་ལ་སྣོན་པར་ཡང་མི་


DTG040_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །ཡང་དག་པ་ཇི་ལྟ་བར་བརྗོད་དུ་མེད་པའི་རང་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་སོ། །འདི་བརྗོད་པར་བྱ་སྟེ་ལེགས་པར་བཟུང་བའི་སྟོང་པ་ཉིད་ཡང་དག་པའི་ཤེས་རབ་ཀྱིས་ལེགས་པར་སོ་སོར་རིག་གོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་སྒྲོ་འདོགས་པ་དང་སྐུར་པའི་མཐའ་དང་བྲལ་བའི་དབུ་མའི་ལམ་ཉིད་དབུ་མ་ཡིན་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པ་ཡང་ཡིན་ཞེས་པའི་རིགས་པས་སོ། །གཞན་ཡང་དེ་ཁོ་ན་ཉིད་ལ་གང་གིས་སྒྲིབ་པར་བྱེད་པའམ་གང་ལ་སྒྲིབ་ཅེས་པ་ཁྱེད་ཀྱི་ཀུན་རྫོབ་འདི་ནི་འཁྲུལ་པ་ཉིད་ཡིན་ནོ། །རྒྱུས་བྱས་པའི་ཕུང་པོ་གདགས་པར་བྱ་བ་ནི་གང་ཟག་གོ་ཞེས་འཇིག་རྟེན་པས་བརྗོད་དོ། །ཀུན་དུ་སྒྲིབ་པར་བྱེད་པ་ནི་ཀུན་རྫོབ་བོ། །མི་ཤེས་པ་ཉིད་དོན་གྱི་དེ་ཁོ་ན་ཉིད་ལ་ཀུན་དུ་སྒྲིབ་པར་བྱེད་པ་ཞེས་ཟླ་བ་གྲགས་པས་བརྗོད་དེ། དེ་ཡང་བྱང་ཆུབ་པ་ལ་ཡོད་དམ་མེད་གལ་ཏེ་ཡོད་ན་ཤེས་བྱ་ལ་བསྒྲིབས་པས་ཇི་ལྟར་ན་བྱང་ཆུབ་པ་ཡིན། ཀུན་རྫོབ་ཙམ་ལས་གཞན་པ་ཡིན། །འཁོར་བ་ཡོད་པར་མ་མཐོང་ལ། །དེ་ཉིད་མྱ་ངན་ལས་འདས་པ་སྟེ། །འདི་ལྟར་ཡོད་པར་གནས་པ་ཡིན། །ཞེས་རྒྱན་ལས་སོ། །གལ་ཏེ་མེད་ན་ཅི་ལྟར་ཆད་པ་མ་ཡིན་ཏེ་རང་རིག་པའི་མངོན་སུམ་ཡང་དོན་དམ་པར་ཁས་མི་ལེན་པའི་ཕྱིར་རོ། །ཁས་ལེན་ན་ཡང་ཀུན་རྫོབ་ཐམས་ཅད་དེ་ཁོ་ན་ཉིད་ཡིན་པར་ཁས་བླངས་པ་པོར་བ་ཡིན་ནོ། །ཁོ་བོ་ཅག་ནི་འཁྲུལ་པ་ཡིན་ན་ཡང་རང་གི་ངོ་བོ་ལ་མ་འཁྲུལ་པ་ཉིད་ཀྱིས་མངོན་སུམ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་གནས་སྐབས་ན་ཡང་རྣམ་པ་ཐམས་ཅད་ཀྱི་རང་བཞིན་ཐམས་ཅད་ཡོངས་སུ་ཆོད་པ་ཉིད་ཀྱིས་བཅོམ་ལྡན་འདས་མ་འཁྲུལ་པ་ཉིད་ཡིན་ནོ། །རང་བཞིན་ལ་ནི་ཀུན་མ་འཁྲུལ། །གཞན་གྱི་ངོ་བོ་ལ་བཟློག་པ། །ཞེས་རྒྱན་ལས་སོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ལང་ཀར་གཤེགས་པ་ལས། འཕགས་པས་འཁྲུལ་པ་མཐོང་མ་ཡིན། །དེ་ཉིད་མིན་ཏེ་དེ་ཐ་དད། །འཁྲུལ་པ་ཉིད་ཡིན་དེ་ཉིད་འགྱུར། །གང་ཕྱིར་དེ་ཉིད་དེ་ཐ་དད། །ཅེས་སོ། །རྣལ་འབྱོར་གྱིས་མངོན་སུམ་ཡང་དཔྱད་མི་བཟོད་པའི་ཕྱིར་ཀུན་རྫོབ་ཡིན་ནོ་


DTG040_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། མ་ཡིན་ཏེ་ཁྱོད་ཀྱིས་དཔྱོད་པ་དེ་ཉིད་དཔྱད་མི་བཟོད་ཅེས་བསྟན་ཏོ། །དེས་ན་དེ་ཁྱད་པར་དུ་བསད་པ་ཉིད་མཁས་པ་རྣམས་ཀྱིས་དོན་དམ་པ་ཡིན་ནོ་ཞེས་རིགས་པ་ཤེས་པ་རྣམས་ཀྱིས་དེ་དང་དེར་བརྗོད་དོ། །ཐམས་ཅད་མེད་པར་རབ་བསྒྲུབ་ནི། །མངོན་སུམ་མ་ཡིན་རྗེས་དཔག་མིན། །ཚད་མའི་དངོས་དང་དངོས་མེད་པ། །འབྲེལ་བ་རབ་ཏུ་གྲུབ་མ་ཡིན། །ཚད་མ་ཡང་ནི་དངོས་མེད་ཉིད། །དེ་ཉིད་ཞེ་ན་རིགས་མ་ཡིན། །དངོས་ཉིད་དངོས་པོའི་ཚད་ཡིན་པར། །འདི་ནི་རིགས་ཤེས་འདོད་པའི་ཕྱིར། །ཇི་ལྟར་དངོས་ཉིད་དངོས་པོ་རྣམས། །བསྒྲུབ་ལ་སྒྲུབ་བྱེད་དུ་འདོད་དོ། །དེ་བཞིན་དངོས་ཉིད་དངོས་རྣམས་ཀྱི། །རང་ཉིད་ལོག་ན་ལྡོག་བྱེད་ཡིན། །གཞལ་བྱ་གཞལ་བྱེད་ཀུན་རྫོབ་ཡིན། །ཞེ་ན་བདེན་ཏེ་ཀུན་དུ་མིན། །དོན་དམ་པ་ཡི་ཚད་མ་ཡང༌། །རྣམ་པར་ངེས་པར་གསལ་བར་སྨྲས། །གང་ཞིག་དཔྱད་མི་བཟོད་པ་ནི། །དེ་ཉིད་ཁོ་ནའི་ཀུན་རྫོབ་ཡིན། །ཞེ་ན་མ་ཡིན་རང་རིག་ལ། །དཔྱོད་པ་ལ་སོགས་འཇུག་མ་ཡིན། །རྣལ་འབྱོར་མངོན་སུམ་གྱུར་པ་དང༌། །གཉིས་སུ་མེད་ལའང་རྣམ་ཀུན་དུ། །རྣམ་པར་རྟོག་པ་མེད་པའི་ཕྱིར། །ཐམས་ཅད་སྒྲོ་མ་བཏགས་པ་ཡིན། །གཟུང་སོགས་རྣམ་པར་བློ་རང་བཞིན། །དེ་ཚེ་དཔྱོད་སོགས་ཇི་ལྟར་ཡིན། །ལྷུན་གྱིས་གྲུབ་པ་གསལ་བའི་ཕྱིར། །དེ་དང་རྣམ་བྲལ་རང་བཞིན་ཡིན། །དོན་དམ་རྣམ་གསུམ་ཡིན་པའི་ཕྱིར། །མཁས་པས་སྦ་བར་ནུས་མ་ཡིན། །དོན་དམ་ཐོབ་དང་རྟོགས་བདག་ཉིད། །བློ་གྲོས་བཟང་ལྡན་མི་འཕམ་གསུང༌།། དེ་ནི་དངོས་རྣམས་རྣམ་བྲལ་ཞེས། །མ་ཡིན་ཚད་མས་མ་ངེས་ཕྱིར། །དངོས་པོ་ཐམས་ཅད་རྣམ་བྲལ་བ། །ཤེས་པའི་བདག་ཉིད་དུ་ངེས་ཡིན། །ཁོ་བོའི་ཀུན་རྫོབ་དམིགས་པ་ཡིན། །དགག་པ་དེ་ཉིད་ལྡན་པའི་ཞེས། །མ་ཡིན་བདག་ཉིད་རྟོགས་ཀུན་གྱི། །མངོན་སུམ་ཡིན་ཕྱིར་ལེགས་དེ་ཉིད། །ཡང་དག་ཀུན་རྫོབ་འདི་ཡིན་ཏེ། །བདག་ནི་དོན་དམ་འདོད་པ་ཡིན། །མིང་གཞན་བཏགས་པས་ཁོ་བོ་ཡི། །དེ་ཉིད་འདི་ལ་གནོད་མ་ཡིན། །དོན་དམ་ཉིད་ནི་མྱང་འདས་ཡིན། །ཡེ་ཤེས་དེ་བཞིན་གཤེགས་པའང་དེ། །འཁོར་བ་ཡོངས་སུ་ཤེས་གང་ཡིན། །མྱ་


DTG040_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ངན་འདས་པར་ཐུབ་པ་བཞེད། །རྗེས་དཔག་སྲིད་འགྱུར་ཁོ་བོ་ལ། །དེ་འདྲ་དམ་པའི་དོན་ལའང་ཡོད། །དེས་ན་ཁྱོད་ལ་གནོད་མེད་ཕྱིར། །མ་མཐོང་དགག་པར་རིགས་མ་ཡིན། །མ་མཐོང་བ་ལ་གནོད་མེད་པར། །རྣམ་འགྲེལ་དུ་བརྗོད་པས་ངེས་ཡིན། །གནོད་བྱ་གནོད་བྱེད་དངོས་པོ་ནི། །མཐོང་བ་དག་ལ་ངེས་པའི་ཕྱིར། །དེ་ནི་ཤིན་ཏུ་ལྐོག་གྱུར་ལ། །ཡོད་མེད་ངེས་པ་མ་ཡིན་ནོ། །དངོས་པོ་ལས་འདས་དོན་རྣམས་ལ། །འགལ་བ་གྲུབ་པ་མ་ཡིན་ཕྱིར། །དེ་ཡི་འདི་ཞེས་འབྲེལ་བ་ནི། །དབྱེ་བས་རྟོགས་པར་བྱ་ཕྱིར་ཡིན། །ཆོས་དབྱིངས་རང་བཞིན་འདི་ལ་ནི། །དབྱེ་བ་མེད་ཕྱིར་འདི་ཡིས་ཅི། །དོན་དམ་ཉིད་དུ་ཐ་མི་དད། །ཅེས་བརྗོད་ཕྱིར་ན་གཉིས་མེད་ཡིན། །རབ་གསལ་ཐ་དད་ཡོད་མ་ཡིན། །གཟུང་སོགས་དམིགས་པ་མ་ཡིན་ཕྱིར། །རྟོགས་པ་ཡིས་ནི་སྦྱར་བས་ན། །འབྲེལ་བ་ལ་སོགས་འཇུག་མ་ཡིན། །རང་གིས་རིག་པ་ལོག་པ་མིན། །ཁྱབ་པར་བྱེད་པ་མ་གྲུབ་པས། །རང་གི་རིག་པས་རྟོགས་བྱ་བ། །ཆོས་ཀྱི་དབྱིངས་ནི་རྒྱུ་མེད་པ། །ཡོད་ཅིང་རྟག་པའི་དངོས་པོ་མཐོང༌། །གློ་བུར་མ་ཡིན་མཚན་ཉིད་དོ། །གྲུབ་ཕྱིར་གཞན་ལ་ལྟོས་མེད་ནའང༌། །འབྲས་བུ་ཡིན་ཏེ་རང་རྒྱུད་ལས། །རྟོག་པ་ཡིས་ནི་འབྲེལ་བ་ཡིན། །རྣམ་འགྲེལ་ལས་ནི་གསལ་བར་བརྗོད། །སྐུ་གསུམ་རྣམ་པར་གཞག་པ་ནི། །དེས་ན་འདི་རུ་འཁྲུགས་པ་མེད། །ལུང་དང་ཚད་མས་ངེས་པའི་ཕྱིར། །བཅོམ་ལྡན་མི་ཕམ་གྱིས་གསུངས་སོ། །གཉིས་སུ་མེད་པའི་གསལ་བ་ཉིད། །རྣལ་འབྱོར་མངོན་སུམ་སྤྱོད་ཡུལ་ལ། །རྣམ་པ་ཐམས་ཅད་མཁྱེན་པའི་ཕྱིར། །རྒྱུ་ཉིད་དུ་ནི་རྣམ་ངེས་ཡིན། །རྒྱུ་དང་འབྲས་བུའི་དངོས་པོ་སོགས། །འཇིག་རྟེན་པ་ཡིས་བཀག་པ་ནི། །རྣལ་འབྱོར་མངོན་སུམ་མ་བཀག་ཕྱིར། །ཁོ་བོ་ཅག་གི་འདོད་པ་གྲུབ། །དངོས་པོ་འདི་རྣམས་མ་སྐྱེས་ཡིན། །ཞེས་བརྗོད་ཅེ་ན་དེ་བདེན་མིན། །མ་ཡིན་བརྟགས་པའི་གཟུགས་རྣམས་ཉིད། །འདི་ཡིས་བཀག་པ་བྱས་པའི་ཕྱིར། །བརྟགས་པ་ཡི་ནི་རང་བཞིན་གྱིས། །ཆོས་རྣམས་ཐམས་ཅད་སྐྱེ་མེད་ཡིན། །གཞན་གྱི་དབང་ལ་བརྟེན་ནས་ནི། །མི་རྣམས་ཀྱི་ནི་རྣམ་རྟོག་སྐྱེ། །


DTG040_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ངེས་པར་འགྲེལ་པའི་མདོར། །གང་ཞིག་དངོས་མེད་རྣམ་གསུམ་པོ། །དེ་དང་འདི་རུ་མི་འགལ་བར། །སུམ་ཅུ་པ་ཕྱེད་ཀྱིས་བཤད་དེ། །དངོས་པོ་གསུམ་གྱི་རང་བཞིན་ནི། དངོས་པོ་མེད་པ་རྣམ་གསུམ་གྱིས། །ཆོས་རྣམས་ཐུགས་ལ་བཞག་ནས་ནི། །དངོས་པོ་མེད་པར་བསྟན་པ་ཡིན། །དང་པོ་མཚན་ཉིད་ཁོ་ནས་ནི། །དངོས་མེད་སླར་ཡང་གཞན་པ་ནི། །དེ་ཡི་རང་བཞིན་མི་འབྱུང་བས། །གཞན་གྱི་དངོས་པོ་མེད་པ་ནི། །དེ་ནི་ཆོས་རྣམས་དོན་དམ་པའང༌། །གང་ཕྱིར་དེ་བཞིན་ཉིད་ཀྱང་དེ། །དུས་ཀུན་དུ་ནི་དེ་བཞིན་ཡོད། །དེ་ཉིད་རྣམ་རིག་ཙམ་ཡིན་ནོ། །སེམས་ཙམ་ཉིད་དུ་རྣམ་བཞག་པ། །སྐྱེ་བ་མེད་པར་ང་སྨྲའོ། །ཞེས་ནི་ལང་ཀར་གཤེགས་གསུངས་པས། །འདི་དང་ཡང་ནི་མི་འགལ་ལོ། །དེ་ནི་མ་སྐྱེས་ཆོས་རྟག་དེ་བཞིན་གཤེགས་པ་དེ། །ཆོས་རྣམས་ཀུན་ཀྱང་བདེ་གཤེགས་འདྲ་བའང་ཡིན། །མཚན་མར་འཛིན་པས་ཀྱང་ནི་བྱིས་པའི་བློ་ཅན་དག །མི་བདེན་པ་ཡི་ཆོས་རྣམས་ལ་ནི་འཇིག་རྟེན་སྤྱོད། །གཉིས་སུ་མེད་པའང་མི་སྲིད་དེ། །དཔྱོད་པའི་ཤེས་ཡུལ་ཡིན་ཞེ་ན། །མ་ཡིན་རྗེས་དཔག་ཡིན་ཕྱིར་དཔྱོད། །དེས་ན་འདི་ཡིས་ངེས་པ་ཡིན། །དཔྱོད་པ་ཡི་ནི་ཡུལ་ཉིད་ཀྱང༌། །ཚད་མས་མ་གྲུབ་པར་བརྗོད་དོ། །རང་རིག་མངོན་སུམ་གྱིས་གྲུབ་ཕྱིར། །ཚད་མས་མ་གྲུབ་ཅི་ཡི་ཕྱིར། །གཟུང་བྱ་ཐེ་ཚོམ་ལྐོག་གྱུར་ལ། །དཔྱོད་པ་རྗེས་སུ་དཔག་པའི་བདག །རང་རིག་མངོན་སུམ་གྱིས་གྲུབ་ལ། །དེ་ལ་མཁས་པ་ཅི་ཕྱིར་འཇུག །ཐེ་ཚོམ་གཏན་ཚིགས་ཚིག་གི་ཕྱིར། །དཀྲུགས་པ་གཏན་ཚིགས་རྟེན་མ་ཡིན། །ཚད་མའི་མཚན་ཉིད་དང་ལྡན་པ། །དེ་ལ་སེམས་པ་མི་སྲིད་ཕྱིར། འདི་ལ་སོགས་པ་རྣམ་འགྲེལ་ལས། །བརྟགས་ཀུན་ལ་གནོད་ཡིན་པར་འདོད། །གཅིག་དང་དུ་མ་དང་བྲལ་སོགས། །གཟུང་ལ་སོགས་པ་རིགས་མཁྱེན་པས། །གཟུང་ལ་སོགས་པར་མངོན་ཞེན་པའི། །རྟོག་པ་རང་རིག་ཕྱི་རོལ་མེད། །འདིར་ནི་གཅིག་སོགས་རྣམ་དཔྱོད་པ། །བརྟགས་པ་ཉིད་དེ་རང་རིག་མིན། །སྔོ་སོགས་སྣ་ཚོགས་ཤེས་པ་ལ། །ཤེས་པའི་བྱེ་བྲག་གཞན་མིན་རྟེན། །བསྟན་པར་མི་ནུས་དེ་ཉིད་ནི། །རྣམ་པར་ཕྱེ་བས་དོན་དུ་


DTG040_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེན་པ་གསལ་བར་གྱུར་པ་ཡང༌། །དུས་གཅིག་ཏུ་ནི་འཇུག་པའི་ཕྱིར། །རྟོག་མེད་དང་ནི་རྟོག་བཅས་དག །མངོན་སུམ་གཞན་ལ་རྨོངས་པས་སོ། །རྟོག་བཅས་རྟོག་པ་མེད་པའི་ཡིད། །ཅིག་ཅར་དུ་ནི་འཇུག་ཕྱིར་རམ། །འཇུག་པ་མྱུར་ཕྱིར་རྨོངས་པ་དག །དེ་དག་ལ་ནི་གཅིག་ཏུ་ཞེན། །རང་རིག་ཉིད་ནི་མ་གྲུབ་བོ། །ཞེ་ན་རྟོག་པ་དང་བྲལ་ཡང༌། །རང་རིག་རྟོག་པ་དང་བྲལ་བ། །མངོན་སུམ་གྱིས་ནི་གྲུབ་པ་ཡིན། །མངོན་སུམ་རྟོག་པ་དང་བྲལ་བ། །མངོན་སུམ་ཉིད་ཀྱིས་གྲུབ་པ་ཡིན། །ཀུན་གྱིས་རྣམ་རྟོག་མིང་རྟེན་ཅན། །སོ་སོ་རང་གིས་རིག་བྱ་ཀུན། །གསལ་བ་དེ་ཡི་བདག་ཉིད་ཕྱིར། །རང་གི་ངོ་བོ་གསལ་བྱེད་པ། །ཅི་ལྟར་གསལ་བར་མངོན་འདོད་པ། །དེ་ལྟར་བློ་ཡི་མྱོང་བ་ཡིན། །མངོན་སུམ་སོ་སོར་མྱོང་བྱ་ཉིད། །དེ་ནི་དེ་ཡི་བདག་ཉིད་ཡིན། །འདི་དག་ཐམས་ཅད་རྣམ་འགྲེལ་ལས། །གནོད་བྱེད་གྲུབ་པ་སྒྲུབ་བྱེད་ཡིན། །རིག་བྱ་རིག་བྱེད་དངོས་པོ་རུ། །བརྟགས་པ་བཀག་པ་བྱས་པ་ཡིན། །ལུང་གི་བེམས་པོ་མ་ཡིན་པའི། །རིགས་པ་ཙམ་ལའང་གནོད་མ་ཡིན། །ཅི་ལྟར་རལ་གྲི་རང་སོ་དང༌། །ཅི་ལྟར་མཛུབ་མོས་རང་གི་རྩེར། །ཅི་ལྟར་མི་ཆོད་མི་རེག་ལྟར། །དེ་བཞིན་རང་གིས་སེམས་མཐོང་ལ། །རྣམ་ཤེས་བེམས་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་སྟེ། །བེམས་མིན་རང་བཞིན་གང་ཡིན་པ། །འདི་ཉིད་བདག་ཉིད་རིག་པ་ཡིན། །བྱ་དང་བྱེད་པའི་དངོས་པོ་ཡིས། །རང་རིག་མངོན་སུམ་འདི་ལ་མིན། །གཅིག་གི་ངོ་བོ་ཆ་མེད་ལ། །གསུམ་གྱི་ངོ་བོ་འཐད་མ་ཡིན། །མི་རྟག་ལ་སོགས་སྤྱོད་པ་ནི། །རང་རིག་ཙམ་ལ་གྲུབ་ཅེ་ན། །མ་ཡིན་བདག་ལ་འཁྲུལ་མེད་ཡོད། །ཕྱིར་ན་དཔྱོད་པ་འཇུག་མ་ཡིན། །རང་གི་ངོ་བོ་ཀུན་མ་འཁྲུལ། །ཞེས་པས་རྒྱན་ནི་བྱེད་པས་སོ། །ཀུན་གྱིས་སེམས་དང་སེམས་བྱུང་རྣམས། །རང་བདག་མངོན་སུམ་ལ་བརྗོད་པས། །གནོད་མེད་རིགས་པ་དམ་པ་ལ། །འཁྲུལ་པ་ཉིད་དུ་ངེས་མ་ཡིན། །རང་གི་ངོ་བོས་རྟོགས་ཀུན་ལ། །གནོད་པ་སྲིད་པ་མ་ཡིན་ནོ། །དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་


DTG040_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །གཟུགས་ཆོས་མཐུན་པ་མཐོང་བ་ལས། །ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། །གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །འཁྲུལ་པས་ངེས་པར་མི་བྱེད་པས། །སྒྲུབ་པ་རབ་ཏུ་འཇུག་པ་ཡིན། །སྐད་ཅིག་ལ་སོགས་ངོ་བོ་ནི། །མངོན་སུམ་གྱིས་ནི་བསྒྲུབ་པའི་ཕྱིར། །དེ་ལས་བྱུང་བའི་རྗེས་དཔག་གིས། །ཐ་སྙད་རབ་ཏུ་འཇུག་པར་བྱེད། །མི་རྟག་དངོས་ལས་གཞན་མེད་དེ། །དེ་ཡང་དབང་པོས་སྔར་གྲུབ་པོ། །དུ་མའི་ངོ་བོ་བརྗོད་མིན་ཏེ། །བརྗོད་པའི་ཆོས་ནི་རྟོག་སྐྱེས་ཡིན། །སྤྱི་ཡི་རྟེན་ནི་ཡང་དག་གྲུབ། །འདི་དག་སྤྱི་རུ་གྲུབ་པ་ཡིན། །དེ་བཞིན་འདི་ཡི་གྲུབ་ཉིད་མིན། །རྗེས་སུ་དཔག་པ་གྲུབ་ཕྱིར་ཡིན། །གང་དུ་དེ་ཤེས་མ་ཡིན་ཏེ། །འདྲ་བ་གཞན་ནི་འབྱུང་བའི་ཕྱིར། །འཁྲུལ་ཏེ་ཐ་དད་མཐོང་མ་ཡིན། །སྒྱུ་མའི་སྒོང་གི་དབྱེ་བ་ལྟར། །དེ་ལྟར་རྟགས་མེད་བྱིས་པའི་བར། །མ་འདྲེས་ཕྱི་མ་འབྱུང་འགྱུར་བར། །མཐོང་བས་ཡོངས་སུ་ཆོད་པ་ཡིན། །སྐྱེ་བོས་མར་མེ་སོགས་ཉམས་པ། །དངོས་པོའི་རང་བཞིན་གྱུར་པ་ཡི། །ནུས་ལ་འབྲས་བུ་མ་མཐོང་བ། །བར་མ་ཆད་མིན་ཕྱིར་རྨོངས་པ། །ངེས་འབྱེད་སྒྲིན་པོ་མེད་ཕྱིར་རོ། །དེ་ཉིད་རྣམ་པར་བཟློག་དོན་དུ། །རྗེས་སུ་དཔག་པ་བསྔགས་པ་ཡིན། །བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་མཐོང༌། །མངོན་སུམ་གྱིས་ནི་རབ་གྲུབ་ལའང༌། །གལ་ཏེ་རྗེས་དཔག་གིས་གནོད་ན། །མངོན་སུམ་ཚད་མ་མ་ཡིན་ཕྱིར། །རྗེས་དཔག་ཚད་མིན་ཅིས་མ་ཡིན། །མངོན་སུམ་གྱིས་ནི་རྟོགས་པ་ལ། །གལ་ཏེ་གཞན་གྱིས་གནོད་པ་ནི། །མངོན་སུམ་ཚད་མ་མ་ཡིན་ཕྱིར། །གཞན་ཡང་ཚད་མ་མ་ཡིན་ནོ། །མངོན་སུམ་གྱིས་ནི་གྲུབ་པ་ལ། །ཚད་གཞན་ལས་ནི་ཅི་ལྟར་ཡིན། །གནོད་པ་མེད་པ་མངོན་སུམ་སྟེ། །ཚད་མ་གཞན་གྱི་རྩ་བ་ཡིན། །ཚད་མ་ཞེས་པ་མེད་པ་ན། །གཞལ་བྱ་དེས་པ་མེད་པའི་ཕྱིར། །ཅུང་ཟད་ཅུང་ཟད་ཀྱིས་བརྗོད་མིན། །གཞན་ལ་ངེས་པར་བྱ་བའི་ཕྱིར། །རང་གི་ངེས་ལྟར་གཞན་དག་ལ། །འདོད་པས་ངེས་པ་སྐྱེད་པར་


DTG040_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །ཕྱོགས་ཆོས་ཉིད་དང་འབྲེལ་བ་དང༌། །བསྒྲུབ་བྱ་བརྗོད་ལས་གཞན་སྤངས་ཡིན། །ཚད་མ་ཞེས་བྱ་མེད་པ་ན། །བསྟན་བཅོས་ཚིག་ནི་མི་ལྡན་ཕྱིར། །འདི་ལ་སོགས་པའི་ཚིག་གི་ངག །ཚད་མ་ཁས་བླངས་སྔོན་འགྲོ་ཡིན། །ཚད་མ་མེད་པར་དམ་འཆའ་བ། །རང་གི་ཚིག་ཉིད་གནོད་པ་ཡིན། །ཀུན་རྫོབ་ཚད་མར་འདོང་ཅེ་ན། །དེ་ཉིད་དུ་ཡང་དེ་འདོད་ཀྱིས། །དེ་ཁོ་ན་ཡི་ཚད་མ་ཡང༌། །རྣམ་པར་ངེས་པར་གསལ་བརྗོད་པས། །མི་ཤེས་དོན་གྱི་གསལ་བརྗོད་ཀྱང༌། །འདིར་གསུངས་གསལ་བར་རྒྱན་བྱེད་པས། །དོན་དམ་པ་ཡི་ཚད་མ་ཡི། །མཚན་ཉིད་ཡང་དག་བརྗོད་པ་ཡིན། །གཉིས་མེད་ཤེས་པའི་ངོ་བོ་ཡི། །སྔར་ནི་ཐ་དད་པ་ཡི་ཡིན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིགས་པ་མེད། །འདི་བརྗོད་མཚན་ཡང་དག་བརྗོད་པའི། །ལུང་གིས་ཀྱང་ནི་ངེས་པ་ཡིན། །ཐམས་ཅད་དམིགས་པ་འཁྲུལ་པ་ཡིན། །དེ་བཞིན་གཤེགས་ཡིད་མ་གཏོགས་པ། །རང་གི་རིག་པ་ལ་དམིགས་འདི། །མ་འཁྲུལ་པ་རུ་རྣམ་ངེས་ཡིན། །རྣལ་འབྱོར་སྤྱོད་འདོད་དེ་ཡིན་ཞེས། །གཞན་ཡིན་གཞན་དུ་བརྗོད་པར་གྱིས། །དངོས་ཀུན་རྣམ་བྲལ་ཡིན་ཞེ་ན། །ཚད་མ་མེད་པར་འདིར་བསྒྲུབས་ཡིན། །མེད་པ་རབ་ཏུ་བཀག་པ་ལ། །མངོན་སུམ་མ་ཡིན་རྗེས་དཔག་མིན། །དངོས་པོ་ཅུང་ཟད་མ་གྲུབ་ལ། །དེ་དག་ཉིད་ཀྱང་གྲུབ་མིན་པས། །མ་ཡིན་དགག་པའང་ཁོ་བོ་ཡི། །གཉིས་མེད་ཤེས་ལས་གཞན་ཡོད་མིན། །དེ་ཉིད་དོན་དམ་ཉིད་ཡིན་ན། །ཁྱེད་ཀྱི་སྔར་གྱི་ངལ་དོན་མེད། །ཚད་མ་ཡི་ནི་ནུས་པ་ཡང༌། །ཡང་དག་དེ་ཡི་བདག་ཉིད་ཡིན། །དེ་ཡང་མངོན་སུམ་གྱིས་གྲུབ་ཡིན། །ཆོས་དང་ཆོས་ཅན་དག་དབྱེར་མེད། །གང་ཞིག་དོན་བྱེད་ནུས་པ་ནི། །དེ་ནི་འདི་རུ་དོན་དམ་ཡོད། །མཚན་ཉིད་དེ་ནི་འདི་ཉིད་ལ། །སྲིད་ཡིན་གཞན་ལ་མེད་པའི་ཕྱིར། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བརྟན་པ་མིན་རྣམས་ཅིས་ན་བྱེད། །གང་གི་བྱ་བ་ཡང་དག་དེ། །བྱེད་པའང་དེ་ཉིད་དུ་བརྗོད་དོ། །ཆོས་དང་ཆོས་ཅན་རྣམ་དབྱེ་བ། །དངོས་པོ་ཀུན་ལས་མ་གྲུབ་པ། །ཀུན་དུ་ཉེས་པ་མཚུངས་ཤེ་ན། །མ་ཡིན་ཀུན་རྫོབ་བྱེ་བྲག་ལས། །དོན་དམ་


DTG040_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྤྱོད་པ་ལ། །དེ་བཞིན་ཡང་དག་གྲུབ་པ་ཡིན། །དོན་ལ་དེ་ཉིད་དེ་ཉིད་མིན། །ཀུན་རྫོབ་རྣམས་ལ་དགག་པ་བྱེད། །རྗེས་དཔག་དཔག་པར་བྱ་བའི་དོན། །འདི་ནི་ཐ་སྙད་པ་ལ་གནས། །ཐ་སྙད་རྟོགས་པས་ཡང་དག་གྲུབ། །དམིགས་པར་བྱས་ནས་རྟོགས་པ་ཡིན། །ཅི་ལྟར་དབྱེ་བར་རབ་གནས་དང༌། །ཤེས་པ་རྣམས་ལའང་རྣམ་དབྱེ་བ། །ཆོས་ཅན་ཆོས་ཀྱང་སྣང་བ་ཡིན། །ཐ་སྙད་དེ་ལ་བརྟེན་པའོ། །རང་གིས་རིག་པའི་མངོན་སུམ་གྱིས། །གྲུབ་ཉིད་དེ་ལྟར་ཡིན་ན་ནི། །འབྲས་བུ་རྒྱུ་ཡི་དངོས་པོ་འདི། །ཀུན་དུ་རྣལ་འབྱོར་པ་ཡིས་རྟོགས། །རྒྱུ་དང་འབྲས་བུའི་དངོས་པོ་ནི། །ཚད་མ་ཡིས་ནི་རབ་གྲུབ་མིན། །དེ་ཕྱིར་གཏན་ཚིགས་འདི་གྲུབ་མིན། །དངོས་པོ་ཐམས་ཅད་སྐུར་འདེབས་པའི། །རྗེས་སུ་འགྲོ་དང་ལྡོག་དག་གིས། །གང་ཞིག་འཇིག་རྟེན་པས་གྲུབ་པ། །དེ་ནི་བརྟགས་པའི་རང་བཞིན་ལས། །གནོད་པར་བྱེད་དང་སྒྲུབ་བྱེད་གྲུབ། །འདི་དག་ཅི་ལས་གྲུབ་ཅེ་ན། །སྔར་ཉིད་རང་གི་རིག་པ་ལས། །དེ་ལས་གཞན་པ་མི་དམིགས་པས། །དེ་ཉིད་འདི་ཞེས་ངེས་པ་ཡིན། །དེ་ཕྱིར་ལན་ཅིག་མཐོང་གྱུར་པ། །དེ་ཉིད་གཞན་དུའང་དེ་ཡིན་ཏེ། །གང་ཞིག་རྒྱུ་དང་འབྲས་བུའི་དངོས། །འདི་ལྟར་ཉིད་དུ་གྲུབ་པ་ཡིན། །གང་ཞིག་རྟེན་ཅིང་འབྲེལ་འབྱུང་བ། །དེ་ནི་དེ་ཉིད་མིན་ཞེས་པ། །བདེན་མིན་དཔེ་དང་གནོད་མི་གྲུབ། །འབྲེལ་བ་ཉིད་ཀྱང་གྲུབ་མིན་ཕྱིར། །གཟུགས་བརྙན་ལ་སོགས་དཔེ་ཞེ་ན། །མ་ཡིན་རྣམ་རིག་ཙམ་སྨྲ་ལ། །རང་གི་སེམས་ལས་མ་གཏོགས་པ། །གཟུགས་ལ་སོགས་པ་མ་གྲུབ་ཕྱིར། །དེ་ཉིད་རབ་ཏུ་སྣང་ལ་སོགས། །ཀུན་རྫོབ་ཉིད་དུ་བསྒྲུབ་པ་ལ། །ཁྱབ་པ་ཉིད་ནི་མ་གྲུབ་ཕྱིར། །གཏན་ཚིགས་མ་ངེས་པ་ཡིན་ནོ། །ཡང་དག་གཏན་ཚིགས་ཀྱང་བརྗོད་བྱ། །ཐམས་ཅད་ཀུན་རྫོབ་གྲུབ་པའི་ཕྱིར། །མ་གྲུབ་ལ་སོགས་སྐྱོན་མི་བསྟན། །ཁྱེད་ལ་ཡང་དག་དེ་ཡོད་མིན། །དངོས་པོ་ཀུན་ལ་སྐུར་འདེབས་པ། །ཁྱེད་ལ་དངོས་སྟོབས་གཏན་ཚིགས་མེད། །དངོས་པོ་མེད་ལ་གཏན་ཚིགས་ཉིད། །མེད་ཅེས་རིགས་པ་ཤེས་པས་བརྗོད། །དེ་དོན་སྨོས་པས་སྒྲ་དག་དང༌། །རྟོགས་པ་སྒྲོ་བཏགས་བདག་ཉིད་ཅན། །རྟགས་མིན་རབ་ཏུ་གྲུབ་དོན་ཏེ། །དོན་ལས་དོན་ནི་རབ་གྲུབ་


DTG040_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །རྟོག་དང་ལུང་དག་བྱེད་པ་པོའི། །འདོད་པའི་རྗེས་སུ་འཇུག་པ་ཡིན། །དངོས་པོའང་གཞན་གྱི་ངོ་བོ་སྟེ། །དེ་ཡི་བྱེད་པ་འཁྲུལ་པ་ཡིན། །ཁྱབ་བྱའི་དངོས་པོ་མ་གྲུབ་ལ། །ཁྱབ་བྱེད་ཉིད་ཀྱང་མ་གྲུབ་བོ། །གཅིག་དང་དུ་མ་སོགས་པའི་ཆོས། །ལོག་ཀྱང་ལྡོག་པར་བྱེད་པ་མིན། །གྲུབ་པའི་རང་བཞིན་གོ་བྱེད་པ། །ཁྱབ་པར་བྱེད་པ་དེ་ངེས་པ། །གོ་བྱའི་རང་བཞིན་དེ་ཡི་འདི། །རང་ཉིད་ལོག་ལ་ལྡོག་བྱེད་ཡིན། །དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད། །བཟློག་པར་འགྱུར་བའམ་རྒྱུ་ཡིས་ནི། །འབྲས་བུ་འཁྲུལ་པ་མེད་པའི་ཕྱིར། །དེ་ལྟ་མིན་ན་གཅིག་ལོག་པས། །ཅི་ལྟར་གཞན་ནི་ལྡོག་པར་འགྱུར། །མི་ལ་རྟ་ནི་མེད་ཅེས་དེ། །དེ་བཞིན་བ་ལང་མེད་དམ་ཅི། །དངོས་པོ་ཀུན་རྫོབ་ཏུ་གྲུབ་པ། །དེ་ལྟར་དེ་ལོག་ཡིན་ཞེ་ན། །དོན་དམ་ཡང་དག་གནས་པའི་ཕྱིར། །ཁོ་བོ་ཅག་གིས་འདོད་པ་གྲུབ། །རྟོག་པས་སྒྲོ་བཏགས་པ་ཡི་ཆོས། །ལོག་ན་ལྡོག་པ་མ་ཡིན་པ། །དོན་དམ་མ་ཡིན་ཅི་ལྟར་མེ། །དྲོ་ཉིད་དེ་ཡི་ཕྱིན་ལོག་ལ། །རང་ལ་གཏན་ཚིགས་མ་གྲུབ་ཁྱེད། །གཞན་ལ་གྲུབ་པས་བསྒྲུབ་པ་ནི། །གྲངས་ཅན་ཅི་འདྲའི་ཉེས་པ་ནི། །དེ་འདྲ་ཁྱེད་ལའང་འགྱུར་བས་སོ། །དངོས་ཀུན་རྣམ་བྲལ་བསྒྲུབ་བྱ་དང༌། །གཏན་ཚིགས་དེ་ཉིད་ཡིན་ཞེ་ན། །མ་ཡིན་དངོས་ཀུན་རྣམ་བྲལ་བ། །རྣམ་པ་ཀུན་དུ་མ་གྲུབ་ཕྱིར། །རང་གིས་རིག་པའི་མངོན་སུམ་ནི། །གྲུབ་པ་ལ་ནི་སྐུར་འདེབས་པ། །མཁས་པ་གང་ཞིག་རང་རིག་པ། །དེ་ནི་སྐུར་འདེབས་མཐའ་ལ་བརྟེན། །དམ་པའི་དོན་གྱི་འདོད་ཆགས་སོགས། །དེ་ནི་གྲུབ་པར་འགྱུར་ཞེ་ན། །དེ་རྣམས་ཀྱི་ནི་བརྟགས་པའི་གཟུགས། །ཁོ་ན་བཀག་པར་འདོད་པ་ཡིན། །རྟོག་པ་ཡིན་ཡང་རང་རིག་སོགས། །འདོད་ཡིན་དོན་དུ་མ་བརྟགས་ཕྱིར། །བརྟགས་པ་འགེགས་པར་བྱེད་པ་ནི། །འདི་ནི་བསྡུས་པའི་ལྟ་བ་ཡིན། །དེ་བཞིན་དེ་རྣམས་དེ་ལྟར་མེད། །གཟུང་སོགས་སྒྲོ་འདོགས་རང་བཞིན་གྱིས། །དེ་རྣམས་དེ་བཞིན་གནས་པ་ཡིན། །བདག་གཞན་དུ་ནི་སྒྲོ་འདོགས་པ། །ཆགས་པའི་ཆོས་ནི་དེ་དག་ཉིད། །ལོག་པར་སྒྲོ་འདོགས་མེད་འགྱུར་ན། །བདེ་སོགས་ལ་ཡང་འདོད་པ་མེད། །དེ་བཞིན་དེ་ལ་བཟློག་རྣམས་ལ། །རྨོངས་མིན་ཞེ་སྡང་ཅན་མ་ཡིན། །དེ་མེད་


DTG040_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི་ལྡོག་འགྱུར་ཏེ། །དེ་བྱུང་མ་ལུས་ཉེས་པ་རྣམས། །སངས་རྒྱས་འདོད་ཆགས་ཞེ་སྡང་སྐྱེས། །གཏི་མུག་སྐྱེས་ཞེས་བརྗོད་པ་ནི། །དེ་ཉིད་དེ་བཞིན་གཤེགས་པ་ཡིས། །དཔལ་ལྡན་རྡོ་རྗེ་དཀྱིལ་བརྒྱན་དུའོ། །མི་བསྐྱོད་ལ་སོགས་རང་བཞིན་གྱིས། །ཞེ་སྡང་ལ་སོགས་བསྟན་པ་ནི། །རིགས་ཡིན་དེ་རྣམས་རང་རིག་སྟེ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཕྱིར། །འདི་ལ་བསལ་བར་བྱ་བ་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཡོད་དང་མེད་དང་ཡོད་མེད་ཀྱང༌། །གང་གིས་བསྒྲུབ་བྱ་ཅུང་ཟད་མེད། །འབྲས་བདག་མི་དམིགས་ངོ་བོ་ནི། །དེ་ཡི་གཏན་ཚིགས་ཅུང་ཟད་མེད། །གཏན་ཚིགས་ཚད་མས་གྲུབ་ཡོད་པ། །གལ་ཏེ་དངོས་ཞུགས་ཅུང་ཟད་མེད། །དེ་ལྟར་གཏན་ཚིགས་གཏན་ཚིགས་མིན། །མི་ཡི་འདོད་ཙམ་གྱིས་བྱས་འགྱུར། །སྐྱེས་བུའི་བསམ་པའི་དབང་བྱས་པ། །དེ་ཉིད་དེ་ཉིད་མིན་གནས་ན། །གཏན་ཚིགས་དེར་སྣང་མེད་པར་འགྱུར། །དེ་ལྟར་དངོས་པོ་རྟེན་མེད་ཕྱིར། །རང་ལ་སྒྲུབ་བྱེད་མ་གྲུབ་པར། །གཞན་ལ་གྲགས་པས་སྒྲུབ་བྱེད་ན། །གྲངས་ཅན་པ་ཡི་ལྟ་བ་འོངས། །ཇི་ལྟར་ཤིན་ཏུ་དེ་མཁས་ཡིན། །གཞན་གྱི་དོན་གྱི་རྗེས་དཔག་ནི། །རང་གིས་མཐོང་དོན་གསལ་བྱེད་ཡིན། །གཞན་གྱི་ལུང་ལས་མཐོང་བ་ནི། །སྒྲུབ་བྱེད་མ་ཡིན་དོན་མེད་ཕྱིར། །གཞན་གྱིས་རྟོགས་པར་བྱ་བའི་ཕྱིར། །རང་གིས་མ་མཐོང་ཡང་གཞན་གྱིས། །མཐོང་བ་སྒྲུབ་བྱེད་ཅེས་ཁ་ཅིག །དེ་སྤངས་ཕྱིར་བདག་མཐོང་བའི་ཚིག །དེ་དོན་སྨོས་པས་སྒྲ་དག་དང༌། །རྟོགས་པས་སྒྲོ་བཏགས་བདག་ཉིད་ཅན། །རྟགས་ཉིད་མིན་པར་བསྒྲུབ་དོན་ཏེ། །དོན་ལས་དོན་ནི་གྲུབ་ཕྱིར་རོ། །རང་གི་རྒྱུད་བསྒྲུབ་མེད་པ་ན། །ཁྱེད་ཀྱི་ཐལ་འགྱུར་ཅི་ལྟར་ཡོད། །བསྒྲུབ་བྱ་གཏན་ཚིགས་འབྲེལ་བ་ནི། །གྲུབ་པ་དེ་ནི་བཟློག་པ་ཡིན། །རང་བཞིན་དག་གམ་འབྲས་བུའམ། །སྣང་བ་མཐོང་བ་མེད་ཉིད་རྟགས། །འབྲེལ་པ་དེ་དངོས་གྲུབ་ཡིན་ན། །རང་ལ་ཅི་ཡི་ཕྱིར་མ་གྲུབ། །གཞན་གྱིས་ཀྱང་གཞན་རྟོགས་པ་ནི། །མི་རིགས་གཞན་གྱིས་བརྟགས་པ་ཡིས། །ཐལ་བ་དག་ནི་གཉིས་འབྲེལ་ལས། །གཅིག་མེད་ན་ནི་གཞན་མེད་ཕྱིར། །ཐམས་ཅད་ཀུན་རྫོབ་སྨྲ་བ་ཡིས། །དེ་ལས་གཞན་


DTG040_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྟོགས་དོན་དུ། །རང་གིས་མཐོང་བའི་བསྒྲུབ་བརྗོད་བྱ། །གཞན་དུ་བསྒྲུབ་བྱ་མི་ངེས་ཕྱིར། །རང་རིག་མཐར་ཐུག་པར་གྱུར་ལ། །རྟག་པ་མི་དམིགས་པ་ཡི་ཕྱིར། །ཡོད་དང་མེད་ལ་སོགས་པའི་ཕྱོགས། །མེད་པའང་འདི་རུ་འགལ་མ་ཡིན། །ཅི་སྲིད་དམ་བཅའ་བྱེད་འགྱུར་བ། །དེ་སྲིད་དེ་ཀུན་དོག་པར་འགྱུར། །རང་གི་སེམས་ཉིད་མཐོང་བ་ན། །རྩོད་པ་བརྩམ་པར་མི་བྱའོ། །ཡོད་དང་མེད་དང་ཡོད་མེད་ཅེས། །གང་གི་ཕྱོགས་ནི་ཡོད་མ་ཡིན། །ཡུན་རིངས་སུ་ཡང་སྐྱོན་བརྗོད་པར། །དེ་ལ་ནུས་པ་མ་ཡིན་ནོ། །གལ་ཏེ་དམ་བཅའ་འགའ་བདག་ཡོད། །དེ་ཚེ་ཉེས་པ་འདི་བདག་འགྱུར། །བདག་ལ་དམ་བཅའ་མེད་པའང་ཡིན། །དེ་ཕྱིར་ཉེས་པ་བདག་ལ་མེད། །གལ་ཏེ་ཅུང་ཟད་དམིགས་གྱུར་ན། །འཇུག་པ་དང་ནི་ལྡོག་པར་འགྱུར། །མངོན་སུམ་ལ་སོགས་པ་ཡི་དོན། །ཉེས་པ་དེ་ནི་བདག་ལ་མེད། །སྒྲུབ་པའི་ཡན་ལག་མི་བརྗོད་ཅིང༌། །སྐྱོན་མི་བརྗོད་པ་གཉིས་པོ་དག །འདི་ལྟར་ཚར་གཅད་གནས་ཡིན་པར། །མཁས་པས་རྩོད་པའི་རིགས་པ་ལས། །རྩོད་པ་རྩོམ་ན་འདི་མིན་པར། །བལྟས་ཏེ་རྩོད་པ་ཕམ་གྱུར་ཕྱིར། །དམ་བཅའ་འམ་སྒྲུབ་བྱེད་མ་བརྗོད་ཕྱིར། །སྒྲུབ་བྱེད་མ་ཡིན་ཕྱིར་ཡང་ངོ༌། །དོན་གྱིས་དོན་རྟོགས་ཕྱིར་དོན་ལ། །ཕྱོགས་དང་གཏན་ཚིགས་བརྗོད་ནུས་མེད། །དེས་ན་དེ་དག་རང་ཉིད་ལ། །སྒྲུབ་བྱེད་གནས་པ་ཡོད་མ་ཡིན། །དེ་ཡི་ཕྱོགས་ཚིག་སྨྲ་བ་པོའི། །མངོན་པར་འདོད་པ་སྟོན་པར་བྱེད། །ཚད་ཡིན་དེ་ལས་ཐེ་ཚོམ་དག །སྐྱེ་ཕྱིར་དངོས་སུ་སྒྲུབ་བྱེད་མིན། །བསྒྲུབ་པར་བྱ་བ་བརྗོད་པ་ཡིས། །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །གཏན་ཚིགས་བརྗོད་པའང་རང་ཉིད་དག །ནུས་པ་མེད་ཀྱང་ནུས་སྟོན་བྱེད། །ཚད་མ་ཡང་ནི་གཉིས་ཡིན་ཏེ། །ཚད་མ་དང་ནི་ལུང་གིས་གྲུབ། །དེ་ཡི་མྱོང་བ་བཞི་པོ་ཡང༌། །ཚད་དང་ལུང་གིས་གནོད་པའི་ཕྱིར། །བློ་ནི་གང་དུ་དོན་སྟོབས་ཀྱིས། །རྗེས་སུ་འགྲོ་དང་ལྡོག་པ་ཅན། །དེ་ནི་རང་དབང་དུ་འཛིན་པ། །དེ་ལས་དངོས་གཞན་དབང་པོ་འདས། །དེ་ཡི་མ་མཐོང་བདག་ཉིད་གཟུགས། །རྟོགས་པ་འདི་ནི་དོན་གཞན་རྟེན། །དེ་ལ་བརྟེན་པས་འབྲེལ་བ་ཅན། །གལ་ཏེ་དེ་ཚེ་རྟོགས་འགྱུར་རོ། །རྟོགས་པའི་རྗེས་འགྲོ་སྤྱི་ཡི་ནི། །ངོ་བོ་ཉིད་ཀྱིས་དེ་ཚེ་རྟོགས། །དེ་


DTG040_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཐམས་ཅད་ལྐོག་གྱུར་པ། །ཁྱད་པར་གྱིས་ནི་རྟོགས་མ་ཡིན། །གང་ཡང་འབྲེལ་བའི་ཆོས་ལས་ནི། །ཆོས་ཅན་ལ་རྟོགས་སྐྱེ་བར་འགྱུར། །རྗེས་དཔག་དེ་ནི་ལྐོག་གྱུར་གྱི། །གཅིག་ནི་སྒྲུབ་པར་བྱེད་པ་ཡིན། །མངོན་སུམ་ལྐོག་ཏུ་གྱུར་དག་ལས། །གང་གི་གང་གཞན་སྲིད་མ་ཡིན། །དེ་ཕྱིར་གཞལ་བྱ་གཉིས་ཉིད་ཕྱིར། །ཚད་མ་གཉིས་སུ་འདོད་པ་ཡིན། །རྣམ་ཤེས་ལྔ་ཡི་ཚོགས་རྣམས་ནི། །བསམས་ལ་དམིགས་པའི་རྣམ་པ་ཅན། །སེམས་དང་སེམས་བྱུང་དམིགས་པ་ནི། །དྲུག་པ་ཞེས་བྱ་གནས་པ་ཡིན། །དེ་ལ་དུ་མས་བསྐྱེད་བྱའི་ཕྱིར། །རང་དོན་སྤྱི་ནི་སྤྱོད་ཡུལ་ཡིན། །ཆོས་ཅན་དུ་མའི་ངོ་བོ་ཡི། །དབང་པོས་ཐམས་ཅད་རྟོགས་པ་ཡིན། །དེ་ནི་བསགས་ཤིང་འདུས་པ་ཡིན། །སྤྱི་དེ་ལ་ནི་དབང་པོའི་བློ། །སྤྱི་ཡི་བློ་ཡང་ངེས་པར་ནི། །རྟོག་པ་ཡིས་ནི་རྗེས་སུ་འབྲེལ། །དོན་གཞན་དང་ནི་མངོན་འབྲེལ་ཕྱིར། །གང་རྣམས་རྡུལ་ཕྲན་གཞན་ནི་སྐྱེ། །དེ་རྣམས་ལ་ནི་བསགས་པ་བརྗོད། །ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན། །རྡུལ་ཕྲན་རྣམས་ཀྱི་བྱེ་བྲག་ཀྱང༌། །རྡུལ་ཕྲན་གཞན་ནི་མེད་ན་མེད། །དེ་གཅིག་ངེས་མིན་ཤེས་པ་ནི། །སྤྱི་ནི་སྤྱོད་ཡུལ་ཡིན་པར་བརྗོད། །དེ་ལ་སྐྱེ་མཆེད་གཅིག་ལ་ཡང༌། །དུ་མ་ཅིག་ཅར་མཐོང་མ་ཡིན། །ཅིག་ཅར་གཟུང་བའི་སྣང་བ་ནི། །འབྲེལ་མེད་ཏིལ་སོགས་ལ་ནི་ཅིས། །མགྱོགས་པ་འདི་ལ་བཀག་ཟིན་ཏོ། །དེ་རྣམས་རིམ་གྱིས་འབྱུང་བ་ལ། །རིམ་མིན་མི་འཛིན་ཅིས་མ་ཡིན། །བློ་རྣམས་ཐམས་ཅད་དུས་མཚུངས་ཕྱིར། །དེ་ལ་འགའ་ཞིག་རིམ་མིན་སྣང༌། །གཞན་ཡང་རིམ་པ་ལྡན་པ་ཅི། །དེ་ཕྱིར་དོན་རྣམས་འཛིན་པ་ལ། །རིམ་མིན་འདི་ནི་ཐལ་བར་འགྱུར། །གཅིག་མིན་ཕྱེ་མ་ལེབ་སོགས་ལ། །སྣ་ཚོགས་གཟུགས་མཐོང་ཇི་ལྟར་མིན། །སྣ་ཚོགས་དེ་གཅིག་ཡིན་ཞེ་ན། །དེ་ལས་འདི་ཆེས་ངོ་མཚར་ཆེ། །སྣ་ཚོགས་གཅིག་པའི་རང་བཞིན་མིན། །ཇི་ལྟར་ནོར་བུའི་གཟུགས་ཡིན་ཏེ། །སྔོན་པོ་ལ་སོགས་དབྱེ་བས་ཀྱང་། །རི་མོའི་གདིང་བ་རྣམས་དང་མཚུངས། །དེ་ལ་ཡན་ལག་ཅན་གྱི་གཟུགས། །དེ་བཞིན་གཅིག་པུ་མཐོང་ཞེ་ན། །སྔོན་པོ་ལ་སོགས་གསལ་ན་ཡང༌། །སྣ་ཚོགས་གཞན་མཐོང་སྣ་ཚོགས་མཐོང༌། །རྣམ་པ་མཚུངས་དོན་དུས་གཅིག་ཏུ། །བློ་ནི་གཉིས་པོས་མཚོན་པ་ཡི། །གཅིག་ནི་


DTG040_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཡིན་དོན་སྣ་ཚོགས། །གཞན་ནི་རིམ་མིན་དོན་གཅིག་ཅི། །བློ་ཉིད་སྣ་ཚོགས་གཟུགས་ཉིད་ཕྱིར། །དངོས་རྣམས་སྣ་ཚོགས་ཉིད་དུ་འགྱུར། །དེ་དག་ཡན་ལག་མིན་ན་ཅིས། །འདི་ལ་ཐ་དད་ཡིན་པར་གནས། །རིགས་མི་མཐུན་པས་མི་རྩོམ་ཕྱིར། །རི་མོ་སོགས་བློ་སྣ་ཚོགས་མིན། །གཟུགས་ཅན་མིན་ཕྱིར་ལྡན་པ་མིན། །རི་མོར་བརྟགས་པ་རྟེན་པ་ཡིན། །སོ་སོར་སྣ་ཚོགས་མ་ཡིན་པས། །གཟུང་བ་རྣམས་ལ་རིམ་པའང་ཡིན། །སྣ་ཚོགས་བློ་ཡིས་བསྲེགས་མིན་ཏེ། །དུ་མ་གཅིག་གིས་མི་འཛིན་ཕྱིར། །སྣ་ཚོགས་དོན་དུ་གཅིག་གིར་འགྱུར། །དེ་ཕྱིར་རྟོག་པ་མེད་པར་གྲུབ། །དོན་གཅིག་ཏུ་ནི་རྟོགས་ན་ཡང༌། །གང་ལས་ཐ་དད་མཐོང་བ་ཡིན། །རྡུལ་བཞིན་དེ་དོན་མཐོང་བ་མིན། །དེ་ཕྱིར་འབྲས་བུ་མཐོང་མ་ཡིན། །ཀུན་ནི་ལྕི་བར་མཐོང་བ་བཞིན། །དེ་ཡི་ཡོན་ཏན་མ་མཚོན་ཕྱིར། །དེ་ལ་དེ་ཉིད་མ་མཐོང་སྟེ། །དེ་ཡི་འབྲས་བུ་གཟུགས་མཐོང་པ། །འདི་ལ་སོགས་པ་རྣམ་འགྲེལ་ལས། །ཡན་ལག་ཅན་ནི་ཤེས་ཡུལ་མིན། །མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོའོ། །ཤེལ་གྱི་སྔོན་པོ་སྙམ་པ་ནི་མ་ཡིན་ནོ་ཞེས་ལུང་ལས་མངོན་སུམ་གྱི་མཚན་ཉིད་རྟོག་པ་དང་བྲལ་བར་ཤེས་སོ། །དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལ་ནི་ཆུར་ཤེས་ཤིང༌། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་རྣམས་ལས་ཤེས། །ཞེས་རྗེས་སུ་དཔག་པ་ཡིན་ནོ། །དེ་ལྟའི་དངོས་པོ་ཉེར་བསྟན་པའི། །དེ་ཡི་བསྟོད་པ་བསྟན་པའི་ཕྱིར། །ཚད་མའི་དེ་ཉིད་གྲུབ་དོན་དུ། །རྗེས་སུ་དཔག་པའང་བཀག་མིན་ཕྱིར། །སྦྱོར་བ་མཐོང་བའི་ཕྱིར་ཡང་ཡིན། །འདི་ཡི་ཅུང་ཟད་སྐྱེ་འགྱུར་བདག །ཀུན་ནི་འགོག་པའི་ཆོས་ཡིན་ཏེ། །དེ་ནི་དང་པོར་རྣམ་མང་པོས། །རྗེས་དཔག་རྟེན་ནི་རྟགས་ཡིན་ཏེ། །མེད་ན་མི་འབྱུང་མཚན་ཉིད་དོ། །ཁྱབ་པ་རབ་ཏུ་བསྟན་པའི་རྟགས། །བསྒྲུབ་བྱས་བརྗོད་དེ་དེ་ཡང་གསལ། །ཡང་དག་ཤེས་པ་སྔོན་འགྲོ་བའི། །གང་ཞིག་སྐྱེས་བུའི་དོན་ཀུན་ཡིན། །དེ་ནི་བསྟན་པའི་འབྲས་བཅས་ཏེ། །ཅི་ཕྱིར་ཁྱེད་ཀྱིས་ངེས་མ་བྱས། །བརྟགས་པ་མ་དམིགས་པ་ཡིས་ནི། །ཡོངས་སུ་གྲུབ་པ་སྒྲུབ་པ་ལ། །གལ་ཏེ་ཁོ་བོའི་ཡོད་མེད་ཉིད། །ཁྱོད་ཀྱིས་རྩོད་པ་བྱས་གྱུར་པ། །དེ་ཚེ་ཁྱེད་ལ་ཡོད་མེད་ཉིད། །རྩོད་པ་ཤིན་ཏུ་ཐལ་བར་འགྱུར། །ཁྱོད་ཀྱི་རྟག་པ་ཉིད་


DTG040_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ། །དེ་ཉིད་དུ་ནི་མེད་པ་ཡིན། །ཚིགས་བཅད་དོན་ནི་ཇི་ལྟ་བུ། །ཚད་མ་ཡིས་ནི་གྲུབ་མ་ཡིན། །དེ་ཡི་དོན་ནི་མ་རྟོགས་པས། །ཅུང་ཟད་རྩོད་པ་དོན་མེད་ཡིན། །ཡོད་མེད་ཅེས་པའང་བརྟགས་ལྡན་ཉིད། །སྤྱོད་འདི་སྡུག་བསྔལ་ཉེར་ཞི་མིན། །ཡོད་ཅེས་པ་ནི་རྟག་པར་འཛིན། །མེད་ཅེས་པ་ནི་ཆད་ལྟ་ཡིན། །མཐའ་གཉིས་ལ་གནས་དེ་ཡི་ཕྱིར། །སྡུག་བསྔལ་ཉེ་བར་ཞི་མ་ཡིན། །ཉན་ཐོས་འདོད་ཆགས་བྲལ་བ་རྣམས། །ཁྱེད་ལ་མེད་པར་ཐལ་བར་འགྱུར། །སྡུག་བསྔལ་ཉེ་བར་ཞི་མེད་པར། །སྨྲ་བ་ཡོད་སོགས་ལྟ་བ་ཡིན། །ཉོན་མོངས་ཙམ་ཞིག་སྤངས་པ་ཡང༌། །ཡོད་དང་མེད་ཉིད་ལྟ་བ་ཡང༌། །སྡུག་བསྔལ་ཉེ་བར་ཞི་བར་བཤད། །ཉན་ཐོས་རྣམས་ལ་དྲང་སྲོང་གི །དེ་ཉིད་ཤེས་པས་འགྲོ་སྐྱོབ་ལ། །ཐར་པའི་མཚན་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་བའི་ཕྱིར། །ཐར་པའི་ཐིག་ལེ་ལས་གསུངས་པ། །རྒྱུ་གསུམ་ལས་ནི་འབྱུང་བ་ཡིན། །ལས་དང་ལུས་ངག་ཡོད་ན་ཡང༌། །ས་བོན་གཅིག་པུ་མེད་པས་ན། །མྱུ་གུ་བཞིན་དུ་སྐྱེ་མ་ཡིན། །འདི་ཉིད་ལ་ནི་བསམས་ནས་ནི། །ཐམས་ཅད་ཀུན་རྫོབ་སྨྲ་བ་ཡི། །དོན་དམ་པར་ཡོད་མེད་པར་ནི། །ཀུན་རྫོབ་ལ་ཡང་རིགས་མ་ཡིན། །ཅི་ལྟར་དེ་བཞིན་ཡོད་ཅེས་གསུངས། །རིག་པ་ཤེས་པས་རིགས་མ་ཡིན། །དེ་མེད་ན་ནི་སྤྱོད་མེད་པར། །སྐྱེ་བོ་ཐམས་ཅད་ཐལ་བར་འགྱུར། །གང་གིས་དེ་ཉིད་བསྒྲིབས་པ་དང༌། །གང་ལ་བསྒྲིབ་པར་འདོད་པ་ཡང༌། །དོན་དམ་པར་ཡོད་མེད་པས་ན། །ཇི་ལྟར་གང་ལ་གང་གིས་བསྒྲིབས། །ཇི་ལྟར་ཁྱོད་ཀྱིས་ཀུན་རྫོབ་ཀྱི། །རྒྱུ་དང་འབྲས་བུ་ངེས་པ་ཡིན། །དེ་བཞིན་ཁོ་བོ་ཅག་གི་ཡང༌། །དེ་ཚེ་གྱུར་ནའང་ང་ཉམས་ཤིང༌། །དོན་དམ་ཡོད་པར་མ་གྲུབ་པས། །ཉན་ཐོས་ཞེ་ན་དེ་རིགས་མིན། །ཡང་དག་བདག་ཉིད་ཅན་དེ་ནི། །མངོན་སུམ་གྱིས་ནི་གྲུབ་པའི་ཕྱིར། །དེ་ལྟ་ཡིན་ན་ཐམས་ཅད་ཀྱི། །ཐམས་ཅད་འབྲས་བུར་འགྱུར་ཞེ་ན། །ལན་ཡང་ཁྱོད་དང་མཚུངས་པ་ཡིན། །ཁོ་བོ་དང་མཉམ་འགྱུར་བ་སྟེ། །འདི་ཉིད་ཐུགས་ལ་བཞག་ནས་ནི། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །གང་ཟག་ལྟ་བ་མཆོག་ཡིན་ཏེ། །ཉེས་གཟུང་སྟོང་པ་ཉིད་མ་ཡིན། །དེ་ནི་ཉེས་པར་གཟུང་བ་ལ། །ཉེས་པ་མང་པོར་ཐལ་བར་འགྱུར། །ཡང་དག་སྐུར་འདེབས་ཤེས་བྱ་ལ། །རྨོངས་ཡིན་དེ་རྣམས་གཞན་དུ་


DTG040_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །དེ་ཉིད་ཡོད་པ་བསྒྲུབ་བྱ་ཡིན། །ཞེས་ན་ཀུན་རྫོབ་སྨྲ་དང་མཚུངས། །དོན་དམ་པ་ཡི་ཆ་བསྟེན་པ། །རང་བཞིན་ཅུང་ཟད་ཡོད་མ་ཡིན། །སྒྲུབ་བྱེད་གནོད་བྱེད་མ་མཐོང་བས། །དེ་ལྟར་ཐེ་ཚོམ་རིགས་པ་ཡིན། །དེ་ཉིད་ཡོད་པ་གཉིས་མེད་པ། །ངེས་པར་གྱུར་པ་མ་ཡིན་ནོ། །གནོད་བྱེད་མེད་པ་ཉིད་ཀྱང་འདིར། །འགྲེལ་པ་བྱེད་པས་གསལ་བར་བརྗོད། །ཐམས་ཅད་ཀུན་རྫོབ་སྨྲ་བ་ཡི། །གང་འདི་ཅུང་ཟད་ཞེས་པ་མཐའ། །བསྟན་བཅོས་བྱེད་ལས་འདི་ཡིས་ནི། །དངོས་སུ་ཐོབ་ཕྱིར་སྐྱེས་བུ་ཚད། །དེ་དོན་དེ་ཉིད་བསྟན་པ་དང༌། །ཚིག་གི་རྗེ་ཡིས་བསྐལ་བའང་དེ། །དེ་ཡི་འདོད་ལས་འདས་གང་ཡང༌། །དེ་ནི་འགའ་ཡིས་བརྗོད་པ་ཡིན། །འཆང་བྱེད་གཞན་གྱི་སྐྱོན་ཡིན་ཏེ། །འདི་ནི་གཞུང་དོན་གཞན་རྟོགས་པ། །ཅི་ལྟར་འདི་དོན་བཤད་པ་ནི། །བློ་གསལ་རྣམས་ཀྱིས་ངེས་པ་ཡིན། །དེ་བཞིན་དེ་ཡི་འདོད་དང་འདི། །སུས་ཀྱང་འགལ་བ་མཐོང་མ་ཡིན། །དེ་འདོད་ལས་རྒལ་འདི་རྣམས་ནི། །སྒྲོ་འདོགས་པ་དང་སྐུར་འདེབས་པས། །ཕྱི་དོན་གཉིས་སུ་མེད་རྟོགས་པ། །ཚད་མ་ལུང་གིས་ངེས་པའི་ཕྱིར། །གང་དུ་གཟུང་བའི་སྣང་བ་འདི། །བརྟགས་ཡིན་དེ་ཉིད་མ་ཡིན་ནོ། །གསལ་བ་ཉིད་ཀྱི་ཞེན་པ་ཡང༌། །འཁྲུལ་པ་ཉིད་ཅེས་བརྗོད་པ་ཡིན། །ནང་གི་ཤེས་བྱའི་ངོ་བོ་གང༌། །ཕྱི་རོལ་ལྟར་སྣང་གང་ཡིན་པ། །དེ་བདེན་མིན་པ་དེས་ན་མེད། །དེ་ཉིད་ལས་ནི་ཕྱིར་ཤེས་བྱ། །དེ་ལ་ལྟོས་པའི་མྱོང་བ་ཡང༌། །འདོད་པས་བྱེད་པ་པོ་ཡི་གཟུགས། །དེ་ནི་མེད་ཕྱིར་མྱོང་བ་ལ། །གཉིས་སོ་ཞེས་ནི་རྣམ་པར་ཕྱེ། །འཇིག་རྟེན་འདས་པའི་ཡེ་ཤེས་ལ། །རྣམ་པ་ཐམས་ཅད་སྣང་བ་ཡིན། །འཇིག་རྟེན་སྤྲོས་པ་ཐམས་ཅད་ལ། །བདེན་པ་ཅུང་ཟད་ཡོད་མ་ཡིན། །ཇི་ལྟར་ཞེ་ན། དེ་ཡིས་གཟུང་མིན་དེས་ནི་འཛིན་པ་མིན། །ཤེས་པ་གཞན་གྱི་གཟུང་བྱ་ཉིད་ཀྱིས་སྟོང༌། །དེ་ལྟ་ན་ཡང་ཤེས་པའི་རང་བཞིན་གསལ། །མངོན་སུམ་ཕྱོགས་ནི་ཁྱོད་ཀྱིས་གསལ་བར་བྱུང་། །གཞན་ནི་མྱོང་བྱའི་བློ་ཡོད་མིན། །དེ་ཡི་མྱོང་བ་གཞན་ཡོད་མིན། །གཟུང་དང་འཛིན་དང་བྲལ་བའི་ཕྱིར། །རང་གིས་དེ་ཉིད་གསལ་བ་ཡིན། །འདི་ཡི་འབྲས་བུ་ཞེས་སོགས་པ། །འཇིག་རྟེན་པ་ཡི་ཐ་སྙད་ཡིན། །དག་པའི་འཇིག་རྟེན་ཡེ་ཤེས་ཀྱི། །གནས་སྐབས་ན་ཡང་འགལ་བ་མེད། །


DTG040_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྲུབ་པའི་དངོས་པོ་ཡོད། །དངོས་དང་དངོས་མེད་རྣམ་སྤངས་པ། །སྒྲོ་འདོགས་པ་དང་སྐུར་འདེབས་ཉིད། །སེམས་ཙམ་ཉིད་ལ་ཡོད་མ་ཡིན། །ལུས་དང་ལོངས་སྤྱོད་གནས་དང་ནི། །གང་རྣམས་སེམས་ལ་ཤེས་མ་ཡིན། །སྒྲོ་འདོགས་པ་དང་སྐུར་འདེབས་ལ། །མི་མཁས་དེ་རྣམས་དཔྱོད་པར་བྱེད། །ཡོད་དང་མེད་དང་གཉིས་མེད་མཐའ། །ཇི་སྲིད་སེམས་ཀྱི་སྤྱོད་ཡུལ་ཡིན། །སྤྱོད་ཡུལ་རྣམ་པར་སྤངས་པ་ཡིས། །ཡང་དག་སེམས་ནི་འགག་པ་ཡིན། །ཡུལ་ནི་འཛིན་པ་མེད་པའི་ཕྱིར། །འགོག་ཡིན་མེད་པ་མ་ཡིན་ཏེ། །ཅི་ལྟར་འཕགས་པའི་སྤྱོད་ཡུལ་དུ། །དེ་བཞིན་ཉིད་ཀྱི་སྐབས་ན་ཡོད། །དེ་བཞིན་ཉིད་དང་སྟོང་ཉིད་མཐའ། །མྱ་ངན་འདས་དང་ཆོས་ཀྱི་དབྱིངས། །ཡིད་ཀྱི་རང་བཞིན་སྐུ་སྣ་ཚོགས། །ང་ཡིས་རྣམ་གྲངས་བསྟན་པ་ཡིན། །བརྟན་དང་རྟག་དང་དེ་ཉིད་དང༌། །རིགས་དང་དངོས་པོའི་རང་བཞིན་དང༌། །དེ་བཞིན་ཉིད་ཀྱི་སེམས་བོར་བ། །བརྟགས་པ་དང་ནི་རྣམ་བྲལ་བ། །གལ་ཏེ་དངོས་མེད་དག་མི་འགྱུར། །གང་གི་ཉོན་མོངས་པ་ཡང་མིན། །གང་ལས་སེམས་ནི་དག་པ་དང༌། །ཉོན་མོངས་པ་ཡང་སྐྱེ་བ་ཡིན། །དེ་ཕྱིར་དངོས་པོ་དེ་ཉིད་འགྱུར། །རྣམ་དག་འཕགས་པའི་སྤྱོད་ཡུལ་ཡིན། །སེམས་ནི་རྐྱེན་ལས་བྱུང་བ་སྟེ། །རྣམ་པར་རྟོག་དང་རྣམ་བྲལ་བ། །སྒྱུ་སོགས་རྨི་ལམ་དང་འདྲ་བ། །རྣལ་འབྱོར་པས་མཐོང་གྲོལ་བར་འགྱུར། །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་ཤེས་བྱའི་ངོ་བོ་མིན། །དེ་བཞིན་ཉིད་ལ་དམིགས་ནས་ནི། །སེམས་ཙམ་ལས་ཀྱང་བཟླ་བར་བྱ། །སེམས་ཙམ་ལས་ནི་བཟླས་ནས་སུ། །སྣང་བ་མེད་ལ་བཟླ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །སེམས་ཙམ་སྣང་བ་མེད་པ་དང༌། །གནས་དང་དེ་བཞིན་སངས་རྒྱས་ས། །འདི་དག་སངས་རྒྱས་ཀྱིས་གསུངས་ཏེ། །གསུང་དང་གསུང་བར་འགྱུར་བའང་ཡིན། །སེམས་ནི་ས་བདུན་པོ་རྣམས་ཏེ། །སྣང་བ་མེད་པ་བརྒྱད་པ་ཡིན། །འདི་ནི་ས་གཉིས་གནས་པ་ཡིན། །ལྷག་མའི་ས་ནི་ང་ཡི་བདག །སོ་སོའི་བདག་ཉིད་རིག་དག་པའང༌། །ས་རྣམས་ང་ཡི་བདག་ཉིད་ཡིན། །དབང་ཕྱུག་ཆེན་པོ་མཆོག་གི་གནས། །འོག་མིན་གནས་ནི་རྣམ་པར་མཛོས། །གཉིས་ཀྱི་རང་བཞིན་བདུན་དུ་འགྱུར། །ས་རྣམས་


DTG040_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རང་བཞིན་ཡིན། །ཡོངས་གྲུབ་དེས་ནི་ལྷག་མར་འགྱུར། །དེ་བཞིན་སངས་རྒྱས་ས་རྣམས་ཏེ། །སྣང་རུང་སེམས་ནི་མ་ཤེས་པས། །རྟོག་པ་གཉིས་པོ་སྐྱེ་བར་འགྱུར། །སྣང་རུང་སེམས་ནི་ཤེས་པ་ཡིས། །རྟོག་པ་འཇུག་པར་མི་འགྱུར་རོ། །སེམས་ཉིད་སྣ་ཚོགས་འགྱུར་བ་སྟེ། །མཚོན་བྱ་མཚོན་བྱེད་རྣམ་པར་སྤངས། །ཅི་ལྟར་བྱིས་པས་རྣམ་བརྟགས་པ། །མཐོང་བ་རྣམ་ཡིན་མ་མཐོང་མེད། །ཆོས་ལྔ་དག་དང་རང་བཞིན་དང༌། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་མཐའ་དག་བསྡུས། །མིང་དང་རྒྱུ་མཚན་རྟོག་པ་ནི། །རང་བཞིན་གཉིས་པོའི་མཚན་ཉིད་དེ། །ཡང་དག་ཤེས་ཉིད་དེ་བཞིན་ཉིད། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །འཁྲུལ་བའི་རྒྱུ་མཚན་ཡང་དག་རྟོག །གཞན་གྱི་དབང་གི་མཚན་ཉིད་ཡིན། །རྒྱུ་མཚན་གང་ལ་མིང་གང་ཡིན། །དེ་ནི་བརྟགས་པའི་མཚན་ཉིད་དོ། །མིང་དང་རྒྱུ་མཚན་ཡང་དག་རྟོག །གང་དུ་དེ་ཡི་སྐྱེ་མི་འགྱུར། །ཤེས་པ་རྣམས་ལ་བརྡ་མེད་པས། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །གཉིས་མེད་དེ་བཞིན་ཉིད་དང་སྟོང༌། །ཡང་དག་མཐའ་དང་ཆོས་ཉིད་དང༌། །རྟོག་པ་མེད་པར་ངས་བསྟན་པ། །ཡོངས་གྲུབ་མཚན་ཉིད་གང་དེ་རྣམས། །དེ་བཞིན་ཉིད་དང་སྟོང་ཉིད་མཐའ། །མྱ་ངན་འདས་དང་ཆོས་ཀྱི་དབྱིངས། །མ་སྐྱེས་པ་ཡང་ཆོས་རྣམས་ཀྱི། །རང་བཞིན་དོན་དམ་མ་ཡིན་ནོ། །ཅི་ལྟར་གསེར་གྱི་དག་པ་དང༌། །རྙོག་པ་དང་བྲལ་ཆུ་དང་ནི། །སྤྲིན་དང་བྲལ་ཕྱིར་ནམ་མཁའ་དང༌། །དེ་ལྟར་བརྟགས་པ་དག་པ་ཡིན། །ཀུན་རྫོབ་དང་ནི་དོན་དམ་ལས། །གསུམ་པ་རྒྱུ་ལས་སྐྱེས་པ་མེད། །བརྟགས་པ་ཀུན་རྫོབ་ཏུ་བརྗོད་དེ། །དེ་དག་སྤངས་ཕྱིར་འཕགས་སྤྱོད་ཡིན། །མངོན་པར་ཤེས་དང་དབང་གིས་དག །ཏིང་འཛིན་སྟོབས་ཀྱིས་བརྒྱན་པའོ། །ཡིད་ཀྱི་རང་བཞིན་སྐུ་སྣ་ཚོགས། །རིགས་དང་དེ་བཞིན་གཤེགས་དང་དགེ། །སོ་སོ་རང་རིག་དྲི་མ་མེད། །དེ་ཡི་མཚན་ཉིད་རྣམ་སྤངས་པ། །བརྒྱད་པ་དང་ནི་སངས་རྒྱས་ས། །རིགས་ནི་དེ་བཞིན་གཤེགས་པར་འགྱུར། །རིང་དུ་སོང་དང་ལེགས་བློ་གྲོས། །ཆོས་ཀྱི་སྤྲིན་ནི་དེ་བཞིན་གཤེགས། །དེ་དག་སངས་རྒྱས་རྣམས་ཀྱི་རིགས། །ལྷག་པ་ཐེག་པ་གཉིས་བསྒྲུབ་ཡིན། །


DTG040_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གཅིག་པུ་བཤད་པར་བྱ། །རྟོག་པ་རྣམ་པར་ཤེས་པ་སྤངས། །འཕགས་པའི་སྤྱོད་ཡུལ་བཟང་པོ་སྟེ། །རང་བཞིན་གཉིས་པོ་རྣམ་སྤངས་པ། །ཤིན་ཏུ་འང་ཡོངས་གྲུབ་མ་ཡིན་ཏེ། །བརྟགས་ཕྱིར་གཞན་ལས་སྐྱེས་མ་ཡིན། །དེ་ཚེ་ཤེས་པར་བྱས་དག་པའི། །རང་བཞིན་དམ་པའི་དོན་ཡིན་ནོ། །གང་གི་ནུབ་མོ་རྟོགས་པ་དང༌། །གང་གི་ཡོངས་སུ་མྱ་ངན་འདས། །ང་ཡིས་ཅུང་ཟད་རབ་བསྟན་པ། །འདི་དག་པར་ན་ཡོད་མ་ཡིན། །སོ་སོའི་བདག་ཉིད་ཆོས་གནས་པ། །ཐུགས་ལ་བཞག་ནས་ང་ཡིས་བརྗོད། །སངས་རྒྱས་དེ་རྣམས་དང་ནི་ང༌། །བྱེ་བྲག་ཅུང་ཟད་ཡོད་མ་ཡིན། །འདི་དག་ཐམས་ཅད་མ་སྐྱེས་པ། །དངོས་པོ་མ་ཡིན་ཡོད་པ་མིན། །དྲི་ཟ་རྨི་ལམ་སྒྱུ་མར་གྲགས། །དངོས་པོར་སྣང་ཡོད་རྒྱུ་མེད་པ། །རྣམ་རྟོག་གིས་བརྟགས་མེད་པ་སྟེ། །རྟོག་པ་མེད་པ་མ་ཡིན་ལ། །འཁོར་བ་མ་ཡིན་མྱང་འདས་མིན། །སེམས་ནི་རང་བཞིན་འོད་གསལ་ཡིན། །སྙིང་པོ་དེ་བཞིན་གཤེགས་དགེ་བ། །དངོས་པོ་ཀུན་གྱི་སྐྱེ་བ་ནི། །མཐའ་དང་མཐའ་མེད་རྣམ་པར་སྤངས། །ང་ཡི་ཤེས་རབ་རྣམ་པ་གསུམ། །གང་ལས་དེ་ཉིད་རབ་བྱུང་བ། །ཐེག་པ་གཉིས་དང་རྣམ་བྲལ་ཏེ། །ཤེས་རབ་སྣང་བ་དང་བྲལ་བའོ། །ཡོད་པའི་དངོས་པོར་མངོན་ཞེན་པས། །ཉན་ཐོས་རྣམས་ནི་འཇུག་པར་འགྱུར། །སེམས་ཙམ་ཉིད་ལ་འཇུག་པ་ཡིས། །ཤེས་རབ་དེ་བཞིན་གཤེགས་པ་དགེ། །འདི་ནི་ལང་ཀར་གཤེགས་པར་ཡང༌། །ཆུང་དུ་འབྲིང་དང་ཆེན་པོ་ཡིས། །གསུམ་པོ་ཉིད་དུ་ཤེས་རབ་ནི། །བརྗོད་དེ་གཞན་དུ་མ་ཡིན་ཕྱིར། །དབུ་མའི་རྩ་བ་ལ་སོགས་པར། །བརྟགས་པ་ཉིད་ནི་བཀག་པའི་ཕྱིར། །བརྟགས་པ་བཀག་པ་འདི་ལ་ནི། །ཚད་མ་ལུང་གིས་གྲུབ་པ་སྟེ། །བདེན་པ་གཉིས་ལ་བརྟེན་ནས་ནི། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །འཇིག་རྟེན་པ་ཡི་ཀུན་རྫོབ་དང༌། །དོན་དམ་པ་ཡི་བདེན་པས་སོ། །བདེན་པ་གཉིས་ཀྱི་དབྱེ་བ་དག །གང་གིས་འདི་དག་མི་ཤེས་པ། །ཟབ་མོ་སངས་རྒྱས་བསྟན་པ་ལ། །དེ་ཉིད་དེ་རྣམས་ཀྱིས་མི་ཤེས། །ཐ་སྙད་དོན་ལ་མ་བརྟེན་པར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་མི་རྟོགས་སོ། །སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུད་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང༌། །རིག་


DTG040_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལོག་པར་བསྒྲུབས་པ་བཞིན། །དེས་ན་སོ་སོར་ལྡོག་འགྱུར་ཏེ། །ཐུབ་པས་སེམས་ནི་བརྟན་བཞེད་པ། །ཆོས་ལ་དགོངས་པས་འདི་ཡི་ཆོས། །དམན་པས་རྟོགས་པར་དཀའ་བའོ། །གཞན་གྱིས་མི་ཤེས་ཞི་བ་དང༌། །སྤྲོས་པ་ཡིས་ནི་མ་སྤྲོས་པ། །རྟོག་མེད་སྨྲ་ཚོགས་མ་ཡིན་དོན། །འདི་ནི་དེ་ཉིད་མཚན་ཉིད་ཡིན། །དེ་ཕྱིར་ཅུང་ཟད་གཟུགས་ཀྱི་ཚུལ། །རྣམ་པར་རྟོག་པས་བརྟག་མི་བྱ། །འདི་སྐད་བརྗོད་པས་བརྟགས་པ་ཙམ། །ཐུབ་པས་བཀག་པར་དགོངས་པ་ཡིན། །ཡང་དག་སྐྱེ་དང་འགག་པ་སོགས། །དངོས་ལ་གཉིས་པ་ཡོད་མ་ཡིན། །དེ་མེད་ན་ནི་ཐམས་ཅད་ཀྱི། །དགག་པ་གྲུབ་པ་མ་ཡིན་ནོ། །འཇིག་དང་སྐྱེ་དང་ཉོན་མོངས་དང༌། །ཤེས་པ་དགག་པ་མ་ཡིན་ཏེ། །བྱིས་པས་ཤེས་པས་གང་རྟོགས་པ། །དེ་ནི་དགག་པ་ཐམས་ཅད་དུ། །སྒྲུབ་བྱེད་མི་དམིགས་པ་ལས་ཡིན། །རང་རིག་ཙམ་ཞིག་དམིགས་པ་ཡང༌། །འདིར་ནི་གཉིས་པོ་མི་དམིགས་ཡིན། །ཁྱད་པར་ཅན་དངོས་མྱང་བ་ལ། །དོན་གསལ་བ་ནི་གཞན་མ་ཡིན། །དེ་ལས་ཁྱད་པར་ཅན་དམིགས་པ། །དེ་ཕྱིར་དེ་ཡང་མི་དམིགས་པ། །དེ་ནས་མ་དམིགས་པ་འདི་ནི། །མངོན་སུམ་བདག་ཉིད་ཁོ་ནས་རྟོག །རང་ཉིད་ཙམ་གྱིས་འཇུག་པ་ཙམ། །དེ་མེད་རྣམ་གཞག་གོ་བྱེད་ཡིན། །གཞན་དུ་མི་དམིགས་པ་ལས་ནི། །དོན་དམ་པ་ནི་རྟོགས་འགྱུར་ན། །གཞན་གྱིས་དམིགས་པ་མེད་པ་ཉིད། །དེ་ལྟར་ན་ནི་ཐུག་མེད་འགྱུར། །མི་སྣང་ངེས་པར་མི་རུང་ཕྱིར། །གཞན་ལ་གནས་འགོག་འགྱུར་བ་ཡིན། །སེམས་ཅན་གཞན་ལ་རྟགས་ཅན་མིན། །རྣམ་རྟོག་སོགས་འགྲུབ་མི་འགྱུར་བཞིན། །འབྲས་བུ་དེས་མེད་ཅན་དེ་དག །འདི་འདྲ་མི་དམིགས་པ་རུ་བརྗོད། །དེ་ནི་ཤིན་ཏུ་ལྐོག་གྱུར་ལ། །ཡོད་དང་མེད་པའི་རྣམ་ངེས་མིན། །ཤེས་རབ་ཕ་རོལ་ཕྱིན་སངས་རྒྱས། །བྱང་ཆུབ་སེམས་དཔའ་དེ་བཞིན་ནོ། །མིང་ཅམ་དག་ཏུ་བརྗོད་པ་ནི། །བསལ་ན་སྒྲ་དོན་བརྟགས་པ་ཡིན། །འདི་ནི་སྒྲ་དོན་བཀག་པ་སྟེ། །དངོས་པོ་རྣམ་པར་མི་བཟློག་གོ །གང་རྣམས་ལ་ནི་དོན་ངེས་པ། །གཞན་ལའང་དེ་བཞིན་གཤེགས་པར་བྱ། །བརྟགས་པ་འགག་པ་ཞེས་པ་འདི། །ལྟ་བ་ཐམས་ཅད་བསྡུས་པ་ཡིན། །ཤེས་བྱ་ཉིད་དུ་སྣང་བ་ཀུན། །རྣམ་པར་བརྟགས་པར་འདོད་པ་ཡིན། །གང་དང་


DTG040_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་རྟོག་པ་ཡིས། །དངོས་པོ་གང་གང་རྣམ་བརྟགས་པ། འདི་ནི་ཡོངས་སུ་བརྟགས་པ་ཡིན། །ཞེས་ནི་རིགས་མཁྱེན་གྱིས་གསུངས་ཕྱིར། །གང་ཞིག་དབུ་མ་རྟོགས་ཉིད་ཡིན། །སྒྲོ་འདོགས་པ་དང་སྐུར་འདེབས་དག །དོར་བས་དབུ་མར་ཤེས་པར་བྱ། །དེ་ཉིད་གཉིས་མེད་མྱོང་བ་ཡིན། །གང་ཞིག་རྟེན་ཅིང་འབྲེལ་བྱུང་བ། །དེ་ལ་སྟོང་པ་ཉིད་དུ་བརྗོད། །དེ་ནི་ཉེ་བར་འདོགས་ཉེར་ལེན། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །རྟེན་ཅིང་འབྲེལ་འབྱུང་མ་ཡིན་པ། །ཆོས་ནི་ཅུང་ཟད་ཡོད་མ་ཡིན། །གང་ཕྱིར་དེ་ཕྱིར་མི་སྟོང་པའི། །ཆོས་ནི་ཅུང་ཟད་ཡོད་མ་ཡིན། །སེམས་ཙམ་ཉིད་དེ་སྣང་ཡོད་མིན། །ཕྱི་རོལ་དོན་ནི་དོར་བ་ཡིན། །རྣམ་པར་རྟོག་པ་ལོག་པ་ཡི། །ལམ་དེ་ཉིད་ནི་དབུ་མ་ཡིན། །སེམས་ཙམ་མ་མཐོང་ཉིད་ཡོད་མིན། །སྣང་བ་མེད་ཕྱིར་སྐྱེ་མ་ཡིན། །འདི་ནི་དབུ་མའི་ལམ་ཡིན་ཏེ། །ཁོ་བོ་གཞན་གྱིས་བརྗོད་པ་ཡིན། །ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དེ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །དབུས་དང་མཐའ་རྣམ་འབྱེད་པ་ལས། །འདི་ཡི་དེ་ཉིད་རྟོགས་པར་བྱ། །དེ་ཕྱིར་མ་ལུས་འཕགས་དག་དང༌། །འདི་ནི་མི་འགལ་བར་བསྒྲུབས་ཡིན། །འཆད་པ་པོ་ཡིས་གང་ཕྱེ་བ། །བརྟགས་པ་འདི་ནི་རིགས་མིན་ཆ། །ལུང་དང་རིགས་པས་གནོད་པ་ནི། །ཚངས་པས་བཟློག་པར་མི་ནུས་ཕྱིར། །རྣམ་པ་རྣམས་ནི་རང་རིག་ཡིན། །རང་གི་ངོ་བོར་གསལ་བའི་ཕྱིར། །གཅིག་དང་དུ་མ་བྲལ་སོགས་ཀྱི། །གནོད་པ་གཞན་དུ་བཀག་པ་ཡིན། །སྔོ་སོགས་སྣ་ཚོགས་རྣམ་ཤེས་ལ། །ཤེས་པའི་ཁྱད་པར་གཞན་མི་སྟེན། །མཐོང་ནུས་མ་ཡིན་དེ་ལ་ནི། །འབྱེད་བྱེད་དོན་ལ་ལྟུང་བར་འགྱུར། །ཤེས་ལ་ཅི་ལྟར་སྣང་གང་ཡིན། །དེ་ནི་དེ་ལ་ཉམས་མྱོང་འགྱུར། །དེ་ལྟར་སེམས་ཀྱི་རྣམ་པ་ནི། །སྣ་ཚོགས་གཅིག་གི་ངོ་བོར་འགྱུར། །གཟུང་བ་ལ་སོགས་པར་ཞེན་གང་། །འཁོར་བ་ཡིན་ཏེ་གཞན་མིན་ཕྱིར། །དེ་དང་བྲལ་བས་མྱང་འདས་ཏེ། །དེས་ན་ཐམས་ཅད་ལེགས་པར་གནས། །གཞན་གྱི་དབང་གི་དངོས་པོ་ནི། །མཚན་ཉིད་ལས་ནི་གཉི་གའི་ཆ། །བརྟགས་པའི་ཆ་ཡིས་འཁོར་བ་ཡིན། །ཡོངས་གྲུབ་ཆ་ཡིས་མྱང་འདས་ཡིན། །བདག་དང་བདག་གི་རྣམ་


DTG040_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་རྒྱུན་གྱིས་ནི། །ངོ་བོར་དག་གིས་དེར་ནི་འཁོར་བ་སྟེ། །དག་པ་དེ་ལས་ཕྱིན་ཅི་ལོག་པ་ན། །ངོ་བོ་ཙམ་གྱིས་རྣམ་པར་ཤེས་པར་བྱ། །ཞི་བ་དང་ནི་སྲིད་པའི་ངོ་བོ་ཉིད། །ཆོས་ཉིད་ཀྱིས་ནི་དབྱེ་བ་འགའ་ཡང་མེད། །གང་ཕྱིར་གཟུང་བ་ལ་སོགས་རྣམ་པ་དང༌། །བྲལ་བར་ཐམས་ཅད་དུ་ནི་རྟག་ཏུ་གྲུབ། །སོ་སོར་སྣང་བ་རང་བཞིན་ཀུན་རྟོག་ལས། །ཐམས་ཅད་ཀྱང་ནི་ཅི་ཡང་ཡོད་མ་ཡིན། །སེམས་ལས་གཞན་པ་འགའ་ཡང་ཡོད་མིན་པས། །བདག་ཅེས་བྱ་བའང་གུད་ན་ཡོད་མ་ཡིན། །ཀུན་རྫོབ་ཙམ་ལས་འཁོར་བ་ནི། །གཞན་ནི་ཡོད་པར་མ་མཐོང་ངོ༌། །དེ་ཉིད་ཁོ་ན་མྱ་ངན་འདས། །དེ་ལྟ་ན་ནི་ཡང་དག་གནས། །ཇི་སྲིད་རྣམ་རིག་ཙམ་ཉིད་ཅེས། །ཤེས་པ་ཙམ་ལ་འང་མི་གནས་ཏེ། གཟུང་བ་གཉིས་ཀྱི་རྗེས་འཇུག་པ། །དེ་སྲིད་རྣམ་པར་མི་ལྡོག་གོ །འདི་དག་རྣམ་པར་རིག་ཙམ་ཞེས། །དེ་སྙམ་དུ་ནི་དམིགས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ནི་ཙམ་ལའང་མི་གནས་སོ། །ནམ་ཞིག་ཤེས་པས་དམིགས་པ་རྣམས། །མི་དམིགས་དེ་ཡི་ཚེ་ན་ནི། །རྣམ་པར་རིག་པ་ཙམ་ལ་གནས། །གཟུང་བ་མེད་པར་འཛིན་པ་མེད། །མི་དམིགས་འདི་ནི་བསམ་མི་ཁྱབ། །འཇིག་རྟེན་འདས་པའི་ཡེ་ཤེས་ཏེ། །གནས་ཀྱང་གཞན་དུ་གྱུར་པ་ནི། །གནས་ངན་ལེན་གཉིས་སྤངས་པས་སོ། །དེ་ཉིད་ཟག་པ་མེད་དང་དབྱིངས། །བསམ་གྱིས་མི་ཁྱབ་དགེ་དང་རྟག །འདི་ནི་བདེ་ཆེན་རྣམ་གྲོལ་སྐུ། །ཐུབ་པ་ཆེན་པོ་ཆོས་ཤེས་བྱ། །དེ་ཕྱིར་འདི་ཉིད་སྨད་བྱ་མིན་པར་མཁས་པ་རྣམས། །རིགས་པ་ཤེས་པས་གཞན་གྱི་དོན་དུ་དཔྱད་པར་བྱ། །བློ་གྲོས་ཕྲ་བའི་མི་ཡི་སྤྱོད་ཡུལ་ཡིན་གྱུར་ཏེ། །བློ་གྲོས་དམན་པའི་སྐྱེ་བོ་འདོད་དང་བྲལ་བར་བྱེད་པ་ཉིད། །ཅེས་པ་ནི་བསྲེས་པས་བསྡུས་པ་དང་ཤེས་པར་བྱེད་པའི་ཚིགས་སུ་བཅད་པ་རྣམས་སོ། །དེ་ནས་ཞེས་པ་ནི་རིགས་དྲུག་གི་གདུལ་བྱའི་རྣམ་པར་རྟོག་པ་སྣ་ཚོགས་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྣམས་ཀྱི་ཆོས་ཉིད་ནི་སྔར་བརྗོད་པའི་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་གསུམ་གྱི་བདག་ཉིད་དོ། །དེ་སྟོན་པར་བྱེད་པའི་ཡི་གེ་རྣམས་ཏེ་བྱང་ཆུབ་ཀྱི་སེམས་རྣམ་པ་དྲུག་གི་ཚིགས་སུ་བཅད་པའི་ངོ་བོ་རྣམས་སོ། །ཨེ་མའོ་ཆོས་ནི་ལུང་དུ་གྱུར་པའི་བསྟན་པ་གདུལ་བྱ་རྣམས་ལ་


DTG040_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གསལ་བའོ། །མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་ཡུལ་རྣམས་ལ་དེ་རྣམས་ཀྱིས་མི་གནོད་པའི་ཕྱིར་རྨད་དུ་བྱུང་བའི་ཡུལ་ལོ། །དེ་རྣམས་ཀྱང་རྒྱུ་མེད་པ་མ་ཡིན་ཏེ། རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་བས། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའང་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིག །འབྱུང་བ་ལྟོས་པ་ལས་ཡིན་ནོ། །ཞེས་པའི་རིགས་པས་སོ། །འདི་ལྟར་ཡང་དེ་ལྟ་བུའི་རྟོགས་པ་སྔོན་དུ་སོང་བས་འདི་གསུངས་པ། །ཨེ་མའོ་ཆོས་ཞེས་ཏེ་རྟོགས་པའི་ངོ་བོ་དཀྱིལ་འཁོར་བའི་བདག་ཉིད་ནི་འདིར་དགེ་འདུན་ནོ། །དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་གཞན་རྣམས་ལ་འབྱུང་བར་མི་འགྱུར་བའི་ཕྱིར་གསུངས་པ། །ཨེ་མའོ་སངས་རྒྱས་ཞེས་ཏེ། ཡང་དག་དེ་བཞིན་ཉིད་བདེན་གང༌། །ཡང་དག་རྟོགས་པ་བརྟན་པ་ཆེ། །ཆོས་ཀུན་ཡང་དག་རྟོགས་པ་ཡིས། །སངས་རྒྱས་སངས་རྒྱས་དེ་བརྗོད་དོ། །ཞེས་པས་དཀྱིལ་འཁོར་གྱི་བདག་པོའི་སངས་རྒྱས་ནི་འདིར་སྟོན་པ་པོ་ཡིན་ནོ། །དག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་ཀྱི་དྲི་མ་དང་བྲལ་བས་སོ། །དེ་ཁོ་ན་ཉིད་ནི་ཚད་མ་དང་ལུང་གིས་གྲུབ་པས་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པའོ།། དོན་ནི་གང་གིས་དགོངས་པ་སྟེ། །རྣམ་པར་ཐར་པའི་སྒོའི་བདག་ཉིད་ལམ་དུ་གྱུར་པའི་བྱང་ཆུབ་ཀྱི་རྒྱུ་མཚན་གྱི་སེམས་དེ་ལ་དེ་སྐད་ཅེས་བྱའོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་དག་པ་ནི་སྦྱོར་བ་ཇི་ལྟ་བར་འདོད་ཆགས་ལ་སོགས་པའི་དྲི་མ་དང་བྲལ་བས་ལ་སོགས་པའོ། །དོན་ནི་དགོས་པ་རྣམས་ཡིན་ཏེ། དེ་ཁོ་ན་ཉིད་ཐོབ་པར་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །རྒྱུ་མིན་རྒྱུ་ཡི་དངོས་པོ་ཡིས། །འབྲས་མིན་འབྲས་བུའི་དངོས་པོ་ཡིས། །དེ་ནི་རྒྱུ་འབྲས་དངོས་པོ་ལས། །རང་གི་སེམས་ནི་རབ་གསལ་བ། །ཞེས་པའི་རིགས་པས་རྒྱུ་དང་འབྲས་བུར་གྱུར་པའི་སེམས་ཀྱི་རྒྱུན་དབྱེ་བ་མེད་པའི་ཕྱིར་དང༌། རྒྱུ་ཐོས་པ་ལ་སོགས་པ་ལ་གུས་པ་བསྐྱེད་པའི་ཕྱིར། །རྒྱུའི་སྒོ་ནས་འབྲས་བུར་གྱུར་པའི་ཀུན་དུ་བཟང་པོ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ཡིན་ནོ། །ཆོས་ཀྱི་བདག་མེད་པ་ལས་བྱུང་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་ཏེ། །དེ་ཉིད་ཀྱི་ཕྱིར་ན་སངས་རྒྱས་བྱང་ཆུབ་རྫོབས་མཛད་པའོ། །


DTG040_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་གང་ཞིག་སྒྲ་དོན་འཛིན། །དེ་ལ་དེ་ཤེས་རྟོག་པ་ཡིན། །རང་བཞིན་ལ་ནི་སྒྲ་དོན་མེད། །དེ་ལ་མ་ལུས་མངོན་སུམ་འདོད། །ཅེས་པའི་རིགས་པས་རྟོག་པ་མེད་པའོ། །དེ་ལྟར་དེ་དམིགས་པ་ཡིན་ན་སྒྲའི་དོན་ཡིན་ཏེ། དེ་ལྟ་ན་ཡང་རྟོག་པ་དང་བཅས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་གང་གི་ཕྱིར། བློ་ལ་མྱོང་བྱ་གཞན་མིན་ཏེ། །དེ་ལ་མྱོང་བ་གཞན་ཡོད་མིན། །གཟུང་དང་འཛིན་དང་བྲལ་བའི་ཕྱིར། །རང་གི་དེ་ཉིད་གསལ་བ་ཡིན། །ཞེས་པས་དམིགས་པ་མེད་པའོ། །སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་གང་ལས་ངེས་པ་སེམས་ཅན་རྣམས་ལ་བཟང་བ་ནི་དགེ་བར་འགྱུར་བ་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །གང་ལས་ཅི་ལྟར་ཞེ་ན། གང་གི་ཕྱིར་མཐོ་རིས་དང་ཐར་པའི་དོན་ཐམས་ཅད་གང་ལས་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱིས་ཡོན་ཏན་གྱི་ཚོགས་མ་ལུས་པ་ཐོབ་པར་བྱེད་པས་རབ་ཏུ་བསྐོར་བའོ། །འདི་དག་ཐམས་ཅད་ཅི་ལྟར་སྐྱེ་ཞེ་ན། གང་གི་ཕྱིར་བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ནི་སྦྱིན་པ་ལ་སོགས་པ་རྣམ་པ་བཅུ་པོ་དཀར་པོའི་ཡོན་ཏན་གྱི་ངོ་བོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཆེན་པོ་ཡང་ཡིན་ཏེ་འདི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་དེས་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་སྔར་བཞིན་དུ་རྡོ་རྗེ་ཡང་ཡིན་ཏེ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཐུགས་དག་པ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཡིན་ཏེ། ཀུན་དུ་བཟང་པོའི་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་བྱང་ཆུབ་ཀྱི་དོན་སྟོན་པར་བྱེད་པ་སྟེ། ཐོབ་པར་བྱེད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་སྟོན་པར་བྱེད་པའི་གཞུང་ཡོངས་སུ་གཅོད་པར་བྱེད་པའི་ལེའུའོ། །དཔལ་གསང་བ་འདུས་པའི་རྒྱན་གྱི་ལེའུ་གཉིས་པའོ།། །།

ལེའུ་གསུམ་པ། རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་ཞེས་བྱ་བའི་བཤད་པ།


DTG040_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་གང་བྱང་ཆུབ་ཀྱི་སེམས་དྲུག་པོ་དེ་སྟོན་པ་ཉིད་ལས་ཀྱང་གཞན་ཡིན་ལ། །དེ་ལས་གཞན་པ་ཡང་བདག་ཡིན་ནོ་ཞེས་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲོས་པ་ཉིད་ནི་ནམ་མཁའི་ཁམས་


DTG040_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་ཁྱབ་པའི་སྤྲིན་ཡིན་ཏེ། དེའི་བཀོད་པ་ནི་ཕྱོགས་བཅུའི་གདུལ་བྱ་སྣ་ཚོགས་འདུལ་བའི་ཕྱིར་དཀྱིལ་འཁོར་སྣ་ཚོགས་པ་སྤྲུལ་ཅིང་སྤྲོས་པའོ། །དེ་ཉིད་རྡོ་རྗེ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བརྟན་ཞིང་སྙིང་པོ་ཁོང་སྟོང་མེད། །སྟོང་པ་ཉིད་ལ་རྡོ་རྗེར་བརྗོད། །ཅེས་གསུངས་པས་སོ། །སྟོང་པ་ཉིད་ཀྱི་བདག་ཉིད་བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེ་སྟེ། དེའི་བདག་ཉིད་ཡིན་པས་སྔར་བཞིན་དུ་བཀོད་པ་གང་གིས་བརྗོད་པའི་ཏིང་ངེ་འཛིན་སྟོན་པར་བྱེད་པའི་ལེའུས་གཞུང་ཡོངས་སུ་གཅོད་པར་བྱེད་པས་དེ་ལ་དེ་སྐད་ཅེས་བྱའོ། །སྔར་བརྗོད་པའི་རྣམ་པར་རྟོག་པ་བསལ་བའི་ཕྱིར་གསུངས་པ། ཨོཾ་ཞེས་པ་ནི་འདི་ལྟར་འདི་ཡིན་ནོ། །གཞན་ནི། མི་ཚིག་པ་དང་མི་འཇིགས་པའི། །དཔལ་ལྡན་ཨོཾ་ནི་ཡང་དག་ལྡན། །ཞེས་སོ། །སྟོང་པ་ཉིད་ནི་ཡེ་ཤེས་ཡིན་ལ་ཉིད་རྡོ་རྗེ་ཡིན་ཏེ། དེའི་རང་བཞིན་ནི་དངོས་པོ་ཡིན་ལ་རང་གི་ངོ་བོ་དེ་ཉིད་ཀྱི་བདག་ཉིད་གང་རྣལ་འབྱོར་པའི་རང་གི་ངོ་བོ་དེ་ང་ཡིན་ཏེ། །དེ་བཞིན་དུའོ། །དངོས་ལས་སྟོང་ཉིད་གཞན་མ་ཡིན། །དེ་མེད་པར་ཡང་དངོས་པོ་མེད། །ཤེས་ལས་སྟོང་ཉིད་ཅེས་བྱ་བ། །ཅུང་ཟད་གཞན་ནི་ཡོད་མ་ཡིན། །གང་ཕྱིར་བདེན་པ་ཅན་ལས་ནི། །དབེན་པ་ཐ་དད་ཉིད་མི་འདོད། །གཉིས་པོ་སྟོང་ཉིད་ཡེ་ཤེས་ཏེ། །གཞན་དུ་གྲུབ་པར་མི་འགྱུར་རོ། །གཉིས་པོ་མེད་དང་རྣམ་བྲལ་བ། །གཉིས་ཀྱི་བདག་ཉིད་ཐལ་བར་འགྱུར། །ཞེས་འཕགས་པས་གསུངས་པས་སོ། །འདི་ནི་བྱང་ཆུབ་ཀྱི་སེམས་བྱིན་གྱིས་རློབ་པའི་སྔགས་སོ། །ལྷག་མ་ཡང་མདོར་བསྡུས་པའི་རྣམ་པར་བཤད་པར་ཁོ་བོས་བརྗོད་པས་དེ་ཉིད་དུ་རྟོགས་པར་བྱའོ། །ནམ་མཁའི་དབྱིངས་ནི་ཆོས་འབྱུང་གི་ཕྱག་རྒྱ་སྟེ། ནམ་མཁའི་དབྱིངས་ཀྱི་ཁོང་གནས་པ། །རྡོ་རྗེ་འཛིན་པ་ཞེས་བརྗོད་པའི་ཕྱིར་རོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དེ་དེ་ལས་ཡང་དག་པར་བྱུང་བའི་དཀྱིལ་ནི་སྙིང་པོ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མི་གནས་པའི་མྱ་ངན་ལས་འདས་པ་ལེན་པར་བྱེད་པས་དཀྱིལ་འཁོར་རོ། །འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ་ནི་སྔར་བཞིན་དུ་འདིར་སངས་རྒྱས་ཀྱི་ཆ་བྱད་ཀྱིས་འབར་བ་ཡིན་ཏེ་དེ་དང་མཉམ་པའི་འོད་གསལ་བ་གང་ཡིན་པ་དེ་ལ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་རྣམས་ནི་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་སྔོན་པོའི་འོད་ཟེར་


DTG040_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཡོངས་སུ་ཁྱབ་པ་དང༌། ཀུན་དུ་ཡོངས་སུ་ཟླུམ་པོ་ནི་སྙིང་པོའི་དཀྱིལ་འཁོར་དང་འོད་ཀྱི་དཀྱིལ་འཁོར་དག་ཟླུམ་པོ་ཡིན་པའི་ཕྱིར་རོ། །འདོད་པའི་ཡོན་ཏན་ལྔ་ཞེས་པ་ལ་འདོད་པ་ནི་གཟུགས་ལ་སོགས་པ་རྣམས་ཏེ་དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་དེས་གཟུགས་རྡོ་རྗེ་ལ་སོགས་པའི་རྣམ་པ་ཡིན་པ་ལ་ཡོན་ཏན་ནི་རྣལ་འབྱོར་པ་རྣམས་ཀྱིས་གོམས་པར་བྱེད་པ་སྟེ། ཡོན་ཏན་དེ་རྣམས་ཀྱིས་ཁྱབ་པ་ནི་དེའི་རང་བཞིན་ནོ། །མཆོད་པ་ལྔ་ནི་མེ་ཏོག་ལ་སོགས་པའམ་བདུད་རྩི་ཡིན་ཏེ་དེ་རྣམས་ཀྱིས་བརྒྱན་པའོ། །གཟུགས་ཞེས་པ་ནི་རྡོ་རྗེ་འཛིན་པ་ཆེན་པོ་བསྐྱེད་པ་པོ་སྔོན་དུ་སོང་བ་ཡིན་ལ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་འཁོར་ལོ་ལ་སོགས་པའི་མཚན་མ་དང་ལྡན་པའི་ལུས་སོ། །སྐུ་གསུང་ཐུགས་ཀྱི་མཚན་མ་དང་ལྡན་པ་སྟེ། འདིའི་དབང་དུ་བྱས་པས་ཆུ་བོའི་རྒྱུན་གྱི་རིགས་པས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབྲས་བུར་གྱུར་པ་རྡོ་རྗེ་འཛིན་པ་ཆེན་པོའོ། །གཞན་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡང་སྟེ་ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱ་བ་ཡིན་ནོ་ཞེས་སོ། །མི་བསྐྱོད་པ་ཡང་ཕུལ་དུ་བྱུང་བས་དམ་པ་དང་གཙོ་བོར་གྱུར་པ་ཡིན་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དྲི་མ་མེད་པ་བདེ་བ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ནི། །བསོད་ནམས་ཡེ་ཤེས་ཤེས་རབ་སྟེ། །གཉིས་ཡིན་བརྩོན་གྲུས་བྱམས་བདག་ཉིད། །བསམ་གཏན་བསོད་ནམས་དེ་བཞིན་ཤེས། །སྙིང་རྗེ་དང་ཤེས་རབ་གཙོ་བོར་གྱུར་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་པ་ཞེས་པ་དང༌། འོད་བྱེད་པ་ཞེས་པ་ཡང་སེང་གེའི་ལྟ་སྟངས་ཀྱི་ཚུལ་གྱིས་སྦྱར་རོ། །གྲུབ་ནས་རྩོམ་པ་ནི་ངེས་པའི་དོན་དུའོ་ཞེས་པའི་རིགས་པས་སྔོན་པོ་དང་དཀར་པོ་དང་དམར་པོའི་ཚུལ་གྱིས་ཞེས་པ་ལ་སོགས་པས་ངེས་པ་མེད་པའི་ཁ་དོག་བརྗོད་ན་ཡང་རྩ་བའི་ཞལ་དང་སྐུའི་ཁ་དོག་གི་ངེས་པ་མདོར་བསྟན་པ་པོར་ན་འབྱིན་པའི་རིམ་པས་ཁ་དོག་གི་ངེས་པ་གསུངས་ཏེ། ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནི་མི་བསྐྱོད་པ་ཡིན་ཏེ་རྡོ་རྗེ་སྔོན་པོའི་ཕྱག་གོ །སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་མུན་


DTG040_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པ་སེལ་བར་ནུས་པའི་ཕྱིར་འབར་བ་ཆེན་པོ་སྟེ། འོད་ཟེར་རྣམས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །མཆེ་བ་སྒུར་པོ་འཇིགས་སུ་རུང་བ་དེ་རྣམས་རྣམ་པར་གཙིགས་པ་རྣོ་བ་དེའི་ཕྱིར་འཇིགས་པ་ཡིན་ཏེ་ཅུང་ཟད་མཆེ་བ་གཙིགས་པ་ཞེ་སྡང་རྣམ་པར་དག་པ་མི་བསྐྱོད་པའོ། །གང་བཅུ་གསུམ་པ་ལ་སོགས་པ་དེ་རུ་ཁ་དོག་ལ་སོགས་པ་ངེས་པ་དེ། དོན་གཞན་ལ་ནི་བརྟེན་ནས་སུ། །དོན་དེ་ཉིད་ནི་བཟླས་པ་ཡིན། །ཞེས་པའི་རིགས་པས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ལ་སོགས་པའི་ཁ་དོག་ལ་སོགས་པའི་ངེས་པ་བསྟན་པའི་དོན་དུའོ། །རྣམ་པར་སྣང་མཛད་ཀྱི་དབང་དུ་བྱས་ཏེ་གསུངས་པ། ཤེལ་དང་ཟླ་བའི་འོད་འདྲ་བ། །ཞེས་ཏེ་དེ་ལ་ཇི་ལྟར་ཤེལ་ལ་ཡུལ་དང་དུས་དང་ཉེ་བའི་དངོས་པོའི་གཟུགས་བརྙན་ཤར་པ་དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་ལ་དངོས་པོ་མ་ལུས་པ་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་དུས་གཅིག་ཏུ་རབ་ཏུ་སྣང་ངོ་། །ཇི་ལྟར་ཟླ་བ་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་དུ་ཉ་གང་བའི་བར་འདིར་གོང་ནས་གོང་དུ་འཕེལ་བར་འགྱུར་བས་ལྷག་པའི་ཡང་ལྷག་པར་སེམས་ཅན་ཐམས་ཅད་ཀྱི་ཡིད་ཚིམ་པར་བྱེད་པ་དང༌། འབྲུ་འཕེལ་བར་བྱེད་པ་དང་མུན་པ་སེལ་བར་བྱེད་པ་ཡང་ཡིན་ཏེ་བཅོམ་ལྡན་འདས་དེ་ཡང་དང་པོར་བྱང་ཆུབ་ཀྱི་སེམས་ཉེ་བར་བཟུང་ནས་ཇི་སྲིད་དུ་སོ་སོར་མཐར་ཐུག་པའི་མྱ་ངན་ལས་འདས་པའི་མཐར་ཐུག་པ་དེ་སྲིད་དུ་སྲོག་ཆགས་མ་ལུས་པ་རྣམས་ཀྱི་ཡིད་ཚིམ་པ་དང་དགེ་བའི་རྩ་བ་འཕེལ་བར་བྱེད་པ་དང་གཏི་མུག་གི་མུན་པ་སེལ་བར་བྱེད་དོ། །དེའོ་ཕྱིར་དཀར་པོའི་དཔེ་སྲིད་ཀྱང་འདིས་ཁྱད་པར་ཅན་གྱི་དཔེ་གཉིས་གསུངས་སོ། །རལ་པའི་ཅོད་པན་གྱིས་བརྒྱན་པ། །ཞེས་པ་དང༌། སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན། །ཞེས་པ་འདི་ཡང་དཀར་པོ་ཉིད་བོར་ཏེ་བརྗོད་མ་ཐག་པ་གཉིས་པོ་སྔར་བཞིན་དུ་གཉིས་ཀའི་ཡང་དབང་དུ་བྱས་པ་ཡིན་ནོ། །འབྲས་བུར་གྱུར་པའི་རྡོ་རྗེ་འཆང་ཆེན་པོ་ཡང་རྣམ་པར་སྣང་མཛད་དང་འདྲ་བའི་འོད་ཡིན་ཏེ། དེ་མ་ཐག་པའི་དེ་འགྱུར་ཉིད། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཞེས་བཅོ་ལྔ་པའི་ཚིག་ལས་ཕྱག་ན་འཁོར་ལོ་བསྣམས་ཞེས་པ་བོར་ཏེ་ཐམས་ཅད་དུ་རྣམ་པར་སྣང་མཛད་དང་འདྲ་བར་བལྟ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་ཐ་དད་པའི་ཚིག་མེད་དོ། །འཛམ་བུ་ཆུ་བོའི་


DTG040_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་འོད་འདྲ། །ཞེས་པ་ནི་རིན་ཆེན་འབྱུང་ལྡན་ཡིན་ཏེ་གསེར་བཙོ་མའི་ཁ་དོག་གོ །སངས་རྒྱས་སྤྲིན་གྱིས་འཁྲུགས་པ་ནི་དེས་འཁྲུགས་པ་བཞིན་དུ་འཁྲུགས་པའོ། །རྡོ་རྗེ་ཆེན་པོ་རྩེ་དགུ་པ། །ཞེས་པ་ནི་ཆ་དགུ་པའི་རྡོ་རྗེ་རིན་ཆེན་ཏེ། དཔལ་ཁམས་གསུམ་རྣམ་པར་རྒྱལ་བ་ལས། །རྡོ་རྗེ་ཆེན་པོ་རྩེ་དགུ་ནི། །རིན་ཆེན་མ་རྒད་ཆ་དགུ་པ། །དེ་ཉིད་མརྒད་དུ་བརྗོད་དེ། །འོད་ཀྱི་རྣམ་པའི་རིན་ཆེན་ནོ། །ཞེས་སོ། །པདྨ་རཱ་གའི་འོད་འདྲ་བ་ནི་འདོ་དཔག་ཏུ་མེད་པའོ། །འབར་བ་ནི་ཡེ་ཤེས་ཀྱི་མེའི་ངོ་བོ་ཡིན་ལ་འདོད་ཆགས་སྙིང་རྗེ་ཆེན་པོའི་བདག་ཉིད་དེ། དེ་དེའི་བདག་ཉིད་དུ་འཛིན་པས་དེ་བསྣམས་པའོ། །དེ་ཉིད་ཀྱི་ཕྱིར་སྔར་བཞིན་དུ་འདོད་ཆགས་རྡོ་རྗེའོ། །འོད་ཟེར་ལྔ་ཡི་འོད་འདྲ་བ། །སངས་རྒྱས་དཀྱིལ་འཁོར་ཞེས་པ་ནི་སྔ་མ་དང་འབྲེལ་ཏོ། །དཀར་པོ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རྣམ་པའི་འོད་དང་ལྡན་པ་དེ་རྣམས་ཐམས་ཅད་དོ། །དོན་ཡོད་གྲུབ་པ་ནི་སྣ་ཚོགས་པའི་གཟུགས་མ་ཡིན་ཏེ། ལྗང་གུ་དང་ནག་པོ་དང་དཀར་པོའི་ཚུལ་གྱིས་ཞེས་བརྗོད་པའི་ཕྱིར་རོ། །དེ་ནས་ཞེས་པ་ནི་དོན་དམ་པར་གཟུང་བ་དང་འཛིན་པ་མེད་པས་དངོས་པོ་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཕྱིར་དེ་ལྟར་ན་ཞལ་གསུམ་པ་ལ་སོགས་པའི་བདག་ཉིད་མི་བསྐྱོད་པ་ལ་སོགས་པ་རྣམས་ཅིའི་རང་བཞིན་ཡིན། དེས་ན་མར་མེ་ཤི་བ་བཞིན་དུ་འགྱུར་རོ་ཞེས་པའི་གདུལ་བྱ་རྣམས་ཀྱི་མར་མེ་ལྟ་བུའི་མྱ་ངན་ལས་འདས་པའི་མངོན་པར་ཞེན་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །སྟོང་པ་ཉིད་གང་སྒོམ་པར་བྱེད་པ་ཡིན་ན་སྟོབས་བཅུ་ལ་སོགས་པ་འཕགས་པའི་ཆོས་མངོན་སུམ་དུ་གྱུར་ཏེ། དེ་ནི་ཆོས་རྣམས་ཀྱི་དབྱིངས་ནི་རྒྱུ་སྟེ། འཕགས་པའི་ཆོས་ཀྱི་རྒྱུ་ཡིན་ཕྱིར། །ཞེས་པས་སོ། །སྐུ་དང་གསུང་དང་ཐུགས་རྣམས་སྟོང་པ་ཉིད་དུ་རོ་གཅིག་པ་དེའི་བདག་ཉིད་ཡིན་ཏེ། མཱ་མ་ཀཱི་ལ་སོགས་པའི་གླུས་དེ་ཁོ་ན་ཉིད་ལས་བསྐུལ་བའི་རྗེས་ལ་ཟླ་བ་ཞུ་བ་རང་གི་ས་བོན་དང་མཚན་མ་ལས་གྲུབ་པ་མི་བསྐྱོད་པ་ལ་སོགས་པའི་ལྷ་རྣམས་ཀྱི་སྐུར་བྱིན་གྱིས་བརླབ་པའི་ཕྱིར་མར་མེ་དང་འདྲ་བའི་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པ་སྤོང་བས་བསྟན་པར་བྱ་བའི་ཕྱིར་སྔགས་ཡིན་ནོ། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པར། །གང་ཞིག་ཆོས་ཡོད་མ་ཡིན་ནོ། །ཞེས་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་


DTG040_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་བཞིན་ཉིད་ཀྱི་བདག་ཉིད་གང་ལ་ཡོད་པ་ནི་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པའི་དེ་ལྟར་དེ་ང་ཡིན་ནོ་ཞེས། གཉིས་མེད་དངོས་ནི་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་ཡིན། །ཞེས་སྟོང་པའི་རང་བཞིན་གྱི་མི་བསྐྱོད་པ་ལ་སོགས་པ་ཡོད་པའི་ཕྱིར་ཅིས་ན་མེ་བཞིན་དུ་མྱ་ངན་ལས་འདས་པའི་སྐབས་ཡོད་ཅེས་དོན་དམ་པར་སྐུར་བ་འདེབས་པའི་མཐའ་མེད་པར་གསུངས་སོ། །སྐབས་སུ་བབ་པའི་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་བརྟེན་པའི་སེམས་དབང་དུ་བྱ་བའི་དོན་དུ་ཕྲ་མོའི་རྣལ་འབྱོར་གྱི་བསྒོམ་པ་གསུངས་པ་དེ་བཞིན་གཤེགས་པ་ལྔའི་ཁ་དོག་གོ །ཆེན་པོ་དེ་ཡང་དེ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་དེས་དངོས་པོ་མ་ལུས་པ་རྣམས་ལ་ཁྱབ་པའི་ཕྱིར་རོ། །ཟག་པ་མེད་པའི་དགའ་བ་རྒྱས་པར་བྱེད་པས་རིན་པོ་ཆེའོ། །སྣའི་རྩེ་མོ་ནི་རང་གི་རིག་མའི་ཆུ་སྐྱེས་ཀྱི་ཟེའུ་འབྲུར་རོ། །རྣལ་འབྱོར་གྱིས་ནི་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པས་སོ། །རྟག་པ་ནི་ཇི་སྲིད་དུ་སེམས་དབང་དུ་མ་གྱུར་པ་དེ་སྲིད་དུའོ། །བསྟན་པ་ཉིད་ནི་བསྟན་པའི་མཚན་མ་ལྔ་པོ་ཐོབ་ན་སྤྲོ་བར་བྱ་སྟེ་གཞན་དུ་ནི་མ་ཡིན་ནོ། །འཁོར་ལོ་དང་རྡོ་རྗེ་དང་རིན་པོ་ཆེ་ནི་རྩ་བའི་ཕྱག་མཚན་རྣམས་ཏེ་གོ་རིམས་ཇི་ལྟ་བར་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་རིན་ཆེན་ཏོག་གང་ཡིན་པ་རྣམས་ཀྱིའོ། །པདྨ་དང་ཤུགས་ཅན་མཆོག་ནི་མཚོན་ཆ་སྟེ་འོད་དཔག་མེད་དང་དོན་ཡོད་གྲུབ་པའི་སྟེ། དེ་བཞིན་དུ་བརྗོད་དོ། །དཀྱིལ་འཁོར་གྱི་བདག་པོ་བསྟན་པ་རྣམས་ཀྱི་འཁོར་ལོའི་ཁ་དོག་གི་ངེས་པ་གསུངས་པ། ནམ་མཁའི་དབྱིངས་ནི་སྔར་བཞིན་ནོ། །རྡོ་རྗེ་མི་བསྐྱོད་པ་ཡིན་ཏེ་དེའི་ཕྱག་མཚན་ཡིན་པའི་ཕྱིར་ཉེ་བར་གདགས་པས་སོ། །དེའི་ཁ་དོག་གི་དཀྱིལ་འཁོར་ཏེ་བྲི་བར་བྱ་བ་ནི་བསྒོམ་པར་བྱའོ། །གསལ་བའི་དཀྱིལ་འཁོར་ནི་ཤེལ་དང་འདྲ་བ་སྟེ་འཁོར་ལོ་ནི་རྣམ་པར་སྣང་མཛད་དོ། །པདྨ་ནི་འོད་དཔག་ཏུ་མེད་པའོ། །དེའི་ཁ་དོག་གི་དཀྱིལ་འཁོར་རོ། །དེ་འདྲ་བ་ནི་ཡང་དག་པར་སྟོན་པས་སོ། །རིན་ཆེན་ནི་རིན་ཆེན་ཏོག་སྟེ་དེའི་ཁ་དོག་ཡིན་ལ་དེའི་རིན་པོ་ཆེ་ལ་གཙོ་བོར་བྱེད་པ་སྟེ་མངོན་པར་མོས་པའོ། །དེ་བཞིན་དུ་དོན་ཡོད་གྲུབ་པའི་ཁ་དོག་ནི་དེའི་དཀྱིལ་འཁོར་ཡིན་ཏེ་འདི་མཚོན་པར་བྱེད་པ་ཡིན་པའི་ཕྱིར་དེ་ཀུན་ལ་ཡང་བལྟ་བར་བྱའོ། །སྦྱོར་བ་ལས་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་སྙོམས་པར་འཇུག་པ་ལས་ཡང་དག་པར་བྱུང་བ་སྟེ།


DTG040_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གང་ཡིན་པ་དེ་ནི་སྦྱོར་བའི་དཀྱིལ་འཁོར་ལས་བྱུང་བ་བྲི་བར་བྱ་བ་ནི་བསྒོམ་པར་བྱ་བ་སྟེ། ནམ་མཁའ་དང་ཉེ་བའི་ནམ་མཁའི་ཡུལ་དུའོ། །འདི་སྐད་དུ་བརྗོད་པར་འགྱུར་ཏེ་ས་ཡོངས་སུ་གཟུང་བའི་དུས་སུ་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་བསྒོམས་ཏེ་སྤྲུལ་པའི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་ནས་དཀྱིལ་འཁོར་གྱི་ས་གཞིའི་ཆ་ནམ་མཁའ་དང་མཉམ་པར་མངོན་པར་བསྒོམས་ཏེ་འཁོར་ལོ་བྲི་བར་བྱའོ་ཞེས་པའོ། །སྤྲུལ་པའི་འཁོར་ལོ་བཏེག་ནས་ནི། །ཞེས་བཟང་པོའི་ཞབས་ཀྱིས་གསུངས་པའི་ཕྱིར་རོ། །འདི་ཉིད་མཆོག་ཏུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་སོགས་པར་མངོན་པར་རྫོགས་པའི་སངས་རྒྱས་རྣམས་ལས་དམ་པ་ཡིན་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དྲི་མ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །ཚོགས་པའི་ཁྱད་པར་གང་ཡིན་ཞེ་ན། སྐུ་དང་གསུང་དང་ཐུགས་རྣམས་སྤྲུལ་པ་ལ་སོགས་པའི་གཟུགས་རྣམས་སྒྲུབ་པར་བྱེད་པའི་བདེ་བ་ཆེན་པོའི་ངོ་བོས་མངོན་སུམ་དུ་བྱེད་པས་སོ། །དཀྱིལ་འཁོར་ནི་དཀྱིལ་འཁོར་བའོ། །རྒྱུ་ལྔ་དང་ནི་རིག་པ་དང༌། །རྡོ་རྗེ་རུ་ནི་བརྗོད་པ་ཡིན། །ཞེས་པས་རྡོ་རྗེ་ལས་བྱུང་བའོ། །ཐམས་ཅད་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངོ་བོའི་ཤེས་པར་བྱེད་པའི་ཕྱིར་ཐམས་ཅད་མཁྱེན་པ་སྟེ་དེའི་བདག་ཉིད་དོ། །དཀར་པོ་ལ་སོགས་པའི་རྣམ་པ་རྣམས་ནི་དེའི་རྣམ་པའི་གདུལ་བྱའི་དབང་གིས་ཏེ་དེ་ཐོབ་པ་ནི་དེའི་དབང་དུ་གྱུར་པ་ཡིན་ནོ། །དངོས་པོ་མཐའ་དག་རིག་ཡོད་མིན། །ཚང་མས་མ་གྲུབ་པ་ཡི་ཕྱིར། །ཡོད་ནའང་མི་ཡི་རྭ་སོགས་པའང༌། །ཡོད་པར་ཐལ་བར་འགྱུར་ཕྱིར་རོ། །གལ་ཏེ་ཀུན་མཁྱེན་འདི་ཡོད་ན། །ཁོ་བོ་ཅག་སོགས་ཀྱིས་མཐོང་འགྱུར། །མ་མཐོང་ཕྱིར་ན་རྟོགས་མེད་ཕྱིར། །ཡོད་པར་ཅི་ལྟར་རྗེས་སུ་དཔོག །སྒྲུབ་བྱེད་གནོད་བྱེད་མེད་པའི་ཕྱིར། །ཁྱོད་ལ་ཐེ་ཚོམ་ཉིད་ཡོད་དོ། །སྨྲ་ཕྱིར་མེད་པ་ཡིན་ཞེ་ན། །མ་ཡིན་མ་སོགས་མེད་པར་འགྱུར། །དེ་གྲུབ་ཉེར་བསྟན་ལས་ཤེ་ན། །ཁོ་བོའི་ཐམས་ཅད་མཁྱེན་དེའང་མཚུངས། །མ་ནི་སྤྱི་རུ་གྲུབ་ཅེ་ན། དང་པོ་ཉིད་དུ་མ་ངེས་ཡིན། །སྨྲ་བ་ལ་ནི་རྟོགས་པས་ཁྱབ། །དེ་ཡི་ཡུལ་ནི་དོན་མེད་ཡིན། །ཐམས་ཅད་མཁྱེན་པའང་དོན་ཡོད་ཡིན། །འགལ་བས་ཁྱབ་ཕྱིར་དེ་མ་ཡིན། །གང་གིས་ཀུན་མཁྱེན་


DTG040_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ནི་འདོད། །དེ་ཚེ་དེས་ནི་ཉམས་མྱོང་མིན། །གང་ཚེ་མྱོང་ཡོད་དེ་ཡོད་མིན། །དེ་ཕྱིར་མེད་སྒྲུབ་གྲུབ་སྒྲུབ་ཡིན། །ཡང་ན་གོམས་ཕྱིར་ཉལ་བ་ན། །ཚིག་ཉིད་རྟོག་པ་མེད་པར་ཡོད། །སེམས་ཡེངས་པ་ན་ཁ་ཏོན་བཞིན། །རྨི་ལམ་སོགས་ལ་རྟོག་པ་མེད། །ཡང་དག་དྲན་ཉིད་བསྟན་ཆེད་དུ། །མ་དཔྱད་པར་ནི་འདིར་མི་གསུང༌། །ཞེས་བརྗོད་ཕལ་ཆེར་དུ་ནི་ཚིག །མི་ཡི་རྣམ་རྟོག་རྗེས་སུ་འབྲང༌། །སངས་རྒྱས་རྟག་ཏུ་མཉམ་གཞག་སྟེ། །གཞན་དུ་གྲུབ་པ་མ་ཡིན་ནོ། །གང་ལས་ཐམས་ཅད་མཁྱེན་པའི་ཚིག །ཀུན་མཁྱེན་ཡེ་ཤེས་སྔོན་འགྲོ་ཡིན། །དེས་ན་ཡོད་པ་མ་བཀག་སྟེ།། མི་རྣམས་ཐེ་ཚོམ་བྱ་བའི་རིགས། །ཐམས་ཅད་མཁྱེན་བསྒྲུབ་ཚད་མ་ནི། །གང་ཚེ་ངེས་པ་ཉིད་ནའང་ཡིན། །རྣམ་པ་ཀུན་ནི་ཡོངས་མཁྱེན་པ། །མེད་པར་དེ་ཡི་ཚིག་མ་ཡིན། །སྐད་ཅིག་སོགས་ཀྱི་ཚིག་འདི་ནི། །དངོས་པོ་དེ་ཉིད་སྟོན་བྱེད་ཡིན། །དེས་ན་རྒྱུ་འདིས་རྟག་གྲུབ་མིན། །ཡང་ན་ཐེ་ཚོམ་ཟ་བ་ཡིན། །སྐྱེ་གཉིས་ལ་སོགས་ཐ་དད་ལས། །དེ་ཡི་རིགས་སོགས་ངེས་མ་ཡིན། །རྣམ་སོགས་དབང་ལས་ཡིན་ཞེ་ན། །མ་ཡིན་གཡུང་སོགས་ལ་མཐོང་བས། །ཐམས་ཅད་མཁྱེན་པའི་ཁྱད་པར་ལ། །གོམས་པའི་རྟགས་ནི་སྲིད་པ་ཡིན། །ཆོས་ཅན་མ་གྲུབ་སོགས་སྐྱོན་གང༌།། མ་ཡིན་སྐྱེས་བུ་ཙམ་གྲུབ་ཕྱིར། །གང་ཚིག་དེ་ཉིད་སྟོན་བྱེད་པ། །དེ་ཉིད་ཁོ་བོའི་བདེ་གཤེགས་ཡིན། །ཚད་མས་གནོད་པའི་བདག་ལ་སོགས། །སྟོན་བྱེད་ལུང་ནི་མཐོང་བས་སོ། །དབང་ཕྱུག་ལ་སོགས་ཀུན་མཁྱེན་མིན། །འགལ་བས་ཁྱད་པར་མཐོང་བའི་ཕྱིར། །རིག་བྱེད་ལས་ནི་བསྟན་པས་འདི། །དེ་ཉིད་ཅེ་ན་བཀག་ཕྱིར་མིན། །རྗེས་སུ་འགྲོ་དང་ལྡོག་པ་ལས། །སྐྱེས་བུའི་ཚིག་ཏུ་གྲུབ་པ་ཡིན། །རྒྱུ་མེད་གཅིག་ཏུ་སྐྱེ་མ་ཡིན། །རྟག་ཏུ་ཡོད་སོགས་ཐལ་འགྱུར་ཕྱིར། །རིག་བྱེད་ཚིག་གི་བདག་ཉིད་ཕྱིར། །ངེས་པར་སྐྱེས་བུས་བྱས་པ་ཡིན། །རིག་བྱེད་ཁྱད་པར་ཅན་ཚིག་ཅེ།། མ་ཡིན་ཁྱད་པར་མ་གྲུབ་ཕྱིར། །རྟོགས་དཀའི་ཁྱད་པར་ཡོད་ཅེ་ན། །དེ་ནི་ཀླ་ཀློ་སོགས་ལའང་མཚུངས། ཚད་མས་འགྲུབ་པའི་དེ་ཉིད་ནི། །གང་ཞིག་སྟོན་དེ་ཀུན་མཁྱེན་ཡིན། །གཞན་དུ་ཡོང་ཤེས་ཐུབ་པ་ལ། །ཚུ་རོལ་མཐོང་བ་ཐེ་ཚོམ་ཟ། །ཚད་མ་གཉིས་ཀྱི་ཡུལ་ནི་གྲུབ། །འགའ་ལ་


DTG040_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་ཀྱང་མི་གནོད། །ལུང་གི་ཚད་ཡིན་དབང་སོགས་མིན། །འདི་འདྲ་འདི་ལ་དཔག་མ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲོས་པས་གསལ་བའི་ཕྱིར། གསལ་བ་དེ་ཉིད་རྡོ་རྗེ་བཀོད་པ་ཡིན་ནོ། །དཔལ་གསང་བ་འདུས་པའི་རྒྱན་གྱི་ལེའུ་གསུམ་པའོ།། །།

ལེའུ་བཞི་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་བཤད་པ།


DTG040_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་དབང་བསྐུར་བ་དང་རྗེས་སུ་གནང་བ་སྡོམ་པ་ལ་སོགས་པའི་ཡོངས་སུ་བཟུང་བ་མེད་པར་གྲུབ་ལ་དེ་ཡང་དཀྱིལ་འཁོར་མེད་པར་མ་ཡིན་ཏེ། དཀྱིལ་འཁོར་དམན་པར་གྱུར་པ་དང༌། །དམ་ཚིག་སྤངས་པར་འགྱུར་པ་ནི། །སྒྲུབ་ཐབས་ཅུང་ཞིག་མི་འགྲུབ་སྟེ། །གསང་བའི་དེ་ཉིད་མེ་ཤེས་ཕྱིར། །ཞེས་དཔལ་སངས་རྒྱས་ཐམས་ཅད་ལས་གསུངས་པ་དང༌། རི་མོའི་དཀྱིལ་འཁོར་ཡང་མ་བསྟན་ནོ་ཞེས་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །ཡང་ཞེས་པ་ནི་ལེའུ་དང་པོའི་འདུས་པ་ལ་ལྟོས་ནས་སོ། །ལས་དང་པོ་པའི་སློབ་དཔོན་ཡང་སྔར་བསྙེན་པ་བྱས་པ་དང་ཕྲ་མོའི་རྣལ་འབྱོར་ལ་སོགས་པས་མཚན་མ་ཐོབ་པས་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་དང་ལྡན་པའི་བདག་པོའི་རྣལ་འབྱོར་པ་རྡོ་རྗེ་དྲིལ་བུ་འཛིན་པ་ལ་དེ་འཛིན་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་སློབ་མ་རྣམས་ཤར་ལ་སོགས་པའི་ཕྱོགས་བཞིར་གནས་པ་རྣམས་ཀྱིས་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་གདབ་པ་གསུངས་པ། ཀུན་ཞེས་ཏེ་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་པའི་ཕྱིར་ཞི་བའོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་སོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་མཆོག་བདག་མེད་པ་དང་སྟོང་པ་ཉིད་ཀྱི་བདག་ཉིད་དེ་ཡིན་པའི་ཕྱིར་ཞི་བ་ཡིན་ནོ། །བཤད་པ་ནི་སྟོན་ཅིག་པའོ། །བྱ་བའི་རྒྱུད་ལ་སོགས་པའི་དཀྱིལ་འཁོར་རྣམས་ལས་མཆོག་ཏུ་གྱུར་པའི་འབྲས་བུ་ཐོབ་པའི་ཕྱིར་དམ་པ་ཡིན་ཏེ་ཐུན་མོང་བའི་གསོལ་བ་གདབ་པའོ། །གྲུ་བཞི་ལ་སོགས་པའི་མཚན་མ་དང་ལྡན་པའི་ཕྱིར། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའོ། །སྦོམ་པ་དང་ཕྲ་བ་དང་ཡོན་པོའི་རི་མོའི་སྐྱོན་དང་བྲལ་བའི་ཕྱིར་མཚན་མིན་ཐམས་ཅད་སྤངས་པའོ། །ཀྱེ་ཀུན་དུ་བཟང་


DTG040_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་ཏེ་སྐུ་ནི་སྐུ་རྡོ་རྗེ་སྟེ་མཆོག་གོ །འདིར་དེ་བཤད་དུ་གསོལ་ཞེས་ཏེ་སྐུའི་དཀྱིལ་འཁོར་རོ། །ཞི་བའི་ཆོས་ནི་སྟོབས་བཅུ་ལ་སོགས་པ་སྟེ་མཆོག་དེ་འདིར་ཡིན་པས་དེ་སྐད་ཅེས་བྱའོ། །སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དེ་ལས་བྱུང་བའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་སྤྱོད་པ་ནི་ཡེ་ཤེས་སྤྱོད་པའོ། །དེའི་ཐབས་སྣ་ཚོགས་པའི་ངོ་བོས་ཡོངས་སུ་སྦྱོང་བར་བྱེད་པའོ། །གང་དུ་ཞུགས་པ་ཙམ་གྱིས་ནི། །ཟིལ་གྱིས་མི་ནོན་བཟློག་པ་མེད། །དཔའ་བོ་རྣམས་ནི་འགྱུར་སྲིད་དེ། །བདེ་བ་ཆེན་པོ་རབ་འཕེལ་ཕྱིར། །ཞེས་གསུངས་པས་སོ། །གསུང་ནི་གསུང་རྡོ་རྗེའོ། །འདིར་མཆོག་བཤད་དུ་གསོལ་ཞེས་ཏེ་གསུང་གི་དཀྱིལ་འཁོར་རོ། །སེམས་ཅན་ཐམས་ཅད་ཀྱི་ཆེན་པོ་ཡང་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོས་དངོས་པོ་མ་ལུས་པ་ལ་ཁྱབ་པའི་ཕྱིར་རོ། །སེམས་ཀྱང་ཡིན་ཏེ་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པའོ། །དག་པ་ནི་བག་ཆགས་དང་བཅས་པར་གཉི་ག་ཡང་སྤངས་པའོ། །ཅིའི་ཕྱིར་ཞེ་ན། གང་ལས་རང་བཞིན་གྱིས་དྲི་མ་མེད་པའོ། །ཐུགས་ནི་ཐུགས་ཀྱི་རྡོ་རྗེ་སྟེ་མཆོག་གོ །གང་དུ་དེ་བཤད་དུ་གསོལ་ཞེས་སོ། །ཁ་ལོ་སྒྱུར་བ་ནི་ལམ་གྱི་བདེན་པའི་ཤིང་རྟ་ཡིས་རྡོ་རྗེ་འཛིན་པའི་ས་ཐོབ་པར་བྱེད་པའི་ཐུགས་ཀྱི་དཀྱིལ་འཁོར་ལ་གསོལ་བ་གདབ་པའོ། །ཉོན་མོངས་པའི་དགྲ་སེལ་བར་བྱེད་པས་ན་སྟོན་པའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོས་ས་འོག་དང་ས་སྟེངས་དང་ས་བླའི་རང་བཞིན་ཡིན་པའི་ཕྱིར་འཇིག་རྟེན་གསུམ་མོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་རང་བཞིན་ཡིན་པས་ཁམས་གསུམ་པའོ། །འཇིག་རྟེན་གསུམ་ན་མཆོག་ཡིན་པ་ནི་ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པ་དེ་རྣམས་ལས་སོ། །རྡོ་རྗེ་ནི་སྟོང་པ་ཉིད་ཡིན་ཏེ་ཡེ་ཤེས་ལྔ་ལ་སོགས་པའི་ངོ་བོས་གཙོ་བོའོ། །དེ་ཉིད་ཀྱི་ཕྱིར་འདི་རྣམས་འཇིག་རྟེན་གསུམ་གྱི་མཆོག་སྟོན་པའོ། །མཐོང་བ་ཙམ་གྱིས་ཡང་གདུལ་བྱའི་ཡིད་འཕྲོག་པར་བྱེད་པའི་ཕྱིར་ཉམས་དགའ་བའོ། །བྱང་ཆུབ་ཆེན་པོའི་ཐུགས་ཀྱི་རྒྱུ་མཐུན་པ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སོ། །བསམ་གཏན་གྱི་དཀྱིལ་འཁོར་དང་འདྲ་བ་ཡང་འདིར་ཟུར་བཞི་ལ་སོགས་པའི་རྣམ་པ་ཡིན་པས་དེ་བཞིན་དུའོ། །དེ་ནས་ཞེས་པ་ནི་བསྙེན་པ་


DTG040_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་མཚན་མ་ཐོབ་པའི་རྗེས་ལའོ། །གང་གི་ཕྱིར་དཀྱིལ་འཁོར་དུ་ཞུགས་པ་མེད་ན་གྲུབ་པ་མེད་པའི་རྒྱུས་སོ། །རབ་ཏུ་ཕྱེ་ནས་བཤད་པར་བྱའོ། །ཐུགས་གཙོ་བོར་གྱུར་པའི་དཀྱིལ་འཁོར་རོ། །ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་འདྲ་བ་སྟེ། རྣམ་པར་སྨིན་པ་ལ་སོགས་པའི་ཡོན་ཏན་མཚུངས་པའི་ཕྱིར་ལ་དཔལ་རྡོ་རྗེ་སེམས་དཔའི་ལྷ་རྣམས་ཀྱི། འཁོར་ལོ་མངོན་སུམ་མཐོང་བ་ལས། །བརྟག་པའི་བསོད་ནམས་ཅི་འདྲ་བར། །བྲིས་བ་ལ་ཡང་དེ་བཞིན་ནོ། །ཞེས་བརྗོད་པའི་ཕྱིར་རོ། །ཐུགས་གཙོ་བོ་ཡིན་ན་ཡང་སྐུ་དང་གསུང་མེད་ན་མི་འབྱུང་བའི་ཕྱིར་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་རོ། །སར་པ་ནི་དཀྱིལ་འཁོར་གཞན་ལ་མ་སྤྱད་པས་སོ། །ལེགས་བཀལ་བ་ནི་ཉི་ཤུ་རྩ་ལྔར་ཕྱེ་བས་སོ། །ལེགས་པའི་ཚད་འཁོར་ལོ་ལས་ཉིས་འགྱུར་གྱི་རིང་བ་དང་སྒོའི་ཉི་ཤུ་ཆའི་སྦོམ་པའོ། །མཛེས་པ་ནི་མདུད་པ་མེད་པ་དང་མི་ལྷོད་པས་སོ། །ཤེས་རབ་ཅན་ནི་མཁས་པ་སྟེ་བདེ་བར་གཤེགས་པའི་ཚིག་དེས་རྟོགས་པའི་ཕྱིར་རོ། །ཁྲུ་བཅུ་གཉིས་ཞེས་པ་ནི་གྲངས་ཀྱི་ཚད་ཀྱིས་གདུལ་བྱ་རྗེས་སུ་གཟུང་བའི་ཕྱིར་གསུངས་པའོ། །དེ་ངེས་པ་ནི་མ་ཡིན་ཏེ། ཁྲུ་གང་ལས་ནི་བརྩམས་ནས་ནི། །དེ་སྲིད་ཁྲུ་ནི་སྟོང་གི་བར། །ཞེས་གསུངས་པའི་ཕྱིར་རོ། །གྲུ་བཞི་ནི་ཤར་ལ་སོགས་པའི་ཕྱོགས་ཀྱི་རི་མོ་དང་ལྡན་པའོ། །གྲྭ་ནི་མཚམས་ཀྱི་རི་མོ་གཉིས་དང་ལྡན་པའི་ཕྱིར་རོ། །སྒོ་བཞི་ནི་དཀྱིལ་འཁོར་གྱི་བརྒྱད་ཀྱི་ཆ་གང་དུ་ཡིན་པ་དེ་དེ་སྐད་ཅེས་བྱའོ། །ཟུར་བཞི་པ་དེའི་ཕྱེད་ཀྱི་ཚད་ཀྱིས་ཡོངས་སུ་བསྐོར་བ་ཀ་བ་བརྒྱད་ཀྱིས་མཛོད་པའི་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །ཐིག་ལ་སོགས་པའི་ཆོ་ག་འདི་ཡང་རྒྱུད་གཞན་ལས་གསུངས་པ་དང་བཟང་པོ་ཞབས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ལས་ཤེས་པར་བྱ་སྟེ། འདིར་ནི་བཏགས་པ་ལ་འཐག་པས་ཅི་ཞིག་བྱ་སྟེ་གཞུང་མངས་པས་འཇིགས་པས་མ་བྲིས་སོ། །དེ་ཉིད་ཀྱི་ཕྱིར་ལས་ཀྱི་ཆོ་ག་མཐོང་བ་ཞེས་གསུངས་ཏེ། རྒྱུད་གཞན་ལས་གསུངས་པའི་ཆོ་གས་སོ། །ཕྱག་རྒྱ་ནི་ཕྱག་མཚན་རྣམས་དགོད་པར་བྱ་བ་ཡིན་གྱི་ཕྱག་རྒྱ་ཆེན་པོ་རྣམས་ནི་མ་ཡིན་ཏེ། མུ་སྟེགས་ཅན་ལ་ཕན་གདགས་ཕྱིར། །སངས་རྒྱས་བཙུན་


DTG040_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྦས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་བསྟན་པས་ཐོས་པ་དང་མི་ལྡན་པ་རྣམས་མ་དད་པས་བཅོམ་ལྡན་འདས་ལ་སྐུར་བ་འདེབས་པར་མི་འགྱུར་བའི་ཆེད་དུ་ལས་ཀྱི་ཆོ་ག་མཐོང་བ་ཡིས་ཞེས་གཞན་ནོ། །ལས་ཀྱི་ཆོ་ག་མཐོང་བ་ལས་བསྟན་པའི། །སོ་སོའི་འབྱིན་པའི་སྔགས་ཀྱིས་དགོད་པར་བྱ། །ཞེས་གཞན་དག་གོ །དེའི་དབུས་ནི་དཀྱིལ་འཁོར་གྱི་དབུས་སུ་སྟེ་དབུས་ཀྱི་རེའུ་མིག་ལའོ། །རྡོ་རྗེ་ནི་མི་བསྐྱོད་པའོ། །ཤར་ཕྱོགས་སུ་ཆེན་པོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །འཁོར་ལོ་ནི་རྩིབས་བརྒྱད་པ་དཀར་པོ་སྟེ་རྣམ་པར་སྣང་མཛད་ཀྱིའོ། །རྡོ་རྗེ་འབར་བས་རྣམ་པར་བརྒྱན་པ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་རྡོ་རྗེ་འབར་བས་སོ། །འདི་ཡང་ཐམས་ཅད་ཀྱི་ཕྱག་མཚན་རྣམས་ཀྱི་ཁྱད་པར་རོ། །རིན་ཆེན་ཆེན་པོ་ལྷོ་ཕྱོགས་སུ་ཞེས་པ་ནི་ལྗང་གུ་ཆ་དགུ་པ་སྟེ་རིན་ཆེན་འབྱུང་ལྡན་གྱིའོ། །ནུབ་ཕྱོགས་སུ་སྣང་བ་མཐའ་ཡས་ཀྱི་པདྨའོ། །བྱང་གི་ལེ་ཚེ་ལ་དོན་ཡོད་གྲུབ་པའི་རལ་གྲི་ལྗང་གུའོ། །མེ་རུ་སྤྱན་གྱི་དབུས་ན་སྤྲིན་དང་འདྲ་བ་ནི་སྤྱན་མའོ། །བདེན་བྲལ་དུ་མཱ་མ་ཀཱིའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །རིགས་ནི་མི་བསྐྱོད་པ་ཡིན་ལ་དེ་ལས་བྱུང་བའོ། །རླུང་དུ་གོས་དཀར་མོའི་པདྨ་དམར་པོའོ། །དབང་ལྡན་གྱི་རེའུ་མིག་ལ་སྒྲོལ་མའི་ཨུཏྤལ་སེར་པོའོ། །ཕྱིའི་དཀྱིལ་འཁོར་གྱི་ཟུར་དང་ཤར་གྱི་སྒོའི་ངོས་གཉིས་སུ་གོ་རིམས་ཅི་ལྟ་བར། མེ་ལོང་པི་ཝང་དུང་དང་ནི། །དེ་བཞིན་སྣོད་དང་སྣ་ཚོགས་གོས། །ཆོས་འབྱུང་བ་ཡི་ཕྱག་རྒྱ་དྲུག །འཁོར་ལོའི་བདག་པོ་རྡོ་རྗེ་ཅན། །ཞེས་རྒྱུད་ཕྱི་མ་ལས་མཚན་མ་དྲུག་པོ་རྣམས་གསུངས་སོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ཐོ་བ་སྔོན་པོ་དང༌། སྦྱིག་པ་དཀར་པོ་དང༌། པདྨ་དམར་པོ་དང༌། ཁ་གྱེས་པའི་རྡོ་རྗེ་སྔོན་པོ་རྣམས་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ཀྱིས་སོ། །གཤིན་རྗེ་མཐར་བྱེད་ལ་སོགས་པ་དང་རྟག་པ་བོར་བའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ནི་ཉི་མའི་དཀྱིལ་འཁོར་རྣམས་ལའོ། །ལྷག་མ་རྣམས་ཀྱི་ཕྱག་མཚན་ནི་ཟླ་བའི་དཀྱིལ་འཁོར་རྣམས་ལ་བྲི་བར་བྱའོ། །དེ་ཉིད་ཀྱི་ཕྱིར་ཁ་གྱེས་པའི་རྡོ་རྗེ་བཤད་པའི་དོན་དུ་རྡོ་རྗེ་འདི་ཡིན་ཏེ། སྙིང་པོ་བརྟན་ཞིང་ཁོང་སྟོང་མེད། །སྟོང་པ་ཉིད་ལ་རྡོ་རྗེར་བརྗོད། །ཅེས་ཏེ་སྟོང་པ་


DTG040_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་དང༌། འཁྱིལ་པ་ཡང་བདུད་རྩི་འཁྱིལ་པ་ཡིན་ཏེ། རྡོ་རྗེ་ཅན་གྱི་ཡང་མཚན་མ་དེ་ཡིན་པས་གང་དེའི་ཁྲོ་བོ་རྡོ་རྗེ་ཞེས་ཁྱད་པར་དུ་གསུངས་སོ། །དེས་ན་སྣ་ཚོགས་རྡོ་རྗེ་དང་གཉིས་དགོད་དོ་ཞེས་པ་ནི་མི་རིགས་སོ། །ཡོངས་སུ་གསལ་བ་ནི་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་ཐུགས་ཀྱི་བདག་པོའི་དཀྱིལ་འཁོར་རོ། །མཆོད་པ་ཞེས་པ་ལ་སོགས་པའི་བསྡུས་པའི་ཚིག་རྣམ་པར་སྤྲོས་ནས་གསུངས་པ་ཡིན་ཏེ། ལོ་བཅུ་དྲུག་ལོན་པ་ནི་མཚོན་པར་བྱེད་པ་ཡིན་པས་ཉུང་བ་དང་ལྷག་པ་ཡང་གཟུང་བར་བྱ་སྟེ། དུད་འགྲོ་ལས་ཀྱང་རབ་ཏུ་བརྟག། ཅེས་གསུངས་པའི་ཕྱིར་རོ། །བཅོ་ལྔ་པར་བཤད་པའི་བཙུན་མོ་ཞེ་སྡང་གི་རིགས་ཀྱི་བུ་མོ་ཡིན་ཏེ། དེའི་དབུས་སུ་ཞེས་པ་ནི་དེ་དང་ཉེ་བའི་ཡུལ་དུའོ། །བྱིན་གྱིས་བརླབས་པ་ནི་ཡན་ལག་བཞི་པའི་རིམ་པས་མིག་ལས་སོགས་པ་བྱིན་གྱིས་བརླབ་པས་བྱིན་གྱིས་བརླབ་བོ། །དེ་ཞེས་པ་ནི། མཆོག་ཏུ་དད་ཅིང་ཤེས་རབ་ཆེ། །གཟུགས་བཟང་སྒྲུབ་པ་པོ་ལ་དགའ། །སྦྱོར་བ་གཅིག་གི་བྱ་བ་གོམས། །དམ་ཚིག་དག་གི་དམ་ཚིག་ཅན། །ཞེས་རྒྱུད་ཕྱི་མ་ལས་གསུངས་སོ། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །སྔགས་དང་རྒྱུད་ནི་ལེགས་པར་བསླབས། །ཞེས་བཅུ་དྲུག་པ་ལས་ཀྱང་གསུངས་སོ། །མཱ་མ་ཀཱི་ཞེས་ཏེ་དེ་དང་འདྲ་བའི་མི་བསྐྱོད་པའི་རང་འོད་ཀྱི་ཤེས་རབ་པོ། །ཡོན་ཏན་ནི་སྟོབས་བཅུ་ལ་སོགས་པའི་གང་གི་སྐ་རགས་ཡིན་པ་དེ་ནི་དེ་བཞིན་ནོ། །སྤྲོ་བར་བྱ་ཞེས་པ་ནི་རང་འོད་ཀྱི་ཤེས་རབ་ཀྱི་པདྨའི་ལྟེ་བ་ལ་གནས་པའོ། །སངས་རྒྱས་ནི་མི་བསྐྱོད་པ་ཡིན་ཏེ་གནས་ནི་དཀྱིལ་འཁོར་རོ། །བག་ཆགས་དང་བཅས་པའི་གཉིས་ཀྱི་སྒྲིབ་པ་སྤངས་པའི་ཕྱིར་ཞི་བའོ། །ནམ་མཁའི་དབྱིངས་དེ་ནི་གནས་པའི་སེམས་ཅན་གང་གི་བརྒྱན་པ་དེ་དག་གང་གིས་རྫོགས་པའི་སངས་རྒྱས་སུ་བྱས་པ་སྟེ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་རང་ཇི་ལྟ་བ་སྤྲོས་ཏེ་བསྟིམ་པར་བྱའོ། །བཤང་བ་ཞེས་པ་ལ་སོགས་པས། །བཤང་གཅི་ཤ་ཁྲག་སེམས་བྱུང་གཞན། །བ་ལང་ཁྱི་གླང་རྟ་མི་ལྔ། །ཞེས་ཏེ་ཅི་ལྟར་སྲིད་པར་ཏེ། །ཐ་མལ་ལུས་ཀྱི་ཆོས་རྣམས་ལས། །དྲི་མ་ལྔ་རྣམས་སྣང་བ་ནི། །ཡེ་ཤེས་ལྔ་ཡིས་བྱིན་བརླབ་ཕྱིར། །བདུད་རྩི་ལྔ་ཞེས་བྱ་བར་དྲན། །སྦར་དང་བསྲེག་པ་ཉིད་དང་ནི། །རྣམ་པར་བྱེད་དང་


DTG040_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་གསལ་བ། །སྔགས་ཀྱི་ལུས་ཀྱི་སྦྱོར་བ་ཡིས། །བདུད་རྩི་ལྔ་ཡི་བདུད་རྩི་བཟང༌། །རྡོ་རྗེ་ཧཱུཾ་ལས་བྱུང་བ་ནི། །བར་སྣང་ལ་གནས་བསམ་པར་བྱ། །ཨཱཿ་ལས་བྱུང་བའི་པདྨ་ནི། །དེ་ཡི་འོག་ཏུ་བསྒོམ་པར་བྱ། །ཨོཾ་གྱིས་མཚན་པའི་བདུད་རྩི་ལྔ། །དེ་ཡི་དབུས་སུ་གཞུག་པར་བྱ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །འབར་བས་ཚིམ་བྱ་རྣལ་འབྱོར་པས། །བསལ་བྱ་ཤེལ་གྱི་རྣམ་པར་རོ། །ཡེ་ཤེས་ཉི་མ་གཞན་དུ་འགྱུར། །ཕྱོགས་བཅུ་འཇིག་རྟེན་ཁམས་རྣམས་ལས། །མཚོན་ཆ་མཆོག་གིས་དྲངས་ནས་ནི། །བདུད་རྩི་དེ་རུ་ཕབ་བྱས་ནས། །བཟའ་བའི་སྦྱོར་བས་བཟའ་བར་བྱ། །བསྒྲུབ་བྱའི་དངོས་གྲུབ་ཆོ་ག་ཡིས། །དེ་བཞིན་དཔའ་བོ་ལྔ་རྣམས་བཟའ། །ཡིག་གསུམ་ས་བོན་ལས་བསྐྱེད་བྱ། །གཞན་དུ་དེ་ཉིད་འགྲུབ་མི་འགྱུར། །ཞེས་རྒྱུད་ཕྱི་མའི་ཆོ་གས་གྲུབ་པའི་དངུལ་ཆུས་ཟངས་གསེར་དུ་བྱེད་པའི་ཚུལ་དུ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ཉེ་བར་སྤྱོད་པ་གསུངས་སོ། །མོས་པ་སྤྱད་པའི་ས་ལ་གནས་པའི་ལས་དང་པོ་པས་ཀྱང་ཤེས་རབ་ཀྱི་རྗེས་སུ་དག་པའི་དད་པ་དང་ཡང་དག་པར་ལྡན་པའི་ཕྱིན་ཅི་མ་ལོག་པའི་རྣལ་འབྱོར་པ་མོས་པ་ཡིད་ལ་བྱེད་པས་ཀྱང་དཔལ་ལྡན་གསང་བ་འདུས་པའི་མངོན་པར་བྱང་ཆུབ་པའི་ལྷན་ཅིག་བྱེད་པའི་རྒྱུར་གྱུར་པ་བཟའ་བར་བྱ་བའི་དམ་ཚིག་ཕྱུང་ནས་སྔགས་ཀྱི་བྱེད་པ་ལ་སོགས་པའི་ནུས་པའི་རྒྱུ་ཉིད་དོ། །གང་ཡང་རྒྱུད་རིག་འགའ་ཞིག་གིས། །གསང་སྔགས་ཅུང་ཟད་བྱེད་གྱུར་པ། །དེ་དག་གི་ནི་གཙོ་བོའི་མཐུ། །དེ་བཤད་རིགས་པ་འཇུག་ཕྱིར་རོ། །ཞེས་རྣམ་འགྲེལ་ལས་སོ། །ཅི་སྟེ་དབྱེ་བར་མི་འགྱུར་བར། །ཐམས་ཅད་ཡང་དག་བསྡུས་ནས་བྱ། །གལ་ཏེ་དེ་ནི་བྱེད་གྱུར་ན། །སངས་རྒྱས་ཀྱིས་ཀྱང་མི་འགྲུབ་པོ། །སྔགས་པ་ཆེན་པོས་ལེགས་སྦས་པས། །འབད་པ་ཉིད་ཀྱིས་བསྒོམ་པར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་ཡེ་ཤེས་བློ་ལྡན་གྱིས། །ཞེས་གཉིས་སུ་མེད་པའི་རྣམ་པར་རྒྱལ་བའི་རྗེས་སུ་འབྲངས་ནས་སོ། །རྒྱུད་ཕྱི་མའི་རིམ་པས་ཀྱང་བྱིན་གྱིས་བརླབས་ཏེ། ཐུན་མོང་ཅིག་ཤོས་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་མཐོང་བ་ཡིན། །མཉེས་པ་ནི་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་གཞན་གྱི་དོན་གཟིགས་པས་ཕས་བུའི་དོན་མཐོང་བ་བཞིན་ནོ། །ཕྱོགས་བཅུའི་འཇིག་རྟེན་གྱི་


DTG040_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ན་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ནི་སྙན་པ་ཆེན་པོའོ། །དེ་སྐད་དུ་ཡང་གསུངས་པ། དེ་ནས་རྣལ་འབྱོར་དམ་ཚིག་མཆོག །གཟུགས་དང་ལང་ཚོ་ཡོན་ཏན་ལྡན། །སྦྱོར་བྱས་སློབ་དཔོན་དེར་འཇུག་ནས། །ཡེ་ཤེས་དབབ་པས་རབ་ཏུ་བརྟག། རྡོ་རྗེས་པདྨ་ཁ་ཕྱེ་ལ། །སངས་རྒྱས་རབ་སྣང་གཞུག་པར་བྱ། །པདྨ་ལ་གནས་བསྟན་བྱ་སྟེ། །རིགས་བདག་ལས་གནང་ཐོབ་པ་དང༌། །རྡོ་རྗེའི་བདག་ཉིད་རང་མིང་བརྗོད། །འཁོར་ལོའི་སྦྱོར་བས་སྤྲོ་བར་བྱ། །རྡོ་རྗེ་ཆུ་སྐྱེས་སྒྲས་སངས་རྒྱས། །འཁོར་ལོའི་ནང་དུ་སྤྱན་དྲངས་ཏེ། །བགེགས་རྣམས་བསལ་ལ་ཡང་དག་བསྲུང༌། །མཆོད་ཡོན་ཕུལ་ནས་ཡང་མཆོད་བྱ། །ཡང་དག་བསྟོད་དེ་སྒོ་བས་སྒོར། །ལས་རྣམས་བྱས་ནས་བསྒྲུབ་པར་བྱ། །མིག་དང་སྐུ་སོགས་བྱིན་བརླབས་ལ། །དབང་བསྐུར་མཆོད་པ་ལ་སོགས་བརྟག །དངོས་གྲུབ་བྱིན་ཕྱིར་སེམས་ཅན་དོན། །མཛོད་ཚིག་པར་ནི་གསོལ་བ་གདབ། །དཔལ་གསང་བ་འདུས་པའི་རྒྱན་གྱི་ལེའུ་བཞི་པའོ།། །།

ལེའུ་ལྔ་པ། ཀུན་དུ་སྤྱོད་པའི་མཆོག་གི་བཤད་པ།


DTG040_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་ཏེ་དམ་ཚིག་དང་སྡོམ་པ་མ་བརྗོད་ལ་དེ་མ་བླངས་ན་ཡང་དངོས་གྲུབ་མེད་དོ། །གཏུམ་པོ་ལ་སོགས་པ་གང་རྣམས་དང་མཚམས་མེད་པ་ལྔ་བྱེད་པ་ལ་སོགས་པ་ཡང་སྡིག་པ་ཆེན་པོ་བྱེད་པ་རྣམས་ཐེག་པ་གཞན་དང་རྒྱུད་གཞན་ལས་སྤངས་ཏེ་ཅི་དེ་རྣམས་ཀྱང་འདིར་སྐབས་ཡོད་དམ་མེད་ཅེས་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཤེས་པའི་རྗེས་ལའོ། །རྒྱལ་བར་བྱེད་ཅིང་གསལ་བར་བྱེད་པས་ན་རྒྱལ་པོའོ། །ཀུན་མཆོག་ནི་ཕྱི་རོལ་པ་དང་སློབ་པ་ལ་སོགས་པ་རྣམས་ལས་ཕུལ་དུ་བྱུང་བའོ། །རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་པས་གནས་ནི་དཀྱིལ་འཁོར་ཏེ་དེར་དབང་ཕྱུག་གོ །སྤྱོད་པ་ཀུན་ནི་སྦྱིན་པ་ལ་སོགས་པ་རྣམ་པ་བཅུ་པོ་དཀར་པོའི་ཡོན་ཏན་གྱི་ངོ་བོ་ལམ་ལ་གནས་པའོ། །ཆོས་ཀྱི་མཆོག་ནི་བསེ་རུ་དང་ཉན་ཐོས་དང་ཐུན་མོང་མ་ཡིན་པའི་སྟོབས་བཅུ་ལ་སོགས་པ་རྣམས་འབྲས་བུ་ལ་གནས་པ་ཡིན་ཏེ་དོན་ནི་དགོས་པའོ། །སྟོན་པའི་གནས་སྐབས་ན་གང་གི་བརྗོད་པར་བྱ་བ་དེ་སྟོན་པར་བྱེད་པ་སྟེ་སྔགས་ཀྱི་སྤྱོད་པའི་མཚན་ཉིད་ཀྱི་རང་བཞིན་ནོ། །རྣམ་པར་མི་རྟོག་པ་དོན་དུ་གཉེར་བས་ན་དོན་ཏེ། ཤེས་རབ་དང་ཐབས་ཀྱི་རང་བཞིན་དྲི་མ་མེད་པ་བདེ་བ་


DTG040_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་རྣམ་པ་གཉིས་སུ་མེད་པའི་ཡེ་ཤེ་ཏེ་དེ་ལས་བྱུང་བ་ནི། མཆོད་པ་ཆེན་པོ་ཆགས་པ་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པས་འདོད་ཆགས་ཀྱང་ཡིན་ནོ། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་པས་ཞི་སྡང་ཡང་ཡིན་ནོ།། མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་པས་གཏི་མུག་ཡང་ཡིན་ནོ། །དེའི་རང་བཞིན་འོད་དཔག་ཏུ་མེད་པ་དང༌། མི་བསྐྱོད་པ་དང་རྣམ་པར་སྣང་མཛད་རྣམས་ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཡིན་ཏེ་རིགས་ནི་རྟགས་ངེས་པར་བརྗོད་པ་མ་ཡིན་ཏེ། འཇིག་རྟེན་ན་ཡང་རིགས་མི་གནས་པས་སོ་སོར་རྟོག་པའི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཉིད་ཀྱིས་རྗེས་སུ་འགྲོ་བ་རྣམས་སོ། །དེ་རྣམས་དང་དེའི་རྣལ་འབྱོར་པ་ཡང་རང་དང་གཞན་གྱི་རྒྱུད་ལ་སྒྲུབ་པར་བྱེད་དེ། བདེ་བ་ཆེན་པོའི་རང་བཞིན་གྱི་མཆོག་རབ་ཏུ་སྒྲུབ་པར་བྱེད་པས་དངོས་གྲུབ་སྟེ་ཐུན་མོང་བ་དང་ཅིག་ཤོས་སོ། །ཐེག་པའི་མཆོག་ནི་དཔལ་གསང་བ་འདུས་པའི་ལམ་གྱི་ངོ་བོའོ། །གང་གི་ཕྱིར་འདི་ལས་མཆོག་མེད་པས་བླ་ན་མེད་པ་ཡིན་ཏེ། རྟེན་པ་ཞེས་ཁ་བསྐང་བར་བྱའོ། །བྲམ་ཟེ་ལ་སོགས་པའི་རིགས་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་ཞེས་ལེའུ་གསུམ་པའི་མཐར་ཐམས་ཅད་མཁྱེན་པ་སྒྲུབ་པའི་ཚད་མས་བཤད་དོ། །ལས་ཀྱི་སྟོབས་ཉིད་ལས་དམན་པ་དང་བར་མ་དང་མཆོག་གི་སྐྱེ་བ་ནི་ཐ་སྙད་ལས་ཡིན་ཏེ། དེས་ན་རིགས་ཀྱི་སྟོབས་ལས་ནི་དངོས་གྲུབ་བསྒྲུབ་པ་མ་ཡིན་ནོ། །འོན་ཀྱང་ཇི་ལྟར་གྱུར་པའི་ལམ་ཐོས་པ་དང་བསམས་པ་དང་བསྒོམས་པའི་སྟོབས་ཀྱིས་ཡིན་ཏེ་གདུལ་བྱའི་ངོ་བོ་ཉིད་ཀྱིས་གཞན་དག་ཏུ་བཤད་པ་ཡིན་ལ་རིགས་ལ་སོགས་པའི་ངེས་པས་ནི་མ་ཡིན་ཏེ། ནཱི་ཐ་ལ་སོགས་པ་ཡང་སྐྱེ་བ་དམན་པ་རབ་ཏུ་འབྱུང་བ་ལ་སོགས་པ་ཐོས་པ་དེའི་ཕྱིར་གསུངས་སོ། །གཏུམ་པོ་སྨྱིག་མ་མཁན་ལ་སོགས། །གྲུབ་འགྱུར་ཉིད་ཅེས་ཏེ་ཉིད་ནི་ངེས་པར་གཟུང་བའི་དོན་ཏོ། །གང་ལ་བརྟེན་པ་ཡིན་ཞེ་ན། གསུངས་པ་མཆོག་ལ་སྟེ། འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་གོང་དུ་གྱུར་པ་ནི་ཐེག་པ་ཆེན་པོའོ། །དེ་འབྲས་བུ་དང་བཅས་པའི་བྱང་ཆུབ་སེམས་དཔའི་ལམ་མོ། །དེ་ལ་ཡང་བླ་ན་མེད་པ་དཔལ་གསང་བ་འདུས་པའི་


DTG040_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འདི་ལའོ། །ཉིད་ནི་གང་གི་ཕྱིར་ཏེ་བྱ་བ་ལ་སོགས་པའི་རྒྱུད་ལས་བཀག་པ་སྐྱེ་བ་དང་ལས་དམན་པ་དང་སྡིག་པ་ཆེན་པོ་བྱེད་པས་ཀྱང་སྡིག་པ་བཤགས་པའི་རིམ་པས་འདིར་གཟུང་བར་བྱ་བ་ཉིད་དོ། །གསོད་པ་ཉིད་དོན་ཏེ་དགོས་པའོ། །དེས་ན་དོན་ནི་གསོན་པ་ལ་ཕན་པའི་སེམས་པ་སྟེ་ཡང་ཞེས་པ་འཆད་པར་འགྱུར་བ་དང་འབྲེལ་ཏོ། །དགྲ་བཅོམ་པ་དང་མ་དང་ཕ་གསོད་པ་དང་དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ཡང་ཡིན་ཏེ། ལྔ་པོ་ནི་ཤི་མ་ཐག་ཏུ་དམྱལ་བར་སྐྱེ་བ་ལ་བར་བཅད་པར་མི་ནུས་པའི་ཕྱིར་མཚམས་མེད་པ་སྟེ་སྡིག་པའི་ལས་རྣམས་སོ། །དེ་ལ་སོགས་པ་སྟེ་སྡིག་པ་ཆེན་པོའི་ལས་རྣམས་གང་རྣམས་ཀྱིས་སྡིག་པ་ཆེན་པོ་བྱས་པ་དེ་རྣམས་ཐམས་ཅད་ཉིད་ཀྱང་དཔལ་གསང་བ་འདུས་པའི་ལམ་ཐེག་པ་ཆེན་པོའི་མཆོག་བསྒྲུབ་པ་འདི་ལ་དགེ་བའི་བཤེས་གཉེན་བསྟེན་པ་ལ་སོགས་པའི་རིམ་པས་གནས་ཏེ་ཡོད་པའོ། །སྙིང་རྗེ་དང་ཤེས་རབ་གོམས་པ་ལ་ཤིན་ཏུ་ནུས་པས་སེམས་པ་རྣམས་སོ། །ཤེས་རབ་ཐབས་དང་ལྡན་པ་རྣམས། །དམ་ཚིག་ང་ཡིས་རྗེས་སུ་བསྟན། །ཞེས་བརྗོད་པས་སོ། །སྔ་མ་དང་ཕྱི་མ་ཡང་འདིའི་དབང་དུ་བྱས་ཏེ་བལྟ་བར་བྱའོ། །ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་ཡང་བཅོས་སུ་མེད་པ་གང་ཡིན་ཞེ་ན། སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །སློབ་དཔོན་སྨོད་པ་ཡང་ཕས་ཕམ་པ་དང་པོའི་ལྟུང་བ་ཡིན་ཏེ། དེ་དང་ལྡན་པ་རྣམས་ཏ་ལའི་མགོ་བཅད་པ་དང་འདྲ་བ་ཅིའི་ཕྱིར་དགེ་བའི་རྩ་བའི་མྱུ་གུ་བསྐྱེད་པའི་སྐབས་ཡོད། གང་གིས་དེ་སྔོན་དུ་སོང་བའི་ཐུན་མོང་དང་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར། གལ་ཏེ་སླར་དེ་རྣམས་ཀྱིས་ཀྱང་བླ་མ་ལ་ཇི་ལྟར་འབྱོར་བའི་མཆོད་པ་བྱས་ཏེ་དཀྱིལ་འཁོར་དེ་ལ། བྱང་ཆུབ་སེམས་ནི་གཟུང་བར་བྱ། །གསུམ་ལ་སྐྱབས་འགྲོ་ལ་སོགས་སྡོམ། །ཞེས་པས་ལྟུང་བ་ཡང་དག་པར་བསྡུས་པའི་ཆོ་གས་ཕྱིར་བཅོས་པ་བྱ་སྟེ། དེའི་ཚེ་དངོས་གྲུབ་ཀྱི་སྣོད་ཉིད་དུ་འགྱུར་བར་སྙིང་ནས་ཞེས་སྨྲོས་སོ། །བླ་མ་མཉེས་པས་འགྲུབ་པར་འགྱུར། །གཞན་དུ་མིན་ཞེས་ཐུབ་པས་གསུངས། །ཞེས་བརྗོད་པའི་ཕྱིར་རོ། །དེ་ལྟར་ཡང་དམ་ཚིག་དང་སྡོམ་པ་ལ་གནས་པས་ཐུན་མོང་དང་


DTG040_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཤོས་གྲུབ་ཀྱི་གཞན་ནི་མ་ཡིན་པས་སེམས་ཅན་ཞེས་པ་ལ་སོགས་པ་ནས་གང་ཞེས་པའི་བར་གྱིས་བསྲུང་བའི་དམ་ཚིག་བསྒྲུབ་པ་གསུངས་པ་ཡིན་ཏེ། སྙིང་རྗེ་དང་ཤེས་རབ་དང་ལྡན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་ཡིས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བྱ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༌། །དགེ་བའི་ཆོས་སྡུད་ཚུལ་ཁྲིམས་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བརྟན་པར་བདག་གིས་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་དང༌། དཀོན་མཆོག་གསུམ་པོ་བླ་མེད་མཆོག །སྡོམ་པ་སངས་རྒྱས་རྣལ་འབྱོར་སྐྱེས། །དེང་ནས་བཟུང་སྟེ་བརྩོམ་པར་བགྱི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །དེ་ཉིད་ཀྱིས་ནི་གཟུང་བར་བགྱི། །རྡོ་རྗེ་ཆེན་པོའི་རིགས་ཆེན་ལ། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །ཉིན་རེ་ཉིན་རེ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་སྦྱིན་པར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །དམ་ཚིག་ཡིད་དུ་འོང་བ་ཡིས། །ཕྱི་དང་གསང་དང་ཐེག་པ་གསུམ།། དམ་ཚིག་ཡོངས་སུ་གཟུང་བར་བགྱི། །པདྨ་ཆེན་པོའི་རིགས་དག་ལ། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །དེ་ཉིད་ཀྱིས་ནི་གཟུང་བར་བགྱི། །མཆོད་པའི་ལས་ནི་ཅི་ནུས་པ། །ལས་ཀྱི་རིགས་ནི་ཆེན་པོ་ལ། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་སྟེ། །མྱ་ངན་འདས་ལ་སེམས་ཅན་དགོད། །ཅེས་པས་ཐུན་མོང་གི་སྡོམ་པ་བླངས་པ་སྔོན་དུ་སོང་བ་སྨོན་ལམ་བཏབ་པ་ཡིན་ནོ། །མ་དད་སྨྲ་བའི་སེམས་ཅན་དང༌། །རྡོ་རྗེ་སློབ་དཔོན་སྨོད་པ་དང༌། །གདུག་པའི་སེམས་ཅན་གཞན་ལ་ཡང༌། །ལས་འདིས་བསྐུལ་བར་བྱ་བ་ཡིན། །ཞེས་བཅུ་གསུམ་པའི་ཚིག་གིས་དམྱལ་བ་ལ་སོགས་པའི་ངན་སོང་དུ་འགྲོ་


DTG040_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུའི་ལས་ལ་ཞུགས་པའི་སྡང་བ་རྣམས་ལ་འབྱུང་བར་འགྱུར་བའི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་རྗེས་སུ་དཔག་ནས་སྙིང་རྗེའི་དབང་དུ་སོང་བའི་སེམས་ཉིད་ཀྱིས་བཏང་སྙོམས་སུ་བཞག་པར་མི་ནུས་པ་ཡིན་ཏེ། དེའི་ཕྱིར་སྡུག་བསྔལ་གྱི་རྒྱུ་ལས་བཟློག་པའི་ཆེད་དང་བླ་ན་མེད་པའི་བྱང་ཆུབ་ལ་གཞག་པའི་དོན་དུ་ཡང་དེ་འདྲ་བའི་ཐབས་གཞན་མ་མཐོང་བས་དགུ་པར་བཤད་པའི་ཚོགས་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས་དེ་དག་དམ་ཚིག་ལ་གཞུག་པའི་དོན་དུ་དེ་བཞིན་གཤེགས་པའི་སྣང་བ་དང་སོ་སོར་སྣང་བ་ཐོབ་པ། ཁ་སྦྱར་དབྱེ་བ་ལ་སོགས་པ་ཉམས་སུ་བླང་བའི་བྱ་བས་ཉི་མ་སོ་སོར་ཐུན་མཚམས་བཞིར་རང་གོམས་པའི་མ་ཚང་བ་མེད་པའི་ཏིང་ངེ་འཛིན་གསུམ་དང་ལྡན་པས་ཐུན་མཚམས་བར་མ་ལ་བསྒྲུབ་པར་བྱའོ། །བཤང་གཅི་གཞེས་པ་ལ་སོགས་པས། །བཤང་གཅི་ཤ་ཁྲག་རིགས་བྱུང་གཞན། །བ་ལང་ཁྱི་གླང་རྟ་མི་ལྔ། །ཞེས་རྒྱུད་ཕྱི་མའི་ཆོ་གས་བཟའ་བར་བྱ་བའི་དམ་ཚིག་གཉིས་མཚོན་པ་ཡིན་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ། དམ་ཚིག་གསང་བ་བསྒྲག་པར་བྱ། །སྲོག་ཆགས་ཞེས་པ་ནས་ཇི་སྲིད་བཙུན་མོ་ཞེས་པའི་བར་དུ་ལེའུ་བཅུ་དྲུག་པ་ལས་སོ། །དམ་ཚིག་རྣམ་བཞི་བསྲུང་བར་བྱ། །སངས་རྒྱས་ཡེ་ཤེས་རྒྱ་མཚོའི་འོད། །ཅེས་པ་ནས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །དམ་ཚིག་ཆེན་པོ་རྨད་བྱུང་བ། །སངས་རྒྱས་ཀུན་གྱི་བརྟན་པ་ནི། །རྡོ་རྗེ་འཛིན་རྣམས་ཀྱིས་བསྲུང་བྱ། །གང་ཞིག་དམ་ཚིག་འདི་སྲུང་བ། །རྡོ་རྗེ་སེམས་དཔའ་འོད་ཆེན་པོ། །དེ་ཡི་སྐུ་གསུང་ཐུགས་གྱུར་པ། །དེ་མ་ཐག་ཏུ་སངས་རྒྱས་འགྱུར། །ཞེས་བཅུ་བདུན་པའི་ཚིག་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས། ཇི་ལྟ་ཇི་ལྟར་གདུལ་བྱ་བར། །སེམས་ཅན་རང་བཞིན་གྱིས་གྱུར་པ། །དེ་ལྟར་དེ་ལྟར་སེམས་ཅན་དོན། །འདོད་ཆགས་སོགས་ཀྱིས་དག་པར་བྱེད། །སེམས་ཅན་ཀུན་ལ་ཕན་ཕྱིར་དང༌། །སངས་རྒྱས་བསྟན་པའི་རྒྱུ་ཡི་ཕྱིར། །སེམས་ཅན་ཐམས་ཅད་གསོད་བྱེད་པ། །དེ་ནི་སྡིག་པས་གོས་མ་ཡིན། །སེམས་ཅན་ཀུན་ལ་ཕན་དོན་དུ། །སངས་རྒྱས་དགོངས་པའི་སྦྱོར་བ་ཡིས། །གཞན་གྱི་ནོར་རྣམས་འཕྲོག་པ་ནི། །དེ་ནི་སྡིག་པས་གོས་མ་ཡིན། །འདོད་ཆགས་དང་མཚུངས་བདེ་བ་མེད། །རྒྱལ་བ་


DTG040_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྟེར་བྱེད་པ། །སེམས་ཅན་དོན་དུ་གཞན་བུད་མེད། །བསྟེན་ན་བསོད་ནམས་འཐོབ་པར་འགྱུར། །སེམས་ཅན་ཀུན་ལ་ཕན་དོན་དུ། །སངས་རྒྱས་བསྟན་པའི་རྒྱུ་ཡི་ཕྱིར། །ལས་ནི་ཐམས་ཅད་བྱ་བ་ཉིད། །བསོད་ནམས་མང་པོ་སྐྱེ་བར་འགྱུར། །ཞེས་སྨོས་སོ། །དེ་ཉིད་ཀྱི་ཕྱིར་བཟང་པོ་ཞབས་ཀྱིས། །དམ་ཚིག་བསྲུང་བའི་བདག་པོ་ཡིན། །རྟག་ཏུ་སྡོམ་པ་བསྐྱང་བར་བྱ། །ཤ་ལྔ་བདུད་རྩི་རྣམ་ལྔ་བཟའ། །དམ་ཚིག་གཞན་ཡང་བསྲུང་བར་བྱ། །དཀོན་མཆོག་གནོད་གཞོམ་བུད་མེད་ཀུན། །གཞན་རྫས་ལེན་པ་བརྫུན་གྱི་ཚིག །འདི་དག་ཆོ་ག་བཞིན་བསྲུང་བ། །རྣལ་འབྱོར་རྒྱུད་ལའང་གང་བཤད་པའོ། །ལམ་མ་ཡིན་པ་འདི་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་གྱི་དམ་ཚིག་ཏུ་ཇི་ལྟར་འགྱུར་ཞེ་ན། སྙིང་རྗེ་དང་ཤེས་རབ་དང་ལྡན་པས་གཞན་གྱི་དོན་ལ་གཅིག་ཏུ་བརྟན་པ་ཕྱིན་ཅི་མ་ལོག་པ་དེའི་བླ་ན་མེད་པའི་བྱང་ཆུབ་ལ་ལྷན་ཅིག་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །གང་གསུངས་པ། ཡང་དག་རྟོག་ལས་བྱང་སེམས་རྣམས། །དགེ་བ་འམ་ཡང་ན་མི་དགེ་བ། །འདི་དག་ཐམས་ཅད་དགེ་བ་སྟེ། །གང་ལས་དེ་རྣམས་ཡིད་དབང་འགྱུར། །ཞེས་སོ། །འབྲས་བུ་བསྐལ་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་ལས་རྟོགས་པར་བྱ་བ་ཡིན་ན་ལྷན་ཅིག་བྱེད་པའི་རྒྱུ་ཉིད་ཀྱང་མ་གྲུབ་བོ་ཞེ་ན། དེ་ལྟར་ན་ཡང་སྦྱིན་པ་ལ་སོགས་པ་དེ་ཡང་མ་གྲུབ་པས་དེ་ལ་ཡང་འཇུག་པར་མི་འགྱུར་བར་ཐལ་བར་འགྱུར་རོ། །སྦྱིན་པ་ལ་སོགས་པ་དངོས་པོའི་རང་བཞིན་དུ་གྱུར་པ་ཡང་མཐོ་རིས་དང་ཐར་པ་ཐོབ་པ་ལ་སོགས་པར་ནུས་པ་ལ་ཐེ་ཚོམ་དུ་རིགས་ཏེ་དེའི་འབྲས་བུ་དེ་མ་ཐག་པ་མེད་པའི་ཕྱིར་ངེས་པར་བྱ་བ་ལ་མི་སྒྲིན་པའི་ཕྱིར་དང་མ་མཐོང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་དགག་པར་བྱ་བའི་ཆེད་དུ། མངོན་སུམ་དང་ནི་རྗེས་དཔག་དང༌། །གཉིས་པོས་ཀྱང་ནི་མི་གནོད་པ། །འདི་ཡི་མཐོང་དང་མ་མཐོང་ལ། །དེ་དོན་དེ་ལ་མི་སླུ་ཡིན། །བླང་དང་དོར་བའི་དེ་ཉིད་ལ། །ཐམས་ཅད་རབ་ཏུ་ངེས་པ་ཡིན། །གཙོ་བོའི་དོན་ལ་མི་སླུ་ཕྱིར། །གཞན་དུ་འང་རྗེས་སུ་དཔག་པ་སྟེ། །འདི་ནི་ལུང་གི་རྗེས་སུ་དཔག་པར་བརྗོད་དོ། །གང་ཡང་ཇི་ལྟར་གྱུར་པའི་དངོས་པོའི་དེ་ཁོ་ཉིད་ལ་གོམས་པས་བློ་གྲོས་ཆེན་པོ་དེ་རྣམས་སྦྱིན་པ་ལ་སོགས་པའི་


DTG040_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མཐོང་བ་ཉིད་ཀྱིས་དེ་རྣམས་དངོས་པོ་ཐམས་ཅད་ངེས་པར་ནུས་པ་ཡོད་པ་ཉིད་དོ། །གང་རྣམ་འགྲེལ་ལས། ནུས་པ་དངོས་པོའི་རང་བཞིན་དུ། །གྱུར་ཀྱང་དེ་མ་ཐག་པ་མེད། །མཐོང་བ་མེད་ཕྱིར་འབྲས་ལ་རྨོངས། །དེ་མ་ཐག་པ་མ་ཡིན་ཕྱིར། །ངེས་མིན་སྒྲིན་པ་མེད་ཕྱིར་རོ། །དེ་ཉིད་བཟློག་པའི་ཆེད་དུ་ནི། །རྗེས་སུ་དཔག་པ་བརྗོད་པ་ཡིན། །བློ་གྲོས་ཆེན་པོ་མཐོང་ཉིད་ལ། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེ་ན་འདི་ནི་མཚུངས་ཏེ་དམ་ཚིག་དང་སྡོམ་པ་ལ་སོགས་པ་སྒྲུབ་པ་ལ་ལྷན་ཅིག་བྱེད་པ་ཉིད་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་གསུངས་པ། སྣོད་ཅེས་ཏེ་རུང་བའོ། །དེ་རྣམས་དམ་ཚིག་སྒྲུབ་པ་ལ་སོགས་པའི་རྒྱུའི་ཚོགས་པ་དང་ལྡན་པ་ཉིད་ཡིན་ཏེ་ཐུན་མོང་པ་དང་ཅིག་ཤོས་ཀྱི་དངོས་གྲུབ་རྣམས་སྒྲུབ་པའི་ཡུལ་ལ་ཡིན་ལ་གཞན་དམ་ཚིག་ལ་སྡང་བ་དང་བཏང་སྙོམས་སུ་བཞག་པ་ལ་ནི་མ་ཡིན་ནོ། །སྙིང་པོ་ཞབས་འདི་ལྟར་འཆད་དེ། སྲོག་གཅོད་པ་ནི་ངེས་པར་སྒྲུབ་པའི་སྣོད་དུ་འགྱུར་ཞེས་པ་དང་འབྲེལ་ཏོ། །གང་རྣམས་དེ་སྲིད་དུ་སྤོང་བས་འཇིགས་པ་དེ་རྣམས་མ་སྤྱད་ན་ཉམས་དགའ་བའི་ཚིག་ཐོས་ནས། གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱིས་ཀྱང་སྲོག་གཅོད་པ་ལ་སོགས་པ་ལ་ཞུགས་པ་རྣམས་ཀྱང་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་དུ་ཞུགས་པ་ལ་སོགས་པ་དང་རྗེས་སུ་གནང་བས་འཇུག་པར་བྱེད་དོ། །དེས་ན་དེ་རྣམས་འཇུག་པའི་རྒྱུ་གསུངས་པ་སྲོག་གཅོད་པའི་སེམས་ཅན་རྣམས་ཞེས་པ་ལ་སོགས་པའོ། །རྩ་བའི་རྒྱུད་དུ་ཡང་བརྗོད་པ་སེམས་ཅན་ཁ་ཅིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་ལ་བསླབ་པ་ལ་འཇིགས་ཤིང་སྐྲག་པ་དེ་རྣམས་ངན་སོང་གི་དཀྱིལ་འཁོར་ལ་འཇུག་པས་ཇི་ལྟར་གནས་པར་ཕྱོགས་པ་རྣམས་དཀྱིལ་འཁོར་ཆེན་པོ་འདི་ཉིད་ལ་བཞུགས་པར་རིགས་སོ། །རྣམ་པ་ཀུན་གྱིས་དགེ་བ་ལ་མི་འཇུག་པ་རྣམས་ཀྱང་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དེ་བསྒོམ་པ་ཡང་བག་ཆགས་བཞག་པའི་ཕྱིར་རིགས་སོ་ཞེས་སོ། །འོད་ལྟར་བསྒྲལ་བའི་དོན་དུ་ཡང་དག་པར་གནས་པ་རྣམས་ལ་སྲོག་གཅོད་པ་ལ་སོགས་པ་སླར་དོན་གཞན་དུ་གྱུར་པ་ཉིད་ཀྱིས་བྱང་ཆུབ་ཆེན་པོ་ལ་བཞུགས་


DTG040_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་བསྟེན་པར་བྱའོ། །དེ་ལ་ཡེ་ཤེས་རྡོ་རྗེ་སེམས་ཅན་གྱི་ཁམས་མ་ལུས་པ་བདག་མེད་པར་བྱེད་དེ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཆེད་དུའོ། །འདི་ནི་སྲོག་གཅོད་པ་ཡིན་ནོ། །ཆོས་རྣམས་ཀུན་ནི་མ་སྐྱེས་དང༌། །རང་བཞིན་གྱིས་ནི་འོད་གསལ་ཡིན། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །འདི་ནི་བྱང་ཆུབ་ཚུལ་བསྟན་པ། །ཞེས་པས། དོན་མཐའ་དག་མེད་པར་སྟོན་པ་ནི་བརྫུན་དུ་སྨྲ་བའོ། །སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གྲུབ་པར་སེམས་ཅན་གྱི་ཁམས་ཐམས་ཅད་བསྒོམས་པས་སེམས་ཅན་གྱི་ཁམས་མ་ལུས་པའི་སེམས་དང་སེམས་ལས་བྱུང་བ་ཁམས་གསུམ་གྱི་རྣམ་པར་འཕྲོག་པ་ནི་གཞན་གྱི་རྫས་འཕྲོག་པའོ། །འཇིག་རྟེན་གྱི་ཁམས་མ་ལུས་པའི་རྡུལ་ཕྲ་རབ་དང་མཉམ་པ་རིག་པའི་ལྷ་མོ་རྣམས་དང་སྦྱོར་བར་རྟག་ཏུ་བསྒོམ་པ་ནི་འདོད་པས་མཉེས་པའོ། །དོན་འདི་ཉིད་ལེའུ་དགུ་པ་ལས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་མི་བསྐྱོད་རབ་བསྒོམས་ནས། །ལག་ན་རྡོ་རྗེ་བསྒོམ་པར་བྱ། །འོད་འཕྲོ་མང་པོ་འབར་བ་དང༌། །འོད་ཟེར་སྣ་ལྔས་རབ་ཏུ་གང༌། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །བསྒོམས་ནས་རྡོ་རྗེས་ཕྱེ་མར་བྱ། །སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ནི། །རྡོ་རྗེས་ཕྱིར་བྱས་ཉམས་གྱུར་པ། །བསམ་གཏན་མཆོག་ནི་བསྒོམས་ནས་ནི། །ཐུགས་ཀྱི་དངོས་གྲུབ་ཐོབ་པར་བྱེད། །རྡོ་རྗེ་གསང་བ་འདི་ཡིས་ནི། །སེམས་ཅན་ཐམས་ཅད་གསད་པར་བྱ། །མི་བསྐྱོད་རྡོ་རྗེ་སངས་རྒྱས་ཀྱི། །ཞིང་དུ་རྒྱལ་བའི་སྲས་རྣམས་སྐྱེ། །འདི་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་གོ །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། །རྣམ་པར་སྣང་མཛད་རབ་བསྒོམས་ཏེ། །སངས་རྒྱས་ཐམས་ཅད་རྣམ་བསྒོམ་བྱ། །རིན་ཆེན་ཀུན་གྱི་སྦྱོར་བ་ཡིས། །སངས་རྒྱས་གཟུགས་ནི་རབ་ཏུ་བརྟག་ནོར་རྣམས་ཐམས་ཅད་འཕྲོག་པར་ནི། །རྡོ་རྗེ་གསུམ་གྱིས་བསྒོམ་པར་བྱ། །ནོར་གྱི་རྒྱ་མཚོས་གང་བ་ནི། ཡིད་བཞིན་ནོར་བུ་འདྲ་བར་འགྱུར། །སངས་རྒྱས་ཀུན་གྱི་སྲས་རྣམས་ཀྱང༌། །ཐུབ་པའི་སྐྱེས་མཆོག་ཏུ་འགྱུར་རོ། །འདི་ནི་གཏི་མུག་གི་རིགས་ཀྱི་དམ་ཚིག་གོ །ནམ་


DTG040_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་དབྱིངས་ཀྱི་དབུས་གནས་པ། །དཀྱིལ་འཁོར་དམར་པོ་བསྒོམ་པར་བྱ། །ཚེ་དཔག་མེད་པ་བསྒོམས་ནས་ནི། །སངས་རྒྱས་ཀུན་གྱིས་གང་བར་བྱ། །བཙུན་མོའི་རྣམ་པ་དང་སྦྱོར་བ། །ཐམས་ཅད་འདི་རུ་བསྒོམ་པར་བྱ། །ཞེས་པ་ནི་འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་གོ །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་དོན་ཡོད་རབ་བསྒོམས་ནས། །སངས་རྒྱས་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་གཟུགས་སུ་བསྒོམས་ཏེ། །རྡོ་རྗེ་ཚིག་གི་བརྫུན་སྨྲ་བས། །སངས་རྒྱས་ཐམས་ཅད་སླུ་བ་དང་། །དེ་བཞིན་རྒྱལ་བ་ཀུན་གྱི་གནས། །དམ་ཚིག་འགུགས་པའི་རིགས་ཀྱི་དེ་ཁོ་ན་ཉིད་དམ་ཚིག་ལྟ་བུའོ། །དེ་ནི་མཁའ་འགྲོ་མ་དང་འཆོལ་བའི་རྒྱུད་ལ་ཞུགས་པ་རྣམས། རྣམ་པར་དག་པར་བྱ་བའི་ཕྱིར་གསུངས་པ། བཤང་གཅི་ཟས་སུ་ཟ་བ་ཉིད། །ཅེས་བྱ་བ་ནི་རང་གིས་བྱ་སྟེ། དེས་མངོན་པར་འདོད་པའི་དོན་ནི་དངོས་གྲུབ་སྟེ་འགྲུབ་བོ། །དེ་གང་ལ་ཡོད་པ་དེ་རྣམས་ལ་དེ་སྐད་ཅེས་བརྗོད་དོ། །དེ་ལྟར་ཡང་དེ་རྣམས་བཟའ་བར་བྱ་བ་མ་ཡིན་པ་ཟོས་པས་སྔགས་མངོན་པར་བཏབ་པས་འགྲུབ་པར་བརྗོད་དེ། །དེ་རྣམས་འདིར་བརྗོད་པའི་སྔགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་མཐུས་བཤང་གཅི་ལ་སྔགས་ཏེ། བཟའ་བར་བྱ་བ་ལ་སྦྱར་བར་བྱ་སྟེ་གཞུག་པར་བྱ་བའི་རྒྱུས་སོ། །དེ་སྦྱར་བ་སྦྱིན་པས་ལུས་དང་ངག་དང་ཡིད་རྟོགས་པ་ལ་འཇུག་གོ །ཁྱབ་འཇུག་པའི་རྒྱུད་ལ་མངོན་པར་དགའ་བ་རྣམས་རྣམ་པར་དག་པར་བྱ་བའི་ཆེད་དུ་གསུངས་པ་མ་སྲིང་མོ་ཞེས་པ་ལ་སོགས་པ་སྟེ། དེ་རྣམས་ཀྱང་སྤོང་བ་ལ་མ་ཕྱོགས་པ་རྣམས་ཏེ། གསུམ་ལ་སྐྱབས་སུ་སོང་བ་སྔོན་དུ་སོང་བའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་སྔགས་ཀྱི་བཟླས་པ་དང་རྗེས་སུ་གནང་བ་བྱིན་པས་བྱང་ཆུབ་ཆེན་པོའི་བག་ཆགས་བཞག་པ་ལ་གཞུག་པའི་རྒྱུར་འགྱུར་བ་ཉིད་དོ། །ཕྱི་ནས་གཞུག་པའི་རྒྱུར་བཞག་པ་རྣམས་ལ། མ་ནི་སྤྱན་མ་ལ་སོགས་པ་རྣམས་ཡིན་ལ། སྲིང་མོ་ནི་རྡོ་རྗེ་སེམས་མ་ལ་སོགས་རྣམས་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་རྣལ་འབྱོར་པ་རྣམས་ཀྱིའོ། །དེ་བཞིན་གཤེགས་པའི་ཟློས་པ་པོ་རྣམས་ཀྱི་དེ་ཉིད་བུ་མོ་མཆོག་ཡིན་ནོ། །དེ་


DTG040_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བསྒོམས་པས་ཡང་དག་པར་བསྒོམ་པའི་སྦྱོར་བ་ལས། སྒྲུབ་པ་པོས་འདོད་པར་བྱ་སྟེ། དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་གཞུག་པར་བྱ་བའི་ཆེད་དུ་བསྟན་པ་གསུངས་སོ། །ཁྱབ་བདག་སངས་རྒྱས་ཡུལ་ལ་ནི། །འདོད་སྤྱོད་དགོས་པར་མི་འགྱུར་ཏེ། །ཞེས་ཏེ་དེ་རྣམས་ཀྱང་སྒྱུ་མ་ལྟ་བུར་བསྒོམས་པས་འདོད་པར་བྱ་སྟེ། ཇི་ལྟར་སྔར་བརྗོད་པའི་ཚུལ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་རོ། །དེ་ལས་རྣལ་འབྱོར་པ་སངས་རྒྱས་ཉིད་དུ་འགྱུར་བའི་ཕྱིར་གསུངས་པ། དེ་ནི་སངས་རྒྱས་ཉིད་འགྱུར་ཏེ། །རྣམ་པར་མི་རྟོག་བློ་ལྡན་པར། །ཞེས་སོ། །མ་དང་ཞེས་པ་ལ་སོགས་པ་ནས་བློ་ཅན་ཞེས་པའི་མཐའ་ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། རིག་པའི་བརྟུལ་ཞུགས་ཀྱི་མཚན་ཉིད་ཀྱི་སྡོམ་པ་བསྟན་པ་ཡིན་ཏེ། དེ་ལ་འདི་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རིག་པའི་བརྟུལ་ཞུགས་ཞེས་པ་ནས་བརྩམས་ཏེ། སྡོམ་པ་འདིས་ནི་བསྟན་པ་ཡིན་ཏེ། །ཞེས་བཅུ་དྲུག་པ་ལས་སོ། །སེམས་ཅན་ཁམས་ནི་མཐའ་ཡས་པ། །མ་དང་ཞེས་པ་ནས་བརྩམས་ཏེ། །སྡོམ་པ་འདི་ནི་ངོ་མཚར་ཆེ། །ཞེས་ལེའུ་བཅུ་བདུན་པའི་ཚིག་གིས་སོ། །མ་ལ་སོགས་པ་ཡང་སྔགས་དང་རྒྱུད་ལ་ལེགས་པར་བསླབས་པ་ཞེས་པ་རིག་པའི་བརྟུལ་ཞུགས་ལ་ཡིན་ཏེ། ཤིན་ཏུ་དད་ལྡན་ཤེས་རབ་ཆེ། །གཟུགས་བཟང་སྒྲུབ་པ་པོ་ལ་དགའ། །བྱ་བ་གཅིག་ལ་སྦྱངས་གྱུར་པ། །དམ་ཚིག་ལྡན་པའི་དམ་ཚིག་ཅན། །ཞེས་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་བརྗོད་པའི་མཚན་ཉིད་རྣམས་སོ། །དེ་ཉིད་དུ་ཤེས་རབ་དང་སྙིང་རྗེ་གོམས་པ་ནི་འཇིག་རྟེན་ན་གྲགས་པ་ཉིད་དུ་བཟུང་ངོ་ཞེས་གཞན་དག་གོ །ཇི་ལྟར་འདི་འདྲ་བའི་སྡོམ་པ་ཡིན་ཞེ་ན། སྙིང་རྗེ་དང་ཤེས་རབ་ཤིན་ཏུ་གོམས་པའི་རང་གི་བ་སྤུའི་བུ་གནས། མཁས་པས་སངས་རྒྱས་སྤྲིན་རྣམས་སྤྲོ། །ཞེས་བདུན་པ་ལས་གསུངས་པའི་ཆོ་གས་ཐབས་རྣམ་པ་མང་པོས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་སྙིང་རྗེས་བཞག་པར་འདོད་པས་བདེ་བར་གཤེགས་པ་རྣམས་དེས་རྗེས་སུ་ཆགས་པར་བྱའོ་ཞེས་ཤེས་རབ་དང་ཐབས་ཤིན་ཏུ་གོམས་པའི་སོ་སོའི་རྡུལ་ཕྲ་རབ་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བདེ་བ་ཆེན་པོའི་མཆོད་པས་


DTG040_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཚིམ་པར་བྱེད་པ་ནི་ཀུན་རྫོབ་ཏུའོ། །དོན་དམ་པར་ནི་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་རོ་གཅིག་པ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་མཐའ་གསུམ་མ་དམིགས་པའི་ཕྱིར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་རྗེས་སུ་ཆགས་པ་ལ་སོགས་པའི་ཐ་དད་པའི་རྣམ་པར་རྟོག་པ་སྤངས་པ་ཉིད་ཀྱིས། ཤེས་རབ་ཀྱིས་ཀྱང་ཕྱིན་ཅི་མ་ལོག་པ་ཡིན་ཏེ། དེར་མི་གནས་པའི་མྱ་ངན་ལས་འདས་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཡིན་པའི་ཕྱིར་མ་ལ་སོགས་པའི་འབྲེལ་བའི་རྣམ་པར་རྟོག་པ་བརྟགས་པ་ཉིད་ཀྱིས་དངོས་པོ་ཇི་ལྟ་བའི་དེ་ཁོ་ན་ཉིད་ལ་མི་འཇུག་པས་བླ་ན་མེད་པའི་བྱང་ཆུབ་ལ་གེགས་བྱེད་པས་ན་སྤང་བར་བྱ་བའི་ཕྱིར་རོ། །གང་རྣམ་འགྲེལ་ལས། དངོས་པོའི་ངོ་བོ་ཐ་དད་ཕྱིར། །འབྲེལ་པ་རྟོགས་པས་བྱས་པ་ཡིན། །ཇི་ལྟར་ཡོད་གཞན་རག་ལུས་པ། །རྫས་ནི་གཞན་གྱིས་འབྲེལ་པར་འགྱུར། །གྲུབ་ཕྱིར་གཞན་ལ་རག་མ་ལས། །ཡིན་ནའང་འབྲས་ཡིན་རང་རྒྱུ་ལས། །རྟོག་པ་ཡིས་ནི་འབྲེལ་བྱེད་པ། །འབྲས་བུ་མ་ཡིན་ཅུང་ཟད་མེད། །ཅེས་སོ། །འབྲེལ་པ་གཞན་དབང་ཉིད་ཡིན་ན། །གྲུབ་ན་ཅི་ཕྱིར་གཞན་དབང་ཡིན། །དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །དེ་ཉིད་དུ་ན་འབྲེལ་བ་མེད། །ཅེས་འབྲེལ་བ་བརྟག་པ་ལས་སོ།། གཞན་ཡང༌། མ་ལ་སོགས་པ་ངེས་མེད་དེས། །ཚང་མ་ཡིས་ནི་མ་གྲུབ་ཕྱིར། །ཉེར་བསྟན་པ་ཡིས་འགྲུབ་ཅེ་ན། །མ་ཡིན་དེ་ནི་འཁྲུལ་བའི་ཕྱིར། །ཕྱི་རོལ་དོན་དང་སྒྲ་ལ་ནི། །འབྲེལ་པ་མ་གྲུབ་པ་ཡི་ཕྱིར། །ཉེས་ཟད་ཀྱིས་བསྟན་ཚད་ཞེ་ན། །མ་ཡིན་ཉེས་ཟད་རྟོགས་དཀའི་ཕྱིར། །དངོས་པོ་རྣམས་ཀྱི་རང་བཞིན་དང༌། །འབྲས་མིན་སྨྲ་བ་པོ་ཡི་ཚིག །དེ་ལས་ལོགས་ཤིག་གྱུར་པ་ཡིན། །མ་འཁྲུལ་བ་ནི་ཡོད་མ་ཡིན། །ལུང་རྣམས་དང་ནི་དངོས་པོ་ཡང༌། །མེད་ན་མི་འབྱུང་ཅུང་ཟད་མེད། །རྟོགས་པ་པོ་ལ་མ་གྲུབ་པ། །གང་ལ་དེ་རྣམས་དོན་ངེས་ཡིན། །སྐྱེས་བུའི་ཁྱད་པར་ལ་ལྟོས་པའི། །མཁས་པ་ཇི་ལྟའི་དོན་གཞན་ནི། །གལ་ཏེ་ཁྱད་པར་གྱུར་པ་ཡི། །དོན་ཤེས་གྱུར་ན་འདོད་པ་ཡིན། །འདི་ནི་འདི་ལྟར་ཡིན་མིན་དང༌། །ཉེས་པ་དང་ནི་ཉེས་མེད་པ། །རྟོགས་པར་དཀའ་ཕྱིར་ཚད་མ་མིན། །རྟོགས་དཀའ་ཞེས་སོགས་རྣམ་འགྲེལ་ལས། །སོགས་


DTG040_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི་སྲིང་མོ་ལ་སོགས་པ་དང་བཟའ་བར་བྱ་བ་མ་ཡིན་པ་ཡོངས་སུ་བསྡུས་སོ། །ཇི་ལྟར་ཡང་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ཐ་སྙད་ཡིན། རབ་རིབ་ཅན་གཉིས་ཟླ་བ་གཉིས་ཀྱི་ཐ་སྙད་འདོགས་པ་ལྟར་འཁྲུལ་པ་ཙམ་ཉིད་ཀྱིས་ཕན་ཚུན་དུ་ཡིན་ནོ། །འཁོར་སྨྱོན་པ་རྣམས་ལ་རྒྱལ་པོ་མི་སྨྱོ་བ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་པའི་ངོ་ལྷུར་མཛད་པས་དོན་ལ་གཞུག་པའི་དོན་དུ་གླང་པོ་ཆེའི་གཟིགས་སྟངས་ཀྱིས་དེ་བཞིན་དུ་བསྟན་པ་ཡིན་ཏེ་ཉེས་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འཇིག་རྟེན་མ་སོགས་པ་ཡང་བསྒྲུབ་ཡན་ལག །དེ་ཡི་ཕྱིར་ན་ཐེ་ཚོམ་མི་བྱའོ། །དེ་འདིར་རྣམ་པར་སྨིན་པ་སངས་རྒྱས་ཀྱིས། །རྣམ་པ་ཀུན་དུ་ཐམས་ཅད་མཁྱེན་པ་ཡིན། །རང་གིས་འདིར་ནི་དབང་གི་ཆོ་ག་ཡིས། །ཕྱག་རྒྱ་གཏད་པའམ་ཡང་ན་བླ་མ་ཡིས། །རང་གི་ཕྱག་རྒྱ་དེ་ལ་བྱིན་པ་དེའི། །བཀའ་ཡིས་དེ་ཡི་དུས་སུ་བུ་ཡིས་བསྟེན། །ཤེས་རབ་ཡེ་ཤེས་ཕྱིར་བྱིན་རང་དབང་གྱུར། །སློབ་མ་འདི་ཡིས་རྟག་ཏུ་གཟུང་བྱ་ཡིན། །དེ་ཉིད་ཀྱིས་ནི་དེ་རྣམས་འགྲུབ་པ་ཡིན། །དེ་ནི་ཡང་དག་སྦྱང་བྱ་འབད་དེ་བསྲུང༌། །སློབ་དཔོན་ལ་ནི་རིག་ལུས་བུ་ཡིས་ནི། །བསྒོམ་པར་བྱ་མིན་རྒྱལ་བས་བཀག་པའི་ཕྱིར། །གང་ཕྱིར་གྲིབ་མ་གྲིབ་ཡིན་བཀའ་སྩལ་གྲིབ། །བླ་མའི་ཕྱག་རྒྱ་དེ་ཡང་འགྱུར་བ་ཡིན། །གསུམ་པོ་རྣམས་ལ་གོམས་པས་སྐྱེ་འགྱུར་བའི། །འབྲས་བུ་ཤིན་ཏུ་རྣོ་བ་བཟོད་དཀའ་བཤད། །རང་གཞན་དོན་འདོད་རྣམས་ཀྱིས་འབད་པ་ཡིན། །དེ་ནི་ཡོངས་སྤངས་རྟག་ཏུ་སློབ་མ་ཡིས། །སྟོན་པ་སངས་རྒྱས་རྣམས་ཀྱི་སྟོན་པ་ཡིན། །བླ་མ་འདི་ནི་མཉམ་པ་མེད་པ་ཡིན། །དེ་ནི་དང་པོའི་ཤེས་ཡིན་སངས་རྒྱས་ཉིད། །གང་འདིར་རྒྱལ་བ་མ་ལུས་པ་རྣམས་ཀྱི། །དེ་ཡི་ཕྱིར་ན་སྟོན་པ་གཞག་པར་བྱ། །དེ་མེད་སངས་རྒྱས་ཆོས་ལ་སོགས་པ་མེད། །དེ་ཚེ་རྣམ་བཞག་དེར་འགྱུར་རིང་པོ་ནས། །གང་ཚེ་སློབ་མས་དེ་ནི་ཡོངས་སུ་སྤངས། །གཉིས་སུ་མེད་པ་རྣམ་པར་རྒྱལ་བ་ལས། །རྡོ་རྗེ་སློབ་དཔོན་རྡོ་རྗེ་སེམས་དཔའ་ཡི། །བསྟེན་པ་མ་ལུས་ཇི་ལྟ་བུ་ཉིད་ནི། །བརྗོད་པ་བཞིན་དུ་དེ་དག་བྱ་བ་ཡིན། །སློབ་མས་གཉུག་མའི་ཆུང་མ་ལ་སོགས་པ། །འདི་ལ་སྦྱིན་བྱ་དེ་ཡི་དེ་རྣམས་མིན། །དབང་གི་


DTG040_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དུས་པོར་ངེས་པར་སྦྱིན་མི་བྱ། །མཁས་པས་ལུས་ལས་ཤེས་པར་བྱ་བ་ཡིན། །བླ་མའི་ཕྱག་རྒྱ་རྣམས་དང་འཇུག་གྱུར་པ། །གལ་ཏེ་དེ་ཡིན་དེ་ཚེ་དམན་བདག་ཉིད། །དེ་ལ་ལྟོས་པ་ཡིན་པས་སྟོན་པ་ཡི། །འདུ་ཤེས་ཀྱང་ནི་བོར་བར་གྱུར་པ་ཉིད། །དེ་ནི་བུད་མེད་བྱ་བྱེད་དེ་རྣམས་ནི། །བླ་མ་རྣམས་ལ་དད་མིན་གུས་པ་མིན། །གཞན་པའི་བུད་མེད་རྣམས་ཀྱང་ཡོད་པ་ཡིན། །ཅིའི་ཕྱིར་ན་འདི་རྣམས་ཀྱིས་ཆོག་མིན། །བླ་མའི་ནོར་ནི་འཕྲོག་པར་འགྱུར་བའང་ཡིན། །བླ་མའི་ཕྱག་རྒྱ་ལ་འཇུག་དེ་རྣམས་ནི། །དེ་བཞིན་བླ་མའི་བསྙེན་བཀུར་ལ་སོགས་པ། །སྤངས་པར་ཡང་ནི་ཐལ་བར་འགྱུར་བ་ཉིད། །གལ་ཏེ་ཐམས་ཅད་བླ་མས་བཟོད་གྱུར་པ། །བསྐྱོད་པར་ནུས་མིན་པ་ནི་ཡིན་གྱུར་ན། །ཇི་ལྟའི་སྐྱེས་བུའི་དོན་ནི་མཆོག་ཉམས་པར། །མི་འགྱུར་དེ་བཞིན་དུ་ནི་བྱ་བ་ཡིན། །སངས་རྒྱས་ཀྱི་ཡུམ་ཚིག་ལ་སོགས་པ་ལ། །ཡང་དག་སྤྱིར་བཏང་ཡིན་པར་ཤེས་པར་བྱ། །དམིགས་ཀྱིས་བསལ་བ་ཡང་ནི་བརྟེན་པར་གྱིས། །འདིར་ནི་མཁས་པ་རྣམས་ཀྱིས་ཞི་བྱའི་ཆེད། །གཞན་ཡང་འདི་འདྲའི་ཆོ་ག་ངེས་གྲུབ་པ། །སྐྱེ་བའི་ས་ནི་ཉེ་བར་སྤང་བྱ་སྟེ། །ཁྱིམ་ལ་སོགས་པ་ལས་ནི་ངེས་འབྱུང་བ། །ཤིན་ཏུ་རིང་བར་སོང་བ་མཚོན་མ་ཡིན། །དེ་ནི་ངེས་པར་དཔའ་བོའི་ཉམས་འདི་ཚམ་ཚོམ་མེད། །འདི་དག་ངན་བདག་སེམས་ཅན་ཡིན་པར་གསུངས། །སྡིག་པའི་སྔགས་ཉིད་ཀྱིས་ནི་ནག་པོ་ཡི། །བྲང་འགྲོ་སྐུལ་བར་བྱེད་པས་ངེས་པ་ཡིན། །ཅི་ཡིན་སངས་རྒྱས་ཁྱབ་བདག་མར་གྱུར་འདི། །སངས་རྒྱས་དངོས་གྲུབ་ཡང་དག་གྲུབ་པ་ཡིན། །ཅི་སྟེ་བཙུན་མོ་ཡིན་ན་དེ་ལས་གྲུབ་པའི་ཕྱིར། །མ་ནི་མེད་ན་དེ་ལས་འགྲུབ་མ་ཡིན། །དེ་ལ་དང་པོའི་ལས་ཅན་གྱིས་ཀྱང་ནི། །རང་གིར་མོས་བྱས་བསྟེན་ན་གོས་མ་ཡིན། །དང་པོའི་ལས་ཅན་གྱིས་ཀྱང་དེའི་རང་བཞིན། །སྟེན་པར་བྱེད་པ་ཇི་ལྟར་རྙེད་པ་ཡིན། །ཡང་ན་དང་པོའི་ལས་ཅན་གྱིས་ཀྱང་ནི། །སངས་རྒྱས་མཐུ་ལས་ཐོབ་པར་རང་གི་ནི། །བསམས་ཏེ་དེ་ལ་འཇུག་པ་འགྲུབ་པ་ཡི། །ཐོབ་སྟེ་གོས་པར་མི་འགྱུར་དེ་རྣམས་ཉིད། །འོན་ཏེ་དེ་དག་སྲིང་པར་གྱུར་ནས་ནི། །དེ་ཡང་རྣལ་འབྱོར་པས་བསྟེན་གོས་པ་མེད། །ངག་ནི་འཁྱལ་པ་ལ་སོགས་པ་


DTG040_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་། །འདི་དག་ཀྱང་ནི་དམ་ཚིག་རྟོགས་བྱ་ཉིད། །དེ་ཉིད་ཀྱི་ཕྱིར་ཁྱད་པར་གསུངས་པ། །སྒྲུབ་པ་པོ་ཞེས་ཏེ་འགྲོ་བ་མ་ལུས་པའི་དོན་བྱེད་པ་པོའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་སོགས་པ་ཡང་འགྱུར་རོ་ཞེ་ན། ཐེག་པ་མཆོག་གི་ཆོས་རྣམས་ལ། །ཞེས་ཏེ། ཐེག་པ་ཆེན་པོ་ལས། མཆོག་དཔལ་གསང་བ་འདུས་པའི་ལམ་གྱི་མཚན་ཉིད་ཀྱི་ཆོས་རྣམས་ལ་གནས་པ་ལའོ། །འདི་ནི་རེ་ཞིག་ཞོག་ལ་ཡུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་ཞེས་སོ། །གང་དང་འབྲེལ་བ་ཡིན་ཞེ་ན། གསུངས་པ། སངས་རྒྱས་ཁྱབ་བདག་སྟེ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོའི་རང་འོད་ཀྱི་ཤེས་རབ་ཀྱི་ངོ་བོ་ལ་བླ་མའི་མན་ངག་གིས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་ཉིད་ན། གཉིས་སུ་མེད་པའི་རྣམ་པས་བསྟེན་ན་འདོད་ཆགས་ལ་སོགས་པས་མི་གོས་སོ། །གྲུབ་པར་འགྱུར་བ་ཡང་དེའི་སངས་རྒྱས་ཉིད་དོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། མལ་སོགས་པ་འབྲེལ་པ་དང་ཐ་དད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པའོ། །དེ་ལྟར་ན་ཕྱུགས་ལ་སོགས་པ་ཡང་དེ་ལྟར་ཐོབ་པར་འགྱུར་རོ་ཞེ་ན། བློ་ཅན་ཞེས་ཏེ་ཇི་ལྟ་བུར་གྱུར་པའི་དངོས་པོའི་དེ་ཁོ་ན་ཉིད་ཀྱི་རྣམ་པའི་ཤེས་རབ་དང་ལྡན་པའོ། །ཁྱད་པར་འདི་དག་དང་བྲལ་ན་འདོད་པས་ལོག་པར་གཡེམ་པར་གཞག་གོ །དེས་ན་ཕན་ཚུན་ལུང་དང་འགལ་བ་མེད་དེ་ཡུལ་ཐ་དད་པའི་ཕྱིར་རོ། །འགལ་བ་དེ་ཡང་གཅིག་ལ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་གཞན་བཅོམ་ལྡན་འདས་ཀྱི་ངག་རྣམས་ལ་རྟོགས་པ་པོའི་ཉེས་པས་འགལ་བར་སྣང་བ་རྣམས་ལ་འགལ་བ་ཡོངས་སུ་སྤང་ངོ༌། །དེ་ནས་ཞེས་པ་ལ་དབང་པོ་རྟུལ་པོ་དགེ་བའི་བཤེས་གཉེན་མ་ཡིན་པས་ཡོངས་སུ་ཟིན་པ་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་ཡུན་རིང་པོར་ཐེག་པ་ཆེན་པོ་ལ་སྐུར་བ་འདེབས་པ་ལ་སོགས་པ་རྣམས་རང་གིས་སྐུར་བ་འདེབས་པའི་ངག་བརྗོད་པར་མི་ནུས་པ་རྣམས་འཆད་པར་འགྱུར་བའི་སྐུར་བ་འདེབས་པའི་སེམས་ཡོངས་སུ་ཤེས་པའི་རྗེས་ལའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་སྐུར་བ་འདེབས་པའི་ངག་འདི་ཡིན་ཞེས་བརྒལ་བ་དང་ལན་སྐབས་བརྒྱུད་པ་མེད་པ་ཉིད་དེ། གཞན་གྱི་དོན་ཉིད་དུ་ཆོས་ཟབ་མོ་རབ་ཏུ་རྟོགས་པར་བྱ་བའི་དོན་དང༌། སྒྲ་ཇི་བཞིན་པའི་རབ་ཏུ་


DTG040_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་དགག་པར་བྱ་བའི་དོན་དང༌། སྒྲ་ཇི་བཞིན་པ་སྤྱོད་པ་ནི་སྒྲིབ་པ་ཡིན་ནོ་ཞེས་འཕགས་པ་བྱམས་པས་གསུངས་པས་སོ། །དེའི་ལན་སྦྱིན་པར་བྱ་བ་ལ་སོགས་པའི་དོན་དུ་ཡང་དེའི་ངག་དང་རྒྱལ་བ་ལ་སོགས་པ་བསྟན་པའི་ཕྱིར་ཏེ། གང་དང་གང་བློ་དམན་པའི་ཐེ་ཚོམ་གི་གནས་དེ་སྤང་བར་བྱའོ་ཞེས་རིགས་པ་ལས་སོ། །གང་ཐེག་པ་གཞན་དུ་ངན་སོང་གི་རྒྱུ་ཡིན་པ་དེ་འདིར་མ་རིག་པའི་ལྷན་ཅིག་བྱེད་པ་དང་བྲལ་བས་སངས་རྒྱས་ཀྱི་རྒྱུར་ཡང་དག་པའི་ཡེ་ཤེས་ལ་སོགས་པ་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་ངོ་མཚར་དུ་གྱུར་པ་དང༌། ཐམས་ཅད་མཁྱེན་པ་ལས་གཞན་གྱིས་འདི་སྔར་མ་མཐོང་བའི་ཕྱིར་རྨད་དུ་གྱུར་པའོ། །ཚིག་ངན་པ་གསུངས་ཞེས་པ་ནི་བློ་གྲོས་དམན་པས་རང་གི་ཚིག་དང་འགལ་བར་ཞེན་པའི་ཕྱིར་རོ། །དེ་ནས་ཞེས་པ་ནི་གང་ཁོ་བོ་ཅག་གིས་བརྩད་པའི་རྣམ་པར་རྟོག་པ་མ་སྤངས་པའི་ཕྱིར་གནས་པ་ཉིད་དོ་ཞེས་དེ་རྣམས་ཀྱི་རྣམ་པར་རྟོག་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །དེས་པར་ཞེས་པ་ནི་གང་དེ་དག་བཅོམ་ལྡན་འདས་ཀྱིས་བརྗོད་པ་དེ་རིགས་པའི་ངོ་བོ་ཡིན་ཏེ། དེས་ན་འདི་ལྟར་བརྗོད་མ་ཐག་པའི་སྐུར་བ་འདེབས་པ་མ་བརྗོད་ཅིག །ཅིའི་ཕྱིར་མི་རིགས་ཤེ་ན། གསུངས་པ་འདི་ཞེས་ཏེ་མངོན་སུམ་མོ། །གང་རྣམས་ཀྱི་ཞེ་ན། སངས་རྒྱས་རྣམས་ཀྱི་སྟེ་ཐམས་ཅད་མཁྱེན་པ་རྣམས་ཀྱིའོ། །ཅིའི་ཕྱིར་ཞེ་ན། སྙིང་པོ་ནི་ཆོས་ཀྱི་དབྱིངས་ཀྱི་སྟེ་དེའི་ཡེ་ཤེས་ཅན་གྱི་ཚད་མས་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ན་དེ་རྣམས་ཉིད་ཀྱི་མངོན་སུམ་མོ། །དེ་ཞེས་པ་ནི་གཞན་གྱི་ལྐོག་ཏུ་གྱུར་པའོ། །ཆོས་ཉིད་ཅེས་པ་ནི་གང་ངན་སོང་གི་རྒྱུ་མ་རིག་པའི་ལྷན་ཅིག་བྱེད་པ་ཅན། དེ་ཉིད་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཐབས་ལ་མཁས་པའི་ལྷན་ཅིག་བྱེད་པ་ཞེས་ཏེ། ཁྱད་པར་ཅན་གྱི་ཚོགས་པ་ངེས་པའི་མཚན་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དོ། །གང་གསུངས་པ་མི་མཁས་པ། །སྡིག་པ་ཆུང་དུ་བྱས་ཀྱང་འོག་ཏུ་འགྲོ། །མཁས་པ་སྡིག་ཆེན་བྱས་ཀྱང་དོན་མེད་སྤོང༌། །ལྕགས་ཀྱི་གོང་བུ་ཆུང་ཡང་འོག་ཏུ་འགྲོ། །དེ་ཉིད་སྣོད་དུ་བྱས་ན་སྟེང་དུ་འཕྱོ་བར་འགྱུར། །དག་པ་ནི་རང་བཞིན་གྱིས་འོད་གསལ་བ་དང༌། །དེ་ལྟ་བུའི་འབྲས་བུ་ཐོབ་པར་བྱེད་པ་ཡང་ངོ༌། །ཅི་ལྟར་ཞེ་ན། སྙིང་པོ་ཡང་ཡིན་ལ། ཆོས་ཀྱང་ཡིན་ཏེ་


DTG040_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་སོ། །དེ་ཉིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་དོན་ཡིན་པ་དེས་ན་གཉིས་སུ་མེད་པའི་ཤེས་རབ་དང་ཐབས་ཀྱི་རྣམ་པས་བསྒོམ་པར་བྱ་བ་ལས་བྱུང་བའོ། །དེས་ན་དག་པ་ཡིན་ཏེ་དེའི་རྒྱུ་མཐུན་པའི་ཕྱིར་རོ། །གང་གི་ཕྱིར་འདི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། གནས་ནི་ཡོན་ཏན་མ་ལུས་པའི་ཚོགས་ཀྱི་རྟེན་དུ་གྱུར་པའོ། །གང་གསུངས་པ། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བ་ཞི་བའི་བདག་ཉིད་དེ། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། དེ་ནས་ཞེས་ཏེ་གལ་ཏེ་ཐེག་པ་ཆེན་པོ་ལ་སྐུར་བ་འདེབས་པ་ཡང་མཐོང་བའི་ཆོས་ལ་མི་འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡིན་ལ་དེའི་ཚེ་དེ་ལ་སྐུར་པ་བཏབ་ན་ཡང་ཇི་ལྟར་འཇིགས་པ་ལ་སོགས་པ་ཙམ་ཡང་མི་སྐྱེ་ཞེས་གདུལ་དཀའ་བའི་གདུལ་བྱའི་དགོས་པ་རྟོགས་པའི་རྗེས་ལའོ། །འཇིགས་པ་དང་སྐྲག་པ་དང་བརྒྱལ་བར་གྱུར་པ་ནི་ཆུང་དུ་དང་འབྲིང་དང་ཆེན་པོའི་འཇིགས་པ་བསྟན་པའི་དོན་དུ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཐེག་པ་ཆེན་པོ་ལ་སྐུར་པ་བཏབ་པས་མཐོང་བའི་ཆོས་ལ་ཡང་མི་འདོད་པའི་འབྲས་བུ་ཐོབ་པར་བྱེད་དེ། གཞན་རྣམས་ལ་ཤིན་ཏུ་ཡང་ཡིན་པས་འདི་ལ་རྨི་ལམ་ཡང་སྐུར་བ་འདེབས་པ་དེ་དགག་པར་བྱ་བའི་དོན་དུའོ། །འདི་ནས་ཞེས་པ་ནི་གལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྙིང་རྗེ་ཡོད་ན་དེའི་ཚེ་ཅིས་དེ་བླང་བར་བྱ་བའི་དོན་དུ་འབད་པར་མི་བྱེད་ཅེས་དེ་ལྟར་རྟོག་པའི་རྗེས་ལའོ། །བརྒྱལ་བར་གྱུར་པ་གཟིགས་ནས་ཞེས་པ་ནི་སྙིང་རྗེ་སད་པའི་རྒྱུ་གསུངས་པའོ། །དེ་ནས་ཞེས་པ་ནི་བཅོམ་ལྡན་འདས་རང་རིག་པའི་མངོན་སུམ་གྱིས་རྟོགས་པར་བྱ་བ་ཉིད་ཀྱིས་ཆོས་ཀྱི་མི་རྟོག་པ་ཉིད་ཀྱི་ཟབ་མོ་བསྟན་པར་བྱ་བའི་དོན་དུ་ཅང་མི་གསུང་བར་གྱུར་པས་གནས་ཏེ། གལ་ཏེ་བཅོམ་ལྡན་འདས་ཐེག་པ་ཆེན་པོ་སྟོན་པར་བྱེད་པ་དེ་རྟོགས་པས་ཏིང་ངེ་འཛིན་གྱི་མཐུ་ཡོད་ན་ཇི་ལྟར་ན་དེ་ཉིད་ཀྱིས་སློང་བར་མི་བྱེད་ཅེས་དཔྱོད་པའི་རྗེས་ལའོ། །ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེ་གང་ཡིན་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །འོད་ནི་ཟླ་བ་ཞུ་བ་སྟེ་ཉི་མ་དང་ཟླ་བའི་འོད་ཟེར་གྱིས་སོ། །དེ་མ་ཐག་པ་དང་ཙམ་ཞེས་སྨོས་པས་བར་མཆོད་པ་དང་འབད་པ་མེད་པར་གསུངས་པ་ཡིན་ནོ། །སེམས་


DTG040_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དོན་མཐོང་བས་དགྱེས་ཏེ་རངས་པའི་བཞད་པའོ། །ཆོས་ཐོབ་པའི་མཐུ་གསལ་བར་བྱེད་པའི་གསུང་བསྒྲགས་སོ། །ཆོས་ཞེས་པ་ནི་ལུང་ངོ༌། །ཡང་ཆོས་ནི་རྟོགས་པའི་དཀྱིལ་འཁོར་བའི་ངོ་བོ་སྟེ་དགེ་འདུན་ནོ། །ཆོས་ཀྱི་དོན་དེ་བརྗོད་པར་བྱ་བའི་ལམ་ཏིང་ངེ་འཛིན་གསུམ་ལ་སོགས་པའི་མཚན་ཉིད་དོ། །དེ་ལས་བྱུང་བ་ནི་གང་གི་དཀྱིལ་འཁོར་བའི་བདག་པོ་ཡིན་ལ་འདི་ནི་སངས་རྒྱས་ཡིན་ཏེ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའོ། །ཆོས་རྣམས་ཀྱི་དག་པ་ནི་ཚད་མས་གྲུབ་པའོ། །དོན་ནི་རང་བཞིན་གྱིས་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་སོ། །དེའི་ངོ་བོ་ནི་བདག་མེད་པ་སྟེ་དངོས་པོ་མེད་པའོ། །དེ་ཉིད་རྡོ་རྗེ་དབྱེར་མེད་པའི་ཤེས་རབ་བོ། །དེ་ཐམས་ཅད་ཟིལ་གྱིས་མནན་པས་ན་རྒྱལ་པོ་སྟེ་མི་བསྐྱོད་པའོ། །སྐུ་དང་གསུང་དང་ཐུགས་ཡང་དག་པས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དང་བྲལ་བས་དག་པའོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་དང་མཉམ་པ་ཡིན་ཏེ། དེ་བཞིན་ཉིད་ལ་དེ་ཉིད་གང་གི་གནས་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་དུས་ཐམས་ཅད་དུ་དེ་བཞིན་དུ་གྱུར་པ་མི་འགྱུར་བའོ། །གཟུང་བ་དང་འཛིན་པར་སྣང་བ་དང་བྲལ་བས་སྣང་བ་མེད་པའོ། །རྡོ་རྗེའི་སྐུ་ནི་རྣམ་པར་སྣང་མཛད་དོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་གསུམ་གྱི་ལམ་དེར་བྱུང་བ་ནི་དེ་བཞིན་གཤེགས་པའོ། །དེ་རྣམས་ཀྱི་ཐུགས་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་ཉིད་དབྱིངས་སུ་གྱུར་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཉིད་ལས་སྐྱེའོ། །ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་ཀུན་དུ་སོན་པས་ནམ་མཁའ་ཆེན་པོའོ། །དེ་བཞིན་དུ་ལམ་ཡང་དེ་ཉིད་ཡིན་ཏེ་དེ་སྐད་ཅེས་བྱའོ། །ནམ་མཁའ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ཏེ་དེའི་བདག་ཉིད་སྐུ་ལས་བྱུང་བ་ནི་རིན་ཆེན་ཏོག་གོ །བརྗོད་བྱ་རྗོད་བྱེད་དང་བྲལ་བ་ནམ་མཁའ་དང་མཉམ་པའོ། །གསུང་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བདག་ཉིད་དོ། །སྐྱེས་བུ་མཆོག་གི་དོན་རབ་ཏུ་བྱེད་པས་སྟོན་པར་བྱེད་པ་ཡིན་ཏེ་འོད་དཔག་ཏུ་མེད་པའོ། །ནམ་མཁའ་དང་འདྲ་བའི་ཐུགས་ཏེ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོའི་ངོ་བོ་གང་གིས་ཡིན་པའོ། །ཆོས་ནི་སྟོབས་ལ་སོགས་པས་ཏེ་


DTG040_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གང་མཆོག་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འགྲོ་བ་མཐའ་དག་གི་དོན་བྱ་བ་ནན་ཏན་གྱིས་འགྲུབ་པར་གྱུར་པའི་སྤྱོད་པའོ། །གནས་ནི་རྟེན་ཏེ་དོན་ཡོད་གྲུབ་པའོ། །འདི་ནི་དཀོན་མཆོག་གསུམ་པོ་དེ་བཞིན་གཤེགས་པ་དྲུག་གི་ངོ་བོ་ལ་ཕྱག་འཚལ་བ་བཞིས་ཤིན་ཏུ་བརྗོད་པའི་ཕྱིར་ལན་གཉིས་སུ་བརྗོད་པས་ཚད་མ་བཞི་སྟོན་པས་དག་པའི་ཡོན་ཏན་མངོན་པར་གསལ་པའི་སྒོ་ནས་སྟོན་པ་པོས་བསྟོད་པ་ཡིན་ནོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དངོས་གྲུབ་བསྒྲུབ་པའི་སྤྱོད་པ་རྣམ་པ་ཐམས་ཅད་ཡོངས་སུ་དག་པར་བྱེད་པའི་ཐབས་ཀྱི་རྣམས་པ་ལ་འཇུག་པ་བརྗོད་མ་ཐག་པ་ཡིན་ནོ། །དེ་ནི་བརྗོད་པ་ཐམས་ཅད་དེ་གཙོ་བོ་ཡིན་པའི་ཕྱིར་མཆོག་གོ །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་ལྔ་པའོ།། །།

ལེའུ་དྲུག་པ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པའི་བཤད་པ།


DTG040_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི། རྡོ་རྗེ་འཛིན་ཐུགས་དཔལ་དང་ལྡན། །ཞེས་པ་ལ་སོགས་པས་ཐུགས་བྱིན་གྱིས་བརླབ་པ་བྱས་པ་ལ་ཐུགས་རྡོ་རྗེ་དང་དེ་བཞིན་གཤེགས་པ་དང་རྣལ་འབྱོར་པ་རྣམས་ཐ་དད་དོ་ཞེས་བློ་གྲོས་དམན་པའི་རྣམ་པར་རྟོག་པ་ཡོངས་སུ་ཆོད་པའི་རྗེ་སླའོ། །འདིས་ནི་འཆད་པར་འགྱུར་བའི་སྒྲ་གཉིས་ཀྱི་ཡང་དོན་བཤད་པ་ཡིན་ནོ། །སྐུ་ལ་སོགས་པའི་གསང་བ་རྣམས་ནི་འདིར་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཡིན་ཏེ། དེ་རྣམས་ཉིད་རྡོ་རྗེ་གང་གི་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ཡང་འདིར་ནི་ཐུགས་གཙོ་བོ་ཡིན་ནོ། །ཐུགས་ནི་ཐུགས་རྡོ་རྗེ་སྟེ་བྱིན་གྱིས་བརླབ་པར་བྱེད་པས་ཐ་དད་པའི་སྒྲོ་འདོགས་པར་བྱེད་པ་བསལ་ནས་གང་གིས་དེ་བསྟན་པར་བྱེད་པ་དེ་གསུངས་པའོ། །ཨོཾ་ཡིག་གི་དོན་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་ཐུགས་རྡོ་རྗེ་རྣམས་ཀྱང་སྟེ། དེ་རྣམས་ཀྱི་རང་བཞིན་ཉིད་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་བདག་ཉིད་ཀྱི་རང་བཞིན་རྣལ་འབྱོར་པ་བདག་གི་ཡིན་པ་དེ་ལ་ཨ་ཧཾ་ཞེས་བྱའོ། །དེ་བཞིན་དུ་གཞན་ལ་ཡང་ངོ༌། །བྲལ་བ་ནི་འདོད་ཆགས་ལ་སོགས་པའི་དྲི་མའི་རྡུལ་རྣམས་ཏེ་གང་སྐུ་རྡོ་རྗེ་ལས་སོ། །དེ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་གྱིས་ཆོས་མ་ལུས་པའི་གཟུགས་བརྙན་བསྐྱེད་པ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་གནས་སོ། །དེ་ཉིད་རྡོ་རྗེ་གང་དུ་དེ་


DTG040_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ནི་དེ་བཞིན་ནོ། །སྐུ་ནི་སྐུ་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་དེ་བཞིན་ཉིད་དེ། དེའི་བདག་ཉིད་ཀྱིས་གཉིས་སུ་མེད་པའོ། །གསུང་ནི་འདིར་གསུང་རྡོ་རྗེའོ། །རྡོ་རྗེ་གསུམ་ནི་འདིར་ཐུགས་དང་སྐུ་དང་གསུང་རྡོ་རྗེའོ། །ཆོས་ཀྱི་སྐུ་ལ་སོགས་པའི་རང་བཞིན་གྱི་གསང་བའོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་ཡིན་པས་གནས་སོ། །སྙིང་ག་དང་མགོ་བོ་དང་ལྐོག་མ་རྣམས་སུ་ཟླ་བ་ལ་གནས་པའི་རྡོ་རྗེ་དང་འཁོར་ལོ་དང་པདྨའི་བདག་ཉིད་ནི་གནས་ཡིན་ཏེ། འདིའི་རྟེན་གྱི་གནས་ལ་དེ་ཁོ་ན་ཉིད་གསུམ་ས་བོན་གྱི་གཟུགས་ཀྱིས་རྣམ་པར་བསྒོམ་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐ་དད་པའི་སྒྲོ་འདོགས་པ་བསལ་བས་བསྒྲུབས་ཏེ་བརྟེན་པར་བྱས་ནས་བརྗོད་མ་ཐག་པའི་སྔགས་གསུམ་པོ་འདི་རྣམས་ཀྱིས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་འབྲས་བུ་ཐོབ་པར་བྱེད་པའི་ཕྱིར་མཆོག་རབ་བོ། །བཅོ་བརྒྱད་པ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་གྱིས་གང་དང་གང་འབྱུང་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པས་སོ། །ཞེས་སྔགས་ཀྱི་མཚན་ཉིད་ཀྱིས་མཚོན་པ་དང་ལྡན་པའོ། །དེ་ནས་ཞེས་པ་ནི་ཀུན་རྫོབ་ཏུ། དེ་ཡིས་བདེ་གཤེགས་རྗེས་སུ་མཉེས་པར་བྱ། ཞེས་ཏེ། ཤེས་རབ་དང་ཐབས་ཀྱི་སོ་སོའི་རྡུལ་ཕྲ་རབ་ལ་གནས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བདེ་བ་ཆེན་པོའི་རྗེས་སུ་ཆགས་པར་ཞུགས་པ་ལ་རྣལ་འབྱོར་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པ་དོན་དམ་པར་ཐ་དད་པ་ཉིད་དོ་ཞེས་མི་ཤེས་པའི་སྐྱེ་བོའི་ཐེ་ཚོམ་ཡོངས་སུ་ཚོད་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ཏེ་དེ་རྣམས་ཡིན་ནོ། །རྗེས་སུ་ཆགས་པ་ཡང་ཡིན་ལ་དེ་ཉིད་རྡོ་རྗེ་སྟེ་དེའི་རང་བཞིན་གྱི་བདག་ཉིད་དང་ཡིན་ཏེ་ཐ་དད་པ་མེད་པའི་ཕྱིར་རོ། །དེ་ནས་ཞེས་ཏེ་ཀུན་རྫོབ་ཏུ་གཟུགས་རྡོ་རྗེ་ལ་སོགས་པ་མཆོད་པ་བྱེད་པའི་དངོས་པོ་ཡིན་པས་མཆོད་པར་བྱ་བ་དང༌། མཆོད་པ་དང་མཆོད་པ་པོ་ཐ་དད་པར་སྒྲོ་འདོགས་པ་ཡོངས་སུ་ཤེས་པའི་རྗེས་ལའོ། །དོན་ཡོད་པ་ནི་འབྲས་བུ་མེད་པ་མ་ཡིན་པ་སྟེ་འགྲོ་བ་མ་ལུས་པའི་བྱ་བ་ལ་ནན་ཏན་གྱིས་གྲུབ་པ་ནི་རྫོགས་པ་གང་


DTG040_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ཉིད་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་དེ་རྣམས་མཆོད་པ་ཡང་ཡིན་ལ་དེ་ཉིད་རྡོ་རྗེ་སྟེ། དེའི་རང་བཞིན་གྱི་བདག་ཉིད་ང་ཡིན་ཏེ། རྣལ་འབྱོར་པ་ཡིན་ལ་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །འདོད་པའི་ཡོན་ཏན་ལྔ་ཞེས་པ་ནི་འདོད་པ་ནི་གཟུགས་པ་སོགས་པ་ཡིན་ལ་དེ་ཉིད་གཟུགས་རྡོ་རྗེ་ལ་སོགས་པའི་རྣམ་པར་སྦྱོང་ཞིང་གོམས་པར་བྱེད་དེ་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བ་རྣམས་ཀྱིས་ཡོན་ཏན་དེས་ཆོ་ག་བཞིན་དུ་བདུན་པ་ལས་བཤད་པའི་ཆོ་གས་སོ། །རྟག་ཏུ་ལས་དང་པོ་པ་ལ་སོགས་པའི་གནས་སྐབས་ཐམས་ཅད་དུའོ། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས་ཀྱང་མཆོད་པ་ན་རྣལ་འབྱོར་པས་མྱུར་ཞིང་མགྱོགས་པར་སངས་རྒྱས་ཉིད་དོ་ཐམས་ཅད་མཁྱེན་པ་ཐོབ་པར་འགྱུར་རོ། །དེ་ནས་ཞེས་ཏེ་ཐུགས་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབས་པ་ན་དེ་རྣམས་ཀྱི་མཚན་ཉིད་དང་སྔགས་ཀྱང་གང་ཡིན་ཞེས་གདུལ་བྱའི་ཐེ་ཚོམ་ཡོངས་སུ་ཆོད་པའི་རྗེས་ལའོ། །སྔགས་རྣམས་ནི་ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཐུགས་རྡོ་རྗེ་ལ་སོགས་པ་དངོས་པོ་ཡིན་ལ་དེའི་ས་བོན་ནི་བཏགས་པ་ལས་ཡིན་ཏེ། དེ་རྣམས་ཀྱི་གསང་བ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པའི་སྤྱོད་ཡུལ་མ་ཡིན་པའི་རང་བཞིན་ནོ། །སྔགས་རྣམས་ལ་དམིགས་པ་ནི་གཉིས་སུ་མེད་པའི་ངོ་བོ་ལ་སོགས་པས་ཇི་ལྟར་རྣམ་པར་མི་གཡེང་བར་འགྱུར་བ་ཡིན་ཏེ། དེ་ལྟར་སྔགས་པ་ལུས་དང་ངག་དང་ཡིད་ཀྱང་བྱིན་གྱིས་རློབ་པར་འགྱུར་རོ། །དངོས་གྲུབ་བསྒྲུབ་པར་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ལས་ཕུལ་དུ་བྱུང་བས་རབ་སྟེ་གང་ལས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དྲི་མ་མེད་པའི་བདེ་བ་ཆེན་པོ་ཉིད་ཀྱིས་ཡིད་དགའ་བའི་ཕྱིར་དང་མགུ་བ་ནི་འཚེ་བ་མེད་པ་ཡང་དག་པའི་དོན་གྱི་རང་བཞིན་ཡིན་པས་འདོད་པའོ། །གང་ལས་ཐུགས་རྗེ་ལ་སོགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཉིད་སྔགས་པས་དངོས་གྲུབ་བསྒྲུབ་པར་བྱ་སྟེ། དེ་ནས་རྫོགས་པར་བྱ་ཞིང་མངོན་སུམ་དུ་བྱའོ། །ཐུགས་རྡོ་རྗེ་ལ་སོགས་པ་གསུམ་པོ་རྣམས་ཡང་དག་པར་སྦྱོར་ཏེ་ཤེས་རབ་དང་ཐབས་སྙོམས་པར་འཇུག་པའི་མཚན་ཉིད་དོ། །ཁྱད་པར་ཅི་


DTG040_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཞེ་ན། སེམས་དེ་ལ་དམིགས་པ་ཡང་ཡིན་ཏེ་བདག་མེད་པའོ། །ལུས་དང་ངག་དག་ལ་དེ་དམིགས་པ་ཡང་ཡིན་ལ་སྣ་ཚོགས་པ་བདག་མེད་པའི་རྣམ་པས་བསྒོམ་པ་ཡང་གང་ལ་ཡིན་པ་དེ་བཞིན་ནོ། །ཅི་ལྟར་ཞེ་ན། གང་ལ་ལུས་དང་ངག་དང་ཡིད་ལ་དམིགས་པས་དོན་དམ་པར་རང་བཞིན་མི་དམིགས་སོ། །དེས་ན་ནམ་མཁའ་བཞིན་དུ་མཉམ་པ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཉིས་སུ་མེད་པའི་རང་རིག་པའི་ངོ་བོ་དུས་ཐམས་ཅད་དུ་དེ་ལྟར་ཡོད་པའི་ཕྱིར་རོ། །དེ་ནི་གང་གི་གནས་ཡིན་ཏེ་དེས་ན་བྱང་ཆུབ་ལས་མ་གཏོགས་པར་ཡང་བསྒོམ་པ་ཡོད་པ་མ་ཡིན་ཏེ། གང་འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རྒྱན་ལས་འཇམ་དཔལ་ཉིད་བྱང་ཆུབ་ཡིན་ལ་བྱང་ཆུབ་ཀྱང་འཇམ་དཔལ་ཉིད་དོ་ཞེས་སོ། །སྔགས་ཀྱི་བདག་ཉིད་ཀྱི་ལུས་ཏེ་ཕུལ་དུ་བྱུང་བའི་རྣལ་འབྱོར་གང་ཡིན་པ་དེས་ན་རྣལ་འབྱོར་པས་མི་དམིགས་སོ། །རྣམ་པར་དཔྱད་པ་ནི་ངེས་པར་བྱ་སྟེ་འདི་སྔར་བརྗོད་མ་ཐག་པའོ། །མདོར་ན་སྟེ་མདོར་བསྡུས་པས་སོ། །སྐུ་རྡོ་རྗེ་ལ་སོགས་པའི་མཚན་ཉིད་ནམ་མཁའ་ལྟ་བུའི་ངོ་བོ་སྟེ་དེ་གསུངས་པ་ན་ནམ་མཁའ་ལྟ་བུའི་ངོ་བོ་རྡོ་རྗེ་གསུམ་མཚོན་པར་བྱའོ། །བསྒོམ་པར་བྱ་བ་ནི་བླ་མའི་མན་ངག་གི་ཆོ་གས་སོ། །ཡང་དག་པའི་སྦྱོར་བ་ནི་ཤེས་རབ་དང་ཐབས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་མཚན་ཉིད་དོ། །དེ་ཉིད་ཏིང་ངེ་འཛིན་དུ་བྱ་བ་སྟེ། འདིར་ཡོན་ཏན་གྱི་ཚོགས་ཡིན་ལ་ཏིང་ངེ་འཛིན་ལ་སྔགས་ཀྱི་སྒོ་ནས་དེར་བརྟགས་པའོ། །དེ་ན་ཞེས་པ་ནི་རིན་ཆེན་ཁ་དོག་སྣ་ལྔ་པ་བསྒོམ་པར་བྱ་ཞེས་བརྗོད་པ་དེ་ལ་ཅི་བསྒོམ་པར་བྱ་བ་ཞེས་གདུལ་བྱའི་དོགས་པ་ངེས་པའི་རྗེས་ལའོ། །སླར་ཡང་དོན་གཞན་ལ་བརྟེན་ནས་དོན་དེ་ཉིད་ནི་བཟླས་པ་ཡིན་ཞེས་པའི་ཚུལ་གྱིས་ཟློས་པ་མ་ཡིན་ནོ། །རྒྱུ་ལྔ་དང་ནི་རིག་པ་ལྔ། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་པས་རྣམ་པར་བྱང་བའི་ཕུང་པོ་ལྔ་དང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་རྣམས་ཀྱང་དེའི་བདག་ཉིད་ཀྱིས་དེ་སྟོན་པར་བྱེད་པ་ཡང་ཡིན་ཏེ། རྩེ་མོ་ལྔ་གཉིས་ཀྱི་རྡོ་རྗེ་ཕྱག་གིས་འཛིན་པར་བྱེད་པས་ན་རྡོ་རྗེ་འཛིན་པའོ། །མཐར་ཐུག་པའི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཕུན་སུམ་


DTG040_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་དང་ལྡན་པས་དཔལ་ལྡན་ཡིན་ཏེ། གཞན་གྱི་ཕུན་སུམ་ཚོགས་པ་ནི་ཉམས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཀུན་གྱིས་མཆོད་པ་ནི་མཆོད་པའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དངོས་པོ་ཐམས་ཅད་ཀྱི་དེ་ཉིད་མཁྱེན་པས་ན་ཀུན་མཁྱེན་པ་སྟེ་དེ་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སངས་རྒྱས་རྣམས་ལས་མཆོག་སྟེ་གཙོ་བོའོ། །དེ་ཉིད་ཀྱིས་བཀའ་སྩལ་ཏེ། གཞན་བདུད་ལ་སོགས་པས་ནི་མ་ཡིན་ལ་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གིས་མི་གནོད་པ་འདི་རྣམས་ནི་སྟོན་པར་བྱེད་པར་ནུས་པ་མ་ཡིན་ཏེ། དེ་རྣམས་ཀྱང་ཐམས་ཅད་མཁྱེན་པ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བསྒོམ་པར་བྱ་བ་ཞེས་པ་ནི་བསྒོམ་པ་དེ་ཉིད་དེ་འབྲས་བུ་མཆོག་སྟེར་བར་བྱེད་པའི་ཕྱིར་བླ་ན་མེད་པའོ། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པ་ནི་ཆོས་འབྱུང་གི་ནང་གི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨ་ལ་གནས་པའོ། །སངས་རྒྱས་ནི་རྡོ་རྗེ་འཛིན་པ་ཆེན་པོའི་གཟུགས་ཏེ། སངས་རྒྱས་རྡོ་རྗེ་འཛིན་པར་བརྗོད། །ཅེས་པས་སོ། །དེ་ཡུངས་ཀར་གྱི་ཚད་ཁ་དོག་ལྔ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའོ། །དེའི་ནང་དུ་སོང་བའི་འགྲོ་བ་དང་མི་འགྲོ་བ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རོ། །ཡེ་ཤེས་ཀྱི་གནས་ཡིན་ཏེ་ཡེ་ཤེས་ལྔ་ལ་སོགས་པའི་བདག་ཉིད་ཀྱི་བཅོམ་ལྡན་འདས་མངོན་སུམ་དུ་བྱེད་པའི་རྒྱུ་མཚན་ནོ། །དེའི་ངོ་བོ་ཁ་དོག་ལ་སོགས་པའི་རྣམ་པར་བྱིན་གྱིས་བརླབས་པ་ནི་ཡེ་ཤེས་ཀྱིས་བརྟགས་པའོ། །སངས་རྒྱས་ཀྱི་སྐུ་ནི་རྡོ་རྗེ་སེམས་དཔའ་སྟེ་བསྒོམས་པ་ན་དེ་བསྒོམ་པ་སྔོན་དུ་སོང་བས་ལྷ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ་སྟེ་དེའི་སྟེང་དུ་གནས་ཏེ་མི་བསྐྱོད་པ་གྲུབ་པའི་རྒྱུར་ཡང་ཟླ་བ་ཞུ་བ་དེ་ཡོངས་སུ་གྱུར་པ་ལས་ཧཱུཾ་ཡིག་གོ །འཁོར་ལོ་དང་རིན་པོ་ཆེ་དང་པདྨའི་དཀྱིལ་འཁོར་རྣམས་ནི་གསུམ་པར་བཤད་དོ། །རང་འོད་ཀྱི་ཤེས་རབ་སྤྱན་གྱི་རྣམ་པར་ཡང་དག་པར་སྦྱོར་བ་གང་ཡིན་པ་དེ་ནི་རྣམ་པར་སྣང་མཛད་ཀྱི་སྟེ་རྣམ་པ་ཞེས་པ་སྟོབས་ཀྱིས་སྤྱན་མ་ཉིད་ནི་མ་ཡིན་


DTG040_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །རྡོ་རྗེ་ནི་རྩེ་ལྔ་པ་སྟེ་ཧཱུཾ་ཡིག་ལས་གྲུབ་པའི་རང་གི་རྡོ་རྗེའོ། །ཤེས་རབ་ཀྱི་པདྨ་ཨ་ལས་བྱུང་བའི་སྣ་ཚོགས་ཟེའུ་འབྲུ་ཧཱུཾ་ཡིག་ལས་སྤྲུལ་པའི་འདབ་མ་བརྒྱད་པ་ལ་བསྒོམ་པར་བྱ་ཞེས་པ་ནི་ཐམས་ཅད་དུ་བལྟ་བར་བྱའོ། །དང་པོ་ཡང་ནི་འདི་ཡིན་ཏེ་རང་གི་ལྷ་གྲུབ་པའི་ཕྱིར་རོ། །སྦྱོར་བར་བྱེད་པས་ན་སྦྱོར་བ་སྟེ་རང་གི་ས་བོན་ལས་སྐྱེས་པའི་ཕྱག་མཚན་ཡིན་ལ་རིན་པོ་ཆེའི་དཀྱིལ་འཁོར་གྱི་སྟེང་དུ་བསྒོམ་པར་བྱའོ། །འདོད་ཆགས་རྡོ་རྗེ་ནི་འོད་དཔག་ཏུ་མེད་པའོ། །འོད་ཟེར་དང་ལྡན་པ་ནི་ཉི་མའི་དཀྱིལ་འཁོར་ཏེ་དེ་བསྒོམས་ནས་དེར་དོན་ཡོད་གྲུབ་པ་བསྒོམ་པར་བྱའོ་ཞེས་ཁ་བསྐང་ངོ༌། །སངས་རྒྱས་གནས་ནི་ཞི་བ་སྤྲོ། །འཁོར་ནི་ཞེས་ཏེ་དཀྱིལ་འཁོར་བའི་ངོ་བོའོ། །འདི་བཞིན་དུ་ཐམས་ཅད་དུ་ཡང་བལྟ་བར་བྱའོ། །ད་ནི་ཕྲ་མོའི་རྣལ་འབྱོར་གྱི་ཕྱག་མཚན་གྱི་ཚད་དེས་པ་གསུངས་པ། ཨུཏྤལ་སྔོན་པོ་མ་དོག་འདྲ་བ། །ནས་ཙམ་ནི་མི་བསྐྱོད་པ་ལ་སོགས་པའི་རྣམ་འབྱོར་པའོ། །ཙ་ན་ཀའི་འབྲུ་ཚད་ནི་པདྨ་དམར་པོ་འདབ་མ་བརྒྱད་པ་སྟེ་འོད་དཔག་ཏུ་མེད་པ་ལ་སོགས་པའི་བསམ་གཏན་པའིའོ། །འཁོར་ལོ་རྩིབས་བརྒྱད་པ་ཙ་ན་ཀའི་འབྲས་བུའི་ཚད་ཙམ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་བསྒོམ་པའོ། །ཕྱོགས་འདིས་ཕྱག་མཚན་གཞན་ལ་ཡང་ཅི་རིགས་པར་བསྒོམ་པར་བྱའོ་ཞེས་གསུངས་པ་འཁོར་ལོ་ལ་སོགས་ཞེས་པ་ལ་སོགས་པའོ། །འགྲུབ་པ་ནི་བྱང་ཆུབ་མངོན་སུམ་དུ་གྱུར་པའོ། །གནས་ནི་རྟེན་ཏེ་ཕྲ་མོའི་རྣལ་འབྱོར་རོ། །མཆོག་ཏུ་དགའ་བའི་རང་བཞིན་ཡིན་པའི་ཕྱིར་ཉམས་དགའ་བའོ། །དེ་སྐད་དུ་ཡང་གསུངས་པ། དེང་ནས་བཟུང་སྟེ་གང་ཅུང་ཟད། །བསྒོམ་བྱ་ལེགས་པར་མཉམ་གཞག་པས། །ཏིང་འཛིན་ཡེ་ཤེས་ཀྱིས་བརྟགས་པས། །དེ་དག་ཐམས་ཅད་བརྟན་པར་འགྱུར། །ཞེས་སོ། །ཅིས་ཤེ་ན་གང་གི་ཕྱིར་ཐུན་མོང་དང་ཅིག་ཤོས་ཀྱི་དངོས་གྲུབ་རྣམས་དང་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་གནས་ཡིན་ནོ། །དེར་ཞེས་པ་ན་བརྟན་པའི་རྟགས་མཐོང་ནའོ། །བྱང་ཆུབ་ལ་གནས་པའི་རང་འོད་ཀྱི་ཤེས་རབ་དང་ལྡན་པའོ། །ཆོས་ནི་སྟོབས་ལ་སོགས་པའི་གནས་ཏེ་དེ་


DTG040_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། མཚན་མ་སྣ་ཚོགས་པ་དང་སྐུ་དང་གསུང་དང་ཐུགས་ཀྱིས་མཚོན་པའི་མཚན་ཉིད་དང་ལྡན་པའོ། །དེ་ནས་ཞེས་པ་ནི་མཚན་མ་ཐོབ་པའི་སྔགས་པས་དུས་ཅི་ཙམ་གྱིས་ཅི་བྱ་བས་ཇི་ལྟ་བུའི་དངོས་གྲུབ་ཅེས་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །གསང་བའི་དེ་ཉིད་ནི་མཆོད་པ་ཆེན་པོ་རིག་པའི་བརྟུལ་ཞུགས་ལ་བརྗོད་པ་རིག་མ་འདོད་པའི་ཡོན་ཏན་ལྔ་སྤྱོད་པས་ཡང་དག་པར་མཆོད་དེ། ཡང་གི་སྒྲས་བདེ་བར་གཤེགས་པ་རྣམས་དང་རང་དང་གཞན་གྱི་ལྷའི་རྣམ་པ་རྣམས་ལ་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པས་སོ། བརྩོན་འགྲུས་ལྔ་དང་བདུད་རྩི་རྣམས་རྒྱུད་ཕྱི་མ་ལས་བཤད་པའི་ཆོ་གས་བཟའ་སྟེ་བཟའ་བར་བྱ་བ་མ་ཡིན་པ་ཉིད། ཚད་མས་མ་གྲུབ་པས་དེ་རྣམ་པར་རྟོག་པས་བརྟགས་པའི་ཕྱིར་དངོས་པོ་ཇི་ལྟ་བ་བཞིན་མ་ཡིན་པའི་དེ་ཁོ་ན་ཉིད་ལ་ཞུགས་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་བདག་ཉིད་ཀྱིས་སྤང་པར་བྱ་བ་ཡིན་པའི་ཕྱིར་རོ། །རྙེད་སླ་བ་ཁ་ན་མ་ཐོ་བ་མེད་པ་བཙལ་བའི་སྡུག་བསྔལ་དང་བྲལ་བ་བསམ་གྱིས་མི་ཁྱབ་པའི་ནུས་པ་དང་ལྡན་པའི་ཉིད་ཀྱི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་རོ། །དངོས་པོ་དང་མཐའ་དག་གི་དེ་ཁོ་ན་ཉིད་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་དང་ལྡན་པས་མཚན་མ་ཐོབ་ནས་ཟླ་བ་དྲུག་ཏུ་བསྒོམ་པར་བྱའོ། །དེ་ཉིད་བསྒོམས་པས་དངོས་གྲུབ་ཀྱི་འབྲས་བུ་འགྲོ་བ་མ་ལུས་པའི་བྱ་བ་ནན་ཏན་གྱིས་འགྲུབ་པར་འགྱུར་རོ། །བླ་ན་མེད་པའི་དེ་ཁོ་ན་ཉིད་བྱང་ཆུབ་ཀྱི་བདག་ཉིད་ཀྱི་ཐུགས་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་དང་བྲལ་བའོ། །བསམ་གྱིས་མི་ཁྱབ་པའི་ནུས་པའི་དམ་ཚིག་རྗེས་སུ་བསྒྲུབས་པའི་བཀའ་ཡོངས་སུ་སྐྱོང་བས་ཚོགས་པ་ཕུན་སུམ་ཚོགས་པ་དགའ་བའི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་རོ། །རང་གི་ལྷའི་དཀྱིལ་འཁོར་གྱི་གོ་འཕང་གིས་འགྲོ་བ་མ་ལུས་པའི་ལམ་གྱིས་བྱ་བ་བྱས་པའོ། །སྐུ་རྡོ་རྗེ་ལ་སོགས་པ་མངོན་སུམ་དུ་བྱས་པས་གནས་གྱུར་པའི་འཇིག་རྟེན་པའི་ལུས་ལ་སོགས་པ་ཤིན་ཏུ་མནན་ཏེ་དེ་ལས་འདའ་བའོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་དྲུག་པའོ།། །།

ལེའུ་བདུན་པ། སྔགས་ཀྱི་སྤྱོད་པའི་མཆོག་གི་བཤད་པ།


DTG040_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་ཐེག་པ་གཞན་ལས་བཅོམ་ལྡན་འདས་ཀྱིས་འདོད་པ་བསྟེན་པ་ནི་བྱང་ཆུབ་ཀྱི་བགེགས་སུ་གསུངས་ནས་དེ་འདིར་ཡང་ཅི་དེ་ལྟར་ཡིན་ནམ་ཞེས་གདུལ་བྱའི་དཔྱོད་པ་རྟོགས་པའི་རྗེས་ལའོ། །ཆེན་པོ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ཐམས་ཅད་དུ་སོན་པའི་ཕྱིར་རོ། །དམ་ཚིག་ཀྱང་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་སོ་སོའི་ནན་དུ་ཆུད་པའི་དཀྱིལ་འཁོར་གྱི་རང་བཞིན་རྡོ་རྗེ་འཛིན་པ་ཆེན་པོ་སྟེ་དེ་ནི་དེ་ཁོ་ན་ཉིད་ཡིན་ལ་ཟག་པ་མེད་པའི་བདེ་བ་ཆེན་པོ་རིགས་ལྔ་ཡིན་ཏེ། དེ་ཉིད་རིགས་ལྔར་བརྗོད་པ་སྟེ། །ཞེས་རྒྱུད་ཕྱི་མ་ལས་སོ། །ཀུན་དུ་བཟང་པོའི་ངོ་བོ་ཡང་ཡིན་ཏེ། དཀའ་བ་ཀུན་དུ་བཟང་པོ་ཡང་ཡིན། དམ་ཚིག་དེ་ཉིད་ཅེས་བརྗོད་པའི་ཕྱིར་དེ་བསྒོམ་པར་བྱ་བ་ཉིད་སྔགས་ཀྱི་སྤྱོད་པའོ། །བསྟེན་པ་ནི་བྱང་ཆུབ་མཆོག་གི་རྒྱུ་ཡིན་པའི་ཕྱིར་རོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི་གཟུགས་ལ་སོགས་པ་སྟེ་གཟུགས་རྡོ་རྗེ་ལ་སོགས་པའི་རྣམ་པར་རོ། །འདོད་པ་ཀུན་ཞེས་ཤེས་བྱ་སྟེ། རྡོ་རྗེ་བདག་པོ་དེ་བཞིན་ནོ། །གཟུགས་ཀྱི་རྡོ་རྗེ་ལ་སོགས་དྲུག །རྡོ་རྗེ་བདག་པོ་ཞེས་བཤད་དོ། །ཞེས་རྒྱུད་ཕྱི་མ་ལས་སོ། །དེ་རྣམས་ཡོངས་སུ་ལོངས་སྤྱོད་པར་འདོད་པ་ལས་མི་འདའ་བར་བསྟེན་པ་འདིས་སྔར་བཤད་པའི་རྣལ་འབྱོར་གྱིས་སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་ཤེས་རབ་དང་སྙོམས་པར་འཇུག་པའི་མཚན་ཉིད་ཀྱིས་མྱུར་དུ་སངས་རྒྱས་ཉིད་འཐོབ་པར་འགྱུར་རོ། འདོད་པ་ཀུན་ལ་ལོངས་སྤྱོད་པའི། །རྣལ་འབྱོར་ལྡན་པ་བདེ་བར་འགྱུར། །བདེ་བ་མཉམ་པར་འཇོག་གྱུར་ཏེ། །འདིས་ནི་ཡང་དང་དོན་རིག་འགྱུར། །བདེ་བའི་སེམས་ནི་མཉམ་པར་འཇོག་པར་འགྱུར་ལ་མཉམ་པར་གཞག་པས་ཡང་དག་པའི་དོན་ཇི་ལྟ་བ་བཞིན་ཤེས་པར་འགྱུར་ཞེས་ལུང་ལས་སོ། །གང་ལས་དེ་ལྟར་ཡིན་པ་དེས་ན་རང་གི་བདག་པོའི་རྣལ་འབྱོར་གྱིས་བདག་དང་གཞན་ལ་མཆོད་པར་བྱའོ། །རང་གི་སྒྲས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ངོ༌། །རྗེས་སུ་འགྲོ་བ་བསྟན་ནས་ལྡོག་པ་གསུངས་པ་སྡུག་བསྔལ་ནི་རང་གི་མགོ་གཅོད་པ་ལ་སོགས་པའོ། །ངེས་པ་ནི་ལོ་མ་ཟ་བ་དང་ཟླ་བ་གཅིག་ཏུ་སྨྱུང་བ་ལ་སོགས་པའོ། །དཀའ་བ་ནི་མེ་ལྔ་བསྟེན་པ་ལ་སོགས་པའོ། །སློང་མོ་ཟ་བའི་ཚུལ་གྱིས་བཟླས་པ་མི་བྱའོ། །སློང་


DTG040_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མོས་རྙེད་པའི་བཟའ་བ་ལ་ཡང་ཆགས་པར་མི་བྱའོ། །མ་ཉམས་པ་ནི་མཚང་བ་མེད་པའོ། །ཡན་ལག་ནི་ལྷན་ཅིག་བྱའོ། །འདོད་པའི་ལོངས་སྤྱོད་ནི་གཟུགས་ལ་སོགས་པ་སྟེ། སྔགས་གང་གིས་ཡིན་པ་དེ་བཟླས་པར་བྱའོ། །ཅིས་ཤེ་ན། གང་ལས་སྐུ་དང་གསུང་དང་ཐུགས་བདེ་བར་གནས་པས་བྱང་ཆུབ་ཐོབ་པར་འགྱུར་ཏེ་ཡང་དག་པར་རྙེད་དོ། །གཞན་དུ་ཞེས་པ་ནི་ལྷན་ཅིག་བྱེད་པའི་རྒྱུ་རྐྱེན་དང་བྲལ་བས་མི་འགྲུབ་སྟེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་བཀའ་ལས་འདས་པའི་ཕྱིར་དང་སྨོད་པའི་ཡང་ཕྱིར་རོ། །དུས་མ་ཡིན་པ་ནི་ཚེ་མ་ཟད་པར་ངེས་པ་མ་ཡིན་པའི་མྱོང་བའི་ཚེ་འཇིག་པར་འགྱུར་བའི་ལས་སོ། །འཆི་བ་ནི་མཐོང་བའི་ཆོས་ཀྱི་སྡུག་བསྔལ་ལོ། །དམྱལ་བར་སྲེག་པ་ནི་མ་མཐོང་བ་ལའོ། །ངེས་པར་ནི་བརྟན་པར་ཏེ་ལས་རྣམས་མྱོང་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དཔལ་མཆོག་དང་པོ་ལས། དཀའ་ཐུབ་ངེས་པ་རྣོན་པོ་ཡིས། །ལུས་ནི་སྐམས་ནས་སྡུག་བསྔལ་ཏེ། །སྡུག་བསྔལ་ལས་ནི་སེམས་གཡེངས་ཏེ། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །དེས་ན་འབད་པ་ཀུན་གྱིས་ནི། །སྔགས་དང་ཕྱག་རྒྱ་རྗེས་གྲུབ་བྱེད། །དཀའ་ཐུབ་ངེས་མིན་བདེ་བ་དང༌། །དགའ་བས་ཀྱང་ནི་བསྒྲུབ་པར་བྱ། །སྔ་མ་རྣམས་ཀྱིའང་ལམ་འདི་ཡིན།། ཞེས་གསུངས་པ། སངས་རྒྱས་ཞེས་པ་ནི་སྟོབས་ལ་སོགས་པའི་ཆོས་དང་ལྡན་པའོ། །མི་འགྱུར་བ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པའི་ཕྱིར་དང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དྲི་མ་མེད་པའི་བདེ་བ་ཆེན་པོའི་རྣམ་པ་ཡེ་ཤེས་ཀྱི་བདག་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་ནི་མི་འགྱུར་བའོ་།དེ་ཉིད་ཀྱི་ཕྱིར་ན་མཆོག་གོ །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་བསྟེན་པ་ནི་འདོད་པའི་ཡོན་ཏན་ལྔའོ། །རྟག་ཏུ་བརྗོད་མ་ཐག་པའི་ཡེ་ཤེས་དོན་དུ་གཉེར་བའི་འདོད་ཆགས་ཅན་རྣམས་ཀྱི་སྙིང་རྗེ་ཆེན་པོའི་ཆགས་པས་སེམས་ཅན་མ་ལུས་པ་རྣམས་ལ་བདེ་བར་གཤེགས་པ་རྣམས་ཀྱི་ཆགས་པའོ། །བསྟེན་པར་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་མིག་ལ་སོགས་པའི་རང་བཞིན་སའི་སྙིང་པོ་ལ་སོགས་པ་རྣམས་སོ། །ཆགས་པར་བྱ་བ་ནི་བྱང་ཆུབ་ཉི་མ་རྣམས་ཏེ། འོད་ཟེར་ཅན་དེ་བཞིན་གཤེགས་པ་རྣམས་གཟུགས་ལ་སོགས་པའི་ཕུང་པོ་རྣམ་


DTG040_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པའི་རང་བཞིན་རྣམས་སོ། །སྟོན་མོ་སོགས་ལ་ཇི་ལྟར་ཞུགས། །དེ་ལྟར་བདག་འཛིན་མེད་ན་ཡང༌། །གཟུགས་ལ་སོགས་པ་མི་འགལ་ཏེ། །རང་གཞན་དོན་ལ་བློ་གསལ་ལྡན། །ས་ལ་སོགས་པ་མེད་ན་ཡང༌། །ཇི་ལྟར་དང་པོ་བསྒོམ་པ་ཡིན། །གཞན་གྱི་དོན་སོགས་ལ་གཏད་དེ། །གཟུགས་སོགས་བསྒོམ་པ་དེ་བཞིན་ནོ། །གཟུགས་ལ་སོགས་པའི་དགོས་པ་ཡང༌། །བསྒོམ་པའི་བདེ་བ་ཆེན་པོ་སྟེ། །མི་བདེན་བརྟགས་པ་དང་བྲལ་ཡིན། །དེ་ཉིད་གཞན་དུ་ངེས་མ་ཡིན། །གཟུགས་སྣང་བ་ཡི་མྱོང་ཅན་ནི། །མེད་ན་མྱོང་བ་མ་ཡིན་ཏེ། རྒྱ་ཆེན་རྒྱུན་བདེ་འཇིག་རྟེན་པའི། །བྱིན་པ་རྣམས་ཀྱང་འདོད་པ་ཡིན། །རྒྱ་ཆེན་རྒྱུན་བདེའི་རྣམ་པ་ཡི། །གཞན་གྱི་དོན་བདག་ནུས་པ་ལ། །ཇི་ལྟར་འདོད་ཆགས་སོགས་མ་སྐྱེས། །དེ་ལྟར་སྔར་ནི་ངེས་པར་བྱས། །གང་གསུངས་པ། །གཟུགས་ལ་སོགས་པ་ཉེ་བར་མཁོ་བའི་བདེ། །མྱོང་བ་བདག་ཉིད་དུ་ནི་རབ་བསྒྲུབས་འདི། །དུན་དུ་སོན་པར་དེ་ནི་གྲུབ་ཡིན་དང༌། །ང་རུ་འཛིན་པའི་གནས་བརྟེན་བྱང་ཆུབ་ཀྱི། །དེ་ནི་ཉེ་བར་མཁོ་དང་བྲལ་བ་ཡིན། །དེ་ཡིས་ཐོབ་མིན་ལེགས་པའི་སྟེང་པ་དེ། །ཉེ་བར་མཁོ་བ་ལ་ནི་ཆུང་ཡང་འདིར། །དེ་ནི་འཕེལ་བར་ཡང་དག་སྐྱེ་མི་འགྱུར། །གཟུགས་ལ་སོགས་པའི་དོན་ནི་བསགས་པ་འདི། །དེ་ཡིས་རབ་ཏུ་འབད་པར་བྱ་བ་སྟེ། འདིར་ནི་ཡོད་ན་འབྱུང་བར་འགྱུར་བ་ཡིན། །མཆོག་དགའི་བདེ་བ་ཡང་དག་མཐོང་བར་འགྱུར། །འཁོར་བ་སྲིད་ཀྱི་འགྲོ་བ་གསུམ་པོ་ལ། །ཁྱབ་པའི་རྒྱལ་པོ་ཐོབ་པར་འགྱུར་བ་ཡིན། །དེ་ནི་མྱོང་མིན་བསལ་བ་མ་ཡིན་པ། །རྟོག་མིན་བྱ་བ་མ་ཡིན་དང་བྲལ་བ། །གྲོལ་བ་ལྟར་སྣང་ཡོད་པས་ཐམས་ཅད་ནི། །རྣམ་པར་དག་པ་ཡང་ནི་ལྷག་བཅས་མཆོག །དེ་ཉིད་ཕྱིར་ན་ངེས་པར་བྱང་ཆུབ་རྒྱུ། །གཞན་སྤངས་ཉིད་ནི་ངེས་པར་བསྟན་པར་འདོད། །བཅོམ་ལྡན་འདས་ཀྱི་དེ་ཉིད་ངེས་གསུངས་པ། །ངེས་པ་ཉིད་ནི་སྐུ་ལ་སོགས་པ་ཡིན། །ཇི་ལྟར་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་གཟུགས་ལ་སོགས་པ་སྟོན་པར་འདོད་པས་གསུངས་པ། །གཟུགས་རྣམ་པ་གསུམ་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟེ་རྣམ་པར་ཐར་


DTG040_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོའི་དབྱེ་བས་ཤེས་པར་བྱའོ་ཞེས་བརྗོད་པ་ནི་ཁ་ཅིག་གོ །དམན་པ་དང་བར་མ་དང་མཆོག་གི་དབྱེ་བས་རྣལ་འབྱོར་པ་རྣམས་དམན་པ་ལ་ཡང་ཡིད་མི་བདེ་བར་མི་འགྱུར་བ་དང༌། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་གཟུགས་རྣམས་ལ་འགལ་བ་དང་མི་འགལ་བ་སྤང་བའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡང་རང་གི་མཚན་ཉིད་དང་གཞན་གྱི་ཆོས་ཐམས་ཅད་ཤེས་པར་བྱེད་དོ་ཞེས་རྒྱལ་བའི་ཡུམ་ལས་གསུངས་སོ་ཞེས་གཞན་དག་གོ །སྣ་ཚོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཕྱིར་རྡུལ་ཕྲ་རབ་མ་ལུས་པའི་འདུས་པའི་དཀྱིལ་འཁོར་ཚོགས་པའོ། །གང་གསུངས་པ་ལངས་ནས་དག་པའི་སེམས་ལ་ཞེས་པ་ལ་སོགས་པ་ནས་ཕྱིན་ཅི་ལོག་གི་རྟོག་པ་དང་བྲལ་བའོ་ཞེས་སོ། །ཕྲ་མོའི་རྣལ་འབྱོར་ལ་སོགས་པ་ལ་མཚན་མ་ཐོབ་པས་རྗེས་སུ་དྲན་པ་བཅུ་དྲུག་གསུངས་པ། སངས་རྒྱས་རྗེས་སུ་དྲན་པ་སྦྱོར། །ཞེས་པ་ནས་ཇི་སྲིད་དུ། དམ་ཚིག་རྗེས་སུ་དྲན་པ་སྦྱོར། །བསྒོམས་ནས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པ་ནི་མདོར་བསྟན་པའོ། །དེ་ལ་སངས་རྒྱས་ཞེས་པ་ལ་སོགས་པ་ནི་རྒྱས་པར་བསྟན་པའོ། །དབེན་པ་ཞེས་བྱ་བ་ནི་རིགས་མི་མཐུན་པའི་སྐྱེ་བོ་སྤངས་པའོ། །མཆོད་པ་ནི་སྙོམས་པར་འཇུག་པའོ། །བྱིན་གྱིས་རླབས་ཀྱིས་གནས་གསུམ་ནི། །ཞེས་པ་ནི་ཇི་ལྟ་བ་བཞིན་དུ་མིག་ལ་སོགས་པའི་དགང་བ་དང་ཡི་གེ་ཧཱུཾ་ལ་སོགས་པས་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བའི་ཐུགས་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབས་པ་དང༌། ཨཱཿ་ཡིག་བྱས་པའི་ཟེ་འབྲུ་དང་ཨོཾ་ཡིག་གིས་སྤྲུལ་པའི་པདྨ་འདབ་མ་བརྒྱད་པ་བསྒོམ་པར་བྱའོ། །རང་གི་རྟགས་ལ་ཡང་ཧཱུཾ་གིས་སྤྲུལ་པའི་པདྨ་རཱ་གའི་ཁ་དོག་གི་རྩེ་མོ་ལྔ་པའི་རྡོ་རྗེའི་རྣམ་པའོ་ཞེས་ཁ་ཅིག་གོ །རང་གི་ལྟའི་ཁ་དོག་རྡོ་རྗེ་རྩེ་གཅིག་པའི་རྣམ་པའོ་ཞེས་གཞན་དག་གོ །བྱང་ཆུབ་ཀྱི་སེམས་བརྟན་པར་བྱ་བའི་དོན་དུ་གཞུག་པ་ལ་ཡི་གེ་ཕཊ་དོ། །ཨོཾ་གྱིས་བྱིན་གྱིས་བརླབས་པ་ནི་ནོར་བའོ། །ཕྱོགས་བཅུར་འགྲོ་བའི་དོན་བྱེད་པ་ལ་འཇུག་པ་དེ་བཞིན་གཤེགས་པ་ལྔའི་རྣམ་པའི་འོད་ཟེར་གྱིས་ཁྱབ་པའི་རྡོ་རྗེ་དང་པདྨའོ། །དགེ་བའི་འབྲུ་འཕེལ་བ་དང་གཏི་མུག་གི་མུན་པ་སེལ་བར་བྱེད་པ་དང་ཆོས་མཐུན་པས་ཟླ་བའི་འོད་ཟེར་བཞིན་དུ་ཡང་དག་པར་འབར་བའོ། །འདི་ཉིད་ཀྱི་ཕྱིར་ཡིད་དུ་འོང་བའི་


DTG040_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རིག་མ་དེ་བསྒོམ་པར་བྱའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་ཆོས་ནི་འོད་དཔག་མེད་དོ། །རྡོ་རྗེ་ངེས་འབྱེད་ཤེས་རབ་སྟེ། །སེམས་དཔའ་འདིར་ནི་རིག་བྱར་བརྗོད། །ཅེས་ཏེ་རྡོ་རྗེ་སེམས་དཔའ་འདིར་བརྗོད་པ་ནི་མི་བསྐྱོད་པའོ། །རིགས་ནི་རིགས་ལྔའི་ལྷ་རྣམས་སོ། །ཁྲོ་བོ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །སྤྲོ་ཞེས་པ་ནི་ཕྱོགས་བཅུ་རྣམས་སུ་སེམས་ཅན་གྱི་དོན་བྱས་ཏེ་སླར་བསྡུའོ། །སྤྲོ་བ་དང་བསྡུ་བ་དང་ཐིམ་ཞིང་བརྟན་པར་བསྒོམ་པ་ནི་ངེས་པར་བྱ་བ་ཡིན་པའི་ཕྱིར་རོ། །དམ་ཚིག་ནི་གཞན་གང་ཡང་རུང་བ་ཅིག་དཀྱིལ་འཁོར་གྱི་བདག་པོའོ། །རྡོ་རྗེ་སེམས་དཔའ་ཞེས་པ་ལ། འང་གི་སྒྲས་ནི་གཞན་ཡང་ངོ༌། །དཀྱིལ་འཁོར་རྣམ་པ་ཞེས་ནི་དཀྱིལ་འཁོར་བསྒྲུབ་པའི་དུས་སོ་ཞེས་ཁ་ཅིག་གོ །རྟག་ཏུ་མཉམ་གཞག་རྣལ་འབྱོར་པ་ཡིས་ཡིད། །འཁོར་ལོ་བྲིས་པའི་འཁོར་ལོ་ཡང་མི་བྱ། །རང་གི་བྱང་ཆུབ་སེམས་ལས་སྐྱེས་པ་དང༌།། མཆོད་པ་ལ་སོགས་པ་ཡི་ཆོག་ཡང༌། །ཞེས་གཞན་དག་སྟེ་དེ་ལྟར་ཡང་གསུངས་པ། ཡེ་ཤེས་དབང་ཐོབ་ཀྱིས་བྱས་ཏེ། །སེམས་ཉིད་ཀྱིས་ནི་འཁོར་ལོ་གསུམ། །བྱིན་རླབས་ཀྱིས་ནི་འཁོར་ལོ་སྟེ། །གང་ཕྱིར་རང་དང་གཞན་ལ་སྣང༌། །འདིར་ནི་འཇུག་སྟེ་གང་སྣང་བ། །རྨི་ལམ་གསལ་བ་བཞིན་དུ་འདོད། །གང་ཕྱིར་སེམས་ཀྱི་ཚུལ་བསྟན་པས། །དེ་ནི་མཆོག་ཏུ་ཤེས་པར་བྱ། །རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པ་དང་མི་བསྐྱོད་པའི་རང་བཞིན་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་རྣམས་ཀྱིས་དེ་བཞིན་གཤེགས་པ་རེ་རེ་ཡོངས་སུ་གང་བ་ནི་གྲུབ་པ་ཡིན་ཏེ། སྐུ་གང་འདྲ་བ་ཅི་འདྲ་བ་ཉིད་དུ་བདག་ཀྱང་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་བསྒོམ་པ་ནི་སྐུ་རྗེས་སུ་དྲན་པའི་བསྒོམ་པའོ། །གང་དེ་བཞིན་དུ་ཆོས་དང་དོན་དང་ངེས་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པའི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱི་ཡེ་ཤེས་ཏེ་དེ་འདྲ་བར་བདག་ཀྱང་ཞེས་ཏེ་སྨོན་ལམ་བཏབ་ལ་བསྒོམ་པ་བྱས་པ་ན་ཆོས་འཛིན་པ་དང་འདྲ་བར་འགྱུར་རོ། །རྡོ་རྗེ་སེམས་དཔའ་ཅི་འདྲ་བར་ཐུགས་དྲི་མ་མེད་པའི་རྣམ་པར་བྱང་བ་ཅི་འདྲ་བ་ཉིད་དུ་བདག་ཀྱང་ཞེས་བསམས་ནས་བསྒོམས་པ་ན་རྡོ་རྗེ་འཛིན་པ་དང་


DTG040_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བར་འགྱུར་རོ། །ད་ནི་ནམ་མཁའ་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་དང་སེམས་ཅན་རྣམས་ཀྱང་མཚན་ཉིད་གཅིག་ཉིད་ཀྱིས་ཞེས་པའི་རིགས་པ་ལ་བརྟེན་ནས་གསུངས་པ། སེམས་གང་རང་བཞིན་གྱིས་རྣམ་པར་བྱང་བ་སེམས་ཅན་རྣམས་ཀྱི་ཡིན་ཏེ་ལུས་དང་ངག་དང་རྣམ་པར་ཤེས་པ་བརྒྱད་ཀྱིས་ཀྱང་འཁོར་བ་པའི་མཚན་ཉིད་དང་ལྡན་པའོ། །དེ་ཉིད་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་དང་བྲལ་བས་ནམ་མཁའ་དང་མཉམ་པ་ཉིད་དུ་འགྲོ་བའི་དང་ཚུལ་ཅན་དེ་བཞིན་ཉིད་དུ་རོ་གཅིག་པའི་ཡེ་ཤེས་ཅན་དེ་བཞིན་གཤེགས་པ་རྣམས་དྲི་མ་དང་བྲལ་བའི་རྣམ་པར་བྱང་བ་ལྟར་བདག་ཀྱང་དེ་དང་འདྲ་བ་དེར་འགྱུར་ཞེས་པར་བསྒོམ་པ་ནི། རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་ཞེས་འཇུག་གོ །སྔགས་ཀྱི་རྡོ་རྗེ་ནི་འོད་དཔག་ཏུ་མེད་པའོ། །སྔགས་ཀྱི་དོན་བསྒོམ་པའི་བཟླས་པ་ནི་སྐུ་རྗེས་སུ་འདྲ་བ་སྟེ། ཚིག་དང་སྐུ་བསྒོམ་པའོ། །བདག་ཀྱང་དེ་དང་འདྲ་བར་གྱུར་ཅིག་ཅེས་སོ། །བསྒོམས་པས་འགྱུར་བ་ཡིན་ཏེ་སྔགས་འཛིན་པ་ལྟ་བུར་རོ། །དམ་ཚིག་ནི་སྙོམས་པར་འཇུག་པ་སྟེ་ཆོ་གས་ནི་རྒྱུད་ཕྱི་མ་ལས་བརྗོད་པས་སོ། །བདུད་རྩི་བྱེད་པ་ནི་གསོད་པའོ། །འབྲས་བུ་ནི་སེམས་ཅན་མ་ལུས་པའི་དོན་བྱེད་པ་སྟེ། དེ་དོན་དུ་གཉེར་བ་ཡོད་ན་བཏུང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར་རོ། །དངོས་པོ་མ་ལུས་པའི་དེ་ཁོ་ན་ཉིད་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱང་འདི་ཡིན་ལ་ཕ་རོལ་ནི་ཕུལ་དུ་ཕྱིན་པ་ཡང་ཡིན་ཏེ། ཡང་དག་པར་ཤེས་པར་བྱ་བ་ས་དེ་ཉིད་དམ་ཚིག་ཡིན་ཞིང་འབྲས་བུ་ཡིན་ཏེ་འདིས་ནི་ལམ་དང་གཞུང་ཡང་ཡིན་ནོ། །ཐམས་ཅད་ནི་ཟག་པ་མེད་པ་དེས་ནམ་སྐྱེས་པ་དང་ཟག་པ་མེད་པ་སྟེ་དེ་རྣམས་ཀྱི་རྟེན་གཟུང་བ་དང་འཛིན་པའོ། །ཆགས་སྡང་ལས་བྱུང་རྣོན་པོ་དང༌། །དཀའ་དང་ལྟ་བ་ཡོངས་སུ་འཛིན། །དེ་ལས་བྱུང་བ་རྩོད་པ་རྣམས། །དངོས་པོ་ཁས་བླངས་ཡོད་པས་ཡིན། །ཞེས་པའི་རིགས་པས་སོ། །དངོས་པོ་ནི་གཉིས་ཡིན་ནོ་ཞེས་རྒྱལ་བའི་ཡུམ་ལས་སོ། །ཐམས་ཅད་ཀྱང་རང་བཞིན་གྱིས་འོད་གསལ་བ་གཟུང་བ་དང་འཛིན་པའི་མུན་པ་དང་བྲལ་བའོ། །དེས་ན་བྱང་ཆུབ་ནི་སྔར་མེད་པའི་མངོན་པར་བྱང་ཆུབ་པར་བྱ་བ་མེད་དོ། །དེ་མངོན་པར་བྱང་ཆུབ་པར་བྱེད་པའོ་མངོན་པར་རྟོགས་


DTG040_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ལམ་སྟེ་རང་གི་སེམས་ལས་མ་གཏོགས་པ་དེ་ཡང་མེད་དོ། །རྒྱུ་ཡི་དངོས་པོས་རྒྱུ་ཡིན་ལ། །འབྲས་བུའི་དངོས་པོས་འབྲས་མ་ཡིན། །འདི་ནི་རྒྱུ་འབྲས་དངོས་པོ་རུ། །རང་གི་སེམས་ནི་སྣང་བ་ཡིན། །རང་གི་སེམས་ཉིད་སངས་རྒྱས་ཏེ། །རྟོགས་པར་བྱ་བའང་སེམས་ཉིད་དོ། །ཞེས་དཔལ་ཐམས་ཅད་གསང་བ་ལས་སོ། །ཁམས་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་མཚན་ཉིད་དེ་འཁོར་བའོ། །དེར་ཡང་སེམས་ཅན་རྣམས་དོན་དམ་པར་འབྱུང་བ་མ་ཡིན་ཏེ་ཀུན་རྫོབ་ཏུ་དེ་རྣམ་པར་གཞག་པ་ཡིན་པས་སོ། །སེམས་ནི་འོད་གསལ་ཉིད་ཀྱི་ཕྱིར། །ཉོན་མོངས་རྣམས་ནི་གློ་བུར་པ། །ཞེས་རྒྱལ་བ་བྱམས་པས་གསུངས་སོ། །སེམས་འདིར་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་རྣམ་འགྲེལ་ལས་སོ། །ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་ལུང་ལས་སོ། །སེམས་ཙམ་ཉིད་དུ་རྣམ་གཞག་པ། །མ་སྐྱེས་པ་རུང་སྨྲའོ། །ཞེས་ལང་ཀར་གཤེགས་པ་ལས་ཏེ་གཉིས་སུ་མེད་པའི་རྣམ་པའི་ངེས་པ་བརྗོད་མ་ཐག་པས་མ་སྐྱེས་པ་རྗེས་སུ་དྲན་པ་ནི་འདིར་དེ་བསྟན་པར་བྱ་བའི་དོན་རྗེས་སུ་དྲན་པ་འདི་ཡིན་ནོ། །མཚན་མ་མེད་པ་ནི་དེ་བཞིན་ཉིད་ལ་ཡང་མི་དམིགས་པ་ཡིན་ཏེ་གང་གི་ཕྱིར་མེད་པས་སོ། །བརྗོད་པར་བྱེད་པ་དང་བྲལ་བས་མི་འགྱུར་བའོ། །གཉིས་སུ་མེད་པ་ནི་གཟུང་བ་དང་འཛིན་པ་དང་བྲལ་བས་སོ། །གཉིས་སུ་མེད་པ་མ་ཡིན་པ་ནི་ཀུན་རྫོབ་ཏུ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཡོད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ཤིན་ཏུ་དྲི་མ་མེད་པའོ། །དེ་ཉིད་ཀྱི་ཕྱིར་ཞི་བ་ཉིད་ཀྱིས་ནམ་མཁའ་དང་འདྲའོ། །ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་དང་ཐབས་རྗེས་སུ་དྲན་པ་འདི་དག་ལས་སྲིད་པ་དང་ཞི་བ་ལ་རབ་ཏུ་མི་གནས་པས་ཆོས་ཉིད་ཀྱིས་དེ་དག་མཉམ་པར་རོ་གཅིག་པས་མི་གནས་པའི་མྱ་ངན་ལས་འདས་པའི་སྟེ་ལམ་བསྟན་པ་ཡིན་ནོ། །ལོ་གྲངས་བཅུ་གཉིས་ལོན་པ་ནི་འདིར་མཚོན་པ་སྟེ་གཏི་མུག་གི་རིགས་ལ་སོགས་པ་ཡང་ངོ༌། །སེམས་བརྟན་པ་ནི་མི་གཡོ་བར་བླ་ན་མེད་པའི་བྱང་ཆུབ་ཀྱི་སྨོན་པ་དང་ལྡན་པ་དང་རྣལ་འབྱོར་པ་ལ་གུས་པའོ།།


DTG040_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་སྦྱོར་བ་རབ་ཏུ་དབྱེ་བ་སྟེ། གང་གི་རིགས་ལ་རིག་མ་གང་ཡང་རྣལ་འབྱོར་དུ་བསྟན་པས་དེ་དང་ལྷན་ཅིག་རྣལ་འབྱོར་དེ་བྱ་སྟེ་དེ་དང་བདེ་བར་གཤེགས་པ་ཡང་ཆོག་ཇི་ལྟ་བར་མཆོད་པར་བྱའོ། །འདིས་ནི་ཞེས་པ་ནི་བརྗོད་མ་ཐག་པས་ཚེ་འདི་ཉིད་ལ་ཞེས་པ་ནི་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་དང༌། ཐམས་ཅད་མཁྱེན་པ་མ་ཡིན་པས་བསམ་གྱིས་མི་ཁྱབ་པའི་ཕྱིར་ནོར་བུ་དང་སྔགས་དང་སྨན་དང་ཏིང་ངེ་འཛིན་གྱི་ཁྱད་པར་ལ་སོགས་པའི་མཐུ་སྲིད་པར་རྗེས་སུ་དཔག་པ་དང་ལུང་ཡང་གཞན་དུ་ཡང་མཚུངས་པའི་ཕྱིར་རོ། །མཐོང་བ་མེད་པ་ཙམ་ཡང་ཚད་མ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་བརྗོད་དོ། །ཚོགས་པ་མ་ཚང་བའི་ཕྱིར་ཡང་ཐམས་ཅད་དུ་ཐམས་ཅད་ཀྱིས་ཐམས་ཅད་གྲུབ་པ་མ་མཐོང་སྟེ་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་བརྗོད་པའི་མཚན་ཉིད་ངག་གི་སློབ་དཔོན་དང་སློབ་མ་ངག་དང་ཉམས་སུ་ལེན་པ་རྙེད་པར་དཀའ་བའི་ཕྱིར་རོ། །འཇུག་པའི་ཡན་ལག་ཉིད་ཡིན་ཏེ་མཁས་པ་དེ་དག་དོན་ལ་ཐེ་ཚོམ་ཡོད་ཀྱང་འཇུག་པའི་ཡན་ལག་ཡིན་ནོ་ཞེས་པའི་རིགས་པས་སོ། །གང་གསུངས་པ། དང་པོར་དེ་ཉིད་སློབ་དཔོན་གྱི་རྗེས་སུ་འཇུག་པ་དངོས་གྲུབ་ཀྱི་ཐབས་སུ་འགྱུར་རོ། །སློབ་དཔོན་ཉིད་ནི་མེད་གྱུར་ན། །སངས་རྒྱས་འགྲུབ་པར་འགྱུར་མ་ཡིན།། སློབ་དཔོན་ཡོན་ཏན་བཤད་པར་བྱ། །ཡེ་ཤེས་སྙིང་པོ་མཉན་པར་གྱིས། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་པས། །སེམས་ཅན་ཀུན་ལ་མི་འཇིགས་སྟེར། །ཐེག་པ་ཆེ་ལ་རྟག་དགའ་བ། །དེ་ལ་སློབ་དཔོན་ཞེས་སུ་བརྗོད། །ཕྱི་རོལ་བསྟན་བཅོས་ཡོངས་ཤེས་པ། །ཉན་ཐོས་ཐེག་པའི་ལམ་ཞུགས་དང༌། །དེ་རྣམས་ཐེག་ཆེན་མི་ཤེས་པ། །གསད་པའི་རྒྱུད་ཀྱི་དོན་སྡུད་པ། །དེ་ལ་སྙིང་རྗེ་ཡོད་མིན་ཏེ། །དད་མིན་བརྩོན་འགྲུས་ཡོད་མ་ཡིན། །ཚུལ་ཁྲིམས་མིན་ལ་རྟག་ཏུ་དགའ། །བསྟན་བཅོས་ཉིད་ལ་མི་སྡུག་བྱེད། །སྔར་བརྗོད་པ་ཡི་མཚན་ཉིད་ལྡན། །སློབ་དཔོན་ཉིད་དུ་ཡང་དག་གཟུང༌། །དེ་ཉིད་དཀྱིལ་འཁོར་འབྲི་བ་དང༌། །རྒྱུད་རྣམས་ཐམས་ཅད་སྟོན་བྱེད་པའོ། །དེ་ཡིས་ཉེ་བར་བསྟན་པའི་སྔགས། །


DTG040_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་འགྲུབ་པར་ཐེ་ཚོམ་མེད། །འདི་ལྟར་སློབ་མ་ཡོན་ཏན་ལྡན། །བསྒོམ་པ་ལ་དགའ་དགེ་བ་དང༌། །སློབ་དཔོན་ལ་གུས་རྟག་ཀུན་ཏུ། །ལྷ་རྣམས་རྟག་ཏུ་མཆོད་བྱེད་པའོ། །སློབ་དཔོན་ཇི་ལྟར་བལྟ་བར་བྱ། །བླ་མ་སངས་རྒྱས་ཀུན་མཉམ་པར། །ཐམས་ཅད་རྟག་ཏུ་རྡོ་རྗེ་འཛིན། །རིན་ཆེན་ཏོག་ནི་དེ་བཞིན་གཤེགས། །ཡེ་ཤེས་ཆེན་པོའི་རྒྱ་མཚོ་འདི། །ཡིད་བཞིན་ནོར་བུ་དོན་ཆེན་སྟེར། །སློབ་དཔོན་གྱི་ནི་ཡོན་ཏན་བླང༌། །ཉེས་པ་ནམ་ཡང་མ་ཡིན་ནོ། །ཡོན་ཏན་བཟུང་བས་དངོས་གྲུབ་འགྱུར། །ཉེས་པ་རྣམས་ཀྱིས་དངོས་གྲུབ་ཉམས། །དེ་ཡི་གྲིབ་མ་འགོམས་པ་ཡིས། །མཆོད་རྟེན་བཤིག་པར་གྱུར་པར་བརྗོད། །བརྟན་དང་གཡོ་བའི་གསང་བ་ལ། །ཀུན་ལ་སྨོད་པ་བླ་ཡིན་གྱི། །སློབ་དཔོན་སྨོད་པ་མ་ཡིན་ཉིད། །རྨི་ལམ་ན་ཡང་མཐོང་མི་འགྱུར། །གང་གིས་སློབ་དཔོན་སྨོད་བྱེད་རྣམས། །བགེགས་དང་ལོག་འདྲེན་རྣམས་ཀྱིས་བཟུང༌། །རྩུབ་པོའི་ལས་དང་སྡང་བདག་ཉིད། །རྟག་ཏུ་ས་འདིར་སྤང་བར་བྱ། །དམྱལ་བར་གྲགས་པ་གང་རྣམས་ཏེ། །མནར་མེད་ལ་སོགས་འཇིགས་རུང་རྣམས། །དེ་ན་གནས་པར་ཡང་དག་བརྗོད། །སློབ་དཔོན་སྨོད་པར་བྱས་པ་ལས། །འབྲས་བུ་སངས་རྒྱས་འདོད་རྣམས་ཀྱིས། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །གུས་ལྡན་སེམས་ཅན་གྱིས་འདི་མཆོད། །བསམ་གྱིས་མི་ཁྱབ་འབྲས་བུ་སྟེར། །ཞེས་སོ། །སློབ་དཔོན་རྣམས་ལ་སྨད་པ་ཡིས། །བདེ་གཤེགས་བཀའ་ལས་རྣམ་འདས་པས། །ཁྲོས་པས་ཀུན་གྱིས་སྐྱོན་བརྗོད་པས། །སེམས་ཅན་བྱམས་པ་སྤང་བའི་ཕྱིར། །བྱང་ཆུབ་སེམས་ནི་ཡོངས་སྤངས་པས། །ཐེག་པ་གསུམ་ལ་སྨད་པ་ཡིས། །མ་སྨིན་སེམས་ཅན་གསང་བསྒྲགས་པས། །ཕུང་པོ་རྒྱལ་དག་སྨད་པ་ཡིས། །དམ་ཚིག་བདག་ཉིད་ཐེ་ཚོམ་ཕྱིར། །སྡང་ལ་བྱམས་དང་དགའ་འབྲལ་བས། །ཆོས་ལ་མཐའ་གཉིས་སྒྲོའི་དོགས་པས། །དད་དང་ལྡན་སེམས་སུན་ཕྱུང་བས། །དམ་ཚིག་རྙེད་པ་མི་བསྟེན་པས། །གྲུབ་པའི་རིག་མ་སྨད་པའི་ཕྱིར། །དེས་ནི་རྩ་བའི་ལྟུང་བར་འགྱུར། །སྔགས་པ་དམ་ཚིག་ཉམས་པ་ཡིན། །དེ་ཉམས་གྲུབ་པ་རྣམས་ཉམས་འགྱུར། །བདུད་འབྱུང་སྡུག་བསྔལ་ཕུང་པོར་འགྱུར། །འདིས་ནི་དམྱལ་འགྲོ་མྱོང་འགྱུར་ཏེ། །རྣོན་པོ་


DTG040_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་མྱོང་བར་འགྱུར། །ཞེས་ཏེ་རྩ་བའི་ལྟུང་བ་བཅུ་བཞི་རྣམས་ལས་གང་ཡང་རུང་བ་ཅིག་གི་ལྟུང་བས་ཕས་ཕམ་པ་དང་ལྡན་ནོ། །ཏ་ལའི་མགོ་བཅད་པ་བཞིན་དུ་དགེ་བའི་རྩ་བ་བསྐྱེད་པ་མེད་པའི་ཕྱིར་རོ། །བླ་མ་ཇི་ལྟར་འབྱོར་མཆོད་བྱས། །དཀྱིལ་འཁོར་དེ་ལས་བྱང་ཆུབ་སེམས། །བསྐྱེད་དང་གསུམ་ལ་སྐྱབས་འགྲོ་སོགས། །སྡོམ་པ་བླང་བར་བྱ་ཞེས་བརྗོད། །དེ་ཕྱིར་བཅོས་པ་དཀའ་བའི་ཕྱིར། །ཐམས་ཅད་ཀྱི་དངོས་གྲུབ་མ་མཐོང་བ་རིགས་པ་ཉིད་དོ། །དེ་བཞིན་དུ་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་གསང་བའི་བདག་པོ་དེ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། ཇི་ལྟར་ཐེག་པ་ཆེན་པོ་ལ་མངོན་པར་ཡང་དག་པར་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྔགས་ཀྱི་སྤྱོད་པའི་ཐེག་པ་མངོན་སུམ་དུ་བྱེད་པ་རྣམ་པར་ཐར་པའི་སྒོ་སྤངས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཕན་པ་མེད་དོ། །ཅིའི་ཕྱིར་ཞེ་ན། །གང་བསྐལ་པ་དུ་མས་བྱང་ཆུབ་སེམས་དཔའ་རྣམས་སྦྱོར་ཞིང་སྩོལ་བ་དང་སྡུག་བསྔལ་ཡོངས་སུ་སྤོང་བར་བྱེད་པ། བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེའི་སྐྱེ་བ་འདི་ཉིད་ལ་སྔགས་ཀྱི་ཐེག་པ་ལ་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བའི་བདག་པོ་སྐྱེ་བ་འདི་ཉིད་ལ་ཞེས་པ་ནི་དེ་བཞིན་གཤེགས་པས་འདི་རྣམས་ལ་མིང་བསྐྱེད་པས་བྱང་ཆུབ་སེམས་དཔའ་དེ་རྣམས་མིང་དེ་དང་པོ་ཉིད་དུ་ལོག་སྟེ་ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་རོ། །སྐུ་དང་གསུང་དང་ཐུགས་གྲུབ་པས་གང་གཞན་དམན་པའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡང་རྣལ་འབྱོར་སྐྱེ་བར་འགྱུར་ཏེ། དངོས་གྲུབ་ལྷག་མ་དེ་རྣམས་ཐམས་ཅད་ཉིད་ཀྱང་བཤད་མ་ཐག་པའི་རྣལ་འབྱོར་པ་ལ་འབད་པ་མེད་པ་ཉིད་དུ་གྲུབ་སྟེ་མངོན་དུ་འགྱུར་བ་ནི་སྐུ་ལ་སོགས་པ་ཡང་དག་པར་འགྲུབ་པར་གྱུར་པའི་རྒྱུ་དེ་ཉིད་ཀྱིས་ཏེ་བསྟན་པ་པོས་ཞེས་གསུངས་སོ། །བཟླས་པས་ཞེས་པ་ནི་རྡོ་རྗེ་གསུམ་པོ་དབྱེ་བ་མེད་པར་བསྒོམས་པས་སོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་བདུན་པའོ།། །།

ལེའུ་བརྒྱད་པ། བཤང་གཅིའི་དམ་ཚིག་གི་བཤད་པ།


DTG040_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་ལོ་བཅུ་དྲུག་ལོན་པ་ལ་སོགས་པ་རིག་པའི་བརྟུལ་ཞུགས་ཀྱི་རྗེས་སུ་མཐུན་པའི་རིག་མ་བསྟེན་པ་རྒྱུད་འདིར་བཅོམ་ལྡན་འདས་ཀྱིས་གསུངས་ལ་ཐེག་པ་གཞན་དུ་ཡང་བཀག་པ་ཡིན་ཏེ་དེ་ཇི་ལྟར་བཀག་པ་གལ་ཏེ་དེ་ཉིད་ཀྱིས་བསྒྲུབས་ན་དེའི་ཚེ་འགལ་བ་ཡིན་ལ་གལ་ཏེ་ཐབས་ལ་མཁས་པའི་ཁྱད་པར་གྱིས་དེའི་ཚེ་ཡུལ་ཐ་དད་པ་ཡིན་པའི་ཕྱིར་འགལ་བ་མེད་པ་ཡིན་ན་འོན་ཀྱང་དེ་བརྗོད་པར་གྱིས་ཤིག །ཡང་གང་གི་ཚེ་རྟག་ཏུ་མཉམ་པར་གཞག་པའི་རྣལ་འབྱོར་པས་དེའི་ཚེ་རིན་པོ་ཆེ་སྣ་བདུན་ལ་སོགས་པ་མ་བྱིན་པ་ལས་ཚོགས་ཡོངས་སུ་རྫོགས་པར་ཇི་ལྟར་འགྱུར་ཞེས་བྱ་བ་ལ་སོགས་པའི་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །ནམ་མཁའི་དང་མཉམ་པའི་ཡེ་ཤེས་བསྒོམས་པས་མཆོད་པའི་རིན་པོ་ཆེ་ཐམས་ཅད་འགྲུབ་པས་རིན་ཆེན་ཏོག་གིས་གསོལ་བ་བཏབ་པ་གསུངས་སོ། །འབྲས་བུ་ཆེན་པོར་གྱུར་པ་དང་ལམ་དུ་ཡང་འགྱུར་བའི་ཐེག་པ་གང་གིས་ཡིན་པ་དེ་ཉིད་ནམ་མཁའ་དང་མཉམ་པའི་སྤྱོད་པས་སེམས་ཅན་གྱི་ཁམས་སྦྱོང་བར་བྱེད་པ་ཡིན་ནོ། །མཆོད་པའི་མཆོག་ནི་གསང་བ་དང་གཞན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །མཆོད་པ་ནི་ཕྱི་དང་གཞན་ཏེ་གསུངས་ཤིག་པའོ། །མ་ལུས་པའི་སྡིག་པའི་ཆོས་རྣམས་ལས་རྒྱལ་བས་ན་རྒྱལ་མཆོག་པོ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ་ནི་སྔར་བཤད་པའོ། །རྡོ་རྗེ་ཐེག་པ་འདིར་སེམས་ཅན་རྣམས་འཇུག་པར་མཛད་པའོ། །ནམ་མཁའི་ཁམས་དང་མཉམ་པ་ནི་གཞལ་དུ་མེད་པའི་ཕྱིར་ལ། དེ་ཉིད་ཀྱི་ཕྱིར་ན་མཆོག་གོ །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་བདེ་བ་ཆེན་པོའི་རྒྱུན་གྱི་གཉིས་སུ་མེད་པའི་ཡེ་ཤེས་ནི་ཐར་པ་སྟེ་དེའི་ལམ་ནི་ཏིང་ངེ་འཛིན་གསུམ་གྱི་མཚན་ཉིད་དོ། །དེ་ཁོ་ན་ཉིད་ཀྱིས་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་རོ། །གདུལ་བྱའི་རབ་ཏུ་སྣང་བ་ལ་ལྟོས་ནས་བྱང་ཆུབ་པ་གསུམ་ནི་ཐེག་པ་གསུམ་སྟེ། དེའི་ལམ་ལ་འཇུག་པའོ། །གསུང་གཅིག་ཉིད་དུ་གསུངས་མོད་ཀྱི། །དུ་མ་ཉིད་དུ་སོ་སོར་རིག །ཅེས་པའི་རིགས་པས་སོ། །ཐེག་པ་གསུམ་པོ་དེའི་མཚན་ཉིད་ཀྱང་ཅི་ལྟ་བུ་ཞེ་ན། གང་དུ་གཞན་དོན་གཙོ་བོ་ཡིན། །དེ་ཡི་དོན་དུ་རང་དོན་བརྗོད། །སངས་རྒྱས་ཀྱིས་རིག་ཐེག་པ་ཆེ། །དེ་ལས་ཐེག་གཉིས་གཞན་དུ་ཡིན། །ཅི་ཡི་ཕྱིར་དེ་ཡིན་ཞེ་ན། །བདག་ཏུ་མཐོང་བ་བཟློག་པའི་ཕྱིར། །ཐོག་མཐའ་མེད་པའི་


DTG040_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གྲུབ་ཕྱིར། །ཉན་ཐོས་ཐེག་སོགས་དམན་དང་བར། །ཤེས་རབ་ལྡན་པའི་དབང་དུ་བྱས། །སོགས་པ་སྨོས་པ་ནི་རང་སངས་རྒྱས་ཀྱི་ཐེག་པ་གཟུང་ངོ༌། །ཐེག་པ་ཆེན་པོ་ཡང་གཉིས་ཏེ། །རྒྱུ་ཡི་ཐེག་པ་ཆེན་པོ་ནི། །འདི་ལྟར་བློ་གྲོས་དམན་པའི་སེམས། །གཟུང་དང་འཛིན་པ་རྣམ་བྲལ་བ། །ཕ་རོལ་ཕྱིན་པའི་ལུགས་སུ་བརྗོད། །དྲི་མ་མ་ལུས་དག་དོན་དུ། །འབྲས་བུའི་ཐེག་པ་ཆེན་པོ་ནི། །ཇི་ལྟར་སྣོད་ནི་མ་ལུས་པ། །འགྲོ་དོན་མ་ལུས་བསྒྲུབ་ཆེད་དུ། །སྤྲུལ་པ་སྣ་ཚོགས་གཟུགས་ཀྱིས་ནི། །དེས་ནི་སྔགས་ཐེག་ཐུབ་པའིའོ། །གང་འཕགས་པ་ལང་ཀར་གཤེགས་པ་ལས། ཟབ་མོའི་ཐེག་པས་འཇིགས་རྣམས་ལ། སྔོན་པོ་ལ་སོགས་དོན་གསུངས་ཡིན། །གཟུང་མེད་འཛིན་པའི་རྣམ་པ་ཡི། །རྣམ་ཤེས་བར་མའི་བློ་ཅན་ལ། །ཁ་ཅིག་གཉིས་དང་ངེས་བྲལ་བ། །ཟབ་མོའི་དོན་ལ་འཇིགས་སྤངས་ལ། །ཞེས་སོ། །སངས་རྒྱས་རྣམས་ཀྱི་བསྐལ་པ་མཆོག་ནི་སྲིད་པའི་མཐའ་ཡང་དག་པར་གྲུབ་པ་གང་གི་ངག་པའི་བདག་ཉིད་གང་གི་རང་བཞིན་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡངས་པ་ནི་སྤྱན་ལྔ་གང་གི་ཡིན་པའོ། །ཆོས་ནི་སྟོབས་ལ་སོགས་པ་རྣམས་ཏེ། དཀྱིལ་འཁོར་ཡང་ཡིན་ནོ། །གདུལ་བྱའི་རྒྱུད་ལ་འཕོ་བའི་ཕྱིར་ན་འཁོར་ལོ་སྟེ་དེ་བསྐོར་བའོ། །སྐུ་དང་གསུང་དང་ཐུགས་ཡང་དག་པར་དག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དང་བྲལ་བས་དག་པ་སྟེ་དྲི་མ་མེད་པ་གང་ཡིན་པ་དེ་ལ་སྐད་ཅེས་བྱའོ། །འདི་དག་ཐམས་ཅད་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཚད་མ་དང་ལུང་གིས་མི་གནོད་པའི་ཕྱིར་འདི་རྡོ་རྗེ་བཞིན་དུ་མི་ཕྱེད་པ་ཉིད་ཀྱིས་ལམ་དང་འབྲས་བུའི་ཐེག་པ་དེ་ལ་ཕྱག་འཚལ་བ་ཁྱོད་ལ་ཡོད་པའོ། །རིགས་ཐམས་ཅད་ལ་གཙོ་བོར་གྱུར་པས་རྒྱལ་པོའོ། །ནམ་མཁའ་བཞིན་དུ་དེ་བཞིན་ཉིད་ཀྱི་རོ་གཅིག་པའི་ཡེ་ཤེས་དེས་ཐམས་ཅད་དུ་སོན་པས་ཀྱང་ནམ་མཁའ་སྟེ་གང་གི་ཕྱིར་མི་འགྱུར་བས་ན་རྟག་པའོ། །དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་མངོན་པར་རྟོགས་པའི་རྒྱན་ལས་སོ། །ཐམས་ཅད་དབང་བསྐུར་བ་ནི་རིན་པོ་ཆེའི་རིགས་ཀྱི་རང་


DTG040_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །ཀུན་གྱི་དོན་ནི་ནམ་མཁའ་མཛོད་ཀྱི་ངོ་བོས་ཀུན་གྱི་དོན་ཡིན་པའི་ཕྱིར་རོ། །ཁམས་གསུམ་ཐམས་ཅད་ཀྱི་ཆོས་ཀྱི་རྒྱལ་པོ་ཐོབ་པས་ཀུན་གྱི་དབང་ཕྱུག་གོ །དབྱེར་མི་ཕྱེད་པ་ཟག་པ་མེད་པའི་དགའ་བ་རྒྱས་པ་འཛིན་པར་བྱེད་པས་རྡོ་རྗེ་རིན་ཆེན་འཛིན་པའོ། །མཆོད་པ་ནི་གསང་བ་ཡིན་ལ་དེ་ཁོ་ན་ཉིད་ནི་མཆོད་པས་ཆེན་པོའོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པའིའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལས་རྒྱལ་བ་རྣམས་འབྱུང་བ་གང་ཡིན་པ་དེ་ལ་སྐད་ཅེས་བྱའོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ནི་བསྐལ་པ་བཟང་པོ་སྟེ་དེའི་འབྲས་བུའོ། །གང་གི་ཕྱིར་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ལ་དབྱེར་མེད་པས་དེ་བཞིན་ཉིད་ཀྱི་ངོ་བོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་པའི་ཕྱིར་ཡང་དག་པར་གནས་པའོ། །འདི་དག་ཐམས་ཅད་ཇི་ལྟར་ཞེ་ན། གང་གི་ཕྱིར་གཙོར་ཏེ་འཁོར་ལོ་ལ་གོམས་པའི་རྣལ་འབྱོར་མ་དམ་ཚིག་དང་སྡོམ་པ་ལ་གནས་པ་ཕྱག་རྒྱ་དང་སྔགས་ཀྱི་ཆོ་ག་ལ་མཁས་པ་སྔགས་དང་རྒྱུད་ལ་ལེགས་པར་བསླབས་པ། ཤིན་ཏུ་དད་པ་དང་ལྡན་པ་ཤེས་རབ་ཆེན་པོ་ཡང་ཡིན་ཏེ་དེས་ན་དེ་སྲིད་པ་ཤིན་ཏུ་གྲུབ་པ་སྟེར་བར་བྱེད་པ་གསུངས་ཏེ། རྡོ་རྗེའི་ཐེག་པ་ལ་རིང་དུ་ཞུགས་པའི་བློ་ནི་མིག་ཡངས་པའོ། །ལོ་བཅུ་གཉིས་ལོན་པ་སྨོས་པ་ནས་བཟུང་ནས་ཇི་སྲིད་དུ་ལོ་ཉི་ཤུ་རྩ་ལྔ་ལོན་པའོ། །དེས་ན་གཟུགས་བཟང་བཞོན་པས་བརྒྱན་པའོ། །ཞེས་གསུངས་སོ། །བྱོལ་སོང་ལས་ཞེས་པ་ནི་གང་འདི་ལྟ་བུ་ད་མི་རྙེད་ན་དེའི་ཚེ་ལོ་ཉི་ཤུ་རྩ་དྲུག་པ་ལ་སོགས་པ་ནས་ཇི་སྲིད་དུ་འདོད་པའི་དབང་དུ་འགྱུར་བ་ཁུ་བ་དང་ལྡན་པ་དེ་སྲིད་དུ་ཞེས་པའི་དོན་ཏོ། །སུམ་ཅུ་ལོན་པ་ཡིས་ཀྱང་བྱ། །ཅི་སྲིད་ཁུ་བ་སྲིད་པའི་བར། བུ་མོ་ལེགས་པར་ཁྲུས་བྱས་བརྒྱན། །མཚན་རྣམས་ཀུན་གྱིས་བརྒྱན་པའོ། །བཅུ་དྲུག་འོག་གི་དེ་སྲིད་དུ། །ཇི་སྲིད་ལོ་བརྒྱད་ལོན་ཆོས་ལྡན། །ཤིན་ཏུ་རིང་མིན་སྦོམ་པ་མིན། ཤིན་ཏུ་ཕྲ་མིན་རིགས་དམན་མིན། །དེ་འདྲའི་བུ་མོ་བསྒྲུབ་པར་བྱ། །གཞན་དུ་དེ་ལྟར་འགྲུབ་མི་འགྱུར། །ཆོ་ག་ཤེས་པས་དེ་བཟུང་སྟེ། །དེ་ཉིད་སྒྲུབ་ལ་བསྒྲུབ་པར་བྱ། །འཛམ་གླིང་དབང་ཕྱུག་ལ་སོགས་པའི། །མི་དག་ལས་ནི་དེ་གདོན་བྱ། །ཆོ་ག་ཤེས་པས་བསྒྲུབ་བྱ་བ། །གྲུབ་པར་


DTG040_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ་ཐེ་ཚོམ་མེད། །ཅེས་གཉིས་སུ་མེད་པར་མཉམ་པ་རྣམ་པར་རྒྱལ་བ་ལས་ཞེས་སོ་ཞེས་ཁ་ཅིག་གོ །ཀླུ་རྣམས་ལས་ཀྱང་ཀླུའི་བུ་མོ་ཐོབ་པར་བྱས་པས་དེས་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་དུ་བྱུང་བ་སྐྱེས་བུ་མཆོག་གི་དོན་ཐོབ་པར་བྱེད་པས་རིག་པའི་བརྟུལ་ཞུགས་དང་རྗེས་སུ་དྲན་པ་བཅུ་དྲུག་དང༌། དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པའི་དུས་སུ་བརྟག་པ་བྱའོ་ཞེས་གཞན་དག་གོ །གང་དུ་ཞེ་ན། སའི་ཕྱོགས་གཅིག་ནི་རི་བོ་ལ་སོགས་པ་ཡིན་ཏེ། རི་བོ་དབེན་པར་བསྒྲུབ་པར་བྱ། །ཞེས་འདི་ཉིད་དུ་བརྗོད་པས་སོ། །གཙང་བ་ནི་ཉེས་པ་དང་བྲལ་ཞིང་མི་ལྡན་པས་སེམས་དག་པ་ཐོབ་པར་བྱེད་པའོ། །དབེན་པ་ནི་རིགས་མི་མཐུན་པའི་སྐྱེ་བོ་སྤངས་སོ། །རྒྱལ་བ་རྣམས་ཀྱི་བདག་ཉིད་ཀྱི་རང་བཞིན་གང་ལས་སྐྱེ་བའམ། རྒྱལ་བ་རྣམས་ཀྱི་བདག་ཉིད་ཆོས་ཀྱི་དབྱིངས་དེ་ལས་སྐྱེ་བ་ཞེས་ཏེ་རྒྱལ་བའི་བདག་ཉིད་སྐྱེ་བའོ། །དེར་གནོད་པ་ཐམས་ཅད་དང་བྲལ་བས་ཞི་བའི་ཕྱིར་ཞི་བའི་དགེ་བའི་གནས་ཏེ་ཏིང་ངེ་འཛིན་གསུམ་གྱི་མཚན་ཉིད་ཀྱི་བསྒོམ་པའི་གནས་སོ། །བྱུག་པའམ་ཞེས་པ་ནི་བྱ་བ་ཉིད་དོ་ཞེས་ངེས་པར་བཟུང་བའི་དོན་ཏོ་ཞེས་ཁ་ཅིག་གོ །མེད་པ་སྲིད་ན་ཡིད་ཀྱིས་སམ་ཡོད་ན་འབར་བ་ལ་སོགས་པ་ཡང་ཞེས་གཞན་ནོ། །རྒྱལ་བ་མཆོད་པའི་རྒྱུར་ཞེས་པ་ནི་བདག་གི་དོན་འཇུག་པ་དགག་པ་གསུངས་པའོ། །དེ་གསུངས་པ། ཙནྡན་བཟང་པོ་ལ་སོགས་ཀྱིས་བྱུགས་ཤིང༌། །དྲི་ཞིམ་མེ་ཏོག་གཞལ་བཀྲམ་མཆོག་གི་ཆ། །བསམ་གཏན་བདེ་བའི་གནས་སོ་ཞེས་སོ། །གང་གིས་ཐབས་ལ་མཁས་པའི་ཁྱད་པར་གྱིས་བརྗོད་མ་ཐག་པའི་རིག་མའམ་ཡིད་ཀྱིས་སྤྲུལ་པ་བསྟེན་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ནི་འཁོས་བ་མ་ཡིན་ནོ་ཞེས་དེ་གསུངས་པ། ནུ་མའི་དབུས་ཞེས་པ་ལ་སོགས་པ་སྟེ། སྤྱི་བོ་ནས་སྙིང་ག་དང༌། དེ་ནས་ལྟེ་བ་དང༌། ལྟེ་བ་ནས་གསང་བ་དང༌། དེ་ནས་བརླ་གཉིས་དང་དེ་ནས་རྐང་པའི་མཐའ་ཇི་སྲིད་པར་རྡུལ་ཕྲ་རབ་སོ་སོ་ལ་ཁྱབ་པ་བཅུ་པར་བརྗོད་པའི་ཨོཾ་ལ་སོགས་པ་བཀོད་པ་སྔོན་དུ་སོང་བ་དེའི་འོད་ཟེར་རྣམས་ཀྱིས་བཀུག་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་དག་པར་བལྟ་བའི་དོན་དུ་བསྒོམ་པར་བྱའོ་ཞེས་ཁ་ཅིག་གོ །དེའི་མི་མཐུན་པའི་


DTG040_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྤང་བར་བྱའོ་ཞེས་གཞན་དག་གོ །དེ་གསུངས་པ། དེ་བཞིན་རང་གི་ལྷ་འདྲ་རང་སྙིང་པོ། །སྤྲུལ་པའི་རིག་མ་ཉིད་ནི་ཡང་དག་བལྟ། །མིག་ལ་སོགས་པ་དགང་ཞིང་ཡི་གེ་གསུམ། །རྣམ་པར་བཀོད་པས་ལུས་ནི་འོད་དང་ལྡན། །དེ་ཉིད་ཤེས་པས་མགོ་དང་སྙིང་ག་དང་། །ལྟེ་བ་གསང་བདེ་བཞིན་བརླ་གཉིས་ལ། །ཨོཾ་ཧཱུཾ་སྭཱ་ཨཱཿཧཱ་ཞེས་གྲགས་པ་རྣམས། །དེ་ནི་སྐུ་ཐུགས་རྡོ་རྗེ་བཟང་རིགས་སོགས། །ལྔ་པོ་རྣམས་ཀྱིས་ཡན་ལག་བྱིན་བརླབས་ཏེ། །འོད་ཀྱི་ཕྲེང་བ་དམ་པས་འགྲོ་གསུམ་ཁྱབ། །ཨ་ཡིས་སྣ་ཚོགས་པདྨའི་ལྟེ་བ་བྱས། །ཧཱུཾ་གིས་འདབ་མ་བརྒྱད་པ་རྣམ་པར་སྤྲུལ། །ཤེས་རབ་དམ་པ་རྒྱུ་མཐུན་ངོ་བོ་ཉིད། །ཐབས་དང་བཅས་པར་འབྱུང་བ་རང་གི་ལུས། །དེ་ཡིས་བདེ་གཤེགས་རྗེས་སུ་མཉེས་བྱ་ཞེས། །སྔགས་པས་དགའ་བ་ཀུན་དུ་བརྩམ་པར་བྱ། །ཞེས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་རྣམ་པར་སྣང་མཛད་དང་། །རིན་ཆེན་འབྱུང་ལྡན་དང༌། སྣང་པ་མཐའ་ཡས་དང༌། དོན་ཡོད་གྲུབ་པའི་རང་བཞིན་རྣམས་ནི་བཞི་པོ་ཤེལ་དང༌། གསེར་དང༌། པདྨ་རཱ་ག་དང༌། རིན་པོ་ཆེ་ལྗང་གུ་རྣམས་ཏེ་དེའི་རང་བཞིན་ནི་ཕྱོགས་བཞིའི་ཁ་དོག་གོ །དེའི་འོད་ཟེར་གྱི་ཕྲེང་བས་རྣམ་པར་བརྒྱན་པའོ། །མེ་ལོང་ལྟ་བུའོ་ཡེ་ཤེས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་དེ་ཉིད་མ་ལུས་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་ཕྱིར་དང༌། རྟོགས་པར་དཀའ་བ་ཡིན་པའི་ཕྱིར་རྒྱ་མཚོའོ། །སྐུ་ལ་སོགས་པ་རྡོ་རྗེ་གསུམ་རྣམས་ཀྱི་ཆེད་དུ་གནས་ཉིད་དུ་རྣམ་པར་བསམ་པར་བྱའོ། །བསམ་པར་བྱ་བ་ནི་སྤུངས་པ་དེའི་དབུས་སུ་སྔར་བཞིན་དུ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་རྒྱ་མཚོའི་བདག་ཉིད་རྣམ་པར་སྣང་མཛད་ཟླ་བའི་དཀྱིལ་འཁོར་ལ་གནས་པ་བསམ་པར་བྱའོ། །མཁས་པ་ནི་ཕྱིན་ཅི་མ་ལོག་པའི་རྣལ་འབྱོར་པའོ། །ཕྱོགས་བཅུ་མ་ལུས་པའི་སེམས་ཅན་གྱི་དོན་དུ་སྤྲུལ་པ་མཐའ་ཡས་པར་བྱ་སྟེ། གལ་ཏེ་འདོད་ན་བསྒོམས་པས་དུབ་པས་དེའི་ཚེ་མཐར་བསྡུ་བར་རབ་ཏུ་བྱའོ། །ཞི་བ་རྡོ་རྗེ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ་རྣམ་པར་གཡེང་བ་མེད་པས་འཛིན་པར་བྱེད་པའི་ཕྱིར་དེ་འཛིན་པར་བྱེད་པའོ་ཞེས་ཁ་ཅིག་གོ །ཡེ་ཤེས་རྒྱ་མཚོ་ནི་ཡེ་ཤེས་སེམས་དཔའི་བདག་ཉིད་འདྲ་བར་བདག་ཉིད་ཀྱི་


DTG040_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་བསྒོམ་པར་བྱའོ་ཞེས་པ་ནི་གཞན་ནོ། །བདག་གི་ནི་ཤེས་རབ་ཀྱི་ཆའི་བ་སྤུའི་བུ་གའི་རྩེ་མོ་ལས་མཁས་པས་མཆོད་པའི་སྤྲིན་རྣམས་སྤྲོའོ་ཞེས་ཏེ་མཆོད་པར་བྱ་བ་དང་མཆོད་པར་བྱེད་པ་པོ་དབྱེར་མེད་པ་ཕྱིན་ཅི་མ་ལོག་པས་མཁས་པའོ། །དེ་ཉིད་འགྲེལ་པ་བརྗོད་པ་པདྨ་དང་ཨུཏྤལ་ནི་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་སྔོན་པོའི་ཁ་དོག་ལྔ་སྟེ་རིགས་ཀྱི་དབྱེ་བས་སོ། །ཛཱ་ཏི་རྣམ་གསུམ་ཤེས་བྱས་ནས། །ཞེས་པ་ནས་ཇི་སྲིད་དུ་ཀ་ར་བཱི་རའི་མེ་ཏོག་ནི་དཀར་པོ་དང་དམར་པོ་དང་སྔོན་པོའི་ཁ་དོག་སྟེ་རིགས་གསུམ་གྱི་དབྱེ་བས་རྣམ་པ་གསུམ་དུ་བསྒོམས་ནས་ཏེ། །མཁས་པ་ནི་སྔོན་བཞིན་དུ་ཡིན་ལ་སྔར་བཞིན་དུ་མཆོད་པ་ཤེས་པར་བྱའོ། གཞན་རྣམས་ནི་ཡང་གཞན་དུ་འཆད་དེ་དེ་མཁས་པ་རྣམས་ཀྱིས་འདི་ལྟར་སུན་ཕྱུང་བས་བྲི་བར་མི་བྱ་སྟེ། རི་དང་ཆུ་འགྲམ་ཞེས་ལ་སོགས་བརྗོད་པ། །ཆོ་ག་འདིར་གནས་གང་ཡིན་ས་ལ་སོགས། །ཇི་ལྟར་བརྗོད་དོན་འདིར་ནི་རིགས་མིན་པ། །ལྷ་མོ་ཉིད་དུ་ས་ལ་སོགས་བཤད་པ། །དེ་བཞིན་པདྨ་ལ་སོགས་འདིར་བཤད་པ། །རང་གི་ངོ་བོས་རྒྱ་ལ་དེ་བསྟབས་ཡིན། །མ་ཡི་གྲོང་སོགས་མིང་ནི་བརྗོད་པ་ལ། །སངས་རྒྱས་རྣམས་ལ་ངོ་ཚ་ཡོད་མ་ཡིན། །ཁྲུས་མ་ལ་སོགས་ལང་ཚོར་ལྡན་པའི་མིང༌། །བཟུང་ནས་འདིས་ནི་འདི་རུ་རྗོད་པར་བྱེད།། མེ་ཏོག་ལ་སོགས་མཆོད་པའི་ཆོ་གའི་སྤྲིན། །དེ་བཞིན་ཉིད་ཀྱི་རང་བཞིན་ཉིད་མཚན་དུ། །རྣལ་འབྱོར་པ་ཡིས་ཕྱི་དང་གསང་བ་ཡིས། །རྒྱལ་བའི་དབང་པོ་ལ་ནི་ཡང་དག་མཆོད། །ཅེས་པས་སོ། །དེ་གསུངས་པ། དེ་བཞིན་ཕྱི་ཡི་དྲི་སོགས་ཐམས་ཅད་ཀྱིས། །རྒྱལ་བའི་དབང་པོ་རྣམས་ནི་ལེགས་མཆོད་ཅིང༌། །ཐ་དད་རྣམ་པར་རྟོག་ལས་ངེས་གྲོལ་བྱ། །ཞེས་སོ། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །ཞེས་པས་ནི་དཔག་ཏུ་མེད་པའི་ཚད་ཙམ་དུ་བསྒོམ་པའི་དཀྱིལ་འཁོར་མཚོན་པའི་དོན་དུ་འདི་ཡིན་ནོ། །གང་འཆད་པར་འགྱུར་ཏེ། དཔག་མེད་བྱེ་བ་བརྒྱར་ཡངས་པ། །ཞེས་སོ། །འཁོར་ལོས་མཚོན་པ་ནི་རྣམ་པར་སྣང་མཛད་ཀྱི་ཡིན་ཏེ་དེ་བཞིན་དུ་པདྨ་དང་རྡོ་རྗེ་དང་རལ་གྲི་དང་རིན་པོ་ཆེས་མཚོན་པ་ཡང་ཡིན་ཏེ། ཨུཏྤལའི་སྒྲས་ཀྱང་རིན་པོ་ཆེ་ཉིད་དེ་བརྡར་བྱས་པས་མི་བསྐྱོད་པ་ལ་སོགས་པ་རྣམས་ཡིན་ནོ། །ཨུཏྤལས་མཚོན་པའི་ཕྱིར་གཞན་གྱིས་དཀྱིལ་


DTG040_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡང་བསྒོམ་པར་བྱའོ། །རིགས་རྣམས་ཞེས་པ་ནི་དཀྱིལ་འཁོར་བ་རྣམས་སོ། །གྲུ་བཞི་ནི་མི་མཉམ་པ་མེད་པའི་ཕྱིར་རོ། །ཤིན་ཏུ་མཛེས་པ་ནི་རིན་པོ་ཆེ་མ་ལུས་པས་སྤྲས་པའོ། །མཆོད་རྟེན་ནི་གཞལ་ཡས་ཁང་ངོ༌། །གསལ་བ་ནི་ཤེལ་བཞིན་དུ་ཕྱི་ངོས་ན་གནས་པས་ཀྱང་ནང་ན་ཡོད་པའི་དོན་མཐོང་བའི་ཕྱིར་རོ། །རང་བཞིན་གྱིས་དྲི་མ་མེད་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བུ་མོ་ལོ་བཅུ་གཉིས་ལོན་པ་དགའ་བ་རྒྱས་པར་བྱེད་པའི་ཕྱིར་རིན་ཆེན་ཡིན་ལ་ཟག་པ་མེད་པའི་བདེ་བ་ཆེན་པོ་དེ་ལ་བརྟེན་པར་གྱུར་པས་དེ་ཉིད་ཀྱི་ཕྱིར་ན་མཆོག་གོ །རིན་པོ་ཆེ་ཐམས་ཅད་ནི་རིགས་ཀྱི་ལྷ་ཐམས་ཅད་ཀྱི་ཡིན་ཏེ་བདུན་ནི་བུད་མེད་དང་གླང་པོ་ཆེ་དང༌། རྟ་དང་འཁོར་ལོ་དང་རིན་པོ་ཆེ་དང་ཁྱིམ་བདག་དང༌། དམག་དཔོན་རིན་པོ་ཆེ་རྣམས་སོ། །ཉི་མ་སོ་སོར་ཐུན་མཚམས་བཞི་རུའོ། །ཤེས་རབ་ཅན་ནི་མཆོད་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པ་ཡིན་ཏེ། སྦྱིན་པའི་དོན་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་དོན་དུའོ། །རང་འོད་ཀྱི་རིག་མ་དང་སྙོམས་པར་འཇུག་པའི་དུས་སུ་ཡང་དཀྱིལ་འཁོར་གྱི་བདག་པོའི་རང་གི་ལྷའི་རྣལ་འབྱོར་བྱས་ནས། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དྲི་མ་མེད་པའི་བདེ་བ་ཆེན་པོ་རེག་པའི་སྦྱོར་བས་རྡུལ་ཕྲ་རབ་ཀྱི་ནང་དུ། །དེ་ཡིས་བདེ་གཤེགས་རྗེས་སུ་མཉེས་བྱ་ཞེས། །སྔགས་པས་དགའ་བ་ཀུན་དུ་བརྩམ་པར་བྱ། །ཞེས་གསུངས་སོ། །བདག་པོའི་ཕྱག་རྒྱ་ཞེས་པ་ལ་སོགས་པ་སྟེ། གང་གསུངས་པ། །བདེ་བས་ངལ་ཞིང་སྐྱོ་བར་འགྱུར་བ་ཉིད། །གང་གིས་དེ་སྐྱེས་བདེ་དམ་རྒྱལ་བ་ལ། །ཕུལ་བས་མྱུར་དུ་དེ་ནི་འགྲུབ་ཡིན་ཏེ། །ངེས་པ་ཉིད་དུ་ཐོབ་པར་འགྱུར་བ་ཡིན། །བཀོད་པའི་དཀྱིལ་འཁོར་ནི་བསྡུས་པའི་དཀྱིལ་འཁོར་རོ། །དེའི་དབུས་སུ་གནས་ཏེ་རང་གི་གཟུགས་ནི་རང་གི་ལྷ་སྟེ། །དཀྱིལ་འཁོར་དུ་དེ་བཞིན་གཤེགས་པའི་བདག་ཉིད་སོ་སོའི་རྡུལ་ཕྲ་རབ་དེ་ལས་བྱུང་བའོ། །དེ་ཉིད་ཀྱི་ཕྱིར་ཀུན་གྱིས་མཆོད་པར་བྱ་བ་ཡིན་པས་བླ་མ་སྟེ་བདུད་རྩི་ལྔས་སོ། །བླ་མ་ཡང་འདི་ལྟར་མཆོད་པར་བྱའོ་ཞེས་གཞན་དག་གོ །རིག་པའི་བརྟུལ་ཞུགས་ལ་གནས་པས་ལྷའི་བུ་མོ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱིས་མཆོད་པར་བྱའོ་ཞེས་


DTG040_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། །བཙུན་མོ་ཞེས་པ་ལ་སོགས་པ་སྟེ་བྱིན་གྱིས་བརླབས་པའི་གནས་ནི་སྔར་བརྗོད་ཟིན་ཏོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ཞེས་པ་ནི་རང་གི་ལྷའི་མཆོད་པའོ། །བླང་ཞེས་པ་ནི་པདྨ་ལ་གནས་པ་རང་གི་ཁས་བླང་བའོ། །དབྱེར་མེད་པའི་སྐུ་ལ་སོགས་པ་རྫོགས་པར་བྱེད་པའི་ཕྱིར་དེའི་མཆོད་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། །སྔགས་ནི་གྲུབ་པའི་ཕྱིར་བརྗོད་པ། །ཡེ་ཤེས་རྡོ་རྗེ་ཅན་གྱི་གསང༌། །དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་སོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་བརྒྱད་པའོ།། །།

ལེའུ་དགུ་པ། དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་བཤད་པ།


DTG040_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་ལྔ་པར་བསྲུང་བའི་དམ་ཚིག་གསུངས་པ་དེ་ཇི་ལྟར་བསྲུང་བར་བྱ་བ་ཡིན། གཞན་ཡང་དེ་ཐུན་མོང་པའི་ཡུལ་ཡིན་ནམ། །ཁྱད་པར་ཅན་སྤྱོད་ཡུལ་ཡིན་ཞེས་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཤེས་པའི་རྗེས་ལའོ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི་ཡང་དག་པའི་སྦྱོར་བ་གང་དུ་ཡིན་པ་ཉིད་ཀྱི་ཕྱིར་དེ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་དཀྱིལ་འཁོར་རོ། །རིགས་བརྒྱའི་རྣམ་པར་དབྱེ་བའི་ངོ་བོ་ཡིན་པའི་ཕྱིར་མཆོག་གོ །བདེ་བ་ཆེན་པོའི་བདག་ཉིད་ཡིན་པའི་ཕྱིར་ཉམས་དགའ་བའོ། །ཐེག་པ་གཞན་གྱི་རྣལ་འབྱོར་པའི་ཡུལ་མ་ཡིན་པའི་ཕྱིར་གསང་བའོ། །དེ་ལྟར་ན་གང་རྣམས་ཀྱི་ཡུལ་ཡིན་ཞེ་ན། གསུངས་པ། འདིར་སངས་རྒྱས་དང་ཡེ་ཤེས་ཅན་རྣམས་ཀྱི་སྟེ་ཐེག་པ་འདིའི་རྣལ་འབྱོར་པ་རྣམས་ཀྱི་ཡིན་ནོ། །ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པས་འདི་སྟོན་པ་ཡིན་ཏེ། འདི་ལྟར་སྣ་ཚོགས་པ་རྣམ་པ་མང་པོ་འཆད་པར་འགྱུར་བའི་ཐབས་ཀྱིས་འདི་བསྲུང་བར་བྱ་བ་ཡིན་ཏེ་ཁྱད་པར་ཅན་གྱི་ཡུལ་ཡང་ཡིན་ནོ། །མ་དད་པའི་སྨྲ་སེམས་ཅན་དང༌། །རྡོ་རྗེ་སློབ་དཔོན་སྨོད་པ་དང༌། །གདུག་པའི་སེམས་ཅན་རྣམས་ལ་ཡང༌། །རབ་ཏུ་བསྐུལ་བ་འདི་བྱའོ། །ཞེས་བྱ་བ་ལ་སོགས་པས་བཅུ་གསུམ་པར་བཤད་པའི་ཆོ་གས་འདི་ལ་བློ་གྲོས་མི་མཐུན་པར་མི་བྱའོ། །གང་གསུངས་པ། འདིར་ནི་དགོས་པ་འདི་ཡིན་གཉུག་མ་ཡིན། །དཀྱིལ་འཁོར་དབུས་གནས་བདག་ཉིད་བསམ་བྱས་ནས། །མི་བསྐྱོད་ཕྱག་ཏུ་ཧཱུཾ་སྐྱེས་རྡོ་རྗེ་ནི། །རྣམ་པར་བསམས་ནས་གསོད་པར་བྱེད་པ་ཡིན། །འདི་ལྟར་ཡང་ནི་སེམས་ནི་གྲུབ་པ་སྟེ། །རྡོ་རྗེ་གྲུབ་པ་


DTG040_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་ཡང་དག་འགྱུར་བ་ཡིན། །རྡོ་རྗེ་འབར་བ་གསང་བ་དེ་ཡིས་ནི། །བླ་མ་བསླུ་ལ་སོགས་པའི་སེམས་ཅན་རྣམས། །ཕྱི་རོལ་གཉུག་མའི་རིག་མས་བྱིན་བརླབས་པའི། །བུད་མེད་པདྨའི་ནང་དུ་རླུང་དང་མེ་ཡིན་ནི། །འཁོར་ལོ་ལ་གནས་འདི་རུ་གནས་པ་རྣམས། །དེ་ལ་སྙིང་རྗེའི་བདག་ཉིད་རྣལ་འབྱོར་པས། །སྟོང་པ་ཉིད་ཅེས་ཆོས་རྣམས་བསམ་བྱས་ལ། །བརྟན་པ་ཉིད་དུ་བདག་པོའི་ང་རྒྱལ་བྱས། ཁྲོ་བོའི་ངག་གིས་གཉུག་མའི་སྔགས་སུ་མིང༌། བཅུག་པ་གསལ་པོར་བརྗོད་པས་བརྡེག་པར་བྱ། །དེ་བཞིན་དུ་ཡང་འདིར་བྱང་ཆུབ་སེམས་དཔའ་གང་སེམས་ཅན་རྣམས་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལས་གཞན་དུ་ཐམས་ཅད་ཀྱི་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་སྲོག་གཅོད་པ་ལས་སླར་ལྡོག་པར་འགྱུར་རོ། །གཞན་ཡང་སྲོག་གཅོད་པ་ལས་སླར་ལྡོག་པ་ལ་སྐུལ་བར་བྱེད་དོ་ཞེས་སྦྱོང་ཡུལ་ཡོངས་སུ་དག་པའི་མདོ་ལས་སོ། །སངས་རྒྱས་རྣམ་པར་སྣང་མཛད་དེ་སྔོན་དུ་སོང་བའི་རྗེས་ལའོ། །ཕྱག་ན་ཞེས་པ་ནི་གཡས་ནའོ། །སངས་རྒྱས་རྣམས་ཞེས་པ་ནི་གལ་ཏེ་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ཡིན་ན་དེའི་ཚེ་དེ་རྣམས་ཀྱང་སྟེ་ཤིན་ཏུ་ཡང་འདི་བསྒོམ་པའི་སྟོབས་ཀྱིས་ཡིན་པར་བརྗོད་པའི་དོན་དུའོ་ཞེས་ཁ་ཅིག་གོ །སངས་རྒྱས་རྣམས་བསྒོམས་ནས་ལྡང་བ་རྣམས་རྡོ་རྗེས་ཕྱེ་མར་བྱའོ་ཞེས་ཁ་བསྐངས་ནས་འབྲེལ་ཏོ་ཞེས་གཞན་དག་གོ །རྡོ་རྗེ་གསང་བ་འདི་ལྟ་བུས་ཞེས་པ་ནི་འབར་བའི་རྡོ་རྗེ་ལག་ན་གནས་པས་སོ། །སེམས་ཅན་ཐམས་ཅད་ཅེས་པ་ནི་ངན་སོང་གི་ལས་ཀྱི་ལམ་ལ་སོགས་པ་ལ་ཞུགས་པ་རྣམས་བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ཐབས་དུ་མས་ལམ་ངན་པ་ལས་བཟློག་པར་མི་ནུས་པས་ཐབས་གཞན་མེད་པས་སོ། །ཐམས་ཅད་ཀྱི་སྒྲ་ནི་འདིར་རྣམ་པ་མ་ལུས་ཉིད་ལ་འཇུག་པར་བཟུང་ངོ༌། །སྐུ་དང་གསུང་དང་ཐུགས་ཉིད་ལོངས་སྤྱོད་པའི་ཕྱིར་ལོངས་སྤྱོད་པའོ། །དེའི་ཕྱིར་སངས་རྒྱས་དང་སེམས་ཅན་རྣམས་མེད་པར་གྱུར་པ་ནི་རྡོ་རྗེས་ཕྱེ་མར་བྱས་པས་གཉིས་སུ་མེད་པར་དེ་བཞིན་ཉིད་ཀྱི་རོར་གཅིག་ཏུ་བྱས་པའོ། །དེར་དེ་བཞིན་དུ་གྱུར་པས་ཅི་ཞིག་བྱ་ཞེ་ན་གསུངས་པ་བསམ་གཏན་མཆོག་ནི་བསྒོམ་


DTG040_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་བ་དག་ཐུགས་རྡོ་རྗེའི་རྣམ་པར་གྲུབ་པ་ཐོབ་པར་བྱེད་པའོ། །དེ་བསྒོམས་པས་ཅིར་འགྱུར་ཞེ་ན། །གསུངས་པ། མི་བསྐྱོད་རྡོ་རྗེའི་སངས་རྒྱས་ཀྱི་ཞིང་དུ་རྒྱལ་བའི་སྲས་སུ་ཤེས་རབ་དང་ཐབས་བདེ་བ་ཆེན་པོ་གཅིག་ཏུ་མཐར་ཐུག་པར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་གཅིག་ཏུ་སྐྱེ་བར་འགྱུར་རོ། །སྒྲུབ་པ་པོ་ས་འདི་ལྟར་བསྒོམས་པའི་མཐུས་འགྱུར་ན་བསྒྲུབ་བྱ་རྣམས་ཇི་ལྟར་འགྱུར་ཏེ་དེས་མ་བསྒོམས་པའི་ཕྱིར་རོ་ཞེ་ན། ཏིང་འཛིན་སྔགས་ཀྱི་སྦྱོར་བ་ཡིས། །ཇི་ལྟར་གཞན་གྱི་རྒྱུད་དག་ལས། །དུག་སོགས་སེལ་བ་དེ་བཞིན་དུ། །བདེ་བའི་རྣམ་པས་སྲིད་པ་ཡིན། །སྒྲུབ་དང་གནོད་བྱེད་མེད་པའི་ཕྱིར། །འདིར་ནི་མཁས་པའི་ཐེ་ཚོམ་ཡིན། །སྙིང་རྗེ་སྒྲོ་འདོགས་བྲལ་སྦྱོར་བ། །དོན་ལ་བརྟེན་ལས་གཞན་མ་ཡིན། །དོན་ལ་ཐེ་ཚོམ་མེད་ཕྱིར་འཇུག །དེས་ན་མཁས་རྣམས་རིགས་པ་ཡིན། །རང་དོན་ལ་ངེས་དེ་རྣམས་ལ། །རྗེས་སུ་དཔག་པ་བཟུང་བ་ཡིན། །གང་གིས་རྣམ་པར་བསྒོམས་གྱུར་པ། །སེམས་ནི་དེ་འབྲས་བློ་གསལ་ཡིན། །བསྒོམ་པའི་ཡོངས་སུ་མཐར་ཐུག་པ། །ཞེས་སོགས་སྔར་ནི་བརྗོད་པ་ཡིན། །དེ་ཡི་དོན་ནི་འདི་ཡིན་ཏེ། །དཀོན་མཆོག་གསུམ་ལ་གནོད་པ་ཡང་བསྡུ་བའི་དངོས་པོ་བཞི་རྣམས་ཀྱིས་ལས་དེ་ལས་བཟློག་པར་མི་ནུས་པས་ཐབས་གཞན་མེད་པར་བལྟ་སྟེ། སྙིང་རྗེ་ཆེན་པོ་བསྐྱེད་ལ་བདེ་བར་གཤེགས་པ་རྣམས་ལ་གསོལ་བ་བཏབ་སྟེ་དེ་རྣམས་ལས་བཀའ་དང་སོ་སོའི་བཀའ་ཐོབ་པས་དེའི་ཉོན་མོངས་པ་རྣམས་ལ་སྙིང་རྗེ་ཆེན་པོའི་ཁྲོ་བ་བཅོས་མ་རྣམས་ཉེ་བར་བསྟན་ཏེ། མི་བསྐྱོད་པ་དང་གཞན་གང་ཡང་རུང་བས་ཐུན་བཞི་རུ་ཏིང་ངེ་འཛིན་གསུམ་དང་ལྡན་པས་ཐུན་པར་མ་ལ་བླ་མའི་གདམས་ངག་ལས་ནང་དང་ཕྱིའི་བདག་ཉིད་ཀྱི་ཁ་སྦྱོར་བ་ཡང་དག་པར་ཕྱེ་ཞིང་བྲལ་བར་བྱས་ཏེ། ལྷ་ཐམས་ཅད་དང་བསྲུང་བ་དང་བྲལ་བ་རླུང་དང་མེའི་དཀྱིལ་ན་གནས་པ་མར་ནག་གིས་བྱུགས་པའི་ལུས་གཅེར་བུ་སྐྲ་གྲོལ་བ་སྐྱབས་མེད་པ་ལ་གཡས་ན་གནས་པའི་རྡོ་རྗེ་འབར་བས་འདོད་ཆགས་ལ་སོགས་པའི་ཉེས་པ་མ་ལུས་པ་རྣམས་བསལ་ཏེ་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་རོ་


DTG040_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པའི་བདག་ཉིད་དུ་བསྒྲུབ་བྱ་བསྒོམས་ཏེ། ཡི་གེ་ཧཱུཾ་ལ་སོགས་པ་ལས་གྲུབ་པའི་མི་བསྐྱོད་པ་ལ་སོགས་པའི་གཟུགས་ལ་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ། །བཛྲཱྀ་ཀ་ཅེས་པ་ལ་སོགས་པས་ཕྱུང་སྟེ། མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་ལ་སོགས་པར་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་སྟན་ལ་ཡང་དག་པར་བཞག་སྟེ། དེ་བཞིན་གཤེགས་པ་ལ་སོགས་པས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་དབང་བསྐུར་བས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་བསྒོམ་པར་བྱའོ། །དེ་ལྟར་འདིས་ཡང་དག་པར་སྦྱངས་པས་མི་བསྐྱོད་པ་ལ་སོགས་པའི་གཟུགས་ཅན་དེའི་ཞིང་ལ་སོགས་པར་རྒྱལ་བའི་སྲས་པོར་འགྲུབ་པར་འགྱུར་རོ། །ཐམས་ཅད་དུ་ཡང་དྲག་པོའི་ལས་ཐམས་ཅད་ལ་འདི་ལྟར་བལྟ་བར་བྱའོ་ཞེས་ཁ་ཅིག་གོ །འདི་ཡང་བརྗོད་མ་ཐག་པའི་ཐབས་ཆེན་པོ་ལ་མཁས་པའི་ཁྱད་པར་གྱིས་སེམས་ཅན་མ་ལུས་པ་བླ་ན་མེད་པའི་བྱང་ཆུབ་ཡང་དག་པར་ཐོབ་པར་བྱེད་པས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་གོ །གཙོ་བོ་ཡིན་པའི་ཕྱིར་ཞེ་སྡང་གཙོ་བོར་གྱུར་པའི་རིགས་ལའོ། །དེ་ཡང་རིགས་ཐམས་ཅད་ཉིད་ཡོན་ཏན་རིན་པོ་ཆེ་མ་ལུས་པའི་རྟེན་དུ་གྱུར་པ་ལ་སོགས་པ་དང་ཆོས་མཐུན་པའི་ཕྱིར་རྒྱ་མཚོ་སྟེ་དེར་ཡང་བལྟ་བར་བྱའོ། །ལས་ཐམས་ཅད་ནི་རིགས་ཐམས་ཅད་ལ་གྲུབ་པས་སོ། །འདི་ཙམ་ཡང་སེམས་ཅན་སྲོག་ཆགས་གསོད་པ་རྣམས་ཞེས་པའི་མདོའི་དོན་གྱི་འགྲེལ་པ་ཡིན་ལ་སླར་ཡང་རྒྱུད་ཕྱི་མ་ལས། ཞེ་སྡང་འཁོར་ལོ་བསྐྱེད་པར་བྱ། །ཞེས་པ་ལ་སོགས་པས་འགྲེལ་པར་བལྟ་བར་བྱའོ། །བྱེ་བ་ལ་སོགས་པ་ཡོད་པའི་ཕྱུག་པོ་སེར་སྣས་མནར་བའི་སེམས་ཅན་རྣམས་ཡོད་དེ་དེའི་ནོར་ཡེ་ཤེ་ཀྱིས་ཕྲོགས་ཏེ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་སངས་རྒྱས་ཀྱི་སྲས་པོ་རྣམས་ནི་ཐར་པའི་དོན་དུ་རབ་ཏུ་བསྒྲུབས་པས་ཡེ་ཤེས་ཐར་པ་རབ་བསྒྲུབ་པའོ། །རང་དང་གཞན་གྱི་དངོས་པོའི་རྣམ་པར་རྟོག་པའི་གློ་བུར་བའི་དྲི་མ་བྲལ་བའི་ཕྱིར་ངོ་བོ་ཉིད་ཀྱིས་དག་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ནམ་མཁའ་བཞིན་དུ་གོས་པ་མེད་པའོ། །བསྒྲུབ་པར་བྱ་བ་དང་སྒྲུབ་


DTG040_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་དེ་ཁོ་ན་ཉིད་བཞོན་པར་གྱུར་པའི་ཕྱིར་དེ་ཁོ་ན་ཉིད་དོ། །རྡོ་རྗེ་དཀྱིལ་འཁོར་ནི་སྐུ་རྡོ་རྗེའི་དཀྱིལ་འཁོར་ཡིན་ནོ། །སངས་རྒྱས་ཐམས་ཅད་ཅེས་པ་ནི་དཀྱིལ་འཁོར་བའོ། །མ་ར་ག་ཏ་ལ་སོགས་པའི་རིན་པོ་ཆེ་དབྲོག་པར་བྱ་བ་ཐམས་ཅད་ལ་ཕུལ་དུ་བྱུང་བའི་སྦྱོར་བ་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པ་དེས་སོ། །རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་སུ་རབ་ཏུ་བརྟག་གོ །རང་གི་བ་སྤུའི་བུ་ག་རྣམས་ལས་དེ་བཞིན་གཤེགས་པ་རྣམས་སྤྲོས་ཏེ་གཞན་གྱི་ནོར་བུ་ཕུང་པོ་ལ་བཅུག་སྟེ་མརྒད་ལ་སོགས་པའི་རྣམ་པར་ཡོངས་སུ་གྱུར་པར་བསྒོམ་མོ། །བསྟན་མ་ཐག་པའི་ནོར་ཐམས་ཅད་ཀྱི་སོ་སོའི་རྡུལ་ཕྲ་རབ་རྟག་པའི་དཀྱིལ་འཁོར་གྱི་བདག་ཉིད་རྣམས་སོ། །རྡོ་རྗེ་གསུམ་གྱིས་ཞེས་པ་ལ་སེམས་ཅན་ཐམས་ཅད་དང་ཁྱད་པར་དུ་ཡང་སེར་སྣ་ཅན་རྣམས་ཐམས་ཅད་ཡི་དགས་ཀྱི་འགྲོ་བ་ལས་བཟློག་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ་ཆོས་ཐམས་ཅད་ནི་གདོང་ནས་མ་སྐྱེས་པའོ་ཞེས་འཁོར་གསུམ་ཡོངས་སུ་དག་པ་དམིགས་ཏེ་སྐུ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དགུག་པ་དང༌། ཚིག་གིས་ཨོཾ་ཨཱཿ་ཛི་ན་ཛི་ཀ་ཆེ་གི་མོའི་ནོར་བུ་གཅིག་ཛ་ཧཱུཾ་ཞེས་བརྗོད་པ་དང་སེམས་ཀྱིས་དཀོན་མཆོག་གསུམ་ལ་སོགས་པ་ལ་ཉེ་བར་མཁོ་བར་བསམས་ལ་དབྲོག་ཅིང་དགུག་གོ །སྦྱིན་པའི་ཆར་ནི་དགུག་པ་ཡིས། །གཏི་མུག་འཁོར་ལོ་ཅན་ཀུན་གྱིས། །ཞེས་པ་ལ་སོགས་པ་རྒྱུད་ཕྱི་མ་ལས་གསུངས་པ་ཡང་བསྒོམ་པར་བྱའོ། །ཐབས་ལ་མཁས་པ་འདིས་ནོར་གྱི་བདག་པོ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཀྱི་ཕྱིར་དང༌། ཐམས་ཅད་མཁྱེན་པ་མ་ཡིན་པས་བསམ་གྱིས་མི་ཁྱབ་པའི་ཕྱིར་དང་རྟེན་ཅིང་འབྲེལ་པར་འབྱུང་བས་ཡིན་ཏེ། རྣལ་འབྱོར་པ་སྙིང་རྗེ་ཆེན་པོའི་དབང་དུ་སོང་བ་དང་ལྡན་པས་བྱའོ། །གང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་ཐེག་པ་གཞན་གྱི་སེམས་ཅན་སེར་སྣ་དང་ལྡན་པ་མ་གཏོགས་པར་འདིར་བྱང་ཆུབ་སེམས་དཔའ་ཆེན་པོས་ཐམས་ཅད་ཀྱིས་ཐམས་ཅད་ལ་རྣམ་པར་ཐམས་ཅད་དུ་མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་འགྱུར་རོ། །གཞན་ཡང་མ་


DTG040_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་པར་ལེན་པ་ལས་ལྡོག་པ་ལ་སྦྱོར་བར་བྱེད་དོ་ཞེས་སོ། །གཞན་གྱི་ནོར་ལ་མངོན་དགའ་བ། །ཞེས་པའི་མདོའི་དོན་བཤད་པ་ཡིན་ནོ། །པདྨ་དམར་པོ་དང་རིན་པོ་ཆེའི་དཀྱིལ་འཁོར་གྱི་ཚིག་གསུམ་པོ་ཡང་འོད་དཔག་ཏུ་མེད་པའི་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་ཞེས་པ་ནི་དཀྱིལ་འཁོར་པ་རྣམས་ཀྱིས་སོ། །ཐམས་ཅད་ནི་དཀྱིལ་འཁོར་རོ། །བུད་མེད་ལྟ་བུར་སྦྱིན་པ་ནི་ཐམས་ཅད་ཅེས་པ་སྟེ་ཐམས་ཅད་ཉིད་རང་འོད་ཀྱི་རིག་མ་དང་ལྡན་པར་བསྒོམས་ལ་དེ་རྣམས་ཀྱང་རིམ་གྱིས་འཕྲོག་སྟེ་རང་གི་རིག་པའི་ནང་དུ་གཞུག་པ་སྔོན་དུ་སོང་བའི་ང་རྒྱལ་གྱིས་སོ། །ཇི་ལྟར་པདྨ་དམར་པོ་ལ། །ཚོན་གྱི་སྐྱོན་གྱིས་མི་གོས་ལྟར། །གནས་སྐྱོན་རྣམ་པ་སྣ་ཚོགས་ཀྱིས། །དེ་བཞིན་རྣམ་དག་ཁམས་གསུམ་པོ། །ཞེས་པའི་ཚིགས་སུ་བཅད་པའི་དོན་ལ་མོས་པར་བྱ་སྟེ་གཉིས་སུ་མེད་པའི་སྦྱོར་བས་ལོངས་སྤྱད་པར་བྱའོ། །ཕྱི་རོལ་ལ་ཡང་དེ་ལ་ཕན་པའི་དོན་དུ་དེ་བཞིན་དུ་ཉེ་བར་ལོངས་སྤྱོད་པར་བྱའོ། །སྟོབས་ཀྱིས་དགུག་པའམ་གཞན་དབང་དུ་བྱས་པས་སམ་སེམས་ལས་སྤྲོས་ཏེ་དེ་བཞིན་གཤེགས་པ་རྣམས་ལ་དེ་རྣམས་རང་འོད་ཀྱི་ཤེས་རབ་ལ་བསྟིམས་པས་མཆོད་པར་བྱའོ། །དེའི་ཕྱིར་གསུངས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དེ་རྣམས་ཐམས་ཅད་ཉེར་སྤྱད་དེ། །དམ་ཚིག་བཞི་ཡི་སྦྱོར་བ་ཡིས། །ཞེས་ཏེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱ་དམ་ཚིག་ཏུ་བརྗོད་དེ། །ཡིད་ཀྱི་གཟུགས་ནི་བརྟན་པ་ཡིས། །ཞེས་དཔལ་མཆོག་དང་པོ་ལས་སོ། །ཕྱག་རྒྱ་ཆེན་པོ་ཡིད་ལས་བྱུང༌། །དམ་ཚིག་ཕྱག་རྒྱ་ཀུན་ཏུ་སོན། །ཆོས་ཀྱི་ཕྱག་རྒྱ་ཚིག་ལ་ཡིན། །ལས་ཀྱི་ཕྱག་རྒྱ་ལུས་ཀྱི་ཡིན། །ཞེས་ཐམས་ཅད་གསང་བ་ལས་བརྗོད་པས། །ཕྱག་རྒྱ་བཞིའི་སྦྱོར་བ་ཡིས་སོ། །གསང་བའི་མཆོད་པ་རབ་ཏུ་བྱ། །བརྟུལ་ཞུགས་ཆེན་པོས་ཐུན་བཞི་རུ། །ཞེས་བཅུ་བདུན་པ་ལས་བརྗོད་པས་ཐུན་མཚམས་བཞིའི་སྦྱོར་བས་ཀྱང་ངོ༌། །འདི་ཡང་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལམ་ཡིན་ཏེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་སོགས་པ་རྣམས་ལས་གཙོ་བོར་གྱུར་པས་མཆོག་གོ །དེ་ཉིད་ཀྱི་ཕྱིར་འདི་ཉིད་


DTG040_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྡོ་རྗེ་རྣམས་ཀྱིའོ། །ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་ཆོས་རྣམ་ཀུན་དུ། །རྣམ་པར་དག་གྱུར་དག་ཡིན། །དེ་དག་རང་བཞིན་མཚན་ཉིད་ཅན། །བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཟད་པར་བཅུ་ཡི་བདག་ཉིད་དང༌། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དེ། །ཉོན་མོངས་མེད་དང་སྨོན་མཁྱེན་དང༌། །མངོན་ཤེས་སོ་སོར་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང༌། །དབང་བཅུ་དང་ནི་སྟོབས་བཅུ་དང༌། །མི་འཇིགས་པ་ནི་བཞི་དག་དང༌། །བསྲུང་བ་མེད་པ་རྣམ་གསུམ་དང༌། །དྲན་པ་ཉེར་གཞག་རྣམ་གསུམ་དང༌། །བསྙེལ་བ་མི་མངའི་ཆོས་ཉིད་དང༌། །བག་ཆགས་ཡང་དག་བཅོམ་པ་དང༌། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དང༌། །མཉམ་དུ་མཛད་ཕྱིར་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །དེ་ལྟར་མཚན་ཉིད་གསུམ་པོ་འདི་རྣམས་ནི། །ཆོས་དང་ལོངས་སྤྱོད་པ་དང༌། །སྤྲུལ་པའི་སྐུ་རྣམས་རྒྱུད་འདིར་ཐུགས་དང་གསུང་དང་སྐུ་རྡོ་རྗེའི་བདག་ཉིད་རྣམས་ཆོས། ལོངས་སྤྱོད་སྤྲུལ་པ་ལས་བྱུང་འགྲོ་དོན་ཉིད། །ཐུགས་ཀྱི་གསང་སོགས་བྱིན་གྱིས་བརླབ། །ཅེས་བརྗོད་པས་སོ། །བདུད་ལ་སོགས་པས་མི་ཕྱེད་པ་དང༌། །འདིས་སྒྲུབ་པར་བྱེད་པས་སྒྲུབ་ཐབས་སོ། །བསྒོམ་པ་ཞེས་པའི་ཚིག་ལ་ཡང་དོན་འདི་ཉིད་དེ། །རིགས་ཐམས་ཅད་ཀྱི་རྒྱ་མཚོ་ཞེས་པ་ནི་འདི་དང་གཞན་ལའང་ཤེས་པར་བྱའོ། །སྔགས་པ་རྣམས་ཀྱིས་བསྒོམ་པར་བྱ། ཞེས་པ་ནི་ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཅན་ཉིད་ཀྱིས་ཞེས་ངེས་པར་གཟུང་བ་ནི་སྔར་དང་ཕྱི་མ་ཡང་བལྟ་བར་བྱའོ། །དེ་བཞིན་དུ་ཡང་གསུངས་པ། བདག་ཉིད་གསོད་པར་བྱེད་པའི་བུད་མེད་


DTG040_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་པར་འདིར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་འདོད་པས་ལོག་པར་གཡེམ་པ་སྤང་བར་འགྱུར་ལ། གཞན་ཡང་འདོང་པས་ལོག་པར་གཡེམ་པ་སྤོང་བ་ལ་སྐུལ་བར་བྱེད་དོ་ཞེས་སོ། །རྟག་ཏུ་འདོད་པ་ལ་དགའ་བ། །ཞེས་པའི་བཤད་པ་ནི་འདི་ཡིན་ལ། འདོད་ཆགས་འཁོར་ལོ་བསྒྱུར་བར་བྱ། །ཞེས་པ་ལ་སོགས་རྒྱུད་ཕྱི་མར་ཡང་བརྗོད་པར་ཡང་བལྟ་བར་བྱའོ། །འདི་ཡང་སྡོམ་པ་གསུམ་པོ་ལ་ཡང་གནོད་པ་ཡོད་པ་མ་ཡིན་ཏེ། གང་བཅོམ་ལྡན་འདས་ཀྱིས་གསུངས་པ། སངས་རྒྱས་རྣམས་ཀྱིས་འདོད་བསྟེན་ན། །མཆོག་གི་གནས་སོ་དགེ་སློང་རྣམས། །སྒྲུབ་པ་པོས་ཀྱང་དེ་བཞིན་སྦྱར། །སྡོམ་པ་གསུམ་ལ་གནོད་པ་མེད། །རྡོ་རྗེར་བརྗོད་པའི་སྔགས་ཀྱིས་རང་དང་གཞན་གྱི་དོན་སྒྲུབ་པར་བྱེད་པས་རྡོ་རྗེ་སྔགས་ཀྱི་དོན་སྒྲུབ་པའོ། །རྡོ་རྗེ་དོན་ཡོད་པ་ནི་རྡོ་རྗེ་དོན་ཡོད་གྲུབ་པ་ཡིན་ལ་སངས་རྒྱས་ཐམས་ཅད་ནི་དཀྱིལ་འཁོར་པ་རྣམས་སོ། །གཞན་གྱི་དོན་དུ་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་པས་གང་ཅུང་ཟད་བརྫུན་གྱི་དོན་སྟོན་པར་བྱེད་པའི་ཚིག་གོ །སྐུ་ནི་འགྱུར་མེད་མ་སྐྱེས་པ། །ཐུགས་དང་གསུང་ནི་མཚོན་དུ་མེད། །ནམ་མཁའི་རྡོ་རྗེ་རྟོག་ལས་བྱུང༌། །བརྫུན་པའི་བསྡུས་པས་བསྡུས་པ་ཡིན། །ཞེས་པ་ལ་སོགས་པས་དོན་དམ་པའི་བདེན་པ་ལ་བརྟེན་ནས་དབང་པོ་རྣོན་པོའི་དབང་དུ་བྱས་པའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དང་འདས་པ་ལ་སོགས་པའི་མཚན་ཉིད་ཇི་ལྟ་བར་ཡོད་དོ་ཞེས་པ་ལ་སོགས་པ་ཡང་གླང་པོ་ཆེའི་ལྟ་སྟངས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་བཏང་སྙོམས་སུ་བྱས་ཏེ་དབང་པོ་རྟུལ་པོ་རྣམས་ལ་ལྟོས་ནས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་སོ། །གལ་ཏེ་གསད་བྱ་མཐོང་ནས་གཤེད་མ་ཡིས། །དེ་ཚེ་དྲིས་ན་དེ་ལ་འདི་སྐད་བརྗོད། །སེན་མོ་མཁའ་ལྟས་བདག་གིས་མ་མཐོང་བརྗོད། །ཁྱེད་ཀྱིས་ལུས་ཅན་དེ་ཉིད་དུ་མཐོང་མེད། །ཅེས་སོགས་ངག་ནི་སྨྲས་ན་ཉེས་པ་མེད། །གནོད་པ་རྣམས་ནི་ཡོངས་སུ་བསྲུང་བའི་ཕྱིར། །ཞེས་པ་ལ་སོགས་པ་འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ལས་བཀོད་པ་ཡང་ཡིན་ཏེ། ཐམས་ཅད་གཞན་ལ་ཕན་པ་དང་བདེ་བར་འདོད་པ་ཉིད་དོ། །


DTG040_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གང་གསུངས་པ། གཞན་ལ་ཕན་པའི་དོན་ཆེད་དུ། །སློབ་དཔོན་བདེ་བའི་རྒྱུ་ཡིས་ནི། །དཀོན་མཆོག་གསུམ་ལ་གནོད་མེད་ཕྱིར། །བརྫུན་ཚིག་རྟག་ཏུ་སྨྲ་བར་བྱ། །ཞེས་དཔལ་གསང་བའི་རྒྱན་བཀོད་པ་ལས་སོ། །དེ་ཉིད་རྡོ་རྗེའི་རྒྱུ་ཡིན་པས་རྡོ་རྗེའི་ཚིག་རྣམས་སོ། །དེ་དང་ལྡན་པའི་ལྷ་རྣམས་ཐམས་ཅད་ཀྱི་གཟུགས་དེ་བརྗོད་པའི་དུས་སུ་བསྒོམ་པར་བྱའོ། །བསླུ་བར་བྱ་ཞེས་པ་ནི་དེ་ཁོ་ན་ཉིད་བསྟན་པ་ལ་ཀུན་རྫོབ་ཀྱིས་ཡིན་ལ། ཀུན་རྫོབ་ཏུ་བསྟན་པ་ལ་དེ་ཁོ་ན་ཉིད་ཀྱིས་བསླུ་བ་ཡིན་ནོ། །དེ་བཞིན་དུ་གཞན་དུའང་ཇི་ལྟ་བ་ཉིད་དུའོ། །རྒྱལ་བ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཡིན་ལ་རྒྱལ་བའི་གནས་རྣམས་ནི་ས་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཐམས་ཅད་ཅེས་པ་ནི་གང་རྣམས་ཀྱི་མདུན་དུ་སྔར་བརྗོད་པའི་ཚིག་ལ་ཞུགས་པ་རྣམས་སོ། །དེ་བཞིན་དུ་ཡང་གསུངས་པ། ལྷའི་བུ་ངས་བརྫུན་དུ་ཆོས་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསྟན་པར་བྱའོ། །དེས་ན་ང་ནི་བརྫུན་དུ་སྨྲ་བའོ་ཞེས་སོ། །ཐབས་སྣ་ཚོགས་མི་སླུ་བར་བྱེད་དོ་ཞེས་གཞན་དག་གོ །དེ་ཉིད་ཀྱི་ཕྱིར་གསུངས་པ། ནམ་མཁའི་གསུང་སྟེ་དྲི་མེད་པ། །ཞེས་སོ། །རང་གི་འདོད་པའི་ལྷའི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱེད་བའོ། །གསང་བ་ནི་ཉན་ཐོས་ལ་སོགས་པ་ལ་སྦས་པས་སོ། །ཡེ་ཤེས་བློ་ཅན་རྣམས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལེགས་པར་བསྒྲུབ་པ་ལ་ཞུགས་པ་རྣམས་སོ། །དམ་ཚིག་ནི་དོན་ཡོད་གྲུབ་པའོ། །དེ་འགུགས་པའི་རྣལ་འབྱོར་པའི་རྒྱུད་ལ་དེའི་བདག་ཉིད་དུ་བྱེད་པའོ། །དེ་ཉིད་རིགས་ཀྱི་དེ་ཁོ་ན་ཉིད་ཡིན་ཏེ། །དེའི་དོན་དུ་དམ་ཚིག་འདི་བརྗོད་པའི་མཚན་ཉིད་བསླུ་བའོ། །དོན་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱ་ཞེས་པ་ནི་ཇི་ལྟར་གཉིས་སུ་བརྗོད་པ་དེ་བཞིན་དུ་བྱའོ་ཞེས་པའི་དོན་ཏོ། །འདི་ཡང་སྔ་མ་དང་ཕྱི་མ་ལ་ཡང་བལྟ་བར་བྱའོ། །འདིས་ནི་བརྫུན་དུ་སྨྲ་བ་ལ་དགའ་ཞེས་པ་ལྔ་པར་བཤད་པའི་འགྲེལ་པའོ། །རྡོ་རྗེ་གསུམ་ཡང་ཡིན་ལ་དེ་དབྱེར་མི་ཕྱེད་པ་ཡང་ཡིན་ཞིང་རྒྱལ་བ་རྣམས་ཀྱི་གནས་ཀྱང་དེ་རྣམས་ཡིན་ཏེ། དེ་སྐུ་དང་གསུང་དང་ཐུགས་ལ་རྟག་ཏུ་གནས་པའི་ཕྱིར་རོ། །དངོས་གྲུབ་ཉིད་ནི་རྡོ་རྗེ་ཡིན་ཏེ་དེ་


DTG040_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་པའོ། །དམ་ཚིག་ནི་རིན་པོ་ཆེ་ཏོག་གི་དཀྱིལ་འཁོར་འདི་ཡིན་ནོ། །རྩུབ་པའི་ཚིག་ལ་སོགས་པ་ནི་ཞེས་པ་ལ་སོགས་པའི་སྒྲས་དེའི་གདུལ་བྱ་རྗེས་སུ་གཟུང་བའི་ཕྱིར་ཕྲ་མ་དང་ཚིག་འཁྱལ་པ་དག་གོ་ཞེས་ཁ་ཅིག་གོ །གང་གསུངས་པ། གཞན་ལ་ཕན་པར་བྱེད་པའི་ཚིག་ལས་གཞན་པ་འདིར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཐམས་ཅད་ལ་རྣམ་པར་ཐམས་ཅད་དུ་བརྫུན་དུ་སྨྲ་བ་སྤོང་བར་འགྱུར་རོ། །གཞན་དུ་ཡང་བརྫུན་དུ་སྨྲ་བ་སྤོང་བ་ལ་སྦྱོར་བར་བྱེད་དོ། །གཞན་གསུམ་པོ་ལ་ཡང་འདི་བཞིན་དུ་བལྟ་བར་བྱའོ། །ཐུགས་རྗེར་ལྡན་པ་དོན་གཟིགས་པས། །བཀག་པ་རྣམས་ཀྱང་རྗེས་སུ་གནང༌། །ཞེས་སོ། །ཉེས་པར་སྤྱོད་པ་ཁྱོད་ནི་སྐྱེས་བུ་རྨོངས་པ་དྲུག་སྟེ་རྣམས། །ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པས་སོ། །སྐྱེ་བོ་འཕྱ་བའི་རྒྱུ་ཡིན་པ་ཉིད་ཀྱིས་བཀག་པ་ཡིན་ཏེ། སྐྱེ་བོ་འཕྱ་བ་དེ་ཉིད་ཀྱིས་སོ་སོར་ཐར་པ་ལ་སོགས་པའི་སྡོམ་པ་གསུམ་པོ་ལ་ཡང་ཇི་ལྟར་བརྗོད་པའི་རྣལ་འབྱོར་མ་ཚང་བ་ལ་མི་དགེ་བ་ལ་སོགས་པའི་རྣམ་པར་གཞག་པ་སྔོན་དུ་སོང་བས་ཕྱིས་བསླབ་པའི་གནས་རྣམས་བཅས་པ་ཡིན་ལ་སྔར་ནི་མ་ཡིན་ཏེ། དངོས་པོ་ཇི་ལྟར་གནས་པ་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཉིད་ལ་དགོངས་པས་སོ། །གང་གི་ཕྱིར་རྒྱལ་བའི་ཡུམ་ལས་ཇི་སྲིད་དུ་གཟུགས་ནས་རྣམ་པར་ཤེས་པའི་བར་དགེ་བ་མ་ཡིན་ཞིང་མི་དགེ་བ་ཡང་མ་ཡིན་ནོ་ཞེས་པ་ལ་སོགས་པའོ། །དེས་ན་སྟོང་པ་ཉིད་ལ་སོགས་པ་བསྒོམས་པ་སྔོན་དུ་སོང་བས་ལྟུང་བ་ཐམས་ཅད་གདོན་པ་ལ། སྟོང་ཉིད་སོ་སོར་རྟོག་པ་ཡིས། །ཞེས་མདོ་སྡེ་རྒྱན་ལས་སོ། །ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་པས་བདེ་བ་ཆེན་པོའི་རྣམ་པ་རྡོ་རྗེ་འཛིན་པ་ཆེན་པོ་རང་གི་ཐུགས་ཀར་དམིགས་པར་བྱ་སྟེ་དེ་དང་དེའི་གདུལ་བྱ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་བཀག་པ་དེ་དག་ཐམས་ཅད་ཉིད་བསྟེན་པ་ན་རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐམས་ཅད་རྟོགས་པའི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་དེ་དང་དེའི་རང་གི་ལྷའི་འཁོར་ལོ་མངོན་སུམ་དུ་བྱའོ་ཞེས་གཞན་དག་གོ །ཇི་སྲིད་ལུས་ཀྱི་རྣམ་གཡེང་དང༌། །ཚིག་ནི་འབྱུང་བར་འགྱུར་བ་ཡང༌། །དེ་སྲིད་སྔགས་


DTG040_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱག་རྒྱར་དེས། །གནས་ནི་མཉམ་པ་ཉིད་ལ་གནས། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ལྟར་མ་ལུས་པ་ཡིས། །བདག་ཉིད་དང་ནི་གཞན་ལ་རང་རང་གི །ལྷ་ཡི་གཟུགས་གྱུར་པ་ལ་ཡང་དག་མཆོད། །དམ་ཚིག་དེ་ནི་བདེ་གཤེགས་རྣམས་ཀྱིས་གནང༌། །རྗེས་སུ་མཐུན་པའི་འགྲོ་བའི་དོན་རྣམས་དང༌། །མ་ལུས་བདེ་གཤེགས་མཆོད་པ་རབ་ཏུ་བརྟག །ལུས་ལ་སོགས་པའི་ལས་རྣམས་དེ་དང་དེ། །རྟག་ཏུ་ལེགས་པར་མཉམ་པར་གཞག་པར་བྱ། །རྣམ་པ་དེ་དང་འདྲ་བའི་སེམས་ལྡན་ལུས་དང་ནི། །ངག་གི་ལས་རྣམས་ཅི་ཡང་རུང་བ་དག །ཕྱག་རྒྱ་དང་ནི་སྔགས་ཀྱི་རྣམ་པ་རུ། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་དེ་གསུངས་སོ་།དངོས་པོ་གཅིག་པུ་ལ་ཡང་སྣ་ཚོགས་པའི། །ཀུན་དུ་རྟོག་པས་བསགས་པའི་རྣམ་པ་ལས། །སྡུག་བསྔལ་བདེ་དང་གྲོལ་བ་སྐྱེད་བྱེད་པའི། །ལས་ཀྱི་ཁྱད་པར་མང་པོ་འབྱུང་བར་འགྱུར། །དེ་བས་ལུས་སོགས་དགེ་དང་མི་དགེ་བའི། །རྣམ་པའི་དབང་རྣམས་སེམས་ཀྱི་དབང་ལས་གསུངས། །དེ་ལྟར་རྟོག་པ་མ་ལུས་སྤངས་པ་ཡི། །སེམས་ནི་ནག་པོའི་ལུས་སུ་ཅི་ཕྱིར་འགྱུར། །མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་ཚོགས་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན་ཐོབ་པར་བྱེད་པའི་ཕྱིར་རྡོ་རྗེ་བཀོད་པ་ཡིན་ཏེ་རྡོ་རྗེ་འཛིན་པ་ཆེན་པོ་ཡིན་ནོ། །བཀའ་སྩལ་པ་ཞེས་པ་ནི་ཐམས་ཅད་དུ་འདིའི་སྡུད་པ་པོས་བརྗོད་པ་ཡིན་ནོ། །ལྔ་པར་བརྗོད་པའི་དྲི་བ་དང་ལན་བསྒྲུབ་པའི་ཕྱིར་བསྟན་པའོ། །དམ་ཚིག་རྡོ་རྗེ་ཏོག་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟེ། དེ་ལ་སོགས་པ་རྣམས་ཀྱིས་སྨྲས་པའོ། །ཅིའི་སླད་དུ་ཞེས་པ་ནི་སྤོང་བ་སྟེ་འདི་མ་ཡིན་པ་ཉིད་དེ་ཚིག་འདི་རྣམས་ཀྱིས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་རང་བཞིན་གྱིས་འོད་གསལ་བ་རྣམ་པར་ཐར་པའི་སྒོ་བཞི་དང༌། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཞེ་སྡང་གི་རིགས་ལ་སོགས་པའི་རང་བཞིན་གྱི་ཆོས་ཉིད་བསྟན་པ་སྟེ། བྱིས་པ་རྣམས་སྐྲག་པར་བྱེད་པའི་ཕྱིར་ཞེས་བསམས་པའོ། །དེའི་ཕྱིར་གསུངས་པ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་ལས་འདས་པའོ། །ཁམས་གསུམ་གང་ཡིན་པ་ཉིད་ཆོས་ཉིད་དེ་


DTG040_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འཇིག་རྟེན་གྱི་ཁམས་ཆོས་ཉིད་དོ་ཞེས་བྱ་སྟེ་ཡང་དག་པ་མ་ཡིན་པ་ནི་གཟུང་བ་དང་འཛིན་པའི་རྣམ་པའི་སེམས་དང་སེམས་ལས་བྱུང་བ་སྟེ་དེ་གསལ་བར་བྱེད་པ་ནི་ངག་ཡིན་ལ་ལམ་ནི་རྣམ་པར་ཐར་པའི་སྒོ་བཞིའོ། །དེ་བསྒོམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་སྒྲུབ་སྟེ་དེ་ཉིད་རྡོ་རྗེའི་ཚིག་གོ །མ་ཞེས་བྱ་བ་ནི་འགེགས་པའོ། །བྱིས་པ་སྐྲག་པར་བྱེད་པ་ཉིད་ཀྱིས་བརྗོད་མ་ཐག་པར་བསྟན་པ་ནི་དམན་པའོ། །དེ་ཉིད་ཀྱི་ཕྱིར་སྨད་པའི་འདུ་ཤེས་བསྐྱེད་པར་མི་བྱའོ། །གང་དེ་དག་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པ་ཅིའི་ཕྱིར་མཁས་པ་རྣམས་ཀྱིས་གཟུང་བར་བྱ། ཚད་མ་དང་ལུང་གིས་གྲུབ་པའི་ཕྱིར་སྤྱོད་པ་མཆོག་གོ །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཉིད་ཐོབ་པར་བྱེད་པའི་ཕྱིར་དེའི་སྤྱོད་པ་སྟེ་སྔགས་ཀྱི་ཐེག་པར་བཤད་པའི་དེ་མ་ཐག་པར་བརྗོད་པའི་སྤྱོད་པའོ། །དེའི་ཕྱིར་འདི་མཁས་པ་རྣམས་ཀྱིས་ངེས་པར་གཟུང་བར་བྱའོ། །ཚད་མ་དང་ལུང་གིས་གྲུབ་པ་ཉིད་ཀྱིས་འབྲས་བུ་མཆོག་ཐོབ་པར་བྱེད་པས་ན་མཆོག་གོ །མ་སྐྱེས་པའི་རང་བཞིན་གྱི་སྤྱོད་པ་འདིར་ཁྱབ་པ་སྒྲུབ་པར་བྱེད་པའི་ཡུལ་གྱི་དཔེ་གསུངས་པ་འདི་ལྟ་སྟེ་ཞེས་པ་ལ་སོགས་པའོ། །ནམ་མཁའ་ནི་ཕྱོགས་བཅུ་ཐམས་ཅད་དུ་སོན་པའོ། །དེར་ཡང་ཕུང་པོ་ལ་སོགས་པའོ། །དེའི་རང་བཞིན་རྣམས་ཉིད་ནི་འདོད་པའི་ཁམས་ཀྱིས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་པོ་རྣམས་ཏེ་དེའི་ཕྱིར་དེ་རྣམས་སུ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ནམ་མཁའི་རྗེས་སུ་སོང་བ་ཉིད་དོ། །ཇི་ལྟར་ཡང་འདི་རྣམས་བཞིན་དུ་མ་སྐྱེས་པའི་ངོ་བོ་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བར་རིགས་ལྔའི་བདག་ཉིད་ཀྱི་ཆོས་ཐམས་ཅད་དོ་ཞེས་གསུངས་པ་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །དོན་གྱི་དབང་འདི་གཟིགས་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་རག་ལས་པའོ། །བསམ་པ་མཁྱེན་ནས་ཞེས་པ་ནི་རྣམ་པ་འདི་ལྟ་བུའི་ཆོས་རྟོགས་པ་ལ་སྣོད་ཉིད་དུ་ཤིན་ཏུ་དག་པ་མི་གཡོ་བར་རོ། །གང་དང་གང་ལས་ཞེ་སྡང་ལ་སོགས་པའི་རིགས་ཀྱིས་སེམས་ཅན་གྱི་དོན་མཐོང་ན་དེ་དང་དེ་ཉིད་ཀྱི་དབང་དུ་བྱས་ཏེ་བདེན་པ་གཉིས་ལ་བརྟེན་ནས་ཆོས་སྟོན་པ་རྣམས་ལ་ཐུགས་རྗེ་ཆེན་པོའི་བདག་ཉིད་བདེ་བར་གཤེགས་པ་རྣམས་སོ། །


DTG040_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་སྐབས་འབྱེད་པས་དམིགས་པ་མེད་པའི་ཡེ་ཤེས་ནམ་མཁའ་སྟེ་འདི་སྤངས་པའི་དཔེ་ནི་ཡོད་པ་མ་ཡིན་ནོ། །ཇི་ལྟར་ནམ་མཁའ་ཡིན་པ་དེ་ལྟར་སངས་རྒྱས་ཡིན་ལ་སེམས་ཅན་ཡང་འདིའི་མཚན་ཉིད་ཡིན་ནོ་ཞེས་རིགས་པ་ལས་སོ། །དེས་ན་བརྗོད་མ་ཐག་པའི་དེ་བཞིན་གཤེགས་པ་དེ་རྣམས་དམ་ཚིག་ཀྱང་ཡིན་པ་ཉིད་དུ་རྗེས་སུ་རྟོགས་པ་ཉིད་དུ་བྱ་སྟེ་དེ་ཁོ་ན་ཉིད་དུའོ། །དེས་ན་འདི་སྟོན་པ་ལ་དམན་པ་ལ་སོགས་པའི་འདུ་ཤེས་བསྐྱེད་པར་མི་བྱའོ། །ཇི་ལྟར་ན་ཡང་སྐུ་རྡོ་རྗེ་ལ་སོགས་པ་བསྐྱེད་པར་སྤང་བ་སྦ་བར་མི་ནུས་པ་གལ་ཏེ་དེ་ཁོ་ན་ཉིད་དུ་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་ཡིན་ན་སྐུར་བ་འདེབས་པའི་མཐའ་ཡིན་ནོ་ཞེས་དགོངས་སོ། །གཟུགས་སུ་རུང་བས་གཟུགས་དང་མྱོང་བས་ན་ཚོར་བ་དང༌། མཚན་མར་འཛིན་པས་འདུ་ཤེས་དང་ཇི་སྲིད་དུ་སེམས་གཡོ་བར་བྱེད་པས་འདུ་བྱེད་དང་སོ་སོར་ཤེས་པས་རྣམ་པར་ཤེས་པ་སྟེ་མཚན་ཉིད་འདི་རྣམས་ཀྱིས་སྟོང་པའི་ཕྱིར་ཆོས་ཐམས་ཅད་སྟོང་པའོ་ཞེས་བརྗོད་པར་བྱ་སྟེ་སོ་སོར་སྣང་བ་ཙམ་ལ་སྐུར་བ་འདེབས་པ་མ་ཡིན་པའི་རིགས་པས་འདི་ལྟ་སྟེ་ཞེས་པ་ལ་སོགས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་སོ་སོར་སྣང་བ་ཙམ་སྦ་བར་མི་ནུས་པར་གསུངས་སོ། །དེ་བཞིན་དུ་ཞེས་ཏེ་གུས་པ་དང་བཅས་པ་ཡུན་རིང་པོར་བར་མ་ཆད་པར་བསྒོམས་པ་མེད་ན་མཐར་དེ་བཞིན་གཤེགས་པ་ཐམས་ཅད་དང་དེ་རྣམས་ཀྱི་རྡོ་རྗེའི་དམ་ཚིག་ཀྱང་མངོན་སུམ་དུ་མི་འགྱུར་ཏེ་དེ་ལས་གཞན་དུ་གང་དུ་ཡང་མི་འགྲོའོ། །དེ་ཉིད་ཡོད་པ་ན་གསལ་པོར་རྟག་ཏུ་མངོན་སུམ་དུ་འགྱུར་ཏེ་གཞན་གང་ལས་ཀྱང་འོང་བ་མ་ཡིན་ནོ། །གང་དུ་ཡང་གནས་པ་མ་ཡིན་ཏེ་སོགས་པའི་སྒྲའི་ཕྱིར་རོ། །གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་རོ་གཅིག་པས་དེ་རྣམས་དང་དེའི་ཡང་རྟག་ཏུ་ཐམས་ཅད་དུ་ཡོད་པའི་ཕྱིར་འགྲོ་བ་དང་འོང་བར་གནས་པ་རྣམས་ཀྱང་ཇི་ལྟར་བརྟགས་པ་ཡིན་ཏེ་དེ་ཁོ་ན་ཉིད་དུ་མི་སྲིད་པའི་ཕྱིར་རོ། །ཆོས་འདི་ཤིན་ཏུ་ཟབ་པ་ཉིད་དུ་ཚད་མས་གྲུབ་པར་བསྟན་པའི་དོན་དང་མ་འོངས་པའི་ཉན་པ་པོའི་སྐྱེ་བོ་ཡང་དག་པར་སློབ་པའི་དོན་དུ་ཡང་དགའ་བ་དང་བཅས་པས་ཆོས་ཀྱི་དབྱིངས་གསུངས་སོ། །རྨད་དུ་བྱུང་བ་ཆེན་པོ་ཅི་ཞེ་ན། གང་གི་ཕྱིར་ནམ་མཁའ་དང་མཉམ་པའི་དེ་


DTG040_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་གང་ཡིན་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་པའི་རིགས་པས་དག་པ་ཡིན་ལ་མི་རྟོག་པ་ཡང་ཡིན་ནོ། །དེ་ལྟར་ན་བསྟན་པ་མེད་པར་ཐལ་བར་འགྱུར་རོ་ཞེས་གསུངས་པ་ཀུན་རྫོབ་ཏུ་ཡང་བཤད་པ་ཡིན་ནོ་ཞེས་སོ། །འདིའི་དོན་ནི་འདི་ཡིན་ཏེ་བསྟན་པ་ལ་སོགས་པའི་ཐ་སྙང་ནི་དངོས་པོ་ལ་ཡོད་པ་ལ་ཡིན་ཏེ་འོན་ཀྱང་སྤྱིར་སྒྲོ་བཏགས་པས་ཀུན་རྫོབ་བོ། །གང་གསུངས་པ། འཇམ་དཔལ་བསྟན་དུ་མེད་པ་སྟེ། །བསྟན་པ་ནི་བཏགས་སུ་ཡོད་པས་སོ། །སྒྲ་དང་རྣམ་པར་རྟོག་པ་ཡང་བརྒྱུད་པས་དངོས་པོ་དང་འབྲེལ་ཏེ་མི་སླུ་བའོ། །མེད་ན་ནི་སླུ་བའོ། །ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ། །གང་གིས་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །ཀུན་རྫོབ་དེས་བདག་ཐ་དད་ཀྱང༌། །ཐ་དད་ཉིད་བསྒྲིབས་པ་ཡིན། །དངོས་རྣམས་ངོ་བོ་འགའ་ཞིག་གིས། །ཐ་དད་མིན་པ་ལྟ་བུར་སྣང༌། །དེ་ལ་བསམ་པའི་དབང་གིས་ན། །སྤྱི་ཡོད་པ་ནི་རབ་ཏུ་བསྒྲགས། །དེ་ཡིས་ཇི་ལྟར་ཀུན་བརྟགས་པ། །དེ་ནི་དམ་པའི་དོན་དུ་མེད། །ཤེས་པ་ཡོད་པའི་དོན་དེ་རྣམས། །འདི་ལྟར་ལྡོག་པའི་ངོ་བོ་ཅན། །དེས་ན་ཐ་དད་མིན་ལྟ་བུ། །དེ་ལའང་གཞན་ལས་ལྡོག་པར་ཡང༌། །སྣང་སྟེ་དེ་ལ་སྤྱི་དང་ནི། །གཞི་མཐུན་སྤྱོད་ཡུལ་ཅན་དག་གིས། །ཤེས་པ་དང་ནི་བརྗོད་པ་ཡིས། །ཐ་སྙད་ནོར་དོན་ཅན་རྒྱས་བྱེད། །དངོས་པོ་རྣམས་ཀྱི་དེ་ཀུན་ཡང༌། །ཕན་ཚུན་མེད་ལ་བརྟེན་པ་སྟེ། །དེས་ན་གཞན་སེལ་ཡུལ་ཅན་ཡིན། །གང་ལ་དངོས་དང་འབྲེལ་ཡོད་པ། །དངོས་པོ་རྙེད་པའི་རྟེན་ཡིན་ཏེ། །རྗེས་དཔག་ཇི་སྐད་བཤད་ཇི་བཞིན། །འཁྲུལ་པར་འདྲ་ཡང་གཞན་ལ་མིན། །མར་མེའི་འོད་ལ་ནོར་བུ་བཞིན། །ཞེས་རྣམ་འགྲེལ་ལས་སོ། །དོན་དང་ཐོབ་དང་བསྒྲུབ་པ་དང༌། །དམ་པའི་དོན་ནི་གསུམ་དུ་འདོད། །ཅེས་ཏེ་དེས་ན་མ་བཅོས་པའི་དག་པ་ཡང་ཡིན་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དང་བྲལ་བའི་ཕྱིར་དེ་ཁོ་ན་ཉིད་དེ་རིགས་ལྔའོ། །དོན་ནི་དགོས་པ་སྟེ་ཡུལ་ཡང་ཡིན་ལ་རང་གི་དོན་དུའོ། །བརྗོད་པར་བྱ་བ་ནི་གཞན་གྱི་དོན་དུ་ཡིན་ཏེ་གང་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱིའོ། །དེ་རྣམས་ཀྱང་


DTG040_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཡིན་ཏེ་སྔར་བརྗོད་པ་རྣམས་སོ། །རྣམ་པ་འདི་ལྟ་བུའི་སྙིང་རྗེ་དང་ཤེས་རབ་དང་ཉི་མ་སོ་སོའི་ཐུན་མཚམས་བཞིར་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་དང་དེ་བཞིན་གཤེགས་པའི་བཀའ་དང་སོ་སོའི་བཀས་གཅིག་ཏུ་གཞན་གྱི་དོན་དུ་ངེས་པ་ལ་སོགས་པ་ཡང་དག་པའི་རྣལ་འབྱོར་པའི་མཚན་ཉིད་མ་ཚང་བ་རྣམས་ཇི་ལྟར་བརྗོད་པའི་རྗེས་སུ་གནང་བའི་ཡུལ་ལས་གཞན་དུ་ཞུགས་པ་ལ་ཡང་མི་དགེ་བ་བཅུ་ལ་སོགས་པའི་རྣམ་པར་གཞག་པའོ། །གང་གི་ཕྱིར་ལུང་ཕན་ཚུན་འགལ་བ་མ་ཡིན་ཏེ་ཡུལ་ཐ་དད་པ་ཡིན་པའི་ཕྱིར་རོ། །བུད་མེད་གདོང་ནི་ཡང་དང་ཡང་མི་བལྟ། །བུད་མེད་དུ་ག་ལ་ནམ་ཡང་རེག་མི་བྱ། །ཆུ་དང་མེ་ཡིས་དེ་ཚེ་འཆི་བར་འགྱུར། །དེ་ཡིས་ས་ཡི་འདུ་ཤེས་བསྐྱེད་དེ་རེག །ཅེས་བྱ་བ་ལ་སོགས་པའི་ངག་བཞིན་དུ་སྔར་བརྗོད་དོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་སྟེ་དགུ་པའོ།། །།

ལེའུ་བཅུ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བའི་བཤད་པ།


DTG040_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་ཏེ་རིགས་ལྔ་རྣམས་ནི་དགོད་པར་བྱ། ཞེས་བརྗོད་པ་དེ་དེ་རུ་ཅི་དང་པོར་བརྗོད་པའི་རིགས་ལྔ་རྣམས་ཡིན་ནམ་གཞན་དུ་དེ་རྣམས་ཀྱི་ས་བོན་ཡིན། ཅིའི་ཕྱིར་དེ་རྣམས་དགོད། གང་གི་ཚེ་ཡང་ཉིན་དང་མཚན་དུ་མ་ཚང་བ་མེད་པའི་ཏིང་ངེས་འཛིན་དང་དམ་ཚིག་དང་སྡོམ་པ་ལ་སོགས་པའི་ལམ་ལ་གནས་པའི་རྣལ་འབྱོར་པ་ལྷས་རྗེས་སུ་གནང་བ་ཤེས་རབ་དང་ལྡན་པ་དད་པ་དང་ཡང་དག་པར་ལྡན་པས་ཟླ་བ་དྲུག་གམ་གསུམ་མམ་གཉིས་སམ་ཕྱེད་དང་གཉིས་སམ་གཅིག་གམ་ཕྱེད་དུ་བསྒྲུབས་ལ། དྲུག་གིས་ལྷ་རྣམས་མ་གྲུབ་པ་དེའི་ཚེ་བདུན་པ་ལ་བསྒྲུབ་པས་ཅི་བརྩམ་པར་བྱ་བ་ཡིན་ནམ་ཞེས་གདུལ་བྱའི་འདོད་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །དམ་ཚིག་ཆེན་པོའི་རྡོ་རྗེ་ནི་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའོ། །དེའི་དེ་ཁོ་ན་ཉིད་ནི་ཟག་པ་མེད་པ་རྒྱུན་དུ་འབྱུང་བ་ཡིན་ལ་བདེ་བ་དང་ཡིད་བདེ་བ་དང་ཀུན་དུ་བཟང་པོ་ཡང་ཡིན་ནོ། །དེ་མངོན་པར་བྱང་ཆུབ་པ་ནི་མངོན་སུམ་དུ་བྱེད་པའོ། །དེ་ཉིད་སྐུ་དང་གསུང་དང་ཐུགས་ཀྱི་གསུང་བ་གང་གི་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་རིགས་ནི་ལྔ་རུ་བརྗོད། །ཅེས་རྒྱུད་ཕྱི་མ་ལས་ཏེ་དེའི་བདག་ཉིད་ཀྱི་ཧཱུཾ་ཨོཾ་སྭཱ་ཨཱཿཧཱ་ཞེས་པའི་ཡི་གེ་ལྔ་པོ་ནི་དེ་ཁོ་ན་ཉིད་དོ། །དེ་ཉིད་ནི་ཐམས་ཅད་ཀྱི་སྔགས་རྣམས་འདིར་འདུས་


DTG040_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་སྙིང་པོ་ཡང་ཡིན་ལ་འདུས་པ་ཡང་ཡིན་ནོ། །དེ་ཉིད་དམ་ཚིག་དང་ཡིད་བཞིན་གྱི་ནོར་བུའི་རིགས་དག་ཞེ་སྡང་གི་རིགས་ཀྱི་ནང་དུ་འདུས་པས་རིགས་གསུམ་གྱི་གསང་བར་བརྗོད་དོ་ཞེས་པས་སྐུ་དང་གསུང་དང་ཐུགས་གསང་བར་གྲགས། འདི་ཆེན་པོ་ཡང་ཡིན་ལ་ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སུ་སྣང་བའི་སོ་སོའི་རྡུལ་ཕྲ་རབ་ཤེས་རབ་དང་ཐབས་ཀྱི་རང་བཞིན་དྲི་མ་མེད་པ་བདེ་བ་ཆེན་པོའི་རྣམ་པར་རིགས་ལྔའི་དཀྱིལ་འཁོར་གྱི་ངོ་བོ་ཡིན་པའི་ཕྱིར་ཏེ་དངོས་གྲུབ་ཀྱང་ཡིན་ལ། འདི་དེའི་ཚུལ་ཡང་ཡིན་ཏེ། དེ་ལས་ཁྱད་པར་ཅན་མེད་པས་མཆོག་ཀྱང་ཡིན་ནོ། །ཉོན་མོངས་ཀུན་གྱི་རྒྱ་མཚོ་ནི་འཁོར་བའོ། །དེའི་མངའ་བདག་ནི་སྟོན་པ་ཡིན་ཏེ། ཉོན་མོངས་པ་འཆོས་པས་འཁོར་བ་དང་ཞི་བ་མཉམ་ཞིང་རོ་གཅིག་པའི་ཡེ་ཤེས་ལ་སེམས་ཅན་གྱི་ཁམས་རབ་ཏུ་འཇོག་པར་བྱེད་པའི་ཕྱིར་རོ། །འབར་བ་ནི་ཉོན་མོངས་པའི་བུད་ཤིང་བསྲེགས་པས་སོ། །དྲག་པོ་ནི་སྙིང་རྗེའི་རང་བཞིན་གྱི་ཁྲོ་བོ་ཡིན་པས་སོ། །དེ་ཁོ་ན་ཉིད་བསྟན་པའི་དོན་དུ་དེ་བསྒོམ་པའི་ངོ་བོར་རེ་ཞིག་པ་གསུངས་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ནི་སོ་སོར་སྐུ་གསུང་ཐུགས་བསྒོམ་པའོ། །མཉམ་པ་ནི་དེ་བཞིན་ཉིད་དེ་གང་དུ་སྐྱེ་བ་མེད་པ་དང་འགག་མེད་པ་འདི་ནི་མཉམ་པ་ཉིད་ཅེས་བརྗོད་པའི་ཕྱིར་རོ། །དེའི་ངོ་བོ་གང་ལ་ཡང་མི་གནས་པ་ནི་ཞེན་པ་མི་དམིགས་པའི་ཕྱིར་ཏེ་དེ་ཉིད་ཀྱི་ཕྱིར་རྣམ་པར་མི་རྟོག་པའོ། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས་པ། ཅེས་པའི་རིགས་པས་རྡོ་རྗེ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ཡིན་ཏེ་གང་ཕ་རོལ་ཏུ་ཕྱིན་པ་བཅུ་འམ་དྲུག་པོ་ཉིད་སྔགས་ཡིན་ལ། ཤེས་རབ་དང་སྙིང་རྗེའི་བདག་ཉིད་ནི་བདེ་བར་གཤེགས་པ་རྣམས་ཡིན་ཏེ། དེ་སྟོན་པར་བྱེད་པ་ཡི་གེ་ཧཱུཾ་ལ་སོགས་པ་ཡིན་ལ། དེ་རྣམས་ཀྱི་ཚུལ་ཡང་རྡོ་རྗེའོ་སེམས་ཅན་གྱི་དོན་བྱེད་པའི་རོལ་མོ་ནི་སྣ་ཚོགས་པའི་སྤྱོད་ལམ་དང་ཁ་དོག་དང་ཆ་བྱད་དང་ཉམས་ལ་སོགས་པ་རྣམས་ཀྱིས་མཚོན་པའོ། །ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་མཐས་ཀླས་པ་རྣམས་སུ་ཞེས་པ་ནི་སྣོད་དང་ལྡན་པའི་སྐྱེ་བོ་ལ་ལྟོས་པས་ཡིན་ཏེ་མཐའ་ཡས་པའི་འཇིག་རྟེན་གྱི་


DTG040_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

།ཁམས་ཞེས་བརྗོད་པའི་ཕྱིར་རོ། །སྐུ་ལ་སོགས་པའི་རོལ་བ་བསྟན་པ་གསུངས་ཕ་རོལ་པ་ཞེས་པ་ལ་སོགས་པའོ། །ཤེས་རབ་དང་སྙིང་རྗེ་ཆེན་པོའི་བདག་ཉིད་ཀྱིས་སེམས་ཅན་མ་ལུས་པ་རྣམས་ལ་མཉམ་པར་འཇུག་པ་སེམས་ཅན་གྱི་དོན་བྱེད་པ་རྣམས་རོལ་མོར་གསུངས་པ་ཡིན་ན་ཡང་དེ་སྔགས་ཀྱི་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་མི་གཟིགས་པ་རྒྱུ་ཅིས་ཡིན་ཞེས་དོགས་པའི་ལན་གསུངས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་དཀྱིལ་འཁོར་དུ་འཇུག་པ་དང་དམ་ཚིག་དང་སྡོམ་པ་ལ་སོགས་པ་འཛིན་པས་རྫོགས་པ་དེ་ཉིད་འགྲུབ་པོ། །ལྡན་པ་ཞེས་པ་ནི་ངེས་པར་གཟུང་བའོ། །འདི་ཞེས་པ་ནི་སྔགས་ཀྱི་སྤྱོད་པ་ལ་མོས་པའོ། །གང་གསུངས་པ། མཚོག་གསང་དཀྱིལ་འཁོར་དམ་པ་འདིར། །མཐོང་བ་དང་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་ངེས་གྲོལ་བ། །ཁྱེད་རྣམས་དེ་རིང་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་ཆོད་པ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་གྱུར་པ་ཡིན། །དམ་ཚིག་སྡོམ་པ་གྲུབ་པ་འདི། །རྟག་ཏུ་ཁྱོད་ཀྱིས་བསྲུང་པར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་གཏོང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །དམ་པའི་ཆོས་ནི་མི་སྤང་ཞིང༌། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ནི་མི་གདུངས་ཤིང༌། །ཅི་བདེ་བར་ནི་བདེ་བར་གཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་དོར་ཞིང༌། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་དང༌། །མཁའ་འགྲོ་རྣམས་ཀྱིས་གཙེས་པ་དང༌། །


DTG040_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང༌། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྲུང༌། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །གང་ཕྱིར་འདི་ནི་ལེགས་གནས་པས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །དམ་ཚིག་ལྷ་རྣམས་ཀུན་མཉམ་པར། །དེང་ཁྱོད་གྱུར་པ་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེང་ཁྱེད་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་པོའི་བདག་པོར་བསྟན་པ་ཡིན། །དེང་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེང་ཉིད་ཐོབ་པར་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་བདེ་ཆེན་བསྟེན་པར་གྱིས། །དེང་ནི་འགྲོ་བ་མྱུར་བདེ་རྡོ་རྗེ་སེམས་དཔའ་དང༌། །རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར་འགྱུར། །ཞེས་སོ། །སྔགས་ཀྱི་ཐེག་པ་འདིར་འཇིག་རྟེན་སྤྱོད་པ་ཞེས་པ་ལ་སོགས་པ་རྒྱུད་ཕྱི་མ་ལས་བརྗོད་པའི་དམ་ཚིག་དང་སྡོམ་པ་ལ་སོགས་པས་རྗེས་སུ་བསྒྲུབ་པ་ནི་སྔགས་ཀྱི་སྤྱོད་པའོ། །ཐེག་པ་ནི་དེ་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་དང་ཆོས་ཀྱང་ཡིན་ཏེ། མཐོང་བ་དང་མ་མཐོང་བ་ལ་འདོད་པའི་འབྲས་བུ་ཡིན་པའི་ཕྱིར་དེར་ཞུགས་པ་ཡོད་ན་གྲུབ་པ་དེ་ཉིད་ཅེས་མི་གཟིགས་པའི་རྒྱུའོ། །དེ་མེད་ན་ཡང་མི་འགྲུབ་པ་དེས་ན་མི་བསྐྱོད་པ་ལ་སོགས་པ་བྱེད་པ་པོར་གྱུར་པ་རྣམས་གཟིགས་པ་ནི། །སྔགས་ཀྱི་སྤྱོད་པ་ལ་མངོན་པར་བརྩོན་པས་རང་འོད་ཀྱི་ཤེས་རབ་ཀྱི་སྙིང་ག་ལ་སོགས་པར་བཀོད་དེ་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་ཐུགས་བསྐུལ་ཏེ་དགུག་པ་དང༌། གཞུག་


DTG040_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མི་བསྐྱོད་པ་ལ་སོགས་པ་དེ་ཡོངས་སུ་གྱུར་པས་སོ་སོའི་རྡུལ་ཕྲ་རབ་བྱིན་གྱིས་བརླབས་པ་དེ་དོན་གྱི་དགོས་པ་གང་གི་ཡིན་པ་ནི་དེའོ། །སྔགས་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །སྙིང་པོ་ནི་སྐུལ་བར་བྱེད་པའོ། །སྤྱིར་བརྗོད་ནས་རིགས་གསུམ་གྱི་དབྱེ་བས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་རྡོ་རྗེ་ཡིན་ལ་རྡོ་རྗེ་འཛིན་པ་ཐམས་ཅད་ནི་ཐུགས་རྡོ་རྗེ་ཡིན་ཞིང་ཆོས་འཛིན་པ་ཐམས་ཅད་ནི་གསུང་རྡོ་རྗེའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱིས་ཡིན་ལ་སྔགས་ཀྱི་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ལ་གཟིགས་པ་སྟེ་གང་གིས་དམིགས་པ་ཡིན་ན། །གསུང་རྣམས་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང༌། ལུང་དུ་བསྟན་པ་དང༌། ཚིགས་སུ་བཅད་པ་དང་ཆེད་དུ་བརྗོད་པ་དང་གླེང་གཞི་དང་རྟོགས་པ་བརྗོད་པ་དང་དེ་ལྟ་བུར་བྱུང་བ་དང་སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པ་རྨད་དུ་བྱུང་བའི་ཆོས་དང་གཏན་ལ་ཕབ་པ་རྣམས་ཏེ། །གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་རྣམས་ནི་ལམ་སྟེ་བགྲོད་པའོ། །ཡི་གེ་ཧཱུཾ་ལ་སོགས་པ་དེ་རྣམས་ངེས་པར་བརྗོད་པ་ནི་སྒྲའི་ངེས་པའི་ཚིག་ཡིན་ཏེ། ཆོས་ཐམས་ཅད་ནི་ཧའི་སྒོ་སྟེ་རྒྱུ་དང་བྲལ་བའི་ཕྱིར་ཏེ། ཆོས་ཐམས་ཅད་ནི་ཨུའི་སྒོ་སྟེ་དཔྱོད་པ་དང་བྲལ་བའི་ཕྱིར་ཞེས་པ་ལ་སོགས་པ་དེས་མཚོན་པ་ནི་སྔགས་ཐམས་ཅད་བསྡུས་པ་ཡིན་ཏེ། འདིར་དེ་བརྗོད་པ་དང་ལྡན་པའོ། །དེ་ལ་དོན་མང་པོ་སྟོན་པར་བྱེད་པས་མདོའོ། །གང་དུ་གང་ཚིགས་སུ་བཅད་པས་བརྗོད་པའི་དོན་མཐར་དབྱངས་དང་འབྲེལ་བའི་ཚིགས་སུ་བཅད་པས་དབྱངས་སུ་བྱས་པ་ཡིན་ཏེ། རྟོགས་པར་སླ་བའི་དོན་དུ་བྱས་པ་ནི་དབྱངས་ཀྱིས་བསྙད་པ་ཡིན་ཏེ་གང་དྲང་བའི་དོན་གྱི་མདོ་ཡང་ཡིན་ནོ། །གང་དུ་མ་འོངས་པའི་དོན་སྐྱེ་བ་ལ་སོགས་པའི་སྒོ་ནས་ལུང་སྟོན་པ་དེ་ནི་ལུང་དུ་བསྟན་པ་སྟེ་གང་ངེས་པའི་དོན་གྱི་མདོ་ཡང་ངོ༌། །ཚིགས་སུ་བཅད་པ་ནི་བརྗོད་པའི་དོན་གསལ་བར་བྱེད་པ་རྐང་པ་གཉིས་པ་ལ་སོགས་པའི་རང་བཞིན་ཇི་སྲིད་དུ་རྐང་པ་དྲུག་པའི་བར་རོ། །ཆེད་དུ་བརྗོད་པ་ནི་གདུལ་བྱའི་ངོར་མ་བྲིས་པའི་དོན་བརྗོད་པ་སྟེ་གཞན་ལ་མ་བོས་པར་དགའ་བས་ཡིད་ཀྱིས་བརྗོད་པའོ། །གླེང་གཞི་ནི་ངེས་པར་བྱེད་


DTG040_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངག་ཡིན་ཏེ།ཡུལ་དང་དུས་ལ་སོགས་པའི་སོ་སོར་ངེས་པ་བརྗོད་པ་འདིས་རྟོགས་པ་པོ་རྣམས་ངེས་པ་སྐྱེད་པར་བྱེད་པས་སོ། །རྟོགས་པ་བརྗོད་པ་ནི་དཔེ་དང་བཅས་པར་བརྗོད་པའོ། །དེ་ལྟ་བུ་བྱུང་བའི་སྡེ་ནི་སྔར་བྱུང་བ་བརྗོད་པའོ། །སྐྱེས་པའི་རབས་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་སྟོན་པའོ། །ཤིན་ཏུ་རྒྱས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་མེད་པ་གཉིས་པ་བསྟན་པས་བདེན་པ་གཉིས་རབ་ཏུ་བསྟན་པའོ། །རྨད་དུ་བྱུང་བའི་ཆོས་ནི་ཆོ་འཕྲུལ་ཆེན་པོ་ལ་སོགས་པའོ། །གཏན་ལ་ཕབ་པ་ནི་བཤད་པ་བསྟན་པའོ། །འཕགས་པ་ཕལ་ཆེན་སྡེའི་གསུངས་པ། གླེང་གཞི་དང་རྟོགས་པ་བརྗོད་པ་དང་གཏན་ལ་ཕབ་པ་ཞེས་པའི་ཡན་ལག་གསུམ་ནི་མདོའི་སྡེ་ལ་སོགས་པ་རྣམས་སུ་འདུས་པས་གསུང་རབ་ཡན་ལག་དགུའོ། །ངེས་པ་ཉིད་དུ་འདི་དེ་བཞིན་གཤེགས་པ་རྣམས་བསྐུལ་བས་སྔགས་བསྒོམ་པ་ལ་མངོན་པར་བརྩོན་པ་བསྟན་པ་བསྐྱེད་པར་བྱ་བའི་དོན་དུ་འདི་མཐུ་གསུངས་པ། འདར་ཞིང་ཞེས་པ་ལ་སོགས་པའོ། །རང་གི་འདོད་པའི་ལྷ་དྲན་པས་འཇིགས་པ་ཆེན་པོ་ལ་སོགས་པ་མེད་དོ་ཞེས་ཡང་དག་པར་བསླབ་པའི་དོན་དུ་ཡང་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པ་དང་ལྡན་པའོ། །ལེའུ་དང་པོར་རྒྱུར་གྱུར་པའི་རྡོ་རྗེ་འཛིན་པ་གྲུབ་པ་གསུངས་ལ་ད་ནི་འབྲས་བུར་གྱུར་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པས་སོ། །དེ་རྫོགས་པ་ཉིད་ནི་འདིར་དམ་ཚིག་གོ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་ཚོགས་ཀྱིས་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པའི་འཁོར་ལོ་ནི་དཀྱིལ་འཁོར་ཏེ་གཞལ་ཡས་ཁང་ངོ༌། །ཐུབ་དབང་འོད་ཀྱི་དཀྱིལ་འཁོར་ཚོགས་པའི། །ཟེར་གྱིས་ཕྱོགས་མཚམས་མ་ལུས་ཀུན་ཁྱབ་པ། །ཞེས་བརྗོད་པས་སོ། །ཡི་གེ་ཧཱུཾ་ནི་ཟླ་བ་ཞུ་བ་ཡོངས་སུ་གྱུར་པ་ལས་སོ། །ཡི་གེ་ཧཱུཾ་རང་གི་གཟུགས་ནི་རྩེ་མོ་ལྔ་གཉིས་ཅན་གྱི་རྡོ་རྗེ་དམར་པོའོ། །དེས་ན་དེའི་རྣམ་པ་རུ་བརྟག་པར་བྱ་སྟེ་བསྒོམ་པར་བྱའོ། །སངས་རྒྱས་རྣམས་ནི་ཕྱོགས་བཅུ་ན་གནས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཕྲོགས་པ་ནི་བཀུག་པའོ། །དེ་ཉིད་ནི་རྡོ་རྗེ་ལྟེ་བར་གནས་པའི་ཡི་གེ་ཧཱུཾ་གིས་སོ། །རྣལ་འབྱོར་པ་དེས་སྐད་ཅིག་དེ་ཉིད་ལ་རྡོ་རྗེ་ཡོངས་སུ་གྱུར་


DTG040_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས་ལའོ། །རང་གི་འཁོར་ལོ་ནི་རང་གི་དཀྱིལ་འཁོར་གྱིའོ། །རང་གི་སྔགས་ཀྱིས་ཞེས་པ་ནི་ས་བོན་གྱིས་ཏེ་ཡི་གེ་ཧཱུཾ་ལ་སོགས་པས་སོ། །གང་གསུངས་པ། རང་གི་སྙིང་པོ་ལས་བྱུང་མ་ལུས་པའི། །གཉུག་མའི་དཀྱིལ་འཁོར་བ་ཡི་གཟུགས་བསམས་ཏེ། །ཞེས་སོ། །སྐབས་སུ་བབ་པའི་བདུན་པ་དྲག་ཤུལ་གྱི་སྒྲུབ་པ་གསུངས་པ། རང་སྔགས་སྐྱེས་བུ་ནི་རང་གི་ལྷ་ཉིད་དབུས་སུ་བསྒོམས་ནས་རང་གི་སྔགས་ལས་དེའི་གཟུགས་རྣམས་ཕྱུང་སྟེ་ཕྱོགས་བཞི་རུ་ཡང་དག་པར་བཞག་སྟེ། དེ་རྣམས་ཀྱི་སྙིང་གའི་དབུས་སུ་སོན་པའི་ཕྲ་མོའི་དཀྱིལ་འཁོར་རྣམས་བསྒོམ་པར་བྱའོ། །རང་གི་དཀྱིལ་འཁོར་ལ་གནས་པ་དེའི་རང་གི་བདག་པོའི་སྙིང་ག་ལ་གནས་པའི་ཡེ་ཤེས་སེམས་དཔའི་སྙིང་གའི་ཟླ་བའི་དབུས་སུ་སོན་པའི་མི་འགྱུར་བའི་ཡི་གེ་ཧཱུཾ་དེ་ནི་རྩེ་མོ་ལྔ་པའི་རྡོ་རྗེ་ཆེན་པོའོ། །སྦྱོར་བས་ཞེས་པ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའོ། །རྟག་ཏུ་ནི་ཐུན་བཞི་རུ་བསྒོམ་པའོ། །རྡོ་རྗེ་གསུམ་རྣམས་ནི་ཐུགས་རྡོ་རྗེ་ལ་སོགས་པའི་ངོ་བོ་ཡིན་པས་རྡོ་རྗེ་དང་འཁོར་ལོ་དང་པདྨའི་ལྕགས་ཀྱུ་རྣམས་ཀྱིས་བྱའོ། །གང་གསུངས་པ། རྡོ་རྗེ་ལྕགས་ཀྱུས་དབྱེ་བ་ཡིས། །ཞེས་སོ། །དེས་ན་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ཐུགས་རྡོ་རྗེ་ལ་སོགས་པའི་གནས་ཇི་ལྟ་བར་བརྡེག་པར་བྱ་བ་ཉིད་དོ། །རབ་ཏུ་བསྐུལ་བ་ནི་དངོས་གྲུབ་སྟེར་བ་ལ་མངོན་དུ་ཕྱོགས་པར་བྱེད་པའོ། །རྡོ་རྗེ་ཐམས་ཅད་ཀྱི་སྔགས་ཀྱི་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ཀྱིའོ། །དེ་བཞིན་དུ་འཁོར་ལོ་ལ་སོགས་པའི་རིགས་ཅན་གྱི་ཨོཾ་ལ་སོགས་པ་ལས་བྱུང་བའི་རང་གི་མཚན་མ་ལས་སྐྱེས་པའི་ལྕགས་ཀྱུ་གསུམ་གྱིས་བསྐུལ་བར་བྱའོ་ཞེས་གསུངས་པ་འཁོར་ལོ་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པའི་ཐུགས་ཀར་བརྒྱབ་པས་རྣལ་འབྱོར་པའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེ་ན། གསུངས་པ་བརྡེག་པ་འདི་རང་གི་སེམས་ཀྱི་སྣང་བའི་རོལ་མོ་ལས་ཀུན་རྫོབ་ཏུ་བྱུང་བ་ཡིན་ལ་དེ་ཁོ་ན་ཉིད་དུ་བརྡེག་པར་བྱ་བ་དང་རྡེག་པར་བྱེད་པ་དང་བརྡེག་པ་རྣམས་ཡོད་པ་མ་ཡིན་པའི་ཕྱིར་ཕྱིན་ཅི་མ་ལོག་པ་དེའི་ཚེ་ཤེས་པར་བྱ་སྟེ་འདི་ལྟར་ཐུགས་རྗེ་ཆེན་པོས་གཞན་གྱི་དོན་དུ་འཇུག་པས་ཅིའི་ཕྱིར་རྣལ་འབྱོར་པ་ལ་ཁ་ན་མ་ཐོ་བའི་གོ་སྐབས་ཡོད།


DTG040_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཐུགས་བསྐུལ་བ་དྲག་ཤུལ་གྱི་སྒྲུབ་ཐབས་བདུན་པའོ། །འཇིགས་པ་ནི་རང་གིས་དམ་བཅས་པ་ལས་འདས་པ་ལ་འཇིགས་པ་ཡིན་ཏེ་མི་འཇིགས་པ་ཐོབ་པ་ཉིད་ཀྱིས་འཇིགས་པ་གཞན་མི་སྲིད་པས་སོ། །སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྤྱོད་པའི་མཆོག་ལ་སྤྱོད་པ་ཇི་སྐད་དུ་བརྗོད་པའི་ཚུལ་གྱིས་བསྐུལ་བ་ཡོད་ན་ཡང་གལ་ཏེ་མ་གྲུབ་ན་དམ་ཚིག་ལས་འདས་པར་འགྱུར་ཏེ། གཏི་མུག་གི་བདག་ཉིད་རྣམ་པར་རྟོག་པ་མེད་པའི་ཤེས་པ་ཅན་ནོ། །དེའི་དེ་ཞེས་པ་ནི་ཤིན་ཏུ་འདས་པ་དེའིའོ། །སྲོག་ཅེས་པ་འདིས་ནི་འདའ་བར་བྱ་བ་མ་ཡིན་པ་འདི་ཡིན་ནོ། །སྦྱོར་བ་ཞེས་པ་ནི་རྣལ་འབྱོར་པའི་སེམས་བརྟན་པར་བྱས་པ་དང་ལྡན་པ་སྟེ་དེ་དག་ལ་ཉེ་བར་གནས་ན་འཆི་བ་མི་སྲིད་པའི་ཕྱིར་རོ། །སྒྲུབ་པ་པོས་ཀྱང་གལ་ཏེ་ཇི་ལྟར་བརྗོད་པའི་གོ་རིམས་ཇི་ལྟ་བར་མ་ཞུགས་ན་མདོར་ན་འབྲས་བུ་མཐོང་བས་དྲག་པོའི་སྒྲུབ་པ་བརྩམ་པར་བྱ་སྟེ་དེའི་ཚེ་དེ་ཡང་འཇིག་པར་འགྱུར་རོ། །ཇི་སྲིད་དུ་སྔགས་རྣམས་ཀྱང་ཡིན་ཏེ་དེ་རྣམས་ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཡིན་པའི་ཕྱིར་དང་སྐྱེས་བུ་ཡང་ཡིན་ཏེ་སྐྱེས་བུ་ཆེན་པོའི་མཚན་ལ་སོགས་པ་སྦྱོར་བ་དང་ལྡན་པས་སོ། །གསུམ་ནི་སྐུ་ལ་སོགས་པའི་ཡེ་ཤེས་ཀྱིས་གང་བ་མི་བསྐྱོད་པ་ལ་སོགས་པ་དེ་སྲིད་པའོ། །དངོས་པོ་ཐམས་ཅད་བསྒོམ་པ་ནི་ཕུང་པོ་ལ་སོགས་པ་རྣམས་ཏེ་སོ་སོའི་རྡུལ་ཕྲ་རབ་དབང་པོ་གཉིས་ཀྱི་སྦྱོར་བ་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པས་བདེ་བ་ཆེན་པོའི་ཚུལ་གྱིས་རྣམ་པ་སྣ་ཚོགས་པས་བརྟག་པར་བྱའོ། །གང་གི་ཕྱིར་དེའི་སྔགས་འདི་གྲུབ་པའི་དོན་དུ་དམ་ཚིག་སྟེ་དེ་ཁོ་ན་ཉིད་བསྒོམ་པའོ། །རིག་མ་ནི་རང་འོད་ཀྱི་ཤེས་རབ་ཡིན་ལ་ཉིད་དབང་ཕྱུག་སྟེ། དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ལ་ཞུགས་པ་རྣམས་ལ་རྡོ་རྗེས་པདྨ་ལ་སྦྱོར་བ་བསྒོམ་པར་བྱའོ། །དེ་ཡང་ཆགས་ལ་སྟེ་ཆགས་པ་ཆེན་པོས་ཆགས་པའི་ལྟ་བ་ཡང་བསྒོམ་པར་མི་བྱའོ། །གང་གི་ཕྱིར་དམ་ཚིག་གི་དེ་ཁོ་ན་ཉིད་དེ་ཉིད་ཀྱི་མ་ཡིན་ཏེ་སྙིང་པོ་ཡིན་ནོ། །དེ་ལེན་པར་བྱེད་པས་དཀྱིལ་འཁོར་ཏེ་འདི་ནི་བསྒོམ་པའོ། །ཁྱབ་པ་གསུངས་པ། འཇིག་རྟེན་ཁམས་ནི་ཐམས་ཅད་ན། །བུད་མེད་ཇི་སྙེད་ཡོད་གྱུར་པ། །དེ་དག་ཐམས་ཅད་རང་འོད་ཀྱི་རིག་མ་ལ་


DTG040_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་སྤྱན་མ་ལ་སོགས་པའི་གཟུགས་ཀྱིས་གཞུག་པར་བྱའོ། །ཕྱག་རྒྱ་ཆེན་པོ་ཡིད་ལས་བྱུང༌། །དམ་ཚིག་ཕྱག་རྒྱ་ཀུན་དུ་སོན། །ཆོས་ཀྱི་ཕྱག་རྒྱ་ཚིག་ཡིན་ཏེ། །ལས་ཀྱི་ཕྱག་རྒྱ་ལུས་ལས་བྱུང༌། །ཞེས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྦྱོར་བས་བསྟེན་པར་བྱའོ། །བསྟེན་པའི་དུས་དེར་ཡང་རང་གི་བ་སྤུའི་བུ་ག་ལས་དེ་བཞིན་གཤེགས་པ་རྣམས་ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱ་སྟེ། སེམས་ཅན་མ་ལུས་པའི་དོན་ཇི་ལྟ་བུའི་ལས་བྱས་ནས་སླར་ཡང་བསྡུ་བ་ལ་སོགས་པ་བྱའོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་བཅུ་པའོ།། །།

ལེའུ་བཅུ་གཅིག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུ་མཆོག་གི་བཤད་པ།


DTG040_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་ཏེ། མི་བསྐྱོད་ཕྱག་རྒྱར་རབ་མཆོག་བསྒོམ། །ཞེས་པ་དེ་གང་སྔོན་དུ་སོང་བས་བསྒོམ་པར་བྱ་ཞེས་པ་ལ་སོགས་པའི་གདུལ་བྱའི་སྤྱོད་པ་ངེས་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཉིད་སྐྱེས་བུ་མཆོག་རྣམས་སྐུ་རྡོ་རྗེ་ལ་སོགས་པའོ། །དེའི་ངོ་བོ་ཨོཾ་ཡིག་ལ་སོགས་པ་དེའི་ཡུལ་ཡིན་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྔགས་ནི་ཨོཾ་ཡིག་ལ་སོགས་པ་རྣམས་ཡིན་ཏེ་དེ་སྔོན་དུ་སོང་བ་ནི་རིག་པའི་སྐྱེས་བུ་ཡིན་ལ་བཤད་ཟིན་ཏེ་དེ་ཉིད་མཆོག་གོ །རྡོ་རྗེ་གསུམ་རྣམས་ནི་ཡི་གེ་ཨོཾ་ལ་སོགས་པའི་ཡི་གེ་ཉིད་དེ་སྔགས་ཀྱི་མཆོག་གོ །དེས་ཕྱག་རྒྱ་ཆེན་པོ་རིག་པའི་སྐྱེས་བུའི་བདག་ཉིད་རྣམ་པ་སྣ་ཚོགས་པའི་རྣམ་པས་བསྒོམ་པར་བྱའོ། །ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་རྡོ་རྗེ་སྟེ་རི་བོང་ཅན་ཞུ་བར་གྱུར་པའོ། །གང་ལས་དེས་ནི་དེ་ཐམས་ཅད་ཀྱི་རྣམ་པས་བྱང་ཆུབ་ཀྱི་སེམས་ཐོབ་པར་བྱེད་པའོ། །ཡི་གེ་ཨོཾ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ཉིད་སྙིང་པོ་སྟེ་ས་བོན་ཡིན་ལ་གང་ལས་དེའི་སྐུ་རྡོ་རྗེ་ཐོབ་པའོ། །ཡི་གི་ཨཱཿ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྙིང་པོའོ། །བྱང་ཆུབ་བདག་མེད་པ་ནི་ཆོས་ཀྱི་དབྱིངས་སོ། །འདི་ནི་སྔ་མ་དང་ཕྱི་མ་ལ་ཡང་ཡིན་ཏེ་ལྷག་མ་ནི་སྔ་མ་བཞིན་ནོ། །ཡི་གེ་ཧཱུཾ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་སྙིང་པོའོ། །སོ་སོར་རྡོ་རྗེ་གསུམ་དབྱེར་མེད་པ་ཐོབ་པས་ཡི་གེ་ཨོཾ་ལ་སོགས་པ་ཡང་སྐུ་དང་གསུང་དང་ཐུགས་སོ། །ནམ་མཁའ་རྡོ་རྗེ་ནི་ནམ་མཁའ་རྡོ་རྗེ་ཡིན་ཏེ་དེ་ཡང་ཆོས་ཀྱི་འབྱུང་གནས་སོ་ཞེས་བཤད་ཟིན་ཏོ། །


DTG040_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དབུས་སུ་གནས་པའི་དཀྱིལ་འཁོར་ཞེས་པ་ནི་སྤྱིར་བརྗོད་ཀྱང་ཟླ་བའི་དཀྱིལ་འཁོར་རོ། །ཀུན་དུ་ཕྱོགས་པའི་རྡོ་རྗེ་ནི་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའོ། །སྣ་ཚོགས་རྡོ་རྗེ་དཀྱིལ་གནས་པདྨ་ནི་ཞེས་བརྗོད་པའི་ཕྱིར་རྡོ་རྗེ་ཐམས་ཅད་དེ་ལས་སྐྱེས་པ་ནི་དེ་ལ་གནས་པའོ། །དེ་རུ་ནི་དེ་ལས་སྐྱེས་པའི་དཀྱིལ་འཁོར་ལའོ། །ཡེ་ཤེས་ཉིད་རྡོ་རྗེ་སྟེ་སྙིང་པོ་ནི་བྷྲཱུཾ་མོ། །རྡོ་རྗེ་དཀྱིལ་འཁོར་ནི། །རྒྱལ་མཚན་གྱིས་མཚན་གཞུ་འདྲ་སྔོ། །ཡཾ་ལས་བྱུང་བ་གཡོ་བའི་རླུང༌། །རཾ་བྱུང་གསལ་བའི་དཀྱིལ་འཁོར་ནི། །བཾ་བྱུང་ཆུ་ཡི་དཀྱིལ་འཁོར་དཀར།། བྷཱུཾ་ལས་མཚན་མའི་ཟླུམ་པོའོ། །ཆོས་ཀྱི་དཀྱིལ་འཁོར་ནི། །ཟུར་གསུམ་རཾ་ལས་བྱུང་བ་སྟེ། །དམར་པོ་མེ་ཡི་དཀྱིལ་འཁོར་རོ། །དེ་སྐད་དུ་བརྗོད་པ། རྡོ་རྗེ་གསལ་ཆོས་འཁོར་ལོ་དེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གཏོགས། །གནས་སུ་དེ་ཡིས་བསྟན་བྱ་སྟེ། །ཡེ་ཤེས་སྐུ་ནི་སྤྲོ་ཞིང་བཟླ། །ཞེས་སོ། །ཡི་གེ་བྷྲཱུཾ་ནི་འཆད་པར་འགྱུར་བའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་རྣམ་པར་དག་པ་སྟོན་པར་བྱེད་པའི་འཁོར་ལོ་རྩིབས་བཅུ་གཉིས་པ་གནས་གྱུར་པའི་རྣམ་པར་སྣང་མཛད་རིག་མ་དང་བཅས་པའི་རྣམ་པར་སྣང་མཛད་ཀྱི་ཡན་ལག་ལས་བྱུང་བའི་གནས་ཀྱི་གཞལ་ཡས་ཁང་པ་རྡོ་རྗེ་གསུམ་ལས་བྱུང་བ་བསྒོམ་པར་བྱའོ་ཞེས་ངེས་པར་གསུངས་སོ། །དེ་གསུངས་པ། བྷྲཱུཾ་གྱི་འཁོར་ལོ་ལས་བྱུང་རིག་བཅས་པའི། །རྣམ་པར་སྣང་མཛད་ཡན་ལག་ཡང་དག་བྱུང༌། །ཞེས་སོ། །སྙིང་པོ་ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་རྗེས་སུ་ཆགས་པས་ཆགས་པ་སྟེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཡི་གེ་ཧོ་གཉིས་སོ། །དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་མཉེས་པར་བྱེད་པའོ། །གང་གི་ཚེ་ཡང་དེ་རྣམས་ལམ་ལ་གནས་པ་ན་ཁམས་གསུམ་དང་ཡང་དག་པར་ལྡན་པའི་སྐུ་དང་གསུང་དང་ཐུགས་ལ་འདོད་པ་སྐྱེད་པར་བྱེད་དོ། །དེའི་ཚེ་ཤེས་རབ་ཀྱིས་འཁོར་བའི་ཉེས་པ་མཐོང་བས་འཁོར་བ་ལས་ལྡོག་ཅིང་མྱ་ངན་ལས་འདས་པའི་ཡོན་ཏན་བསྔགས་པས་དེ་དང་ཡང་དག་པ་ཉིད་སྐྱེ་པར་འགྱུར་རོ། །གང་གི་ཚེ་ཡང་བར་སྐབས་སུ་སེམས་ཅན་གྱི་གནོད་པ་ལ་སོགས་པས་བསེ་རུ་དང་ཉན་ཐོས་ཀྱི་མྱ་ངན་ལས་


DTG040_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་དང་ཡང་དག་པར་ལྡན་པ་དག་སྐྱེ་བར་འགྱུར་རོ། །དེའི་ཚེ་སྙིང་རྗེས་མྱ་ངན་ལས་འདས་པ་ལ་བཟློག་སྟེ་སེམས་ཅན་འདི་རྣམས་བུམ་པ་བཟང་པོ་ཞེས་བྱ་བ་སོགས་པའི་ཡོན་ཏན་བསྔགས་པས་མི་གནས་པའི་མྱ་ངན་ལས་འདས་པ་ཡང་དག་པར་ལྡན་པ་ཉིད་སྐྱེ་བར་འགྱུར་རོ། །རིམ་པ་འདིས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཡི་གེ་གསུམ་གྱི་ངོ་བོ་རྣམས་ཏེ་དེས་ན་མི་གནས་པའི་མྱ་ངན་ལས་འདས་པ་ལ་རྗེས་སུ་ཆགས་པས་མཉེས་པར་བྱེད་དོ། །ཨོཾ་ཨཱཿ་ཧཱུཾ་ཞེས་པའི་སེམས་ཉིད་ནི། འོད་ལྡན་ཧོ་དང་སྤེལ་བའི་ཆོ་ག་བཞིན། །ཞེས་བརྗོད་པས་སོ། །གང་འཕགས་པ་བྱམས་པས། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །དེས་ན་ཉེས་པ་མཐོང་ཕྱིར་སྲིད་པར་མིན། །སྙིང་རྗེར་ལྡན་ཕྱིར་མྱང་འདས་མིན། །གཞན་དོན་སྐྱེ་བར་མཐོང་བའི་ཕྱིར། །སྲིད་པ་བརྟན་པར་གནས་པའང་ཡིན། །གང་དག་གིས་ཡང་ཤེས་རབ་དང་ཐབས་ལ་ཞུ་བར་གྱུར་པ་སྐུ་གསུང་ཐུགས་མཉེས་པར་འཆད་དེ། །དེ་རྣམས་ནི། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བྱ། །ཞེས་པ་འདིས་འདིའི་དོན་བརྗོད་པའི་ཕྱིར་ཟློས་པའོ། །རྡོ་རྗེ་གསུམ་ཞེས་པ་ལ་སོགས་པ་ནི་རང་གི་ངོ་བོའོ། །ཨོཾ་ཞེས་པ་ལ་སོགས་པས་ནི་སོ་སོར་གསུམ་གྱི་གཟུགས་སོ། །རྡོ་རྗེ་དཀྱིལ་འཁོར་ཞེས་པ་ལ་སོགས་པས་ནི་བཟླས་པའི་དུས་ཀྱི་རྟེན་ཡིན་ནོ། །ཨོཾ་ནི་སངས་རྒྱས་སྐུ་ཡི་མཆོག །ཅེས་པ་ལ་སོགས་པས་ནི་སྤྲོས་པ་སྔོན་དུ་སོང་བའི་སྡུད་པའོ་ཞེས་ཁ་བསྐང་བ་དང་ལྡན་པས་དངོས་སུ་ཞུགས་པའི་སྡུད་པ་ལ་སོགས་པའོ་ཞེས་བརྗོད་དོ། །འདི་ནི་སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་ཧོ་གཉིས་ཀྱི་དབུས་སུ་ཆུད་པ་ཡི་གེ་གསུམ་པོ་བརྗོད་མ་ཐག་མའི་རིགས་པས་མི་གནས་པའི་མྱ་ངན་ལས་འདས་པའི་བདག་ཉིད་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པའོ། །ཡེ་ཤེས་རྡོ་རྗེ་སྟེ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་པ་ཆེན་པོས་སོ། །སངས་རྒྱས་ཀྱི་རྒྱུ་ནི་གང་འདི་ལ་སངས་རྒྱས་ཉིད་ཀྱིས་འབྲས་བུ་འབྱུང་བའོ། །འདི་རྣམས་ནི་ཨོཾ་ཡིག་ལ་སོགས་པ་སངས་རྒྱས་ཀྱི་སྐྱེས་བུ་རྣམས་ཏེ་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་ནོ། །ཇི་ལྟར་ཞེ་ན། རྫོགས་པ་ལ་སོགས་པ་གང་རྣམས་ཀྱིས་བྱིན་གྱིས་


DTG040_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རློབ་པ་ལ་སོགས་པ་མཐའ་ཡས་པ་ཉིད་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་གང་རྣམས་ཀྱི་དམ་ཚིག་དེ་རྣམས་ཀྱིས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་དམ་ཚིག་བསྒོམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་དམ་ཚིག་སྟེ། དེའི་དེ་ཁོ་ན་ཉིད་ནི་ཡེ་ཤེས་ཏེ་དགའ་བ་ཡིན་ལ་དེ་ཉིད་ཀུན་དུ་བཟང་པོར་ངེས་པ་སྟེ་དེ་ཉིད་རྡོ་རྗེ་ཡིན་ཞིང་དེ་ཉིད་བྱིན་གྱིས་རློབ་པ་ཡིན་ཏེ། སྐུ་དང་གསུང་དང་ཐུགས་བསྒྲུབ་པར་ནུས་པའི་རྒྱུ་ཡིན་ནོ། །དབེན་པ་རྣམས་སུ་ཞེས་པ་ནི་རིགས་མི་མཐུན་པ་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སྤངས་པ་རྣམས་སུའོ། །ཉམས་དགའ་བ་རྣམས་སུ་ཞེས་པ་ནི་ཡིད་དུ་འོང་བ་རྣམས་སུའོ། །ཡང་ཞེས་པ་ནི་འཆད་པར་འགྱུར་བའི་གནས་ཀྱི་ཁྱད་པར་སྡུད་པའོ། །འདི་ནི་འཆད་པར་འགྱུར་བའི་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའོ། །ཟླ་བ་ཕྱེད་ཀྱིས་ཞེས་པ་ནི་རིག་པའི་བརྟུལ་ཞུགས་སྤྱད་པ་དང་མཚན་མ་ཐོབ་པ་དང་ལྷ་རྣམས་ཀྱིས་རྗེས་སུ་གནང་བས་སྣོད་དང་ལྡན་པ་བབས་པས་ལྷ་རྣམས་བྲིས་པའི་སྐུའི་དཀྱིལ་འཁོར་དུ་གནས་ཏེ་ཡོ་བྱད་ཐམས་ཅད་དང་ལྡན་པས་སྒྲུབ་པར་རྩོམ་པ་ལ་ཞུགས་པས་སོ། །སྒྲུབ་ཐབས་གསུངས་པ་ནམ་མཁའ་རྡོ་རྗེ་ནི་ཆོས་ཀྱི་འབྱུང་གནས་ཏེ་ཐམས་ཅད་དུ་ཤེས་པར་བྱའོ། །གསལ་བའི་དཀྱིལ་འཁོར་ནི་འདིར་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །རང་གི་སྔགས་དང་དམ་ཚིག་ནི་རྣམ་པར་སྣང་མཛད་ཡིན་ལ་དེའི་སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བ་སྟེ། འཁོར་ལོའི་ལྟེ་བ་ལ་གནས་ནས་ཡི་གེ་ཨོཾ་ལས་དེ་བཞིན་གཤེགས་པ་ལྔའི་རྣམ་པའི་འོད་ཟེར་གྱི་ཚོགས་ཆེན་པོ་རྣམས་ཕྱོགས་བཅུར་སྤྲོས་ཏེ་སྣོད་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་མཆོག་བསྒོམ་པས་དེའི་རྣམ་པ་རུ་བསྒྲུབས་ཏེ་བསྡུས་ཞུགས་ཏེ་བརྟན་པར་གྱུར་པས་རྗེས་སུ་མཉེས་པར་བྱེད་པ་རྣམས་ནི་ཡང་དག་ཡང་དུ་བསྒོམ་པར་བྱའོ། །སངས་རྒྱས་ཀྱི་སྐུ་རྣམ་པར་སྣང་མཛད་དང་འོད་མཉམ་པར་འགྱུར་ཏེ་འདྲ་བའོ། །བསྐལ་པ་གསུམ་ནི་བསྐལ་པ་ཆེན་པོ་གསུམ་མོ། །བསྐལ་པ་གྲངས་མེད་པ་གསུམ་པོ་མངོན་པ་ལས་བརྗོད་པ་ཡིན་ནོ་ཞེས་ཁ་ཅིག་གོ །ཡེ་ཤེས་ལྔ་ལྡན་ནི་


DTG040_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ་རྣམས་སམ་དེ་རྣམས་ཉིད་ཡིན་ན་ཡང་བསྟེན་པས་གནས་པར་འགྱུར་རོ། །སྐུ་རྡོ་རྗེའི་གསང་བ་སྟོན་པས་སྐུ་རྡོ་རྗེའི་གསང་བ་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་བྱང་ཆུབ་སེམས་དཔའ་རྫོགས་པར་བྱེད་པ་འོད་ཟེར་གང་ལ་ཡིན་པ་དེ་ནི་དེ་བཞིན་ནོ། །ཆོས་ནི་འདིར་འོད་དཔག་མེད་ཀྱི་དཀྱིལ་འཁོར་རོ། །རང་གི་ཡི་གེ་ཨཱཿའི་སྔགས་ཀྱི་སྐྱེས་བུ་ནི་འོད་དཔག་ཏུ་མེད་པའོ། །ངག་གི་ལམ་སྟེ་འདྲེན་པར་རོ། །ཁ་དོག་ལྔའི་འོད་ཟེར་རྣམས་ནི་དབྱེར་མི་ཕྱེད་པའི་ཕྱིར་གང་དུ་རྡོ་རྗེ་ཆེན་པོ་ཡིན་པ་དེའོ། །དེའི་རྣམ་པའི་འོད་ཟེར་རྣམས་ཀྱིས་འཇིག་རྟེན་དབང་ཕྱུག་འོད་དཔག་ཏུ་མེད་པའི་མཆོག་བསྒོམ་པས་སེམས་ཅན་གྱི་ཁམས་དེའི་རྣམ་པའི་བྱང་ཆུབ་སེམས་དཔའི་ངོ་བོ་དམ་ཚིག་གི་ཡེ་ཤེས་ཡིན་ཏེ་ཚིག་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ངོ་བོ་རྣམས་ཀྱི་དམ་ཚིག་སྟེ་དེ་ཁོ་ན་ཉིད་ཡིན་ལ། དེའི་སྤྲོས་པ་ནི་གསལ་བར་བྱེད་པ་ཡིན་ཏེ་རྫོགས་པར་བྱས་ནས་སྡུད་པ་ལ་སོགས་པར་བྱེད་པའོ། །བསྟན་པ་ནི་ཆོས་སྔར་བརྗོད་མ་ཐག་པ་ནི་ངག་ཡིན་ཏེ་དེའི་ལམ་ནི་འོད་དཔག་ཏུ་མེད་པ་ཡིན་ལ་དེ་ལ་གནས་པ་ནི་བསྒོམས་པས་སོ། །རྡོ་རྗེ་ཆོས་དང་མཚུངས་པ་ནི་འོད་དཔག་ཏུ་མེད་པ་དང་ངོ༌། །དེ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་དམ་ཚིག་ཡིན་ཏེ། དེ་ལས་གང་དུ་འབྱུང་བ་དེ་དེ་བཞིན་ནོ། །རྡོ་རྗེ་ནི་འདིར་མི་བསྐྱོད་པའི་དཀྱིལ་འཁོར་རོ། །དེ་ལས་ཡུལ་ཐ་དད་པས་སྔ་མ་དང་འགལ་བ་མེད་དོ། །རང་སྔགས་སྐྱེས་བུ་ནི་མི་བསྐྱོད་པའོ། །དེའི་སེམས་ལ་སྟེ་སྙིང་གར་ཉི་མ་ལ་རྡོ་རྗེའི་ལྟེ་བའི་ནང་ན་གནས་པ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་རྡོ་རྗེའི་ལྟེ་བ་ལའོ། །དམ་ཚིག་ཆེན་པོ་མི་བསྐྱོད་པའི་དེ་ཁོ་ན་ཉིད་ཧཱུཾ་གི་ཡི་གེ་འོད་ཟེར་ཁ་དོག་ལྔ་དང་ལྡན་ནོ། །ཡེ་ཤེས་རྡོ་རྗེ་འདིར་སྒྲུབ་པ་པོ་དེས་བྱའོ། །དེ་རྣམས་འདིར་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་ཏེ། རྒྱལ་བ་ཡང་ཡིན་པས་དེ་རྣམས་ཕྱོགས་བཅུར་སེམས་ཅན་གྱི་དོན་བྱས་ཤིང་སྡུད་པ་སྔོན་དུ་སོང་བས་ཐིམ་པ་གང་ཡིན་པའི་ཧཱུཾ་ཡིག་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་ཐུགས་མི་བསྐྱོད་པ་དང་འདྲ་བ་ཚད་མེད་པའི་ཡེ་ཤེས་ཀྱི་ཡོན་ཏན་གྱི་རྒྱ་མཚོ་ཡིན་ནོ། །དམ་ཚིག་རྡོ་རྗེ་མི་བསྐྱོད་པ་ཡིན་ལ་


DTG040_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཡུལ་ཅན་གྱི་ཏིང་ངེ་འཛིན་ནོ། །རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ཡིན་ཏེ་རང་གི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །ལུས་ཆ་ཤས་ཐམས་ཅད་ལ་ཁཾ་གི་འོད་ཟེར་འཁྲུགས་ཤིང་ནམ་མཁའ་དང་མཉམ་པར་བདག་ཉིད་བསྒོམས་ན་དངོས་གྲུབ་ཡིན་ཏེ་རང་གི་འདོད་པས་མི་མཐོང་བར་འགྱུར་རོ། །ནམ་མཁའ་རྡོ་རྗེའི་དམ་ཚིག་ནི་དཔལ་རྡོ་རྗེ་སེམས་དཔའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་མི་སྣང་བར་འགྱུར་བའི་ཕྱིར་འོད་ཟེར་གྱི་ཚོགས་ཀྱི་ཕྲེང་བ་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །གསང་སྔགས་སྐྱེས་བུ་ནི་ཡི་གེ་མ་གིས་འཇམ་པའི་དབྱངས་གསེར་གྱི་ཁ་དོག་ཅན་གྲུ་བཞི་པའི་རྡོ་རྗེ་དཀྱིལ་འཁོར་གྱི་དབུས་སུ་བསྒོམས་ལ་སྙིང་གར་ཡང་ཡི་གེ་ཧཾ་ཡང་ངོ༌། །དེའི་འོད་ཟེར་དཀར་པོ་རྣམས་དང་ཟླ་བའི་དཀྱིལ་འཁོར་གྱི་བར་དུ་བདག་ཉིད་གནས་པར་བྱ་སྟེ་ཆོས་ཐམས་ཅད་ནི་རྒྱུ་དང་བྲལ་བའོ་ཞེས་བསྒོམ་མོ། །ནམ་མཁའི་དབྱིངས་ནི་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་སོན་པ་རྣམ་པར་སྣང་མཛད་བདག་ཉིད་ལ་ཐླྷིཾ་གི་ཡི་གེའི་རང་བཞིན་རྡུལ་ཕྲ་རབ་ཐམས་ཅད་མཚོན་ཆའི་མཆོག་མ་ཉམས་པ་ལས་བྱུང་བ་ཡིད་ལས་བྱུང་བའི་སྙིང་པོ་འབར་ཞིང་རབ་ཏུ་གསལ་བར་བསྒོམས་པ་ན་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དང་མཉམ་པ་འགྲུབ་པོ། །བསེ་རུ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པའི་སངས་རྒྱས་ཀྱི་མངོན་པར་ཤེས་པ་མཆོག་གི་དམ་ཚིག་དང་ལྡན་པ་གཞན་གྱིས་མངོན་པར་ཤེས་པ་ལྔ་དང་འདྲ་བར་འགྱུར་རོ། །སངས་རྒྱས་སྔོན་དུ་སོང་བའི་དཀྱིལ་འཁོར་ནི་ཐམས་ཅད་དུ་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའ་ནི་འདིར་མི་བསྐྱོད་པ་ཡིན་ཏེ་དེའི་སྙིང་གར་རྡོ་རྗེ་ལྟེ་བ་ལ་ཡེ་ཤེས་ཐོབ་པར་བྱེད་པའི་འོད་ཟེར་དང་བཅས་པའི་ཨོཾ་ཡིག་བསྒོམ་པར་བྱའོ། །ནམ་མཁའ་རྡོ་རྗེ་ནི་འདིར་རིན་ཆེན་ཏོག་སྟེ་དེའི་ཐུགས་ཀར་རིན་པོ་ཆེ་ལ་གནས་པའི་ཡི་གེ་ཨོཾ་མོ། །འཇིག་རྟེན་དབང་ཕྱུག་ནི་འདིར་འོད་དཔག་ཏུ་མེད་པའོ། །དེའི་ཐུགས་ཀར་ཆོས་པདྨ་ལ་གནས་པའི་ཡི་གེ་ཨོཾ་མོ། །རྡོ་རྗེ་ནི་དབྱེར་མི་ཕྱེད་པའི་ཨུཏྤལའི་འདབ་མའི་ཆ་བྱད་ཅན་གྱི་རལ་གྲི་གང་ཡིན་པ་དེ་ལ་དེ་སྐད་དུ་བརྗོད་དེ་དོན་ཡོད་རྡོ་རྗེའོ། །དེའི་སྙིང་གར་དམ་ཚིག་གི་རལ་གྲི་དེ་ལ་ཡི་གེ་ཨོཾ་མོ། །རྣམ་པར་སྣང་མཛད་ཀྱི་སྙིང་གའི་ཟླ་བའི་འཁོར་ལོའི་ལྟེ་བ་ལ་རྡོ་རྗེ་གསུམ་གསལ་བར་བྱེད་པ་ནང་དུ་ཞུགས་


DTG040_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྡོ་རྗེ་གསུམ་འོད་ཟེར་དང་བཅས་པའི་ཡི་གེ་ཨོཾ་འཁོར་ལོའི་དབུས་སུ་བལྟའོ། །སྔ་མ་ལ་ཡང་ཟླ་བ་ལ་གནས་པ་ཉིད་བསྒོམ་པར་བྱའོ་ཞེས་ཁ་ཅིག་གོ །དེའི་ཐུགས་ཀར་རྡོ་རྗེ་ལ་སོགས་པའི་ལྟེ་བ་ལ་གནས་པའི་མི་བསྐྱོད་པ་ལ་སོགས་པའི་ཐུགས་ཀར་ཟླ་བ་ལ་གནས་པའོ་ཞེས་གཞན་དག་གོ ། རང་གི་དཀྱིལ་འཁོར་ལ་གནས་པའི་མི་བསྐྱོད་ཡེ་ཤེས་རྡོ་རྗེ་ལ་སོགས་པ་བསྒོམས་ཏེ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་སྐྱེ་མཆེད་ཀྱི་ཁམས་རྣམས་སུ་སངས་རྒྱས་མཆོག་རྣམ་པར་སྣང་མཛད་ལ་སོགས་པའོ་ཞེས་ཁ་ཅིག་གོ །སའི་སྙིང་པོ་ལ་སོགས་པའོ་ཞེས་གཞན་དག་གོ །སའི་སྙིང་པོ་ལ་སོགས་པའོ་ཞེས་གཞན་དག་གོ །དེ་རྣམས་མངོན་པར་ཤེས་པ་ལྔའི་སྦྱོར་བས་བསྒོམ་པར་བྱ་སྟེ་དེས་མངོན་པར་ཤེས་པ་ལྔར་འགྱུར་རོ། །རང་གི་སྔགས་ལས་བྱུང་བ་རྡོ་རྗེ་འམ་འཁོར་ལོ་འམ་རིན་པོ་ཆེ་ལ་སོགས་པ་དེ་ཉིད་དུ་རང་གི་བདག་པོའི་སྦྱོར་བས་བསྒོམ་པར་བྱའོ་ཞེས་བརྗོད་པ་ནི་རྡོ་རྗེ་རྩེ་ལྔ་ཞེས་པ་ལ་སོགས་པའོ། །འཁོར་ལོ་ཞེས་པ་ནི་སྣ་ཚོགས་རྡོ་རྗེ་ལས་བྱུང་བའི་དཀྱིལ་འཁོར་ལ་གནས་པ་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་དཀར་པོ་སྟེ། དེའི་ལྟེ་བའི་ཟླ་བ་ལ་བྷྲཱུཾ་ཡིག་ལས་སངས་རྒྱས་རྣམས་སྤྲོས་ཏེ་དེ་ཉིད་དུ་བཅུག་པས་དེ་ལས་སྐྱེས་པའི་རྣམ་པར་སྣང་མཛད་ཀྱི་ཡན་ལག་ལས་བྱུང་བས་སངས་རྒྱས་ཀྱི་རྟེན་གཞལ་ཡས་ཁང་སྟེ་དེ་ཡང་གྲུ་བཞི་མཉམ་པ་ཡིན་ཏེ་མི་མཉམ་པ་མེད་པར་འགྱུར་རོ། །སངས་རྒྱས་ཞེས་པ་ལ་སོགས་པ་ནི་ཐིག་ལེའི་རྣལ་འབྱོར་གསུངས་སོ། །ཕྲ་མོའི་རྣལ་འབྱོར་ལ་ཐིག་ལེའི་རྣལ་འབྱོར་རོ་ཞེས་གཞན་དག་གོ །ཐུགས་ཀ་རུ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བའི་འཁོར་ལོ་ལ་ཨོཾ་ཡིག་གི་སྔགས་ཤེས་པར་བྱ་སྟེ། རྣམ་པར་ཤེས་པ་དེས་གཉིས་སུ་མེད་པར་བསྒོམ་པར་བྱའོ། །དེ་ལས་འགོག་པ་སྟེ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མི་རྒྱུ་བ་ཉིད་རྡོ་རྗེ་སྟེ་དེ་ལ་སོན་པའི་སེམས་སོ། །གང་ཚེ་དེ་ལ་སྐྱེ་འགྱུར་ན། །དེའི་ཚེ་རྣལ་འབྱོར་པ་དེ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །ཐིག་ལེའི་རྣལ་འབྱོར་ཞེས་པ་ནི་སྔགས་ཀྱི་ཐིག་ལེར་སོན་པ་ཡིན་ཏེ་ལྷག་མ་ནི་སྔར་བཞིན་ནོ། །ཀུན་གྱི་ཡང་ནི་དེ་རྣམས་སུ། །རྒྱུ་མཐུན་ལ་སོགས་མོས་པས་ཀྱང༌། །ཐིག་ལེ་ཕྲ་མོ་གསང་


DTG040_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྐྱེས། །བསྒོམ་བྱ་ཆུང་དུ་སོགས་ཀྱིས་མཚོན། །རྣལ་འབྱོར་བསྙེན་སོགས་དེ་བཞིན་ནོ། །དེ་ཉིད་མཚོན་པར་བྱེད་པ་ཡིན་པའི་ཕྱིར་འདི་ལྟར་བལྟ་བར་བྱའོ། །ལུས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རང་རང་གི་འཁོར་ལོ་ལ་གནས་པའི་རྟག་པ་སྤྱི་བོ་དང་མགྲིན་པ་དང་སྙིང་ག་ལ་གནས་པའི་འཁོར་ལོ་དཀར་པོའི་ལྟེ་བའི་ཟླ་བ་ལ་གནས་པའི་ཨོཾ་ཡིག་དཀར་པོ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་འོད་ཀྱིས་རྡུལ་ཕྲ་རབ་སོ་སོ་ལ་ཁྱབ་པར་བསྒོམས་པས་རྣམ་པར་སྣང་མཛད་དང་འདྲ་བར་འགྲུབ་སྟེ་བསྐལ་པར་གནས་པར་འགྱུར་རོ། །རང་གི་འཁོར་ལོ་ལ་གནས་པའི་མི་བསྐྱོད་པ་དང་འོད་དཔག་ཏུ་མེད་པ་ལ་སོགས་པ་ཐམས་ཅད་ཀྱི་རང་གི་ཕྱག་མཚན་ལ་གནས་པའི་སྔགས་སྒོམ་པ་སྔོན་དུ་འགྲོ་བ་ཡང་དེ་བཞིན་དུ་བལྟ་བར་བྱས་ཏེ་ཉེ་བར་མཚོན་པ་ཡིན་པའི་ཕྱིར་གཙོ་བོ་ཡིན་པར་བཤད་པར་བྱ་བའི་ཆེད་དུ་རིགས་གསུམ་པོ་བཀོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་དམ་ཚིག་གི་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུའོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་བཅུ་གཅིག་པའོ།། །།

ལེའུ་བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་བཤད་པ།


DTG040_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་བརྩོན་འགྲུས་དང་བདུད་རྩི་ལྔ་ཇི་ལྟར་བསྒྲུབ་པར་བྱ། གང་དག་གང་གི་དངོས་ཀྱི་འབྲས་བུའི་གཙོ་བོ་ཡིན་ཞེས་པ་ལ་སོགས་པའི་གདུལ་བྱའི་འདོད་པ་ངེས་པའི་རྗེས་ལའོ། །ངན་སོང་དང་འཁོར་བའི་ལམ་ལས་སེམས་ཅན་གྱི་ཁམས་བཟློག་སྟེ་མཐོ་རིས་དང་ཐར་པའི་ལམ་སྟོན་པར་བྱེད་པ་ནི་སྟོན་པའོ། །སེམས་ཅན་མ་ལུས་པའི་དོན་དུ་དེ་བཞིན་གཤེགས་པ་ལ་སོགས་པ་འདོད་པ་ནི་སྐྱེད་བྱེད་དོ། །ཡེ་ཤེས་ཀྱི་མཆོག་ནི་དེ་བཞིན་གཤེགས་པ་དེ་སེམས་ཅན་གྱི་རྒྱུད་ལ་སྒྲུབ་པར་བྱེད་པས་དེ་སྒྲུབ་བྱེད་དོ། །དམ་ཚིག་དེ་ཉིད་རྡོ་རྗེ་གསུམ་གསལ་བར་བྱེད་པ་ནི་ངག་ཉིད་དེ་ཚད་མ་དང་ལུང་གི་ཡུལ་ལ་དེ་རྣམས་ཀྱིས་མི་གནོད་པས་རྡོ་རྗེ་ཡིན་ཏེ་བཀའ་སྩལ་པའོ། །མཁའ་དང་མཚུངས་པས་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་ཏུ་གྱུར་པ་དེའི་རང་བཞིན་ཡིན་པའི་ཕྱིར་རྟོག་པ་མེད་པའི་རང་བཞིན་ཉིད་དོ། །རང་བཞིན་གྱིས་རྣམ་པར་དག་པ་ཡང་ཆོས་རྣམས་ཉིད་དེ་དེ་རྣམས་ལ་ཡང་དེ་ལྟར་གྱུར་པ་ཡང་ཡིན་ཏེ་དེ་ཁོ་ན་ཉིད་ཀྱིས་སོ། །ཀུན་རྫོབ་ཏུ་མོས་པ་སྣ་


DTG040_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་གདུལ་བྱའི་སེམས་ཅན་གྱི་དོན་དུ་རོལ་མོ་འདི་ཡིན་ཏེ་འདི་འཆད་པར་འགྱུར་བའི་སྔགས་ལ་སོགས་པའི་ངོ་བོའོ། །རྣལ་འབྱོར་པ་རྣམས་ཀྱིས་སྐྱེས་བུ་མཆོག་གི་དོན་ཐོབ་པར་བྱེད་པས་ཕུལ་དུ་བྱུང་བས་བསྒོམ་པར་བྱའོ། །དེ་ལ་གཉིས་གར་དཔག་ཚད་བཅོ་ལྔའི་ཚད་མ་དང་ལྡན་པ་གྲོང་ལ་སོགས་པ་སྤངས་པ་ནི་དགོན་པ་ཆེན་པོའོ་ཞེས་ཁ་ཅིག་གོ །མཾ་ཞེས་པ་ནི་འཇམ་པའི་རྡོ་རྗེ་བསྐྱེད་པའི་ས་བོན་གསུངས་པའོ། །མི་སྣང་བའི་དངོས་གྲུབ་ཀྱི་ཕྱིར་ཡང་རང་གི་དཀྱིལ་འཁོར་ལ་འཇམ་པའི་རྡོ་རྗེ་དེ་ཉིད་རབ་ཏུ་བསྒོམས་ཏེ། ཉི་མ་སོ་སོར་ཐུན་བཞི་རུ། །ཏིང་འཛིན་གསུམ་གྱི་སྦྱོར་ལྡན་པར། །གྱུར་པས་ཡང་དག་དངོས་གྲུབ་སྒྲུབ། །ཐུན་མོང་ཅིག་ཤོས་དངོས་གྲུབ་ནི། །ཞེས་པའི་ཆོ་གས་ཐུན་མཚམས་པར་མར་དེ་སྐུ་དང་གསུང་དང་ཐུགས་རྣམས་ལ་ཟླ་བ་ལ་གནས་པའི་ས་བོན་མ་འོད་ཟེར་དང་བཅས་པ་མཚན་མ་ཐོབ་པས་ཡང་དང་ཡང་དུ་བསྒོམ་པར་བྱའོ། །ཨའི་སྒོ་ནི་ཆོས་ཐམས་ཅད་ཡིན་ཏེ་དང་པོ་ནས་སྐྱེ་བ་དང་བྲལ་བའི་ཕྱིར་དང་ཆོས་ཐམས་ཅད་འཆི་བ་དང་བྲལ་བ་ཡིན་ནོ་ཞེས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་བྱ་སྟེ་དེ་ཉིད་དུ་སྤྲོ་བ་ལ་སོགས་པ་ཡང་དང་ཡང་དུ་བྱས་ན་འཇམ་པའི་རྡོ་རྗེ་དང་མཉམ་པར་འགྱུར་རོ། །འཇམ་པའི་རྡོ་རྗེའི་མཆོག་གི་དམ་ཚིག་དེ་སྒྲུབ་པར་བྱེད་པ་དེ་ནི་རང་གི་འདོད་པས་མི་མངོན་པར་བྱེད་དོ། །ཕུལ་དུ་བྱུང་བ་ཐོབ་པ་དང་ལྷས་རྗེས་སུ་གནང་བ་ཐོབ་པས་འཇམ་པའི་རྡོ་རྗེ་ལ་སོགས་པ་དང་གཞན་གང་ཡང་རུང་བའི་རྣལ་འབྱོར་པས་བདུད་རྩི་ལྔ་ཆ་ཇི་ལྟ་བ་བཞིན་དུ་འཆད་པར་འགྱུར་བའི་ཚད་ཙམ་པའི་རི་ལུ་ལ་ཟངས་མ་ཆ་གཅིག་དང་དངུལ་གཉིས་དང་གསེར་བཞིས་གོ་རིམས་ཇི་ལྟ་བར་དཀྲིས་ཏེ་རང་གི་ཁ་འམ་རིག་མའི་ཁ་ག་མུ་ཁར་བཅུག་སྟེ་དེའི་ནང་དུ་ཆུད་པའི་སངས་རྒྱས་རྣམས་སྤྲོ་བ་ལ་སོགས་པའི་ངོ་བོ་ཇི་སྲིད་དུ་འབར་བ་དེ་སྲིད་དུའོ། །དེ་ནས་འཕར་ན་དེའི་སྟེང་དུ་གསེར་གྱི་དཀྱིལ་འཁོར་བསྒོམས་པས་ལྡོག་པར་འགྱུར་རོ། །དེ་གཟིང་བ་ཉིད་ཀྱིས་དེ་དང་མཉམ་པར་འགྱུར་རོ། །དེ་བཞིན་ཉིད་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པས་གཉུག་མའི་ས་བོན་ལས་བྱུང་བའི་རང་གི་ཕྱག་མཚན་དེ་དང་དེའི་རིགས་ཀྱི་གནས་སྔར་བཞིན་དུ་


DTG040_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱས་ན་དེ་དང་མཉམ་པར་འགྱུར་རོ། །སངས་རྒྱས་ཀུན་དང་རྡོ་རྗེ་དང་ཆོས་རྣམས་ནི་གཏི་མུག་དང་ཞེ་སྡང་དང་འདོད་ཆགས་ཀྱི་རིགས་རྣམས་སོ། །སྔར་བརྗོད་པའི་རི་ལུའི་སྒྲུབ་ཐབས་ཀྱི་ལྷག་མ་གསུངས་པ་ཡི་གེ་ཨོཾ་ལ་སོགས་པ་ལས་གྲུབ་པ་སྔར་བརྗོད་པའི་ནང་དུ་སོན་པའི་རང་གི་ལྷའི་འཁོར་ལོའི་རི་ལུ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་སྔར་བཞིན་དུ་བསྒོམས་ན་དེ་དང་མཉམ་པར་འགྱུར་རོ། །སྔར་བརྗོད་པའི་འཁོར་ལོ་ལ་སོགས་པའི་སྒྲུབ་པའི་ཐབས་ཀྱི་ལྷག་མ་གསུངས་པ། མཁའ་དབྱིངས་གསལ་བའི་དཀྱིལ་གནས་པའི། །རྟག་པའི་རྣལ་འབྱོར་པས་ལག་པ་གཡས་པར་འཁོར་ལོའི་ནང་དུ་ཆུད་པའི་རང་གི་དཀྱིལ་འཁོར་རང་གི་ས་བོན་ལས་བྱུང་བ་འོད་ཟེར་དང་བཅས་པ་མདུན་དུ་བཟུང་སྟེ་སྔར་བཞིན་དུ་བསྒོམས་ན་འཁོར་ལོའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་དུ་རང་གི་འཁོར་ལོ་ལ་གནས་པའི་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པས་རང་གི་ས་བོན་ལས་བྱུང་བའི་རང་གི་མཚན་མའི་ནང་དུ་ཆུད་པ་རང་གི་འཁོར་ལོ་ལག་པ་གཡས་པར་བསྒོམས་པས་སྔར་བཞིན་དུ་མཚན་མ་ཐོབ་པས་རྡོ་རྗེ་ལ་སོགས་པའི་རིག་པ་འཛིན་པར་འགྱུར་རོ། །རྩེ་གསུམ་ལ་སོགས་པའི་རང་གི་ཕྱག་མཚན་ལ་ཡང་འདི་ལྟར་བསྒྲུབ་པར་བྱའོ་ཞེས་གསུངས་པ། རྩེ་གསུམ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་རྣམས་སམ་རྡོ་རྗེ་དང་འདྲ་བ་དགུག་པ་སྟེ་སྦྱོར་བ་གསུམ་ནི་ཏིང་ངེ་འཛིན་གསུམ་པོ་དེ་ཡང་ཡིན་ལ་སྔགས་ཀྱི་སྐྱེས་བུ་ཡང་ཡིན་ཏེ་རང་གི་འཁོར་ལོ་ལ་གནས་པའི་རྡོ་རྗེ་འཛིན་པའི་བདག་ཉིད་དོ། །ཨོཾ་ཨཱཿཧཱུཾ། ཞེས་པ་འདི་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྡུལ་ཕྲ་རབ་ལས་བྱུང་བ་རྡོ་རྗེ་ལྕགས་ཀྱུ་ཡང་ལག་པ་གཡས་སུ་བསྒོམས་ཏེ་མཚན་མ་ཐོབ་པས་རླུང་གི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་སེམས་དཔའ་དེས་བཀུག་སྟེ་རང་གི་བཀས་བསྐུལ་བར་བྱའོ། །གནོད་སྦྱིན་མོ་ལ་སོགས་པ་ཡང་འདི་བཞིན་དུ་ཉེ་བར་བཀུག་སྟེ་ཉེ་བར་ལོངས་སྤྱོད་དོ་ཞེས་གསུངས་པ། བཅུ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་རྟག་པ་ལ་སོགས་པའི་རྣལ་འབྱོར་པས་རང་གི་འཁོར་ལོ་ལ་གནས་པའི་འཁོར་ལོའི་ལྕགས་ཀྱུ་ལ་སོགས་པ་བསྒོམས་


DTG040_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སངས་རྒྱས་ལ་སོགས་པ་དགུག་པར་བྱའོ་ཞེས་གསུངས་པ་རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པའོ། །གང་གི་རྣལ་འབྱོར་པས་འགུགས་པ་དེ་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང་ལྡན་པ་བསྒོམ་པར་བྱའོ་ཞེས་གསུངས་པ་རྣམ་པ་ཀུན་ཞེས་པ་ལ་སོགས་པའོ། །རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་གནོད་སྦྱིན་མོ་ལ་སོགས་པའི་རིག་མ་ལ་རྗེས་སུ་ཆགས་པར་བྱའོ་ཞེས་གསུངས་པ། རྡོ་རྗེའི་སྐུ་ནི་ཡེ་ཤེས་ལྔ་རྣམ་པར་བྱང་བའི་ཕུང་པོ་གང་གི་ཡིན་པ་དེ་ནི་འདིར་རང་གི་བདག་པོའི་ལྷའི་གཟུགས་དེ་དེ་བཞིན་དུ་ཡིན་ཏེ་དེ་ནི་རང་དང་དེ་རྣམས་ཀྱང་རིག་མ་རང་འོད་ཀྱི་ཤེས་རབ་ཀྱི་རྣམ་པར་བསྒོམ་པར་བྱའོ། །དེའི་གསང་བའི་པདྨར་ཡི་གེ་ཧཱུཾ་བཀོད་པ་ཁ་དོག་དམར་པོ་འོད་ཟེར་ལྔ་འབར་བ་ལ་རྩེ་མོ་ན་ཧོ་ཡོད་པ་རྡོ་རྗེ་རྩེ་ལྔ་པའི་ལྕེ་སྟེ་སྦྱོར་བ་ནི་གཞུག་པ་དང་དབྱུང་བའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འབབ་པ་ལ་ཐུག་པའི་དེ་དབྱུང་བའི་རྩ་དེས་བསྐུལ་བའོ། །རིག་མ་ཐམས་ཅད་ལ་རྗེས་སུ་ཆགས་པའི་མཐུ་དེ་རྣམས་ཀྱིས་གསུང་རྡོ་རྗེ་དང་འདྲ་བར་འགྱུར་རོ། །དེའི་རྗེས་ལ་གསང་བ་གསུམ་ནི་སྐུ་ལ་སོགས་པ་གང་གི་ཡིན་པ་དེ་ཡིན་ལ་དམ་ཚིག་ཀྱང་ཡིན་ཏེ་དེ་ནི་སྡོམ་པ་ལ་གནས་པའོ། །ཤིན་ཏུ་དད་པ་ཞེས་པ་ལ་སོགས་པ་བརྒྱུད་ཕྱི་མ་ལས་བརྗོད་པའོ། །མཆོད་པའི་མཆོག་ཀྱང་ཐམས་ཅད་ལས་གཙོ་བོ་ཡིན་པའི་ཕྱིར་ཏེ་མཆོད་པ་དེ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོའི་མཆོད་པའི་རྒྱུར་གྱུར་པ་རྣམས་སོ། །ཡང་དག་པར་མཆོད་པ་ནི་རྡོ་རྗེ་དང་ཆུ་སྐྱེས་ཀྱི་སྦྱོར་བ་ལས་བྱུང་བའི་དགའ་བ་ཆེན་པོ་ལ་སོགས་པའི་མཆོད་པའོ། །མཆོག་ཏུ་ཟག་པ་མེད་པ་བསྒོམས་པས་ཐུན་མོང་དང་ཅིག་ཤོས་ཀྱི་དངོས་གྲུབ་བསྒྲུབ་པར་བྱའོ། །གང་གི་ཕྱིར་འདི་ནི་དེ་མཆོག་ཏུ་ཟག་པ་མེད་པ་བདེ་བ་ཆེན་པོ་དངོས་གྲུབ་ཐམས་ཅད་ཀྱི་ནང་ན་སྙིང་པོར་གྱུར་པ་གསང་བ་བསྡུས་པའོ། །བརྩོན་འགྲུས་ལྔ་དང་བདུད་རྩི་རྣམས་གང་གིས་གང་གཙོ་བོར་གྱུར་པའི་འབྲས་བུ་དེ་གསུངས་པ། ཤ་ཆེན་ཞེས་པ་ལ་སོགས་པ་སྟེ་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཏེ་གང་མི་བསྐྱོད་པ་ལ་སོགས་པ་དེ་མཆོག་སྟེ་རྫོགས་པའི་སངས་རྒྱས་བསྒྲུབ་པར་བྱ་བའོ། །བཟའ་བའི་


DTG040_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གྱི་ལྷན་ཅིག་བྱེད་པ་ཉིད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་ཉིད་བསྒྲུབ་པའི་ཕྱིར་གསུངས་པ། རྣམ་པ་ཐམས་ཅད་མེད་ན་ཡང༌། །ཐམས་ཅད་བསམ་པས་རྣམ་པར་བརྟག་སྟེ། རང་གི་སེམས་སོ་སོར་སྣང་བ་ཙམ་ལས་གཞན་པ་བཟའ་བར་བྱ་བ་མ་ཡིན་པ་ལ་སོགས་པ་ཚད་མ་དང་ལུང་གིས་དེ་དང་དེར་སུན་ཕྱུང་བའི་ཕྱིར་རོ། །དམ་ཚིག་དང་སྡོམ་པ་ལ་གནས་པ་རྣམས་ཀྱིས་ཀྱང་མ་རྙེད་ན་འགྱོད་པ་མེད་དོ་ཞེས་འདི་གསུངས་སོ། །གང་འཕགས་པ་གནས་བརྟན་པའི་ལུང་ལས། བཤང་དང་གཅི་བས་དང་ནི། །ཐལ་བ་དང་བཞི་འདི་རྣམས་ནི། །རང་གི་བླངས་ཏེ་བསྟེན་པར་བྱ། །དྲང་སྲོང་ཆེན་པོས་གནང་བ་ཡིན། །ཞེས་སོ། །ལྷན་ཅིག་བྱེད་པ་ཉིད་ཤིན་ཏུ་གསལ་བར་གསུངས་པ་འདིས་ཞེས་པ་ལ་སོགས་པས་སོ། །དཔལ་སངས་རྒྱས་ཐམས་ཅད་ལས། དཀྱིལ་འཁོར་དམན་པར་གྱུར་པ་དང༌། །དམ་ཚིག་སྤངས་པར་གྱུར་པ་ལ་འང༌། །དངོས་གྲུབ་ཅུང་ཟད་གྲུབ་པ་མེད། །གསང་བའི་དེ་ཉིད་མི་ཤེས་པས། །དེ་རྣམས་རྗེས་སུ་སྒྲུབ་པར་བྱེད་པ་ནི་ཇི་ལྟར་ལྷན་ཅིག་བྱེད་པར་འགྱུར་བ་དེ་བཞིན་དུ་བསྟན་པ་གསུངས་པ། རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན་ཏེ་རང་གི་བདག་པོའི་ལྷའོ། །འཁོར་ལོ་དང་བཅས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའོ། །དབུ་རྒྱན་ཉིད་རྡོ་རྗེའི་མཆོག་འཛིན་པ་ཡིན་ཏེ། རིགས་ཀྱི་བདག་པོ་ཡང་བསྒོམ་པར་བྱའོ། །སངས་རྒྱས་ཐམས་ཅད་མཉེས་གྱུར་པ་ནི་ཐུགས་ཀའི་ཟླ་བའི་ནང་དུ་ཆུད་པ་དང་དཀྱིལ་འཁོར་པ་རྣམས་སོ་སོ་ལ་དེ་རྣམས་ཀྱིས་སོ། །དམ་ཚིག་མཆོག་གི་སྒྲུབ་པ་པོས་བྱའོ། །གང་གི་ཕྱིར་འདིའི་དམ་ཚིག་ཀྱང་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་ཚུལ་ཡང་ཡིན་ལ། ལམ་གྱི་ལྷན་ཅིག་བྱེད་པ་ཡིན་པས་མཆོག་ཀྱང་ཡིན་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དངོས་གྲུབ་ཐམས་ཅད་གྲུབ་པའི་མཆོག །ལྕེའི་རྩེ་མོར་དམ་ཚིག་བསྒྲུབ་པའི་དོན་དུ་ཟླ་བ་ལ་གནས་པའི་ནས་ཀྱི་ཚད་ཙམ་པའི་རྡོ་རྗེ་དཀར་པོ་སྟེ་དེའི་ལྟེ་བ་ལ་ཡི་གེ་ཧཱུཾ་ཉིད་རྡོ་རྗེ་ཅན་བསྒོམ་པར་བྱའོ། །ཐ་མལ་ལུས་ཀྱི་ཆོས་རྣམས་


DTG040_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དྲི་མ་ལྔ་རྣམས་མཛེས་པ་ནི། །ཡེ་ཤེས་ལྔ་ཡིས་བྱིན་བརླབས་པས། །བདུད་རྩི་ལྔ་ཞེས་བྱ་བར་བཤད། །སྦར་དང་དེ་བཞིན་སྲོད་པ་དང༌། །སྦར་བར་བྱ་དང་གཟུགས་སྣང་བ། །སྔགས་ཀྱི་ལུས་སུ་རབ་སྦྱོར་བས། །བདུད་རྩི་ལྔ་ནི་བཟའ་བར་བྱ། །རྡོ་རྗེ་ཧཱུཾ་ལས་བྱུང་བ་ནི། །བར་སྣང་ལ་གནས་བསམ་པར་བྱ། །ཨཱཿ་ལས་བྱུང་བའི་པདྨ་ནི། །དེ་ཡི་འོག་ཏུ་བསྒོམ་པར་བྱ། །ཡི་གེ་ཨོཾ་མཚན་བདུད་རྩི་ནི། །དེ་ཡི་དབུས་སུ་གཞུག་པར་བྱ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །སྦར་ནས་ཚིམ་བྱས་རྣལ་འབྱོར་པས། །ཤེལ་དང་མཚུངས་པའི་སྣང་བ་ནི། །ཡེ་ཤེས་ཉི་མ་བཞིན་དུ་མཆོག །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱི། །མཚོན་ཆ་མཆོག་གིས་དྲངས་ནས་ནི། །བདུད་རྩི་དེ་རུ་ཕབ་ནས་ཀྱང༌། །བཟའ་བའི་རྣལ་འབྱོར་གྱིས་བཟའ་བྱ། །བསྒྲུབ་བྱའི་དངོས་གྲུབ་ཆོ་ག་ཡིས། །དེ་བཞིན་དཔའ་བོ་ལྔ་རྣམས་བཟའ། །ཡིག་གསུམ་ས་བོན་ལས་བསྐྱེད་བྱ། །གཞན་དུ་དེ་ནི་འགྲུབ་མི་འགྱུར། །ཞེས་རྒྱུད་ཕྱི་མ་ལས་བརྗོད་པ། །བདུད་རྩི་ལྔའི་སྦྱོར་བ་ཟོས་ན་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་གང་མི་བསྐྱོད་པ་ལ་སོགས་པའི་དེ་ཁོ་ན་ཉིད་ཐོབ་པར་འགྱུར་ཞེས་པ་འདིར་ཤིན་ཏུ་གསལ་བར་ལྷན་ཅིག་བྱེད་པ་ཉིད་དུ་འདི་གསུངས་སོ། །ཨཱཿ་ཡིག་དང་ཨོཾ་ཡིག་གི་དམ་ཚིག་ནི་དེ་དག་པར་བྱ་བའི་ཕྱིར་རོ། །མཚོན་པར་བྱེད་པ་ཡིན་པའི་ཕྱིར་ཡི་གེ་ཧཱུཾ་ཡང་འཕངས་པ་ཡིན་ནོ་ཞེས་ཁ་ཅིག་གོ །ཨཱཿ་ནི་པདྨའི་སྣོད་ཀྱི་ས་བོན་ཡིན་ལ་ཨོཾ་ནི་དེ་བཞིན་གཤེགས་པའི་བདུད་རྩི་འགུགས་པར་བྱེད་པའི་རྒྱུ་ཡིན་ནོ་ཞེས་གཞན་དག་གོ །དེ་གསུངས་པ། །འབར་བའི་ཨོཾ་གྱིས་བྱིན་བརླབས་རླུང་དང་མེའི། །དཀྱིལ་འཁོར་ལ་གནས་རབ་ཏུ་བདུད་རྩི་ལྔ། །དེ་ནས་ཡི་གེ་གསུམ་བཟླས་དཔག་མེད་པའི། །ཐུབ་པའི་དབང་པོ་ནང་དུ་ཆུད་པར་བྱ། །ཡེ་ཤེས་བདུད་རྩིའི་ངོ་བོར་བསམས་ནས་ནི། །ཧཱུཾ་དགོད་རྡོ་རྗེ་ལྕེ་ནི་བཟང་པོ་དང༌། །སྙིང་གའི་ཟླ་བའི་དབུས་སུ་མ་ལུས་པའི། །རྒྱལ་བའི་འཁོར་ལོ་དེས་ནི་ཚིམ་པར་བྱ། །དམ་ཚིག་ཉིད་ནི་རྡོ་རྗེ་ཡིན་ལ་དེ་ཉིད་བདུད་རྩི་ཡིན་ཏེ་དེ་ནི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྔ་མ་ནི་གཙོ་བོ་ཡིན་ལ་འདི་ཡང་ཐུན་མོང་གི་འབྲས་བུ་གསུངས་པ་སྟེ། འདི་ནི་སྲོག་ཆགས་ཐམས་


DTG040_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གསད་པ་ལ་སོགས་པ་མི་དགེ་བ་སྤངས་པ་ཉིད་གཟུང་བར་བྱ་སྟེ་གཞན་དུ་ན་ངན་སོང་གི་ལམ་ཉིད་དེ། གང་གསུངས་པ། ནོར་གྱི་དོན་དུ་སྲོག་ཆགས་གསོད། །ཤ་ཡི་དོན་དུ་ནོར་སྦྱིན་པ། །གཉིས་ཀ་སྡིག་པའི་ལས་ཅན་ཕྱིར། །སྔགས་ཀྱི་དངོས་གྲུབ་མི་འགྱུར་རོ། །དེ་གསུངས་པ། སྲོག་ཆགས་གསད་པར་མི་བྱ་སྟེ། །དཀོན་མཆོག་གསུམ་པོ་སྤང་མི་བྱ། །ལྷ་གཞན་ལ་ནི་ཕྱག་མི་བཙལ། །ཡི་གེ་བརྒྱ་པ་བསྒྲུབ་པར་བྱ། །རྡོ་རྗེ་གསུམ་པོ་ཐོབ་འགྱུར་ཕྱིར། །ཞེས་གསུངས་པས་དེ་ཤིན་ཏུ་གཙོ་བོ་ཉིད་དུ་གསུངས་པ། །རྡོ་རྗེ་གསུམ་ཡང་ཡིན་ལ་དམ་ཚིག་ཀྱང་ཡིན་པས་དེའི་དངོས་གྲུབ་ཉིད་ནི་མཆོག་གོ །དེས་ནི་ཡིད་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱེད་པ་དང་རྒྱ་མཚོ་ཆེན་པོ་བཞིན་དུ་ཡོན་ཏན་རིན་པོ་ཆེ་མ་ལུས་པའི་རྟེན་དུ་ཡང་འགྱུར་བས་རང་དང་གཞན་གྱི་དོན་ཡོངས་སུ་རྫོགས་པར་འགྱུར་རོ། །བརྩོན་འགྲུས་རྣམ་པ་ལྔ་བྱིན་གྱིས་བརླབ་པའི་འབྲས་བུ་གསུངས་པ། འཇིག་རྟེན་ཞེས་པ་ལ་སོགས་པའོ། །མཆོག་གི་དངོས་གྲུབ་ཀྱི་མཐུ་བོར་ཏེ་ཐུན་མོང་གི་དངོས་གྲུབ་གསུངས་པ་འཁོར་ལོའི་དམ་ཚིག་ནི་འཁོར་ལོའི་རིག་པ་འཛིན་པའོ། །དམ་ཚིག་མཆོག་ཐམས་ཅད་ལ་རྡོ་རྗེའི་རིག་པ་འཛིན་པ་ལ་སོགས་པ་རྣམས་ལས་གང་ཡང་རུང་བའི་གཞན་ཐམས་ཅད་ཀྱི་གཙོ་བོར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་དམ་ཚིག་མཆོག་ཏུ་གྲུབ་པ་ཡིན་ན་རྡོ་རྗེ་སྐུའི་མཐུ་ལས་སོ། །མི་སྣང་བར་གྱུར་པ་ཐམས་ཅད་ལ་གང་ཡང་རུང་བ་ཅིག་གྲུབ་ན་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་ཡིན་པ་དང་གྲུབ་པ་གཞན་རྣམས་ཀྱི་ལྷའི་བུ་མོ་མཆོག་རྣམས་ཕྲོགས་ཏེ་ཕྲོགས་ནས་ཀྱང་ལོངས་སྤྱོད་དོ། །སངས་རྒྱས་ཀྱི་མངོན་པར་ཤེས་པའི་མཐུ་གསུངས་པ་གང་གཱའི་བྱེ་མ་མཉམ་ཞེས་པ་ལ་སོགས་པའོ། །འདི་རྣམས་ཀྱི་དོན་སྐུ་རྡོ་རྗེ་ལ་སོགས་པ་ཡོངས་སུ་རྫོགས་པ་དེ་གྲུབ་པ་ན་སྐུ་རྡོ་རྗེ་ལ་སོགས་པའི་བདག་ཉིད་ཡིན་པ་གཞན་གྱི་དོན་མ་ལུས་པ་བསྒྲུབ་པ་ལ་སྤྲུལ་པ་སྣ་ཚོགས་པའི་ཐབས་ཀྱིས་འཇིག་རྟེན་གྱི་ཁམས་ཀུན་དུ་སྤྱོད་དོ། །འདི་ཐམས་ཅད་ཀྱིས་ཀྱང་གསུངས་པ། མཐོ་རིས་དང་ཐར་པ་ལ་སོགས་པ་མ་ལུས་པ་རྣམས་ཀྱིས་རང་དང་གཞན་གྱི་


DTG040_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསྒྲུབ་པའི་ཕྱིར་འདིར་མཁས་པ་རྣམས་ཀྱིས་ཐོས་པ་ལ་སོགས་པ་ལ་མངོན་པར་བརྩོན་པར་བྱའོ། །འདི་དག་ཐམས་ཅད་ནི་ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བ་ཡིན་ནོ་ཞེས་གསུངས་པ་བསྙེན་པ་ཞེས་པ་ལ་སོགས་པའོ། །བསྙེན་པར་བྱ་བས་ན་བསྙེན་པ་སྟེ་ཤེས་རབ་ཡིན་ལ་ཡང་དག་པར་རྟོགས་པར་བྱ་བས་ན་དམ་ཚིག་སྟེ་ཐབས་ཡིན་ཞིང་དེ་དག་གི་སྙོམས་པར་འཇུག་པ་ནི་སྦྱོར་བ་སྟེ་དེ་ཡིན་ནོ། །སྒྲུབ་པ་དང་ཉེ་བས་ན་ཉེ་བའི་སྒྲུབ་པའི་སྟེ་དེ་ཉིད་གང་ལས་འབྱུང་བ་ཐམས་ཅད་མཁྱེན་པའི་མཚན་ཉིད་རྣམ་པར་སྨིན་པའི་འབྲས་བུ་འབྱུང་བ་ནི་དེ་ཡིན་ནོ། །འདིས་སྒྲུབ་པར་བྱེད་པས་ན་སྒྲུབ་པ་སྟེ་ཧཱུཾ་ཡིག་ལ་སོགས་པ་ཡིན་ལ་དེ་རྣམས་ཀྱི་དོན་དེ་གྲུབ་པ་ནི་ཐུགས་རྡོ་རྗེ་ལ་སོགས་པའི་ངོ་བོ་ཆོས་དང་ལོངས་སྤྱོད་དང༌། །སྤྲུལ་པ་རྣམས་ཀྱིས་སེམས་ཅན་མ་ལུས་པའི་དོན་གྱི་སྒྲུབ་པའི་ངོ་བོ་སྐྱེས་བུ་བྱེད་པའི་ངོ་བོ་ཡིན་ཏེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངེས་པར་བྱ་བ་ཉིད་ཀྱིས་འདའ་བར་མི་བྱ་བ་ཡིན་པའི་ཕྱིར་དམ་ཚིག་ཀྱང་ཡིན་ནོ། །ཆེན་པོ་ཡང་ཡིན་ལ་བསྒྲུབ་པ་ཡང་ཡིན་ཏེ་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་བཀྲུས་པས་དྲི་མ་མེད་པའི་འབྲས་བུ་ཐོབ་པར་བྱེད་པས་ན་དེ་ཉིད་བཞི་པ་ཡིན་ནོ། །བྱེ་བྲག་ནི་ཆུང་དུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་སོ། །སྐུ་རྡོ་རྗེ་ལ་སོགས་པའི་རིགས་ལྔའི་དབྱེ་བས་སོ་ཞེས་གཞན་དག་གོ །ཐུན་མོང་བ་དང་བར་མ་དང་མཆོག་གི་དབྱེ་བས་སོ་ཞེས་གཞན་ནོ། །ཤེས་པར་བྱ་བ་ནི་ཐུན་བཞིར་བསྒོམ་པར་བྱའོ། །དེ་ནས་ཐུན་མཚམས་སུ་ཐུན་མོང་དང་གཞན་གྱི་ལས་རྣམས་ཀྱི་དངོས་གྲུབ་ཀྱི་ངོ་བོ་རྣམས་བསྒྲུབ་པར་བྱའོ། །འདི་དག་ཉིད་གསལ་པོར་གསུངས་པ་བསྙེན་པ་ཡང་གཟུང་བ་དང་འཛིན་པ་སྤངས་པས་དངོས་པོ་མ་ལུས་པའི་རང་བཞིན་མེད་པ་ཉིད་རྟོགས་པའི་ངོ་བོ་ཡིན་ནོ། །ཏིང་ངེ་འཛིན་དུ་བྱེད་པས་ཏིང་ངེ་འཛིན་ཏེ་རང་སངས་རྒྱས་ལ་སོགས་པའི་མྱ་ངན་ལས་འདས་པ་ལ་སོགས་པ་ལ་མངོན་པར་ཞེན་པ་དེའི་གཉེན་པོར་གྱུར་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཀྱི་ཐབས་ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པ་ལ་དམིགས་པའོ། །དེ་དག་གི་སྦྱོར་བ་ནི་དེ་ཡིན་ནོ། །མཆོག་


DTG040_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཙོ་བོ་ཡིན་པས་སོ། །བསྒོམ་པར་བྱ་སྟེ་བྱང་ཆུབ་མཆོག་ཐོབ་པར་འགྱུར་རོ། །ཉེ་བའི་སྒྲུབ་པ་ཉིད་ནི་དེའི་རྒྱུ་ཉིད་ཡིན་པའི་ཕྱིར་སྒྲུབ་པ་མཆོག་སྟེ་དེར་བྱ་བ་ལ་སྟོང་པ་ཉིད་འདིར་རྡོ་རྗེའོ། །དེའི་རང་བཞིན་རྣམས་ནི་འཕེལ་བར་བྱེད་པས་སྐྱེ་མཆེད་རྣམས་ཡིན་ཏེ་དེ་རྣམས་ཀྱིས་སའི་སྙིང་པོ་ལ་སོགས་པ་ཡང་མཚོན་པར་བྱེད་པ་ཡིན་པས་བཅུ་གཉིས་རྣམས་ཡིན་ཏེ་དྲུག་མོས་པ་ལ་ངེས་པ་མེད་པའི་ཕྱིར་རོ། །རྡོ་རྗེ་སྐྱེ་མཆེད་ཉིད་ཅེས་པ་ལ་སོགས་པ་ནི་གནས་ངེས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སྙིང་པོ་ཞབས་ལ་སོགས་པ་རྒྱ་ཆེར་འགྲེལ་པ་བྱེད་པ་ཐམས་ཅད་ཀྱིས་འདི་ལྟར་བཤད་པས་སོ། །སྔར་ཕྱུང་བའི་སའི་སྙིང་པོ་ལ་སོགས་པ་རྣམས་ཇི་ལྟར་རང་གཞུག་པར་འདོད་པའི་ཕྱིར་དང་ཡོངས་སུ་མ་རྫོགས་པར་དགོས་པ་ངེས་པར་སྲིད་པའི་ཕྱིར། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ཞེས་པས་གང་རྣམས་ཐམས་ཅད་དཔྱད་པ་ཡིན་ནོ། །མིག་ལ་སོགས་པ་རྣམས་ལ་ཡི་གེ་ཀྵི་ལ་སོགས་པ་རྣམས་ཀྱིས་སའི་སྙིང་པོ་ལ་སོགས་པ་རྣམས་སོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ལ་ཡི་གེ་ཛཿ་ལ་སོགས་པ་རྣམས་ཀྱིས་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཡིན་ནོ། །སའི་ཁམས་ལ་སོགས་པ་རྣམས་ལ་ཡི་གེ་ལཾ་ལ་སོགས་པ་རྣམས་ཀྱིས་སྤྱན་མ་སོགས་པ་རྣམས་སོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ལ་ཡི་གེ་བྷྲཱུཾ་ལ་སོགས་པ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱང་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་རྣམས་ཡིན་ནོ། །རྣམ་པ་སྣ་ཚོགས་པས་སྤྲོས་པ་ལ་སོགས་པ་སྔོན་དུ་འགྲོ་བས་རྫོགས་པར་བྱའོ། །སྒྲུབ་པ་ཡང་ཨོཾ་ཡིག་ལ་སོགས་པའི་སྔགས་ལས་བྱུང་བ་སྐུ་རྡོ་རྗེ་ལ་སོགས་པའི་བདག་པོ་རྣམས་སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བས་བསྒོམ་པར་བྱའོ། །སངས་རྒྱས་ཞེས་པ་ལ་སོགས་པས་བསྐུལ་བ་ཡང་གསུངས་སོ། །བསྒྲུབ་པ་ཆེན་པོའི་དུས་སུ་རང་གི་སྔགས་རྡོ་རྗེ་ཅན་གྱི་རང་གི་བདག་པོའི་ལྷ་དེའི་གཟུགས་དེའི་ཡང་དབུ་རྒྱན་དུ་རིགས་ཀྱི་བདག་པོ་བསྒོམས་པས་ཡེ་ཤེས་རྡོ་རྗེ་ཅན་སྒྲུབ་པ་པོས་འགྲུབ་སྟེ་དྲི་མ་མེད་པའི་འབྲས་བུའོ། །སྙིང་གར་མཾ་ནི་ཞེས་པ་


DTG040_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ནས་བརྩམས་ཏེ་ཇི་སྲིད་དུ། སྲིད་པར་ཆགས་པས་སྲིད་མཐའ་ཡས། ཞི་བར་ཆགས་ན་འབྱོར་ཉམས་འགྱུར། །སྒྱུ་མས་བསྙེན་པ་ཡང་དག་བྱས། །ཆོས་དབྱིངས་བདག་ཉིད་ཅན་དུ་འགྱུར། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། བཤེས་གཉེན་དམ་པ་རྒྱུ་མཐུན་བྱས།། སྨིན་ལས་ཐམས་ཅད་མཁྱེན་ཉིད་འགྱུར། །དེས་ནི་མིག་སོགས་བྱིན་བརླབས་པ། །ཉེ་བར་སྒྲུབ་པ་ཡིན་པར་འདོད། །ས་སྙིང་རྡོ་རྗེ་ནམ་མཁའི་སྙིང༌། །འཇིག་དབང་སྒྲིབ་སེལ་གུན་དུ་བཟང༌། །མིག་ལ་སོགས་པ་ཡང་དག་དགང༌། །ས་བོན་དེ་ཡི་སྐྱེས་བུ་བྱེད། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང༌། །འགྲོ་བའི་དོན་ནི་བསྐྱེད་པ་པོ། །ཐུགས་ཀྱི་གསང་སོགས་བྱིན་གྱིས་བརླབ། །དེ་ལས་སྒྲུབ་པའི་དོན་དུ་འགྱུར། །རང་སྙིང་ལྐོག་མའི་སྤྱི་བོའི་ཟླར། །ཧཱུཾ་ཨཱཿཨོཾ་བྱུང་ཡང་དག་གཙོར། །རྡོ་རྗེ་ཆུ་སྐྱེས་འཁོར་ལོ་ཡིས། །དབུས་གནས་ཐུགས་སོགས་གསང་བ་བསྒོམ། །དེ་ཐུགས་ཤེས་རབ་ཡན་ལག་འདུས། །འོད་ཀྱི་གཟུགས་སོགས་རྡོ་རྗེ་ཡི། །འོད་ཀྱིས་ཕྱོགས་དུས་ཀུན་མཆོད་ཅིང༌། །མ་ལུས་གཙོ་ལ་ཁྱབ་པ་ཡིས། །དེ་ནི་མཛད་པ་དོན་རྫོགས་ཏེ། །གང་རྣམས་སྙིང་ལྐོག་སྤྱི་བོར་ཞུགས། །དེ་ནི་ཐུགས་ཀྱི་རྡོ་རྗེ་སོགས། །བྱིན་བརླབས་དེ་ནི་རབ་ཏུ་བསྒྲུབ། །གསང་བ་གསུམ་གྱི་མཚན་ཉིད་ལྟ། །སྒྱུ་མའི་ཤེས་རབ་ཡན་ལག་འདུས། །དབང་འབྲས་ཆུང་དུ་རྣམ་དག་ཕྱིར། །སྒྲུབ་པ་ཆེན་པོ་ཡིན་པར་འདོད། །ཡེ་ཤེས་སེམས་ཐུགས་སྙིང་འོད་ཀྱིས། །ཕྱོགས་བཅུའི་མགོན་པོ་ཡང་དག་བསྐུལ། །དེ་འོད་ལས་བྱུང་རིག་མ་རྣམས། །བདུད་རྩིས་ཆུས་གང་བུམ་བསྣམས་པས། །གཙོ་བོ་དཔལ་ལྡན་རང་དབང་བསྐུར། །རིགས་བདག་ཅོད་པན་དམ་པ་ཡིན། །འདི་རྣམས་དེ་སྲིད་དུ་ཆུང་ངུའི་ཡན་ལག་བཞི་རྣམས་ཐབས་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་ཐབས་ཀྱི་ཆ་ལ་བརྟེན་པ་རྣམས་སོ། །བར་མ་ཤེས་རབ་ཀྱི་ཆར་གཏོགས་པ་རྣམས་གང་གསུངས་པ། དེ་བཞིན་རྒྱུ་མཐུན་སོགས་པར་མོས། །རང་འོད་ཤེས་རབ་རྣམ་པར་སྦྱང༌། །ཆེན་པོའི་དཀྱིལ་འཁོར་པར་གཏོགས་པ་རྣམས་གང་གསུངས་པ། འཁོར་ལོ་མིག་དང་སྐུ་སོགས་ཀྱིས། །དབང་བསྐུར་སྔོན་བཞིན་བྱིན་བརླབས་པ། །རྒྱུན་མཐུན་ལ་སོགས་བྱིན་བརླབས་པ། །ཆེན་པོས་དེ་


DTG040_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསྒོམ་པར་བྱ། །ཞེས་སོ། །འདི་ཉིད་ནི་དབྱེར་མེད་པའི་རྡོ་རྗེ་ཏིང་ངེ་འཛིན་གསུམ་ལ་ཁྱབ་པར་བྱེད་པའོ། །གང་གསུངས་པ། རྒྱུ་མཐུན་སོགས་ལ་ལྷག་མོས་པས། །ཐིག་ལེ་ཕྲ་མོ་གསང་གསུམ་མོ། །ཆུང་སོགས་དབྱེ་བས་བསྒོམ་པར་བྱ། །དེ་བཞིན་སྦྱོར་བ་བསྙེན་པ་བཞིན། །ཐུན་མོང་པ་དང་མཆོག་གི་དབྱེ་བས་བསྙེན་པ་ནི་རྣམ་པ་གཉིས་སོ། །དེ་ལ་མཆོག་གི་བསྙེན་པ་ནི་ཡེ་ཤེས་ཀྱི་བདུད་རྩི་ཟླ་བ་ཞུ་བ་ཉེ་བར་ལེན་པར་གྱུར་པས་བྱའོ། །རྟག་ཏུ་ནི་ཐམས་ཅད་དུའོ། །ཉིད་ཀྱི་ཚིག་གིས་ནི་སྡུད་པའི་དོན་ཡིན་པས་སྦྱོར་བའི་ཡན་ལག་དྲུག་པོ་རྒྱུད་ཕྱི་མར་བཤད་པས་ཀྱང་ངོ༌། །ཅིའི་ཕྱིར་ཞེ་ན། འདི་ནི་སྔགས་རྣམས་ཐམས་ཅད་ཀྱིས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡི་གེ་ཧཱུཾ་ལ་སོགས་པའི་སྔགས་དང་ཤེས་རབ་དང་ཐབས་ཀྱི་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་དང་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་དོན་ཡང་ཡིན་ནོ།། དེའི་ཕྱིར་སྒྲུབ་པ་པོ་དམ་པ་ཡིན་ནོ། །ཡང་ན་ཞེས་པ་ནི་སྡུད་པ་སྟེ་རྡོ་རྗེ་བཞི་དག་གིས་ཀྱང་ཞེས་རྒྱུད་ཕྱི་མ་ལས་བཤད་པའི་ཐུན་མོང་བའི་བསྙེན་པ་བྱ་སྟེ་བརྟན་པའི་རིག་པ་ལ་སོགས་པའི་བརྟུལ་ཞུགས་ཀྱིས་སོ། །ཡན་ལག་བཞི་པོ་དེ་རྣམས་ཀྱིས་རྡོ་རྗེ་གསུམ་དང་སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་རབ་དང་ཐབས་བདེ་བ་ཆེན་པོ་སྟེ་དེ་དང་ལྡན་པ་རྣམས་ནི་ཐུན་མཚམས་བཞི་རུ་རབ་ཏུ་སྦྱོར་བ་ནི་ཐུན་མོང་བ་དང་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཏེ། གང་གསུངས་པ། ཉི་མ་སོ་སོར་ཐུན་བཞི་རུ། །ཏིང་འཛིན་གསུམ་གྱི་སྦྱོར་ལྡན་པ། །གྱུར་ནས་དངོས་གྲུབ་བསྒྲུབ་པར་བྱ། །ཐུན་མོང་མཆོག་གི་དངོས་པོ་ནི། །ཞེས་སོ། །དེ་ལ་ནུབ་མོའི་ཞི་བ་དང་ཉིན་པར་གྱི་དང་པོའི་ཐུན་གྱི་མཐའ་དང་པོའི་ཕྱེད་དག་ནི་དང་པོའོ། །ཉིན་པར་གྱི་ཐུན་གཉིས་པ་དང་གསུམ་པ་དག་གི་མཐའ་དག་གི་མཐའ་མ་དང་པོའི་ཕྱེད་དག་ནི་གཉིས་པའོ། །ཉིན་པར་གྱི་བཞི་པ་དང་མཚན་མོའི་ཐུན་གྱི་མཐའ་དང་དང་པོའི་ཕྱེད་དག་ནི་གསུམ་པའོ། །ནུབ་མོའི་གཉིས་པ་དང་ཐུན་གསུམ་པའི་མཐའ་དང་དང་པོའི་ཕྱེད་དག་ནི་བཞི་པའི་ཐུན་ནོ། །དེ་རྣམས་ལ་མཆོག་ཏུ་སྦྱོར་ནས་རབ་ཏུ་སྦྱོར་བ་སྟེ་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པ་དེས་སོ། །རང་འོད་ཀྱི་རིག་མའི་


DTG040_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམ་པ་ལྔ་རྣམས་ནི་མགོ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དང་བརླ་དང་རྐང་པ་ལ་ཐུག་པ་རྣམས་སུ་སོ་སོའི་རྡུལ་ཕྲ་རབ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །ཡེ་ཤེས་རྡོ་རྗེའི་ཡི་གེ་ཨོཾ་ཞེས་པ་ནི་ཉེ་བར་མཚོན་པར་བྱེད་པའི་ཕྱིར། ཡི་གེ་ཧཱུཾ་ལ་སོགས་པའི་ཡེ་ཤེས་རྡོ་རྗེ་ཡང་བསྒོམ་པར་བྱའོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་གཅོད་པ་རྣམས་ལ་སྒྲིབ་པར་བྱེད་པའི་ཕྱིར་སྡོམ་པ་ཡིན་ཏེ་རིག་པའི་བརྟུལ་ཞུགས་ཀྱི་མཚན་ཉིད་ཡིན་ནོ། །བློ་དང་ལྡན་པས་དངོས་པོ་མཐའ་དག་གི་དེ་ཁོ་ན་ཉིད་དམིགས་པས་འཇུག་པ་ནི་རྗེས་སུ་བསྒྲུབ་པའོ། །བརྟུལ་ཞུགས་ཆེན་པོས་ཐུན་བཞི་རུ། །གསང་བའི་མཆོད་པ་རབ་ཏུ་བྱ། །ཞེས་བཅུ་དྲུག་པ་ལས་སོ། །དེ་ནས་མཚན་མ་ཐོབ་པས་མྱུར་ཞིང་མགྱོགས་པར་དངོས་གྲུབ་ཐོབ་པར་འགྱུར་རོ། །རྒྱས་པ་ནི་ཟླ་བ་ལ་སོགས་པས་དགེ་བའི་ཚོགས་མ་རྫོགས་པའི་བསོད་ནམས་འཕེལ་བར་བྱེད་པའི་དོན་དུ་ཉིན་པར་དབྱེ་བས་བསྐུལ་བར་ངས་བརྗོད་དོ། །སེམས་བརྟན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་བསགས་པས་ནི་ཟླ་བ་ཕྱེད་ཀྱི་ནང་དུ་གྲུབ་པར་བཤད་དོ། །གང་དུ་ཞེ་ན། གསང་བ་ཡང་ཡིན་པས་གང་ལས་དཔལ་རྡོ་རྗེ་སེམས་དཔའ་འབྱུང་བ་དེ་དཔལ་གསང་བ་འདུས་པ་དེར་རོ།། ཉེ་བའི་བསྒྲུབ་པ་ཉིད་ནི་སྡོམ་པའོ། །བདེ་བ་སྐྱེད་པར་བྱེད་པ་དང་རང་གི་རྣམ་པར་གཏོད་པ་དག་ལས་ཡུལ་གང་ཡིན་པ་བསྒྲུབ་པ་ཡན་ལག་སྟེ་དེ་དེ་བཞིན་ནོ། །སངས་རྒྱས་ཀྱི་སྤྲུལ་པའི་སྐུ་དེའི་བདག་ཉིད་དུ་འཛིན་པར་བྱེད་པས་དེ་འཛིན་པའོ། །སྐུ་རྡོ་རྗེ་ལ་སོགས་པ་གསུམ་རྣམས་ཀྱི་སྟོང་པ་ཉིད་ཀྱིས་དབྱེར་མེད་པར་བསྒོམས་པས་བྱིན་གྱིས་བརླབ་པར་བྱེད་པ་ནི་སྐུ་རྡོ་རྗེ་སྟེ་དེའི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་འཁོར་ལོའི་ཟླ་བའི་ཨོཾ་ཡིག་ལས་ཕྱུང་སྟེ་སེམས་ཅན་གྱི་དོན་མ་ལུས་པ་བྱས་པ་ལ་དེ་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པས་མཆོད་པ་དེའི་བྱིན་གྱིས་རློབ་པས་བྱོན་ཏེ་དེ་ཉིད་དུ་ཐིམ་པ་ནི་བརྟན་པའི་དངོས་པོ་སྟེ་དེ་ཉིད་ཕུན་སུམ་ཚོགས་པ་མ་ལུས་པའི་རྟེན་ཡིན་པའི་ཕྱིར་གནས་སོ། །དེ་ལ་དེང་ནི་དེ་ལྟ་སྟེ་བདག་ནི་ཁོ་བོའི་སྐུ་རྡོ་རྗེར་མཛོད་ཅིག །གསོལ་བ་གདབ་པ་གཉིས་པའི་རྗེས་ལ་ཕྱོགས་བཅུ་རྣམས་སུ་སེམས་ཅན་གྱི་དོན་མ་ལུས་པ་


DTG040_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་ཆེད་དུ་ཞུགས་པ་གང་རྣམས་ཐོག་མ་དང་ཐ་མ་མེད་པའི་སངས་རྒྱས་དེ་རྣམས་དང༌། དེ་ཡང་གསོལ་བ་གདབ་པ་དང་པོའི་རྗེས་ལ་རྣལ་འབྱོར་པ་དེས་སྐུ་རྡོ་རྗེ་མཚོན་པར་བྱས་པ་དེ་ཉིད་དུ་བྱོན་ནས་བྱིན་གྱིས་བརླབས་པའི་གནས་མཛད་པ་རྣམས་དང་དེའི་འབྲས་བུ་གསུངས་པའོ། །སྒྲུབ་པ་ཡང་ཡིན་ལ་སྡོམ་པ་ཡང་ཡིན་ཞིང་ཡུལ་ཡང་ཡིན་ནོ། །ཆོས་ནི་གསུང་རྡོ་རྗེ་ཡིན་ལ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པའི་ཕྱིར་གསུང་གཙོ་བོ་ཡིན་ལ་འབྲས་བུ་དང་བཅས་པའི་ཐེག་པ་ཆེན་པོའི་མཚན་ཉིད་རྣམས་ཀྱི་ལམ་སྟོན་པ་པོའོ། །གང་གི་ལམ་ལས་བྱུང་བའི་ངག་གིས་བྱིན་གྱིས་བརླབས་པའི་གནས་དེ་ལ་དེ་སྐད་ཅེས་བྱའོ། །སྒྲུབ་པ་ཆེན་པོའི་སྡོམ་པ་བསྒོམ་པའི་ཡུལ་སྔར་བཞིན་དུ་བསྒྲུབ་པ་ཡིན་ནོ། །ཐུགས་རྡོ་རྗེ་ནི་ཆོས་ཀྱི་ཡིན་ཏེ་ལྷག་མ་ནི་སྔར་བཞིན་ནོ། །དེ་ལྟར་བྱིན་གྱིས་རློབ་པར་གསོལ་བ་བཏབ་པའི་ངེས་པ་ཉིད་ཀྱིས་སྐུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབ་པར་མཛད་ཅེས་པ་ནི་རྣལ་འབྱོར་པ་རྣམས་བརྟན་པ་བསྐྱེད་པ་ཡིན་པར་སངས་རྒྱས་ཞེས་པ་ལ་སོགས་པས་གསུངས་སོ། །གཏི་མུག་གི་བདག་ཉིད་ནི་རྟོག་པ་མེད་པར་ཡང་ཡོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྦྱོར་བའི་དམ་ཚིག་ཉིད་བསྒྲུབ་པ་སྟེ་མཆོག་ཡིན་ལ་དེ་སྟོན་པར་བྱེད་པའང་དེ་བཞིན་ནོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་བཅུ་གཉིས་པའོ།། །།

ལེའུ་བཅུ་གསུམ་པ། རྡོ་རྗེའི་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་བཤད་པ།


DTG040_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ལ། རྡོ་རྗེ་དཀྱིལ་འཁོར་དབུས་གནས་པ། །ཡི་གེ་ཨོཾ་ནི་བསྒོམ་པར་བྱ། །ཞེས་བརྗོད་པ་དེ་ལ་ཅིག་གཞན་བསྒོམ་པར་བྱ་བ་ཡིན་ནམ་ཞེས་པ་ལ་སོགས་པའི་གདུལ་བྱའི་རྣམ་པར་རྟོག་པ་ངེས་པའི་རྗེས་ལའོ། །ཡེ་ཤེས་ཉིད་ནི་ཡེ་ཤེས་ལྔ་འམ་རྣམ་པར་བྱང་བའི་ཕུང་པོ་ལྔ་ནི་རྡོ་རྗེའོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་དྲི་མ་མེད་པ་བདེ་བ་ཆེན་པོའི་བདག་ཉིད་ཡིན་པའི་ཕྱིར་མཆོག་ཡིན་ལ་དེ་བདག་ཉིད་དུ་འཛིན་པའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དང་ལྡན་པ་ལམ་གྱི་གནས་སྐབས་དང་འབྲས་བུའི་གནས་སྐབས་ཀྱང་དེའི་དོན་ཉིད་དུ་ཡང་དག་པར་འབྱུང་བའོ། །མི་སློབ་པའི་སྐུ་གསུང་ཐུགས་ལས་ཉིད་ཀྱི་གོ་རིམས་ཇི་ལྟ་བར་ཐུབ་


DTG040_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་ཞེས་ཆོས་མངོན་པ་ལས་བརྗོད་པ་སྐུ་དང་གསུང་དང་ཐུགས་ཐུབ་པའི་ཕྱིར་ན་ཐུབ་པའོ། །ཚད་མ་དང་ལུང་གིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་ཡིན་ལ་དབྱངས་ནི་སྒྲོགས་པ་དང་ལྡན་པའོ། །སྔགས་ཀྱི་སྟོབས་ལས་བྱུང་བའི་ཚུལ་ནི་བརྗོད་མ་ཐག་པའི་ཡན་ལག་བཞི་དང་ཏིང་ངེ་འཛིན་གསུམ་གྱི་མཚན་ཉིད་དོ། །ཚད་མ་དང་ལུང་གི་ཡུལ་རྣམས་ལ་དེ་རྣམས་ཀྱིས་མི་གནོད་པ་དང༌། བླ་ན་མེད་པའི་བདེ་བ་ཐོབ་པར་བྱེད་པའི་ཕྱིར་འཚེ་བ་མེད་པ་དང་ཡང་དག་པའི་དོན་དང་རང་བཞིན་གྱིས་ཡིན་ཏེ། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལས་ཕྱིར་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་རྣམ་འགྲེལ་ལས་ཏེ་བརྟེན་པའོ། །དེ་ཉིད་ཀྱི་ཕྱིར་ཆོས་དང་ལོངས་སྤྱོད་པ་དང་སྤྲུལ་པའི་སྐུའི་ལམ་ཡིན་པའི་ཕྱིར་དང་རྣམ་པ་ཐམས་ཅད་ཡོངས་སུ་དག་པའི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ལ་ཐུག་པ་ཆོས་དང་བྱང་ཆུབ་དང་སངས་རྒྱས་ཀྱི་ཚུལ་ཏེ་ཞི་པའོ། །གཟུང་བ་དང་འཛིན་པའི་རྣམ་པ་མ་སྐྱེས་པ་རྣམས་ཏེ། རང་བཞིན་ཁྱད་པར་དུ་གྱུར་པ་རྟོག་པ་མེད་པ་བསྒོམ་པར་བྱ་བའི་ཆོས་རྣམས་ལ་རྣལ་འབྱོར་པ་རྣམས་ཀྱི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་སྐྱེ་བར་རབ་ཏུ་བསྒྲགས་པ་ཡིན་པ་དེས་ན་ངོ་མཚར་བ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། གང་ཟག་ཡང་ན་ཆོས་རྣམས་ཀྱིས། །དངོས་མེད་འདིར་ནི་སྟོང་པ་ཉིད། །དེ་ཡི་དངོས་མེད་དངོས་ཡོད་པས། །དེ་ནི་སྟོང་པ་ཉིད་གཞན་ཡིན། །ཞེས་རྒྱལ་བ་བྱམས་པས་བརྗོད་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོས་གཉིས་སུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྐྱེ་བ་དང་མི་སྐྱེ་བ་དག་ཕན་ཚུན་ཡོངས་སུ་སྤངས་པས་གནས་པ་ཉིད་ཀྱིས་འགལ་བའི་ཕྱིར་ན། གང་ཡང༌། ཚད་མས་རབ་ཏུ་མ་གྲུབ་ཕྱིར། །དོན་དམ་དུ་ནི་སྐྱེ་བ་མེད། །ཇི་ལྟར་འཇིག་རྟེན་རབ་གྲགས་པས།། སླར་ཡང་ཀུན་རྫོབ་ཏུ་སྐྱེ་བས། །དེའི་གནས་ཐ་དད་པ་ཡིན་པས་མི་འགལ་བ་ཉིད་དོ། །གང་འཕགས་པ་ཀླུ་སྒྲུབ་ཀྱིས། སྐྱེས་པའང་སྐྱེ་བ་མ་ཡིན་ཏེ། །སྒྱུ་མའི་གླང་པོ་ཇི་བཞིན་འདོད། །སྐྱེ་བའང་དེ་བཞིན་སྣ་ཚོགས་ཏེ། །དེ་ཉིད་དུ་ནི་སྐྱེ་བ་མེད། །ཅེས་སོ། །དེ་བཞིན་སྐྱེ་དང་


DTG040_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཤོས་ཉིད། །ཇི་ལྟའི་ཚུལ་དུ་རྣམ་པར་གནས། །སྐྱེ་བ་ལ་སོགས་བརྟགས་པ་ཡང༌། །གང་ཞིག་རྩོད་པ་རིགས་མིན་ལྡན། །ས་བོན་མྱུག་སོགས་གྲུབ་པ་ཡང༌། །གང་དེ་སྐྱེ་ཉིད་ངོ་བོ་ཡིན། །མ་སྐྱེས་པ་ཡིན་ཚད་མ་ཡིས། །དཔྱོད་པའི་ཡུལ་ནི་མ་ཡིན་ཕྱིར། །དེ་ཉིད་ཕྱིར་ན་མངོན་དགོངས་ནས། །ཚད་མ་ཡིས་ནི་གྲུབ་མ་ཡིན། །དེ་བཞིན་སྐྱེ་སོགས་འཇིག་རྟེན་ན། །རབ་གྲུབ་པ་ལ་སྙོན་པ་མིན། །ཅི་ལྟ་དེ་ལྟ་འདི་ཡིན་པར། །དེ་ཉིད་རིགས་གསུངས་གྲུབ་བྱེད་མིན། །འདི་ནི་དངོས་པོ་སྟོབས་འོངས་པ། །ཞེས་སོགས་དེ་ཡང་མཁས་པས་སོ།། ཚད་མ་ཡིས་ནི་མ་གྲུབ་ཉིད། །སྔ་མ་ཉིད་དུ་བསྒྲུབས་པ་ཡིན། །ཆོས་རྣམས་ཐམས་ཅད་གཉིས་མེད་པར། །དེ་ཉིད་དུ་ན་དེས་ངེས་ཡིན། །ཕྱོགས་འདི་ཉིད་ཀྱིས་མ་ལུས་པའི། །མ་སྐྱེས་ལ་སོགས་བསྟན་པ་ནི། །ཤེས་རབ་ཕ་རོལ་ཕྱིན་སོགས་སུ། །མཁས་པས་ཤེས་བྱ་དེ་ཁོ་ནར། །གཟུང་བའི་ཆ་ཉིད་ལ་བརྟེན་ནས། །འབྲས་བུ་རྒྱུ་ནི་ངེས་པ་ཡིན། །མངོན་སུམ་མི་དམིགས་པ་དག་གིས། །རྗེས་འགྲོ་དང་ནི་ལྡོག་པ་ལས། །རང་གིས་རིག་པའི་མཐར་ཐུག་ལའང༌། །གཟུང་བ་ལ་སོགས་མི་དམིགས་པས། །སྐྱེས་པ་དེས་ན་འགག་པ་ནི། །དེ་ཉིད་དུ་ན་དམིགས་མ་ཡིན། །གང་ལ་བརྟེན་ནས་གང་དག་གིས། །འབྲས་བུ་ཆུ་ཡི་དངོས་པོ་དེས། །དེ་ལ་དམིགས་པས་གང་དུའམ། །གང་དག་གིས་ནི་ངེས་པ་ཡིན། །རང་རིག་ཀྱང་ནི་མ་སྐྱེས་ཡིན། །ཞེ་ན་བདེན་ཡིན་འདོད་པ་ཡིན། །དེ་ཉིད་དུ་ན་གཟུགས་འཛིན་གཟུགས། །རྣམ་པ་ཀུན་ཏུ་མ་དམིགས་ཕྱིར། །རབ་ཏུ་སྣང་བདག་ཉིད་འགྱུར་ཏེ། །རང་རིག་གིས་ཀྱང་དེས་པ་ཡིས། །རང་བཞིན་དེ་ལས་མ་གཏོགས་པ། །གཟུང་བ་ལ་སོགས་མ་དམིགས་ཕྱིར། །གང་རྣམ་འགྲེལ་ལས། རབ་ཏུ་གསལ་བ་དེ་བདག་ཉིད། །རང་གི་ངོ་བོ་གསལ་བྱེད་པ། །ཇི་ལྟར་གསལ་བར་འདོད་པ་ནི། །དེ་བཞིན་བློ་བདག་ཉིད་དུ་རིག །སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་དུ་མོས་པས་སྔགས་བརྗོད་པ་ནི་རྡོ་རྗེ་བཟླས་པའོ། །ཆེན་པོ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་གང་ལས་སྐྱེ་བ་སྐུ་གསུམ་དབྱེར་མེད་པའི་དཀྱིལ་འཁོར་གང་དུ་ཡིན་པ་དེ་


DTG040_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་སྐད་ཅེས་བྱའོ། །གང་ལས་ཐོབ་པ་སངས་རྒྱས་ཀྱི་ཡེ་ཤེས་རྣམས་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་སྐུ་གསུམ་པོ་རྣམས་ཆོས་ཉིད་ཀྱིས་དབྱེ་བ་མེད་པ་བསྒོམས་པས་སོ། །བཟླས་པ་ཡང་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་སྦྱོར་བས་ཤེས་རབ་དང་ཐབས་སྙོམས་པར་འཇུག་པ་སྒྲོ་བ་ལ་སོགས་པའི་ངོ་བོས་རྣལ་འབྱོར་པ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབ་བོ། །རྡོ་རྗེའི་སྔགས་ནི་རབ་ཏུ་བསྒོམ་པ་ཉིད་ཀྱིས་མཉམ་པ་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་པ་དང་ཡང་དག་པ་ཐོབ་པ་དང་ཡང་དག་པར་འཐོབ་པར་འགྱུར་བའང་ཡིན་ནོ། །ཡེ་ཤེས་རྒྱ་མཚོ་ཅན་ཡང་བདེ་བར་གཤེགས་པ་རྣམས་ཏེ། ཡོད་པ་རྣམས་གསན་པས་ན་གང་ལས་རིགས་རྣམ་པ་ལྔ་ལ་སོགས་པའི་དབྱེ་བ་རྣམས་སྔགས་ཐམས་ཅད་ཀྱི་མཚན་ཉིད་རྡོ་རྗེའི་བཟླས་པ་བཤད་དུ་གསོལ་ཞེས་སོ། །ནམ་མཁའ་དང་མཉམ་པའི་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །སྔགས་རྣམས་ཐམས་ཅད་ཀྱི་དོན་ནི་རྒྱུད་ཕྱི་མ་ལས་བཤད་དོ། །དེ་ལ་མོས་པས་བཟླས་པ་རྣམས་བྱའོ། །རྡོ་རྗེ་མི་ཕྱེད་པ་གསུམ་ནི་མཉམ་པ་སྟེ་ཆོས་ཀྱི་དབྱིངས་དེ་ཉིད་ཀྱི་མཚན་ཉིད་ཀྱི་རང་བཞིན་གང་ཡིན་པ་སྟེ་གང་དབྱེ་བ་གསུམ་ནི་བླ་མ་མཉེས་པ་ལས་ཤེས་པར་བྱ་སྟེ། བླ་མ་མཉེས་པས་དངོས་གྲུབ་འགྲུབ། །གཞན་དུ་ན་ནི་ཞེས་གསུངས་པས་སོ། །དེ་རྣམས་རྡོ་རྗེ་ཡང་ཡིན་ལ་མཐར་ཐུག་པ་ཡང་ཡིན་ཏེ་གང་དུ་འདིའི་སྐུ་རྡོ་རྗེ་ལ་སོགས་པ་དང་ཡེ་ཤེས་སེམས་དཔའི་ཐུགས་ཀར་འཁོར་ལོ་ལ་སོགས་པ་ལ་དགོད་པར་བྱ་བས་ན་དགོད་པ་སྟེ་སྔགས་ཀྱི་བཀོད་པས་ནི་དེ་ཉིད་གསུམ་ཞེས་བརྗོད་དེ་གཞན་དག་གིས་བཤད་པའོ། །འདིར་གཞན་དག་སེམས་ཏེ་དབྱེ་བ་སྤྲོ་བ་ལ་སོགས་པ་གསུམ་པོ་ཉིད། །གང་རྣམས་ཀྱི་ནི་རྡོ་རྗེ་གསུམ་གྱི་ལྷ། །དེ་ཕྱིར་དེ་རྣམས་སྤྲོ་སོགས་གསུམ་མ་ཡིན། །དེ་རྣམས་གནས་པ་ཉིད་ནི་བཞི་པོ་ཡིན། །སྤྲོ་བ་དང་ནི་བསྡུ་བ་དེ་བཞིན་དུ། །ཞུགས་པ་དང་ནི་བརྟན་པ་བཞིན་དུ་འགྱུར། །དེ་རྣམས་མཐའ་མིན་འདི་ཡི་བཀོད་པ་ནི། །འདིར་ནི་བཞི་པོ་རྣམས་སུ་འགྱུར་བ་ཡིན། །དང་པོར་སྤྲོ་ཞིང་བཟླས་པ་བརྗོད་པའི་ཚེ། །དེ་རྣམས་དེ་ཡི་མཐའ་ཉིད་ཡིན་པའོ། །གཞན་


DTG040_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དག་གོ །འདི་ལ་སོགས་པ་མཁས་པ་རྣམས་ཀྱིས་སུན་ཕྱུང་བས་བརྗོད་པར་མི་བྱའོ། །རྣམ་པ་གསུམ་ནི་སྐུ་ལ་སོགས་པའི་དབྱེ་བས་སོ། །སྐུ་དང་གསུང་དང་ཐུགས་དང་ཉེ་བ་ནི་ཡི་གེ་ཨོཾ་ལ་སོགས་པའི་ཡི་གེ་གསུམ་པོ་རྣམས་སོ། །རྡོ་རྗེ་གསུམ་གྱི་ཐུགས་ནི་འདིར་རྣམ་པར་སྣང་མཛད་དོ། །སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པའི་མཆོད་པའི་མཆོག་ཏུ་བརྟག་པ་ནི་གཟུགས་རྡོ་རྗེ་ལ་སོགས་པ་སྤྲོས་པ་རྣམས་ཀྱིས་སོ། །ཡེ་ཤེས་རྡོ་རྗེ་ནི་གཉིས་སུ་མེད་པའི་ངོ་བོ་དེས་སོ། །རྡོ་རྗེ་གསུམ་ནི་འདིར་མི་བསྐྱོད་པའོ། །ཡང་ཡེ་ཤེས་རྡོ་རྗེ་ནི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་སོ། །འདིར་བར་ནི་རིམ་གྱིས་པའི་ཕྱོགས་སོ། །ཅིག་ཅར་བའི་ཕྱོགས་སུ་གསུངས་པ་ཡང་ན་ཞེས་ཏེ་སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་དབྱེ་བས་སོ། །སོ་སོ་སོ་སོར་ཡང་ཨོ་ལ་སོགས་པ་དང་སྐུ་རྡོ་རྗེ་ལ་སོགས་པ་བརྟགས་པའི་བདག་མེད་པ་གང་དུ་ནི་སྤྲོ་བར་བྱེད་པ་སྟེ། །སྐུ་དང་ཡི་གེ་སྐྱེ་བ་མེད། །ཅེས་པ་ལ་སོགས་པར་མོས་པར་བྱའོ། །ཡེ་ཤེས་ཀྱི་སེམས་ཀྱིས་ཞེས་པ་ནི་ཐུགས་རྡོ་རྗེ་ལ་སོགས་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན་དྲི་མ་མེད་པ་མཆོག་ཏུ་དགའ་བའི་རང་བཞིན་གྱིས་དངོས་པོ་མཐའ་དག་གི་དེ་ཁོ་ན་ཉིད་ལ་དམིགས་པས་སེམས་ཅན་མ་ལུས་པའི་དོན་དུ་སྤྲོ་བར་བྱ་ཞེས་པ་ནི་ཐམས་ཅད་དུ་ཁྱབ་པ་གསུངས་པའོ། །ཨོཾ་ཡིག་ལ་སོགས་པ་བརྗོད་པ་ན་སྐུ་རྡོ་རྗེ་ལ་སོགས་པ་སྤྲོ་བར་བྱ་སྟེ། སྔགས་བརྗོད་པ་རྫོགས་པ་ན་བསྡུ་བ་གསུངས་སོ། །སྤྲོས་པའི་རྗེས་ལའོ་ཞེས་གཞན་དག་གོ ། དེ་གསུངས་པ། ཡང་ནི་བཟླས་ལ་རྩེ་གཅིག་སེམས་ཀྱིས་ནི། །དངོས་ཀུན་བདག་ཉིད་རང་གི་སེམས་དབང་པོ། །རང་གི་སྔགས་ནི་སྣ་ཚོགས་འོད་ལྡན་པར། །བྱས་པར་བློ་དང་ལྡན་པས་བསྒོམ་པར་བྱ། །སྲོག་དང་རྩོལ་བ་ཤིན་ཏུ་བསྡམས་པར། །གསང་སྔགས་རྒྱལ་པོ་གསལ་བར་བརྗོད་བྱ་ཞིང༌། །སྣ་ཚོགས་རིམ་བཞིན་དུའམ་ཡང་ན་ནི། །ཅིག་ཅར་སྤྲོ་བ་དག་གི་ལེགས་པར་བྱ། །ནམ་མཁའི་གཏོས་དང་མཉམ་པའི་སྐུ་སོགས་པའི། །འོད་ཀྱི་སྐུ་ནི་སྣང་བས་ཡང་དག་དགང༌། །དེ་ནས་སྔ་མ་བཞིན་དུ་སྣ་ཚོགས་པའི། །མཆོད་པའི་


DTG040_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་གྱི་བཀོད་པ་ཀུན་དུ་སྤྲོ། །ཡོངས་སུ་སྦས་པའི་རིག་མ་མཆོག་རྣམས་ནི། །བདེ་ཆེན་བབས་པས་གཞན་དབང་གྱུར་བལྟས་ཏེ། །རྣམ་པར་སྒེག་པའི་ཐུབ་དབང་ཚོགས་རྣམས་ནི། །མཐར་ནི་རང་གི་ལུས་ལ་གཞུག་པར་བྱ། །དངོས་པོ་མཐའ་དག་གི་དེ་ཁོ་ན་ཉིད་དམིགས་པས་ཡེ་ཤེས་ཀྱི་སྤྱན་ཕྱེ་བ་རྣམས་ནི་ལྔ་སྟེ་དཔག་ཚད་བརྒྱ་ནས་བརྩམས་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ནི་ཡོངས་སུ་དག་པའི་ཤའི་སྤྱན་ནོ། །རྒྱལ་ཆེན་བཞི་ནས་འོག་མིན་གྱི་དེ་ཉིད་ནི་ལྷའི་སྤྱན་ཏེ། ཤེས་རབ་ནི་མ་ཡིན་ནོ། །དེའི་ཡུལ་མ་ཡིན་པ་ཉིད་ཁྱད་བར་དུ་བྱས་པ་ཕྱོགས་བཅུ་སོ་སོའི་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་གྱི་འཆི་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བར་ཤེས་པ་ནི་ལྷའི་མིག་གོ །འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་ཆོས་མཐོང་བ་དང་ཐོས་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པ་ནི་ཤེས་རབ་ཀྱི་སྤྱན་ནོ། །འཕགས་པའི་གང་ཟག་ཐམས་ཅད་ནི་རྟོགས་པའི་ཡུལ་ཅན་ནི་ཆོས་ཀྱི་སྤྱན་ནོ། །ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་གང་རྣམས་ཀྱི་ཡིན་པ་དེ་རྣམས་ནི་སངས་རྒྱས་ཀྱི་སྤྱན་ཏེ་གང་དེ་རྣམས་ཀྱིའོ། སྐུ་རྡོ་རྗེ་ལ་སོགས་པའི་མངོན་པར་བྱང་ཆུབ་པའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། དངོས་པོའི་གཉིས་ཀྱི་གཟུགས་གཉིས་མེད་པའི་ངོ་བོར་རྣམ་པར་སྤྱོད་པས་རྟོགས་པ་ནི་དེའི་མཚན་ཉིད་དོ། །རབ་འབྱོར་གཉིས་ནི་དངོས་པོ་ཡིན་ལ་གཉིས་སུ་མེད་པ་ནི་དངོས་པོ་མེད་པ་ཡིན་ནོ་ཞེས་ཐམས་ཅད་མཁྱེན་པས་གསུངས་པའི་ཕྱིར་ཏེ། དེ་ཉིད་སངས་རྒྱས་ཀྱི་སྐུ་ཡིན་ལ་དེ་ཉིད་སྐུའི་བཟླས་པ་ཡིན་ཏེ་དེ་ཐོབ་པར་བྱེད་པའི་ཕྱིར་བརྗོད་དོ། །སྒྲ་རྣམས་ཀུན་རྫོབ་ཏུ་རྗོད་པར་བྱེད་པ་རྣམས་དེ་ཁོ་ན་ཉིད་དུ་སྒྲ་མ་ཡིན་ཞིབ་རྗོད་པར་བྱེད་པ་མ་ཡིན་པས་སོ། །སེམས་དང་སེམས་ལས་བྱུང་བ་རྣམས་གནས་པའི་རྡོ་རྗེ་དེ་བཞིན་ཉིད་ཀྱི་ངོ་བོ། །ནམ་མཁའ་དང་མཉམ་པ་ཉིད་དོན་གྱི་རྗེས་འགྲོ་རྣམ་པར་བསྒོམ་པས་བཟླས་པ་སྟེ་དེས་དུས་གསུམ་གྱི་སངས་རྒྱས་ཀྱི་རྣམ་པར་དཔྱད་པའོ། །ཀུན་དུ་ནི་ཕྱོགས་བཅུ་སྟེ་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ་ཞེས་མོས་པས་ཡང་དང་ཡང་དུ་


DTG040_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་བ་སྟེ་བཞུད་པ་དང་བྱོན་པ་ནི་བསྡུ་བའོ། །དེ་རྣམས་ཉིད་ནི་རྡོ་རྗེ་ཡིན་ཏེ་མི་ཆོམས་པའི་ཕྱིར་དང་མཆོག་ཀྱང་ཡིན་ཏེ་སེམས་ཅན་མ་ལུས་པའི་དོན་རྫོགས་པའི་ཕྱིར་རོ། །རྟག་པ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱི་གོ་རིམས་ཇི་ལྟ་བ་བཞིན་དུ་སྐུ་དང་གསུང་དང་ཐུགས་དང་རིན་པོ་ཆེ་དང་དོན་ཡོད་པའི་བཟླས་པ་རྣམས་སོ། །འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་ཁྲོ་བོའི་རྣལ་འབྱོར་པས་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་མའི་རང་གི་ཕྱག་མཚན་གྱི་ཉི་མ་ལ་རང་གི་བཟླས་པར་བྱ་བ་བསྒོམས་ནས་རང་གི་གསུང་གི་རྡོ་རྗེ་བསྒྲགས་པ་ནི་སྔགས་ཀྱི་ཡི་གེའི་ཚིག་སྟེ་དཔག་ཚད་བྱེ་བའི་ཚད་ཀྱི་གཞལ་ཡས་ཁང་ན་གནས་པའི་ལྷའི་དཀྱིལ་འཁོར་པས་ཐོས་སོ་ཞེས་མོས་པར་བྱ་སྟེ་ང་རྒྱལ་དང་བཅས་པས་ཁྲོ་བོའི་ཚིག་བཟླས་པར་བྱའོ་ཞེས་པ་འདི་ནི་ཁྲོ་བོའི་བཟླས་པའོ། །འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའི་དོན་དུ་མྱོས་པར་གྱུར་པ་ནི་ཤིན་ཏུ་ཞེན་པའི་ཕྱིར་ཏེ་འཇིགས་པ་ཐམས་ཅད་ལས་སྐྱོབ་ཅིང་ཕན་པར་འདོད་པ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་དམིགས་པ་ནི་གཏི་མུག་ཀྱང་ཡིན་ལ་རྣམ་པར་སྣང་མཛད་ཀྱང་ཡིན་ནོ། །རྒྱ་མཚོ་ཡང་ཡོན་ཏན་རིན་པོ་ཆེ་མ་ལུས་པའི་འབྱུང་ཁུངས་ཟབ་པའི་ཕྱིར་རོ། །གནས་ཀྱང་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རོ། །དེའི་གནས་ཞེས་པ་རང་གི་བདག་པོ་ཉིད་ཀྱིས་དེའི་རྣམ་པར་གྱུར་པར་བསྒོམས་ཏེ་དེ་ཁོ་ན་ཉིད་དུ་དེ་ལས་ཐ་མི་དད་པར་ང་རྒྱལ་ཏེ་དེའི་རྣལ་འབྱོར་པས་རང་གི་བཟླས་པར་བྱ་བ་བླ་མའི་མན་ངག་ལས་བཟླས་པར་བྱ་སྟེ་འདི་ནི་གཏི་མུག་གི་བཟླས་པའོ། །དེ་བཞིན་ཐུགས་རྗེ་ཆེན་པོའི་འདོད་ཆགས་རྡོ་རྗེ་ལས་བྱུང་བའི་ཚིག་ཏུ་བྱས་པ་སྟེ་འདོད་ཆགས་ནི་འོད་དཔག་ཏུ་མེད་པའོ། །དེའི་རྣལ་འབྱོར་པས་དེའི་རྣམ་པས་སེམས་ཅན་རྣམས་ལ་བལྟས་ཏེ། ཐུགས་རྗེ་ཆེན་པོའི་འདོད་ཆགས་ཀྱི་ཆགས་པའི་བཟླས་པའོ། །བཅོས་མའི་ཁྲོ་བས་བསླང་བའི་སྙིང་རྗེའི་ཐབས་ནི་ཞེ་སྡང་སྟེ་དེ་ལས་བྱུང་བའི་ཐུགས་སུ་བྱས་ནས་ཏེ། ཞེ་སྡང་ནི་མི་བསྐྱོད་པའོ། །དེའི་རྣམ་པར་སེམས་ཅན་རྣམས་བསྒོམས་ཏེ་དེའི་རྣལ་འབྱོར་པས་བཟླས་པར་བྱ་སྟེ་ལྷག་མ་ནི་


DTG040_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་བཞིན་ནོ། །གང་རྣམས་ཀྱི་རྡོ་རྗེ་གསུམ་པོ་དེ་རྣམས་དམ་ཚིག་ཡིན་ཏེ་ལམ་ཡིན་པའི་ཕྱིར་དང༌། དེ་ཁོ་ན་ཉིད་ཀྱང་ཡིན་ཏེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དབུས་མའི་དམ་ཚིག་རྡོ་རྗེ་ཅན་ཞེས་པའི་དོན་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དེ་ཉིད་རྡོ་རྗེ་ཅན་རྣམས་ཐམས་ཅད་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣམས་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་སྐྱེས་པ་དང་བུད་མེད་ཀྱི་བདེན་པའི་རྣམ་པར་རྟོག་པ་མེད་པའི་མ་ནིང་གི་བཟླས་པར་བརྗོད་དེ་ཐ་སྙད་དུ་བྱེད་དོ། །རྣམ་པར་སྣང་མཛད་ལ་སོགས་པ་རྣམས་དེ་སྲིད་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔ་རྣམས་སུ་གྲུབ་པར་བྱེད་པ་ཡིན་ལ་ལྷག་མ་རྣམས་བསྒོམས་པས་ཅིར་འགྱུར་ཞེ་ན། རྡོ་རྗེའི་བདག་པོ་རྣམས་ནི་གཟུགས་རྡོ་རྗེ་ལ་སོགས་པ་དྲུག་པོ་ཐམས་ཅད་དོ། །འདོད་ཆགས་ནི་འདིར་སྙིང་རྗེ་ཆེན་པོ་སྔོན་དུ་སོང་བ་ཤེས་རབ་དང་ཐབས་སྙོམས་པར་འཇུག་པ་བསྒོམ་པ་ལ་ཞེན་པ་སྟེ། དེའི་དེ་ཁོ་ན་ཉིད་ཀྱང་དེ་ཕུལ་དུ་ཕྱིན་པ་ལས་བྱུང་བ་ཟག་པ་མེད་པ་མཆོག་ཏུ་དགའ་བ་ཡིན་ལ་དོན་ཀྱང་སེམས་ཅན་མ་ལུས་པ་རྣམས་ཀྱི་མཐོ་རིས་དང་ཐར་པ་ཐོབ་པར་བྱེད་པ་རྣམས་ཀྱི་མཚན་ཉིད་སྟེ་དེ་སེམས་པར་བྱེད་པ་རྣམས་བསྒྲུབ་པའོ། །གང་ལས་འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་སྔོན་རྗོད་པར་བྱེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཕན་པ་སྐྱེད་པར་བྱེད་པ་དེ་བཞེད་པའོ། །ཆགས་པ་དང་བྲལ་བར་སྐྱེས་པ་རྣམས་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་སྟེ་སེམས་ཅན་ཐམས་ཅད་ལ་དེ་ལྟ་བུའི་ཕན་པར་བྱེད་པ་དང་བྲལ་བའི་ཕྱིར་རོ། །སྤྱན་ལ་སོགས་པ་ཆེན་མོ་ཡང་ཡིན་ཏེ་དེ་རྣམས་བཙུན་མོའི་མཆོག་ཡིན་པའི་ཕྱིར་རང་རིག་མ་ཡང་ཡིན་ཏེ་མ་རིག་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །དེ་རྣམས་རྟག་པ་ནི་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དེ་རུ་གྱུར་ཅིག་ཅེས་པའི་སྨོན་ལམ་གྱི་སྟོབས་ཀྱིས་སོ། །འདོད་པ་ནི་གཟུགས་རྡོ་རྗེ་ལ་སོགས་པའི་མཚན་ཉིད་ཡིན་ལ་དེ་རྣམས་བསྟེན་པས་དོན་དེ་དགོས་པ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མ་ལུས་པའི་མཚན་ཉིད་དེ་ལྷུར་བྱེད་པ་དེ་གནས་པ་ཡིན་ནོ། །གང་གི་ཕྱིར་


DTG040_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡིན་པ་དེས་ན་གྲུབ་སྟེ་མངོན་སུམ་དུ་འགྱུར་རོ། །འདོད་པའི་ལོངས་སྤྱོད་འདོད་པ་ལས་མ་འདས་པ་བསྟན་པ་ཉིད་ཀྱིས་ཏེ་ནིའི་སྒྲ་ནི་ངེས་པར་གཟུང་བ་ཡིན་ལ་རིམ་པ་ཐ་དད་པ་ཡང་ཡིན་ནོ། །གཏི་མུག་ནི་མཚོན་པར་བྱེད་པ་ཉིད་ཀྱི་ཕྱིར་གཏི་མུག་ལ་སོགས་པ་རྣམས་ཡིན་ཏེ། དེ་དམ་ཚིག་ལ་སོགས་པ་ཡང་ཡིན་པས་རྣམ་པར་སྣང་མཛད་ལ་སོགས་པ་རྡོ་རྗེ་འཛིན་པ་ལ་ཐུག་པ་རྣམས་ཡིན་ཏེ། དེ་ལས་བྱུང་བ་ནི་དེའི་རིགས་རྣམས་སོ། །རིག་པའི་རྒྱལ་པོ་རྣམས་ནི་རྡོ་རྗེ་ཅན་ཡིན་ལ་སའི་སྙིང་པོ་ལ་སོགས་པ་རྣམས་ཏེ་ཀུན་དུ་བཟང་པོ་ལ་ཐུག་པ་དྲུག་གོ །སྔར་བཞིན་དུ་མ་ནིང་གི་གནས་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་གཉིས་སུ་མེད་པའི་ངོ་བོ་གྲུབ་པ་ནི་རྫོགས་པ་སྟེ་སྔགས་ཀྱི་དངོས་གྲུབ་མཆོག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཚན་ཉིད་རྣལ་འབྱོར་པ་ལ་སྟེར་བ་ཡིན་ཏེ་སྒྲུབ་པ་པོ་ལ་དེར་རབ་ཏུ་སྣང་བའི་ཡེ་ཤེས་སྐྱེད་པར་བྱེད་པ་ཡིན་ནོ། །རྡོ་རྗེའི་བདག་པོ་རྣམས་ནི་རིགས་ལྔའི་བདག་པོའོ་ཞེས་གཞན་རྣམས་ཀྱིས་འཆད་པ་ལ། དམ་ཚིག་རྡོ་རྗེ་ལ་སོགས་དྲུག །རིག་པའི་རྒྱལ་པོར་ཐོས་པ་ཡིན། །གཟུགས་རྡོ་རྗེ་ལ་སོགས་པ་དྲུག །རྡོ་རྗེ་བདག་པོ་ཞེས་བཤད་དོ། །ཞེས་རྒྱུད་ཕྱི་མ་ལས་གནོད་དོ། །ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཏེ་ཞེ་སྡང་ནི་མི་བསྐྱོད་པ་ཡིན་ལ་གནས་ཀྱང་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མ་ལུས་པའིའོ། །དེའི་རིགས་སུ་ཕལ་ཆེན་སྐྱེས་པའི་རིམ་པས་གྲུབ་པ་རྣམས་སོ། །གསོད་པས་ནི་སྙིང་རྗེ་ཆེན་པོས་ཞེ་སྡང་རྣམ་པར་དག་པ་ཉིད་ཀྱིས་ཐེག་པ་ཆེན་པོའི་མཆོག་ལ་སྨོད་པ་ལ་སོགས་པའི་སྡིག་པ་ཆེན་པོ་བྱེད་པའི་སེམས་ཅན་རྣམས་མི་བསྐྱོད་པ་ལ་སོགས་པའི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་འཁོར་བའི་ཕུང་པོ་བརྗེ་བའོ། །དེ་ཉིད་ཀྱི་ཕྱིར་དགོས་པ་དེ་ཉིད་ཀྱིས་ཞུགས་པ་ཆོས་ཀྱི་མཆོག་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་འགྲུབ་པོ་ཞེས་ཐམས་ཅད་དུ་བལྟ་བར་བྱའོ། །ཞར་ལ་བྱུང་བ་རྫོགས་ནས་སྔགས་ཀྱི་བཟླས་པའི་ལྷག་མ་གསུངས་པ། སྙིང་ག་ཞེས་པ་ལ་སོགས་པའོ། །གསལ་བའི་དཀྱིལ་འཁོར་ལ་སོགས་པ་ནི་ལེའུ་གསུམ་


DTG040_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་ཟིན་ཏོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་འཁོར་ལོའི་ལྟེ་བ་ལ་རང་གི་སྔགས་བསྒོམས་ནས་ཆོས་ཐམས་ཅད་ནི་མ་སྐྱེས་པའོ་ཞེས་བསྒོམ་པར་བྱའོ། །དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་ལ་གནས་ཏེ་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀར་མཚན་མ་ལ་རང་གི་སྔགས་བསྒོམས་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་པ་ལ་སོགས་པ་རང་གི་རྣམ་པར་ཐར་པའི་སྒོ་བསྒོམ་པར་བྱའོ་ཞེས་ཁ་ཅིག་གོ །རང་གི་ཡེ་ཤེས་ཀྱི་དོན་བསྒོམ་པའོ་ཞེས་གཞན་དག་གོ །བཟླས་པ་ཡང་རང་གི་དཀྱིལ་འཁོར་ལ་གནས་པ་ཉིད་ཀྱིས་བྱའོ་ཞེས་གསུངས་སོ། །དཀྱིལ་འཁོར་ཀུན་གྱི་ངོས་རྣམས་སུ། །ཞེས་པ་ནི་ཤར་ལ་སོགས་པ་རྣམས་སུའོ། །སངས་རྒྱས་ཀུན་ནི་རང་ཇི་ལྟ་བར་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་པ་རྣམས་སོ། །སོ་སོར་དེ་བཞིན་གཤེགས་པ་ལྔའི་ཁ་དོག་གི་འོད་ཟེར་རབ་ཏུ་དབྱེ་བས་སྤྲོས་ན་བྱང་ཆུབ་ཐོབ་པར་འགྱུར་རོ། །རིམ་པ་གཉིས་པོ་དག་གིས་སོ། །སྐུ་གསུམ་གྱི་རྡོ་རྗེའི་དབྱེ་བ་ཉིད་གསུངས་པ། སྐུ་ཞེས་པ་ལ་སོགས་པ། སྐུ་ནི་སྐུ་ཡི་ངོ་བོ་ཡིས། །ཞེས་བལྟ་བར་བྱའོ། །མཆོད་ཅེས་པ་ནི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་སོ། །བླ་ན་མེད་པའི་མཆོད་པ་རྣལ་འབྱོར་པས་ཐོབ་པར་འགྱུར་རོ། །མངོན་པར་རྟོགས་པའི་ཆ་བཤད་ནས་ལས་ཚོགས་བརྗོད་པར་བཞེད་ནས་གསུངས་པ། དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ཡིས། །ཞེས་པ་ནི་དཔག་ཚད་བྱེ་བར་ཡངས་པའི་གཞལ་ཡས་ཁང་དང་ལྡན་པས་སོ། །རྡོ་རྗེ་ལྔ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཏེ་ཉེ་བར་མཚོན་པ་ཉིད་ཀྱིས་གཞན་རྣམས་དཀྱིལ་འཁོར་པ་རྣམས་ཀྱང་ཡིན་ཏེ། སྒྲུབ་པ་ཆེན་པོའི་མཐར་ཐུག་པར། །བྱས་པས་ལས་ནི་བརྩམ་པར་བྱ། །ཞེས་རྒྱུད་ཕྱི་མ་ལས་བཤད་པའི་ཕྱིར། སྣ་ཚོགས་པའི་ཁ་དོག་རྣམས་ཀྱིས་བསྒོམ་པར་བྱ་བ་ཡིན་ནོ། །དེའི་དབུས་སུ་ཡང་རང་སྔགས་རྡོ་རྗེའི་རང་གི་བདག་པོའི་ལྷའི་གཟུགས་སྐུ་གསུམ་རྡོ་རྗེའི་བདག་པོའོ། །ཆུ་དང་ས་དང་རླུང་དང་མེའི་དཀྱིལ་འཁོར་རྣམས་ལས་གང་ཡང་རུང་བ་ཅིག་འདིར་ཡིན་ནོ། །ཁ་དོག་བཞི་རྣམས་ནི་


DTG040_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་དང་ནག་པོ་དང་སེར་པོ་དང་དམར་པོ་རྣམས་ལས་སྦྱོར་བ་ཇི་ལྟ་བར་གང་ཡང་རུང་བ་ཅིག་བསྒོམས་ཏེ་དེའི་སྙིང་གར་སྔགས་རྣམས་ཀྱི་དོན་ཞི་བ་ལ་སོགས་པའོ། །དེར་ཡང་བསྒྲུབ་བྱ་འཇུག་པ་སྔོན་དུ་སོང་བས་བསྒོམ་པར་བྱའོ། །འདི་ལྟར་གྱུར་པ་ན་རྡོ་རྗེ་རྣམ་པ་བཞི་བྱའོ། །གང་གི་ཕྱིར་ལས་ཀྱི་ཚོགས་ཉིད་སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་གཞན་གྱི་དོན་དུ་འཇུག་པ་སྟེ་སྒྲུབ་པ་པོ་དང་བསྒྲུབ་བྱའིའོ། །དམ་པའི་རིགས་ནི་རྣམ་པ་བརྒྱ། །ཞེས་རྒྱུད་ཕྱི་མ་ལས་ཏེ་དེ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་མཆོག་ཏུ་རྟག་པ་ཡིན་ནོ། །དེ་གསུངས་པ། །གང་ཞིག་ཞི་དང་རྒྱས་སོགས་ལས། །དེ་ལས་གཞན་པའང་གང་འདོད་པ། །འཁོར་ལོའི་རྗེས་ཆགས་སྦྱོར་བ་ཡིས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །སྔགས་པ་བྱང་ཆུབ་དོན་གཉེར་བས། །ལུས་ངག་ཡིད་ཀྱི་སྤྱོད་ལྡན་པ། །དེ་ཡིས་ཆོ་གས་ལས་བྱས་ཏེ། །དེ་ཀུན་བྱང་ཆུབ་ཆེད་དུ་འདོད། །དེ་ཉིད་རང་གི་འདོད་པའི་ལྷའི་འཁོར་ལོ་ཐམས་ཅད་ལ་ཞི་བ་དང་རྒྱས་པ་དང་ཆགས་པ་དང༌། ཁྲོས་པའི་སེམས་རྣམས་ཏེ། ཞི་བ་ལ་ནི་ཞི་བའི་སེམས། །རྒྱས་ལ་རྒྱས་པའི་ཡིད་ཀྱིས་ཏེ། །དབང་ལ་ཆགས་པའི་ཡིད་བྱས་ནས། །ཁྲོས་ལ་ཁྲོ་བོས་བསྒྲུབ་པར་བྱ། །ཞེས་རྒྱུད་ཕྱི་མ་ལས་སོ། །དཀར་པོ་དང་སེར་པོ་དང་དམར་པོ་དང༌། ནག་པོའི་གོས་དང་སྟན་དང་ཐམས་ཅད་ཀྱི་བདག་ཉིད་བསྒོམ་པ་གོ་རིམས་ཇི་ལྟ་བར་སྟོན་པས་ཞི་བ་ལ་སོགས་པའི་ལས་བཞི་ཐུན་མོང་དུ་བཤད་ནས་ཁྱད་པར་དུ་བསྟན་པ་གསུངས་པ། ཞི་བ་ལ་སོགས་པའི་བྱ་བ་ལ་སྤྱན་གྱི་རྣམ་པ་བཞིན་དུ་གང་གི་རྣམ་པ་ཡིན་པ་དེ་ནི་རྣམ་པར་སྣང་མཛད་དོ། །པདྨ་རྡོ་རྗེ་ཅན་ནི་འོད་དཔག་ཏུ་མེད་པའོ། །རྣམ་པར་སྣང་མཛད་ཀྱང་འདིར་བྱ་བའི་སྒྲའོ། །གནས་ཀྱང་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མ་ལུས་པར་སྒྲུབ་པ་བྱེད་པ་དེ་ནི་དོན་ཡོད་གྲུབ་པའོ། །རྡོ་རྗེ་ཡང་ཡིན་ཏེ་དེ་བཞིན་གཤེགས་པའོ། །ཁྲོ་བོ་ཡང་ཡིན་ཏེ་གདུལ་དཀའ་བ་ཉོན་མོངས་པའི་དབང་དུ་གྱུར་པའི་སེམས་ཅན་གྱི་ཉོན་མོངས་པ་རྣམས་ལ་སྙིང་རྗེས་བཅོས་མའི་ཁྲོ་བོར་བསྟན་པས་སོ། །ཁྲོས་པས་ན་ཡང་སེམས་ཅན་དོན། །ཁྲོ་བོ་ཆེན་པོར་


DTG040_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བསྟན། །ཞེས་པའི་གྲུབ་མཐས་སོ། །འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་དེ་རྣམས་གོ་རིམས་ཇི་ལྟ་བར་སྔར་བཞིན་དུ་བསྒོམ་པར་བྱའོ། །མདོར་བསྟན་པའི་དག་འདིའི་དོན། །ཞི་བའི་དཀྱིལ་འཁོར་དམ་པ་ནི། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ནས་བརྩམས་ཏེ་ཇི་སྲིད་དུ་ཞལ་གསུམ་ཞེས་པ་ལ་ཐུག་པས་གང་གི་ཕྱིར་སྔར་བསྟན་པའི་ངག་གི་དོན་རབ་ཏུ་སྤྲོས་པར་བྱེད་དོ། །སྒྱུ་མས་བྱེད་པའི་རོལ་མོ་བཞིན་དུ་འདིའི་ཡེ་ཤེས་ཀྱི་རྡོ་རྗེ་ཉིད་ཀྱིས་སྤྲུལ་ཅིང་མཚོན་པ་ཡང་ཡིན་ནོ། །ད་ནི་མདོར་བསྟན་པའི་རིམ་པ་ལས་འདས་ཏེ་སྙིང་རྗེ་ཆེན་པོའི་གཞན་གྱི་དབང་དུ་གྱུར་པས་དྲག་པོའི་ལས་ཀྱི་ཡུལ་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་པོ་དག་གིས་མཐོ་རིས་དང་ཐར་པའི་བར་དུ་གཅོད་པ་ཡིན་ནོ་ཞེས་པའི་ལོག་པར་རྟོག་པ་བསལ་བར་འདོད་ནས་ཡུལ་ངེས་པ་བསྟན་པའི་ཆེད་དུ་དེ་ཉིད་ཐོབ་པར་བྱེད་པའི་ཕྱིར་དང་པོར་གསུངས་པ་ཡིན་ཏེ། དཀོན་མཆོག་གསུམ་ལ་མི་སྙན་པ་སྨྲ་བའི་ངང་ཚུལ་ཉིད་རབ་ཏུ་སྟོན་པས་སོ། །དགེ་བའི་བཤེས་གཉེན་དང་བྲལ་བ་ལ་གལ་ཏེ་བརྒྱ་ལ་སྨྲས་ཀྱང་དེ་དང་ཕྲད་པ་ལས་དེ་སྤོང་བའི་ཡི་དམ་དེ་ཡང་དག་པར་བླངས་པ་རྣམས་ནི་ཡུལ་མ་ཡིན་ནོ། །རྡོ་རྗེ་སློབ་དཔོན་ནི་དཔལ་གསང་བ་འདུས་པ་རུ་དབང་བསྐུར་བ་ལ་གང་རྣམས་ཀྱིས་སྨོད་པར་བྱེད་པ་ཞེས་ཁྱད་པར་སྨོས་པས་མཚམས་མེད་པ་ལྔ་རྣམས་བྱས་པས་ཀྱང་དེ་ལ་སྨད་པའི་ཕམ་པར་གྱུར་པ་ཉིད་ཀྱིས་ཤིན་ཏུ་ལྕི་བར་གྱུར་པའི་མི་འདོད་པའི་འབྲས་བུ་ཐོབ་པར་བྱེད་པ་ཉིད་དུ་གསུངས་སོ། །དཀོན་མཆོག་གསུམ་ལ་གནོད་བྱེད་པ། །ཞེས་པ་ལ་སོགས་པ་རྒྱུད་གཞན་ལས་གསུངས་པའི་ཕྱིར་གང་གཞན་རྣམས་ཀྱང་སྟེ། མ་གསོད་པ་ལ་སོགས་པ་ལ་ཞུགས་པ་སྡང་བ་དེ་རྣམས་ཉིད་དཀོན་མཆོག་གསུམ་དང་སེམས་ཅན་མང་པོ་ལ་གནོད་པ་བྱེད་པ་ཉིད་ཀྱིས་ངན་སོང་གི་ལམ་དུ་ཞུགས་པ་རྣམས་ལ་སྙིང་རྗེ་ཆེན་པོའི་གཞན་གྱི་དབང་དུ་གྱུར་པས་དེ་ལས་བཟློག་པའི་ཕྱིར་འཆད་པར་འགྱུར་བ་འདི་རྨི་ལམ་ལ་སོགས་པ་དང་འདྲ་བར་བརྒྱལ་བ་དང་ནད་ལ་སོགས་པ་ཡང་དག་པར་བསྟན་པའི་མཚན་ཉིད་ནི་དྲག་པོའི་ལས་ཏེ་གང་གིས་དཀོན་མཆོག་གསུམ་ལ་སོགས་པ་ལ་


DTG040_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་བྱེད་པའི་སྡིག་པ་ཅན་དེ་རྣམས་ལ་བསྐུལ་བར་བྱའོ། །རང་གི་སྡིག་པའི་ལས་འདི་བྱས་པ་འདིས་ང་ལ་འདི་ལྟ་བུ་བྱུང་ངོ་ཞེས་དེ་ལས་ལྡོག་པའི་དོན་དུ་དྲན་དུ་གཞུག་གོ །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་དེ་རབ་ཏུ་བསྐུལ་བར་བྱའོ། །ཨེ་མ་ཀུན་དུ་བཟང་པོ་ཡི། །ཐུགས་རྗེ་མཆོག་ནི་དྲི་མ་མེད། །སྡང་ལ་དྲག་པོའི་ལས་ཀྱིས་ཀྱང༌། །སངས་རྒྱས་ཉིད་ཀྱི་འབྲས་བུ་སྩོལ། །ཞེས་རྒྱུད་ཕྱི་མ་ལས་སོ། །ཆེན་པོ་ཡང་དངོས་པོ་མ་ལུས་པ་ལ་ཁྱབ་པའི་ཕྱིར་ཡིན་ལ་ཡེ་ཤེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་རྟོགས་པའི་མཚན་ཉིད་ཡིན་པས་སོ། །དེ་ཉིད་འཁོར་ལོ་ནི་དཀྱིལ་འཁོར་ཡིན་ཏེ་ཡེ་ཤེས་ལྔའི་ངོ་བོ་ཡིན་པའི་ཕྱིར་གང་རྡོ་རྗེ་ཡིན་པ་དེ་ནི་དེ་བཞིན་ཏེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཡིན་ནོ། །ཁམས་གསུམ་ཞེས་པ་ལ་སོགས་པ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་རྣམས་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྐུ་རྣམས་སུ་བསྒོམས་ནས་མི་སྙན་པར་སྨྲ་བ་ལ་སོགས་པ་རྣམས་ཀྱི་སྟ་རེས་བཅད་ཅིང་ཐོ་བས་བྱེ་མར་བྱས་པར་བསམས་ནས་སྡང་བའི་སེམས་ཅན་དེ་རྣམས་ང་ནི་སངས་རྒྱས་གསོད་པར་བྱེད་པའོ་ཞེས་འགྱོད་པ་སྐྱེས་ཏེ་དམྱལ་བས་འཇིགས་པ་རྣམས་སྐྱབས་མེད་པར་བལྟ་སྟེ། དེ་དག་གནོན་པའི་ཆེད་དུ་སྙིང་རྗེ་ཆེན་པོའི་ཁྲོ་བ་བསྐྱེད་པར་བྱའོ། །ཁ་སྦྱར་དབྱེ་བ་བྱས་ནས་ནི། །ཞེས་པ་ནི་བསྲུང་བའི་ཁ་སྦྱར་བསལ་ནས་སོ། །འདི་སྐད་བརྗོད་པར་འགྱུར་ཏེ་རང་གི་འདོད་པའི་ལྷའི་རྣལ་འབྱོར་པ་ཇི་ལྟར་བརྗོད་པའི་སེམས་ཅན་གྱི་ཡུལ་རྣམས་ཀྱིས་མི་དགེ་བའི་ཚོགས་བསགས་ཏེ་འཇིགས་པས་བརྒྱལ་བར་འགྱུར་བ་རྣམས་བལྟས་ལ་དེ་རྣམས་གདོན་པའི་ཆེད་དུ་སྙིང་རྗེ་ཆེན་པོས་ཁྲོ་བ་བསྐྱེད་དེ་རང་གི་སྙིང་ག་ནས་རྡོ་རྗེ་ལྕགས་ཀྱུ་བཏོན་ནས་དེས་དེ་རྣམས་ཀྱི་ཧཱུཾ་དང་བཾ་ལས་བྱུང་བའི་ཕྱིའི་བསྲུང་བའི་ཁ་སྦྱར་དང་དབྱངས་ཡིག་ཐ་མ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཡི་གེ་ཧཾ་གིས་བྱིན་གྱིས་བརླབས་པ་མགོ་བོ་ལ་གནས་པ་ཡང་བཀུག་སྟེ་རང་གི་གཡོན་ཕྱོགས་སུ་བཞག་ནས་སླར་ཡང་དེ་


DTG040_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྡོ་རྗེའི་ལམ་ནས་ཞུགས་ནས་དེའི་སྙིང་ག་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཟླ་བ་ལ་གནས་པའི་ཡེ་ཤེས་ཀྱི་ལྷའི་འཁོར་ལོ་ཧཱུཾ་ཡིག་ལ་སོགས་པ་ལས་བྱུང་བའི་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་ཡི་གེ་ཧཾ་གིས་བྱིན་གྱིས་བརླབས་པའི་སྣ་ཚོགས་རྡོ་རྗེའི་ཁ་སྦྱོར་གྱིས་མངོན་པར་བསྲུང་བ་བྱས་པ་ལ་རྡོ་རྗེ་ལྕགས་ཀྱུས་བསྐུལ་བར་བྱ་སྟེ་འདི་ནི་སྙན་པར་སྨྲ་བ་དང་བླ་མ་ལ་སྨོད་པ་དང་སངས་རྒྱས་མང་པོ་གསོད་པར་བྱེད་པ་གང་ཡིན་པ་དེས་ན་འདི་བསྲུང་བ་དང་བྱིན་གྱིས་བརླབ་པ་ཡང་ཐོང་ཅིག །དེ་ལྟར་མ་ཡིན་ན་ཁྱོད་ཉིད་བརྫུན་གསུངས་པ་ཡིན་ལ་རང་གིས་གསུངས་པའི་དམ་ཚིག་ལས་འདའ་བ་ཡང་ཡིན་ནོ་ཞེས་སོ། །དེ་ནས་དེ་རྣམས་ཀྱིས་ཀྱང་ཞལ་གྱིས་བཞེས་ཏེ། ཁོ་བོ་ཅག་རྣམས་ཀྱིས་འདིའི་ལུས་པོ་བཏང་གིས་ཇི་ལྟར་འདོད་པ་གྱིས་ཤིག་ཅེས་གསུངས་མ་ཐག་ཏུ་རྡོ་རྗེ་ལྕགས་ཀྱུས་བསྲུང་བའི་ཁ་སྦྱོར་དང་ལྷན་ཅིག་པའི་ལྷའི་འཁོར་ལོ་བླངས་ནས་གཏད་པ་དེ་དེ་ཉིད་དུ་བཞག་སྟེ་ལག་པ་གཡོན་པས་བདུད་རྩིར་གྲགས་པའི་ཁྲོ་བོར་བཟུང་སྟེ་ཕུར་པ་འདེབས་པར་བྱེད་པའི་ལག་པ་གཡས་པ་ན་གནས་པའི་རྡོ་རྗེ་ཐོ་བས་བརྡེགས་པས་ཕུར་བུས་གདབ་བོ། །གང་འཚང་པ། བསྲུང་ལ་སོགས་དང་སྔགས་རྣམས་དང་། །ལྷ་རྣམས་ལ་ནི་ཕུར་བུ་གདབ། །ཅེས་སོ། །དེ་ནས་ཞེས་པ་ནི་འདི་ལྟར་ཁ་སྦྱར་དབྱེ་བ་བྱས་ཏེ་སྙིང་རྗེ་དང་ཤེས་རབ་སྔོན་དུ་སོང་བས་བདེ་བར་གཤེགས་པ་རྣམས་ཀྱིས་གནང་བའི་ཕྱིར་དྲག་པོ་ལས་ཏེ་ཕུལ་དུ་བྱུང་བ་ནི་སྐྱེས་བུ་མཆོག་ཐོབ་པར་བྱེད་པའི་ཕྱིར་བསྒྲུབ་པར་བྱ་སྟེ་གཞན་དུ་ནི་མ་ཡིན་ནོ་ཞེས་ཁ་ཅིག་གོ །བསྒྲུབ་བྱའི་ལུས་གང་ཡིན་ལ་ཡང་ཞེས་རྒྱུད་ཕྱི་མ་ལས་བརྗོད་པའི་ཆོ་གས་བླ་མའི་མན་ངག་ཉིད་ཀྱིས་ཁ་སྦྱར་དབྱེ་བར་ཤེས་པར་བྱའོ་ཞེས་གཞན་དག་གོ །རྡོ་རྗེ་རྩེ་ལྔ་པ་ཁ་བཞི་པ་ནི་སྣ་ཚོགས་རྡོ་རྗེ་སྟེ་རྡོ་རྗེ་སེམས་དཔའ་ཞེ་སྡང་གི་རིགས་ཀྱི་བདག་པོ་བསྒོམ་པར་བྱའོ་ཞེས་ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བ་བྱེད་པ་པོའི་དཔལ་སྡེའི་ཞབས་སོ། །རྩེ་མོ་ཉི་ཤུ་པའི་སྣ་ཚོགས་རྡོ་རྗེ་ལས་བྱུང་བའི་བདག་ཉིད་རྡོ་རྗེ་སེམས་དཔའོ་ཞེས་པ་ནི་རྡོ་རྗེ་ཞབས་སོ། །རྡོ་རྗེ་རྩེ་ལྔ་ཁ་བཞི་པ་ལས་གྲུབ་པའི་རྡོ་རྗེ་འཛིན་པ་ཆེན་པོ་ཁྲོས་པ་ཞལ་བཞི་པ་ཡིན་ནོ་ཞེས་པ་ནི་


DTG040_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་ཞབས་སོ། །ཁྲོ་བོའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་ལས་བྱུང་བའི་ཞལ་བཞི་ཕྱག་དྲུག་པ་ཁྲོས་པའོ་ཞེས་སྙིང་པོ་ཞབས་སོ། །རྩེ་ལྔ་པའི་རྡོ་རྗེ་འབར་བ་ལས་བྱུང་བའི་ཞལ་བཞི་པ་ཁྲོས་པ་གཡོན་བརྐྱང་བས་གནས་པའི་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་མྱུ་གུ་དང་སྡེ་གཞན་དང་བཤེས་གཉེན་ཞབས་རྣམས་སོ། །དེ་ལ་རྡོ་རྗེ་འཛིན་པ་ཆེན་པོ་ཞལ་བཞི་པ་ཞེས་པ་འདི་དང་ཞལ་གསུམ་པའི་ཚུལ་དུ་སྣང་བར་གྱུར་ཏོ་ཞེས་པ་དང་པོའི་ཚིག་དང་འགལ་བ་ཡིན་ནོ། །གཡོན་བརྐྱང་གིས་གནས་པ་ཞེས་པ་འདི་ཡང༌། རྣམ་པར་སྣང་མཛད་འོད་འདྲར་འགྱུར། །རྡོ་རྗེ་སེམས་དཔའ་ཞེས་བཅོ་ལྔ་པ་དང་པོ། །ལས་ཚོགས་ཀྱི་དབྱེ་བས་སྐུ་ལ་སོགས་པ་དང་ཁ་དོག་དང་གདན་དང་མཚན་མ་དང་ཉམས་ཀྱི་དབྱེ་བ་ཉིད་རྒྱུད་འདིར་ཐོས་སོ། །ཁ་བཞི་པ་ཞེས་པ་འདི་ཉིད་ཀྱི་ཤེས་པར་བྱེད་པ་ཡིན་པས་ཞལ་གྱི་དབྱེ་བ་ལ་སོགས་པའི་ཁྱད་པར་ཡང་ཡིན་ནོ་ཞེ་ན། མ་ཡིན་ཏེ་དེ་གཞན་དུ་བཤད་པ་ཉིད་ཀྱིས་ཤེས་པར་བྱེད་པ་མ་ཡིན་པའི་ཕྱིར་ཏེ་གཞན་དུ་ན་རྟོགས་པར་མི་བྱེད་པའི་ཚུལ་ནི་ཤེས་པར་བྱེད་པ་ཡིན་ནོ་ཞེས་ཤེས་པར་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འགྲེལ་བ་བྱེད་པ་གཞན་ལ་ཡང་ཅི་ལྟར་རིགས་པར་ལུང་ལ་སོགས་པ་དང་འགལ་བ་རིགས་པ་ཤེས་པ་རྣམས་ཀྱིས་སྤྱད་པར་བྱའོ། །དེ་ལྟར་རྡོ་རྗེ་སེམས་དཔའ་བསྒོམས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་རྣམས་ལག་པ་གཡས་པ་ན་ཡོད་པའི་རྡོ་རྗེ་འབར་བའི་ནང་དུ་ཆུད་པར་བསམས་ཏེ་དེའི་འོད་ཟེར་གྱིས་སེམས་ཅན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་བྱས་ཏེ་རང་གི་ལུས་ལ་བཅུག་ནས་སྤྲོ་བར་བྱས་ཏེ་དེ་ནས་དེ་རྣམས་རྒྱུད་ཇི་ལྟ་བར་བསྒོམ་པར་བྱའོ། །གསད་པ་ནི་ངན་སོང་གི་འཁོར་བའི་ལམ་ལས་བཟློ་བ་སྟེ་བདེ་བར་གཤེགས་པའི་བྱང་ཆུབ་ཀྱི་ལམ་ལ་ཇི་ལྟར་རིགས་པར་རབ་ཏུ་བཞག་པས་ནའོ། །དོན་ནི་དེས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་པོའི་དོན་དངོས་ཏེ་སངས་རྒྱས་ཉིད་དུ་སེམས་


DTG040_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དཔའོ། །རྡོ་རྗེ་སེམས་དཔའ་ཡང་ཞེས་པ་དང་སངས་རྒྱས་ཀྱིས་ཀྱང་ཞེས་པ་ནི་ཤིན་ཏུ་བར་བརྗོད་པ་སྟེ་རྣལ་འབྱོར་གྱི་ཆེ་བ་ཉིད་བསྟན་ཏོ། །དངོས་གྲུབ་གཙོ་བོ་ནི་དེ་ལས་ཁྱད་པར་ཅན་གཞན་མེད་པའི་ཕྱིར། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ཐམས་ཅད་མཁྱེན་པ་སྟེ་སྙིང་རྗེ་དང་ཤེས་རབ་ཀྱི་རང་བཞིན་ཉིད་ཀྱིས་ཡང་དག་པར་སེམས་ཅན་གྱི་དོན་དུ་ཞུགས་པའི་རྣལ་འབྱོར་པ་དང་དེས་བྱིན་གྱིས་རློབ་པའི་བསྒྲུབ་བྱ་ལ་སྐུ་གསུམ་གྱི་མཆོག་སྩོལ་བ་སྟེ་དེ་ཐོབ་པར་བྱེད་པ་ནི་ཡང་དག་པའི་གདམས་ངག་གི་སྒོ་ནས་སོ། །རྨོངས་པའི་བདག་ཉིད་ཀྱི་བསྒྲུབ་བྱ་ཡང་དག་པའི་ལམ་མ་ཡིན་པར་ཞུགས་པ་དེ་བྱིན་གྱིས་བརླབས་པ་དེས་འཆི་བ་ཡིན་ཏེ་རྒྱུད་ཀྱི་སྡིག་པ་བཅད་ནས་ཡང་དག་པའི་ལམ་ལ་བརྟེན་པའི་རྒྱུད་ཀྱིས་འཇུག་པར་འགྱུར་ཏེ། བསམ་གྱིས་མི་ཁྱབ་པའི་ཕྱིར་དགེ་བའི་བཤེས་གཉེན་གྱི་བྱིན་གྱི་རླབས་ཀྱིས་ཡིན་ནོ། །མི་འགྲུབ་པོ་ཞེས་པ་ནི་བྱ་བ་ཉམས་པའི་བསྒྲུབ་བྱ་ལ་སངས་རྒྱས་ཀྱིས་ཀྱང་བསྲུང་པའི་སྒོ་ནས་སོ་ཞེས་ཁ་ཅིག་གོ །གལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་གནང་བ་ཡིན་ན་ཡང་ཇི་སྐད་དུ་བརྗོད་པའི་བསྒྲུབ་བྱ་སྙིང་རྗེའི་ཡུལ་ལ་རྣལ་འབྱོར་པ་དེ་དམན་པས་བཏང་སྙོམས་སུ་བྱས་ན་དེའི་ཚེ་དེ་བཞིན་གཤེགས་པའི་བཀའ་ལས་འདས་པའི་ངོ་བོ་ཕས་ཕམ་པའི་ལྟུང་བ་བྱུང་བ་མི་འགྲུབ་སྟེ་དགེ་བའི་རྩ་བ་མ་ལུས་པ་བཅད་པས་ཏ་ལའི་མགོ་བོ་བཅད་པ་བཞིན་དུ་དགེ་བའི་རྩ་བའི་མྱུ་གུ་སྐྱེ་བར་མི་འགྱུར་རོ་ཞེས་གཞན་དག་གོ །རྡོ་རྗེ་དམ་ཚིག་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་འཁོར་ལོ་གང་དུ་བཀའ་སྟེར་བར་བྱེད་པ་དེ་ཡང་དེ་བཞིན་ཏེ། དེ་ནས་བཀའ་མནོས་ཁྲོ་བོས་ནི། །ཞེས་རྒྱུད་ཕྱི་མ་ལས་བརྗོད་པས་དེའི་མིང་གི་ཏིང་ངེ་འཛིན་ནོ། །བྲི་བའི་དཀྱིལ་འཁོར་ལ་རྣལ་འབྱོར་པས་བགེགས་བསྐྲད་པ་གསུངས་པ་ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པའོ། །དེའི་ཕྱག་ན་ཞེས་པ་ནི་དེ་རྣམས་ཀྱིའོ་ཞེས་ཁ་ཅིག་གོ །འཁོར་ལོ་ལས་བྱུང་བ་སྔར་བཞིན་དུ་རྣམ་པར་སྣང་མཛད་རྫོགས་པར་བྱ་སྟེ་བསྒོམས་ནས་ལག་པ་གཡས་པ་ནམ་མཁའ་དང་མཉམ་པར་བསམས་ཏེ་དེའི་སྟེང་དུ་རྡོ་རྗེ་འབར་བས་བརྒྱན་པའི་འཁོར་ལ་དུས་གསུམ་


DTG040_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དམ་ཚིག་ལས་ཡང་དག་པར་བྱུང་བའི་རྡོ་རྗེ་སེམས་དཔའ་ཞེས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་དང་མཉམ་པའི་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་བསྒོམ་པར་བྱའོ། །ཐམས་ཅད་ཀྱང་ཡིན་ལ་སེམས་ཅན་གྱི་ཁམས་ཀྱང་ཡིན་ཏེ་འཁོར་ལོའི་འོད་ཟེར་གྱི་སྣང་བས་ཁྲོ་བོའི་རིགས་ཀྱི་རང་བཞིན་དུ་བྱས་ཏེ། སླར་བསྡུས་ནས་རང་གི་ལུས་ལ་བཅུག་ནས་སླར་ཡང་ཁྲོ་བོ་རྣམས་སྤྲོ་བར་བྱ་སྟེ། ནམ་མཁའ་བཀང་ལ་འདི་སྐད་བརྗོད་པར་བྱ་སྟེ། སངས་རྒྱས་ཐམས་ཅད་བདག་ལ་གསོན། །ཞེས་པ་ལ་སོགས་པའོ། །འདི་སྐད་བརྗོད་ནས་སྡང་བ་གསང་པར་བྱའོ། །གལ་ཏེ་དམ་ཚིག་ལས་འདས་ན་ཞེས་པ་ནི་གལ་ཏེ་རྣལ་འབྱོར་པ་ནུས་པ་ཡོད་ཀྱང་སྡང་བ་ལ་ཆད་པ་མི་བྱེད་ན་ཞིག་པར་ཏེ་འཆི་བར་འགྱུར་རོ། །གང་གི་ཕྱིར་ཁྲོས་པ་མ་ཡིན་ཡང་སེམས་ཅན་གྱི་དོན་དུ་ཁྲོ་བོ་ཆེན་པོ་སྟོན་པ་ནི་དམ་ཚིག་ཡིན་ནོ་ཞེས་གཞན་དག་གོ །ཡེ་ཤེས་མཆོག་གི་གཉེན་ཞེས་པ་ནི་སྙིང་རྗེའི་རྩ་བ་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པ་ཉིད་ཀྱིས་མཆོག་གི་གཉེན་ནོ། །འཁོར་ལོ་དེ་ལས་བྱུང་བ་ནི་རྣམ་པར་སྣང་མཛད་དོ། །དེས་ན་བཀའི་དམ་ཚིག་གི་རྡོ་རྗེ་གང་ཡིན་པ་དེ་དེ་བཞིན་ནོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དེ་དེ་སྔོན་དུ་སོང་བའི་དཀྱིལ་འཁོར་ཞེས་པ་འདི་ཁྱད་པར་གྱི་གནོད་པ་གང་དུ་མེད་པ་ཡིན་ན་ཐམས་ཅད་དུ་ཡིན་ནོ། །དེ་ལ་རྡོ་རྗེ་ཅན་ནི་ཡེ་ཤེས་ལྔ་ལ་སོགས་པ་དང་ལྡན་པའི་འཕགས་པ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ཅན་ཡིན་ནོ། །དེ་ཉིད་གསལ་བར་གསུངས་པ། གཤིན་རྗེ་གཤེད་ཅེས་པ་ལ་སོགས་པ་སྟེ་རང་ཡང་ཡིན་ལ་རྡོ་རྗེར་གྲགས་པ་ཡང་ཡིན་ནོ། །སེམས་ཅན་སངས་རྒྱས་ཀྱི་རྣམ་པ་ཅན་རྣམས་སྡང་བ་རྣམས་ཀྱིས་གསད་པར་བསྒོམ་པར་བྱ་ཞེས་འབྲེལ་ཏོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་པ་ལ་སོགས་པ་ནས་བརྗོད་ཅེས་པའི་མཐར་ཐུག་བཞེས་པ་འདིའི་བཤད་པ་ནི་ཧཱུཾ་མཛད་ཅེས་པ་ལ་སོགས་པ་ནས། །བསམས་ལ་བགེགས་ནི་རྣམ་པར་གཞོམ། །ཞེས་པ་ལ་ཐུག་པའོ། །དེ་ལ་གཙུག་ཏོར་གྱི་དམ་ཚིག་གཙུག་ཏོར་ཆེན་པོའི་འཁོར་ལོས་སྒྱུར་བ་ལ་སོགས་


DTG040_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྒྱད་དོ། །ནམ་མཁའ་རྡོ་རྗེ་དབུས་གནས་པར། །ཞེས་པ་ལ་སོགས་པ་ནས་རྟག་ཅེས་པའི་མཐར་ཐུག་པ་དེའི་བཤད་པ་ནི་རིག་བཅས་པའི། རྣམ་པར་སྣང་མཛད་ཡན་ལག་ལས་བྱུང་བ། །ཞེས་པ་ནས། གཞལ་ཡས་ཁང་པ་དེར་ནི་བསམ་པར་བྱ། །ཞེས་པ་ལ་མཐར་ཐུག་པའོ། །མཁའ་དབྱིངས་སངས་རྒྱས་ཞེས་པ་ལ་སོགས་པ་ནས་ཏིང་ངེ་འཛིན་ཏོ་ཞེས་པའི་མཐར་ཐུག་པ་དེའི་བཤད་པ་ནི། དཔལ་མཆོག་དང་པོའི་སྙིང་པོ་ལས་བྱུང་བ། །ཞེས་པ་ལ་སོགས་པ་ནས། འགྲོ་བ་མཆོག་གི་དོན་རྣམས་བྱས་གྱུར་པ། །ཞེས་པའི་མཐར་ཐུག་པའོ། །རྡོ་རྗེ་ཕྲ་མོ་བསྒོམ་པ་བསྟན་པར་བྱས་ཏེ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །རྡོ་རྗེ་སེམས་དཔར་བདག་ཉིད་ཡི་གེ་ཧཱུཾ་ལས་བསྒོམས་ཏེ་ལྕེ་ཡང་རྐན་ལ་སྦྱར་ནས་ཡི་གེ་ཧཱུཾ་ལས་སངས་རྒྱས་ཀྱི་གཟུགས་སྣའི་རྩེ་མོར་བསམས་ཏེ་རྡོ་རྗེ་ཕྲ་མོ་སྤྲོས་པའི་སྦྱོར་བས་ཆུའི་རྡུལ་ཕྲ་རབ་སངས་རྒྱས་ཀྱི་གཟུགས་ཀྱི་རང་བཞིན་དུ་བྱས་ཏེ་དེ་ནས་གསལ་པོར་བྱས་ལ་ཆུའི་སྟེང་དུ་བཅག་པར་བྱའོ། །མཆོག་ཏུ་མཉམ་པའི་སྦྱོར་བས་རང་གི་ལུས་ཀྱི་རྡུལ་ཕྲ་རབ་རྣམས་དེ་བཞིན་གཤེགས་པའི་རང་བཞིན་དུ་བསྒོམས་ནས་སོ། །དབང་ཆེན་གྱི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་པ་ནི། ཡི་གེ་ལཾ་ལས་གྲུ་བཞི་པ་ཁ་དོག་སེར་པོ་ཡི་གེ་ལཾ་གྱི་ས་བོན་གྱིས་བྱིན་གྱིས་བརླབ་པ་ཟུར་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚོན་པའི་དབུས་སུ་ཡི་གེ་ཨ་ལས་གྲུབ་པའི་སྣ་ཚོགས་རྡོ་རྗེ་སྟེ་ཡི་གེ་ཨ་ཡང་དེའི་དབུས་ན་ཡོད་པར་བསམས་ཏེ་དབུས་སུ་ཁྲོ་བོའི་དཀྱིལ་འཁོར་བཀོད་ནས་བསྒྲུབ་བྱའི་སྟེང་དུ་བསམ་པར་བྱས་ན་ཐམས་ཅད་རེངས་པར་འགྱུར་རོ། །ཁྲོ་བོ་འདི་དག་ཐམས་ཅད་ཁ་དོག་སེར་པོར་བསྒོམ་མོ་ཞེས་གསུངས་པ་རྡོ་རྗེ་གསུམ་མཆོག་ཅེས་པ་ལ་སོགས་པའོ། །རེངས་པ་ཐམས་ཅད་ལ་རིགས་ལྔ་པོ་ཐམས་ཅད་ཉིད་ཀྱི་དཀྱིལ་འཁོར་རྣམས་ནི་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྦྱོར་བས་ཁྲོ་བོའི་དཀྱིལ་འཁོར་གྱི་རྣམ་པ་རྣམས་སུ་བལྟ་བར་བྱའོ། །ཁྲོ་བོའི་དཀྱིལ་འཁོར་གྱི་དབུས་སུ་གནས་ཏེ་ཡི་གེ་ཧཱུཾ་རྡོ་རྗེ་རྩེ་ལྔ་པའི་གཟུགས་དགྲའི་སྙིང་གར་བསམ་པར་བྱའོ། །གྲོང་ངམ་གྲོང་ཁྱེར་ལ་སོགས་པ་རྣམས་སུ་ཡང་སྡང་བ་ཐམས་ཅད་ལ་ཕུར་པས་འདེབས་པས་ན་ཧཱུཾ་


DTG040_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་གིས་ཕུར་པ་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གྲོང་ངམ་ཡང་ན་གྲོང་ཁྱེར་རམ། །ལྗོངས་རྣམས་སུ་ནི་རབ་ཏུ་སྦྱོར། །མི་བསྐྱོད་པའི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་དུ་གནས་ཏེ་སེམས་ཅན་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ནད་པ་རྣམས་བལྟ་སྟེ་བར་སྣང་ལ་བརྟེན་པའི་རྡོ་རྗེ་རྩེ་ལྔ་པ་དེའི་གདུལ་བྱའི་སྐྱེ་བོའི་སྟེང་དུ་ཧཱུཾ་ཡིག་ལས་འབར་བའི་ཕྲེང་བ་འཁྲུགས་པའི་འོད་རྣམ་པར་བསམ་མོ། །རྡོ་རྗེའི་འོད་ཟེར་རྣམས་ཀྱིས་བསྐལ་པའི་མེ་དང་འདྲ་བས་ནད་པ་དེའི་ནད་ཐར་པར་བྱས་ནས་འོད་ཟེར་ཡང་དག་པར་བསྡུའོ། །སྤྲོ་བ་ཞེས་པ་ལ་སོགས་པ་ལ་རྡོ་རྗེ་དེ་ལས་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུའི་འོད་ཀྱི་རང་བཞིན་རྣམས་ཆོས་ཀྱི་སྤྲིན་རྣམས་སྤྲུལ་ཏེ་ཆོས་ཀྱི་སྤྲིན་དེ་རྣམས་ཀྱིས་ནད་པ་དེ་ལ་དགང་བར་བྱ་སྟེ་ཧཱུཾ་ཡིག་ཟློས་ཤིང་ངོ༌། །དེ་ལྟར་ན་དེ་ལ་དབང་བསྐུར་བར་འགྱུར་རོ། །ཡང་ན་རྡོ་རྗེ་དེ་ལས་སངས་རྒྱས་ཀྱི་སྤྲིན་རྣམས་སྤྲུལ་པའམ་རྡོ་རྗེ་སེམས་དཔའི་སྤྲིན་དེ་རྣམས་ཀྱིས་དེ་ན་གནས་པའི་ནད་པ་ལ་དགང་བར་ཡང་བྱའོ། །དེ་ལྟར་ན་ཅིར་འགྱུར་ཞེ་ན། བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་གནས་ཤིང་སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ་པོ། །ལོའམ་ལོ་བརྒྱའམ་ལོ་སྟོང་དེ་སྲིད་དུའང་གནས་པ་ན་ཞི་བར་བྱས་པར་འགྱུར་རོ། །བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་ཞེས་པ་བརྟན་པར་གསུངས་པའོ། །བསམ་གཏན་ལས་བྱུང་བ་སྔར་བརྗོད་མ་ཐག་པས་ཞི་བའི་ཆོ་གས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་ཞི་བར་བསྒོམས་པའི་ཡི་དམ་སྟེ་གནས་གང་དུ་ཡང་དག་པར་སྦྱོར་བས་རྣལ་འབྱོར་པ་ལ་བསྲུང་བར་འགྱུར་རོ། །དེ་ན་གནས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པར་འགྱུར་རོ། །རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པ་ལ་འཕགས་པ་བདུད་རྩི་འཁྱིལ་པའི་དཀྱིལ་འཁོར་གྱི་དབུས་སུ་དེའི་རྣལ་འབྱོར་གྱིས་གནས་ནས་དེའི་སྔགས་ཀྱིས་བདུད་རྩི་འཁྱིལ་པའི་ཁྲོ་བོ་ཕུར་པར་བསྒོམས་ཏེ། དེས་ཕྱོགས་བཅུའི་སྡང་བ་རྣམས་ལ་གདབ་པར་བྱའོ། །ཞི་བ་ལ་ནི་སྤྱན་གྱི་ཚུལ། །ཞེས་པ་ལ་སོགས་པ་མདོར་བསྟན་པ་བཞི་པོ་འདི་རྒྱས་པར་བཤད་པ་བཞི་གོ་རིམས་ཇི་ལྟར་གསུངས་པ། ནམ་མཁའི་དབྱིངས་ཀྱི་དབུས་སུ་བསམ། །ཞི་བའི་དཀྱིལ་འཁོར་ཞེས་པ་ནི་བཾ་ལས་


DTG040_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཆུ་དཀར་པོ་བུམ་པས་མཚན་པའི་ཟླུམ་པོ་དེ་ཉིད་དམ་པ་ཡིན་ཏེ། རྣམ་པར་སྣང་མཛད་གཟུགས་ཞེས་པ་ལ་སོགས་པའོ། །འདི་སྐད་བརྗོད་པར་འགྱུར་ཏེ་ཅི་སྐད་བརྗོད་པའི་ཆུའི་དཀྱིལ་འཁོར་ལ་རིག་པ་དང་བཅས་པའི་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཞལ་གསུམ་དང་སྐུ་ཡང་ཁ་དོག་དཀར་པོ་ཞི་བའི་ཉམས་དང་ཤིན་ཏུ་ཐུགས་རྗེ་དང་ལྡན་པ་དེ་དང་འདྲ་བའི་དཀྱིལ་འཁོར་པས་ཡོངས་སུ་བསྐོར་བར་བསམས་ཏེ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བར་བསྒྲུབ་བྱ་སྤྱན་གྱི་སྔགས་ཀྱི་ཕྲེང་བ་མགོ་གྱེན་དུ་བལྟས་པ་ཁ་དོག་དཀར་པོ་བདུད་རྩི་འཛག་པ་བསྒྲུབ་བྱའི་ལུས་ལ་ཁྱབ་པར་བཀོད་དེ་དེའི་ཤེས་པ་ཡང་ནང་དུ་བཅུག་པ་སྔོན་དུ་འགྲོ་བས་འོད་ཟེར་གྱི་སྒོ་ལས་བྱུང་བའི་སྤྱན་ལ་སོགས་པ་རྣམས་ཀྱིས། ནམ་མཁའི་ཁམས་གང་བར་བལྟ་སྟེ། སྔགས་ལས་བྱུང་པའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་དེ་རྣམས་བཀུག་སྟེ། བུམ་པའི་དབང་གི་ཚུལ་གྱིས་བསྒྲུབ་བྱའི་ལུས་པོ་ལ་བཅུག་སྟེ། སླར་ཡང་རྟག་པ་རྣམས་སྤྲོས་ཏེ་དེ་ཁོ་ན་ལྟར་དབང་བསྐུར་བར་བྱའོ། །རྒྱས་ལ་པདྨ་རྡོ་རྗེ་ཅན། །ཞེས་པའི་མདོ་གསལ་བར་གསུངས་པ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་པ་ལ་སོགས་ཏེ། དབང་ཆེན་གྱི་དཀྱིལ་འཁོར་དང་ལྡན་པའི་མཚན་ཉིད་དོ། །དེ་ནི་དགེ་བའི་བཞོན་པ་ཡིན་པའི་ཕྱིར་དགེ་བའོ། །ཆོས་འཛིན་པ་འོད་དཔག་ཏུ་མེད་པ་སྟེ་རིག་མ་དང་བཅས་པ་ཁ་དོག་སེར་པོ་རྒྱས་པ་ཡིད་ཡིན་ཏེ་དེ་དང་འདྲ་བའི་དཀྱིལ་འཁོར་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་ཐུགས་ཀར་དོན་གཉེར་རོ། །བཤད་མ་ཐག་པ་བཞིན་དུ་གོས་དཀར་མོའི་སྔགས་ཀྱིས་བསྐོར་བའོ། །གོས་དཀར་མོ་རྣམས་ཀྱིས་ནམ་མཁའ་ཡོངས་སུ་གང་སྟེ། སླར་བསྡུས་ནས་སྔར་བཞིན་དུ་བསྒྲུབ་བྱའི་ལུས་ལ་གཞུག་པར་བྱའོ། །དེ་ཉིད་གསུངས་པ། འདོད་པ་དེ་ལ་དབབ་པར་བྱ། །ཞེས་སོ། །རང་གི་བ་སྤུའི་བུག་ནས་བྱུང་བ་འོད་དཔག་ཏུ་མེད་པའི་ཚོགས་སྤྲོས་ཏེ་སླར་བསྡུས་ནས་དེ་ཁོ་ན་བཞིན་དུ་དབང་བསྐུར་བའི་མཐར་གཞུག་པར་བསྒོམ་པར་བྱའོ། །འདིས་ཞེས་པ་ནི་བརྗོད་མ་ཐག་པས་སོ། །དབང་ལ་རྣམ་པར་སྣང་མཛད་གནས། །ཞེས་པ་སྤྲོས་ཏེ་གསུངས་པ། ནམ་མཁའི་དབྱིངས་ཞེས་པ་ལ་


DTG040_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའོ། །རྡོ་རྗེ་ཟླ་གམ་དཀྱིལ་འཁོར་ལ། །ཞེས་པ་ནི་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་ཀྱི་རྣམ་པ་དང་ལྡན་པའི་མཚན་ཉིད་ལ་དབང་གི་ཆོ་ག་ལ་དམར་པོ་བརྗོད་དེ། རྡོ་རྗེ་ནམ་མཁའི་ཆོས་ཀྱི་མཆོག་ནི་དོན་ཡོད་གྲུབ་པའོ། །འདོད་པ་ཞེས་པ་ནི་འགྲོ་བ་ཐམས་ཅད་དབང་དུ་བྱེད་པར་འདོད་པའི་གསོལ་བ་འདེབས་པའོ། །སངས་རྒྱས་ཀྱིས་ཞེས་པ་ནི་དོན་ཡོད་གྲུབ་པ་རྣམས་ཀྱིས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞེས་པ་ནི་འཕགས་མ་སྒྲོལ་མའི་གཟུགས་རྣམས་ཀྱིས་སོ། །དོན་ནི་འདི་ཡིན་ཏེ་སྔར་བརྗོད་པའི་དཀྱིལ་འཁོར་དུ་གནས་ཏེ་ཁ་དོག་དམར་པོའི་དོན་ཡོད་གྲུབ་པ་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་ཆགས་པས་ཡང་དག་པར་ཞེན་པའི་ཐུགས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རང་ཉིད་དེ་དང་འདྲ་བའི་དཀྱིལ་འཁོར་པས་བསྒོམས་ཏེ་སྔར་བཞིན་དོན་དུ་གཉེར་བ་འཕགས་མ་སྒྲོལ་མའི་ཕྲེང་བའི་སྔགས་ཀྱིས་བསྐོར་བར་བལྟ་སྟེ། སྔགས་ལས་བྱུང་བའི་འོད་ཟེར་གྱི་སྒོ་ལས་འཐོན་པའི་ཁ་དོག་དམར་པོ་ཡང་དག་པར་ཞེན་པའི་ཐུགས་ཀྱི་འཕགས་མ་སྒྲོལ་མའི་ཚོགས་ཀྱིས་ནམ་མཁའི་ཁམས་གང་བར་བྱས་ཏེ། ཡང་དག་པར་བསྡུས་ནས་དེ་རྣམས་ཀྱིས་དེ་ལ་བུམ་པ་དམར་པོའི་བདུད་རྩིས་དབང་བསྐུར་ནས་འདོད་ཆགས་ཀྱི་སེམས་ཀྱི་མེས་བསྐུལ་ནས་འོད་ཟེར་ལྔ་འབར་བ་ཁ་དོག་དམར་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་མངོན་པར་དབང་བསྐུར་ཏེ་ཞུ་བར་གྱུར་པའི་འཕགས་མ་སྒྲོལ་མའི་ཚོགས་ཞུགས་པས་དབང་བསྐུར་བར་བྱའོ། །དེ་བཞིན་དུ་རང་གི་བ་སྤུའི་བུ་ག་ལས་འཐོན་པ་དོན་ཡོད་གྲུབ་པའི་ཚོགས་ཀྱིས་དབང་བསྐུར་བ་ཡང་ཡིན་ནོ། །དེ་ནི་ཞེས་པ་ནི་དབང་དོན་དུ་གཉེར་བའོ། །དེ་མ་ཐག་ཏུ་ཞེས་པ་ནི་སེམས་བརྟན་པའི་རྣལ་འབྱོར་པ་བསྒྲུབ་མ་ཐག་པ་ཉིད་དུ་སངས་རྒྱས་ཀུན་གྱི་ཐུགས་སུ་བྱོན་པའོ། །འཇམ་པ་ནི་མཉེན་པ་སྟེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གྱོང་བ་དང་བྲལ་བའི་ཕྱིར་དང་། །དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཕུན་སུམ་ཚོགས་པ་སྟེ་དེ་དང་འདྲ་བའི་ལུས་སོ། །མཐོང་བ་ཙམ་གྱིས་འགྲོ་བ་ཐམས་ཅད་དབང་དུ་བྱེད་པའི་ལས་བྱེད་པར་དབང་བསྐུར་མ་ཐག་ཉིད་དུ་འགྱུར་རོ་ཞེས་པའི་དོན་ཏོ། །དེ་གསུངས་པ། འགྲོ་བ་ཐམས་ཅད་དབང་


DTG040_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱེད། །མཐོང་བ་ཙམ་ནི་ཉིད་ཀྱིས་བརྗོད། །ཅེས་སོ། །རྡོ་རྗེ་ཁྲོ་བོ་མངོན་སྤྱོད་ལ། །ཞེས་མདོར་བསྟན་པའི་རྒྱས་པར་བཤད་པ་གསུངས་པ། ནམ་མཁའ་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། ཁྲོས་ཤིང་མི་སྡུག་པ་དང་གཏུམ་པ་འཇིགས་སུ་རུང་བའི་ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པ་དང༌། དྲག་པོ་ནི་སྙིང་རྗེ་མེད་པ་བཞིན་དུ་སྡང་བའི་དོན་བྱེད་པ་རྣམས་ཀྱིས་སོ། །ཅེ་སྤྱང་ལ་སོགས་པ་ཤ་ཟ་བ་རྣམ་པ་སྣ་ཚོགས་པའི་ཕྱུགས་དང་བྱ་རྣམས་ཀྱིས་སོ། །མེའི་དཀྱིལ་འཁོར་རཾ་ལས་བྱུང་བ་འབར་ཞིང་གསལ་བའི་རྣམ་པའི་ཟུར་གསུམ་པོ་དེར་གནས་པའི་སྡང་བ་རྣམས་དཀོན་མཆོག་གསུམ་ལ་སོགས་པ་རྣམས་ལ་གནོད་པ་བྱེད་པ་བླ་ན་མེད་པའི་རང་དང་གཞན་གྱི་དོན་ལས་ཉམས་པ་ལ་ཞུགས་པ་རྣམས་ཡིན་པ་དེ་ཉིད་ཀྱི་ཕྱིར་ན། སངས་རྒྱས་ཐམས་ཅད་ལ་གནོད་པ་བྱེད་པ་རྣམས་སོ་ཞེས་ངེས་པར་བྱ་སྟེ། ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཀྱིས་སྦྱོར་བའི་ཐབས་དང་ཤེས་རབ་ཀྱི་སྙོམས་པར་འཇུག་པའི་ངོ་བོ་རབ་ཏུ་སྦྱར་བ་བསྒོམ་པར་བྱའོ། །ཆོ་ག་འདི་ཐམས་ཅད་དུ་བསམ་གཏན་ལས་བྱུང་བའི་མངོན་སྤྱོད་ལ་བལྟ་བར་བྱའོ། །ཇི་སྐད་དུ་བརྗོད་པར་འགྱུར་ཏེ། ཇི་སྐད་བརྗོད་པའི་མེའི་དཀྱིལ་འཁོར་ལ་གནས་པ་ཁྲོ་བོ་གང་ཡང་རུང་བའི་རྣལ་འབྱོར་སྔོན་དུ་བྱས་ཏེ། དེ་བཞིན་དུ་བསྒྲུབ་བྱའི་སྡིག་པ་བསགས་པའི་ཁ་སྦྱར་ཕྱེ་ནས་འཇིགས་ཤིང་བརྒྱལ་བ་མདུན་གྱི་མེའི་དཀྱིལ་འཁོར་ལ་གནས་པ་སྒྲེན་མོ་སྐྲ་གྲོལ་བ་མར་ནག་གིས་བྱུགས་པའི་ལུས་སུ་དམིགས་ཏེ། རང་གི་བ་སྤུའི་བུ་ག་ལས་བྱུང་བའི་འོད་ཟེར་གྱི་སྒོ་ལས་འཐོན་པའི་རྡོ་རྗེ་སྲིན་པོ་ལ་སོགས་པ་རྣམས་ཀྱིས་ནམ་མཁའི་ཁམས་གང་ནས་མཚོན་ཆ་སྣ་ཚོགས་པ་ཐོགས་པའི་ཁྲོ་བོ་རྣམས་ཀྱིས་མནན་ཞིང་དུམ་བུར་བྱས་ཤིང་སྲིན་པོ་ལ་སོགས་པ་རྣམས་ཀྱིས་རྒྱུ་མ་དང་རྐང་ལ་སོགས་པ་ཕྱུང་ཞིང་ཟོས་པ་བསྒོམ་པར་བྱའོ་ཞེས་སོ། །འདི་ཡང་སྙིང་རྗེ་དང་ཤེས་རབ་ལ་གོམས་པའི་བདག་ཉིད་ཀྱིས་གཞན་གྱི་དོན་དུ་ཞུགས་པ་དེ་བཞིན་གཤེགས་པའི་བཀའ་དང་སླར་གྱི་བཀའ་ཐོབ་པས་སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པ་དག་ལ་སྣོད་ཇི་ལྟ་བ་བཞིན་དུ་གཞག་པར་འདོད་པས་སྨོན་ལམ་བཏབ་སྟེ་རྣམ་པ་ཐམས་ཅད་དུ་རང་གི་དོན་ལ་ལྟོས་པ་མེད་པ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་འདི་ལེའུ་ལྔ་པ་ལ་སོགས་


DTG040_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་སུ་ཁོ་བོ་ཅག་གིས་ཚད་མ་དང་ལུང་གིས་ངེས་པར་བྱས་པས་སླར་ཡང་འདིར་རྒྱས་པར་མི་བྱེད་དོ། །སངས་རྒྱས་ཞེས་པ་ནི་ཤིན་ཏུ་བར་བརྗོད་པས་འདིའི་རྣལ་འབྱོར་གྱི་ཆེ་བ་ཉིད་བརྗོད་པ་ཡིན་ནོ། །ད་ནི་ཏིང་ངེ་འཛིན་གསུམ་དང་འབྲེལ་པའི་རྣམ་པར་སྣང་མཛད་ལ་སོགས་པ་བདག་པོའི་སྐུ་མདོག་དང་ཕྱག་མཚན་གྱི་དེས་པ་གསུངས་པ། ཞལ་གསུམ་ནི་ཐུགས་དང་གསུང་དང་སྐུ་སྟེ། ཆོས་དང་ལོངས་སྤྱོད་པ་དང་སྤྲུལ་པའི་སྐུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་རྣམ་པར་དག་པ་ཡིན་ཏེ། སྟོན་ཀའི་འདམ་བུའི་མདོག་འདྲ་བ་ནི་སྐུ་ཐམས་ཅད་ཟླ་བའི་ཁ་དོག་སྟེ། དཀར་པོ་ནག་པོ་དམར་ཆེན་པོ། །དབུས་དང་གཡས་དང་ཅིག་ཤོས་སོ། །རྡོ་རྗེ་ཅན་ནི་མི་བསྐྱོད་པའོ། །ནག་པོ་དམར་པོ་དཀར་པོའི་ཞལ། །རྩ་བ་གཡོན་པ་གཡས་པའི་ཞལ། །འཇིག་རྟེན་གྱི་ཁམས་རྣམས་སུ་འདི་མཉམ་པ་ཡིན་ཞིང་ཆོས་ཀྱི་དབྱིངས་ལས་མ་གཏོགས་པ་གང་གི་ཕྱིར་ཆོས་ཡོད་པ་མ་ཡིན་པར་སྤྱིའི་མཚན་ཉིད་ཡིན་པ་དེའི་ཕྱིར་རིགས་པས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཐམས་ཅད་དུ་ཡིན་ཏེ་ཤེས་རབ་དང་མཉམ་པའི་སེམས་ཡིན་པའི་ཕྱིར་རོ། །འཁྲུག་པ་བཞིན་དུ་ཡང་ཡིན་ཏེ་སྙིང་རྗེས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཕན་པ་བསྐྱེད་པས་འཁོར་བ་ལས་བཟློག་པའི་ཕྱིར་རོ། །ཁྱད་པར་འདི་ཡང་སྔ་མ་དང་ཕྱི་མ་ཐམས་ཅད་དུ་ཡང་ཅི་ལྟར་རིགས་པར་རྟགས་ལ་སོགས་པ་ཡོངས་སུ་བསྒྱུར་བར་བལྟ་བར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་འདི་དང་འདྲ་བའི་ཕྱིར་རོ། །འདོད་ཆགས་ཅན་ནི་འོད་དཔག་ཏུ་མེད་པའོ། །དམར་པོ་ནག་པོ་དཀར་པོའི་ཞལ། །རྩ་བ་གཡས་དང་ཅིག་ཤོས་ཞལ། །རྩ་བའི་ཞལ་དང་འདྲ་བར་ཐམས་ཅད་དུ་སྐུ་ཐམས་ཅད་བལྟ་བར་བྱའོ། །ཐོར་ཚུགས་དབུ་རྒྱན་ལོངས་སྤྱོད་ཅན། །བསྒོམས་ན་ངེས་པར་འགྲུབ་པར་འགྱུར། །ཞེས་པ་ནི་ཐམས་ཅད་དུ་འབྲེལ་ཏོ། །འཁོར་ལོ་རྡོ་རྗེ་པདྨ་ཆེ། །གཡས་པའི་ཕྱག་ཏུ་རྣམ་པར་བསྒོམ། །ཞེས་པ་ནི་རྩ་བའི་ཕྱག་མཚན་གོ་རིམས་ཇི་ལྟ་བར་རོ། །རྡོ་རྗེ་ཕྱག་དྲུག་བསྒོམ་པར་བྱ། །ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་རྒྱུད་འདིར་རོ། །མཚོན་


DTG040_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་སྣ་ཚོགས་འཛིན་པ་ནི། །ཞེས་པ་ནི་མན་ངག་ཇི་ལྟ་བར་ཀུན་དུ་བཟང་པོའི་དཀྱིལ་འཁོར་གྱི་ཆོ་གའི་རྗེས་སུ་འབྲང་བ་རིགས་གསུམ་གྱི་རྣམ་པར་གཞག་པ་འདིར་རྒྱས་པར་བཤད་པའོ། །རིགས་ལྔའི་རྣམ་པར་གཞག་པ་ནི་གསུམ་པ་རུ་སྤྲོས་པ་རྣམས་སོ། །སེམས་ཅན་ཀུན་ལ་ཕན་བཞེད་དམ། །ཞེས་པ་ནི་སྔ་མ་དང་ཕྱི་མར་ཡང་རྟགས་ལ་སོགས་པར་རྣམ་པར་བསྒྱུར་བ་དང་འབྲེལ་བར་བྱའོ། །འདིས་ཀྱང་ཐེག་པ་གསུམ་པོ་ཡང་དག་པར་བསྡུས་པ་དཔལ་གསང་བ་འདུས་པ་མཐར་ཐུག་པ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པར་ཐུགས་རྗེ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་གཙོ་བོ་ཉིད་དུ་བརྗོད་པ་ཡིན་ནོ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བས། །ཐབས་དང་སྙིང་རྗེའི་བདག་ཉིད་དོ། །ཞེས་དཔལ་སངས་རྒྱས་ཐམས་ཅད་ལས་སོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་དང་སྙིང་རྗེ་ཉིད་གོམས་པ་སངས་རྒྱས་ཀྱི་བསྟན་པ་འདི་ལ་དབང་བ་ཡིན་ནོ་ཞེས་ལུང་ལས་ཀྱང་གྲུབ་པོ། །དཀར་པོ་ནག་པོ་དམར་ཆེན་པོ། །ཞེས་པ་ནི་རྟག་པ་དང་འདྲའོ། །ནམ་མཁའ་རྡོ་རྗེ་ནི་མི་བསྐྱོད་པ་ཡིན་ལ་སྤྱན་ནི་གཙོ་མོ་སྟེ་དེའི་རིགས་ཡིན་པའི་ཕྱིར་རོ། །རྟག་པར་ཞེས་པ་ནི་སྤྱོད་ལམ་བཞི་སྟེ་ཐམས་ཅད་བལྟ་བར་བྱའོ། །ལངས་པ་དང་ནི་འདུག་པ་དང༌། །གཙང་བའམ་ཡང་ན་མི་གཙང་བར། །རྟག་ཏུ་སྒོམ་པར་བྱེད་པ་ཡང༌། །དངོས་གྲུབ་རྟོགས་པར་འགྱུར་བ་ཡིན། །གནག་དང་དམར་དང་དཀར་པའི་ཚུལ་ནི་རྡོ་རྗེ་ཅན་བཞིན་ནོ། །གསུང་རྡོ་རྗེའི་སྤྱན་ནི་གོས་དཀར་མོ་སྟེ་དམར་དང་དཀར་དང་གནག་པ་ནི་འདོད་ཆགས་ཅན་བཞིན་ནོ། །རྡོ་རྗེ་ཨུཏྤལ་ནི་ཡེ་ཤེས་ལྔའི་རང་བཞིན་སེར་པོ་དེ་འཛིན་པ་སྟེ། སེར་པོ་ནག་པོ་དཀར་པོའི་ཚུལ། །རྩ་བ་གཡས་དང་གཡོན་གྱི་ཞལ། །བསྒོམས་ན་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཡུལ་ཡིན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་འབྲེལ་ཏོ། །གཤིན་རྗེ་གཤེད་ནི་ཞལ་གསུམ་པ་སྟེ་རྡོ་རྗེ་ཅན་བཞིན་ནོ། །གཞན་གྱིས་མི་ཐུབ་པ་ཞལ་གསུམ་པ་སྟེ་རྣམ་པར་སྣང་མཛད་བཞིན་ནོ། །དྲག་པོའི་འོད་འཇིགས་པ་ཡང་འཇིགས་པར་བྱེད་པ་དང་དྲག་ཏུ་བཞད་པ་ལ་སོགས་པ་འདི་ནི་མི་སྡུག་པའི་ཁྲོ་བོ་ཐམས་ཅད་ལ་བལྟའོ། །རབ་ཏུ་འཕྲོ་བ་ཞེས་པ་ནི་རྟགས་ལ་སོགས་པ་ཡོངས་སུ་བསྒྱུར་བས་ཐམས་ཅད་ཀྱི་


DTG040_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཡིན་ནོ། །རྟ་མགྲིན་ནི་པདྨ་མཐར་བྱེད་དེ་ཞལ་གསུམ་ནི་འདོད་ཆགས་ཅན་བཞིན་ནོ། །རྡོ་རྗེ་མི་འཆི་བ་ནི་བདུད་རྩི་འཁྱིལ་པ་སྟེ་ཞལ་གསུམ་ནི་རྡོ་རྗེ་ཅན་བཞིན་ནོ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་ནི་འཆད་པར་འགྱུར་བའི་ཡང་ཁྱད་པར་ཡིན་པའི་ཕྱིར་རོ། །འདོད་པ་ཡང་འདི་ཡིན་ལ་ཡེ་ཤེས་ཀྱང་ཡིན་ཏེ་ཐམས་ཅད་གཉིས་སུ་མེད་པ་རང་རིག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞལ་གསུམ་ནི་རྡོ་རྗེ་ཅན་བཞིན་ནོ། །དངོས་པོ་གསུམ་མམ་སྐུ་ལ་སོགས་པ་གསུམ་ལ་འཇིགས་པ་སྟེར་བ་དེ་ཉིད་ཀྱི་ཕྱིར་ན་འཇིགས་པར་བྱེད་པའི་མཆོག་གོ །ཕྱག་བཞི་ནི་རིག་མ་ལ་འཁྱུད་པའི་རྩ་བའི་ཕྱག་གཉིས་བོར་བའོ། །སྟོབས་པོ་ཆེ་ནི་ཞལ་གསུམ་པ་སྟེ་རྡོ་རྗེ་ཅན་བཞིན་ནོ། །རྡོ་རྗེ་ཆེ་འཇིག་རྟེན་གསུམ་གྱི་མུན་སེལ་བ་ནི་སྔར་བཞིན་དུ་ཐམས་ཅད་ཀྱི་ཡིན་ནོ། །ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་ཕྱིར་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པའི་མུན་པ་སྤངས་པའི་ཕྱིར་ཁྱད་པར་ཡིན་ནོ། །དབྱིག་པ་སྔོན་པོ་ནི་དབྱིག་པ་རྩ་བའི་ཕྱག་མཚན་ཡིན་པའི་ཕྱིར་རོ། །ཞལ་གསུམ་ནི་རྡོ་རྗེ་ཅན་བཞིན་ནོ། །རྡོ་རྗེ་གསུམ་ལས་བྱུང་བ་ནི་ཐམས་ཅད་སྐུ་རྡོ་རྗེ་ལ་སོགས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཡང་འདི་ཡིན་ལ་སྔར་བཞིན་དུའོ། །མི་གཡོ་བ་ཡང་ཡིན་ཏེ་དེ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །རལ་གྲི་འཛིན་པ་ནི་རྩ་བའི་ཕྱག་མཚན་ཡིན་པའི་ཕྱིར་རོ། །ཞགས་པ་འཛིན་པ་ནི་ལས་ཀྱི་ཚོགས་ཀྱི་དུས་ཉིད་དོ། །ཞི་བ་ནི་རོལ་པའི་ཁྲོ་བོ་ཡིན་པའི་ཕྱིར་རོ། །འདིའི་དབང་དུ་བྱས་པ་ནི་གནོད་མཛེས་ཡེ་ཤེས་འཛིན་པ་ལ་ཐུག་པའོ། །འདོད་པའི་རྒྱལ་པོ་ཡང་ཞི་བ་ཡིན་པ་ནི་མན་ངག་ལས་སོ། །ཞལ་གསུམ་པ་ནི་རྡོ་རྗེ་ཅན་བཞིན་ནོ། །བརྟུལ་ཞུགས་ནི་རིག་པའི་བརྟུལ་ཞུགས་ལ་སོགས་པའི་སྦྱོར་བ་དང་ལྡན་པས་སོ། །ཡི་གེ་གཅིག་ནི་ཡི་གེ་གཅིག་པའི་སྔགས་སོ། །ཞལ་གསུམ་ནི་འཕགས་མ་སྒྲོལ་མ་བཞིན་ནོ། །འཁོར་ལོ་ཅན་ནི་དེ་རྩ་བའི་ཕྱག་མཚན་ནོ། །གནོད་མཛེས་ཀྱང་འདི་ཡིན་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་འཛིན་པ་ཡང་ཡིན་ནོ། །འདི་འཇིགས་པ་ཡང་ཡིན་ལ་རྒྱ་མཚོ་ཡང་ཡིན་ཏེ་འོད་མཚུངས་པ་ཡང་སྔར་བཞིན་ནོ། །ཞལ་གསུམ་ནི་རྡོ་རྗེ་ཅན་བཞིན་ནོ། །བསམ་གཏན་ཏིང་ངེ་འཛིན་གསུམ་གྱི་ངོ་


DTG040_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ལས་བྱུང་བ་གང་ཡིན་པ་དེ་ནི་བསྒོམ་པར་བྱའོ་ཞེས་སྔ་མ་དང་ཡང་འབྲེལ་ཏོ། །འདི་རྣམས་ནི་དཀྱིལ་འཁོར་གྱི་བདག་པོ་ཉིད་ཀྱིས་བསྟན་པ་ཡིན་གྱི་དཀྱིལ་འཁོར་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་སྟོན་པས་གསུངས་པ། གཟི་བརྗིད་ཕུང་པོ་གཙུག་ཏོར་རྒྱལ། །ཞེས་པ་ལ་སོགས་པ་དང༌། གང་གཞན་སྔགས་ཞེས་རྒྱུད་ཕྱི་མར་བརྗོད་པའི་ཚུལ་གྱིས་ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཡིན་པའི་ཕྱིར་འཁོར་ལོ་ཅན་ཡང་དཀྱིལ་འཁོར་ཅན་ཡིན་ནོ་ཞེས་ཁ་ཅིག་གོ །དཔལ་རྡོ་རྗེ་སྙིང་པོ་རྒྱན་ལས་བརྗོད་པ་ཁ་དོག་ལ་སོགས་པ་རྣམས་ཀྱི་འཁོར་ལོས་སྒྱུར་བ་བརྒྱད་ཀྱི་ཡིན་ལ་རང་གི་མཚན་མ་རྩ་བའི་ཕྱག་ན་ཡིན་ཏེ། ལྷག་མའི་ཕྱག་རང་གི་རིགས་ཀྱི་ཕྱག་མཚན་དང་ཞལ་གསུམ་ཕྱག་དྲུག་པའོ་ཞེས་གཞན་དག་གོ །སོ་སོ་སོ་སོར་དཀྱིལ་འཁོར་གྱི་བདག་པོ་ཉིད་ཀྱིས་ཡིན་གྱི་དཀྱིལ་འཁོར་པ་མ་ཡིན་པ་ཉིད་ཡིན་ཏེ། འདི་རྣམས་མཐའ་མེད་པ་ཉིད་ཡིན་ཏེ། འདི་རྣམས་མཐའ་མེད་པ་ཉིད་དུ་རྒྱས་པར་བཤད་པས་ཏེ་གསལ་པོར་གསུངས་པ། དཔག་ཏུ་མེད་པ་ཞེས་བྱ་བ་ནི་རྒྱུད་འདིར་དཀྱིལ་འཁོར་པ་རྣམས་ངེས་པ་ཡིན་ལ་རྒྱུད་གཞན་རྣམས་སུ་ནི་དཀྱིལ་འཁོར་བའི་བདག་པོ་ངེས་པ་ཡིན་ཏེ་གྲངས་སུ་བཅད་པའི་ཕྱིར། ནམ་མཁའི་སྟེང་དུ་ཤིན་ཏུ་མང༌། ཞེས་ཁྱད་པར་དུ་བྱས་ཏེ་ཤིན་ཏུ་ཁྱད་པར་ཅན་དུ་འགྱུར་རོ། །དོན་གཞན་ལ་ནི་བརྟེན་ནས་སུ། །དོན་དེ་ཉིད་ནི་བཟླས་པ་ཡིན། །ཞེས་བྱ་བའི་ཚུལ་གྱིས་བསྟན་པའི་དོན་ཡང་བསྟན་པ་གསུངས་པ། ནམ་མཁའི་དབྱིངས་ནི་ཆོས་དབྱིངས་ཡིན་པར་ཐམས་ཅད་དུ་མན་ངག་ལས་ཡིན་ནོ། །གསལ་བའི་དཀྱིལ་འཁོར་ཞེས་པ་ནི་གསུམ་པར་བཤད་ཟིན་ཏོ། །སངས་རྒྱས་ནི་རྡོ་རྗེ་འཛིན་པ་ཡིན་ལ། དེ་ཡོངས་སུ་གྱུར་པའི་དངོས་པོ་ཡིན་པས་ཏིང་ངེ་འཛིན་ཐམས་ཅད་ཀྱིའོ། །གསལ་བ་སྟེ་ཐམས་ཅད་རང་རིག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཟླ་བ་བཞིན་ཞེས་བྱ་བ་ནི་གསུམ་པར་ངེས་པར་བྱས་སོ། །ཞི་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པའི་བསླད་པ་བཅོམ་ལྡན་འདས་ཐམས་ཅད་ཀྱིས་སྤངས་པའི་ཕྱིར་རོ། །མེ་ལོང་བཞིན་དུ་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྐྱེ་བའི་རྟེན་ཡིན་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བདག་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་


DTG040_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་གྱི་དཀྱིལ་འཁོར་རོ། །འདི་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་ཏེ་ཅི་ལྟར་རིགས་པར་རོ། །རྡོ་རྗེ་སེམས་དཔའ་ནི་འདིར་མི་བསྐྱོད་པའོ། །འདི་གསལ་བའི་ལུས་ཀྱང་ཡིན་ལ་འདྲ་བར་བྱེད་པས་ན་འདྲ་བ་ཡང་ཡིན་ཞིང་ཁྲོ་བ་ཡང་ཡིན་ཏེ་ཞེ་སྡང་རྣམ་པར་དག་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ལ་སྙིང་རྗེ་ཆེན་པོའི་ཁྲོ་བས་སོ། །རྡོ་རྗེ་མི་བསྐྱོད་པའི་ཆེ་བའི་བདག་ཉིད་ཡིན་ནོ། །ཆོས་ཀྱི་སེམས་དཔའ་ནི་འོད་དཔག་ཏུ་མེད་པའོ། །ཟླ་བའི་དཀྱིལ་འཁོར་ཞེས་པ་འདིའི་དབང་དུ་བྱས་པ་ནི་འཕགས་མ་སྒྲོལ་མ་ལ་ཐུག་པའོ། །རྡོ་རྗེ་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །ནམ་མཁའ་རྡོ་རྗེ་མཆོག་ནི་ནམ་མཁའ་སྒྱུ་མའི་མཆོག་སྟེ་མཱ་མ་ཀཱིའོ། །ཨུཏྤལ་སྔོ་དམར་ཞེས་པ་ལ་སྔོན་པོ་ནི་ཞེ་སྡང་རྣམ་པར་དག་པ་ཡིན་ལ་དམར་པོ་ནི་ཁ་དོག་གོ །ཆོས་ཀྱི་འཁོར་ལོ་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ། །རྡོ་རྗེ་ཆོས་ནི་གོས་དཀར་མོའོ། །པདྨ་རཱ་ག་ཟླ་འདྲ་བ་ནི་ཁ་དོག་དང་མཛེས་པས་ཀྱང་ཡིན་ཏེ་གོ་རིམས་བཞིན་དུ་ཡིན་ནོ། །ཐུགས་རྗེ་ཆེན་པོའི་འདོད་ཆགས་ཀྱིས་ཆགས་པའི་ཐུགས་འཛིན་པའི་ཕྱིར་འདོད་ཆགས་འཛིན་པ་སྟེ་འོད་དཔག་ཏུ་མེད་པའོ། །དེའི་སྡུག་པ་ནི་དེའི་རིགས་ཡིན་པའི་ཕྱིར་རོ། །ཨུཏྤལ་དམར་པོ་ནི་ཁ་དོག་དམར་པོ་དང་ཆོས་མཐུན་པས་དམར་པོ་སྟེ་པདྨའོ། །ཐམས་ཅད་སྒྲ་ཇི་བཞིན་པར་བཟུང་ན་ནི་རལ་གྲི་དང་གཏུན་ཤིང་དང་དགྲ་སྟྭ་དང་ཞགས་པའི་ཕྱག་དང་ཞལ་བཞི་པ་དང་ཕྱག་བཞི་པ་དང་ཞབས་དྲུག་པ་ལ་སོགས་པ་གཤིན་རྗེ་གཤེད་ལ་སོགས་པ་ཡིན་པས་དཔལ་གསང་བ་འདུས་པར་ཡང་ཡེ་ཤེས་ཞབས་ཀྱི་ཡང་ལུགས་ལ་མི་འཚམ་པ་ཤིན་ཏུ་མང་པོར་འགྱུར་རོ། །སྒྲ་ནི་ཇི་བཞིན་དཔྱོད་པ་ན། །སྒྲིབ་པ་ཞེས་རྒྱལ་བ་བྱམས་པས་བརྗོད་པ་དང་འགལ་བར་འགྱུར་རོ། །རྒྱུན་མ་ཆད་ཅིང་གནོད་པ་མེད་པའི་གཞུང་ཉིད་སྒྲའི་དོན་དུ་ངེས་པ་ཡིན་ཏེ། དེ་ལས་གཞན་དུ་སྲིད་པའི་ཕྱིར་ཐེ་ཚོམ་ནི་སྒྲ་ཙམ་ལས་མི་ལྡོག་གོ །གང་རྣམ་འགྲེལ་ལས། གཞན་དུ་མི་སྲིད་མེད་པའི་ཕྱིར། །ནུས་པ་སྣ་ཚོགས་རང་གི་སྒྲ། །ངེས་པར་བྱེད་པ་མ་མཐོང་ལ། །ཐེ་ཚོམ་ངེས་པར་འགྱུར་བ་ཡིན། །འདིས་ནི་འདམ་ལས་སྐྱེས་པས་འདམ་སྐྱེས་ཏེ། །ཨུཏྤལ་ཡིན་ཞེས་


DTG040_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལོ། །སྒྲ་འཇུག་པའི་རྒྱུ་མཚན་ཙམ་ཡོད་པས་དོན་ལ་འཇུག་པ་མ་ཡིན་ལ་འོན་ཀྱང་གྲགས་པའི་དབང་གིས་ཡིན་ཏེ། འགྲོ་བས་ན་བ་ལང་ཞེས་པ་ལ་སོགས་པ་ལ་འགྲོ་བ་ལ་སོགས་པའི་འཇུག་པའི་རྒྱུ་མཚན་ཡོད་པ་ཉིད་ཀྱིས་བྲམ་ཟེ་ལ་སོགས་པ་རྣམས་ལ་ཡང་བཏགས་པ་མ་ཡིན་པར་བ་ལང་གི་སྒྲ་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གྲུབ་པ་ནི་དོན་ཡོད་པར་གྲུབ་པ་དེའི་དཀྱིལ་འཁོར་རོ། །ཁ་དོག་སེར་པོ་ཡང་ཡིན་ལ་མདངས་ཀྱང་ཡིན་པས་མདངས་སོ། །སེར་པོ་ཡང་ཁ་དོག་གིས་ཡིན་ལ་མདངས་ཀྱང་ཡིན་པས་མདངས་སོ། །དེ་བཞིན་དུ་གསུངས་པ། ལྷ་མོ་འདི་རྣམས་ངེས་པའི་ཕྱག་མཚན་ནི། །འཁོར་ལོ་བཟང་དང་ཨུཏྤལ་དམར་པོ་དང༌། །པདྨ་ཨུཏྤལ་གསེར་མདོག་རིམ་བཞིན་བསམ། །ལྷག་མ་རྣམས་ནི་ཇི་བཞིན་འདོད་པར་འདོད། །སངས་རྒྱས་གཟུགས་ནི་བསྒོམ་བྱས་ནས། །ཞེས་པ་ནི་རང་གི་ས་བོན་དུ་ཡོངས་སུ་གྱུར་པའི་དུས་ན་ཉི་མའི་དཀྱིལ་འཁོར་ལ་སོགས་པ་ལ་ཇི་ལྟར་རིགས་པར་བསམ་པར་བྱ་ཞེས་པ་ནི་ཐམས་ཅད་དུ་འབྲེལ་ཏོ། །ཕྱག་ན་རལ་གྲི་ནི་གང་གི་གསུམ་པ་ན་ཡོད་པ་དེ་ཡིན་ནོ། །དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཐམས་ཅད་དུ་ཅི་ལྟར་སྲིད་པར་རོ། །གཞན་གྱིས་མི་ཐུབ་པ་ནི་མི་མཐུན་པའི་ཕྱོགས་ཀྱིས་སོ། །སྦྲུལ་གྱིས་བརྒྱན་ཅིང་སྐེ་རགས་ཅན། །ཞེས་པ་ནི་མཚོན་པ་སྟེ་ཁྲོ་བོ་མི་སྡུག་པ་ཐམས་ཅད་ཀྱི་ཁྱད་པར་རོ། །གྱེས་པ་ནི་གདངས་པའི་ཞལ་ཏེ་གདོང་མི་སྡུག་པ་དང་མཆེ་བ་འཁྱོག་པ་དང་ཞལ་འཇིགས་སུ་རུང་བའི་ཕྱིར་རོ། །འདི་དག་ཀྱང་དེ་རྣམས་ཉིད་ཀྱིའོ། །རྟ་མགྲིན་ཞེས་པ་ནི་པདྨ་མཐར་བྱེད་ཀྱི་མིང་གཞན་ནོ། །རྒྱུད་འདིར་ནི་ཐམས་ཅད་ཞལ་གསུམ་པའོ། །གདུག་པ་ཐམས་ཅད་ཀྱི་གནས་ནི་འདུག་ས་སྟེ། དེ་མནན་པ་དེ་དང་དེ་གང་གིས་བསལ་བ་དེའོ། །སྐུ་དམར་པོ་ནི་ལུས་ཐམས་ཅད་དང་རྩ་བའི་ཞལ་ལོ། །དཔག་མེད་ནི་སངས་རྒྱས་འོད་དཔག་ཏུ་མེད་པའོ། །རྡོ་རྗེ་མི་འཆི་བ་ནི་བདུད་རྩི་འཁྱིལ་པའོ་ཞེས་བཤད་ཟིན་ཏོ། །ཀུན་དུ་འཁྲུགས་ཤིང་ཁྲོས་ཞེས་པ་ཡང་ངོ༌། །དེ་ཉིད་ཀྱི་ཕྱིར་ཁྲོས་ཤིང་མཆེ་བ་རྣོན་པོ་ཡང་ཡིན་པ་ནི་འཇིགས་སུ་རུང་བའི་ཁྲོ་བོ་ཐམས་ཅད་ཀྱི་ཁྱད་པར་རོ། །འདོད་པ་སེམས་པ་ཁྲོས་པ་ནི། །འཇིགས་སུ་རུང་


DTG040_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུ་མཆོག་སྟེ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཞེས་པ་ནི་རོལ་པའི་ཁྲོ་བོ་ཡིན་པའི་ཕྱིར་རོ། །སྟོབས་པོ་ཆེ་ཞགས་པ་འཛིན་པ་ནི་ལས་ཀྱི་ཚོགས་ཉིད་ལའོ། །རྡོ་རྗེ་སྔོན་པོ་ནི་དབྱིག་པ་སྔོན་པོའོ། །འདི་གནག་པ་ཡང་ཡིན་ལ་སྐུ་ཐམས་ཅད་དང་རྩ་བའི་ཞལ་གྱིས་སོ། །རྒྱ་མཚོ་ཡང་ཡིན་ཏེ་ཐམས་ཅད་མཁྱེན་པ་མ་ཡིན་པས་རྟོགས་པར་དཀའ་བའི་ཕྱིར་དང་ཡོན་ཏན་མ་ལུས་པའི་རྟེན་ཡིན་པའི་ཡང་ཕྱིར་རོ། །འཕེལ་བར་བྱེད་པ་ནི། སེམས་ཅན་མ་ལུས་པའི་རྒྱུད་ཀྱི་དགེ་བའི་རྩ་བ་རྣམས་སོ། །གཟུགས་ནག་པོ་འཛིན་པ་ནི་དེའི་གཟུགས་ཀྱིས་འདུལ་བ་རྗེས་སུ་བཟུང་བའི་ཕྱིར་ཡིན་གྱི་རང་བཞིན་གྱིས་གནག་པ་ནི་མ་ཡིན་ཏེ་བཅོམ་ལྡན་འདས་ཐམས་ཅད་དཀར་པོའི་ཆོས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །མི་གཡོ་བའི་མཆོག་ཁྲོས་ཤིང་འཇིགས་པ་ཞེས་པ་ནི་ཕྱིར་འཐོན་པའི་ཅུང་ཟད་མཆེ་བ་གཙིགས་པ་འཇིགས་སུ་རུང་བ་དང་ལྡན་པའི་ཕྱིར་རོ། །འདི་ཡང་རོལ་པའི་ཁྲོ་བོ་ཡིན་ཏེ་རྡོ་རྗེ་མི་གཡོ་བ་བཞི་པ་ཞེས་བརྗོད་པའི་ཕྱིར་རོ། །ཞགས་པ་འཛིན་ཅིང་འཁྲུགས་པ་ནི་བཤད་ཟིན་ཏོ། །རིག་པའི་འཁོར་ལོ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་ཡིན་ནོ། །མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་ནི་རོལ་པའི་ཁྲོ་བོ་ཡིན་པའི་ཕྱིར་རོ། །འཁོར་ལོ་འབར་བས་ཡོངས་སུ་བསྐོར་བ་ནི་ཕྱི་རོལ་གྱི་ཉི་མའི་འོད་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེ་གནོད་མཛེས་ཀྱི་ཕྱག་ན་རྡོ་རྗེ་ཡིན་པ་ནི་དེ་རྩ་བའི་ཕྱག་མཚན་ཡིན་པའི་ཕྱིར་རོ། །བསྒོམས་ན་དངོས་གྲུབ་ཀྱི་མཆོག་སངས་རྒྱས་ཀྱི་མཚན་ཉིད་དང་ཐུན་མོང་བ་ཡང་མི་སྣང་བ་ལ་སོགས་པའི་ངོ་བོ་ཅི་ལྟར་མངོན་སྦྱོར་ཐོབ་པར་འགྱུར་ཞེས་པ་ནི་ཐམས་ཅད་དང་འབྲེལ་བའོ། །འགོག་པ་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་བྱའོ། །ཅི་བྱས་པས་ཤེ་ན། ཁྲོ་བོའི་འཁོར་ལོ་སྟེ་སྲུང་བའི་འཁོར་ལོའི་ངོ་བོས་སོ། །བྱེད་པ་པོ་གང་གང་གིས་སངས་རྒྱས་རྡོ་རྗེ་བསྟེན་པ་ནི་ཏིང་ངེ་འཛིན་གསུམ་དང་ལྡན་པའི་རྣལ་འབྱོར་པས་སོ། །འདིས་ཅི་ལྟར་འགྱུར་ཞེ་ན། གསུངས་པ། ཏིང་ངེ་འཛིན་རྡོ་རྗེ་ཡེ་ཤེས་ཅན་འགྲུབ་ཅེས་སོ། །ཅི་ལྟ་བུ་ཞེ་ན། གསུངས་པ། རྡོ་རྗེ་དཀྱིལ་འཁོར་རྣམས་ཞེས་ཁ་ཅིག་གོ །ཅིས་ཤེ་ན། གསུངས་པ། རྡོ་རྗེ་དཀྱིལ་འཁོར་ལས་ཞེས་གཞན་དག་གོ །རྡོ་རྗེའི་


DTG040_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གི་དེ་ཁོ་ན་ཉིད་བསྒོམས་པས་མངོན་པར་བྱང་ཆུབ་པ་དེ་སྟོན་པར་བྱེད་པའི་གཞུང་ཡོངས་སུ་གཅོད་པའི་ལེའུའོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་བཅུ་གསུམ་པའོ།། །།

ལེའུ་བཅུ་བཞི་པ། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བ་སྔགས་ཀྱིས་འགུགས་པ་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་བཤད་པ།


DTG040_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ལ་ཞི་བ་ལ་སོགས་པའི་ཆོ་ག་གསུངས་པ། དེ་ལ་བྱ་བ་གཞན་ཅི་བྱ་ཞེས་པ་ལ་སོགས་པ་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཤེས་པའི་རྗེས་ལའོ། །དྲག་པོ་ལ་སོགས་པའི་དངོས་གྲུབ་ལ་བར་དུ་གཅོད་པ་བསལ་བའི་དོན་དུ་ཞི་བ་ལ་སོགས་པའི་སྔགས་རྣམས་སྔར་བརྗོད་པའི་ལྷ་ལ་སོགས་པ་རྣམས་ཀྱིས་གསུངས་སོ། །དྲག་པོ་ལ་སོགས་པ་ཞི་བར་བྱེད་པའི་དམ་ཚིག་འདའ་བར་བྱ་བ་མ་ཡིན་པས་བཅོམ་ལྡན་འདས་མ་སྤྱན་ནོ། །དེ་ཉིད་མཆོག་གང་དུ་དམིགས་པ་ཡིན་པ་དེ་ནི་དེ་བཞིན་ནོ། །འབྱོར་པ་ཀུན་ལ་དགྱེས་པ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པར་བཞེད་པ་སངས་རྒྱས་བཅོམ་ལྡན་འདས་སོ། །སངས་རྒྱས་རྡོ་རྗེ་ནི་རྣམ་པར་སྣང་མཛད་རྡོ་རྗེ་ཅན་གྱི་ངོ་བོར་གསལ་བ་རྗེས་སུ་དྲན་ཏེ་དེས་སེམས་ཅན་གྱི་ཁམས་བདེ་བར་བྱས་པ་དེའི་ཚེ་གཟིགས་ཏེ་དགྱེས་ལ་དབང་དུ་ཡང་བྱས་ཏེ་མཉེས་པའོ། །སངས་རྒྱས་རྣམས་ཀྱང་ཞེས་པ་ནི། ཤིན་ཏུ་བར་བརྗོད་དོ་ཞེས་ཁ་ཅིག་གོ །དྲག་པོ་སྒྲུབ་པའི་དུས་སུའོ་ཞེས་གཞན་དག་གོ །སངས་རྒྱས་རྣམས་ཀྱི་གང་ཞི་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པར་སྤངས་པའི་མཚན་ཉེད་ཡིན་ཏེ། དེ་སྐྱེད་པར་བྱེད་པ་ནི་སྣོད་ཇི་ལྟ་བར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དངོས་སུའོ། །ལས་ཐམས་ཅད་ལ་ཡང་ཕུལ་དུ་བྱུང་བས་སྒྲུབ་པ་ནི་ཁ་དོག་དང་ཉམས་ལ་སོགས་པའི་དབྱེ་བས་སོ། །འཆི་བ་སོས་པར་བྱེད་ཅེས་པའི་དོན་ནི་འདི་ཡིན་ཏེ། སྤྱན་གྱི་རྣལ་འབྱོར་པས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་ལྕགས་ཀྱུས་བར་མ་བ་དོའི་སྲིད་པའི་བདག་ཉིད་དམ་མངལ་དུ་ཆུད་པ་དྲི་མ་མེད་པ་བསྐྱོད་པ་མེད་པ་མི་གཡོ་བ་གཉུག་མའི་མར་མེའི་རྩེ་མོའི་རྒྱུན་དང་འདྲ་བའི་རྣམ་པར་ཤེས་པ་བཀུག་སྟེ། ཤི་བ་དེའི་སྙིང་གར་བཅུག་ལ་དེ་ལ་ལམ་གྱི་ས་བོན་བསྒོམས་ནས་དེའི་འོད་ཟེར་རྣམས་ཀྱིས་དེའི་ལུས་པོ་རང་བཞིན་གྱིས་འོད་གསལ་བར་བྱ་སྟེ། གྲུབ་པའི་དངུལ་ཆུས་ཟངས་གསེར་དུ་བྱས་པ་བཞིན་དུ། སྤྱན་གྱི་རྣམ་པར་ཡོངས་སུ་གྱུར་པར་བལྟས་ལ་མིག་ལ་


DTG040_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བྱིན་གྱིས་བརླབ་པར་བྱས་ཏེ། རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་བྱུང་བ་སྤྱན་གྱི་ཚོགས་ཀྱིས་བུམ་པའི་བདུད་རྩི་དང་བྱང་ཆུབ་ཀྱི་སེམས་དང་བདག་ཉིད་ཞུགས་པས་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དེ་ལྟར་ཤི་བ་དེ་སོས་ཤིང་རྡོ་རྗེའི་སྐུ་ཡང་ཐོབ་པར་འགྱུར་ཏེ་ཐམས་ཅད་མཁྱེན་པ་མ་ཡིན་པ་ལ་བསམ་གྱིས་མི་ཁྱབ་པའི་ཕྱིར་གྲུབ་པའི་རྣལ་འབྱོར་པའི་བྱིན་གྱིས་བརླབ་པ་ཡིན་ནོ། །རྡོ་རྗེ་དམ་ཚིག་བསྐུལ་མཛད་མ་ནི་དེ་ཁོ་ན་ཉིད་སྐུལ་བར་བྱེད་པའི་གླུས་ཏེ། དབང་དུ་བྱས་པ་ཡང་འཕགས་མ་སྒྲོལ་མ་ལ་ཐུག་པའོ། །དེ་ནས་ཞེས་པ་ནི་མཱ་མ་ཀཱིའི་སྔགས་ཀྱིས་གདུལ་བྱ་ཡོངས་སུ་སྨིན་པར་ཆོད་པའི་རྗེས་ལའོ། །དེ་བཞིན་དུ་དེ་དང་དེའི་སྔགས་བརྗོད་པ་ལ་སོགས་པའི་གདུལ་བྱ་ཡོངས་སུ་སྨིན་པར་ཤེས་པའི་རྗེས་ལ་སྟེ་ཐམས་ཅད་ལ་དེ་ནས་ཀྱི་སྒྲ་དཔྱད་པར་བྱའོ། །སྐུ་གསུམ་གྱི་དམ་ཚིག་ཁྲོ་བོ་ནི་མི་བསྐྱོད་པའོ། །དངོས་པོ་རྣམས་ནི་གཟུང་བ་ལ་སོགས་པའི་ངོ་བོ་ཡིན་ལ་དངོས་པོ་མེད་པ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་དང་བྲལ་བའི་ཡེ་ཤེས་ཡོངས་སུ་གྲུབ་པའི་བདག་ཉིད་དོ་ཞེས་ཁ་ཅིག་གོ །དངོས་པོ་ནི་སེམས་ཅན་གྱི་དོན་མ་ལུས་པ་སྒྲུབ་པའི་བསམ་པ་སྙིང་རྗེ་ཆེན་པོའི་ཐབས་སོ།། དངོས་པོ་མེད་པ་ནི་བརྟགས་པ་མེད་པར་དམིགས་པའི་ཤེས་རབ་བོ། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་རྒྱུད་ཕྱི་མ་ལས་སོ། །དེ་དག་གི་དམ་ཚིག་སྲིད་པ་དང་ཞི་བ་མཉམ་པར་རོ་གཅིག་པ་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་མཱ་མ་ཀཱིའོ། །རྡོ་རྗེ་འཛིན་པ་ནི་འདིར་མི་བསྐྱོད་པའོ། །སྐུ་གསུམ་དབྱེར་མེད་རྡོ་རྗེ་ཅན། །ཞེས་པ་ནི་ཞེ་སྡང་གི་རིགས་ཅན་རྣམས་སོ། །རྡོ་རྗེ་སྲུང་བའི་སྦྱོར་བ་ལ། །ཞེས་པ་ནི་རང་གི་ལྷའི་རྣལ་འབྱོར་གྱི་རོ་ལངས་ལ་སོགས་པ་བསྒྲུབ་པ་རྣམས་ལ་དེའི་སྔགས་ལས་བྱུང་བའི་རྡོ་རྗེ་འབར་བ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་རང་གི་མགོ་བོ་ལ་བསམས་ཏེ་མཱ་མ་ཀཱི་དེའི་ལྟེ་བའི་ནང་ན་གནས་པར་བྱའོ། །དེ་ལྟ་ན་མ་ཉམས་པའི་བསྲུང་བར་འགྱུར་རོ། །ལས་རྣམས་རྟག་ཏུ་རབ་སྒྲུབ་པ། །ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་རབ་ཏུ་སྒྲུབ་པར་ཡང་འགྱུར་ཏེ་སྤྱན་བཞིན་ནོ། །རྡོ་རྗེ་ཆེན་པོ་འཇིགས་


DTG040_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཉེན་ལ། །ཞེས་པ་ནི་མཚམས་མེད་པ་ལ་སོགས་པའི་ལས་བྱས་པས་སེམས་ཤིན་ཏུ་ངན་སོང་གི་འཇིགས་པ་སེམས་འཁྲུགས་པ་རྣམས་སོ། །སྟོབས་བྱེད་པ་ནི་མཱ་མ་ཀཱིའི་རྣལ་འབྱོར་གྱིས་ཇི་ལྟ་བ་བཞིན་དུ་རང་གི་སྔགས་བཟླས་པ་སྔོན་དུ་སོང་བས་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་མངོན་དུ་བྱས་ཏེ་བདག་ཉིད་དེའི་རྣམ་པར་བསྒོམས་པས་ངན་སོང་གི་འཇིགས་པས་ཉེན་པ་སེལ་བར་བྱེད་དོ། །འདོད་ཆགས་ཆེན་པོ་ནི་འདིར་འོད་དཔག་ཏུ་མེད་པ་ཡིན་ལ་གང་གི་དམ་ཚིག་ཏུ་བྱེད་པ་གོས་དཀར་མོར་གྲགས་པ་དེ་གཟིགས་པ་ནི་ཏིང་ངེ་འཛིན་གང་གིས་ཡུལ་དུ་བྱས་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །རྡོ་རྗེ་ཆོས་མཆོག་འཛིན་པ་རྣམས། །ཞེས་པ་ནི་འདོད་ཆགས་ཀྱི་རིགས་ཅན་རྣམས་སོ། །ཆོས་རྒྱས་སྟོབས་ཞེས་པ་ནི་མ་འདྲེས་པའི་ཆོས་ལ་སོགས་པ་རྣམས་རྒྱས་པའི་རྣལ་འབྱོར་པའི་རྒྱུད་ལ་གསལ་བར་སྣང་བ་ཡིན་ལ་སྟོབས་ཀྱང་མི་མཐུན་པའི་ཕྱོགས་ཀྱིས་མ་ཉམས་པའི་ནུས་པ་ཡིན་ཏེ་རྟག་ཏུ་ནི་རྒྱུན་རྟག་པས་སོ། །གང་གི་ཕྱིར་བཅོམ་ལྡན་འདས་མ་འདིས་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱི་མཛོད་ཆེན་པོ་དང་ལྡན་པ་དེའི་བྱེད་དོ། །བཟླས་པ་ཙམ་གྱིས་ཞེས་པ་ལ་ཙམ་སྨོས་པས་ཕྱག་རྒྱ་འཆིང་བ་ལ་སོགས་པ་རྣམ་པར་བཅད་པའི་ཆེད་དུ་ཡིན་གྱི་བསྒོམ་པ་རྣམ་པར་དཔྱད་པ་ནི་མ་ཡིན་ཏེ། དེ་ཉིད་འབྲས་བུ་ཐོབ་པ་ལ་གཙོ་བོའི་ཕྱིར་རོ། །རྟག་ཏུ་ནི་འཁོར་བ་ཇི་སྲིད་པར་མྱ་ངན་ལས་མི་འདའ་བའི་ཆོས་ཡིན་པའི་ཕྱིར་རོ། །ཇི་ལྟར་གསུངས་པ་རྡོ་རྗེའི་ཚིག་མི་སླུ་བ་དེ་བཞིན་དུ་འདི་ཉམས་སུ་བླངས་པའོ། །ཀུན་ནས་འབྱུང་བ་ནི་སེམས་ཅན་མ་ལུས་པའི་དོན་བྱེད་པ་དེ་ལ་དེ་སྐད་དུ་ཡིན་ཏེ། དོན་ཡོད་རྡོ་རྗེའོ། །དེ་ཉིད་སྒྲོལ་མར་གྲགས་པ་རྡོ་རྗེ་གང་ལ་ཡིན་པ་དེ་དེ་བཞིན་ནོ། །སངས་རྒྱས་ཀུན་བདག་ཆེ་ལས་སྐྱེས་པ་ནི་དམ་ཚིག་གི་རིགས་ཅན་རྣམས་སོ། །རྡོ་རྗེའི་སྐུ་ཞེས་པ་ནི་དོན་ཡོད་རྡོ་རྗེའོ། །ཐམས་ཅད་བྲན་བཞིན་བྱེད་ཅེས་པ་ནི་རང་གིས་སྒྲོལ་མའི་རྣལ་འབྱོར་མངོན་སུམ་དུ་བྱས་ཏེ་དེ་ཡང་ཁ་དོག་དམར་པོའི་ན་བཟའ་དང་རྒྱན་གྱིས་བརྒྱན་པ་བསྒྲུབ་བྱ་མདུན་དུ་མངོན་སུམ་དུ་བྱས་པ་སྔོན་དུ་སོང་བས་སྙིང་གར་པདྨ་དམར་པོའི་འདབ་མ་རྣམས་ལ་སྐྱེས་པ་རྣམས་ཀྱི་ཡིན་ཞིང་དེ་བཞིན་དུ་པདྨ་དམར་པོའི་ཟེའུ་འབྲུ་རྣམས་ལ་བུད་མེད་རྣམས་


DTG040_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བུད་མེད་རྣམས་ཀྱི་ཡིན་ཏེ་རང་གི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མདའ་དམར་པོ་རྣམས་ཀྱིས་བསྐུལ་ཞིང་སྔགས་བརྗོད་དེ་ཡང་ནས་ཡང་དུ་བསྣུན་ནས་བྲན་དུ་བྱའོ། །དྲི་མ་མེད་པའི་འོད་ཟེར་གྱི་སྤྲིན་བཀོད་པ་གཤིན་རྗེ་གཤེད་གང་གིས་དེ་ཉིད་ཀྱི་རྡོ་རྗེ་གང་ལ་ཡིན་པ་དེ་དེ་བཞིན་ནོ། །འཇིགས་ཤིང་ཡིད་སྐྲག་པ་ཞེས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་སྐྲག་པ་སྐྱེད་པར་བྱེད་པ་སྟེ། འདི་ཞེས་པ་ནི་རང་གི་སྔགས་ཡང་དག་པར་བསྟན་པ་དང་ལྡན་པའོ། །འབྱུང་བར་འགྱུར་བ་ཡང་འཇུག་པར་འགྱུར་བ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་རྣལ་འབྱོར་པ་ནི་དེ་བཞིན་གཤེགས་པ་སྟེ་སོ་སོའི་སྐྱེ་བོ་ཉིད་དུ་དགོངས་པ་སྟེ། དེ་རྣམས་སྐྲག་པ་ཉིད་སྲིད་པའི་ཕྱིར་རོ། །ཁྲོ་བོའི་སྔགས་འབུམ་བཟླས་པ་བྱས་ཏེ་ཇི་སྐད་བརྗོད་པའི་ཆོ་གས་ཐོད་པ་ལ་བསྒྲུབ་བྱའི་མིང་དང་ལྷན་ཅིག་པ་ཡང་དག་པར་བྲིས་ཏེ་རྐང་པ་གཡོན་པས་མནན་ཏེ་མིང་དང་སྤེལ་བའི་ཆོ་གས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་སྔགས་བཟླས་པར་བྱའོ། །བསྒྲུབ་བྱ་ཡང་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་ཞོན་པ་ཞགས་པས་ཀྱང་བཀུག་པ་སྟེ་དགུག་པ་ཐམས་ཅད་ཀྱི་སྦྱོར་བ་ལ་བསྒོམ་པར་བྱའོ། །དམ་ཚིག་ཉིད་འོད་ཟེར་རྣམས་ཏེ་དེ་རྣམས་ཀྱིས་སྟུག་པོ་ནི་ཚོགས་ཡིན་ལ་དེ་ཉིད་གང་དུ་མཆོག་ཡིན་པ་དེ་ནི་དེ་བཞིན་ནོ། །བདུད་རྩིའི་བདག་ཉིད་ཁྲོ་བོ་ནི་བདུད་རྩི་འཁྱིལ་པའོ། །སྔགས་རྣམས་ཀུན་གྱི་སྦྱོར་རྣམས་ལ། །ཞེས་པ་ནི་ལྷ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་སྣ་ཚོགས་པའི་མཚན་ཉིད་རྣམས་ལ་བཅོམ་ལྡན་འདས་ཉིད་སྦྱར་བར་བྱ་སྟེ་བྱ་བ་མ་ལུས་པར་རྫོགས་པར་བྱེད་པའི་ཕྱིར་རོ། །ཁྱད་པར་དུ་ཡང་འདི་ནི་རྡོ་རྗེ་ཞེས་པ་ལ་སོགས་པའོ། །ཆོ་ག་ཡིས་ཞེས་པ་ནི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྔ་མོའི་རྒྱབ་ཏུ་ཞོན་པ་སྒྲེན་མོ་སྐྲ་གྲོལ་བ་རྡོ་རྗེ་ཁྲོ་བོའི་རིགས་ཀྱིས་སྐྲག་པ་སྡང་པ་ལྷོ་ཕྱོགས་སུ་འགྲོ་བ་བལྟའོ། །སངས་རྒྱས་ཀྱི་རྣམ་པའི་འོད་ཟེར་རྣམས་ཉིད་རྡོ་རྗེ་སྟེ་གང་ལ་དེ་ཡོད་པ་དེ་བཞིན་ནོ། །ཆོ་ག་བཞིན་དུ་ཞེས་ཏེ་གཞན་གྱིས་མི་ཐུབ་པའི་ཁྲོ་བོའི་རྣལ་འབྱོར་སྒྲུབ་པ་ཆེན་པོའི་བར་དུ་བྱ་བ་སྟེ་རྡོ་རྗེའི་རང་བཞིན་གྱིས་ས་གཞི་དང་ར་བ་དང་གུར་དང་ཕྱོགས་དང་མཚམས་བཅིང་བར་བྱས་ཏེ། བསྒྲུབ་བྱའི་བསྲུང་བ་སྤེལ་བ་དང་བཅས་པར་སྔགས་བཟླས་ཏེ་རྡོ་རྗེ་ཐུགས་རབ་ཏུ་སྦྱོར་བར་བྱའོ།།


DTG040_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་ནི་འོད་དཔག་མེད་དེ་གང་ལས་བྱུང་བ་རྟ་མགྲིན་གང་ཡིན་པ་དེ་ཉིད་རྡོ་རྗེ་སྟེ་གང་ལ་དེ་ཡོད་པ་དེ་དེ་བཞིན་ནོ། །ཆོས་ཀྱི་རྡོ་རྗེ་ཆེ་མཆོག་སྐྱེས། །ཞེས་པ་ནི་འདོད་ཆགས་ཀྱི་རིགས་ཅན་རྣམས་སོ། །ཧ་ལ་ཧ་ལའི་འོད་ནི་ཤིན་ཏུ་དྲག་པོའོ། །ཁྲོ་བོའི་རྒྱལ་པོས་བསྐུལ་བ་ཡིས། །ཞེས་པ་ལ་ཅི་ལྟ་བ་བཞིན་དུ་འཕགས་པ་རྟ་མགྲིན་གྱི་སྦྱོར་བ་དང་ལྡན་པས་བསྒྲུབ་བྱའི་སྙིང་གར་ཉི་མའི་དཀྱིལ་འཁོར་འབར་བ་བསྐལ་པའི་མེ་དང་འདྲ་བ་དེའི་སྟེང་དུ་ཡི་གེ་ཧཱུཾ་བཀོད་དེ་དེའི་འོད་ཟེར་རྣམས་ཀྱིས་ལུས་ཐམས་ཅད་ལ་གནས་པའི་དུག་བསྲེགས་ནས་ལག་པ་གཡས་པར་ཡི་གེ་པི་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ་བསྒོམས་ཏེ་དེའི་ལྟེ་བར་ཡི་གེ་ཧཾ་ཁ་དོག་དཀར་པོའི་འོད་ཟེར་དཀར་པོར་གསལ་བ་བདུད་རྩི་འཛག་པ་རྣམ་པར་བསམ་ཞིང་ཕྲེང་བའི་སྔགས་བཟླས་པར་བྱ་སྟེ། ངེས་བྱ་བས་པ་ན་བསྒྲུབ་བྱ་ལ་དུག་མེད་པར་འགྱུར་ཞེས་པའི་དོན་ཏོ། །གང་ལས་བྱུང་བ་ནི་སེམས་ཅན་མ་ལུས་པའི་དོན་ཏེ་དེ་དེ་བཞིན་ཏེ། དེ་ཉིད་རྡོ་རྗེ་ཏོག་གང་ལ་ཡོད་པ་དེ་དེ་ཡིན་ཏེ་དེ་ལྟར་རོ། །བརྒྱད་བརྒྱ་ནི་བརྒྱ་རྩ་བརྒྱད་དོ། །ཆོ་ག་འཁོར་ལོའི་སྦྱོར་བ་ཡིས། །ཞེས་པ་ནི་དབྱིག་པ་སྔོན་པོའི་སྦྱོར་བ་ཅི་ལྟ་བར་ང་རྒྱལ་དང་བཅས་པས་སྔགས་བརྗོད་ན་གདུག་པ་རྣམས་ནི་གསོད་པར་འགྱུར་ཞེས་པ་ནི་འཆང་པར་འགྱུར་བའི་ཆོ་གས་སོ། །བཟླས་པ་ཙམ་གྱིས་སྦྱོར་བ་ཡིས། །ལས་རྣམས་ཐམས་ཅད་སྒྲུབ་པར་བྱེད། །ཅེས་སོ། །ཡང་ན་སྔགས་པས་ཁྲོ་བོ་ཐམས་ཅད་ཀྱི། །སྔགས་ནི་འབུམ་དུ་བཟླས་ནས་ནི། །ལས་རྣམས་ཐམས་ཅད་བྱེད་པར་བཤད། །ཅེས་ཏེ་འཆད་པར་འགྱུར་བའི་ཚུལ་གྱིས་མཚན་མ་ཐོབ་པ་ཐན་པ་བྱུང་བའི་དུས་སུ་དེའི་རྣལ་འབྱོར་བྱས་ཏེ་སྔགས་བཟླས་པ་ན་ཆུའི་ཚོགས་དབབ་པར་བྱའོ་ཞེས་པའི་དོན་ཏོ། །ཀུན་ནས་བགེགས་རྣམས་འཇོམས་པ་དེ་ཉིད་རྡོ་རྗེ་སྟེ་གང་ལ་ཡོད་པ་དེ་བཞིན་ནོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་པ་ནི་འཕགས་པ་འདོད་པའི་རྒྱལ་པོའི་སྦྱོར་བ་ཅི་ལྟ་བ་དང་ལྡན་པས་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ་དགུག་པ་སྔོན་དུ་སོང་བས་འབར་བའི་ལྕགས་ཀྱུས་བྱིན་གྱིས་བརླབས་པའི་རྐང་པ་གཡས་པས་གཡོན་བརྐྱང་གིས་མནན་ཏེ་སྔགས་བཟླས་པས་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱའོ། །ཡེ་ཤེས་ནི་དངོས་


DTG040_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཐའ་དག་གི་དེ་ཁོ་ན་ཉིད་ཡུལ་ཡིན་པའི་ཕྲེང་རྒྱུད་ཡོད་པ་སྟེ་དེ་ཉིད་ཆུ་ཡིན་པ་ནི་འདོད་ཆགས་ལ་སོགས་པའི་དྲི་མ་འཁྲུ་བའི་ཕྱིར་རོ། །དེ་ཉིད་སངས་རྒྱས་རྡོ་རྗེ་གང་ལ་ཡོད་པ་དེ་བཞིན་ནོ། །ཁ་སྦྱར་ལུས་ཀྱིས་འགུགས་པར་འགྱུར། །ཞེས་པ་ནི་ཅི་ལྟ་བ་བཞིན་དུ་འཕགས་པ་མི་གཡོ་བའི་རྣལ་འབྱོར་པས་མིའི་ཐོད་པ་སྲུབ་མེད་པ་མཚན་ཉིད་དང་ལྡན་པ་བླངས་ཏེ། རྐང་པ་གཡས་པའི་མཛུབ་མོའི་ཁྲག་དང་ཚ་བའི་མར་ནག་དང་སྐེ་ཚེ་ལ་སོགས་པ་རྣམས་ཀྱིས་ལྷ་ཆེན་པོ་ལ་སོགས་པའི་གཟུགས་བརྙན་རང་གི་ལྷ་མོ་དང་ལྡན་པ་ཡང་དག་པར་བྲིས་ཏེ་དགུག་པ་སྔོན་དུ་སོང་བས་སྔར་བཞིན་དུ་རྡོ་རྗེའི་ལྕགས་ཀྱུས་བྱིན་གྱིས་བརླབས་ཏེ་རྐང་པ་གཡས་པས་མནན་ནས་དེས་ལྕགས་ཀྱུས་དགུག་པར་བསམས་ཏེ། སྐུལ་བ་དང་ལྷན་ཅིག་པས་ངེས་པར་དགུག་པར་འགྱུར་རོ། །དམ་ཚིག་ནི་རྒྱུ་སྟེ་ཁྲོ་བོ་རྣམས་ཀྱི་ཕལ་ཆེར་མི་བསྐྱོད་པ་ཡིན་ཏེ། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །ཞེས་བརྗོད་པའི་ཕྱིར་རོ། །དེའི་རྣམ་པར་འཕྲུལ་བ་ནི་དཔལ་གནོད་མཛེས་སུ་གྲགས་ཏེ་རྡོ་རྗེ་གང་ལ་ཡོད་པ་དེ་དེ་བཞིན་ནོ། །བུ་མོ་ཞེས་པ་ཐམས་ཅད་ནི་ལྷའི་བུ་མོ་ལ་སོགས་པ་རྣམས་ཡིན་ཏེ་འདོད་ཆགས་ཀྱིས་ཚིམ་པའི་གཞན་གྱི་དབང་དུ་གྱུར་པ་ཡིན་པའི་ཕྱིར་སྐྲ་བཤིག་གོས་དང་བྲལ་བའོ། །དེ་བཞིན་གཤེགས་པ་ཀུན་ཡང་ཡིན་ཏེ་དཀྱིལ་འཁོར་དུའོ། །ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་གནོད་མཛེས་རྒྱལ་པོ་དེ་ཉིད་རྡོ་རྗེ་སེམས་དཔའ་ཡང་ཡིན་ལ་གནས་ཀྱང་ཡིན་ཏེ་ཕུན་སུམ་ཚོགས་པ་མ་ལུས་པའི་གནས་ཡིན་ལ་དེས་མནན་པའོ། །ཅི་ལྟ་བ་བཞིན་དུ་བུད་མེད་ཀྱི་ཐོད་པ་རྐང་པ་གཡོན་པས་མནན་ཏེ་སྙིང་གར་རྡོ་རྗེ་ལྕགས་ཀྱུས་ཕུག་སྟེ་མགྲིན་པ་ཞགས་པས་བཅིངས་ན་རྡོ་རྗེའི་བུ་མོར་ངེས་པར་འགྱུར་ཏེ་འདིའི་དབང་དུ་བྱས་པ་ནི་ཅི་ལྟར་རིགས་པར་རོ། །འཕགས་པ་གནོད་མཛེས་ཀྱི་སྦྱོར་བ་ཅི་ལྟ་བ་དང་ལྡན་པས་མཚན་ཉིད་དང་ལྡན་པའི་བུད་མེད་ཀྱི་ཐོད་པ་ལ་ལྷའི་བུ་མོ་ལ་སོགས་པ་གང་ཡང་རུང་བ་རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་གིས་བྲིས་ཏེ་དེ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པའི་རྐང་པ་གཡོན་པས་མནན་ནས་ལག་པ་གཡས་པ་ན་གནས་པའི་ལྕགས་ཀྱུས་སྙིང་གར་ཕུག་སྟེ་ཞགས་པས་སྐེ་ནས་བཅིངས་ཏེ་བསྐུལ་ཚིག་དང་ལྡན་པས་སྔགས་


DTG040_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པས་དགུག་པར་བྱའོ་ཞེས་པའི་དོན་ཏོ། །དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ནི་བྱང་ཆུབ་ཀྱི་སེམས་ཏེ་དེས་བསྐྱེད་པ་ནི་དགུག་པའི་ལས་གྲུབ་པའོ། །དེ་བྱང་ཆུབ་ཀྱི་སེམས་བསྒོམས་པ་བརྟན་པར་བྱས་པས་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་ཤེས་པར་བྱས་པས་དགུག་ལ་གྲུབ་པའི་ཕྱིར་རོ། །དམ་ཚིག་ཆེན་པོ་ནི་བཤད་ཟིན་ཏེ་དེ་ལས་ཕྱུང་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྡོ་རྗེ་གསུམ་གྱི་གསང་བའོ། །ཅི་ལྟ་བུ་ཞེ་ན། གསུང་གི་དམ་ཚིག་ནི་སྔགས་ཡིན་ཏེ་དེའི་དེ་ཁོ་ན་ཉིད་དེ་ཉིད་གནས་ཏེ་དགུག་པའི་སྦྱོར་པ་ལ་ཞེས་བྱ་བའི་དོན་ཏོ། །སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམས་ནི་སངས་རྒྱས་ཀྱི་རྡོ་རྗེ་རྣམས་ཏེ་དེ་རྣམས་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཡིན་ཞིང་སྐུ་གསུམ་པོ་རྣམས་ཡིན་ཏེ་དེ་རྣམས་ལ་རྡོ་རྗེ་སེམས་དཔའ་བསྒོམ་པ་ནི་གནོད་མཛེས་བསྒོམ་པ་སྟེ་དེ་དགུག་པའི་རྒྱུ་མཚན་གྱིས་གནོད་མཛེས་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །ཅི་ལྟར་ན་གནོད་མཛེས་ཀྱི་སྦྱོར་བས་སངས་རྒྱས་ཐམས་ཅད་འགུགས་ཤེ་ན། གསུངས་པ། ཞགས་པ་རྡོ་རྗེ་ཀྱོ་བ་འཛིན། །གནོད་མཛེས་རྒྱལ་པོའི་སྤྲུལ་པ་རྣམས་ཀྱིས་ཞགས་པ་དང་ལྕགས་ཀྱུས་གནོད་མཛེས་ཀྱི་རྣལ་འབྱོར་པས་སངས་རྒྱས་ཐམས་ཅད་དགུག་པར་བྱའོ། །ད་ནི་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་རྣམས་ཀྱི་རང་གི་རྣལ་འབྱོར་གྱིས་དགུག་པ་གསུངས་པ། སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྦྱོར་བ་རྡོ་རྗེ་འཛིན་པ་ཆེན་པོའི་རྣལ་འབྱོར་གྱིས་སོ། །འཁོར་ལོ་ཆེན་པོ་རྡོ་རྗེ་འཛིན་པ་ཆེན་པོའི་དཀྱིལ་འཁོར་གྱི་སྦྱོར་བ་ལས་སོ། །འཁོར་ལོ་པདྨ་རྡོ་རྗེ་ཆེ། །ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ལག་པར་འཁོར་ལོའི་ལྕགས་ཀྱུས་བསམས་ནས་དེ་དང་དེའི་དཀྱིལ་འཁོར་གྱི་དབུས་སུ་གནས་ཏེ་རིན་པོ་ཆེ་དང་པདྨ་དང་རལ་གྲི་དང་ལྕགས་ཀྱུས་རིན་ཆེན་འབྱུང་ལྡན་ལ་སོགས་པ་དགུག་གོ །དེ་བཞིན་དུ་གཞན་རྣམས་ཀྱང་ཤེས་པར་བྱ་བ་དེའི་ཕྱིར་གསུངས་པ། རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས། །སྔགས་རྣམས་ཐམས་ཅད་དགུག་པའི་མཆོག །ཅེས་སོ། །རང་སྔགས་སྐྱེས་བུ་བསྒོམས་ནས་ནི། །ཞེས་པ་ནི་རང་གི་ལྷ་རྣམས་ཀྱི་ངོ་བོར་རང་གི་སྔགས་ཀྱི་བདག་ཉིད་བསམས་ནས་སོ། །ཐམས་ཅད་རྡོ་རྗེའི་དངོས་ཞི་བ། །ཞེས་པ་ནི་སྐུ་གསུང་ཐུགས་


DTG040_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་བཞིན་ནོ། །སྙིང་གར་རྡོ་རྗེ་ཀྱོ་སྦྱོར་བས། །ཞེས་པ་ནི་དེའི་སྙིང་གའི་པདྨ་རྡོ་རྗེ་ལྕགས་ཀྱུས་ཕུག་ནས་དེ་རྣམས་ཀྱང་རྡོ་རྗེའི་རླུང་གི་དཀྱིལ་འཁོར་ལ་ཞོན་པ་རྣམས་སུ་བསམས་ནས་དགུག་པར་བྱའོ། །རྣམ་པར་སྣང་མཛད་གཟུགས་ཆེན་པོ། །ཞེས་པ་ལ་སོགས་པ་ནི་འཕགས་པ་བདུད་རྩི་འཁྱིལ་པའི་རྣལ་འབྱོར་བྱས་ཏེ་དེའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་རྣལ་འབྱོར་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སུ་བསམ་པར་བྱ་སྟེ། དེ་ནས་ཤ་ཙི་སྟེང་དུ་གནས་པའི་གཟུགས་སུ་བསྒོམས་ནས་དགུག་པར་བྱའོ།། དེའི་ཕྱིར་གསུངས་པ། རྡོ་རྗེ་མི་འཆི་སྦྱོར་བ་ཡིས། །ལན་གྲངས་ལྔ་བཅུར་བརྗོད་པ་ཡིས། །ངེས་པར་རྟག་ཏུ་དགུག་པར་འགྱུར། །ཞེས་སོ། །རྡོ་རྗེ་ཀྱོ་བ་གཟུགས་པོ་ཆེ། །ཞེས་པ་ལ་སོགས་པ་ལ་རྡོ་རྗེའི་ཀྱོ་བ་རྣོ་བའི་འབར་བའི་འོད་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་བསམས་ཏེ་དེ་ཉིད་རྡོ་རྗེའི་དཀྱིལ་འཁོར་གྱི་རྣམ་པར་བསམ་པར་བྱའོ། །དེའི་སྟེང་དུ་ནམ་མཁའི་བུ་མོ་བསམས་ལ་འཕགས་པ་བདུད་རྩི་འཁྱིལ་པའི་སྦྱོར་བས་དེ་ཉིད་དགུག་པར་བྱའོ་ཞེས་ཁ་ཅིག་གོ །རྡོ་རྗེ་ས་འོག་ན་གནས་པ་དེ་གནོད་མཛེས་རྒྱལ་པོ་བསྒོམས་ནས་སྔར་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དག་གིས་ལྷ་མ་ཡིན་གྱི་བུ་མོ་དགུག་པའི་ལུགས་སོ་ཞེས་གཞན་དག་གོ །བཙག་ཅེས་པ་ལ་སོགས་པ་ལ་འགོག་པའི་རྡོ་རྗེ་བསྒོམས་པས་མཚན་མ་ཐོབ་པ་རྡོ་རྗེའི་རིགས་ལ་སོགས་པའི་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས་ཕྱིའི་ལུས་སྤྱན་མ་དང་ལྡན་པས་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའི་གདན་ལ་བཙག་གམ་རྡོ་རྒྱུས་གནས་པར་བྱ་སྟེ། དེ་རྣམས་ཀྱང་ཡི་གེ་ཧཱུཾ་ལ་སོགས་པ་གང་ཡང་རུང་བའི་ས་བོན་ལས་ལག་ན་རྡོ་རྗེས་མཚན་པ་ལ་སོགས་པའི་ལྕགས་ཀྱུ་ཡོད་པའི་ལྷའི་གཟུགས་སུ་བསྐྱེད་ནས་ས་བོན་གསུམ་གྱིས་བྱིན་གྱིས་བརླབ་པར་བྱ་སྟེ་དེ་ལས་འཐོན་པའི་རྡོ་རྗེ་ལྕགས་ཀྱུའི་ལྷ་སྤྲོས་ཏེ་ནམ་མཁའ་གང་བར་བྱས་ཏེ་བསྡུས་ནས་ཐིམ་ཞིང་བརྟན་པའི་དངོས་པོས་རྗེས་སུ་ཆགས་པའི་མཆོད་པ་བྱེད་པ་ན་ཡང་དང་ཡང་དུ་བསྒོམ་པར་བྱ་སྟེ་ཇི་སྲིད་དུ་ཟླ་བ་མ་གྲོལ་བ་དེ་སྲིད་དུའོ། །དེས་ཚངས་པ་ལ་སོགས་པ་དེ་རྣམས་ཀྱི་མིང་བྲིས་པ་ཉིད་


DTG040_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ངེས་པར་འོངས་པར་འགྱུར་ཞེས་པའི་དོན་ཏོ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཞེས་པ་ལ་སོགས་པ་ལ་རང་གི་དཀྱིལ་འཁོར་ལ་ཅི་ལྟ་བ་བཞིན་དུ་འཇམ་དཔལ་གྱི་སྦྱོར་བ་དང་ལྡན་པས་རྩ་བའི་ཕྱག་གཡས་པར་རང་གི་སྔགས་ལས་བྱུང་བའི་འཕགས་པ་གཤིན་རྗེ་མཐར་བྱེད་ཡོངས་སུ་གྱུར་ནས་རྡོ་རྗེ་ལྕགས་ཀྱུར་བསྒོམས་ཏེ་དེ་ནས་དེའི་ལྕགས་ཀྱུ་དང་རྩ་བའི་ཕྱག་གཡོན་པ་ན་གནས་པའི་ཞགས་པས་ཀྱང་རང་འདོད་པའི་གནོད་སྦྱིན་མོ་སྔགས་ཟློས་པས་དེ་བཞིན་དུ་བཀུག་སྟེ་ཉེ་བར་ལོངས་སྤྱད་དོ་ཞེས་པའི་དོན་ཏོ། །བརྗོད་པའི་དོན་ཉིད་གསལ་པོར་གསུངས་པ་ཀུན་གྱི་ཕྱག་རྒྱའི་ཁྱད་པར་ཞེས་པ་ལ་སོགས་པ་སྟེ་དེ་དང་དེའི་ལྷ་རྣམས་ཀྱི་རང་གི་རིག་མ་དང་གཉིས་སུ་མེད་པའི་ཕྱག་རྒྱ་ཆེན་པོའི་ཁྱད་པར་ནི་ཕྱག་རྒྱའི་ཁྱད་པར་རམ་རང་གི་ཕྱག་མཚན་ལྕགས་ཀྱུའི་ཁྱད་པར་དེས་སོ། །དེ་རང་གི་བཟླས་པར་བྱ་བའི་སྔགས་ཀྱི་ཁྱད་པར་གྱིས་ཀྱང་ངོ༌། །ཐམས་ཅད་དུ་ཞེས་པ་ནི་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་སྦྱོར་བ་ཡང་དག་པར་སྒྲུབ་པར་བྱེད་པ་ཐམས་ཅད་ཡིན་ཏེ་ཅི་ལྟར་བརྗོད་པ་སྒྲུབ་པར་བྱེད་དོ། །གཞན་དུ་བྱས་ན་འཇིག་པར་འགྱུར། །ཞེས་ཏེ་སྦྱོར་བ་ཉམས་པ་དངོས་གྲུབ་ཉམས་པ་དང་བདག་ཉིད་ཀྱང་ངོ༌། །ཡང་དང་ཡང་དུ་སྐུལ་བར་བྱེད། །ཅེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་དུས་སུ་རང་གི་སྤྱི་བོར་སྙོམས་པར་ཞུགས་པའི་དཔལ་བདེ་ཆེན་མགོན་པོས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་དབང་བསྐུར་བར་ཡང་དང་ཡང་དུ་བལྟ་བར་བྱ་བའམ་ཡི་གེ་ཧཱུཾ་བར་དུ་བཟླས་པར་བྱ་སྟེ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་དཔལ་མཆོག་དང་པོའི་སྙིང་པོ་གང་གི་ཡིན་པའོ་ཞེས་ཁ་ཅིག་གོ །མན་ངག་ལས་འདིའི་དོན་ཤེས་པར་བྱའོ་ཞེས་པ་ནི་གཞན་དག་གོ །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་དང་མཉམ་པའི་འཕགས་མ་རལ་གཅིག་མའི་ངོ་བོས་ནམ་མཁའི་ཁམས་ཁྱབ་པ་ནི་ཀུན་དུ་རྣམ་པར་འཕྲུལ་པའོ། །དེ་སྒྲུབ་པར་བྱེད་པའི་ཡེ་ཤེས་ནི་ཀུན་དུ་འཕྲུལ་པར་བྱེད་པའི་ཡེ་ཤེས་སོ། །དེ་ལ་དམིགས་པར་བྱེད་པའི་ཏིང་ངེ་འཛིན་ནི་དབྱེར་མེད་པས་དེ་སྐད་ཅེས་བརྗོད་དོ། །དམ་ཚིག་ཆེན་པོ་ནི་འཕགས་པ་བདུད་རྩིར་གྲགས་པ་


DTG040_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེའི་རྣམ་པ་ཉིད་ཀྱི་དམ་ཚིག་ཆེན་པོའི་རྡོ་རྗེའི་མཆོག་རྡོ་རྗེ་རལ་གཅིག་མ་དེ་ཡིན་ནོ། །བཀུག་ནས་ཡང་དག་ཉེ་བར་སྤྱད། །ཅེས་པ་ནི་ཅི་ལྟ་བའི་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཕགས་མ་རལ་གཅིག་མར་བསམས་ཏེ་སྨར་སྤངས་པའི་ཕྱག་དང་ཞལ་ལ་སོགས་པ་འཕགས་པ་བདུད་རྩི་འཁྱིལ་པ་བཞིན་ཏེ་འོན་ཀྱང་ནུ་མ་ལ་སོགས་པ་དང་ལྡན་པའོ། །རྐང་པ་གཡོན་པས་སྲིན་ལག་གི་ཁྲག་དང་ནཱ་ག་གེ་སར་ལྷན་ཅིག་པ་དེས་བུད་མེད་ཀྱི་ཐོད་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་ཀླུའི་བུ་མོའི་སྙིང་གར་སྔགས་དང་མིང་སྤེལ་བ་ཅི་ལྟ་བ་བཞིན་དུ་བྲིས་ལ་བཀུག་སྟེ། རལ་གྲི་དང་ལྕགས་ཀྱུས་ལེགས་པར་བྱིན་གྱིས་བརླབ་པའི་རྐང་པ་གཡོན་པས་གཡས་བརྐྱང་གིས་མནན་ཏེ་བསྐུལ་བ་དང་ལྷན་ཅིག་པས་སྔགས་བརྗོད་པ་ན་བཀུག་སྟེ་ཉེ་བར་ལོངས་སྤྱོད་དོ་ཞེས་པའི་དོན་ཏོ། །ནམ་མཁའ་དམ་ཚིག་ནི་དཔལ་བདེ་བ་ཆེན་པོ་སྟེ་དེ་ལས་བྱུང་བ་གང་ཡིན་པའི་འཕགས་མ་ཁྲོ་གཉེར་ཅན་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དབྱེར་མི་ཕྱེད་པའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །ཆོས་ཆེན་པོའི་དམ་ཚིག་དཔལ་པདྨ་མཐར་བྱེད་ཡིན་ཏེ། དེའི་རྣམ་པ་ཡིན་པའི་ཕྱིར་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་ལ་དེ་སྐད་ཅེས་བརྗོད་དེ་གང་གིས་འགུགས་པའི་དམ་ཚིག་ཅེས་སོ། །བཤད་མ་ཐག་པ་བཞིན་དུ་བདག་ཉིད་དཔལ་རྟ་མགྲིན་གྱི་རྣམ་པར་བསྒོམས་ཏེ་བརྗོད་མ་ཐག་པའི་ཆོ་ག་ནཱ་ག་གེ་སར་དང་བྲལ་བས་རིག་པ་འཛིན་པའི་བུ་མོ་བྲིས་ཏེ་བཀུག་པར་བྱའོ་ཞེས་པའི་དོན་ཏོ། །རྣལ་འབྱོར་པ་སེམས་བརྟན་པས་བརྗོད་མ་ཐག་པའི་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་དེའི་ཕྱིར་གསུངས་པ། འགོག་པ་ཞེས་པ་ལ་སོགས་པ་སྟེ་འདི་ཡང་བཤད་ཟིན་ཏོ། །ཡེ་ཤེས་རྡོ་རྗེ་གསུམ་ལས་བྱུང༌། །ཞེས་པ་ནི་ཁམས་གསུམ་ན་སྤྱོད་པའི་རྣམ་པར་ཤེས་པ་དང་བཅས་པའི་སེམས་ཅན་རྣམས་སོ། །ཡང་ན་ཁྲོ་བོ་ཐམས་ཅད་ཀྱི། །སྔགས་པས་འབུམ་ནི་བཟླས་ནས་ནི། །དབེན་པའི་གནས་ནི་ཆེན་པོ་རུ། །ལས་རྣམས་ཐམས་ཅད་བྱེད་པར་བཤད། །ཅེས་ཏེ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་ཚད་མེད་པའི་བཟླས་པ་བྱ་སྟེ་ལྷའི་རྗེས་སུ་གནང་བས་བཟླས་པ་འབུམ་བྱས་ནས་དགུག་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་པའི་དོན་ཏོ། །གྲངས་


DTG040_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངེས་པ་གསུངས་པ་ནི། །སྡིག་པ་དང་བྲལ་ལུས་ཅན་ལ། །བརྗོད་དོ་ཞེས་ཁ་ཅིག་གོ །རལ་པ་གཅིག་པའི་ངོ་བོ་དེ་ཀུན་དུ། །ཕྱོགས་སུ་རྣམ་པར་འཕྲུལ་པའི་ཡེ་ཤེས་ཡིན། །རྡོ་རྗེ་བཞིན་དུ་གང་གི་འདི་ཡིན་ཏེ། །ཏིང་ངེ་འཛིན་ནི་འདི་ལྟར་འདིར་བརྗོད་ཡིན། །འདིར་ནི་རིམ་པ་ཞགས་བཅས་ཐོད་པ་ནི། །གཡས་པའི་ལག་པ་གཅིག་གིས་གཟུང་བ་ཡིན། །ལྕགས་ཀྱུ་ཡང་ནི་རྩེ་མོ་གསུམ་པ་ཡིས། མཚན་མ་གཞན་ནི་ལག་པ་གཡོན་པ་ཡིས། །གཟུང་ཡིན་གླང་པོའི་པགས་པའི་གོས་འཛིན་པ། །ཕྱག་གཞན་གཉིས་པོ་དག་གིས་ཀྱང་ཡིན་ནོ། །ཡང་ན་གནས་པའི་ཐབས་ལ་འཁྱུད་བྱེད་པའི། །ཕྱག་གཉིས་པོ་ནི་རྣམ་པར་མཛེས་ཤིང་གསལ། །རལ་གཅིག་མ་ཡི་བདག་ཉིད་རང་བསྒོམས་ཏེ། །སྤྲིན་ནི་ནག་པོ་མཛེས་པའི་གཟུགས་བདག་ཡིན། །རང་གི་སྔགས་ནི་བཟླས་པ་སྔོན་འགྲོ་བས། །ལག་འགྲོའི་བུ་མོ་བཀུག་སྟེ་ཉེར་ལོངས་སྤྱོད། །ཡང་ན་བུད་མེད་ཐོད་པ་ལ་ནི་སྤྲུལ། །གསལ་བ་སྲིན་ལག་ཕུག་པ་ལ་སྐྱེས་པས། །རླུང་གི་དཀྱིལ་འཁོར་ལ་གནས་ཡང་དག་པར། །དྲིས་ཏེ་གཡས་བརྐྱང་པ་ཡིས་རྐང་པ་ནི། །རྡོ་རྗེ་ལྕགས་ཀྱུས་ལེགས་པར་བྱིན་བརླབས་པའི། །གཡོན་པས་མནན་ཏེ་ལྷག་མ་སྔར་བཞིན་ནོ། །ཆོགས་སྤྱད་དེ་མ་ལུས་རྣལ་འབྱོར་པས། །རྟག་ཏུ་ཤིན་ཏུ་མཉམ་པར་གཞག་པའོ། །འདིར་ནི་ལུགས་ཀྱང་ཡོད་དེ་རྒྱལ་མཚན་ལ། །ཡང་ན་འཕུར་བའི་རས་ཀྱིས་གོས་པ་ཡང༌། །སོལ་བ་དང་ནི་ལྡན་པའི་རྡོ་རྒྱུས་དང༌། །ལྡོང་རོས་དང་ནི་ནིམ་པའི་ཁུ་བ་དང༌། །རྐང་པ་གཡོན་པའི་སྲིན་ལག་ལས་བྱུང་བའི། །ཁྲག་གིས་བྲིས་པའི་རླུང་གི་དཀྱིལ་འཁོར་དག །རལ་གྲིས་ཀུན་དུ་མཚན་པའི་དབུས་ན་ནི། །སྔགས་ཀྱིས་སྤེལ་བར་གྱུར་པའི་མིང་ཡིན་ནོ། །བསྒྲུབ་བྱ་ཡང་དག་བྲིས་ཏེ་དུར་ཁྲོད་ཀྱི། །ཐལ་བས་ཆུ་ཀླུང་འགྲམ་གཉིས་སྐྱེས་འཛིན་པས། །གཟུགས་བརྙན་བྱས་པར་འགྱུར་བ་དེ་དབུས་སུ། །བཅུག་སྟེ་དགུག་པར་བྱས་པར་གྱུར་པ་ནི། །གསལ་ཤིང་གིས་ཕུག་པ་ཡི་ཐོད་གཉིས་ཀྱི། །དབུས་སུ་གནས་པ་བརྒྱ་རྩ་བརྒྱད་དུ་བཟླས། །དགྲ་ཡི་སྒོ་རུ་རྐོ་བ་བྱས་ནས་ནི། །གྲོང་ཁྱེར་སྐྲོད་པར་འགྱུར་བར་ངེས་པ་ཡིན། །ཆོས་ནི་ཡོངས་སུ་བརྟགས་ཐོབ་ཀུན་མཁྱེན་གྱི། །ཡེ་ཤེས་ཉིད་ནི་གང་


DTG040_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་ནམ་མཁའ་ཡིན། །དེའི་ཕྱིར་ན་ཀུན་དུ་ངེས་པར་ནི། །འབྱུང་བ་རྡོ་རྗེ་ཁྲོ་གཉེར་ཅན་ཡིན་ནོ། །དེ་ཉིད་རྡོ་རྗེ་བཞིན་དུ་དབྱེར་མེད་གང༌། །ཏིང་འཛིན་དེ་ཡང་དེ་ལ་དམིགས་པ་ལ། །དེ་ལྟར་བརྗོད་དེ་འདིར་ཡང་ཁྲོ་གཉེར་ཅན། །རྣམ་པར་བསྒོམས་ཏེ་རི་བོང་ཅན་གསལ་བ། །ཞལ་གསུམ་སྤྱན་གསུམ་པོ་ཡིས་རྣམ་མཛེས་པ། །བདག་ཉིད་རང་གི་དཀྱིལ་འཁོར་ལ་གནས་པར། །གཡས་པས་མདའ་དང་དབྱུག་པ་འཛིན་པ་དང༌། །གཡོན་པ་དག་ན་གཞུ་དང་སྤྱི་བླུགས་སོ། །རང་གི་ཐབས་ལ་འཁྱུད་པ་ལྷུར་བྱེད་ཕྱག །མཐའ་ཡས་རིགས་ཀྱི་སྤྲིན་རྣམས་སྤྲོ་བྱེད་པ། །འོད་ཟེར་སྣ་ཚོགས་རབ་ཏུ་གསལ་བྱེད་པ། །བུད་མེད་རང་བཞིན་བདེ་བ་དམ་པ་རྒྱས། །བརྗོད་པའི་ཐོད་པ་ལ་ནི་རིག་པ་འཛིན། །དེ་རྣམས་རླུང་གི་དཀྱིལ་འཁོར་ལ་གནས་པ། །ཡང་དག་བྲིས་ཏེ་དགུག་བྱས་མྱུར་བ་རུ། །སྔ་མ་བཞིན་དུ་ལྷག་མ་བརྗོད་པར་བྱ། །ཡང་ན་རླུང་གི་དཀྱིལ་འཁོར་ལ་གནས་པ། །སྔར་བརྗོད་པ་ཡིས་དེ་བཞིན་བུ་མོ་རྣམས། །རྡོ་རྗེ་ལྕགས་ཀྱུ་ཡིས་ནི་མ་ལུས་པ། །སྔ་མ་བཞིན་དུ་ལྷག་མ་ཤེས་པར་བྱ། །ཕྱི་ཡི་རྣམ་པར་གཡེང་བ་སྣ་ཚོགས་པ། །འགག་པ་ཡང་དག་མཚོན་འདིར་བཟླས་པ་གང༌། །དེ་ནི་འགོག་པའི་བཟླས་པ་ཡིན་པ་རུ།། ཐམས་ཅད་དུ་ནི་སངས་རྒྱས་ཀྱིས་གསུངས་སོ། །ཁྲོ་བོ་ཐམས་ཅད་ཅེས་པས་ལས་གང་རུང༌། །ཁྲོ་བོའི་བཟླས་པ་རུ་ཡང་བརྗོད་པ་གང༌། །འདིར་ནི་ཐམས་ཅད་ལས་ཉིད་བྱེད་པ་སྟེ། །ཞི་བའི་ལས་ལ་སོགས་པ་བྱེད་པའི་ཕྱིར། །ཞེས་གཞན་དག་གོ །དྲག་པོའི་ལས་ཀྱི་ཡུལ་བསྟན་པ་གསུངས་པས་རྡོ་རྗེ་སློབ་དཔོན་སྨོད་པ་དང༌། །ཞེས་པ་ལ་སོགས་པ་འདིས་ཐུན་མོང་བའི་ཆོ་ག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པས་འདི་ཡིས་བྱང་ཆུབ་མཆོག་དང་ནི། །སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སོ། །གཞན་དུ་ན་སྤྱིའི་ཆོ་ག་ལས་འབྲས་བུ་ཇི་ལྟ་བུར་འགྱུར་འདི་ཡང་ལེའུ་ལྔ་པ་ལ་སོགས་པར་གཏན་ལ་ཕབ་པས་མང་འདིར་མི་བརྗོད་དོ། །སྙིང་རྗེ་དག་པའི་སེམས་ཀྱིས་སུ། །གསང་ན་མྱུར་དུ་དངོས་གྲུབ་ཐོབ། །ཅེས་པའི་ཚིག་གིས་སོ། །ཆོ་ག་ཡིས་ཞེས་ཏེ་ལེའུ་དགུ་པ་ལ་སོགས་པ་ལས་གསུངས་པས་སོ། །ཁྲག་དང་ཞེས་པ་ལ་སོགས་པ་ལ།


DTG040_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོའི་རྒྱལ་པོ་སྦྱར་བར་བྱ། །ཞེས་པ་ནི་འཕགས་པ་དབྱིག་པ་སྔོན་པོའམ་གཞན་ཡིན་ཏེ་ཁྲོ་བོ་ཐམས་ཅད་ཀྱི་དྲག་པོའི་ལས་གཙོ་བོ་ཡིན་པའི་ཕྱིར་དང་ལས་ཐམས་ཅད་པ་ཡིན་པའི་ཡང་ཕྱིར་རོ། །བརྒྱ་རྩ་བརྒྱད་ནི་ཡོངས་རྫོགས་ན། །ཞེས་པ་ནི་སྔར་བསྙེན་པ་བྱས་པ་ཇི་ལྟ་བ་བཞིན་དུ་འཕགས་པ་དབྱིག་པ་སྔོན་པོའི་རྣལ་འབྱོར་དང་ལྡན་པས་གོས་དང་བྲལ་བ་སྐྲ་གྲོལ་བ་ཁྲོ་བོའི་སྤྲིན་གྱི་ཚོགས་སྤྲོས་པ་ཁྲག་གིས་གོས་པའི་གོས་གོན་པ་ཁྲོས་པས་སྔར་བཤད་པའི་ཆོ་གས་བསྒྲུབ་བྱའི་གཟུགས་བརྙན་ལ་བཅུག་སྟེ་ཉི་མའི་དཀྱིལ་འཁོར་ལ་གནས་པ་རྡོ་རྗེ་འབར་བས་བྱིན་གྱིས་བརླབས་པའི་ཞབས་ཀྱིས་མནན་ནས་བརྒྱ་རྩ་བརྒྱད་བཟླས་པས་བསྒྲུབ་པར་བྱའོ། །སྦྱོར་བ་འདིའི་ནུས་པ་བསྟན་པ་གསུངས་པ། ནམ་མཁའི་དབྱིངས་ཀྱང་ཞེས་པ་ལ་སོགས་པའོ། །དྲག་པོའི་ལས་ཀྱི་གནས་གསུངས་པ། མ་མོའི་གནས་སམ་ཞེས་པ་ལ་སོགས་པའོ། །མི་རུས་རང་བཞིན་ཞེས་པ་ལ་སོགས་པ་ལ་ཁྲོ་བོའི་རྣལ་འབྱོར་གྱིས་སྐེ་ཚེ་དང་དུག་དང་ཚྭ་དང་ཚ་བའི་མར་ཁུ་རྣམས་ཀྱིས་དུར་ཁྲོད་ཀྱི་རས་ལ་ཁྲོ་བོའི་རྡོ་རྗེ་བྲིས་ཏེ་དེའི་ལྟེ་བ་རུ་སྔགས་ཀྱིས་སྤེལ་བའི་བསྒྲུབ་བྱའི་མིང་བྲིས་ཏེ་བཤང་གཅིས་མཉེས་པའི་དུར་ཁྲོད་ཀྱི་ཐལ་བ་དང་སོལ་བ་ཆུ་བོའི་འགྲམ་གཉིས་ཀྱིས་དང་ཕུབ་མ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་བཅུག་སྟེ་བསྲུང་བ་ལ་སོགས་པ་དང་བྲལ་བར་བསྒྲུབ་བྱ་བསམས་ནས་དེར་བཀུག་ནས་བཅུག་སྟེ། དགྲའི་སྒོ་རུ་བཞག་ནས་མིའི་རུས་པ་སོར་བརྒྱད་པའི་ཚད་ཀྱིས་ཕུར་བུས་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་ཕུར་པས་བཏབ་ན་རྟོག་པ་མེད་པའི་ཤེས་པའི་བདག་ཉིད་སངས་རྒྱས་དང་འདྲ་བ་ཡང་ངེས་པར་ཟླ་བ་ཕྱེད་ཀྱིས་གནས་ནས་གཡོ་བ་འམ་འཆི་བར་འགྱུར་རོ། །ཐོད་པ་ཞེས་པ་ལ་སོགས་པ་ལ་ཡང་གི་སྒྲ་ནི་ངེས་པར་བཟུང་བ་སྟེ་ཡོངས་སུ་རྫོགས་པ་དེ་ཁོ་ན་ཞེས་པའི་དོན་ཏོ། །ཁྱད་པར་དུ་ཞེས་པ་ནི་བུད་མེད་དང་མ་ནིང་དང་སྐྱེས་པ་བསྐྲད་པ་ལ་རང་དང་རྗེས་སུ་མཐུན་པས་སོ། །བྲིས་ཏེ་ཞེས་པ་ནི་འཕགས་པ་བདུད་རྩིར་གྲགས་པའི་རྣལ་འབྱོར་པའམ་ཁྲོ་བོ་གཞན་གྱི་སྱོར་བས་ཇི་ལྟར་བརྗོད་པའི་ཐོད་པ་ལ་ལྡོང་རོས་དང་སོལ་བ་དང་ནི་མ་པའི་ཁུ་བ་དང་རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་


DTG040_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་རལ་གྲིས་མཚན་པའི་རླུང་གི་དཀྱིལ་འཁོར་ཏེ་དེའི་དབུས་སུ་བསྒྲུབ་བྱའི་གཟུགས་བརྙན་བྲིས་ཏེ་དེའི་སྙིང་གར་རལ་པ་གཅིག་མ་ལ་སོགས་པའི་གང་ཡང་རུང་བའི་རང་གི་རིག་པའི་སྔགས་དང་མིང་སྤེལ་བར་བྱ་སྟེ་བཀུག་པ་སྔོན་དུ་སོང་བས་བརྒྱ་རྩ་བརྒྱད་མངོན་པར་བཟླས་ཏེ་རྡོ་རྗེའི་ཚིག་གིས་སྔགས་བཟླས་ཤིང་དགྲའི་སྒོ་ལ་སོགས་པར་བརྐོས་ནས་བསྐྲད་པར་བྱའོ། །ཏཱ་ལའི་ལོ་མ་ཞེས་པ་ལ་སོགས་པ་ལ་སྔགས་ཏེ་ལའི་ལོ་མ་ལ་སོགས་པ་རྣམས་ལ་སྔར་བརྟོད་མ་ཐག་པའི་རྫས་རྣམས་ཀྱིས་བསྒྲུབ་བྱའི་མིང་དང་སྤེལ་བ་བྲིས་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་སྒོ་གླེགས་ལ་སོགས་པ་གང་དེ་རུ་སྦ་བར་བྱ་སྟེ་མངོན་པར་འདོད་པ་གྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་འཆིང་པའི་ཕུར་བུའི་སྔགས་ཡིན་ཏེ་སྐུ་ལ་སོགས་པ་ལ་དམིགས་པས་རྡོ་རྗེ་གསུམ་གྱིས་འདེབས་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ཡང་དབྱེར་མི་ཕྱེད་པའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །སངས་རྒྱས་ནི་བཅོམ་ལྡན་འདས་ཡིན་ལ་བརྒྱལ་ཞེས་པ་ལ་སོགས་པས་དེ་བཞིན་དུ་སེམས་ཅན་གྱི་དོན་གྱི་གར་བསྟན་པས་འཇིགས་པ་ལས་འདའ་བའི་རྒྱུ་རྡོ་རྗེ་འཛིན་པ་ཆེན་པོ་དྲན་པ་དང་ལྡན་པ་རྣམས་སོ། །རྡོ་རྗེ་སྐུ་གསུམ་འཇིག་པ་ཞེས་པ་ནི་ཇི་ལྟ་བ་བཞིན་དུ་སྔགས་བཟླས་པ་འབུམ་བྱས་ནས་སྔར་བརྗོད་པའི་རྫས་རྣམས་དུར་ཁྲོད་ཀྱི་རས་ལ་འཁོར་ལོ་འབར་བའི་ལྟེ་བ་ལ་ཁ་དོག་ནག་པོ་ཁྲོས་པ་འབར་བའི་ཕྲེང་བ་ཅན་འོག་ཕུར་བུའི་རྣམ་པ་ཅན་གྱི་རྣམ་པར་སྣང་མཛད་བྲིས་ཏེ། ཡི་གེ་ཨོཾ་ལས་གྲུབ་པ་ལ་དགུག་པར་བྱ་སྟེ་མིའི་རུས་པ་སོར་བརྒྱད་པའི་ནང་དུ་བཅུག་སྟེ་མེ་ཏོག་སྔོན་པོས་མཆོད་ལ་བརྒྱ་རྩ་བརྒྱད་བཟླས་པ་མངོན་སྤྱོད་ཀྱི་ཆོ་གར་བརྗོད་པས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་བྱ་སྟེ་སྔར་བཞིན་དུར་ཁྲོད་ཀྱིས་ལ་སོགས་པ་རྣམས་ཀྱིས་གཟུགས་བརྙན་སོར་བརྒྱད་པ་བྱས་ལ་དེའི་སྙིང་གར་དེ་བཞིན་དུ་སྔགས་བཅུག་སྟེ་དགུག་པ་སྔོན་དུ་སོང་བ་ལས་སརྦ་དུཥྚཱན་སརྦ་བཱ་པཾ་ཞེས་པའི་ཚིག་གཉིས་པོར་ཏེ་དེ་རུ་ཆེ་གེ་མོ་ཞེས་བསྒྲུབ་བྱའི་མིང་བཅུག་ནས་ཆེ་གེ་མོ་ཞེས་ལུས་དང་ངག་དང་ཡིད་ཅེས་པ་དང་ཡང་མངོན་པར་སྤེལ་པ་སྔགས་བཟླས་པ་ན་དེའི་མགོ་ནས་བཟུང་ནས་རྐང་པ་ལ་ཐུག་པར་ཕུར་པ་བཏབ་པས་


DTG040_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་གྱི་རྡོ་རྗེ་རྣམས་འཇིག་པར་བྱེད་དོ། །དེ་བཞིན་དུ་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པའི་ཁོང་སྟོང་དུ་པདྨའི་དབུས་སུ་དེ་བཞིན་དུ་མངོན་སྤྱོད་ཀྱི་ཆོ་གས་འོག་རྩེ་མོའི་རྣམ་པ་ཅན་བྲིས་པའི་གསུང་རྡོ་རྗེ་ལ་བཅུག་ནས་དེའི་སྦྱོར་བ་ཉིད་ཀྱིས་བརྗོད་མ་ཐག་པ་ཉིད་ཀྱིས་གདབ་པར་བྱའོ། །དེ་བཞིན་དུ་ལྕགས་ཀྱི་རང་བཞིན་གྱི་ཕུར་བའི་ཁོང་སྟོང་དུ་བུ་སྐྱེས་པའི་རས་ལ་བྲིས་པ་འབར་བའི་རྡོ་རྗེ་བྲིས་ཏེ་འོག་རྩེ་མོའི་རྣམ་པ་ཐུགས་རྡོ་རྗེ་ཁྲོས་པ་བཅུག་ནས་དེ་ཉིད་ཀྱིས་དེ་བཞིན་གདབ་པར་བྱའོ་ཞེས་པའི་དོན་ཏོ། །སྦྱོར་བ་ཉིད་བཤད་པ་གསུངས་པ། རྡོ་རྗེ་སེམས་དཔའ་ནི་ཐུགས་རྡོ་རྗེའོ། །དཀར་པོ་དང་དམར་པོ་དང་ནག་པོའི་ཕུར་པ་རྣམས་ནི་སྐུ་རྡོ་རྗེ་ལ་སོགས་པ་ཐ་དད་པ་མཚོན་པ་ཡིན་པའི་ཕྱིར་ལྕགས་ཀྱི་རང་བཞིན་གྱི་ཕུར་པ་དེ་སྦྱར་རོ། །ཉེ་བར་མཚོན་པ་ཡང་འདི་ཡིན་ཏེ་ལྕགས་ཀྱི་རང་བཞིན་གྱི་ཕུར་པ་དོན་ཡོད་གྲུབ་པ་དང་རིན་ཆེན་འབྱུང་ལྡན་འདུས་པའི་ཕྱིར་རོ། །དེ་བཞིན་དུ་འདིར་རིགས་ཀྱི་ཕུར་པ་རྣམས་རིགས་ལྔའི་རྣམ་པར་བཞག་པ་ཤེས་པར་བྱ་སྟེ་རང་གི་ཕྱག་མཚན་གྱི་ནང་དུ་ཆུད་པ་བྲིས་ལ་རང་གི་རིགས་ཀྱི་ལྷ་ཁྲོས་པ་འོག་རྩེ་མོའི་རྣམ་པ་ཅན་རང་གི་རིགས་ཀྱི་ཕུར་པ་ལ་བཅུག་སྟེ་མངོན་སྤྱོད་ཀྱི་ཆོ་གར་བརྗོད་པ་དེའི་རྣལ་འབྱོར་གྱིས་དེ་ཉིད་བཀུག་སྟེ་མེ་ཏོག་སྔོན་པོས་མཆོད་ནས་བརྒྱ་རྩ་བརྒྱད་བཟླས་ཏེ་སྔར་བཞིན་དུ་གཟུགས་བརྙན་ལ་གདབ་པར་བྱའོ་ཞེས་གསུངས་པ། གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་ཆེ། །ཞེས་པ་ལ་སོགས་པའོ། །རྡོ་རྗེ་བདུད་རྩི་འཁྱིལ་པ་ཡིས། །ཞེས་པ་ནི་ཐུགས་རྡོ་རྗེ་ཕུར་བུའི་ནང་དུ་ཆུད་པས་དེའི་རྣལ་འབྱོར་གྱིས་ཀྱང་ཞེས་པའི་དོན་ཏོ། །སངས་རྒྱས་ཀྱང་ཞེས་པ་ནི་སངས་རྒྱས་དང་འདྲ་བ་ཡང་བསྲུང་བ་དང་བྲལ་ཞིང་ཁ་སྦྱོར་ཕྱེ་བའོ། །ཕུར་བུའི་མཚན་ཉིད་གསལ་པོར་གསུངས་པ། སྙིང་ག་ཞེས་པ་ལ་སོགས་པ་སྟེ་སྙིང་ག་ནས་བརྩམས་ཏེ་རྐང་པའི་མཐར་རྡོ་རྗེ་རྩེ་གཅིག་གི་རྣམ་པའོ། །སྟེང་དུ་འང་དམ་ཚིག་དེ་ཉིད་བྱ། །ཞེས་པ་ནི་གང་ཡང་རུང་བའི་ལྷའི་གཟུགས་ཏེ་འོན་ཀྱང་མངོན་སྤྱོད་ཀྱི་ཆོ་ག་ལས་ཐམས་ཅད་ནག་པོའོ། །ད་ནི་ཇི་ལྟ་བ་བཞིན་དུ་ཇི་ལྟར་བརྗོད་པའི་སྒྲུབ་ཐབས་ཀྱི་ཆོ་ག་ཉམས་སུ་བླངས་པའི་སྔགས་པས་གང་གི་ཚེ་དངོས་གྲུབ་ཐོབ་པར་མ་གྱུར་ན་དེའི་ཚེ་ལྷ་རྣམས་ལ་ལེགས་པར་ཕུར་


DTG040_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བུས་གདབ་སྟེ་བསྒྲུབ་པར་བྱའོ་ཞེས་གསུངས་པ། བསམ་གཏན་ཞེས་པ་ལ་སོགས་པ་སྟེ་རང་གི་ལྷའི་ང་རྒྱལ་གྱིས་བརྗོད་མ་ཐག་པའི་ཕུར་བུའི་རྣམ་པའི་ལྷ་བསྒོམས་པས་རང་གི་ས་བོན་ལས་བྱུང་བའི་བསྒྲུབ་བྱའི་ལྷའི་རྣམ་པར་བསྒོམས་པ་ནི་བསམ་གཏན་ནོ། །རྡོ་རྗེ་ནི་རང་གི་གསང་བའི་རྡོ་རྗེ་སྟེ་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པའི་སྦྱོར་བ་དེས་སོ། །ངེས་པར་ཏེ་གདོན་མི་ཟ་བར་རོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །ཕུར་བུས་བཏབ་ན་ཞེས་པ་ནི་འཆད་པར་འགྱུར་བའི་ཚུལ་གྱིས་སོ། །གལ་ཏེ་རྡོ་རྗེ་འཛིན་པ་ཆེན་པོ་ཡང་དག་པར་ཕུར་བུས་བཏབ་ཀྱང་མི་འགྲུབ་ན་འཆི་བར་འགྱུར་རོ། །དེ་ལྟར་ཡང་མ་ཡིན་པ་དེས་ན་ངེས་པར་འགྲུབ་པར་འགྱུར་རོ་ཞེས་པའི་དོན་དུ་བརྗོད་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཕྱིར་རོ། །སྐུ་ནི་རྣམ་པར་སྣང་མཛད་དེ་ཡིན་ལ་དེ་རྣམ་པར་འཕྲུལ་པ་ནི་སྔགས་ལ་སོགས་པའི་བདག་ཉིད་དེ། རྡོ་རྗེ་གང་གི་ཡིན་པ་དེ་ནི་དེ་བཞིན་ནོ། །སྐུའི་དམ་ཚིག་ནི་རྣམ་པར་སྣང་མཛད་དེ་དེའི་སྦྱོར་བས་སོ། །དེ་ཉིད་ཀྱང་ཚམ་ངམ་གྱི་སྔགས་གང་གིས་ཕུར་པ་འདེབས་པ་དེའོ། །ལག་པའི་ཕྱག་རྒྱ་བཅིང་མི་བྱ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ཞེས་འདི་ཉིད་དུ་བརྗོད་པའི་ཕྱིར་དང་དངོས་གྲུབ་མཆོག་བསྒྲུབ་པའི་ཡང་ཕྱིར་འདི་ལྟར་བཤད་པ་ཡིན་ཏེ། ཕན་ཚུན་དཀྲི་བའི་ཚུལ་དུ་བྱ། །ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་རང་འོད་ཀྱི་རིག་མའི་རྣམ་པར་བུ་མོ་བསྒོམས་ཏེ་ཕན་ཚུན་དུ་འཁྱུད་པ་ལ་སོགས་པའོ། །མཐེ་བོ་ཞེས་པ་ནི་གསང་བའི་རྡོ་རྗེ་འབར་བ་ཡིན་ལ་གནས་ནི་བདེ་བ་ཆེན་པོའི་གནས་ཏེ་ཆོས་འབྱུང་དུ་གྲགས་པའོ། །དེ་དག་གི་སྦྱོར་བ་ནི་འདུས་པའོ། །རྡོ་རྗེ་ཕུར་བུས་ངེས་པར་གདབ། །ཅེས་པ་ནི་ཇི་ལྟ་བ་བཞིན་དུ་རིག་མ་དང་བཅས་པ་ཐམས་ཅད་ནག་པོ་འབར་བ་ཁྲོས་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་རང་འོད་ཀྱི་རིག་མའི་པདྨ་ལ་གནས་པ་མེའི་དཀྱིལ་འཁོར་ལ་རྣམ་པར་སྣང་མཛད་ཁ་དོག་དཀར་པོ་དམ་ཚིག་ལས་འདའ་བས་འཇིགས་ཤིང་བརྒྱལ་བར་དམིགས་ནས་རང་གི་གསང་བའི་རྡོ་རྗེ་འབར་བ་ལས་སྔར་བརྗོད་པའི་ཕུར་པའི་རྣམ་པའི་རྣམ་པར་སྣང་མཛད་ཕྱུང་


DTG040_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྔགས་བཟླས་ནས་སྤྱི་བོར་བསྣུན་ནས་རྐང་པའི་བར་དུ་གདབ་པར་བྱའོ། །དེ་ལྟར་གདབ་མ་ཐག་ཏུ་ཞེས་པ་ནི་དེ་མ་ཐག་པ་ཉིད་དེ། རྡོ་རྗེ་གསུམ་གྱི་བདག་ཉིད་རྣམ་པར་སྣང་མཛད་ལྡང་བར་འགྱུར་ཏེ། མངོན་སུམ་དུ་འགྱུར་བར་འགྲུབ་བར་འགྱུར་རོ། །འཇིག་རྟེན་དབང་ཕྱུག་གསུང་ནི་འོད་དཔག་ཏུ་མེད་པའོ། །ཁ་ཕྱེ་བ་ཡང་ཡིན་ལ་དེའི་ཡེ་ཤེས་ཀྱི་པདྨ་ཡང་ཡིན་ཏེ་རིག་མར་བསྒོམས་པའི་བུ་མོའི་བྷ་གའོ། །དེར་རྡོ་རྗེ་ཉིད་ནི་སོར་མོ་ཡིན་ཏེ་དེར་གཞུག་པའོ། །གཞན་ནི་སྔར་བཞིན་ཏེ། འོན་ཀྱང་བསྒྲུབ་བྱ་ནི་འོད་དཔག་ཏུ་མེད་པ་ཁ་དོག་དམར་པོའོ། །དེ་བཞིན་དུ་བསྒྲུབ་བྱ་གཞན་ཡང་རང་བཞིན་གྱི་ཁ་དོག་དང་འཇིགས་པ་དང་བརྒྱལ་བ་དངོས་གྲུབ་སྟེར་བ་ལ་མངོན་དུ་ཕྱོགས་པར་ཡང་རྟོགས་པར་བལྟའོ། །ཐུགས་ནི་མི་བསྐྱོད་པའོ། །རྡོ་རྗེ་རྩེ་ལྔར་བཅིངས་ནས་ནི། །ཞེས་པ་ནི་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པས་རང་གི་གསང་བ་རྩེ་མོ་ལྔ་པ་འབར་བའི་རྡོ་རྗེར་བཅིངས་པས་རང་འོད་ཀྱི་རིག་མའི་རྣམ་པར་བསྒོམས་པའི་བུ་མོའི་བྷ་ག་དང་ཡང་དག་པར་སྦྱོར་བའི་ངོ་བོས་སོ། །འོད་འཕྲོ་མང་པོ་འཁྲིགས་པར་བསྒོམ། །ཞེས་པ་ནི་འོད་འཕྲོ་བ་སྡུག་པར་བརྗོད་པ་སྟེ་ཕུར་བུའི་རྣམ་པ་མི་བསྐྱོད་པ་འབྱིན་པ་བསྒོམས་པས་སོ། །ཐུགས་རྡོ་རྗེ་ནི་མི་བསྐྱོད་པ་ཡིན་ལ་དེའི་གནས་ནི་བྱེད་པའི་གནས་ཏེ་རིག་མའི་པདྨའི་གནས་ཉིད་དོ། །དེའི་ནང་དུ་བྱས་པ་མེའི་དཀྱིལ་འཁོར་ལ་གནས་པའི་བསྒྲུབ་བྱ་མི་བསྐྱོད་པའོ། །ཞུགས་པའི་རྡོ་རྗེས་མནན་པ་ནི་ཐུགས་རྡོ་རྗེའི་གནས་མནན་པའོ། །སྐུ་དང་གསུང་གི་གནས་མནན་པ་ནི་དེ་ལྟར་ཁོ་ནའོ། །རྡོ་རྗེ་ཕུར་བུས་ངེས་པར་གདབ། །ཅེས་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད་དང་འདྲ་བ་ཐམས་ཅད་དོ། །ཕུར་འདེབས་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་གྲགས་ཆེན་ཏེ། །ཞེས་འཆད་པར་འགྱུར་བའི་རྒྱས་པར་བཤད་པས་རིག་མ་དང་བཅས་པ་གནག་ཅིང་འབར་བ་ཁྲོས་པའི་ལྷ་རྣམས་སོ། །ཕུར་པ་དང་བསྒོམས་པ་དག་གི་ཇི་ལྟར་བརྗོད་པའི་རིན་ཆེན་ཏོག་ལ་སོགས་པ་བསྒྲུབ་པར་བྱ་བའི་ལྷ་ཐམས་ཅད་ཕུར་པས་བཏབ་པས་སྒྲུབ་པ་རྣམས་སུ་རྟོགས་པར་བྱའོ། །ཡང་དག་བཤད་པའི་ཆོ་ག་བརྩམ། །ཞེས་པ་ནི་བརྗོད་པའི་རིམ་པས་སོ། །དབྱེར་མི་ཕྱེད་པའི་ཕུར་བུ་བཤད་པས་རྡོ་རྗེ་ཕུར་


DTG040_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ནི་དཔལ་རྡོ་རྗེ་སེམས་དཔའོ་ཞེས་ཁ་ཅིག་གོ །དེ་ལྟར་མཐོང་བར་བྱས་ཀྱང་ནི། །སྒྲུབ་པ་པོ་ལ་མི་སྐྱེ་ཞིང༌། །གང་ཚེ་བྱང་ཆུབ་མ་གྲུབ་ན། །དྲག་ཤུལ་སྦྱོར་བས་བསྒྲུབ་པར་བྱ། །དེ་ཚེ་དེ་ཡི་ཡེ་ཤེས་ནི། །གྲུབ་པ་ངེས་པར་སྐྱེ་བར་འགྱུར། །རིགས་ཀྱི་དབྱེ་བའི་སྦྱོར་བས་ནི། །རྡོ་རྗེ་ཕུར་བུས་ཕུར་བུ་གདབ། །ཅེས་རྒྱུད་ཕྱི་མ་ལས་བརྗོད་པའི་ཆོ་གས་བླ་མའི་མན་ངག་ཉིད་ལས་དྲག་པོའི་སྒྲུབ་པ་བསྒྲུབ་པར་བྱའོ་ཞེས་གཞན་དག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་ཅི་ལྟར་ན་ཕུར་པ་འདེབས་པ་ལ་སོགས་པ་ཡིན། བདེན་ཏེ་འདི་དེ་རྣམས་ལ་སྲིད་པ་མ་ཡིན་ཏེ་འོན་ཀྱང་རང་གི་སེམས་ཉིད་ཐམས་ཅད་མཁྱེན་པར་བསྟན་པའི་རྣམ་པ་འདྲ་བ་ལ་སོགས་པ་དང་ལྡན་པ་བསྒོམས་པ་ན་བསམ་གྱིས་མི་ཁྱབ་པ་དེའི་འབྲས་བུ་ཐོབ་པར་བྱེད་པར་འགྱུར་ཏེ་ཐམས་ཅད་མཁྱེན་པ་མ་ཡིན་པ་ལ་བསམ་གྱིས་མི་ཁྱབ་པའི་ཕྱིར་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་སྤྲོས་པ་ནི་རྣམ་པར་འཕྲུལ་པ་ཡིན་ཏེ་རྡོ་རྗེ་ཕུར་བུའི་གཟུགས་ཀྱི་སྐུ་ཡོངས་སུ་གྱུར་པའོ། །དམ་ཚིག་ཀྱང་དེ་ཡིན་ལ་ཚམ་ངམ་ཡང་དེ་ཡིན་ཏེ་དེ་ཉིད་རྡོ་རྗེའོ། །དེས་ཕུར་པ་བཏབ་པ་ནི་སྡང་བ་རྣམས་ཏེ་དེའི་དོན་དུ་སྔགས་བརྗོད་པ་དང་ལྡན་པའོ། །ཚམ་ངམ་གྱི་ཕྱག་རྒྱ་གསུངས་པ། ཕན་ཚུན་དཀྲི་བའི་ཚུལ་དུ་བྱ། །ཞེས་པ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་དེ་ཁོ་ན་ཉིད་ཀྱི་རྡོ་རྗེའི་བཅིང་བས་སོར་མོ་ཐམས་ཅད་ཕན་ཚུན་དུ་ཁ་སྤྲད་པར་བྱས་ནས་མཐེ་བོ་དག་ཀྱང་རྡོ་རྗེ་བྱས་ཏེ། བསྒྲུབ་བྱ་ལ་ཕུར་པས་གདབ་པའི་བསམ་པས་ཁ་ཐུར་དུ་བསྟན་ཏེ་ས་ལ་དགོད་པར་བྱའོ་ཞེས་པའི་དོན་ཏོ། །དམ་ཚིག་མཆོག་གིས་ལྡང་བར་འགྱུར། །ཞེས་པ་ནི་རྡོ་རྗེ་ཕུར་བུའི་གཟུགས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྒྲུབ་བྱའི་ལུས་ལ་འཇུག་པར་འགྱུར་རོ། །རྡོ་རྗེ་ཕུར་བུའི་རྣམ་པར་སྣང་མཛད་ཀྱི་སྐུ་དང་གསུང་དང་ཐུགས་སུ་ཡོངས་སུ་གྱུར་པར་བསྒོམ་པ་ནི་དམ་ཚིག་ཡིན་ལ་དེ་ཉིད་མཆོག་ཡིན་པ་དེས་སོ། །ཡང་ན་འཆི་བའི་གནས་སུ་འགྱུར། །ཞེས་པ་ནི་གལ་ཏེ་དེའི་ངོ་བོར་མི་བསྒོམ་པར་ཕྱག་རྒྱ་ཁོ་ནར་རབ་ཏུ་སྦྱོར་བར་བྱེད་ན་དེའི་ཚེ་མངོན་པར་འདོད་པའི་


DTG040_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ལས་ཉམས་པར་འགྱུར་རོ། །འོད་དཔག་ཏུ་མེད་པའི་སྦྱོར་བས་འོད་དཔག་ཏུ་མེད་པའི་སྐུ་དང་གསུང་དང་ཐུགས་རྣམས་ཕུར་བུའི་རྣམ་པར་སྤྲོས་པའི་འཇིག་རྟེན་དབང་ཕྱུག་གསུང་རྣམ་པར་འཕྲུལ་པའོ། །ངག་གི་དམ་ཚིག་གི་ཚམ་ངམ་འོད་དཔག་ཏུ་མེད་པའི་ངོ་བོ་ཞེས་པའི་དོན་ཏོ། །། དེའི་ཕུར་པས་བཏབ་པ་ནི་སྡང་བ་རྣམས་ཏེ་དེའི་དོན་དུ་སྔགས་གསུངས་པ་དང་ལྡན་པའོ། །ཚམ་ངམ་གྱི་ཕྱག་རྒྱ་གསུངས་པ། ཁ་ཕྱེ་བ་ཞེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་ཐལ་མོ་བརྡབས་ཏེ་འདབ་མ་བརྒྱད་པ་པདྨའི་རིགས་ཀྱི་དམ་ཚིག་བྱའོ། །རྡོ་རྗེ་འཛིན་པ་ཆེན་པོ་ཐུགས་རྣམ་པར་འཕྲུལ་པ་ཞེས་པ་ལ་སོགས་པ་ནི་སྔ་མ་ཁོ་ན་ལྟར་བལྟ་བར་བྱའོ། །ཚམ་ངམ་གྱི་ཕྱག་རྒྱ་གསུངས་པ། རྩེ་ལྔ་ཞེས་པ་ལ་སོགས་པ་སྟེ་མི་བསྐྱོད་པའི་རྣལ་འབྱོར་བྱས་པའམ་རྡོ་རྗེ་འཛིན་པ་ཆེན་པོའི་རྣལ་འབྱོར་བྱ་སྟེ། ཐལ་མོ་སྦྱར་ཏེ་སྲིན་ལག་གཉིས་ཁ་སྦྱར་གྱི་ནང་དུ་བཅུག་སྟེ་མཐེ་བོ་དང་མཐེའུ་ཆུང་རྣམས་ཀྱི་རྩེ་མོ་གཉིས་སུ་བྱས་ཏེ་ཁ་གྱེན་དུ་བསྟན་ལ་གཟུང་བར་བྱ་སྟེ་གུང་མོ་གཉིས་ཀྱང་རྩེ་མོར་བྱ་སྟེ་དེའི་རྒྱབ་ཀྱི་ཆ་གཉིས་སུ་མཛུབ་མོ་གཉིས་བསྐུམ་སྟེ་རྡོ་རྗེའི་རྣམ་པར་གཟུང་བར་བྱའོ་ཞེས་སྙིང་པོ་ཞབས་སོ། །གཞན་རྣམས་ཀྱིས་གཞན་དུ་བཤད་པ་དེ་ཡང་ཤིན་ཏུ་གཞུང་རྒྱས་པས་འཇིགས་ནས་དེ་མ་བྲིས་སོ། །མཁས་པ་རྣམས་རང་ཉིད་ཀྱིས་ཀྱང་དེ་བརྟགས་ཏེ་གཟུང་བར་བྱའོ། །ཉན་ཐོས་ལ་སོགས་པ་རྣམས་ལ་བསྟན་པར་བྱ་བ་ཡིན་པའི་ཕྱིར་གསང་བ་ཡིན་པ་ལ་རྟོགས་ཤིང་གོ་བར་བྱེད་པ་འདིས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཤེས་པ་ནི་གནས་སོ། །སྐུ་རྡོ་རྗེ་ཕུར་པས་བཏབ་པ་ཉིད་ཀྱིས་དེའི་གནས་ཐོབ་པར་བྱེད་པ་ཉིད་ཀྱིས་སྙིང་པོ་བསྡུས་པའོ། །དེ་བཞིན་དུ་འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པ་ལ་ཡང་སྦྱོར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ཞེས་པ་ནི་སྐུ་ལ་སོགས་པའི་བདག་ཉིད་ཡུལ་དང་ཡུལ་ཅན་དང་ཁམས་རྣམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་འདི་ཉིད་ཀྱིས་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཡང་དག་པར་བསྡུས་པའི་ཕྱིར་རོ། །བདེ་བ་ཆེན་པོ་འབྱུང་བའི་ཕྱིར་དེ་འབྱུང་བའོ། །དབྱེར་མེད་པའི་སྐུ་ལ་སོགས་པ་ཐོབ་པར་བྱེད་པས་སྐུ་གསུང་ཐུགས་ཀྱི་མཆོག་སྦྱིན་པའོ། །མདོར་བསྡུས་པ་སླུ་བར་མི་བྱེད་པ་ཐོབ་པར་བྱེད་པའི་ཕྱིར་སྔགས་ཀྱི་དེ་ཉིད་བསྡུས་


DTG040_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྣམས་རྨད་དུ་བྱུང་བ་ནི་ཡ་མཚན་དུ་བྱེད་པའི་ཕྱིར་རོ། །དེ་རྣམས་ཀྱི་སྔགས་རྣམས་དང་ལྷ་རྣམས་འགུགས་པར་བྱེད་པའོ། །སྦྱོར་བ་དང་ལྡན་པའི་གདུལ་བྱའི་རྒྱུད་རྣམས་དེའི་རང་བཞིན་དུ་བྱེད་པ་དང་འཕགས་མ་སྤྱན་ལ་སོགས་པ་འགུགས་པ་ཡང་དེ་ཡིན་ཏེ་དེས་རྣམ་པར་འཕྲུལ་པ་ནི་དེ་རྣམ་པར་རོལ་པ་ཡིན་ཏེ་དེ་ཉིད་ཀྱིས་རྒྱལ་བར་བྱེད་ཅིང་གསལ་བར་བྱེད་ཅེས་པ་ནི་དེ་བཞིན་ནོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་བཅུ་བཞི་པའོ།། །།

ལེའུ་བཅོ་ལྔ་པ། སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་གི་སྙིང་པོ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་བཤད་པ།


DTG040_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ལ་བུ་མོ་ཐོབ་བྱས་ནས་ཞེས་པ་ལ་སོགས་པས་རིག་པའི་བརྟུལ་ཞུགས་དང་རྗེས་སུ་མཐུན་པའི་རིག་པ་བསྒྲུབ་པ་གསུངས་པ་ཡིན་ལ་དེའི་རིགས་དང་ལོ་དུ་ལོན་པ་དེའི་སྒྲུབ་པའི་ཐབས་ཀྱང་ཅི་ལྟ་བུ་ཞེས་པ་ལ་སོགས་པ་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཤེས་པའི་རྗེས་ལའོ། །ཞེ་སྡང་དང་གཏི་མུག་དང་དམ་ཚིག་དང་རིན་པོ་ཆེ་འདོད་ཆགས་ཀྱི་རིགས་ཀྱི་བདག་ཉིད་གསལ་བར་གསུངས་པ། རྒྱལ་པོ་ཞེས་པ་ལ་སོགས་པའོ། །ཟླ་བ་དྲུག་ཏུ་ཇི་ལྟ་བ་བཞིན་རིག་པའི་བརྟུལ་ཞུགས་སྤྱད་པའི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་ལ་གནས་ཏེ་བསྒྲུབ་པར་བྱའོ་ཞེས་རིགས་ཀྱི་ང་རྒྱལ་སུན་དབྱུང་བའི་དོན་དུ་སྐུ་ལ་སོགས་པའི་རིགས་རྣམ་པར་དག་པའི་སྒོ་ནས་རིག་པའི་བརྟུལ་ཞུགས་ཀྱི་རྗེས་སུ་མཐུན་པ་གསུངས་ཏེ། ལོ་བཅུ་གཉིས་ལོན་པ་ནི་བག་མར་མ་བཏང་ཞིང་གཞན་ལ་མ་སོང་བའོ། །བདག་ཉིད་ཆེ་ཞེས་པ་ནི་སྔགས་ཀྱི་དེ་ཉིད་ཤེས་པ་སྟེ་གང་ཡང་ཅི་ཡང་རུང་བའི་རིགས་ལས་བྱ་བྱེད་དང་བཅས་པས་ནི་མ་ཡིན་པའམ་བདག་ཉིད་ཀྱིས་ལེགས་པར་སྦྱངས་ལ་གཟུང་བར་བྱའོ་ཞེས་བལྟ་བར་བྱའོ། །ཆོ་ག་ལས་ཞེས་པ་ནི་ཡེ་ཤེས་ལྔས་བྱིན་གྱིས་བརླབ་པ་ལ་སོགས་པ་རྒྱུད་ཕྱི་མ་ལས་བཤད་པས་སོ། །རྡོ་རྗེ་དཀྱིལ་འཁོར་ནི་དཀྱིལ་འཁོར་གྱི་འཁོར་ལོའི་སྒོམ་པ་པོས་སོ། །ནང་གི་དཀྱིལ་འཁོར་ལྔ་རུ་དཀྱིལ་འཁོར་གྱི་འཁོར་ལོ་སངས་རྒྱས་ཀྱི་གཟུགས་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་ནི་འདིར་མི་བསྐྱོད་པ་སྟེ་ཕུལ་དུ་བྱུང་བའི་བསྒོམ་པ་ཤེས་རབ་དང་ཐབས་སྙོམས་པར་འཇུག་པའི་མཚན་ཉིད་དོ། །ཆོས་རྣམས་ཀུན་འཛིན་པ་ནི་འདིར་འོད་དཔག་ཏུ་མེད་པའོ། །ཇི་སྐད་བརྗོད་པའི་རིགས་མི་སྲིད་པ་ལ་རིགས་གཞན་བསྒྲེ་བ་གསུངས་པ། བྲམ་ཟེ་ཞེས་


DTG040_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་སྟེ། རྡོ་རྗེ་ཆོས་ཞེས་པ་ནི་མཚོན་པར་བྱེད་པའོ། །ཐམས་ཅད་བསྒྲུབ་པའི་དུས་གསུངས་པ། ཉི་མ་ནུབ་ཅེས་པ་ལ་སོགས་པའོ། །པང་པར་བཞག་ནས་ཞེས་གང་བརྗོད་པ་དེ་གསལ་བར་གསུངས་པ། དབང་པོ་གཉིས་ནི་ཞེས་པ་ལ་སོགས་པའོ། །བཟའ་བར་བྱའོ་ཞེས་པ་འདིས་ནི་འདི་སྟོན་པར་བྱེད་དེ་སྒྲོ་བཏགས་པ་འདི་ཐམས་ཅད་ནི་འཁྲུལ་པ་ཡིན་ནོ་ཞེས་ཡིད་བརྟན་པས་བསྒྲུབས་ན་འགྲུབ་པོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་འཆད་པ། སངས་རྒྱས་བྱང་ཆུབ་གནས་ཞི་བས། །དེ་ཉིད་བླ་ན་མེད་པ་འགྲུབ། །ཅེས་སོ། །འདིར་ཁ་ཅིག་ནི་རིམ་པ་ལས་བཟློག་ནས་བཤད་པ་བརྗོད་དོ། །དེ་ལ་ཡང་ཅུང་ཟད་ཀྱང་མི་རིགས་པས་མི་བཟུང་ངོ༌། །མན་ངག་ཙམ་རིག་པ་དང་བྲལ་བ་ནི་རིགས་པ་ཤེས་པ་རྣམས་ཀྱིས་གཟུང་བར་མི་བྱའོ། །གོ་རིམས་ཇི་ལྟ་བར་བཤད་པ་ལ་ཚད་མ་དང་ལུང་གིས་གནོད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །མ་དང་ཕ་དག་ལས་བག་མར་མ་བླངས་པའི་བུ་མོ་རྙེད་པ་འདོད་པས་ལོག་པར་སྤྱོད་པ་སྒྲུབ་པའི་ཡན་ལག་ཏུ་མི་འགྱུར་རོ་ཞེས་ཤེས་པར་འདོད་པས་བསམ་པ་བཟང་པོས་གཞན་གྱི་ལེན་པ་མནན་པའི་སྒོ་ནས་བདག་གི་དབང་དུ་འགྱུར་བ་ཉིད་ཐོབ་པར་འགྱུར་རོ་ཞེས་རིག་པའི་བརྟུལ་ཞུགས་ཀྱི་སྦྱོར་བ་གསུངས་པ། དམ་ཚིག་གི་རྡོ་རྗེ་ཉིད་ཁྲོ་བོ་དེའི་མིང་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐྲག་པར་བྱ་བའི་ཆེད་དུ་ཁྲོ་བོའོ། །གྲུ་གསུམ་ནི་གྲུ་གསུམ་གྱི་ཧོམ་ཁུང་ངོ༌། །སྦྱིན་སྲེག་གི་ཆོ་ག་འདི་ཡང་བཟང་པོ་ཞབས་ཀྱི་སྦྱིན་སྲེག་གི་ཆོ་གའི་རྗེས་སུ་འབྲངས་ཏེ་ཤེས་པར་བྱའོ། །སྔགས་འདི་ཉིད་ཀྱི་སྦྱོར་བ་སྟོན་པ་ནི་ནག་པོའི་ཚེས་བཅུ་བཞི་འམ་བརྒྱད་ལ་ཆོ་གས་སྦྱོར་བ་དང་ལྡན་པར་བྱས་ཏེ་སྔོན་གྱི་བསྙེན་པས་འདི་སྒྲུབ་པོ། །ཐོ་བས་བརྡུང་བར་བྱ་སྟེ་སྒྲུབ་པ་པོས་བསྒྲུབ་བྱ་བརྡུང་བར་བྱའོ། །ཡི་གེ་ཧཱུཾ་ལས་བྱུང་བ་འབར་བའི་ཕྲེང་བ་འཁྲུགས་པ་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ་གནོད་མཛེས་ལ་སོགས་པའི་སྦྱོར་བ་དང་ལྡན་པས་སྡང་པ་གང་གི་སྟེང་དུ་དབབ་པར་བྱའོ། །དེས་དེ་ཉམས་པར་བྱེད་དོ། །ཕྱག་ན་སྟ་རེ་ཞེས་པ་ལ་ཡི་གེ་ཕཊ་ལས་སྐྱེས་པ་ཁྲོ་བོའི་བདག་ཉིད་འབར་བ་ཕྱག་གཡས་ན་སྟ་རེ་ཐོགས་པ་ཞེས་པའི་དོན་ཏོ། །ལས་ཀྱི་རྡོ་རྗེ་ནི་ཀུན་དུ་ཕྱོགས་པའི་སྣ་ཚོགས་རྡོ་རྗེ་རྩེ་མོ་ཉི་ཤུ་པའོ། །ཁ་དོག་སེར་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་


DTG040_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་སྦྱོར་བས་གྲོང་ལ་སོགས་པའི་སྟེང་གི་བར་སྣང་ལ་ཡི་གེ་ཁཾ་ལས་བྱུང་བ་ཁ་དོག་སེར་པོའི་སྣ་ཚོགས་རྡོ་རྗེ་མངོན་པར་འདོད་པའི་ཕྱོགས་སུ་བཀབ་ནས་གནས་པའི་དབུས་སུ་ཡི་གེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཆེན་པོ་མགོ་སྟེང་དུ་བལྟས་པ་ངེས་པར་བྱ་སྟེ་དེའི་ལྟེ་བ་ལ་རྣལ་འབྱོར་པ་དེ་ཉིད་ཀྱིས་འདུག་སྟེ་རང་གི་བ་སྤུའི་བུ་ག་ལས་བྱུང་བའི་འོད་ཟེར་སེར་པོ་རྣམས་ཀྱིས་ཐམས་ཅད་བཀབ་པར་བསྒོམ་པར་བྱའོ། །དེ་ལྟར་ན་མངོན་པར་འདོད་པའི་གནས་ལས་ཕྱི་ངོས་སུ་ཆར་འབབ་པོ་ཞེས་པའི་དོན་ཏོ། །དཀྱིལ་འཁོར་བྲི་བ་ན་རླུང་དང་ཆར་པ་ལ་སོགས་པ་གལ་ཏེ་འབྱུང་ན་དེའི་ཚེ་མཆེ་བའི་ཕྱག་རྒྱ་སྟེ་བདུད་རྩི་འཁྱིལ་པའི་རྣམ་པ་ཀུན་གྱི་མཆོག་ལྡན་པའི་སྐུར་བསམས་ན་སྡང་བ་རྣམས་ཀྱི་དགྲ་བརླག་པར་འགྱུར་བ་སྟེ་དེ་ཉིད་ཀྱི་སྔགས་ཀྱི་རྒྱལ་པོ་དྲན་པར་བྱ་སྟེ་བཀླག་པར་བྱའོ། །ལག་པའི་ཕྱག་རྒྱ་བཅིང་མི་བྱ། །གལ་ཏེ་དངོས་གྲུབ་འདོད་ན་ནི། །ཞེས་འདིར་བརྗོད་པའི་ཕྱིར་རོ། །དེ་བརྗོད་པ། ཕྱག་རྒྱ་ཆེན་པོའི་མཆེ་བ་གཙིགས། །སྡང་བའི་དགྲ་ནི་སྔགས་རྒྱལ་པོ། །ཞེས་སོ། །ཕབ་ནས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་དུ་གནས་ཏེ་ངོས་རྣམས་སུ་སྤྱན་ལ་སོགས་པར་བྱིན་གྱིས་བརླབས་པའི་བཙུན་མོ་བཞི་ཇི་སྐད་བརྗོད་པས་བཞག་ནས་དབུས་སུ་རང་གི་རིག་མར་བྱིན་གྱིས་བརླབས་པའི་ཕྱི་རོལ་གྱི་བུད་མེད་དང་གཉིས་སུ་མེད་པ་དང་ལྡན་པས་གསང་བའི་རྡོ་རྗེས་རིག་མའི་པདྨ་རྒྱ་བསྐྱེད་དེ་ཡི་གེ་ཧཱུཾ་ནམ་མཁའི་ཁམས་ཀྱི་དབུས་སུ་གནས་པར་བྱ་སྟེ། ཡང་དག་པར་སྦྱོར་བ་ལས་བྱུང་བའི་རྡོ་རྗེ་ཅན་དཀར་པོ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་གང་བ་སྤྲོས་ནས་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལ་ནང་དུ་བསྟིམས་ཏེ་བསྒྲུབས་ན་བྱང་ཆུབ་མངོན་དུ་བྱེད་དོ་ཞེས་པའི་དོན་ཏོ། །གསང་བ་བླངས་ནས་ཞེས་པ་ནི་འཇམ་དཔལ་གྱི་རྣལ་འབྱོར་དང་ལྡན་པས་རིག་པའི་བརྟུལ་ཞུགས་སྤྱད་པ་ལ་ཅི་ལྟར་བསྟན་པའི་བཙུན་མོ་དབེན་པར་རང་གི་དཀྱིལ་འཁོར་ལ་གནས་ཏེ་གསང་བའི་མཆོད་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་འོད་ཟེར་དང་བཅས་པ་བླངས་ཏེ་ཞེས་པའི་དོན་ཏོ། །སངས་རྒྱས་ཀྱིས་མི་མཐོང་ཞེས་པ་ནི་རང་གི་ལྷའི་རྣལ་འབྱོར་གྱི་དཀྱིལ་འཁོར་ལ་གནས་ཏེ་སྙོམས་པར་འཇུག་པ་དང་ལྡན་པས་བཟའ་བར་


DTG040_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་ལ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་རྡོ་རྗེ་ལ་སོགས་པའི་ལམ་ནས་ཕྱུང་བ་སྔོན་དུ་འགྲོ་བས་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བཞག་སྟེ་རང་གི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་བསྔགས་པར་བྱ་སྟེ་དེ་ཟོས་ན་སངས་རྒྱས་ཀྱིས་ཀྱང་མི་མཐོང་ངོ༌། །འདིའི་དོན་ཉིད་གསལ་པོར་བྱེད་པས་བཤད་པ་ཞེས་པ་ལ་སོགས་པས་སོ། །ཁ་སྦྱར་བ་ཡི་སྦྱོར་བ་ཡིས། །ཞེས་པ་ནི་རང་གི་རིག་མར་བྱིན་གྱིས་བརླབས་པའི་ཕྱི་རོལ་གྱི་བུད་མེད་དང་གཉིས་སུ་མེད་པར་གྱུར་པས་སོ། །ཟངས་དང་དངུལ་དང་གསེར་གྱིས་དཀྲིས་པ་ནི་ལྕགས་གསུམ་གྱིས་དཀྲིས་པ་ཡིན་ཏེ་འདི་རྣམས་ཡི་གེ་གསུམ་གྱིས་སྦྱངས་ཏེ་དབང་པོ་གཉིས་ཀྱི་སྦྱོར་བ་དང་ལྡན་པ་ཉིད་ཀྱིས་མཚན་མ་ཐོབ་པ་ལ་ཐུག་པས་བསྒྲུབས་ན་དེ་ལྟར་མཐོང་བར་མི་འགྱུར་རོ། །ག་བུར་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ་ཙནྡན་ནི་ཚིལ་བུ་ཡིན་ཏེ། སྙིང་ནི་གི་ཝང་ཡིན་ལ། ཨ་ཀ་རུ་ནི་རྣམ་པར་སྣང་མཛད་ཡིན་ཞིང༌། གུར་གུམ་ནི་ཆུ་སེར་ཡིན་ནོ། །མི་སྣང་བ་ནི་ལྷའི་སྦྱོར་བས་བྱའོ་ཞེས་པ་ལ་སོགས་པ་གསུངས་པ། བྱིན་གྱིས་བརླབས་ཞེས་པ་ལ་སོགས་པ་ལ་ཕྱག་རྒྱ་ཆེན་པོ་ནི་གང་ཡང་རུང་བའི་རྡོ་རྗེ་ཅན་གྱི་ལྷའི་ངོ་བོ་སྟེ། དེ་བསྒོམས་པ་དེ་ནི་དེ་དང་འདྲ་བར་འགྱུར་རོ། །ཡང་ན་གཟུགས་ཁམས་གནས་པ་ལ། །ཞེས་པ་ནི་གཟུགས་ཀྱི་ཁམས་ན་བུད་མེད་མི་སྲིད་ཀྱང་ཤིན་ཏུ་བར་བརྗོད་པས་འདི་སྟོན་པར་བྱེད་དོ། །ཡང་ན་གལ་ཏེ་དེར་ཡང་རྫུ་འཕྲུལ་གྱིས་སམ་རིགས་ཀྱི་བདག་པོ་འགྲོ་བ་སྲིད་ན་དེ་རྣམས་ཀྱང་ཞེས་པའི་དོན་ཏོ། །ད་ནི་དབང་བསྐུར་བའི་དོན་ངེས་པ་གསུངས་པ། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །སངས་རྒྱས་རྡོ་རྗེ་ཅན་མཉེས་འགྱུར། །ཞེས་ཏེ། སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་སྦྱོར་བ་སྟེ་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པའི་མཚན་ཉིད་དོ། །དེས་མཉེས་པ་ནི་དབུ་རྒྱན་གྱི་དབང་བསྐུར་བའོ། །རྡོ་རྗེ་ཅན་གྱི་ནི་མི་བསྐྱོད་པའོ། །རྡོ་རྗེ་མི་བསྐྱོད་པའི་སྦྱོར་བ་ཡིས་སོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཏེ། མཉེས་པ་ཞེས་པ་དང་མངོན་པར་འབྲེལ་ཏོ། །སངས་རྒྱས་བྱང་ཆུབ་རབ་དབྱེ་བས། །ཞེས་ཏེ་རྡོ་རྗེ་འཛིན་པ་རྣམས་ནི་དེའི་རིགས་རྣམས་སོ། །དེ་ཉིད་རྣམ་པར་སྤྲོས་ཏེ་གསུངས་པ། རྡོ་རྗེ་སྤྱན་གྱི་གཟུགས་ལ་སོགས། །ཞེས་པ་སྟེ་


DTG040_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ལ་ཞེས་པའི་དོན་ཏོ། །གཙུག་ཏོར་ནི་དབུ་རྒྱན་ཏེ་བསྟན་པའི་དབང་ངོ༌། །གཙུག་ཏོར་ཀྱང་འཁོར་ལོས་སྒྱུར་བ་དྲུག་སྟེ་ཅི་རིགས་པར་རོ། །རིག་པའི་འཁོར་ལོས་སྒྱུར་རྒྱལ་དྲུག །གཙུག་ཏོར་ཞེས་ནི་རྣམ་པར་འབྱུང༌། །ཞེས་རྒྱུད་ཕྱི་མ་ལས་སོ། །ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ལ་ཡང་དེ་རྣམས་ཀྱི་དེ་མཆོག་ནི་སངས་རྒྱས་རྡོ་རྗེ་རབ་བསྒོམས་ཏེ་གཤིན་རྗེ་མཐར་བྱེད་དང་པདྨ་མཐར་བྱེད་དག་ལ་རབ་བསྒོམས་པ་ནི་རྣམ་པར་སྣང་མཛད་དང་སྣང་བ་མཐའ་ཡས་བསྒོམས་པའོ། །ཤེས་རབ་མཐར་བྱེད་དང་བགེགས་མཐར་བྱེད་དག་ལ་རྡོ་རྗེ་རབ་ཏུ་བསྒོམས་པ་ནི་མི་བསྐྱོད་པ་བསྒོམས་པའོ། །རིག་པའི་རྒྱལ་པོ་ཆོས་མཆོག་རྣམས། །ཞེས་པ་ནི་རིག་པའི་མཆོག་གི་ཆོས་དྲི་རྡོ་རྗེ་ལ་རིན་ཆེན་ཏོག་བསྒོམས་པའོ། །རིག་པའི་རྒྱལ་མོ་ནི་རོ་རྡོ་རྗེ་སྟེ་འདིའི་དབང་བསྐུར་བའི་སྦྱོར་བ་རྣམས་ལ་འོད་དཔག་ཏུ་མེད་པ་བསྒོམས་པའོ། །ཐམས་ཅད་ལས་བྱེད་སྔགས་ཞེས་པ་ནི་རེག་རྡོ་རྗེ་ཡིན་ཏེ་འདི་ལས་ཀྱི་རིགས་ཡིན་པའི་ཕྱིར་དོན་ཡོད་ཡེ་ཤེས་བསྒོམ་པའོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ནི། །ཞེས་པ་ནི་སྔགས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་སྟེ་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་དེའི་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ་པའོ། །གཟུགས་དང་སྒྲ་རྡོ་རྗེ་དག་ལ་ནི་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དག་རིགས་ཀྱི་བདག་པོར་བལྟ་བར་བྱའོ། །རྒྱུད་གཞན་དུ་གྲགས་པའི་གནོད་སྦྱིན་མོ་རྣམས་གཟུགས་ལ་སོགས་པ་སྤྲས་པའི་རྣམ་པ་སྔགས་གང་གིས་རྒྱས་པར་བྱེད་པ་དེ་དེ་བཞིན་ནོ། །དེ་རྣམས་ཀྱི་སྔགས་ལས་སྐྱེས་པ་གནོད་སྦྱིན་མོའི་གཟུགས་རྣམས་ལ་བདག་པོ་ཡིན་པའི་ཕྱིར་གཤིན་རྗེ་གཤེད་ཀྱི་དབང་བསྐུར་བའི་དབུ་རྒྱན་དུ་བསྒོམ་མོ། །འདི་ཐམས་ཅད་མཇུག་སྡུད་པར་བྱེད་དེ་སྔར་བརྗོད་མ་ཐག་པ་ཐམས་ཅད་ཀྱི་སྦྱོར་བ་དང་སྔགས་རྣམས་ཀྱི་ཏིང་ངེ་འཛིན་ཉེ་བར་མཚོན་པའི་སྔགས་ཀྱི་ལྷ་རྣམས་ཀྱི་སྤྱི་བོར་དབུ་རྒྱན་དུ་བསྐུལ་བ་ཞེས་པ་ནི་དབང་བསྐུར་བསྒོམ་པ་ཞེས་ཁ་ཅིག་གོ །དེ་བརྗོད་པ། སངས་རྒྱས་རྣམས་ནི་མི་བསྐྱོད་པས། །དབུ་རྒྱན་ལྷག་མ་རང་བདག་གིས། །སྐུ་དབང་མི་བསྐྱོད་གསུང་དབང་པོ། །ཐུགས་ཀྱི་སྒོ་བ་རྣམས་སུ་འདོད། །ཅེས་སོ། །ད་ནི་བྲི་བའི་དཀྱིལ་འཁོར་ལ་སོགས་པ་ལ་དབབ་


DTG040_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོ་ག་གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པ་ལ་སྔགས་དང་བསམ་གཏན་གྱིས་བསྐུལ་བ་དག་ལ་སྣ་ཚོགས་པའི་ལས་ནི་རྣམ་པ་མང་པོས་སེམས་ཅན་རྣམས་འཇུག་པར་བྱེད་དོ། །ཅི་ལྟར་ཞེ་ན། གསུངས་པ། གསུང་རྡོ་རྗེའི་བཀའ་ཇི་ལྟར་མི་སླུ་བ་དེ་བཞིན་དུ་ངེས་པ་ཞེས་པའི་རྡོ་རྗེ་ཆོས་ཀྱི་གཟུགས་ཆེན་པོ་ནི་འོད་དཔག་མེད་པ་སྟེ་སློབ་མ་ལ་དབབ་པར་བསམ་པར་བྱའོ། །པདྨ་རཱ་ག་དང་མཉམ་པའི་འདྲ་བའི་འོད་གང་ཡིན་པ་དེའོ། །དེ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་མཚན་ཉིད་ཀྱི་གནས་རྣམས་སུ་སྐུ་ལ་སོགས་པའི་རིགས་བརྟགས་པའོ། །དེའི་སྙིང་གར། ལཾ་བྱུང་དབང་ཆེན་ཟུར་རྣམས་ལ། །རྡོ་རྗེས་མཚན་སེར་ཧཱུཾ་བསྒོམ་བྱ། །བཾ་བྱུང་དཀར་པོ་ཆུ་ལ་ནི། །བུམ་པས་མཚན་པ་ཡོངས་ཟླུམ་པོ། །ཡཾ་ལས་བྱུང་བ་གཡོ་བའི་རླུང༌། །བ་དན་སྔོས་མཚན་གཞུ་ཡི་དབྱིབས། །སྐུ་གསུང་དེ་དག་ཧཿཨ་སྟེ། །རྐང་པའི་འོག་ཏུ་ཛྷེཾ་གསལ་བ། །རླུང་དང་རཾ་བྱུང་གྲུ་གསུམ་ལ། །གནས་པར་སྦར་ལ་སློབ་མ་དབབ། །ལྕེ་ལ་ཨ་ཡིག་དམར་པོ་བསམ། །ཕབ་ལ་སླར་ཡང་སྨྲ་བར་བྱ། །གསུང་གི་རྡོ་རྗེ་དེ་གནས་པ། །དགེ་བ་དང་ནི་མི་དགེ་སྨྲོས། །ཞེས་པའི་རིམ་པ་འདིས་དབབ་པའི་ཆོ་ག་ཐམས་ཅད་ཅེས་པ་བསྟན་པ་གསུངས་པ། བསྐུལ་བ་ནི་སྐུ་དང་གསུང་དང་ཐུགས་རྣམས་ནམ་མཁའ་ལ་གནས་པ་དང་སྔགས་སྨྲ་བ་དང་ཆོས་ཡོངས་སུ་ཤེས་པའི་མཚན་ཉིད་དོ། །རེངས་པ་ནི་བརྟེན་པ་སྟེ་ཆོས་ཉིད་ཀྱིས་མི་གཡོ་བ་ཉིད་དོ། །ལྷ་ནི་ནམ་མཁའ་ལས་བྱུང་བ་སྟེ་ལྷ་དབབ་པས་འཇིག་རྟེན་གྱི་ཁམས་གཞན་གྱི་འཇུག་པ་དེ་ཤེས་པའོ། །འདི་རྣམས་ནི་ཡེ་ཤེས་འཇུག་པ་ཐོབ་པའི་སྔགས་པའི་དབབ་པའོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་སོང་བས་ན་འཕགས་པ་སྟེ་དེ་རྣམས་ནི་དགའ་བ་ལ་སོགས་པའི་སར་འགྱུར་བའི་དབབ་པ་ནི་འཕགས་པའི་ས་ཡིན་ཏེ་དེའི་ཡོན་ཏན་ལ་དམིགས་པ་ནི་བཞི་པའོ། །དེ་ཡང་ཡེ་ཤེས་ལ་དབང་ཐོབ་པ་ཡིན་ཏེ་དངོས་གྲུབ་ཐོབ་པའི་དངོས་གྲུབ་ཀྱི་རྡོ་རྗེས་བྱའོ། །རྟག་པ་ནི་རྒྱུད་ལ་ཟད་པར་མི་འགྱུར་བ་དེས་སོ། །དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པ་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་


DTG040_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་འཕགས་པ་བྱམས་པས་གསུངས་པས་སོ། །ཡེ་ཤེས་འཇུག་པ་ཐོབ་པའི་དབང་དུ་བྱས་པ་ཡིན་པས་ཡེ་ཤེས་དབབ་པར་རུང་བའི་དབང་དུ་བྱས་ཏེ་དང་པོའི་ན་ཚོད་དང་ལྡན་པའི་སྣོད་གསུངས་པ། བུ་མོ་ལོ་གྲངས་ཞེས་པ་ལ་སོགས་པ་སྟེ། ལོ་བཅུ་གཉིས་པའི་ཚད་ཀྱི་སྐྱེས་པ་མཚན་ཉིད་ཐམས་ཅད་ཀྱིས་བརྒྱན་པར་བྱས་པ་གཉིས་པོ་ཡང་བཟུང་ནས་དབབ་པར་བརྟག་པར་བྱའོ། །ཆོ་ག་ཡིས་ཞེས་པ་ནི་དེའི་སྙིང་གར། ལཾ་བྱུང་དབང་ཆེན་ཟུར་རྣམས་ལ། །རྡོ་རྗེས་མཚན་སེར་ཧཱུཾ་བསྒོམ་བྱ། །ཞེས་པ་ལ་སོགས་པའོ། །དེ་གསུངས་པ། བཅུ་གཉིས་ལོ་ལོན་བྱིས་པ་དང༌། །བུ་མོ་དབབ་བྱས་ཡང་དག་མཆོད། །དེ་གཉིས་ཀྱིས་བྲིས་འཁོར་ལོ་ཐུགས། །གསུང་དང་སྐུ་ཡི་ཡིན་པར་འདོད། །ཅེས་སོ། །ནུས་པ་ཐོབ་པ་མ་ཡིན་པས་གང་ཅུང་ཟད་འདི་ལྟ་བུའི་ཆོ་གའི་ལས་ལ་འཇུག་པར་བྱ་བ་མ་ཡིན་ནོ་ཞེས་རྣམ་པ་གཞན་དུ་བྱས་ན་ནི་ཞེས་པ་ལ་སོགས་པས་སྟོན་ཏོ། །ཇི་ལྟར། ཁོ་བོ་ཉིད་ཀྱི་ཁྱོད་ལ་འཇིག་རྟེན་རྨོངས་པས་རིན་པོ་ཆེ་རུ་འཁྲུལ་ནས་ལྟ་བྱེད་འགྱུར། །མགུ་བར་བྱས་ཀྱང་ཁྱོད་ལ་རིན་ཆེན་མེད་དེ་བཅོས་མ་ཉིད་དང་ལྡན། །གྲོགས་པོ་འདིར་ནི་དེ་ཉིད་ལེགས་ཞེས་དབུས་སུ་ཡོན་ཏན་མེད་པ་བླ། །ཕྱིས་ནི་སྨོད་དེ་འདི་ཉིད་རིན་ཆེན་མིན་ཞེས་སྲིད་པར་འགྱུར་བ་འཐོབ། །བསམ་གཏན་བརྗོད་ནས་བཟླས་པ་ལ་སོགས་པའི་སྔགས་མངོན་པར་བརྗོད་པ་ནི་དེ་ལ་འདི་རྣམས་ནི་ཞེས་པ་ལ་སོགས་པས་སོ། །སྔགས་ཀྱི་ཡི་གེ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྒོ་ནས་རྣམ་པར་དག་པ་གསུངས་པ། ཧཱུཾ་ཡིག་ཅེས་པའོ། །ཛྷཻ་ཡིག་ནི་བསྐུལ་བ་དང་འདར་བར་བྱེད་པ་ལའོ། །བསྐུལ་བ་དང་བབས་པ་ལས་ལྡང་བའི་མཇུག་བསྡུ་བ་ནི་ཁྲུ་གང་ཙམ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ཐམས་ཅད་སློབ་དཔོན་དང་སློབ་མའི་དབང་བསྐུར་བ་ལ་སོགས་པ་སྟེ་ཅི་ལྟར་སྔར་ལས་དང་པོ་པའི་དཀྱིལ་འཁོར་ལ་ཡིན་པ་ལྟར་རོ། །ལས་འདི་གསང་བ་ཐོབ་པའོ། །ཞེས་པ་ནི་གསང་བ་ཐོབ་པར་བྱེད་པའོ། །དེ་བརྗོད་པ། སློབ་དཔོན་སློབ་མའི་དབང་བསྐུར་བ་འདིར་ནི་སྔར་གྱི་ཚུལ་ཉིད་ཀྱིས་སོ། །དྲག་པོའི་ལས་ཀྱི་སྦྱོར་བ་གཞན་གསུངས་པ། །རྩེ་གཅིག་མ་གྱུར་བ་ཡིས་


DTG040_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །བརྟུལ་ཞུགས་བསྟན་ནས་འདི་བྱར་ངེས། །སྦྱོར་བ་གཞན་མིན་པ་ཡིས་ཀྱང༌། །ཞེས་པ་ནི་དཔལ་གསང་བ་འདུས་པའི་སྦྱོར་བ་ཉིད་ཀྱིས་དྲག་པོའི་ལས་སུ་བརྗོད་པ་ཞེས་ཁ་ཅིག་གོ །བདུད་རྩི་འཁྱིལ་པའི་སྦྱོར་བ་ཉིད་ཀྱིས་སོ་ཞེས་གཞན་དག་གོ །སྟོང་བརྒྱ་རྩ་བརྒྱད་བཟླས་པས་ཀྱང་ཞེས་པ་ནི་གཟུགས་བརྙན་མནན་ནས་བསྐུལ་བ་དང་ལྷན་ཅིག་པས་བརྒྱ་རྩ་བརྒྱད་ནས་བརྩམས་ཏེ་ཅི་སྲིད་དུ་སྟོང་གི་བར་དུ་བཟླས་སོ། །དཀྱིལ་འཁོར་གྲུ་གསུམ་ཞེས་པ་ནི་དུར་ཁྲོད་ཀྱི་ཐལ་བས་མེའི་དཀྱིལ་འཁོར་ལ་གནས་པས་ཟུར་གསུམ་པ་ཉིད་ཀྱིས་ཁུང་བུ་རུ་བ་ལོང་གི་ཤལ་སོགས་པའི་སྦྱིན་སྲེག་ཅི་ལྟ་བ་བཞིན་དུ་བྱའོ། །ཆུ་རྒྱུན་འགྲམ་གཉིས་དག་གིས་ཀྱང༌། །ཞེས་པ་ནི་རྒྱུན་འབྱུང་བའི་ཆུ་ཀླུང་གི་ངོས་གཉི་ག་ཡིས་སོ། །དགང་བར་བྱ་ཞེས་པ་ནི་བརྒྱ་རྩ་བརྒྱད་བཟླས་པས་སོ། །གང་གསུངས་པ། སྦྱོར་བ་གཞན་དུ་མིན་པས་བྱ། །ཞེས་པ་ནི་དེའི་ཡང་སྔགས་ཉེ་བར་འཕངས་པ་གསུངས་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོ་ཆེན་པོའི་དམ་ཚིག་ནི་འཕགས་པ་བདུད་རྩི་འཁྱིལ་བར་གྲགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་སྒྲུབ་པར་བྱེད་པའི་ཕྱིར་དང་དེ་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་ཡང་ངོ༌། །དེའི་སྙིང་པོ་ནི་སྔགས་སོ། །སྦྱིན་སྲེག་ཅེས་པ་ནི་བརྗོད་མ་ཐག་པའོ། །ཡང་ན་བསམ་གཏན་ཞེས་པ་ནི་འཆད་པར་འགྱུར་བ་སྟེ་བསམ་གཏན་ཉིད་འཕངས་པ་གསུངས་པ། རྡོ་རྗེ་སེམས་དཔའ་ནི་ཇི་སྐད་དུ་བརྗོད་པའི་མི་བསྐྱོད་པའོ། །བསམས་ནས་ཞེས་པ་ནི་སྟ་རེ་དང་ཐོ་བ་ཐོགས་པའི་བསྒྲུབ་བྱའོ། །བསམ་གཏན་རབ་ཏུ་བརྟག་ཅེས་པ་ནི་འཆད་པར་འགྱུར་བའོ། །དྲག་པོ་ཆེན་པོ་ནི་སེམས་ཅན་གསོད་པའི་ཆེད་དུ་ཁྲོ་བ་བསྐྱེད་པའི་རྒྱུ་ནི་དྲག་པོ་ཆེན་པོའི་ཁྲོ་བོའི་དམ་ཚིག་གོ །མཁའ་དབྱིངས་ཞེས་པ་ནི་ནམ་མཁའི་ཁམས་སྐབས་འདིར་ཡིན་ནོ། །ཡོངས་སུ་གང་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ། །གདུག་པ་དེ་ཡིས་བསད་པ་ནི། །ཞེས་པ་ནི་ལག་ན་སྟྭ་རེ་དང་ཐོ་བ་ཐོགས་པས་བཅད་ཅིང་ཕྱེ་མར་བྱས་པར་བསམ་མོ། །དེ་མ་ཐག་ཏུ་ཞེས་པ་ནི་འཆད་པར་འགྱུར་བའི་བསམ་གཏན་གྱི་ངེས་པར་སྦྱོར་བ་བྱས་མ་ཐག་ཏུ་འཆི་བར་འགྱུར་ཏེ། རྡོ་རྗེ་སེམས་དཔའ་དང་མཉམ་པ་ཡང་ཞེས་


DTG040_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཏོ། །སངས་རྒྱས་གནོད་བྱེད་དགྲ་ལ་ནི། །ཞེས་པ་ནི་སངས་རྒྱས་ལ་སོགས་པ་ལ་གནོད་པ་བྱས་ནས་འགྱོད་པ་སྐྱེས་པར་གྱུར་པ་འཇིགས་པའོ། །འཇིགས་པས་འཁྲུགས་ཞེས་པ་ནི་དམྱལ་བར་ལྟུང་བས་འཇིགས་ཤིང་བརྒྱལ་བར་གྱུར་པ་སྐྱབས་མེད་ཅིང་ཡོངས་སུ་སྐྱོབ་པ་མེད་པ་སྐྲ་གྲོལ་བ་སྒྲེན་མོ་མར་ནག་གིས་བྱུགས་པའི་ལུས་ལ་སྔར་བརྗོད་པའི་རིམ་པས་ཁ་སྦྱར་དབྱེ་བར་བྱ་སྟེ། མེའི་དཀྱིལ་འཁོར་ལ་གནས་པར་བསམས་ནས་དེ་ལ་ཕན་པ་ཉིད་ཀྱིས་ཁྲོ་བོའི་ཉམས་དང་ལྡན་པའི་དཀྱིལ་འཁོར་པའི་དབུས་སུ་གནས་ནས་བདུད་རྩི་འཁྱིལ་པའི་ཁྲོ་བོའི་རྣལ་འབྱོར་པས་སྲིན་པོ་ལ་སོགས་པ་སྤྲོས་པ་རྣམས་ཀྱིས་སྐྲག་པར་བྱས་ཤིང་ཟ་བར་བསྒོམ་པར་བྱའོ། །དེའི་རྣམ་པར་ཤེས་པ་ཡང་སྔར་བཞིན་དུ་མི་བསྐྱོད་པའི་རང་བཞིན་གྱི་བྱང་ཆུབ་སེམས་དཔར་བསྒྲུབས་ཏེ་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་ན་གནས་པའི་ཆོས་ཀྱི་རྒྱལ་པོར་ལེགས་པར་བཞག་ནས་དབང་བསྐུར་བར་བྱའོ། །སྦྲུལ་ནག་ཅེས་པ་ལ་སོགས་པ་ལ་འཆི་བདག་གི་བདུད་ཀྱི་འཇིགས་པ་ཡང་འཇིགས་པ་སྟེར་བར་བྱེད་པས་འཇིགས་པར་བྱེད་པའོ། །དུག་མཆོག་དམ་ཚིག་བསྒོམ་བྱས་ནས། །ཞེས་པ་ལ་ཡི་གེ་ནཾ་གྱིས་མངོན་པར་སྔོ་བའི་ཀླུ་རིགས་ལྡན་གྱི་ངོ་བོ་སྟེ་དེའི་ཁ་ན་གནས་པའི་ཡི་གེ་ཧྲཱིཿ་འོད་ཟེར་གྱི་ལྕགས་ཀྱུས་ཁམས་གསུམ་པའི་དུག་བཀུག་སྟེ་ཡོངས་སུ་གང་བར་བསྒོམས་ཏེ་ཆེ་གེ་མོའི་དཔྲལ་བ་ལ་ཟོ་ཤིག་ཅེས་དེ་ལ་བཀའ་བྱིན་ནས་དེས་ཟོས་ཏེ་ཤི་བར་བསྒོམ་པར་བྱའོ། །དེའི་རྣམ་པར་ཤེས་པ་འདས་མ་ཐག་པ་བཞིན་དུ་མི་བསྐྱོད་པར་བསྐྱེད་པར་བྱའོ། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་གནོད་པ་ལ་སོགས་པ་བཀུག་སྟེ་དེ་བཞིན་དུ་བསྒྲུབ་བྱའི་ལུས་པོ་ལ་ཆུ་བོ་ལྟར་གཞུག་པར་བྱའོ། །ཐོ་བ་ཡིས་ཞེས་པ་ནི་ཡི་གེ་ཧཱུཾ་ལས་བྱུང་བའི་འབར་བའི་གཟུགས་ཀྱིས་སོ། །གཤེག་པ་ཞེས་པ་ལ་སོགས་པ་ལ། སྟྭ་རེ་ལ་སོགས་པའི་ལག་པའི་རྡོ་རྗེ་ཁྲོ་བོ་ལ་སོགས་པ་རྣམས་ཀྱིས་མནན་ནས་དུམ་བུར་བྱས་པར་བསམ་པར་བྱའོ། །བསྲུང་བ་ལ་སོགས་ཞེས་པ་ནི་སྔར་བཞིན་དུ་ལག་ན་རྡོ་རྗེ་ལྕགས་ཀྱུ་ཐོགས་པའི་ལྷ་རང་གི་སྙིང་ག་ནས་བཏོན་ཏེ་དེས་བསྲུང་བའི་ཁ་སྦྱར་


DTG040_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་དང་ལྷ་རྣམས་ཀྱང་བཀུག་སྟེ་རང་གི་གཡོན་ཕྱོགས་སུ་གཞག་སྟེ་འཕགས་པ་བདུད་རྩི་འཁྱིལ་པའི་ཕུར་བུ་ཉིད་ཀྱིས་ཨོཾ་གྷ་གྷ་ཞེས་པ་ལ་སོགས་པའི་སྔགས་ལ་སརྦ་དུཥྚཱན་སརྦ་པཱ་པཾ་ཞེས་པའི་ཚིག་གཉིས་པོ་བོར་ནས་བསྲུང་བ་ལ་སོགས་པ་ཐམས་ཅད་དང་སྔགས་དང་ལྷ་རྣམས་ལ་ཡང་ཕུར་བུས་ཐོབ་ཅིག་ཅེས་བསྐུལ་བ་དང་བཅས་པས་བརྗོད་ཅིང་གདབ་པོ་ཞེས་པའི་དོན་ཏོ། །བསྲུང་བ་ལ་སོགས་པའི་ཁ་སྦྱར་དབྱེ་བའི་དམ་ཚིག་འདི་འདའ་བར་མི་བྱ་བའི་ཕྱིར་དང་གསད་པ་ཐམས་ཅད་ལ་གཙོ་བོར་གྱུར་པའི་ཕྱིར་ཡང་གསད་པའི་དམ་ཚིག་གི་མཆོག་གོ །ཇི་སྲིད་དབྱེར་མེད་པའི་ཕུང་པོ་ལ་སོགས་པ་དང་ལྡན་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་སེམས་དཔའ་ཁྲོ་བོའི་དཀྱིལ་འཁོར་ལ་གནས་པ་དེ་རྣམས་ཐམས་ཅད་གནག་པ་དང་ཁྲོས་པ་དང་གདུག་པ་ཚར་གཅོད་པ་ལ་གཅིག་ཏུ་མཐར་ཕྱིན་པ་རྣམས་སུ་བསྒོམ་པར་བྱའོ། །དེ་ལྟར་མཉེས་འགྱུར་གཞན་དུ་མིན། །ཞེས་པ་ནི་དེ་ལྟར་ཉིད་དུ་ཇི་ལྟར་བརྗོད་པས་རྣལ་འབྱོར་པས་ཉམས་སུ་བླངས་ན་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་མཉེས་ཀྱིས་གཞན་དུ་ནི་མ་ཡིན་ནོ། །སངས་རྒྱས་ལ་སོགས་པའི་སྒྲུབ་པ་པོ་རྣམས་སངས་རྒྱས་ལ་སོགས་པར་བརྗོད་དེ་འདི་ཉེ་བར་མཚོན་པ་ཙམ་ཡིན་ཏེ་ལྷ་གཞན་གྱི་སྒོམ་པ་པོ་ཡང་གཟུང་ངོ༌། །དེ་རྣམས་ཀྱང་སྡིག་པ་ཉེ་བར་བསགས་པ་དང་བསྲུང་བ་ལ་སོགས་པ་ཕྲོགས་པས་གང་ལ་སྦྱར་བ་གང་ཡང་རུང་བའི་བསམ་གཏན་གྱི་སྦྱོར་བས་འཆི་བར་འགྱུར་ཞེས་པའི་དོན་ཏོ། །ཁྲོ་བོ་ཆེན་པོས་གསད་པའི་ཕྱིར་འདའ་བར་མི་བྱ་བ་དང་དབྱེར་མི་ཕྱེད་པའི་ཕྱིར་ཁྲོ་བོ་བསྟན་པས་དྲག་པོ་ཆེན་པོའི་དམ་ཚིག་གི་རྡོ་རྗེ་ཁྲོ་བོ་ནི་དཔལ་རྡོ་རྗེ་སེམས་དཔའོ། །རྒྱལ་པོ་རྡོ་རྗེ་འཛིན་ཞེས་པ་ལ་སོགས་པའི་དམ་ཚིག་རྣམས་ཀྱིས་གོ་རིམས་ཇི་བཞིན་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་མེ་ལོང་ལྟ་བུ་དང༌། སོ་སོར་རྟོག་པ་དང་མཉམ་པ་ཉིད་དང༌། བྱ་བ་ནན་ཏན་གྱི་བདག་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ཏེ་བརྗོད་པ་དང་ལྡན་པའོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ངོ་བོ་ཉིད་ཀྱིས་དག་པའོ། །ཅི་ལྟ་བུ་ཞེ་ན། རྡོ་རྗེ་ཐེག་པ་ཞེས་ཏེ་མི་ཕྱེད་པའི་ཐེག་པའོ། །དེ་ཉིད་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་ཕྱིར་


DTG040_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པའོ། །ཕུང་པོ་ལ་སོགས་པའི་མཚན་ཉིད་དང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་རང་བཞིན་གྱི་ཆོས་མ་སྐྱེས་པ་ལ་ཡང་ཀུན་རྫོབ་ཏུ་དྲག་པོའི་ལས་ཀྱི་བྱ་བ་བསྐྱེད་པར་བཤད་པ་ཡིན་ནོ། །གང་རྣམས་ཀྱིས་ཡིན་ཞེ་ན་རྒྱལ་བ་རྣམས་ཀྱིས་ཞེས་ཏེ། སངས་རྒྱས་རྣམས་ཀྱིས་མི་མཐུན་པའི་ཕྱོགས་མ་ལུས་པ་ལས་རྒྱལ་བའོ། །བསམ་གཏན་ལས་སྐྱེས་པ་ལ་ལྟོས་ནས་བྲི་བ་ལ་སོགས་པའི་བྱ་བ་གཙོ་བོར་གྱུར་པས་ལས་ཕྲན་ཚེགས་ཀྱི་གསང་བ་ཡིན་ཏེ་ཡི་གེ་ཁཾ་གིས་རྡོ་རྒྱུས་དང་དུར་ཁྲོད་ཀྱི་སོལ་བ་ལ་བརྒྱ་རྩ་བརྒྱད་དུ་བསྔགས་ཏེ་དེ་དག་གིས་མི་སྡུག་པ་འཇིགས་སུ་རུང་བ་གནག་པ་འབར་བས་འཁྲུགས་ཤིང་ཁྲོས་པ་ལྕེ་གཉིས་པ་སོའི་ཕྲེང་བ་ཅན་སྦྲུལ་བྲིས་ནས་དེའི་ཁར་ཡི་གེ་ཁཾ་མེའི་ཁ་དོག་ཅན་ཧ་ལ་ཧ་ལའི་དུག་གི་བདག་ཉིད་ཅན་འབར་བ་བསམས་ཏེ། བསྒོམ་པ་འདིས་འདི་ངེས་པར་གནས་ནས་གཡོ་བར་འགྱུར་རོ། །ཡི་གེ་ཧྲཱིཿ་ཡང་དེའི་ཁར་བསྒོམས་ཏེ་དེ་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུས་ཁམས་གསུམ་ན་ཡོད་པའི་དུག་སྦྲུལ་གྱི་ཁར་གཞུག་གོ །དེས་རེག་པས་སེམས་ཅན་གྱི་ཁམས་འཆི་བར་འགྱུར་རོ། །སྦྱོར་བ་འབྱུང་བའི་མཚན་ཉིད་ཀྱིས། །ཞེས་པ་ནི་འདས་མ་ཐག་པ་བཞིན་དུ་ཡི་གེ་ཁཾ་གིས་མངོན་པར་བསྔགས་ཏེ་དེ་དང་དེའི་རྗེས་སུ་མཐུན་པའི་ཁ་དོག་གིས་དུག་སྦལ་ལ་སོགས་པ་བྲིས་ཏེ་དེ་རྣམས་ཀྱི་ཁ་རུ་ཁཾ་ཧྲཱིཿ་དེ་དང་དེ་དེ་བཞིན་དུ་བསམས་ནས་ཁམས་གསུམ་ན་ཡོད་པའི་དུག་བཀུག་ནས་དབབ་པར་བྱའོ། །དེ་ལྟར་ན་སྦལ་པ་ལ་སོགས་པ་གང་ཡང་རུང་བས་ཀྱང་རེག་པས་དེའི་དུས་ཉིད་ནི་འཇིག་པར་འགྱུར་ཞེས་པའི་དོན་ཏོ། །དུག་ཐམས་ཅད་འཕོ་བའི་སྙིང་པོ་ཞེས་པ་ལ་ཇི་ལྟར་བརྗོད་པའི་རང་གི་དཀྱིལ་འཁོར་ལ་གནས་པ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་ལག་པ་གཡས་པའི་མཐིལ་དུ་ཨོཾ་ལས་བྱུང་བའི་འོད་ཟེར་སྟུག་པོའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བ་ལ་ཨོཾ་འོད་ཟེར་དཀར་པོ་སྟུག་པོ་རྣམ་པར་བསམས་ཏེ་ངེས་བྱབས་པས་ཅི་ལྟར་འདོད་པར་ནམ་མཁའི་དཀྱིལ་དང་དབྱུག་པ་དང་ཁམ་ཕོར་ལ་སོགས་པ་ལ་ཡང་རིམ་པ་འདིས་བསྟན་པ་དང༌། གཡོ་བའི་དུག་འཕོ་བར་བྱའོ་ཞེས་པའི་དོན་ཏོ། །དུག་ཆེན་པོ་འདའ་བར་བྱ་བ་མ་


DTG040_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དང་དབྱེར་མི་ཕྱེད་པའི་དོན། །སྟོན་པས་དུག་ཆེན་པོའི་དམ་ཚིག་རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས་དཔའོ། །དེ་ལ་འདི་ནི་ཞེས་པ་ལ་སོགས་པས་དུག་བཅོས་པ་གསུངས་པ། བསྒྲུབ་བྱའི་སྙིང་གར་རྡོ་རྗེ་གྲུབ་པའི་རྒྱུ་ཡིན་པའི་ཕྱིར་རྡོ་རྗེ་སྙིང་པོ་ཡིན་ལ་དེ་སྐད་དུ་བརྗོད་པར་འགྱུར་ཏེ། རྟེན་དང་བརྟེན་པར་བཅས་པའི་འཁོར་ལོའི་དབུས་སུ་རྡོ་རྗེ་འཛིན་པ་ཆེན་པོའི་རྣལ་འབྱོར་དང་ལྡན་པས་བསྒྲུབ་བྱའི་སྙིང་གར་ཡི་གེ་ཧཱུཾ་ལས་བྱུང་བ་རྡོ་རྗེ་དཀར་པོ་ལས་འཐོན་པའི་ཟླ་བ་དཀར་པོ་ཞུ་བའི་རྣམ་པའི་འོད་ཟེར་གྱི་སྤྲིན་གྱིས་དེའི་ལུས་ལ་མངོན་པར་ཁྱབ་པར་བྱ་སྟེ་དེ་རྣམས་ཉིད་ཀྱིས་སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་མགོ་བོ་ལ་གནས་པ་རྣམས་ཕྲོགས་པ་དང་ལྡན་པར་ལན་གཉིས་ལན་གསུམ་གྱི་བར་དུ་བསམས་ཏེ་ཡང་སྙིང་ག་ནས་དྲངས་ཏེ། ཐམས་ཅད་སྐྱུག་པའི་ཚུལ་གྱིས་ཁ་དོག་ནག་པོ་འབྱུང་བར་བསྒོམ་པར་བལྟའོ། །འབྲས་ལ་སོགས་པ་ཉེ་བའི་དུག་ཉམས་པར་བྱེད་པའི་སྦྱོར་བ་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །གང་གཞན་ཞེས་པ་འབྲུམ་བུ་དང་བས་ལྡག་དང་གཡན་པ་ལ་སོགས་པ་རྣམས་སོ། །བསམས་པ་ཙམ་གྱིས་མེད་པར་འགྱུར། །ཞེས་པ་ལ་དེ་མ་ཐག་པ་བཞིན་དུ་རང་གི་དཀྱིལ་འཁོར་ལ་གནས་པའི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་དང་ལྡན་པས་ལག་པ་གཡས་པར་ཡི་གེ་ཨཱཿ་ལས་བསྐྱེད་པའི་པདྨ་འདབ་མ་བརྒྱད་པ་དཀར་པོའི་ལྟེ་བ་ལ་ཡི་གེ་ཨཱཿ་འོད་ཟེར་ལྔ་འབར་བ་བསམས་ཏེ་དེས་བྱབ་པར་བྱ་སྟེ་སྤར་བས་ཁུ་ཚུར་དུ་བསྡུས་པའི་ཚུལ་གྱིས་ཁ་དོག་དཀར་པོ་དྲངས་ནས་ཡི་གེ་ཨཱཿ་ལ་གཞུག་པར་བྱའོ། །བསྐུལ་བ་ན་ནི་དཀར་པོ་འདྲ། །ཞེས་པ་ཡི་གེ་ཨཱཿ་བརྗོད་ཅིང་བསྐུལ་བས་དུག་མེད་པར་གྱུར་པའི་ཁ་དོག་དཀར་པོར་བསྐུལ་བར་བྱའོ་ཞེས་པའི་དོན་ཏོ། །འདི་ཞེས་པ་ནི་བརྗོད་མ་ཐག་པའོ། །གསང་བའི་དེ་ཁོ་ན་ཉིད་སྦས་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་པའི་ཕྱིར་ཡེ་ཤེས་བསྐྱེད་སྤྲུལ་ལོ། །ཕྱི་དང་ནང་གི་བདག་ཉིད་ཀྱི་ནད་གསོ་བ་གསུངས་པ། སྐུ་རྡོ་རྗེ་ལ་སོགས་པའི་སྦྱོར་བས་དེའི་དཀྱིལ་འཁོར་གྱི་དབུས་ན་གནས་པ་ལུས་དང་ངག་དང་ཡིད་ལས་སྤྲེའུའི་གཟུགས་སམ་སྒྲེན་མོ་ཡི་དགས་ཀྱི་གཟུགས་ཀྱི་ནད་ཕྱུང་སྟེ་ལག་པར་འཁོར་ལོ་ལ་སོགས་པ་བསྒོམས་ཏེ་དེ་རྣམས་ཀྱིས་ཐལ་བར་བྱའོ། །དེ་ལ་ཁྲོས་པར་བསམས་


DTG040_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །ཞེས་པ་ལ་ནད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་ཁྲོས་པ་རྣམས་ཀྱིས་ཐལ་བར་བྱེད་པར་རྣམ་པར་བསམ་པར་བྱའོ། །དེས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཀྱིས་རང་གི་ལུས་དང་ངག་དང་ཡིད་རྣམས་དགང་བར་བྱའོ། །ཐུན་བཞིར་ཉི་མ་བདུན་རྣམས་ཀྱིས། །ཞེས་པ་ལ་རང་གི་ལྷའི་སྔགས་ཀྱིས་ཀྱང་སྦྱོར་བ་འདི་ཞག་བདུན་བསྒོམས་པས་ངེས་པར་ནད་ཐམས་ཅད་ཟད་པར་འགྱུར་རོ། །གང་གི་ཚེ་རྣལ་འབྱོར་པ་ཇི་སྐད་བརྗོད་པའི་ཆོ་གས་སྦྱོར་བ་བསྒོམས་པ་ལ་དགའ་བར་འགྱུར་བ་དེ་ཉིད་ཀྱི་ཚེ་རྨི་ལམ་མཐོང་བར་འགྱུར་རོ། །དེ་ནས་ཕྱིས་མངོན་སུམ་ཉིད་དུ་རང་གི་ལྷའི་ངོ་བོའི་བདག་ཉིད་དུ་རྨི་ལམ་དུ་མཐོང་བ་དེ་བཞིན་དུ་དེས་བསྒོམ་པར་བྱའོ། །སེམས་གང་གིས་དེས་རྨི་ལམ་མཐོང་བའི་སངས་རྒྱས་ལ་སོགས་པ་དེ་སྒྱུ་མ་དང་འདྲ་བར་འཁྲུལ་པའི་ངོ་བོ་ཡིན་ཏེ། དོན་དམ་པར་མེད་པ་དེའི་ཕྱིར་རྨི་ལམ་ན་དམིགས་པའི་ཆོས་འདི་རྣམས་ནི་ནམ་མཁའ་དང་མཉམ་པའོ། །དེས་ན་ཆོས་མེད་ཆོས་ཉིད་ཀྱང་མེད་དོ་ཞེས་སོ། །སད་པ་རྣམས་ཀྱི་ཡང་གང་རབ་ཏུ་སྣང་བ་ཐོབ་པ་དེ་རྣམས་ཀྱང་ཆོས་ཉིད་འདི་ཡིན་ནོ་ཞེས་པ་ནི་བསྡུས་པའི་དོན་ཏོ། །དབྱེ་བ་རྣམ་པ་གཉིས་སུ་མཐོང༌། །ཞེས་པ་ནི་ལས་དང་པོ་པ་ཡེ་ཤེས་ལ་འཇུག་པ་ཐོབ་པ་དག་གི་རྨི་ལམ་དག་དང་ཡེ་ཤེས་ལ་དབང་ཐོབ་པས་མངོན་སུམ་དུ་སད་པའི་གནས་སྐབས་ཀྱང་ངོ༌། །རང་གི་སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ལ་ཡང་སེམས་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་བདུན་གྱི་བདག་ཉིད་དོ། །དམིགས་པ་ནི་དེའི་རྟེན་ཡིན་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པའོ། །དེ་ལ་ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའོ། །རབ་ཏུ་གནས་པ་ནི་ས་བོན་གྱི་ངོ་བོ་དང་དེའི་བདག་ཉིད་ཀྱིས་ཀྱང་སྟེ་དཔེར་ན་རང་གི་ནང་དུ་གྱུར་པ་བཞིན་ནོ། །དོན་དམ་པར་ནམ་མཁའ་རྡོ་རྗེ་ཞེས་པ་ལ་སོགས་པའོ། །གཞི་དང་གཞི་མིན་ཉིད་གྲགས་པ། །ཉོན་མོངས་ས་བོན་ཅིག་ཤོས་དག །ཉོན་མོངས་ཅིག་ཤོས་ཆོས་རྣམས་ནི། །ས་བོན་དངོས་པོ་ཡང་དག་གནས། །དེ་ཉིད་


DTG040_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་བྱེད་པ་ནའང༌། །གཟུང་བ་ལ་སོགས་མི་དམིགས་པས། །གཟུང་དང་འཛིན་པའི་ངོ་བོ་ཡིས། །ཆོས་མིན་ཆོས་ཉིད་མ་ཡིན་ནོ། །གང་སློབ་དཔོན་ཕྱོགས་ཀྱི་གླང་པོས། གཞི་དང་གཞི་མ་ཡིན་པ་གཉིས། །རྣམ་པར་ཤེས་ལའང་འཇིག་རྟེན་ལ། །བདེན་མིན་བརྟགས་པའི་རྒྱུ་མཚན་དག །དེ་རྣམས་ལྷན་ཅིག་བྱེད་པས་འཇུག །རྟག་ཏུ་ཐོགས་མེད་བློ་གྲོས་དག །ཟངས་ལྕགས་ནང་ཞུགས་རིན་ཆེན་བཞིན། །ཐམས་ཅད་སྟོན་བྱེད་ཐུབ་པ་ནི། །མ་གཏོགས་གཞན་གྱིས་ཤེས་པར་དཀའ། །ཆོས་དག་ཀྱང་ནི་བྱིན་བརླབས་ལ། །ཀུན་ནས་ཉོན་མོངས་རྣམ་བྱང་དག །མི་མཐུན་ཕྱོགས་དང་གཉེན་པོ་དག །མེ་དང་ཆུ་དང་མཚུངས་པ་ཡིན། །ཅི་ལྟར་གསེར་ནང་འཇིམ་པ་བཞིན། །སྦྱོར་བའི་དབྱེ་བས་དུ་མ་ཡིན། །དེ་བཞིན་ཀུན་གཞི་རྣམ་པར་ཤེས། །ཐོག་མ་མེད་པའི་དུས་ནས་འཇུག །བཤེས་གཉེན་དམ་པ་ལས་ཐོབ་པའི། །ཆོས་ལས་བྱུང་བས་འདིར་དེ་འབྱེད། །རང་གི་ས་བོན་ཡོངས་སུ་རྒྱས། །ཡིད་ཀྱིས་བརྗོད་པའི་བག་ཆགས་གང༌། །རྡུལ་དང་འདྲེས་པར་གྱུར་ཀྱང་ནི། །དངུལ་ཆུས་རྡུལ་དྲི་སྤངས་ནས་ནི། །གསེར་ལས་འབྱར་བ་ཇི་བཞིན་དུ། །དམ་ཆོས་བག་ཆགས་དེ་བཞིན་ནོ། །རྣམ་པར་བྱང་བ་དེ་ཉིད་ཀྱི། །ས་བོན་ཡང་དང་ཡང་དུ་རྒྱས། །སྲིད་པའི་ས་བོན་ཐོགས་མེད་འདོད། །དུས་ཀྱིས་ཞུ་བར་འགྱུར་བ་ཡིན། །དེ་ལས་བྱུང་བ་འཕགས་ལམ་མོས། །གཉིས་པོ་འདི་དག་མ་ལུས་པ། །ཀུན་གཞི་རྣམ་པར་ཤེས་པ་འཐུངས། །ངང་པས་ཆུ་ལས་འོ་མ་བཞིན། །དེ་ནས་ཀུན་གཞི་རྣམ་ཤེས་མིན། །དྲི་མེད་རྣམ་པར་བྱང་བ་ཡིན། །ཉོན་མོངས་ཟད་ཅིང་རྣམ་གྲོལ་བ། །དེ་ཡང་ཞི་ཞིང་སྤངས་པའོ། །གནས་ནི་གཞན་དུ་གྱུར་པ་ཡི། །དེ་བཞིན་ཡེ་ཤེས་འཇིག་རྟེན་འདས། །དོན་དམ་དང་ནི་འགོག་པའང་ཡིན། །མྱང་འདས་ཐོབ་པ་ཤེས་པའང་ཡིན། །སེམས་མེད་ཟག་པ་མེད་པའི་ཁམས། །མྱང་འདས་མི་གཡོ་བདེ་བ་ཡིན། །དགེ་དང་ཐར་པ་བསམ་མི་ཁྱབ། །དེ་བཞིན་མི་འཇིགས་པ་རུ་བརྗོད། འདི་ཉིད་སངས་རྒྱས་ཐམས་ཅད་ཀྱི། །མེ་ལོང་ལྟ་བུའི་ཡེ་ཤེས་ཉིད། །དེ་བཞིན་སྒྲིབ་མེད་ཡེ་ཤེས་ཡིན། །ཆོས་ཀྱི་སྐུ་ཡང་མཆོག་ཡིན་ནོ། །ཉོན་མོངས་མ་སྤངས་འཁོར་བ་རུ། །འཇུག་པའི་ལྷན་


DTG040_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་རྟེན་ཡིན་ནོ། །རྟེན་ནི་གཞན་དུ་གྱུར་པ་ནི། །མི་གནས་མྱ་ངན་འདས་པ་ཡིན། །སྐུ་ནི་གཉིས་ཡིན་ལོངས་སྤྱོད་དང༌། །སྤྲུལ་པར་གྲགས་པ་དེ་རྟེན་དག །ཆོས་ལོངས་སྤྱད་དང་སེམས་ཅན་དོན། །གང་ལས་ཐུབ་པ་རྣམས་ཀྱིས་མཛད། །དེ་བཞིན་དུ་འཕགས་པ་ལང་ཀར་གཤེགས་པ་ལས། ཆོས་ལྔ་དག་དང་རང་བཞིན་དང༌། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་རྣམ་པ་གཉིས་ཀྱིས་ནི། །ཐེག་པ་ཆེན་པོའི་མཐའ་དག་བསྡུས། །ཞེས་སོ། །གལ་ཏེ་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པ་ཡིན་ན་དེ་ཅི་ལྟར་བཅོམ་ལྡན་འདས་ཀྱིས་རིགས་ལྔའི་བསྒྲུབ་པ་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རྣམ་པར་གཞག་པར་མཛད། མཛད་པ་ཡང་ཡིན་ཏེ་དེའི་ཕྱིར་ནམ་མཁའ་དང་མཉམ་པ་མ་ཡིན་ནོ་ཞེས་པའི་བསམ་པས་གསུངས་པ། ཨེ་མ་ངོ་མཚར་ལས་བྱུང་བ། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་སོ། །ནམ་མཁའ་ཡིས་ནི་ནམ་མཁའ་བསྐྱེད་ནུས་པ་མ་ཡིན་ཏེ་གཉི་ག་མེད་པའི་ཕྱིར་ཞེས་དོགས་ནས་ཀུན་རྫོབ་ཏུ་ཆོས་ཀྱི་མཚན་ཉིད་ཀྱི་རྣམ་པར་གཞག་པ་ཡིན་ལ་དོན་དམ་པར་ནི་མ་ཡིན་ནོ་ཞེས་གསུངས་པ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་ནམ་མཁའ་ཞེས་པ་ལ་སོགས་པའོ། །རྫས་ཐམས་ཅད་མེད་པའི་རང་བཞིན་ནི་ནམ་མཁའ་ཡིན་ཏེ། དེས་ཆོས་གང་དང་གང་མི་ལྡན་པ་སྟེ་རྫས་ཐམས་ཅད་ཀྱང་དེར་ཀུན་རྫོབ་ཏུ་སྐྱེ་བ་ཡིན་པས་མི་ལྡན་པ་ཡང་མ་ཡིན་ནོ། །ཐམས་ཅད་དུ་གཏོགས་སོ་ཞེས་པ་དེ་ལྟར་ཡང་འགྱུར་བ་མ་ཡིན་ཏེ་ཞེས་པ་ནི་རྫས་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་གཞན་དུ་ཡང་རྟོགས་པར་བྱའོ། །ཆོས་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱང་ངོ༌། །དེ་ཉིད་ལུས་དང་ངག་དང་ཡིད་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་ནི་དེ་བཞིན་ཉིད་ཡིན་ལ་དེ་ཉིད་གནས་ཡིན་ཏེ་ཡེ་ཤེས་བསྐྱེད་པའི་རྟེན་ཡིན་ནོ། །གང་གི་ཕྱིར་དེ་མངོན་སུམ་དུ་བྱེད་པ་ན་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་བསྐྱེད་པའི་རྒྱུ་མཚན་དུ་འགྱུར་རོ། །དེ་ཉིད་གནས་ཡིན་ཏེ་རྫས་མེད་པར་མཉམ་པ་ཉིད་ཀྱི་ཆོས་ཐམས་ཅད་མེད་པའི་རང་བཞིན་ཡིན་པ་དེས་ན་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཡིན་ནོ། །རིགས་ཐམས་


DTG040_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་སེམས་ཅན་ཐམས་ཅད་ཀྱི་སེམས་ཡིན་ནོ། །དེ་རྣམས་ཀྱི་དམ་ཚིག་ནི་རིགས་ལྔའི་སྐུ་དང་གསུང་དང་ཐུགས་རྣམས་སོ། །དེ་ཉིད་སྙིང་པོ་ཡིན་ལ་དེ་ཉིད་རྡོ་རྗེ་ཡིན་ཏེ་དེ་ལས་བྱུང་བའོ་ཞེས་སྙིང་པོ་ཞབས་ཀྱིས་སོ་ཞེས་བཤད་དོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་བཅོ་ལྔ་པའོ།། །།

ལེའུ་བཅུ་དྲུག་པ། དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་བཤད་པ།


DTG040_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་གཅིག་པུ་བརྗོད་པ་ལ། ཅི་གཅིག་པུ་ཉིད་ཡིན་ནམ་འོན་ཏེ་གཞན་ཡང་ཡོད། ཅི་ཡང་དེ་ལ་གཞན་ཅི་བྱ། །ཞེས་པ་ལ་སོགས་པ་གདུལ་བྱའི་དཔྱོད་པ་ཡོངས་སུ་ཤེས་པའི་རྗེས་ལའོ། །དཀྱིལ་འཁོར་ཐམས་ཅད་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པ་རྣམས་སོ། །དེ་རྣམས་ཉིད་སེང་གེ་ལྟ་བུར་སེང་གེ་སྟེ་ཉོན་མོངས་པ་ལ་སོགས་པའི་རི་དགས་འཇིགས་པར་བྱེད་པའི་ཕྱིར་རོ། །དེ་ཉིད་དམ་ཚིག་ཡིན་ཏེ། དེས་རྒྱལ་བར་བྱེད་ཅིང་གསལ་བར་བྱེད་པས་རྒྱལ་པོ་སྟེ་དེའི་ཚོགས་གང་ཡིན་པ་དེ་ཡང་དེ་བཞིན་ནོ། །རྡོ་རྗེ་སྐུའི་དཀྱིལ་འཁོར་ནི་སྤྲུལ་པའི་སྐུ་རྣམ་པར་དག་པ་སྐུ་རྡོ་རྗེ་བདག་པོའི་དཀྱིལ་འཁོར་རོ། །ཐུགས་ཀྱི་རྡོ་རྗེ་དང་འདྲ་བ་ནི་ཐུགས་ཀྱི་རྡོ་རྗེ་ལྟ་བུ་སྟེ། སྐུ་ཡང་ཐུགས་ཀྱི་རང་བཞིན་ཡིན། །ཞེས་པའི་བསམ་པས་སོ། །ཕྱག་རྒྱ་ཉིད་ནི་ཕྱག་མཚན་གྱི་རང་བཞིན་གྱི་རྡོ་རྗེའི་གནས་སོ། །དབུས་སུ་རྣམ་པར་སྣང་མཛད་ཀྱི་གནས་སུ་སྐུ་རྡོ་རྗེའོ། །མི་བསྐྱོད་པ་ལ་སོགས་པ་ཡང་ཤར་ཕྱོགས་ལ་སོགས་པའི་ཕྱོགས་རྣམས་སུ་བྲིའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མཆོག་ནི་སྤྱན་ལ་སོགས་པ་དང་གཟུགས་རྡོ་རྗེ་ལ་སོགས་པའོ། །གྲྭ་རྣམས་ཀུན་ནི་སྙིང་པོ་དང་ཕྱིའི་དཀྱིལ་འཁོར་གྱི་གྲྭ་རྣམས་སུའོ། །ཁྲོ་བོ་རྣམས་ཀྱང་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཏེ་སྒོ་རྣམས་སུ་སྒོ་སྐྱོང་རྣམས་བྲི་བར་བྱའོ། །མཆོད་པ་བྱ་ཞེས་པ་ལ་སོགས་པས་དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པ་གསུངས་པ། ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པར་དག་པ་གསུང་རྡོ་རྗེ་དཀྱིལ་འཁོར་ནི་གསུང་གི་དཀྱིལ་འཁོར་རོ་།ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ། །ཞེས་པ་འདི་ལ་ཡང་དེ་བཞིན་ནོ། །རྡོ་རྗེ་བསྒོམས་པས་ཞེས་པ་ནི་ལྷའི་རྣལ་འབྱོར་པས་སོ། །རྡོ་རྗེ་ཆོས་ཀྱིར་གྱལ་པོ་ཆེ། །ཞེས་པ་ནི་འོད་དཔག་ཏུ་མེད་པའོ། །དེའི་ཕྱིར་དཀྱིལ་འཁོར་གྱི་དབུས་ཀྱི་འཁོར་ལོ་ནི་སྙིང་པོའི་དཀྱིལ་འཁོར་ཏེ། ཟླུམ་པོ་ཀུན་དུ་བྲི་བར་བྱའོ། །ཚེ་དཔག་


DTG040_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཕྱག་རྒྱ་ཆེ། །ཞེས་པ་ནི་པདྨའོ། །དེ་ཉིད་བརྗོད་མ་ཐག་པ་ཉིད་རྡོ་རྗེའི་གནས་ཏེ་ཕྱག་མཚན་གྱི་ཕྱག་རྒྱའོ། །དཀྱིལ་འཁོར་པ་ཐམས་ཅད་ཀྱིའོ། །ཡོངས་སུ་གསལ་བ་ཞེས་པ་ལ་སོགས་པ་ནི་དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པ་གསུངས་སོ། །བདག་པོའི་ལྷ་རྣམས་བསྒྲེ་བ་གསུངས་པ་ནི། རྡོ་རྗེ་འཛིན་མཆོག་གང་ཡིན་པ། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དབུས་སུ་ཞེས་པ་ནི་དཀྱིལ་འཁོར་གྱིའོ། །གཟུགས་ནི་ལུས་ཏེ་བྲི་བར་བྱའོ། །དེའི་དཀྱིལ་འཁོར་གནས་སུ་འགྱུར་རོ། །དེ་གསུངས་པ། གང་ཞིག་དབུས་སུ་གནས་པར་གྱུར་པ་ཡི། །འཁོར་ལོ་དེ་ཡང་དེ་ཡི་ཡིན་པར་འགྱུར། །ཞེས་སོ། །དཀྱིལ་འཁོར་ཐམས་ཅད་འབྱུང་བ་ནི་གང་ལས་སོ། །སྣ་ཚོགས་པ་སྤྲུལ་པའི་ཚོགས་ཉིད་རྡོ་རྗེ་ཡིན་པ་དེ་དག་གོ །རྡོ་རྗེ་དཀྱིལ་འཁོར་གྱི་སྔགས་ཉིད་ནི་སྙིང་པོ་རྣམས་ཏེ་དེ་རྣམས་ཉིད་སྐུད་པ་སྤྱད་པའི་ཆེད་དུ་ཡི་གེའི་ཚིག་རྣམས་སོ། །གདབ་པ་ནི་རྡོ་རྗེའི་སྐུད་པ་དང་རྡུལ་ཚོན་ཀྱང་གདབ་པའོ། །སྔགས་ཀྱི་སེམས་དཔས་མི་བྱ་སྟེ། །ཞེས་པ་ལ་སྔགས་ནི་ཤེས་རབ་དང་སྙིང་རྗེའི་བདག་ཉིད་དེ་དང་པོར་བཤད་ཟིན་ཏོ། །དེའི་རང་བཞིན་གྱི་སེམས་དཔའི་སེམས་གང་ཡིན་པ་སྟེ་དེས་ཡེ་ཤེས་ལ་འཇུག་པ་ཐོབ་པས་རང་ཉིད་ཀྱིས་ཞེས་པ་ནི་ལྷག་མའོ། །རང་གིས་བྱས་ནས་ཕྱིའི་རྣམ་པར་གཡེང་བས་བྱང་ཆུབ་རྙེད་དཀའ་བར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ཡིན་པས་དེའི་ཕྱིར་དམ་ཚིག་ཚུལ་ཤེས་པ་ནི་རྣལ་འབྱོར་པ་སྟེ་ཡེ་ཤེས་ལ་འཇུག་པ་ཐོབ་པས་ཡེ་ཤེས་གྱི་རང་བཞིན་ལྷ་རྣམས་སྤྲོས་ཏེ་བསྒོམས་པས་ངེས་པར་བྱས་ཏེ་དེའི་སྐུ་ལ་སོགས་པའི་བྱིན་གྱིས་བརླབས་པའི་གནས་བསྒོམས་ལ་དཀྱིལ་འཁོར་རྣམས་རྣམ་པར་བརྟགས་ཏེ་དགོད་པར་བྱའོ། །བླ་མའི་གཟུགས་སུ་ཁྱེའུ་བྱས་ལ་རྣམ་པར་སྣང་མཛད་ཀྱི་གནས་དབབ་པར་བྱའོ། །སློབ་མ་དེ་སྤྱན་གྱི་གཟུགས་སུ་ཡང་བྱ་སྟེ་སྐུད་པ་འཛིན་པ་ལ་སོགས་པའི་བྱ་བ་བྱེད་པའོ་ཞེས་ཐམས་ཅད་དུ་བལྟ་བར་བྱའོ། །འདིས་སྐུའི་དཀྱིལ་འཁོར་གནས་ཡིད་དུ་འོང་བ་སྤྲུལ་པས་རྡོ་རྗེ་སྐུའི་ཡོན་ཏན་ཐོབ་པའོ། །རྡོ་རྗེ་ཆོས་ཀྱི་རྒྱལ་པོ་ནི་འོད་དཔག་ཏུ་མེད་པའོ། །རང་གི་ཆོས་མ་ནི་རང་གི་རང་བཞིན་གྱིས་གོས་དཀར་


DTG040_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དབབ་པར་བྱའོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཞེས་པ་ནི་མི་བསྐྱོད་པ་ཡིན་ལ་མཱ་མ་ཀཱི་ཡང་དབབ་པར་བྱའོ། །དེ་ལྟར་བྱས་ན་ཞེས་པ་ལ་སོགས་པས་ནི་འབྲས་བུ་གསུངས་པའོ། །ཉེ་བར་བྱེད་པ་ན་བྱིན་གྱིས་རློབ་པ་ཡིན་ལ་དབང་བ་ནི་ཕུལ་དུ་བྱུང་བའི་མཐར་ཐུག་པ་ཐོབ་པས་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ་བྱོན་ནས་གསང་བའི་དཀྱིལ་འཁོར་གསུམ་གྱི་མཆོག་འདྲི་བར་མཛད་པ་ཡིན་ལ་རབ་ཏུ་དགྱེས་པ་དང་ལྡན་པ་ནི་གཞན་གྱི་དོན་གཟིགས་པས་སོ། །ཆོ་ག་འདི་དག་གང་གིས་བྱ་ཞེ་ན། སྔགས་ཀྱི་དངོས་གྲུབ་ཐོབ་སྟེ་ཡེ་ཤེས་ལ་འཇུག་པ་ཐོབ་པའི་སྔགས་པས་སོ། །ཅི་ལྟ་བུ་ཞེ་ན། གསང་བ་རྨད་དུ་བྱུང་བ་ཆེན་པོ་ཡིན་ཏེ་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །དེ་དག་གིས་དཀྱིལ་འཁོར་བྱས་ནས་རྣལ་འབྱོར་པ་དེ་ལྟར་གྱུར་པས་ཀྱང་དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པ་རང་ཉིད་ཉམས་སུ་བླང་ངོ་ཞེས་རྟོགས་པར་བྱ་བ་གསུངས་པ། ཁྲོ་བོའི་རྒྱལ་པོས་བཀུག་ནས་ནི། །ཞེས་པ་ནི་གཤིན་རྗེ་གཤེད་ཡིན་ལ་འདི་ཡང་མཚོན་པ་ཙམ་ཡིན་ཏེ། སྒོ་སྐྱོང་བཞི་རྣམས་ཀྱིས་ལས་བྱས་ནས་བསྒྲུབས་ཏེ་མཆོད་པ་བྱའོ། །སྐུ་གསུམ་གྱི་དམ་ཚིག་གི་མཆོད་པའོ། །གང་གི་ཡིན་ཞེ་ན། རྡོ་རྗེ་གསུམ་པོའི་སྟེ་དྲི་མ་ནི་འདོད་ཆགས་ལ་སོགས་པ་སྟེ་དྲི་མ་སྤངས་པའི་རྡོ་རྗེ་ཅན་གྱིས་བྱའོ། །རྡོ་རྗེ་གསུམ་གྱི་སྦྱོར་བ་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་སྦྱོར་བས་སོ། །དེ་སྐད་བརྗོད་པ། ཐུགས་ལ་མི་བསྐྱོད་མཱ་མ་ཀཱི། །འབེབས་པར་ཡང་དག་བརྗོད་པ་ཡིན། །ངག་ལས་གོས་དཀར་འོད་དཔག་མེད། །སྐུ་ལ་སྤྱན་དང་རྟག་པའོ། །ཐུགས་དང་གསུང་དང་སྐུ་བསྐུལ་བས། །སྤྲས་པ་ངོ་མཚར་རྨད་བྱུང་བ། །ཞེས་སོ། །ད་ནི་གཏོར་མའི་ཆོ་ག་གསུངས་པ། སྔགས་རྣམས་ཐམས་ཅད་ཉིད་ལ་ཡང༌། །ཞེས་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །གཏོར་མ་འདི་ཡང་མན་ངག་ལས་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ན་རྨད་དུ་བྱུང་བ་ཆེན་པོའོ། །རྣལ་འབྱོར་དང་བླ་ན་མེད་པའི་རྒྱུད་ལ་སོགས་པ་དང་ཐུན་མོང་བ་ཡིན་པའི་ཕྱིར་རོ། །ད་ནི་ལས་དང་པོ་པའི་རྣལ་འབྱོར་པས་བྲི་བའི་དཀྱིལ་འཁོར་གྱི་ཐིག་གི་ཆོ་ག་གསུངས་པ།


DTG040_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་གདབ་པ་ཡི་ཆོ་ག་འདི། །གང་ཚེ་བདག་ཉིད་ཀྱིས་སྤྱོད་པ། །ཞེས་ཏེ་མཚན་མ་ཐོབ་པས་གང་གི་ཚེ་ལྷ་ཕབ་ནས་དཀྱིལ་འཁོར་འདྲི་བ་རྣལ་འབྱོར་པས་མི་ནུས་ན་དེའི་ཚེ་སྐུ་རྡོ་རྗེའི་དཀྱིལ་འཁོར་སྐུ་རྡོ་རྗེའི་རྣལ་འབྱོར་གྱིས་ཏེ་སྒྲུབ་པའི་གྲོགས་མཆོག་ནི་རྡོ་རྗེ་འཛིན་པ་ཆེན་པོར་བསྒོམས་ནས་ཐིག་གདབ་པར་བྱའོ། །མི་བསྐྱོད་པའི་དཀྱིལ་འཁོར་ལ་མི་བསྐྱོད་པའི་རྣལ་འབྱོར་གྱིས་ཏེ་སྒྲུབ་པའི་གྲོགས་མཆོག་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །རྡོ་རྗེ་འཛིན་པ་ཆེན་པོའི་དཀྱིལ་འཁོར་ལ་རྡོ་རྗེ་འཛིན་པ་ཆེན་པོའི་རྣལ་འབྱོར་གྱིས་ཡིན་ཏེ་སྒྲུབ་པའི་གྲོགས་མཆོག་ནི་འཕགས་པ་བདུད་རྩི་འཁྱིལ་པའོ། །དེ་བཞིན་དུ་ལྷག་མ་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ལ་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་གྱིས་ཡིན་ཏེ། རྗེས་སུ་སྒྲུབ་པར་བྱེད་པ་ནི་བདུད་རྩི་འཁྱིལ་པར་བསྒོམས་ལ་ཐིག་གདབ་པར་བྱའོ། །ལྷག་མ་དེ་བཞིན་གཤེགས་པའི་རྣལ་འབྱོར་པ་ལ་རྡོ་རྗེ་འཛིན་པ་ཆེན་པོའི་སྒྲུབ་པའི་གྲོགས་མཆོག་ཏུ་བསམས་ཏེ་ཐིག་གདབ་པར་བྱའོ། །ལས་ཀྱི་གོ་འཕང་ནི་ཐིག་འདེབས་པའི་བྱ་བའོ། །སངས་རྒྱས་ཀུན་གྱིས་ངེས་པ་བསྟེན་པ་ནི་ལས་ཐམས་ཅད་ཀྱི་དབང་དུ་བྱ་བ་ཉིད་ཀྱིས་བདུད་རྩི་འཁྱིལ་པའོ། །རྡོ་རྗེའི་ཐིག་སྐུད་དུ་གྱུར་པར་ཁ་དོག་ལྔའི་ཐིག་སྐུད་དུ་གྱུར་པ་རྣམས་ལ་དགོད་པར་བྱའོ། །ཉི་ཤུ་རྩ་ལྔའི་དབྱེ་བ་ཡིས། །ཞེས་པ་ནི་མེ་ལོང་ལྟ་བུའི་མེ་ལོང་དང༌། མེ་ལོང་ལྟ་བུའི་མཉམ་པ་ཉིད་དང༌། མེ་ལོང་ལྟ་བུའི་སོ་སོར་རྟོག་པ་དང༌། མེ་ལོང་ལྟ་བུའི་བྱ་བ་ནན་ཏན་དང༌། མེ་ལོང་ལྟ་བུའི་ཤིན་ཏུ་རྣམ་པར་དག་པ་ཞེས་པ་ལ་སོགས་པའི་རིམ་པས་སོ། །ཡེ་ཤེས་ལྔ་པོ་རྣམས་ལ་སོ་སོར་ཡེ་ཤེས་ལྔའི་བདག་ཉིད་ཡིན་པའི་ཕྱིར་ཉི་ཤུ་རྩ་ལྔའི་དབྱེ་བས་སོ། །དེས་ཚོན་རྩི་དག་ཀྱང་གདབ་པ་ཡིན་ཏེ་ཐིག་སྐུད་ལེགས་པར་སྦྱང་བ་ཁོ་ན་ནི་མ་ཡིན་ནོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་བསྲུང་བའི་དོན་དུ་སྲུང་བའི་འཁོར་ལོའི་ལྟེ་བ་ལ་ཧཱུཾ་མཛད་བསྒོམ་པར་བྱ་སྟེ། དེ་གསུངས་པ། ཧཱུཾ་མཛད་ཡང་ན་གཙུག་ཏོར་རམ། །རྣམ་པར་སྣང་མཛད་ལ་སོགས་ཉིད། །བསྲུང་ཕྱིར་ཁྲོ་བོའི་འཁོར་ལོར་གནས། །བསམས་ཏེ་བགེགས་ནི་རྣམ་པར་གཞོམ། །ཞེས་སོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི་


DTG040_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་སོ། །གནས་ལྔ་རྣམས་སུ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་ཐུགས་ལ་སོགས་པའི་གནས་རྣམས་སོ། །དེ་གསུངས་པ། རྟག་པ་ལ་སོགས་གཟུགས་འདྲ་ཞིང༌། །དེ་མདོག་ས་བོན་ལས་བྱུང་བ། །ཡེ་ཤེས་ལྔ་ལྡན་སྲད་བུ་ཡིས། །ཉི་ཤུ་རྩ་ལྔར་རྣམ་ཕྱེ་བ། །ཞེས་པ་ལ་སོགས་པ་རྒྱས་པར་རོ། །རྡུལ་ཚོན་དག་ཀྱང་དབབ་པར་བྱ། །ཞེས་པའི་གཞུང་བཤད་པ་ལ། འབར་བའི་ལྟ་བས་རྡུལ་ཚོན་ལ། །ཡེ་ཤེས་འབར་བ་སྔར་རིམ་གྱིས། །ཡང་དག་བཏེག་སྟེ་བསྔགས་པར་བྱ། །ཞེས་པ་ལ་སོགས་པ་རྒྱས་པར་རོ། །རྡོ་རྗེ་བུམ་རྣམས་གཞག་པ་ནི། །དཀྱིལ་འཁོར་བའི་ལྷ་རྣམས་དང་འབྲེལ་པའོ། །སྔགས་ནི་བརྗོད་པའི་མཚན་ཉིད་དོ། །དེས་མངོན་པར་བསྔགས་པའི་རྒྱུད་ནི་རིན་པོ་ཆེ་སྣ་ལྔ་དང་སྨན་རྣམས་ཀྱིས་སོ། །བདག་པོ་ཡིས་དྲན་པ་ནི་བདག་པོ་རྣམས་ཀྱིས་དྲན་པའོ། །དེ་བརྗོད་པ། མགྲིན་པ་མཆོག་ནི་གོས་ཀྱིས་དཀྲི། །ཨ་འབྲས་སོགས་འདབ་ཀྱིས་ཁ་དག་བ། །དཀྱིལ་འཁོར་པ་ཡི་བུམ་པ་ནི། །དེ་ཡི་སྔགས་ཀྱིས་ལྷག་གནས་བྱ། །འབྲུ་སྨན་རིན་ཆེན་ལྔ་རྣམས་དང༌། །དྲི་བཟངས་ཆུ་དང་འཁོར་ལོའི་ཚོགས། །མེ་ཏོག་ཕྲེང་བཏགས་རྡོ་རྗེ་ནི། །སྟེང་གཞག་འཁོར་གཙོའི་བཟླས་པ་བྱ། །ཞེས་སོ། །སྦྱིན་སྲེག་བྱ་ཞེས་པ་ལ་སོགས་པ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱི་ངོས་སུ་ཤར་གྱི་ཕྱོགས་སུ་ཞི་བའི་དཀྱིལ་འཁོར་གྱི་ཐབ་ཁུང་ཡོངས་སུ་ཟླུམ་པོ་དང་ལྷོ་ཕྱོགས་སུ་གྲུ་བཞི་པ་རྒྱས་པའིའོ། །ནུབ་ཕྱོགས་སུ་གཞུའི་རྣམ་པར་བྱས་པའི་དབང་དུ་བྱེད་པའོ། །བྱང་ཕྱོགས་སུ་ཟུར་གསུམ་པ་མངོན་སྤྱོད་ཀྱི་ཐབ་ཁུང་བྱས་ཏེ། ཡི་གེ་ཨོཾ་ལས་བསྐྱེད་པར་བྱའོ། །དེ་བཞིན་དུ་ཡང་གསུངས་པ། གཉིས་སུ་མེད་པ་རྣམ་པར་རྒྱལ་བ་ལས། །སྔགས་ཤེས་པ་ཡིས་སྦྱིན་སྲེག་བྱ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །གསང་བའི་དེ་ཉིད་བྱིན་བརླབས་ཏེ། །སྦྱིན་སྲེག་ཆོ་ག་ཡང་དག་སྤྱད། །དཀྱིལ་འཁོར་བཞི་ཡི་སྦྱོར་ལྡན་པས། །རིགས་ཀྱི་ལས་ནི་རབ་བསྒྲུབ་པ། །ཡི་གེ་ཨོཾ་གྱི་སྔགས་དབྱེ་བས། །བསྒོམས་པས་དངོས་གྲུབ་ཐམས་ཅད་ཐོབ། །ཞི་བའི་


DTG040_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཡོངས་ཟླུམ་པོ། །རྒྱས་པ་ཟུར་བཞི་པ་ཡིན་ཏེ། །མངོན་སྤྱོད་ལ་ནི་ཟུར་གསུམ་མཆོག །དབང་ལ་གཞུ་ཡི་རྣམ་པའོ། །དེ་ཡི་དབུས་སུ་ཞི་བ་སྟེ། །བསྒོམ་བྱ་བདུད་རྩི་འབྱུང་བ་ནི། །དེ་ཉིད་དུ་ནི་ལྷ་ཡི་གཟུགས། །རང་གི་ངོ་བོས་བསྒོམ་པར་བྱ། །བདག་ཉིད་བདག་པོའི་གཟུགས་ཀྱིས་ཏེ། །འདི་ནི་རྡོ་རྗེ་མཆོག་གི་ཡིན། །ཞལ་རྣམས་གདངས་པར་བསམས་ནས་ནི། །མེ་སྟག་མང་པོ་རྣམ་པར་འཁྲུགས། །སྔགས་པ་ལྕེ་ཡི་དབུས་སོན་པ། །དེ་ལ་ཡི་གེ་ཧཱུཾ་བསམ་བྱ། །མཁས་པས་སྦྲང་རྩི་འོ་མ་དང༌། །མར་སར་ཞི་བའི་རིགས་ལ་བསྟེན། །ཞེ་སྡང་ཆེན་པོའི་རིགས་ལ་བརྗོད། །སྣུམ་ཆེན་པོས་ནི་ཁྱབ་པ་རུ། །དེ་བཞིན་གཞན་ཡང་ཤེས་པར་བྱ། །ཞེས་སོ། །རྡོ་རྗེ་གང་བའི་སྦྱིན་སྲེག་དབུལ། །རྡོ་རྗེ་མི་ཕྱེད་གསུམ་དག་ལ། །ཞེས་པ་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་མེ་ལའོ། །ཕྱི་ནས་དབུས་སུ་རང་གི་ལྷའི་གཟུགས་བསྒོམས་ནས་མེ་དང་རང་གི་ལྷ་དག་གི་ཞལ་དག་ཏུ་དབབ་པར་བྱའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །ཞེས་པ་ནི་ཤེས་རབ་དང་སྙོམས་པར་འཇུག་པས་མེ་ལ་སྦྱིན་སྲེག་བྱ་སྟེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོའི་སྐུ་ལའོ། །བརྒྱ་རྩ་བརྒྱད་ནི་བརྒྱད་ལྷག་པའི་བརྒྱའོ། །སྦྱིན་སྲེག་ཀྱང་བཟང་པོའི་ཞབས་ཀྱི་དཀྱིལ་འཁོར་གྱི་ཆོ་གའི་རྗེས་སུ་འབྲང་བར་བྱ་སྟེ། ཀུན་ནས་སོར་བཞི་དོར་བ་རུ། །ཁ་ཁྱེར་དེ་ཚད་པད་ཁ་བྱེ། །ཞེས་པའི་ནང་དུའོ། །ད་ནི་སློབ་མ་འཇུག་པའི་ཆོ་ག་གསུངས་པ། རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་སློབ་མ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་བསམས་ནས། སྐུ་དང་གསུང་དང་ཐུགས་རྡོ་རྗེས་བྱིན་གྱིས་བརླབ་པོ། །དེ་ནས་དེའི་ལུས་ཐམས་ཅད་དང་ལྕེ་དང་སྙིང་གར་སོན་པའི་རྡོ་རྗེ་ལ་ཡི་གེ་ཨཱཿ་ཁ་དོག་དམར་པོ་འོད་ཟེར་དང་བཅས་པ་བསྒོམ་པར་བྱ་སྟེ། དེ་ནས་གཞུག་པར་བྱའོ། །དེ་ལྟར་དཀྱིལ་འཁོར་དུ་གཞུག་པ་ལག་མའི་ཕྱེད་དུ་རང་གི་དཀྱིལ་འཁོར་གྱི་བདག་པོའི་སྙིང་པོས་རང་གི་སློབ་མ་རྫོགས་པར་བྱ་སྟེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་བྱིན་གྱིས་བརླབ་པའི་ཆེད་དུ་ཡི་གེ་ཨཱཿ་སྐུ་དང་གསུང་དང་ཐུགས་རྡོ་


DTG040_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལ་བཀོད་ནས་འཆད་པར་འགྱུར་བའི་ཆོ་གས་གཞུག་པར་བྱའོ། །དང་པོར་རེ་ཞིག་སློབ་དཔོན་གྱིས་སློབ་མ་འཇུག་པའི་ཆ་གས་ཞུགས་ཏེ་རང་གི་རིགས་ཀྱི་བདག་པོ་ལས་དབང་བསྐུར་བ་ལ་སོགས་པ་དང་རྗེས་སུ་གནང་བ་ཡང་བླངས་ཏེ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་གི་མིང་ནི་ཆེ་གེ་མོ། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སློབ་མ་རྣམས་ནི་གཞུག་པར་བྱ། །སེམས་ཅན་ཀུན་ལ་ཕན་དོན་དུ། །ཞེས་སོ། །དེ་ནས་རྒྱུད་གཞན་གྱི་སྟ་གོན་གྱིས་སློབ་མ་སྟ་གོན་དུ་གནས་པར་བྱས་ལ་ཇི་སྐད་དུ་བརྗོད་པའི་ཚུལ་གྱིས་རྫོགས་པར་བྱ་སྟེ། དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ནས་སྒོའི་ཕྱི་ངོས་སུ་གནས་པར་བྱ་སྟེ། ལས་ཐམས་ཅད་པའི་སྔགས་བཟླས་པའི་བུམ་པའི་ཆུས་བསངས་ཏེ་འཇུག་པའི་སྔགས་བཟླས་པའི་གོས་ཀྱིས་གདོང་བཅིངས་ཏེ་ཐལ་མོ་ཁ་སྦྱར་གྱིས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་སྟེ་དཀྱིལ་འཁོར་དུ་གཞུག་པར་བྱའོ། །རྡོ་རྗེ་བཟུང་བ་ནི་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པའོ། །འདིས་ནི་འཇུག་པའི་ཆོ་ག་བསྟན་པ་ཡིན་ནོ། །དེ་བརྗོད་པ། སྒོར་ནི་ཕྲེང་ཐོགས་ཡང་དག་མཆོད། །དེ་བཞིན་ཡོན་ནི་ཕུལ་བ་དང༌། །ཞེས་པ་ལ་སོགས་པ་རྒྱས་པའོ། །སློབ་མ་དབང་བསྐུར་བ་གསུངས་པ། རྡོ་རྗེ་ཆེན་པོའི་དབང་བསྐུར་བ་དང་མི་ཕྱེད་པའི་དབང་དང་ཕྱིར་མི་ལྡོག་པའི་དབང་ནི་མིང་གཞན་ནོ། །དེ་ཉིད་གསང་བའི་ཡེ་ཤེས་ཀྱི་གསང་བའོ། །དེ་གསུངས་པ། རྒྱལ་བའི་ས་ནི་གནས་ཐོབ་པ། །ཡིད་ཆེས་པར་ནི་མི་འགྱུར་ཏེ། །ཇི་སྲིད་ས་བརྒྱད་པ་ཡི་བར། །དེ་རྣམས་ཐེག་པ་དམན་པས་འཇིགས། །རྡོ་རྗེ་ཐེག་པ་ཆེན་པོ་འདིར། །རྒྱལ་བའི་སྲས་རྣམས་དབང་བསྐུར་བ། །འདི་རྣམས་ཡིད་ཆེས་འགྱུར་བ་སྟེ། །ཐེག་པ་ཆེན་པོ་འདྲེན་པ་མཆོག །ཅེས་སོ། །སངས་རྒྱས་ཀུན་གྱིས་ནམ་མཁའི་ཁམས། །ཞེས་པ་ནི་རྟག་པ་ལ་སོགས་པ་རྣམས་ཀྱིས་བཟུང་བའི་ཡེ་ཤེས་ཀྱི་བུམ་པ་རྣམས་ཀྱིས་ཡོངས་སུ་གང་བར་བསྒོམ་པར་བྱའོ། །ཅི་ལྟ་བུར་གྱུར་པས་ཤེ་ན། སིལ་སྙན་དང་དྲིའི་དམ་ཚིག་དང་ལྡན་པ་རྣམས་ཀྱིས་སོ། །དམ་ཚིག་རྡོ་རྗེ་གསུམ་སྔགས་ཀྱི། །ཞེས་པ་ལ་སོགས་པ་


DTG040_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནུས་པ་དང་ལྡན་པས་ཡི་གེ་གསུམ་གྱིས་བརྒྱ་རྩ་བརྒྱད་དུ་མངོན་པར་སྔགས་པའི་དོན་གྲུབ་དཀར་པོས་དེ་ཉིད་ཟློས་བཞིན་དུ་དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་དཀྱིལ་འཁོར་ལ་བསྣུན་པར་བྱའོ། །བདག་ཉིད་ཅེས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་དཀྱིལ་འཁོར་པ་ནམ་མཁའ་ལ་གནས་པ་རྣམས་ཀྱིས་བདེ་བ་ཆེན་པོ་ཞུ་བར་གྱུར་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བའི་བུམ་པ་ཕྱག་ཏུ་ཐོགས་པ་རྣམས་ཀྱིས་སོ། །ཡང་ན་ཇི་སྐད་དུ་བརྗོད་པའི་བུམ་པ་ལ་བསྣུན་པར་བྱ་སྟེ། ཡི་གེ་གསུམ་གྱིས་བསྐུལ་བས་དབང་དུ་གྱུར་པས་རང་ཉིད་ཀྱིས་དབང་བསྐུར་བར་འགྱུར་རོ་ཞེས་པའི་དོན་ཏོ། །དབང་བསྐུར་བ་འདི་ནི་ཡེ་ཤེས་ཅུང་ཞིག་ལ་དབང་ཐོབ་པའི་སློབ་དཔོན་གྱིའོ། །ཡང་ན་ཞེས་པ་ལ་སོགས་པས་ནི་ལས་དང་པོ་པའི་གསུངས་པ་ཡིན་ཏེ། བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དམ་ཚིག་གི་མཆོག་སྤྱན་ལ་སོགས་པ་རྣམས་ཀྱིས་གཟུང་བ་རྣམས་སུ་བསྒོམ་པར་བྱ་སྟེ་དབང་བསྐུར་བའི་དུས་སུ། རྡོ་རྗེ་རྣམ་པར་སྣང་མཛད་བསམ། །ཞེས་ཏེ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལའོ། །རང་གི་དཀྱིལ་འཁོར་གྱི་བདག་པོའི་གནས་ལ་སློབ་མ་གཙོ་བོ་རྣམ་པར་གཞག་པ་ཡིན་པའི་ཕྱིར་རོ། །ལུས་དང་ངག་སེམས་རྡོ་རྗེ་ཅན། །ཞེས་པ་ནི་ཡི་གེ་གསུམ་མོ། །སློབ་དཔོན་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན་རྣམས་ཏེ་གསུང་རྡོ་རྗེའི་བརྗོད་པ་ནི། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་སོ། ཁྱད་པར་དུ་འཕགས་པའི་དབང་ཐོབ་པར་བྱ་བའི་ཆེད་དུ་གསོལ་བ་གདབ་པར་གསུངས་པ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་པའི་ཚིགས་སུ་བཅད་པའོ། །དེའི་ཚེ་ཞེས་པ་ནི་ཚིགས་སུ་བཅད་པས་གསོལ་བ་བཏབ་པའི་རྗེས་ལའོ། །ཡིད་རབ་ཏུ་དགྱེས་ནས་དབང་བསྐུར་བ་སྦྱིན་པར་བྱའོ། །དེའི་སྙིང་གར་ལྷའི་གཟུགས་ཀྱི་སྦྱོར་བས་ཕྱག་རྒྱ་ཆེན་པོས་བདག་པོ་ཡེ་ཤེས་སེམས་དཔའ་རང་གི་དཀྱིལ་འཁོར་དུ་གཞག་པར་བྱའོ། །སྔགས་ཀྱི་ཡི་གེའི་ཚིག་ཅེས་པ་ནི་དེའི་མིག་ཏུ་འབར་བ་དང་བཅས་པའི་ཨོཾ་བསྒོམས་ལ་དམ་ཚིག་ཀྱང་ཆོ་ག་ཇི་ལྟ་བས་བྱིན་


DTG040_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་ལ་དཀྱིལ་འཁོར་ཡང་བསྟན་པར་བྱ་ཞེས་ཏེ་མིག་ཏུ་འབར་བཅས་ཨོཾ་ཞེས་པ་ལ་སོགས་པ་བརྗོད་པས་བཟང་པོ་ཞབས་ཀྱིས་གསུངས་པའི་དཀྱིལ་འཁོར་གྱི་ཆོ་གར་བསྟན་པས་སོ། །རྡོ་རྗེ་སློབ་མ་བློ་ལྡན་པ། །ཞེས་བྱ་བ་ཁྱད་པར་གཉིས་ཀྱིས་དབྱེར་མི་ཕྱེད་པའི་གུས་པ་དང་ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་གྱི་ཤེས་རབ་དང་ལྡན་པ་ལ་ཆོ་ག་འདི་ལྟར་བྱ་ཞེས་གསུངས་པའོ། །དེ་ནས། དམ་ཚིག་གསང་བ་བསྒྲག་པར་བྱ། །སངས་རྒྱས་ཀུན་གྱིས་གསུངས་པ་ཡི། །ཞེས་པ་ལ་སོགས་པས་གོ་རིམས་ཇི་ལྟ་བར་བསྲུང་བ་དང་བཟའ་བའི་དམ་ཚིག་གསུངས་སོ། །དེ་ཡང་ཇི་ལྟར་རིགས་པ་དང་ལུང་དག་གིས་མི་གནོད་པ་དེ་ལྟར་ལེའུ་ལྔ་པ་ཉིད་དུ་ཁོ་བོ་ཅག་གིས་བསྒྲུབས་པས་འདིར་མི་སྤྲོའོ། །དབྱེར་མེད་པའི་ལམ་གྱི་སེམས་ཅན་རྣམས་ཏེ་སློབ་མ་རྣམས་བསྐུལ་བར་བྱ་སྟེ་སྡོམ་པ་གཟུང་བར་བྱའོ། །སྡོམ་པ་བྱིན་ནས་སྔགས་པ་སློབ་པར་བྱའོ་ཞེས་གསུངས་པ། སྔགས་ཞེས་པ་ལ་སོགས་པ་སྟེ་སྔགས་ནི། གཙོ་བོའི་སྔགས་སོ། །དེའི་ཚེ་ཞེས་པ་ནི་སྡོམ་པ་འཛིན་པའི་དུས་སུའོ། །སློབ་མ་དེ་ལ་སྔགས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན་ཏེ་རང་གི་ལྷའི་རྣལ་འབྱོར་བྱིན་ནས་གསང་བ་བརྩམ་པར་བྱ་སྟེ། ཆོ་ག་ཡིས་རླུང་དང་མེའི་དཀྱིལ་འཁོར་གྱིས་ཡང་དག་པར་སྦྱངས་ཏེ། ཡི་གེ་གསུམ་གྱིས་མངོན་པར་བསྔགས་ནས་བཟའ་བར་བྱ་སྟེ་རང་གིས་བྱིན་གྱིས་བརླབ་པ་དང་སློབ་མ་ཡང་བྱིན་གྱིས་བརླབ་པའི་ཆེད་དུ་སྦྱིན་པར་བྱའོ། །ཅི་ལྟར་ཞེ་ན་རྡོ་རྗེའི་སྦྱོར་བ་ཡིས་ཏེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བས་སོ། །བཞི་པོ་འདི་རྣམས་ཞེས་པ་ནི་སྒོམ་པ་དང༌། སྔགས་དང༌། ཏིང་ངེ་འཛིན་དང༌། དམ་ཚིག་རྣམས་སོ། །དེ་ཉིད་གསང་བ་ཆེན་པོ་ཡིན་ཏེ། སྣོད་མ་ཡིན་པ་རྣམས་ལ་སྦ་བར་བྱ་བ་ཡིན་པའི་ཕྱིར་རོ། །ཀུན་གྱི་གསང་བ་ནི་སྐྱེ་བོ་རུང་བ་མ་ཡིན་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །སྔགས་ཀྱི་རྡོ་རྗེ་གསུམ་གྱིས་གནས་པ་ནི། ཅི་ལྟར་མངོན་པར་འདོད་པའི་སེམས་ཅན་གྱི་དོན་དུ་སྤྱོད་པའོ་ཞེས་ཁ་ཅིག་གོ །བཞི་པོ་འདི་ནི་གསང་ཆེན་ཏེ། །ཞེས་པ་ནི་སྤྱན་ལ་སོགས་པ་སྟོན་པར་བྱེད་དེ་དེ་


DTG040_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འགྲེལ་བར་བྱེད་པ་ནི། །སྔགས་ཀྱི་འཁོར་ལོ་བུད་མེད་གཟུགས། །ཞེས་གཞན་དག་གོ །ཡིད་ཆེས་པའི་དོན་དུ་དམ་ཚིག་བྱིན་གྱིས་བརླབ་པ་རྡོ་རྗེ་སློབ་མ་ལ་བསྟན་པར་བྱའོ། །ཡི་གེ་ཨོཾ་བསྒོམས་ན་དེ་མ་ཐག་ཏུ་འབར་བར་འགྱུར་ཞེས་ཏེ་དེ་གསུངས་པ། འབར་བའི་ཨོཾ་གྱིས་བྱིན་བརླབས་རླུང་དང་མེའི། །དཀྱིལ་འཁོར་ལ་གནས་རབ་སྦར་བདུད་རྩི་ལྔ། །དེ་ནས་ཡི་གེ་གསུམ་བཟླས་དཔག་མེད་པའི། །ཐུབ་པའི་དབང་པོའི་ནང་དུ་ཆུད་པར་བྱ། །ཡེ་ཤེས་བདུད་རྩིའི་ངོ་བོར་བསམས་ནས་ནི། །ཧཱུཾ་དགོད་རྡོ་རྗེ་ལྕེ་ནི་བཟང་པོ་དང༌། །སྙིང་གའི་ཟླ་བའི་དབུས་སུ་མ་ལུས་པའི། །རྒྱལ་པོའི་འཁོར་ལོ་དེས་ནི་ཚིམ་པར་བྱ། །ཞེས་སོ། །དངོས་གྲུབ་ཐམས་ཅད་སྒྲུབ་པ་དང༌། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་དུ་དམ་ཚིག་བྱིན་གྱིས་བརླབ་པའི་འབྲས་བུ་གསུངས་སོ། །མཚན་མ་ཐོབ་པའི་རྣལ་འབྱོར་པས་བི་མུ་མར་ཤུའི་མིང་ཅན་ཆ་མཉམ་པར་བྱ་སྟེ། ཁམ་ཕོར་ཁ་སྦྱར་དུ་ཡང་དག་པར་བཞག་ནས་ཡི་གེ་གསུམ་གྱིས་བསྔགས་ཏེ་ཅི་ལྟར་བརྗོད་པ་བྱས་ན་ཇི་སྐད་དུ་བརྗོད་པར་འགྱུར་རོ། །དེ་ལ་ཞེས་པ་ལ་སོགས་པ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའི་གཟུགས་ཀྱི་ཕོ་ཉ་སྒྲུབ་པ་རྣམས་གསུངས་ཏེ། ནམ་མཁའ་རྡོ་རྗེ་ཞེས་པ་ལ་སོགས་པ་ལ། ཧྲཱིཿ་ནི་འབར་བའི་འོད་བཟང་པོ། །ཞེས་པ་ནི་འོད་ཟེར་ལྔ་ས་འབར་བའོ། །ཁམས་ཞེས་པ་ནི་ནམ་མཁའི་ཁམས་སོ། །དེ་རྣམས་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེའི་སྔགས་ནི་ཡི་གེ་ཧྲཱིཿའོ། །སྐུ་དང་གསུང་དང་ཐུགས་ཀྱི་སྔགས་ཀྱིས་རྡོ་རྗེ་བྱིན་གྱིས་བརླབས་པའི་གནས་ཞེས་པ་ནི། ཨཱཿཁཾ་ཁ་ཞེས་པའི་ཡི་གེ་གསུམ་མོ། །གྲུབ་པའི་ཕོ་ཉའི་གཟུགས་ཀྱི་སྐུ་གསུང་ཐུགས་ལ་བྱིན་གྱིས་བརླབ་པ་འདི་ཉིད་ཀྱིས་བྱའོ། །གསང་བའི་གནས་ནི་གཞག་པར་བྱ། །ཞེས་པ་ལ་ཕྱག་ན་རྡོ་རྗེའི་གཟུགས་ཀྱི་མན་ངག་གཞུག་པའི་སྤྱི་བོར། ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཇི་ལྟ་བའི་མི་བསྐྱོད་པ་བསྒོམ་པར་བྱའོ། །དེ་བཞིན་དུ་ཕྱག་ན་པདྨའི་གཟུགས་ལ་འོད་དཔག་ཏུ་མེད་པའོ། །དེ་བཞིན་དུ་གཞན་གྱིས་མི་ཐུབ་པའི་གཟུགས་ཀྱི་སྤྱི་བོར་རྣམ་པར་སྣང་མཛད་བསམ་པར་བྱའོ། །འདི་ཉིད་


DTG040_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་ནི། ཉི་མའི་དཀྱིལ་འཁོར་དབུས་གནས་པ། །ཞེས་པ་ལ་སོགས་པའོ། །བསྐུལ་བ་ནི་སྙིང་གར་རོ། །ཐམས་ཅད་རྣམས་ཞེས་པ་ནི་ཇི་སྐད་བརྗོད་པའི་མངག་གཞུག་པ་རྣམས་སོ། །སྡུག་བསྔལ་རྣོན་པོ་ནི་འཆད་པར་འགྱུར་བས་སོ། །དེ་ལ་འདི་ནི་ཞེས་པ་ལ་སོགས་པས་ནི་རྡོ་རྗེ་ཅན་ཐམས་ཅད་ཀྱི་མངག་གཞུག་པ་རྣམས་ཀྱི་སྙིང་པོ་བསྐུལ་བ་གསུངས་པ། མདུང་རྩེ་ཆེན་པོ་ཞེས་པ་ལ་སོགས་པའི་ཚིག་གིས་སོ། །རང་གི་ལག་པ་ན་གནས་པའི་ཡི་གེ་ཨོཾ་ལས་སྐྱེས་པའི་རྣམ་པ་སྣ་ཚོགས་པ་མདུང་རྩེ་དང་རྡོ་རྗེ་དང་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་སྙིང་གར་གདབ་པར་བྱའོ། །ཆོ་ག་འདིས་བསྐུལ་བ་ན་མངོན་པར་འདོད་པའི་མངག་གཞུག་རྣམས་འགྲུབ་པར་འགྱུར་རོ། །དེ་གྲུབ་པས་ཕྱིས་རྫོགས་པའི་བྱང་ཆུབ་ཀྱང་འགྲུབ་པར་འགྱུར་རོ་ཞེས་གསུངས་སོ། །རི་ཞེས་པ་ལ་སོགས་པ་མངག་གཞུག་སྒྲུབ་པའི་གནས་གསུངས་སོ། །ཟླ་བ་ཕྱེད་ཅེས་པ་ལ་སོགས་པ་ལ་ཇི་སྐད་དུ་བརྗོད་པའི་དམ་ཚིག་དང་སྡོམ་པ་ལ་གནས་པའི་རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས་ཕྲ་མོའི་རྣལ་འབྱོར་བསྒོམས་པས་སེམས་བརྟན་པར་བྱས་པའམ། དཔག་ཏུ་མེད་པའི་བཟླས་པ་སྔོན་དུ་སོང་བས་ལྷའི་རྗེས་སུ་གནང་བས་བཟླས་པ་འབུམ་བྱས་པ་སླར་ཡང་མངག་གཞུག་སྒྲུབ་པའི་རྗེས་སུ་གནང་བ་ཡོད་ན་རི་བོ་ལ་སོགས་པའི་གནས་རྣམས་སུ་སྔར་བཞིན་དུ་མངོན་པར་སྦྱངས་ཏེ། སྒྲུབ་ཐབས་སུ་བརྗོད་པའི་ཆོ་གས་དཔལ་རྡོ་རྗེ་སེམས་དཔའ་དང་གསུངས་དང་སྐུ་རྡོ་རྗེ་རྣམས་ཀྱིས་གང་ཡང་རུང་བའི་རྣལ་འབྱོར་བྱ་སྟེ། དེ་བཞིན་དུ་སྒྲུབ་པ་ཆེན་པོ་ལ་ཐུག་པའི་ཆོ་ག་ཉམས་སུ་བླངས་ནས་ལྷ་མོའི་ཚོགས་རང་གི་རིག་མའི་པདྨར་བཅུག་ནས་འདོད་ཆགས་ཀྱི་མེས་ཞུ་བ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡོངས་སུ་གྱུར་པར་བསྒོམ་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་དེ་ལ་ཇི་སྐད་དུ་བརྗོད་པའི་ཡི་གེ་ཧྲཱིཿ་མགོ་གྱེན་དུ་བལྟས་པ་བསྒོམས་ནས་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་རེག་ནས་དེ་རྣམས་ཀྱི་སྐུ་དང་གསུང་


DTG040_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐུགས་ཨཱཿཁཾ་ཁ་ཞེས་པའི་ཡི་གེ་གསུམ་གྱི་བདག་ཉིད་ཡང་དག་པར་བསྡུས་ནས་ཡི་གེ་ཧྲཱིཿ་ལ་བཅུག་སྟེ་དེ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་དང་འཇིག་རྟེན་དབང་ཕྱུག་དང་གཞན་གྱིས་མི་ཐུབ་པ་རྣམས་གང་ཡང་རུང་བའི་མངག་གཞུག་པའི་གཟུགས་ཡོངས་སུ་རྫོགས་པར་བྱ་སྟེ། ཡི་གེ་གསུམ་པ་འདི་ཉིད་ཀྱིས་དེའི་སྐུ་དང་གསུང་དང་ཐུགས་ལ་སྐུ་རྡོ་རྗེ་ལ་སོགས་པ་རང་བཞིན་གྱིས་བྱིན་གྱིས་བརླབས་ནས་འདི་ཉིད་བརྗོད་དེ་ཕྱུང་ནས་མདུན་དུ་ཐལ་མོ་སྦྱར་བར་རྣམ་པར་བསམས་ནས་དེའི་མགོ་བོ་ལ་གསང་བའི་གནས་བསྒོམས་ནས་ཇི་སྐད་བརྗོད་པའི་ལག་པ་ན་གནས་པའི་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་མངག་གཞུག་པ་རྣམས་ཀྱི་སྙིང་གར་བསྣུན་པར་ཐུན་བཞི་རུ་བསྒོམས་པས་ངེས་པར་ཟླ་བ་ཕྱེད་ཀྱི་ནང་ཉིད་དུ་མངག་གཞུག་པ་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །འདའ་བར་མི་བྱ་བ་ཡིན་པའི་ཕྱིར་དབྱེར་མེད་པ་མངག་གཞུག་སྒྲུབ་པའི་ཐབས་སྟོན་པའི་བདག་ཉིད་བཞེད་པ་ཆེན་པོའི་རང་བཞིན་ནི་རྡོ་རྗེ་བཞད་པ་སྟེ། དཔལ་རྡོ་རྗེ་སེམས་དཔའོ། །དེ་ལ་འདི་ནི་ཞེས་པ་ལ་སོགས་པས་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་རུང་བའི་བདག་པོའི་རང་བཞིན་དགོད་པ་ནི་རྫོགས་པར་བྱེད་པ་སྟེ། མངག་གཞུག་གི་གཟུགས་ཀྱིས་ལུས་དང་ངག་དང་ཡིད་ལ་ཡང་དགོད་པར་བྱས་ནས་བསྐུལ་བར་བྱའོ། །དེ་ལ་འདི་ནི་ཞེས་པ་ལ་སོགས་པ་ནི་སྦྱོར་བ་གཞན་གསུངས་སོ། །དབྱེར་མེད་པའི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ། དེར་མངག་གཞུག་སྒྲུབ་པ་ལས་འདའ་བར་མི་བྱ་བའི་དོན་ཏེ་རྟོགས་ཤིང་གོ་བར་བྱེད་པས་དམ་ཚིག་གི་གནས་སོ། །དེ་ཡང་རྣམ་པ་བཞི་སྟེ་དམ་ཚིག་བསྐུལ་བ་ཞེས་པ་ནི་རང་གི་ལག་ན་གནས་པའི་ཡི་གེ་ཨོཾ་ལས་བྱུང་བའི་ལྕགས་ཀྱུ་འབར་བ་རྣམས་ཀྱིས་དེའི་སྙིང་གར་བརྡེག་ཅིང་ཨཱཿཁཾ་ཁ་ཞེས་བརྗོད་ཅིང་སྐུལ་བར་བྱེད་དོ། །དམ་ཚིག་གཏོང་བ་ཞེས་པ་ནི་ཁྲོས་ཤིང་འབར་བ་ནག་པོའི་ལུས་ཀྱིས་དེ་བཞིན་གཤེགས་པ་ལྔ་སྤྲོས་ནས་དེ་རྣམས་ཀྱི་ཡན་ལག་ཐམས་ཅད་བཀང་བ་ཡང་ནས་ཡང་དུ་བསམ་པར་བྱའོ། །དམ་ཚིག་འབོད་པ་ཞེས་པ་ནི་གྲུབ་པའི་


DTG040_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་སྔགས་བརྗོད་པ་སྔོན་དུ་སོང་བས་བསྐུལ་བར་བྱའོ། །དམ་ཚིག་བཅིང་བ་ཞེས་པ་ནི་གྲུབ་པའི་མངག་གཞུག་ལ་རང་གི་བཀའ་བསྒོམས་སྦྱར་བར་བྱའོ། །མཁའ་དབྱིངས་ཞེས་པ་ལ་སོགས་པས་དངོས་པོ་མེད་པ་ཡང་གཟུགས་སུ་བྱེད་དོ་ཞེས་ཤིན་ཏུ་བར་བརྗོད་པས་སྒྲུབ་པ་པོ་རྣམས་ཀྱི་སེམས་བརྟན་པ་གསུངས་སོ། །སངས་རྒྱས་ཐམས་ཅད་བུ་གཅིག་པ་ལྟ་བུར་བཅོམ་ལྡན་འདས་གང་ཡིན་པ་དེ་དེ་བཞིན་ནོ། །ཡང་ན་སངས་རྒྱས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རྣམས་ཀྱིས་བསྐྱེད་པའི་ཕྱིར་རོ། །རྡོ་རྗེ་འཇམ་པ་སྟོབས་པོ་ཆེ། །ཞེས་པ་ལ་རང་གི་དཀྱིལ་འཁོར་གྱི་དབུས་སུ་ཆུད་པ་པདྨ་དམར་པོ་ཟླ་བའི་དབུས་སུ་གནས་པ་ཁ་དོག་དམར་པོ་དང་བསམ་པ་ཡང་སྟེ་དེའི་རང་བཞིན་གྱི་ལྷ་རྣམས་ཀྱིས་འཁོར་ལོ་ཡོངས་སུ་བསྐོར་བ་སྒྲུབ་ཐབས་ཀྱི་ཚུལ་གྱིས་འཇམ་པའི་རྡོ་རྗེའི་བདག་ཉིད་དུ་བསྒོམ་པར་བྱའོ། །མདའ་ལྔའི་སྦྱོར་བ་དག་གིས་ནི། །ཞེས་པ་ནི་མདའ་ལྔ་པོ་རྣམས་ཀྱི་སྦྱོར་བ་གཞུ་དང་ལྷན་ཅིག་པའི་སྦྱོར་བ་སྟེ་དེ་འཛིན་པ་ཡང་ངོ༌། །དེ་མྱོས་བྱེད་དང་རྨོངས་པར་བྱེད་པ་དང་སྲེག་པར་བྱེད་པ་དང་བརྒྱལ་བར་བྱེད་པ་དང་སེམས་མེད་པར་བྱེད་པའི་རང་བཞིན་ཡི་གེ་མཾ་ལས་སྐྱེས་པ་ཁ་དོག་དམར་པོ་ཡི་གེ་ཨོཾ་གྱིས་བྱིན་གྱིས་བརླབས་པའི་སྟོང་གི་ཆ་དང༌། ཨ་ཡིས་མནན་པའི་མདའི་ཆ་དང༌། ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པའི་ཨུཏྤལ་དམར་པོའི་འདབ་མ་དང་འདྲ་བའི་མདེའུའི་ཆ་ཡིན་ཏེ། མདའ་ལྔ་རྣ་བའི་བར་དུ་བཀང་སྟེ་གཞུ་འཛིན་པའི་འཕགས་པ་གཤིན་རྗེ་གཤེད་ཁ་དོག་དང་བསམ་པ་དམར་པོ་བྱིས་པའི་ཆ་བྱད་ཅན་རང་གི་དབུ་རྒྱན་དུ་མི་བསྐྱོད་པ་གནས་པའི་སྦྱོར་བས་སྤྲོ་བར་བྱའོ། །གནས་ལྔ་རྣམས་སུ་ཞེས་པ་ལ་སངས་རྒྱས་ལ་སོགས་པ་རྣམས་ཀྱི་སྤྱི་བོ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དང་རྐང་པའི་མཐིལ་རྣམས་སུ་ཡང་ངོ༌། །རྡོ་རྗེ་ཁྲོ་བོས་དབབ་པར་བྱ། །ཞེས་པ་ལ་རིགས་ལ་གཅིག་གི་ཚིག་གོ །དེས་ཅི་ལྟར་སྤྲོས་པའི་འཕགས་པ་གཤིན་རྗེ་གཤེད་རྣམས་ཀྱིས་ཅི་ལྟར་བརྗོད་པའི་མདའ་རྣམས་ཀྱིས་གོ་རིམས་ཇི་ལྟ་བར་བརྗོད་མ་ཐག་པའི་གནས་རྣམས་སུ་དབུག་པར་བྱའོ་ཞེས་པའི་དོན་ཏོ། །དངངས་ཤིང་བརྒྱལ་བར་བསྒོམ་པར་བྱ། །ཞེས་པ་


DTG040_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རང་གིས་གསུངས་པའི་ཉམས་པ་ལས་འཇིགས་པས་སྐྲག་པ་བཞིན་དུའོ། །བྱིས་པའི་བློ་ནི་གྲགས་ཆེན་གྱིས། །ཞེས་པ་ནི་འཕགས་པ་འཇམ་དཔལ་གྱི་དབུ་རྒྱན་ལས་སྐྱེས་པའི་གཤིན་རྗེ་གཤེད་པོ་རྣམས་ཀྱིས་སོ། །གསང་བའི་བསྐུལ་བ་དག་གིས་ཞེས་པ་ནི་བརྗོད་མ་ཐག་པ་དག་གིས་སོ། །དབྱེར་མི་ཕྱེད་པ་ངེས་པར་འབྱེད་པའི་ཤེས་རབ་ཀྱི་བདག་ཉིད་འཕགས་པ་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་རབ་ཏུ་སྟོན་པར་བྱེད་པས་རྡོ་རྗེའི་དོན་གྱི་བློ་སྟེ་རྡོ་རྗེ་སེམས་དཔའ་དེས་སོ། །སངས་རྒྱས་ལ་སོགས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ་སེམས་ཅན་རྣམས་ཀྱང་ཏིང་ངེ་འཛིན་ཉིད་ཀྱིས་དབང་དུ་བྱས་པའི་ཆོ་ག་འདི་ཡིན་ནོ་ཞེས་གསུངས་པ། ནམ་མཁའ་རྡོ་རྗེར་ཞེས་པ་ལ་སོགས་པ་སྟེ་སྔགས་ཀྱི་རྡོ་རྗེ་ནི་ཡི་གེ་ཧཱུཾ་ངོ༌། །དེ་གང་རྣམས་ལ་དང་པོར་ཡོད་པ་དེ་ནི་ཨོཾ་ལ་སོགས་པ་རྣམས་ཏེ་དེ་བཞིན་དུ་དེ་རྣམས་ཀྱིས་སོ། །རྡོ་རྗེ་གསུམ་ལ་སོགས་པར་བསྒོམ། །ཞེས་པ་ནི་ཐུགས་རྡོ་རྗེ་ལ་སོགས་པ་རྣམས་འཇམ་པའི་རྡོ་རྗེ་དང་འདྲ་བར་བརྗོད་པའི་ཁ་དོག་དང་བསམ་པ་ལ་སོགས་པ་དང་ལྡན་པར་དེ་རྣམས་བསྒོམ་པར་བྱའོ། །དེ་བཞིན་དུ་རང་གི་དབུ་རྒྱན་ལ་གནས་པའི་རང་གི་བདག་པོ་ལས་གནོད་མཛེས་རྒྱལ་པོ་ལ་སོགས་པ་རང་གི་རིགས་ཀྱི་ཁྲོ་བོ་རྣམས་སྤྲོས་པས་སངས་རྒྱས་ལ་སོགས་པ་རྣམས་དབང་དུ་བྱའོ། །ཨོཾ་ཡིག་མིག་གི་དབུས་སུ་ཞེས་པ་ནི་སློབ་མའི་མིག་གི་དབུས་སུའོ། །བསྟན་ཞེས་པ་ནི་རྟེན་དང་བརྟན་པའི་དཀྱིལ་འཁོར་རོ། །ཆོ་ག་བཞིན་དུ་ཞེས་པ་ནི་རིམ་པ་བཞིན་དུ་སྟེ་དེ་མཐོང་ངོ༌། །སྔགས་རྣམས་ཀུན་གྱི་གཟུགས་ནི་ལྷའི་གཟུགས་སོ། །དེ་གསུངས་པ། མིག་ཏུ་འབར་བཅས་ཨོཾ་བསམས་ལ། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པ་ལ་བརྩོན་པར་མཛད། །མིག་གིས་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །དེ་ནས་འཁོར་ལོ་བསྟན་པར་བྱ། །འཁོར་ལོ་བདག་པོ་ནས་བརྩམས་ཏེ། །བདུད་རྩི་ཐབ་སྦྱོར་བར་དུའོ། །ཞེས་སོ། །བཀྲེས་སྐོམ་ལ་སོགས་ཞེས་པ་ལ་སོགས་པས་དངོས་གྲུབ་ཆེན་པོ་ལ་སོགས་པ་ལ་ཞུགས་པའི་བཀྲེས་པ་ལ་སོགས་པ་བསལ་བའི་རྣལ་འབྱོར་གསུངས་པའོ། །ཐམས་ཅད་འབྱོར་ཞེས་པ་ནི་སྣ་ཚོགས་པའི་རོ་དང་ལྡན་པའི་


DTG040_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བ་དང་བཏུང་བ་ལ་སོགས་པ་ཕུན་སུམ་ཚོགས་པ་སྒྲུབ་པའོ། །བཾ་ཡིག་ཁ་ཡི་ནང་དུ་བསྒོམ། །ཞེས་པ་ནི་བུམ་པ་བཟང་པོ་སེར་པོའི་རྣམ་པ་རང་གི་མ་མཆུ་ལ་ཁ་རེག་པའོ། །ཨོཾ་ནི་ལྕེ་ལ་འདུག་པར་བསམ། །ཞེས་པ་ནི་ལྕེའི་ཚུལ་དུ་དེའི་རང་བཞིན་དུ་གྱུར་པའོ། །ཀུན་གྱི་གནས་ཞེས་པ་ནི་བདེ་བ་ཐམས་ཅད་སྟེར་བའི་རོའི་རྟེན་ནོ། །ཡིད་བཞིན་ནོར་བུས་བརྒྱན་པ་སྟེ། །ཞེས་པ་ནི་དེའི་སྟེང་དུ་ཟླ་བ་ཕྱེད་པར་སྐྱེས་པའི་ཁ་ཆོད་ཀྱིས་ཅུང་ཟད་ཁ་བཅད་པའོ། །དེའི་ཡང་སྟེང་དུ་གནས་པའི་ཐིག་ལེ་ལས་བྱུང་བ་རིན་པོ་ཆེས་བརྒྱན་པའོ། །བཀྲེས་པ་ལ་སོགས་པ་དང་བྲལ་བའི་ཕྱིར་སྡུག་བསྔལ་ཐམས་ཅད་དང་བྲལ་བ་དང༌། བསམ་གཏན་གྱི་ཟས་ཡིན་པའི་ཕྱིར་ཞི་བའོ། །དབྱེར་མེད་པའི་ཡེ་ཤེས་ལས་བྱུང་བའི་ཕྱིར་ཡེ་ཤེས་རྡོ་རྗེ་ལས་བྱུང་བའོ། །ཇི་ལྟར་འདོད་པའི་ཟས་སྒྲུབ་པར་བྱེད་པའི་སྦྱོར་བ་སྟོན་པས་ཡིད་བཞིན་གྱི་ནོར་བུའི་རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས་དཔའོ། །ནམ་མཁའི་རྡོ་རྗེ་ཞེས་པ་ལ་སོགས་པ་ལ། རྡོ་རྗེ་སྐུ་གསུམ་སྦྱོར་བ་ཡིས། །ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ལས་བྱུང་བའི་སྦྱོར་བ་ཡིས་སོ། །དཔའ་བོ་ཆེན་པོ་རྡོ་རྗེ་དེ་བཞིན་གཤེགས་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །སེར་པོ་རྡོ་རྗེ་རྣམ་འཕྲུལ་བ། །ཞེས་པ་ནི་རྩ་བའི་ཞལ་དང་སྐུ་མདོག་ཀྱང་གསེར་གྱི་ཁ་དོག་གོ །གཡས་དང་གཡོན་པ་ན་ནི་ནག་པོ་དང་དཀར་པོའི་ཞལ་ལོ། །ལྷག་མ་ནི་རྣམ་པར་སྣང་མཛད་བཞིན་ནོ། །སྐུལ་བྱེད་མའི་རྣམ་པའི་ཀུན་དུ་བཟང་པོའི་ཏིང་ངེ་འཛིན་གསུངས་པ། ཀུན་ནས་དབྱངས་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དམ་པའི་ཆོས་སྟོན་པའི་ངོ་བོའོ། །ཆོ་ག་ཡིས་ཞེས་པ་འདིའི་བཤད་པ་ནི་རང་གི་དེ་ཉིད་ལས་བྱུང་ཕྱག་མཚན་ལས་སྐྱེས་པའི། དཔལ་ལྡན་སྐུལ་བྱེད་རབ་ཏུ་བསམ། །ཤེལ་ཟླའི་སྐུ་དང་དབུས་ཀྱི་ཞལ། །ཞལ་གཉིས་སྔོ་དང་དམར་བའོ། །ཕྱག་གཉིས་ཡང་དག་འཁྱུད་པ་ནི། །རང་འོད་ཐབས་དང་ལུས་འབྲེལ་པ། །ཕྱག་ན་པདྨ་རལ་གྲི་དང༌། །རིན་ཆེན་རྩིབས་བརྒྱད་འཁོར་ལོ་འཛིན། །སྣ་ཚོགས་ཆུ་སྐྱེས་འདབ་ཟླར་གནས། །རྡོ་རྗེའི་གདན་དང་ཟླ་བའི་འོད། །ཅེས་པ་ལ་སོགས་པ་བཟང་པོ་ཞབས་ཀྱིའོ། །ཉི་མའི་གདན་དང་


DTG040_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རོ་ཞེས་གཞན་དག་གོ །ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་རྒྱ་ཆེ་བ་ལ་སོགས་པ་རྣམ་པར་དག་པའི་བདག་ཉིད་ཀྱི་ཛཾ་བྷ་ལའི་སྒྲུབ་ཐབས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ལོངས་སྤྱོད་པ་སྟེ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ནོ། །འདི་ཡང་འདི་ནི་བཟང་པོའི་ཞབས་ཀྱིས་བཤད་པ་ཡིན་ཏེ། ཤེས་རབ་ཐབས་ཀྱི་རང་བཞིན་སྦྱོར། །ཛཾ་བྷ་ལ་ནི་གནོད་སྦྱིན་གཟུགས། །སྣ་ཚོགས་རྡོ་རྗེ་ཟླ་དབུས་གནས། །རྡོ་རྗེ་སྐྱིལ་ཀྲུང་གིས་གནས་པ། །སེར་པོ་ནག་པོ་དཀར་འོད་ཞལ། །ཐུགས་ཀྱི་དབང་པོས་སྤྱི་གཙུག་བརྒྱན། །ཕྱག་གཉིས་ཀྱིས་ནི་ཡང་དག་འཁྱུད། །རང་འོད་རིག་མ་འཛིན་དགྱེས་པ། །བཱི་ཛ་པཱུ་ར་རལ་གྲི་དང༌། །རིན་བཟང་སྐྱུག་པའི་ནེ་ལེ་དང༌། །རང་གི་ལྷ་ཡི་སྦྱོར་བ་ཡིས། །རིག་མའི་པདྨའི་ནང་གནས་པ། །ཐམས་ཅད་ཕྱོགས་ནས་རྫོགས་སངས་རྒྱས། །འོད་བྱུང་རིག་མའི་ཚོགས་རྣམས་ཀྱིས། །རྟག་ཏུ་དབང་བསྐུར་བར་བལྟ་སྟེ། །རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ། །དེ་ཉིད་གསུངས་པ། ཛཾ་ནམ་མཁའ་རྡོ་རྗེ་ཞེས་པ་ལ་སོགས་པའོ། །སངས་རྒྱས་ལྔ་རྣམས་གནས་ལྔ་རྣམས་ཏེ་དབང་པོ་ལྔ་རྣམས་སུའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ་ཞེས་ཁ་ཅིག་གོ །རྡོ་རྗེ་སེམས་དཔའ་ཞེས་གཞན་དག་གོ །རྡོ་རྗེ་བདུད་རྩི་ཆུ་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་ལས་འདིའི་དོན་རྟོགས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་པའི་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་དོན་དུ་དཔལ་ལྡན་གནོད་སྦྱིན་མོ་སྟེ་དེ་ལ་དམིགས་པ་དང་དེའི་མིང་ཡང་དེ་བཞིན་དུ་ཏིང་ངེ་འཛིན་དུ་བརྗོད་དོ། །གནོད་སྦྱིན་མོ་རྣམས་ཐམས་ཅད་རྡོ་རྗེའི་དམ་ཚིག་གི་གནས་ནི་བསྐྱེད་པའི་ས་བོན་ནོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ནི་མདུན་གྱི་ནམ་མཁའ་ལ་གྲུ་བཞི་པ་རིན་པོ་ཆེ་བཞིའི་རང་བཞིན་འབྱུང་བར་འགྱུར་བའི་གནོད་སྦྱིན་མོའི་མདུན་དུ་ཤེལ་གྱི་རང་བཞིན་དང་གཡས་སུ་ཨིནྡྲ་ནཱི་ལ་ལྟ་བུ་དང་རྒྱབ་ཏུ་པདྨ་རཱ་ག་དམར་པོ་དང་གཡོན་དུ་རིན་པོ་ཆེ་ལྗང་གུའི་རང་བཞིན་དང་དབུས་སུ་བཻ་ཌཱུ་ཪྻ་དང་འདྲ་བ་ནི་ལུགས་སོ། །ཀུན་དུ་འཁྲིགས་ཞེས་པ་ནི་དུས་ཐམས་ཅད་པའི་མེ་ཏོག་ལ་སོགས་པ་ཉེ་


DTG040_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཁོ་བས་ཁྱབ་པར་རོ། །རྡོ་རྗེ་གསུམ་གྱི་སྦྱོར་བས་དབབ། །ཅེས་པ་ནི་ཇི་སྐད་དུ་བརྗོད་པའི་དཀྱིལ་འཁོར་གྱི་དབུས་སུ་གནས་ཏེ་རྡོ་རྗེ་གསུམ་གྱི་བདག་ཉིད་འཕགས་པ་འཇམ་དཔལ་གྱི་རྣལ་འབྱོར་དང་ལྡན་པས་མདུན་དུ་གྱུར་པར་བརྗོད་མ་ཐག་པའི་གནས་ཀྱི་དབུས་སུ་གནས་པ་ཟླ་བ་སེར་པོའི་སྟེང་དུ་ཟླ་བ་ཕྱེད་པའི་ཐིག་ལེའི་རྩེ་མོ་དང་ལྡན་པའི་ཡི་གེ་ཀྵིཾ་ལས་རང་འདོད་པའི་གནོད་སྦྱིན་མོ་དང་རྗེས་སུ་མཐུན་པའི་ཁ་དོག་བསྒོམས་ལ་དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་ནམ་མཁའ་གང་བར་བསམས་ཏེ་སྤྱན་ལ་སོགས་པའི་ལྷ་མོའི་ཚོགས་ལ་ཡང་དག་པར་རེག་པས་མངོན་པར་འདོད་པའི་གནོད་སྦྱིན་མོ་སྤྲུལ་ནས་ཀྵིཾ་ཡིག་ལ་ཡང་དག་པར་བསྡུས་ཏེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་མངོན་པར་འདོད་པའི་གནོད་སྦྱིན་མོའི་གཟུགས་ཅིག་བསྒོམ་པར་བྱའོ། །དེ་ལ་རེ་ཞིག་ལོངས་སྤྱོད་དང་ལྡན་པའི་གཟུགས་ལ་སོགས་པ་མངོན་པར་བརྗོད་པར་བྱ་སྟེ། གསེར་གྱི་ཁ་དོག་ཅན་ལྷའི་བུད་མེད་ཀྱི་གཟུགས་འཛིན་པ་ལང་ཚོ་སར་པ་སྒེག་པའི་ཉམས་ཅན་གསལ་བའི་དར་གྱི་གོས་ཀྱིས་སྨད་གཡོགས་དང་སྟོང་གཡོགས་བྱས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཡས་ན་གདུགས་དཀར་པོ་འཛིན་པ། གཡོན་པས་དཔག་བསམ་གྱི་ཤིང་ལ་བརྟེན་པ། སྒེག་པ་དང་བཅས་པ་འཛུམ་པའི་བྱད་དང་རོལ་པ་དང་ལྡན་པ། ཁ་དོག་ལྔའི་མེ་ཏོག་གིས་སྤྲས་པའི་ཕྱེད་འཁྱིལ་པའི་སྐྲ་དང་མེ་ཏོག་གི་ཕྲེང་བ་དང་དཔག་བསམ་གྱི་ཤིང་ལ་སོགས་པས་མཛེས་པ་རིན་པོ་ཆེ་མི་གཡོ་བའི་ནང་ན་གནས་པ་པདྨ་སེར་པོ་དང་ཟླ་བ་ལ་འདུག་པར་བསྒོམ་པར་བྱའོ། །གནོད་སྦྱིན་མོ་ཐམས་ཅད་ཐུན་མོང་བའི་ས་བོན་འདི་ཡིན་ཏེ། དེས་གནོད་སྦྱིན་མོ་གཞན་རྣམས་ཀྱི་ཡང་གཟུགས་ལ་སོགས་པ་དཔལ་འབྱུང་པོ་འདུལ་བ་ལ་སོགས་པ་ལ་རྟོགས་པར་བྱ་སྟེ་བསྒྲུབ་པར་བྱའོ་ཞེས་སོ། །ལས་གསུམ་རྡོ་རྗེའི་བྱེ་བྲག་གིས། །ཞེས་པ་ནི་འཇམ་དཔལ་གྱི་སྦྱོར་བ་དང་ལྡན་པ་ཉིད་ཀྱིས་རང་སྙོམས་པར་ཞུགས་པ་ལས་དཔལ་གཤིན་རྗེ་མཐར་བྱེད་སྟོན་པས་དེའི་མགོ་བོ་ལ་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བ་བལྟས་ནས་རང་གི་སྙིང་གའི་ཟླ་བ་ལ་གནས་པའི་སྔགས་ཀྱི་ཕྲེང་བ་རང་གི་ཁ་ནས་འཐོན་ཏེ་དེའི་ཁ་ནས་ཞུགས་ནས་སྙིང་གའི་པདྨའི་ཟླ་བ་ལ་


DTG040_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་ནས་དེ་དང་ལྷན་ཅིག་རྡོ་རྗེ་དང་པདྨའི་སྦྱོར་བ་བྱའོ། །གནོད་སྦྱིན་མོ་ཐམས་ཅད་ཀྱི་བསྐྱེད་པའི་ས་བོན་ཐུན་མོང་མ་ཡིན་པའི་ཕྱིར། གནོད་སྦྱིན་མོ་ཐམས་ཅད་དང་མཉམ་པ་ཡིན་ནོ། །ས་བོན་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་གནོད་སྦྱིན་མོ་ཐམས་ཅད་ཀུན་ནས་བཀུག་སྟེ་གནོད་སྦྱིན་མོ་གཅིག་ཡོངས་སུ་རྫོགས་པར་བྱས་པ་གང་ལ་ཡིན་པ་དེ་བཞིན་ནོ་ཞེས་ཁ་ཅིག་གོ །རྡོ་རྗེ་ཐམས་ཅད་ཀྱི་ལྷ་རྣམས་ཀྱི་སྔགས་རྣམ་པར་འཕྲུལ་པའི་སྐུ་དང་གསུང་དང་ཐུགས་རྣམ་པར་དག་པ་ལ་དམིགས་པ་ནི་རྡོ་རྗེ་བཞིན་དུ་དབྱེར་མེད་པ་གང་ཡིན་པ་དེ་དེ་བཞིན་ནོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣམ་པ་ཇི་ལྟ་བུས་རྫོགས་ཤེ་ན། གསུངས་པ་སྐུ་ཞེས་པ་ལ་སོགས་པ་ལ་སངས་རྒྱས་ཀྱི་གཟུགས་འཛིན་པའི་འོད་ནི་དེ་བཞིན་གཤེགས་པའི་འོད་ཀྱི་དཀྱིལ་འཁོར་ཅན་དེ་གསེར་ལ་སོགས་པའི་ཁ་དོག་དང་འདྲ་བ་དང་ལྡན་པ་ཞེས་པའི་དོན་ཏོ། །དམན་པ་ནི་ཞེན་པ་སྟེ་དམན་པ་མ་ཡིན་པ་ནི་མཆོག་གི་དངོས་གྲུབ་དེ་རུ་གནས་པ་ཞེས་པའི་དོན་ཏོ། །མི་སྣང་བ་ལ་ལ་སོགས་པའི་དངོས་གྲུབ་ཀྱང་རྡོ་རྗེ་འཛིན་པ་དང་འདྲ་བར་འགྱུར་རོ། །གནོད་སྦྱིན་གྱི་རྒྱལ་པོ་ནི་འཕགས་པ་ཛཾ་བྷ་ལའོ། །ཐམས་ཅད་རྣམས་ཞེས་པ་ནི་སྔར་བརྗོད་པ་ཐམས་ཅད་ཀྱང་ཕྱིས་འཆད་པར་འགྱུར་བ་ཡང་ངོ༌། །ཡིད་ཀྱིས་འདོད་པ་ཞེས་པ་ནི་ཡིད་དགའ་བར་བྱེད་པའོ། །དངོས་གྲུབ་ཀྱི་སྒྲས་དེ་དང་སྦྱོར་བས་དངོས་གྲུབ་ཉིད་དུ་བརྗོད་པ་རྣམས་སོ། །གཙུག་ཏོར་ཞེས་པ་ནི་གཙུག་གི་ནོར་བུ་བཞིན་དུ་སྟེ། རྒྱུད་གཞན་ཐམས་ཅད་ལ་སོགས་པའི་དངོས་གྲུབ་རྣམས་ཀྱིས་སོ། །ཡིད་བཞིན་ནོར་བུ་བཞིན་དུ་ཡང་ཐམས་ཅད་ཀྱི་བསམ་པ་ཡངས་སུ་རྫོགས་པར་བྱེད་པའོ། །སྣོད་ཇི་ལྟ་བར་གང་ལས་སངས་རྒྱས་ཀྱི་བྱང་ཆུབ་བྱེད་པའི་མཆོག་གོ །འདི་ཡང་སངས་རྒྱས་རྡོ་རྗེ་རབ་ཏུ་བསྒོམས་པ་ཉིད་ཀྱི་ཕྱིར་རོ། །ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུ་སྟོན་པར་བྱེད་པས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ནི་དཔལ་རྡོ་རྗེ་སེམས་དཔའོ། །ད་ནི་ཡེ་ཤེས་འཇུག་པ་ཐོབ་པའི་དབང་དུ་བྱས་ཏེ། མཚན་མ་ཐོབ་པ་སྔོན་དུ་སོང་བའི་རིག་པའི་བརྟུལ་ཞུགས་


DTG040_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་གྱི་རིག་པའི་བརྟུལ་ཞུགས་སོ། །དེའི་ཡང་དག་པར་ལེན་པ་ནི་རྟག་ཏུ་སྦྱངས་པའོ། །དེའི་བདག་ཉིད་ཀྱི་སྤྱོད་པ་སྟེ་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་སོ་སོ་ལ་སྐུ་ལ་སོགས་པའི་རྡོ་རྗེའི་གཟུགས་ཀྱིས་བསྒོམས་པས་སོ། །རང་ཚུལ་ཉིད་ཀྱིས་དེ་བྱས་ཏེ། །ཞེས་པ་ནི་རང་གི་རིགས་ཀྱི་བུ་མོ་དང་ཡང་དག་པར་སྦྱོར་བ་དང༌། བདུད་རྩི་ལྔ་ཟ་བ་ལ་སོགས་པ་རང་གི་གཟུགས་ཉིད་ཀྱིས་བྱ་སྟེ། །དེ་ཡང་དྲང་བའི་དོན་དུ་མ་ཡིན་ལ་བསམ་གཏན་གྱི་དམིགས་པ་ཙམ་ཡང་མ་ཡིན་ནོ། །དེ་ལྟར་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པ་ནི་དེ་ལྟར་བྱས་པ་ཉིད་བྱང་ཆུབ་ཅེས་པའི་དོན་ཏོ། །བཤད་གཅིའི་དམ་ཚིག་དག་གིས་ནི། །དབང་པོ་གཉིས་ཀྱི་རབ་སྦྱོར་ལས། །བླ་ན་མེད་པའི་བྱང་ཆུབ་འཐོབ། །སངས་རྒྱས་བྱང་ཆུབ་གསལ་ཞི་བ། །ཞེས་པ་ལ་སོགས་པས་བཅོ་ལྔ་པ་ལ་སོགས་པར་བཅོམ་ལྡན་འདས་ཉིད་ཀྱིས་འདིའི་ཉམས་སུ་བླང་བ་ལྷན་ཅིག་བྱེད་པ་ཉིད་དུ་རབ་ཏུ་བསྟན་པའི་ཕྱིར་དང༌། དེ་རྒྱུ་མེད་པ་ལས་དེ་ཐོབ་པ་དང་ལྡན་པར་ཤིན་ཏུ་ཐལ་བར་འགྱུར་རོ། །གང་རྣམ་འགྲེལ་ལས། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིག །འབྱུང་བ་ལྟོས་པ་ལས་ཡིན་ནོ། །རིགས་པ་ཉིད་རབ་ཏུ་རྟོག་པར་བྱ་བར་གསུངས་པ། སྤྱན་གྱི་གོ་འཕང་ཡང་དག་སྦྱོར། །ཞེས་སོ། །ཕྱག་མཚན་ནི་ཡེ་ཤེས་ཀྱི་ཕྱག་མཚན་གྱིས་སོ། །ཕྱག་རྒྱ་སྔགས་ཀྱི་ཆོ་ག་ཤེས། །ཞེས་པ་ལ་སོགས་པས་ནི་མི་དབང་བ་བཀག་པའོ། །དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བཙུན་མོ་སྟེ། རང་ལས་ཐ་མི་དད་པའི་རིག་མར་བྱའོ། །གསང་བའི་མཆོད་པ་བརྟུལ་ཞུགས་ཆེན་པོ་ནི་འགྲོ་བ་མ་ལུས་པའི་དོན་རྫོགས་པའི་ཆེད་དུ་ངེས་པ་དང་ལྡན་པའི་བརྟུལ་ཞུགས་ཆེན་པོའོ། །སྡོང་བུ་རྩ་བ་ཞེས་པ་ལ་སོགས་པ་ནི་ཡེ་ཤེས་ལ་འཇུག་པ་ཐོབ་པས་གྲོང་ཁྱེར་ལ་སོགས་པར་གནས་པ་འགོག་པར་བྱེད་དོ། །སྐུའི་རིགས་ཀྱི་རིག་པའི་བརྟུལ་ཞུགས་གསུངས་ནས་གསུང་དང་ཐུགས་ཀྱི་རིགས་ཀྱི་དབང་དུ་བྱས་ཏེ། གསུངས་པ། འདོད་ཆགས་རྡོ་རྗེ་ལྕགས་ཀྱུ་མོ་ནི་གོས་


DTG040_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་ཡིན་ལ་མཱ་མ་ཀཱི་ནི་ཐུགས་ཀྱི་རིགས་ཀྱི་ཡུམ་སྟེ། གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དག་ལ་བརྗོད་མ་ཐག་པ་རྣམ་པ་ཐམས་ཅད་དུ་རིགས་སོ། །རང་གི་ཕྱག་རྒྱའམ་ཞེས་པ་ནི་གལ་ཏེ་བརྗོད་མ་ཐག་པའི་མཚན་ཉིད་མ་རྙེད་ན་དེའི་རང་འོད་ཀྱི་རིག་མ་བསམ་པར་བྱའོ་ཞེས་ཁ་ཅིག་གོ །རིགས་གསུམ་གྱི་རིག་པའི་བརྟུལ་ཞུགས་བོར་ནས་དེའི་རིགས་ཀྱི་དབང་དུ་བྱས་ཏེ་གསུངས་པ། རང་གི་ཕྱག་རྒྱ་མ་ནི་རང་འོད་ཀྱི་ཤེས་རབ་ཀྱི་ངོ་བོར་ཅི་ལྟར་བརྗོད་པའི་བུ་མོ་དེའི་རིགས་སུ་བསྒོམ་པར་བྱའོ་ཞེས་གཞན་དག་གོ །བསམ་གཏན་ཡི་གེ་གསུམ་རྡོ་རྗེ་ཅན་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཡི་གེའི་རྡོ་རྗེ་རྣམས་སོ། །ད་ནི་འབྲས་བུ་དང་རྩ་བ་ཚོལ་བའི་རྣམ་པར་གཡེང་བ་ཡོངས་སུ་སྤོང་བས་ཡེ་ཤེས་ལ་དབང་ཐོབ་པའི་རྣལ་འབྱོར་པའི་རིག་པའི་བརྟུལ་ཞུགས་ཀྱི་དབང་དུ་བྱས་ཏེ་གསུངས་པ། ནགས་ཚལ་ཞེས་པ་ལ་སོགས་པ་སྟེ། སྒྲུབ་པ་པོ་ཡེ་ཤེས་ལ་དབང་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་ངེས་པར་བསྟན་པའོ། །འདིས་ཅིར་འགྱུར་ཞེ་ན། གསུངས་པ། ནགས་ཚལ་གྱི་ལྷས་ཁ་ཟས་ལྷ་ལས་བྱུང་བ་སྟེར་བར་བྱེད་དོ། །འོ་མ་ལ་སོགས་པ་ལྷའི་བྱ་བ་བརྒྱན་པ་ཡང་ངོ༌། །འདས་ན་ཞེས་པ་ལ་སོགས་པས་ནི་ངེས་པར་འབྱུང་བ་སྟོན་པ་ཡིན་ནོ། །ད་ནི་རྣལ་འབྱོར་པ་གཉིས་པས་རྙེད་པར་སླ་བ་མིའི་བུ་མོ་ཡོངས་སུ་སྤངས་ཏེ་དབང་ཐོབ་པས་རིག་པའི་བརྟུལ་ཞུགས་སྤྱད་པའི་དོན་དུ་མི་མ་ཡིན་གྱི་བུ་མོ་གསུངས་པ། ལྷ་མོ་ཞེས་པ་ལ་སོགས་པའོ། །མི་མོ་ཡང་འཁོར་ལོས་སྒྱུར་བ་ལ་སོགས་པའི་རིགས་ལས་བྱུང་བའོ། །ནུས་པ་ཐོབ་པའི་ཕྱིར་དེའིའོ། །དངོས་གྲུབ་ཐམས་ཅད་ནི་མཆོག་དང་གཞན་ནོ། །ཐམས་ཅད་ནི་སྐུའི་དཀྱིལ་འཁོར་ལ་སོགས་པའོ། །དེའི་རྡོ་རྗེ་མངོན་པར་བྱང་ཆུབ་པ་ཡང་ཡིན་ལ་དེ་ཉིད་ཀྱང་རྡོ་རྗེ་ཡིན་ཏེ་དེའི་མངོན་པར་བྱང་ཆུབ་པའོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་བཅུ་དྲུག་པའོ།། །།

ལེའུ་བཅུ་བདུན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་རྡོ་རྗེའི་བྱིན་གྱི་རླབས་ཀྱི་རྒྱ་པོ་ཞེས་བྱ་བའི་བཤད་པ།


DTG040_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ལ་བསྲུང་བ་དང་བཟའ་བའི་དམ་ཚིག་གསུངས་པ། དེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལྷན་ཅིག་བྱེད་མ་ཉིད་ཀྱིས་ཡིན་ནམ། ཡང་ན་ཅི་ལྟར་འདི་ཡང་གདུལ་བྱ་གཞུག་པར་བྱ་བའི་ཕྱིར་ཡིན་ཞེས་པ་ལ་སོགས་པའི་རྣམ་པར་རྟོག་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །དཀྱིལ་


DTG040_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྒྱལ་པོ་མཆོག་ཅེས་པའི་ཏིང་ངེ་འཛིན་དང་འབྲེལ་བའི་མཆོད་པའི་རྗེས་ལ་བྱུང་བ་དེ་བཞིན་གཤེགས་པ་ལྔའི་སྒོ་ནས་བསྟོད་པ་གསུངས་པ། ཡེ་ཤེས་ཆེན་པོ་ནི་གཉིས་སུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྡོ་རྗེ་དབྱིངས་ནི་རིགས་ཡིན་ཏེ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །མཁས་པ་ཆེན་པོ་ནི་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་གསུམ་ནི་སྐུ་ལ་སོགས་པའི་ངོ་བོ་ཡིན་པས་སོ། །སྐུ་ལ་སོགས་པ་གསུམ་རྣམས་ཀྱི་རྡོ་རྗེ་ཡིས་མཆོག་ཡིན་ནོ། །དག་པ་ཆེན་པོ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པར་དག་པའོ། །རྡོ་རྗེ་ཞི་བ་ནི་དྲི་མ་རྣམས་སླར་ཡང་ཉེ་བར་མི་བསྐྱོད་པས་དབྱེར་མི་ཕྱེད་པའི་ཞི་བའོ། །དགའ་བ་ཆེན་པོ་ནི་སྙིང་རྗེ་ཆེན་པོའི་མཚན་ཉིད་གང་གི་ཡིན་པ་དེ་དེ་བཞིན་ནོ། །རང་བཞིན་གྱིས་འོད་གསལ་བ་རྣམས་ལ་གང་མཆོག་ཡིན་པ་དེ་དེ་རྣམས་ལས་མཆོག་གོ །སྔགས་ཏེ་སྡུག་བསྔལ་གྱི་རྟེན་མི་ཕྱེད་པའི་ཕྱིར་དང་ཕྱིར་ལྡོག་པ་མེད་པ་སྟེ་མ་རིག་པའི་བག་ཆགས་སྤངས་པའི་ཕྱིར་དང༌། མ་ལུས་པ་སྟེ་ཉོན་མོངས་པ་མ་ཡིན་པའི་སྐུ་དང་གསུང་དང་བླ་མ་ཚད་པ་སྤངས་པའི་ཕྱིར་རོ། །ཟབ་པ་ནི་རྟོག་པ་མེད་པ་གང་གི་འདི་ཡིན་པ་དེ་བདེ་བར་ཟབ་པའོ། །དེ་ཉིད་ཀྱི་ཕྱིར་ན་ནམ་མཁའ་རྡོ་རྗེའོ། །ནམ་མཁའ་བཞིན་དུ་དྲི་མ་མེད་པ་ནི་རང་བཞིན་གྱིས་དག་པའོ། །དེས་ན་གོས་པ་མེད་པའོ། །བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་མེད་པས་རྣམ་པར་རྟོག་པ་མེད་པའོ། །ཡང་ན་རྟོག་པ་ཤིན་ཏུ་དག་པས་སོ། །ནམ་མཁའ་དང་མཉམ་པའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ནི་ནམ་མཁའ་སྟེ། དེ་ཉིད་རྡོ་རྗེ་ཡིན་ལ་དེའི་བདག་ཉིད་དུ་འཛིན་པའོ། །འདོད་ཆགས་ཕ་རོལ་ཕྱིན་པ་ནི་མཆོག་སྟེ་རྣམ་པར་དག་པ་དེ་རྣམས་མཉེས་པའོ། །དེས་ན་དམ་པའི་དོན་གྱིས་ན། །ཕ་རོལ་ཕྱིན་པ་བཅུར་འདོད་དོ། །ཞེས་རྒྱལ་བ་བྱམས་པས་གསུངས་སོ། །རྫོགས་སངས་རྒྱས་ནི་རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པས་སོ། །བསམ་པ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་མངོན་པར་བྱང་ཆུབ་པ་ལ་སོགས་པར་འདོད་པ་སྟེ་དེ་ཡོངས་སུ་རྫོགས་པར་བྱེད་པའོ། །དག་པའི་ངོ་བོ་ཆོས་ཀྱི་དབྱིངས་ལས་བྱུང་པའོ། །རྡོ་རྗེའི་ལོངས་སྤྱོད་ནི་དེ་བཞིན་གཤེགས་


DTG040_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་སོ། །དག་པ་ནི་ཚད་མ་དང་ལུང་གིས་གྲུབ་པས་སོ། །དམ་ཚིག་ནི་བསྲུང་བར་བྱ་བ་བཞི་ཡིན་ལ་བཟའ་བར་བྱ་བ་ཡང་བརྩོན་འགྲུས་ལྔ་དང་བདུད་རྩི་ལྔའི་བདག་ཉིད་ཡིན་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལྷན་ཅིག་བྱེད་པ་ཡིན་པས་ངེས་པར་དུས་ཇི་ལྟ་བ་དང་ཇི་ལྟར་རྙེད་པ་ཉམས་སུ་བླངས་ཏེ། གཞན་དུ་ན་ཕས་ཕམ་པས་དགེ་བའི་རྩ་བ་མཐའ་དག་ཆད་པར་ཐལ་བར་འགྱུར་བས་སོ། །དུས་ཇི་ལྟ་བ་དང་ཇི་ལྟར་རྙེད་པའི་དམ་ཚིག་བསྒྲུབ་པར་བྱ་སྟེ། དེ་རྣམས་ཉམས་སུ་མ་བླངས་ན་རྩ་བའི་ལྟུང་བ་བཅུ་གསུམ་པ་ཡིན་ཞེས་བརྗོད་པས་སོ། །སྐུ་རྡོ་རྗེ་ལ་སོགས་པ་ཡང་འདིར་རིགས་གསུམ་གྱི་རྣལ་འབྱོར་པར་བལྟ་བར་བྱའོ། །ལྷན་ཅིག་བྱེད་པ་ཉིད་ཀྱི་དམ་ཚིག་ཀྱང་གསལ་པོར་བརྗོད་དོ། །དམ་ཚིག་འདི་རྣམས་བསྲུངས་ན་དེའི་སྐུ་དང་གསུང་དང་ཐུགས་སུ་གྱུར་པ་དེའི་བདག་ཉིད་ཀྱིས་སངས་རྒྱས་སུ་འགྱུར་རོ། །དེ་མ་ཐག་ཏུ་ཞེས་པ་ནི་ཕུན་སུམ་ཚོགས་པ་དེའི་ཚོགས་པ་ཉིད་ཀྱི་རྗེས་ལའོ། །དེ་བཞིན་དུ་དཔལ་སངས་རྒྱས་ཐམས་ཅད་ལས། དཀྱིལ་འཁོར་དམན་པར་གྱུར་པ་དང༌། །དམ་ཚིག་སྤངས་པར་གྱུར་པ་ཡང༌། །སྒྲུབ་ཐབས་ཅུང་ཟད་མི་འགྲུབ་པོ། །དེ་ཉིད་སེམས་གསང་མི་ཤེས་པས། །ཞེས་སོ། །བདག་ཉིད་གཅིག་པུའི་ཆེད་དུ་རང་ཉིད་ཀྱིས་རྟོགས་པས་རང་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱི་ལུས་ཀྱིས་སྟོན་པ་སྟེ་དག་མེད་པ་ཉིད་ཀྱིས་རང་གིས་རྟོགས་པའི་དོན་སྣོད་ཅི་ལྟ་བར་གཞན་ལ་རྟོགས་པར་བྱེད་པའི་ཕྱིར་རོ། །གང་འཕགས་པ་བྱམས་པས། གང་དང་གང་དོན་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་དེ་ལ། །དེ་ལ་སྒྲ་མེད་ཀྱང་དོན་དེ། །དེ་ནི་དེ་ལྟར་དེ་ལྟར་སྣང༌། །ཞེས་སོ། གང་དུ་ཡང་རང་གི་བྱང་ཆུབ་མངོན་དུ་བྱེད་ཀྱང་དེ་ལ་ཡང་ཉན་ཐོས་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་རྣམས་ལ་ཆོས་ཉན་པར་བྱེད་དོ། །དེ་རྣམས་རང་གི་རྟོག་པའི་མཚན་ཉིད་ཀྱིས་ཡེ་ཤེས་སྤངས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་ལ་རག་ལས་པས་རང་སངས་རྒྱས་ཀྱི་ཐེག་པ་ལས་ཀྱང་དམན་པར་མོས་པ་གང་རྣམས་ཡིན་པ་དེ་རྣམས་ནི་དེ་བཞིན་ནོ། །གཏི་མུག་ནི་གཏི་མུག་གི་རིགས་སོ། །ལམ་གྱིས་ཞེས་པ་ནི་སྟོང་པ་ཉིད་ལ་མོས་པས་སོ། །འཇིགས་ཤིང་མི་སྡུག་པ་ནི་བྱིས་པ་སྐྲག་པར་བྱེད་པའོ། །ཁམས་གསུམ་


DTG040_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ན་གནས་པའི་རིགས་ལྔ་ལས་བྱུང་བ་རྣམས་སོ། །སྤྱད་པར་བྱ་བ་ནི་སྔར་བརྗོད་པའི་ཆོ་གས་སོ། །བསམ་གཏན་རྡོ་རྗེ་གསད་པར་བྱ། །ཞེས་པ་ནི་བདག་མེད་པར་མོས་པས་དགུ་པ་ལས་བརྗོད་པའི་ཆོ་གས་གཉིས་སུ་མེད་པར་རབ་ཏུ་སྣང་བར་བྱེད་པ་ནི་གསོད་པའོ། །བསྒོམ་པ་འདིས་གྲུབ་པ་ན་ཁྱབ་འཇུག་རྡོ་རྗེ་འཛིན་པ་སྟེ། མི་བསྐྱོད་པར་འགྱུར་རོ་ཞེས་ཁ་ཅིག་གོ །གཏི་མུག་དང་འདོད་ཆགས་དང་ཞེ་སྡང་གཙོ་བས་འཇིག་རྟེན་པའི་ལྷ་ཚངས་པ་ལ་སོགས་པ་གསུམ་རྣམས་སོ་སོར་རིགས་ལ་སོགས་པ་ངེས་པའི་སྒོ་ནས་རྣམ་པར་དག་པ་རྟོགས་པར་བྱ་བའི་དོན་དུ་གསུངས་པ། སྐུའི་རྡོ་རྗེ་ཞེས་པ་ལ་སོགས་པའོ། །གང་གི་ཚེ་ཚངས་པ་སངས་རྒྱས་ཉིད་ཀྱི་ཆེད་དུ་རྣམ་པར་དག་པ་བསྒོམ་པར་བྱ་སྟེ། དེའི་ཚེ་གཏི་མུག་ལ་སྤྱོད་པ་ཉིད་ཀྱིས་དེ་རྣམ་པར་དག་པས་སྐུ་རྡོ་རྗེ་སྟེ་རྣམ་པར་སྣང་མཛད་དུ་འགྱུར་རོ། །གཟུགས་ཀྱི་ཁམས་སུ་གཏོགས་པ་བསམ་གཏན་དང་པོ་དང་འབྲེལ་པའི་ཚངས་པ་རང་སྐུ་རྡོ་རྗེ་མ་ཡིན་ཏེ་འདི་གཞན་དུ་ཡང་ཤེས་པར་བྱའོ། །གསུང་རྡོ་རྗེ་ནི་དབང་ཕྱུག་ཆེན་པོ་སྟེ། འདོད་ཆགས་ལ་སྤྱོད་པ་ཉིད་ཀྱིས་དེ་རྣམ་པར་དག་པར་འགྱུར་རོ། །ཐུགས་རྡོ་རྗེ་འཛིན་པ་ནི་ཐུགས་རྡོ་རྗེའི་རང་བཞིན་མི་བསྐྱོད་པ་སྟེ་དེ་ཉིད་ཁྱབ་འཇུག་ཞེ་སྡང་ལ་སྤྱོད་པས་དེ་རྣམ་པར་དག་པར་དགུ་པ་ལས་བརྗོད་པའི་ཆོ་གས་འགྱུར་རོ་ཞེས་གཞན་དག་གོ །ཁྲག་དང་ཤ་ནི་ཟ་བ་ཡིས། །ཆུང་མ་དོན་དུ་གཉེར་བས་འདིར་གནོད་སྦྱིན་མོ་བསྒྲུབ་བོ། །འོ་མ་འཐུང་བས་ཕྲ་མ་ཅན་གྱིས་ཆུང་མའི་དོན་དུ་ཀླུའི་བུ་མོའོ། །ཁྲོ་ཞིང་ང་རྒྱལ་བས་སྤོས་དང་མེ་ཏོག་ལ་སྤྱོད་པ་དང་ལྡན་པས་ས་འོག་གི་བུ་མོ་བསྒྲུབ་པའོ། །སྲིན་མོ་རྣམས་ཐོད་པའི་རུས་པའི་དགུག་པས་དེ་བསྒྲུབ་པའི་དོན་དུ་སྦྱིན་པར་བྱ་སྟེ། ཚིལ་བུ་ཡང་ངོ༌། །བདུད་རྩི་ལྔ་ལ་སོགས་པ་མཁའ་འགྲོ་མའི་སྦྱོར་བ་གྲུབ་པའི་དོན་དུ་བཟའ་བར་བྱའོ་ཞེས་ཁ་ཅིག་གོ །རྟག་ཏུ་ཞེས་པ་ནི་དམ་ཚིག་གི་དུས་སུ་གང་གསུངས་པ། བཅོམ་ལྡན་འདས་ཀྱིས། བརྫུན་དུ་སྨྲ་བར་མི་བྱ་སྟེ། །ཆང་གི་བཏུང་བ་བཏུང་མི་བྱ། །དམ་ཚིག་དུས་ནི་མ་གཏོགས་པར། །དམ་ཚིག་གིས་ཀྱང་བྱིན་གྱིས་བརླབ། །ཅེས་སོ། །ཉེས་པ་མང་པོ་མཐོང་བས་ན། །བཅོམ་ལྡན་འདས་ཀྱིས་གསལ་བར་གསུངས། །དོན་མེད་ཀུན་གྱི་རྩ་བ་


DTG040_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཆང་གི་བཏུང་བ་སྤང་བར་བྱ། །ཞེས་གཞན་དག་གོ །རྡོ་རྗེ་མཁའ་འགྲོའི་སྦྱོར་བ་ཡིས། །ཞེས་པ་ནི་རྡོ་རྗེ་འཛིན་པ་ཆེན་པོའི་རྣལ་འབྱོར་དང་ལྡན་པས་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བའི་རྗེས་ལ་རང་གི་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ལ་དཔལ་འཁོར་ལོ་སྡོམ་པ་ནས་གསུངས་པའི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་པའི་ལྷ་མོ་རྣམས་ཀྱི་ཡི་གེ་ཧྲཱིཿ་ལ་སོགས་པ་གང་ཡང་རུང་བའི་ས་བོན་བཀོད་ནས་དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་ནམ་མཁའ་ལ་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ལ་རེག་པས་གཽ་རཱི་ལ་སོགས་པ་མངོན་པར་འདོད་པའི་རྡོ་རྗེ་མཁའ་འགྲོ་མའི་གཟུགས་རྣམས་སྤྲུལ་ནས་དེ་རྣམས་འོད་ཟེར་གྱི་ལྕགས་ཀྱུས་བཀུག་སྟེ་ས་བོན་དེ་ཉིད་དུ་བཅུག་ནས་དེ་ཡོངས་སུ་གྱུར་པས་གཽ་རཱི་ལ་སོགས་པར་མངོན་པར་འདོད་པའི་རྡོ་རྗེ་མཁའ་འགྲོ་མ་རྫོགས་པར་བྱས་ནས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་ས་བོན་ཉིད་ཟློས་པས་ཕྱུང་ནས་དེས་སྡང་བའི་སེམས་ཅན་རྣམས་ཀྱི་ཁྲག་དང་ཤ་ལ་སོགས་པ་བཀུག་པ་རྣམས་ཀྱིས་བསད་ནས་དེ་རྣམས་ཀྱི་རྣམ་པར་ཤེས་པ་སྔར་བཞིན་དུ་མི་བསྐྱོད་པའི་གཟུགས་སུ་རྫོགས་པར་བྱ་སྟེ་བཀུག་ནས་རང་གི་ལུས་ལ་བཅུག་སྟེ། ཐམས་ཅད་གནས་གྱུར་པས་གཽ་རཱི་ལ་སོགས་པ་གང་ཡང་རུང་བའི་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་གཟུགས་སུ་བདག་ཉིད་བསམ་པར་བྱ་སྟེ། དེ་ལ་རེ་ཞིག་གཽ་རཱི་ནི་ཁ་དོག་དཀར་མོ་ཐོད་པ་ལ་གནས་པའི་མི་བསྐྱོད་པའི་དབུ་རྒྱན་དང་ལྡན་པའི་མེ་ཏོག་སྣ་ཚོགས་པས་དཀྲིས་པའི་རལ་པ་དང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟེ། སྣ་ཚོགས་པའི་འདབ་མའི་པདྨའི་ཉི་མ་ལ་གཡོན་བརྐྱང་གིས་གནས་པ་འབར་བའི་ཉི་མའི་འོད་ཅན་དཔལ་རྡོ་རྗེ་མཁའ་འགྲོ་དང་སྙོམས་པར་ཞུགས་པ་རྣ་བའི་བར་དུ་གཞུ་འགེངས་པ། སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་བཞིའི་རང་བཞིན་གྱི་མངའ་བཞིས་དེའི་མི་མཐུན་པའི་ཕྱོགས་ཀྱི་རང་བཞིན་གདོང་བཞི་པ་ཚངས་པའི་མགོ་སོ་སོར་འབིགས་པར་གནས་པའོ། །ལྷག་མ་ནི་དཔལ་སྡོམ་པར་ཤེས་པར་བྱའོ། །གནས་ཀྱི་མཚན་ཉིད་ཀྱིས་གསང་བྱ། །ཞེས་པ་ནི་ཟླ་བ་ཕྱེད་ཀྱིས་འདི་གསང་པར་བྱ་ཞེས་ཤེས་པར་བྱས་ལ་སྙིང་དགུག་པ་ལ་སོགས་པ་རྣམས་ཀྱིས་གསང་


DTG040_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ནས་མི་བསྐྱོད་པའི་གཟུགས་སུ་བསྒྲུབ་པོ་ཞེས་གཞན་དག་གོ །སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་གྱི་ལས་དགུ་པར་བརྗོད་པའི་ཆོ་གས་དཀོན་མཆོག་གསུམ་གྱི་དོན་དུ་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སེམས་ཅན་ཁམས་ནི་ཐམས་ཅད་དུ། །རྟག་པར་སངས་རྒྱས་སྐུ་བསྐྱེད་པ། །ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་སུ་སྦྱོར་བ་ཡིས། །ཞེས་པ་ནི་སྐུ་དང་གསུང་དང་ཐུགས་གསུམ་པོ་རྣམས་ཀྱིས་ཕྱག་མི་བྱ་བ་ནི་རྒྱུན་མི་འཆད་པ་རུ་བསྒོམ་པར་བྱ་སྟེ། གཙུབ་ཤིང་གཙུབས་པའི་ཚུལ་གྱིས་དངོས་གྲུབ་ཏུ་འགྱུར་རོ། །གང་རྟག་ཏུ་བསྒོམས་པར་མི་ནུས་པ་དེས་ཕྱག་བྱའོ། །བསམ་གཏན་བྱ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱིས་སོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་སྤྲོས་ནས་ཐམས་ཅད་ལ་ཁྱབ་པའི་སྐུ་ལ་སོགས་པའི་རྡོ་རྗེའི་བདག་ཉིད་དུ་བསྒོམ་པ་ནི་འདིར་ཕྱག་ཡིན་ནོ། །རིགས་ལྔའི་བདག་ཉིད་ཀྱི་གཟུགས་སུ་མངོན་པར་གྱུར་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཅི་ལྟ་བ་བཞིན་དུ་བསྒོམ་པར་བྱ་སྟེ། འདི་ནི་རྡོ་རྗེ་གསུམ་གྱི་ཕྱག་འཚལ་བའི་མཆོག་ཏུ་འགྱུར་རོ། །རང་གི་ལྷའི་སྦྱོར་བས་བདུད་རྩི་ལྔ་རྣམས་དྲི་དང་རོ་བཟང་པོ་དང་ལྡན་པ་ཕྱུང་ནས་ནམ་མཁའི་ཁམས་ཐམས་ཅད་བཀང་སྟེ། དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཕུལ་པས་བསྙེན་པ་ལ་སོགས་པའི་སྡོམ་པར་འགྱུར་རོ། །མི་སྣང་བའི་དོན་དུ་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་ཡུལ་བསྟེན་པ་ལ་སོགས་པ་ཐུན་མཚམས་བཞི་རུ་བྱའོ། །དབུ་རྒྱན་དག་ལ་བསམ་གཏན་བསམ། །ཞེས་པ་ནི་རིགས་ཀྱི་དབྱེ་བས་སྐུ་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བ་འབར་བའི་ཕྲེང་བ་ཅན་རང་གི་དབུ་རྒྱན་དུ་རིག་པ་འཛིན་པ་ཐོབ་ན་ཡང་བསྒོམ་པར་བྱའོ་ཞེས་པའི་བར་དུའོ། །ཁ་ཟས་ལ་ཞེས་པ་ནི་ཁ་ཟས་ཀྱི་དུས་སུའོ། །འདིས་སྐུ་རྡོ་རྗེའི་ནང་གི་བདག་ཉིད་ཀྱི་རྣམ་པར་དག་པ་གསུངས་སོ། །ཕྱི་རོལ་རྡོ་རྗེ་འཛིན་པའམ། །ཞེས་པ་ནི་བཟའ་བར་བྱ་བ་རྣམ་པར་དག་པའོ།། །རྟག་པར་རྡོ་རྗེ་ཆོས་སུ་བྱ། །ཞེས་པ་ནི་ལྕེ་རྣམ་པར་དག་པའོ། །མདོར་བྱེད་པས་ན་མདོ་སྡེ་དེ་འདོན་པ་ནི་གོ་བ་སྟེ་དེའི་ཆོ་ག་ནི་བྱ་བའོ། །དེ་བརྗོད་པ། ཟ་བའི་ཚེ་ན་སྙིང་གའི་ཟླ་བ་ལ། །འཁོར་ལོའི་གཙོ་བོ་རང་གི་གསང་སྔགས་ཀྱིས། །ཀུན་དུ་དམིགས་ཏེ་བྱང་ཆུབ་སེམས་ཀྱི་ནི། །ངོ་བོ་ཉིད་


DTG040_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་འོད་དང་ལྡན་པར་བསམ། །རང་གི་ཟས་ལ་དེ་ཉིད་གསུམ་བཟླས་ཏེ། །ཐམས་ཅད་མཉམ་པ་ཉིད་ཀྱིས་རྣམ་དག་པ། །དེ་ཡིས་སྐུ་ཡི་རྡོ་རྗེ་ལ་སོགས་པ། །ལྷ་རྣམས་ཀུན་དུ་ཚིམ་པ་ཉིད་དུ་བྱ། །ཕྱི་ཡི་སྦྱིན་སྲེག་ཆོ་གས་བསྒྲེ་བྱ་ཞིང༌། །ཡིད་ཀྱང་ཡིད་ཉིད་ཀྱིས་ནི་བྱ་བ་སྟེ། །ཕུང་པོ་བུད་ཤིང་རྣམ་པར་བསྲེག་པ་ཡིས། །ཡེ་ཤེས་འབར་བ་བླ་ན་མེད་པར་བཤད། །དེ་ལྟར་མ་ལུས་པ་ཡི་འདོད་པ་ཡིས། །རང་ཉིད་དང་ནི་གཞན་དང་རང་རང་གི །ལྷ་ཡི་གཟུགས་གྱུར་པ་ལ་ཡང་དག་མཆོད། །དམ་ཚིག་དེ་ནི་བདེ་བར་གཤེགས་ཀྱིས་གནང༌། །ཞེས་སོ། །བྱང་ཆུབ་སེམས་དཔའ་གཅིག་གིས་ལྷའི་ལོ་སྟོང་ཕྲག་བརྒྱད་ཅུར་དེ་བཞིན་གཤེགས་པ་སྟོང་ཕྲག་བརྒྱད་ཅུ་རྣམས་རེ་རེ་ཡང་སྟོང་ཕྲག་བརྒྱད་ཅུའི་འཁོར་དང་ལྡན་པ་རྣམས་ལ་ལྷ་རྫས་ཀྱི་མལ་སྟན་དང་ནད་པའི་གསོས་སྨན་དང་ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་དོ། །གཞན་ཡང་སྡུག་བསྔལ་གྱི་རྒྱུ་ལས་བྱུང་ནས་སེམས་ཅན་འདི་རྣམས་བདག་གིས་སངས་རྒྱས་ལ་རབ་ཏུ་དགོད་པར་བྱའོ་ཞེས་བདག་ཉིད་ཁོ་ན་ཉེ་བར་ལོངས་སྤྱོད་དོ། །དེ་ནས་སྔ་མའི་བྱང་ཆུབ་སེམས་དཔའ་ལས་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཕུང་པོ་སྐྱེ་བར་འགྱུར་རོ་ཞེས་ཐེག་པ་ཆེན་པོའི་མདོ་ལས་སོ། །ཉན་ཐོས་ཀྱི་ཐེག་པའི་གང་ཟག་ཁ་དོག་དང་དྲི་དང་རོ་ལས་ཀྱང་དཔྱད་ནས་རང་ལ་སོགས་པའི་རྣམ་པས་ཉེ་བར་ལོངས་སྤྱོད་དོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་མངོན་པར་བརྩོན་པས་ཀྱང་མོས་པས་སྤྱོད་པའི་ས་ལ་གནས་པས་བདག་གི་ལུས་ལ་གང་སྲིན་བུའི་རིགས་བརྒྱ་ཕྲག་བརྒྱད་ཅུ་གནས་པ་རྣམས་ཚིམ་པར་བྱའོ་ཞེས་སོ། །ས་ཐོབ་པས་ཡང་སྒྱུ་མ་དང་རྨི་ལམ་གྱི་གཟུགས་ཀྱིས་རང་རིག་པའི་རྣམ་པས་འཁོར་གསུམ་ཡོངས་སུ་དག་པའོ། །སྔགས་ཀྱི་སྒོའི་སྤྱད་པ་ལ་སྤྱོད་པ་ཡང་རྫོགས་པའི་རིམ་པས་བཟའ་བ་ལ་ཡང་ཤིན་ཏུ་དང་ཆེས་ཤིན་ཏུ་བ་ཡོད་དོ། །གསུངས་པ་ཡང་ཡིན་ཏེ། གང་རྣམས་མཐོང་དང་ཡང་དག་ལྡན། །རྣམ་པ་ཀུན་ཏུ་མཆོད་པ་ཡང༌། །དེ་རྣམས་མཐོང་དང་མཆོད་པ་ཡིས། །སངས་རྒྱས་ཐམས་ཅད་དུ་འགྱུར་རོ། །དེ་ནས་ཞེས་པ་ལ་གལ་ཏེ་བཅོམ་ལྡན་འདས་ཆོས་སྟོན་པ་ཡིན་ན་རྟོག་པ་ཡང་མངའ་སྟེ། མ་དཔྱད་པར་སྟོན་པ་མ་ཡིན་ནོ་ཞེས་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཡང་དངོས་པོ་


DTG040_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པའི་མཚན་ཉིད་ཀྱིས་ཐམས་ཅད་མཁྱེན་པ་དང་འགལ་བའི་མ་རིག་པའི་ངོ་བོ་རྣམ་པར་རྟོག་པས་ཁྱབ་ལ། དག་ནི་འགལ་བས་ཁྱབ་པ་དམིགས་པས་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །རྡོ་རྗེ་འཛིན་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །ཉིད་ཀྱང་གང་སྐུ་ལ་སོགས་པ་རྣམས་ཏེ་སྐུ་ལ་སོགས་པའི་སྙིང་པོ་རྣམས་སོ། །དེ་རྣམས་གཉིས་སུ་མེད་པས་མཉམ་པ་ཉིད་ཡིན་ཏེ་དེ་ཉིད་རྡོ་རྗེ་ཡིན་པ་ནི་ཚད་མ་དང་ལུང་གིས་གྲུབ་པའི་ཕྱིར་རོ། །དགོངས་ནས་ཞེས་པ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ངེས་པར་བྱས་ནས་སོ། །ཅང་མི་གསུང་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པའི་གནས་སྐབས་སུ་གྱུར་པ་དང་ལྡན་པ་རྣམས་སོ། །འདི་ཉིད་ངའི་རང་བཞིན་ཏེ་བསྟན་པ་ནི་ཀུན་རྫོབ་ཏུ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་རྟོགས་པ་མེད་ན་ཡང་འཇུག་པར་འགྱུར་རོ། །དེ་ནས་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ་བར་འགྱུར་རོ་ཞེས་པ་མ་ཡིན་པར་ཤེས་པར་བྱ་བའི་དོན་དུའོ། །ཅི་ལྟར་འདི་དག་ལེའུ་གསུམ་པར་ཐམས་ཅད་མཁྱེན་པ་བསྒྲུབ་པའི་སྐབས་སུ་དེ་བཞིན་དུ་ཁོ་བོས་རབ་ཏུ་བསྒྲུབས་པས་འདིར་མ་སྤྲོས་སོ། །གང་རྣམས་འདིའི་དོན་རང་གིས་ཤེས་པར་མི་ནུས་པས་ཅང་མི་གསུང་པར་གྱུར་པ་ལ་གཞན་དུ་རྟོག་པར་བྱེད་དོ། དེ་ཤེས་པར་བྱ་བའི་དོན་དུ་དེ་ལ་བསམས་ནས་འདི་ཅིའི་སླད་དུ་ཞེས་པ་ལ་སོགས་པ་གསུངས་སོ། །འདིའི་དོན་ནི་ཅང་མི་གསུང་བར་གྱུར་པ་བསྟན་པ་ཡོངས་སུ་རྫོགས་པའི་རྒྱུ་ཡིན་པའམ། དེ་ལ་ནུས་པ་མེད་པའམ་དེ་ལ་གདུལ་བྱ་སྣོད་དུ་གྱུར་པ་མེད་པ་ཡིན། དེ་ལ་རེ་ཞིག་དང་པོ་ནི་མ་ཡིན་ཏེ་དེ་ཡོངས་སུ་རྫོགས་པ་ནི་ཡིན་པའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ། གང་གསུངས་པ་ཐམས་ཅད་ཅེས་པ་ནས་རྡོ་རྗེ་འཛིན་པ་ཞེས་པ་ལ་ཐུག་པས་སོ། །གསུམ་པ་ཡང་མ་ཡིན་ཏེ། གང་གསུངས་པ། ནང་ན་ཞེས་པ་ལ་ཐུག་པས་སོ། །དེ་རྣམས་ཉིད་འཇིག་རྟེན་ལས་འདས་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་དེ་ཁོ་ན་ཉིད་དུ་གཟུང་བ་དང་འཛིན་པར་སྒྲོ་འདོགས་པ་བཀག་པའི་སྒོ་ནས་བཅོམ་ལྡན་འདས་རྣམས་ཀྱིས་རྟོགས་པར་བྱ་བར་བཞེད་ནས་གསུངས་པ་ཡིན་ཏེ། སྐུ་རྡོ་རྗེ་ལ་སོགས་


DTG040_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་བརྟགས་པ་དམིགས་སུ་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་མྱོང་བའི་བདག་ཉིད་གང་གི་རང་བཞིན་དེ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པའི་ཕྱིར་འགྱུར་བ་མེད་པས་ན་མི་འགྱུར་བ་ཡང་ཡིན་ལ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མ་ལུས་པའི་རྟེན་ཡིན་པའི་ཕྱིར་གནས་ཀྱང་ཡིན་ནོ། །དེ་ཉིད་བརྟགས་པའི་རང་བཞིན་མ་ལུས་པ་དང་བྲལ་བའི་ཕྱིར་ངོ་བོ་ཉིད་མེད་པར་མི་འགྱུར་བའི་གནས་སོ། །འདི་ཉིད་བསྒྲུབ་པ་གསུངས་པ། སྐུ་མི་འགྱུར་བ་མ་སྐྱེས་པ། །ཞེས་པ་ནི་གཉིས་པ་དང་བཅུ་གསུམ་པར་བཤད་ཟིན་ཏོ། །གསུང་དང་ཐུགས་ཀྱང་མཚན་མ་མེད། །ཅེས་པ་ནི་བརྟགས་པའི་རང་བཞིན་མེད་པའི་ཕྱིར་རོ། །དེ་ཅི་ལྟར་ན་རབ་ཏུ་སྣང་བ་ཡིན་ཞེས་དོགས་པས་ཐག་པ་ལ་སྦྲུལ་དུ་སྣང་བ་བཞིན་དུ་དེ་རབ་ཏུ་སྣང་བ་ཡིན་ནོ་ཞེས་གསུངས་པ། ནམ་མཁའ་རྡོ་རྗེ་ལ་བརྟགས་པ་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་བརྒྱད་ཀྱི་བདག་ཉིད་རྣམས་དེ་ལས་བྱུང་བའོ། །དེ་ལྟར་ཡང་ལོག་པར་ནི་གཞན་དུ་སྟེ་གཟུང་བ་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །འཛིན་པ་ཡིན་ཞེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་བདུན་ནོ། །ལོག་པར་འཛིན་པ་ནི་མི་བདེན་པའི་རྣམ་པར་རྟོག་པའོ། །དེས་ཉོན་མོངས་པ་ཅན་གྱི་ཆོས་མ་ལུས་པ་བསྡུས་པ་ཡིན་ཏེ། དེ་རུ་དེ་རྣམས་འདུས་པ་ཡིན་པའི་ཕྱིར་རོ། །གང་སློབ་དཔོན་ཕྱོགས་ཀྱི་གླང་པོས། འདིར་ནི་གང་ཞིག་མི་བདེན་རྟོག །སེམས་ཡིན་གང་ལས་གཞན་དེ་རྟོག །ཇི་ལྟར་རྟོགས་པས་བརྟགས་དོན་གང༌། །དེ་ནི་ཤིན་ཏུ་ཡོད་མ་ཡིན། །དེ་དག་རྒྱུ་འབྲས་དངོས་པོ་ཡིས། །སེམས་ནི་རྣམ་པ་གཉིས་སུ་འདོད། །གང་ཞིག་ཀུན་གཞི་རྣམ་ཤེས་གྲགས། །འཇུག་པར་གྲགས་པ་རྣམ་པ་བདུན། །ཉོན་མོངས་བག་ཆགས་ས་བོན་ནི། །བསགས་པའི་ཕྱིར་ན་སེམས་ཞེས་བྱ། །དང་པོའི་རྣམ་ཤེས་གཉིས་པ་ནི། །སྣ་ཚོགས་རྣམ་པར་འཇུག་པའོ། །དེ་ནས་ཞེས་པ་གལ་ཏེ་ཐམས་ཅད་ལོག་པར་གཟུང་བས་འཛིན་པ་ཡིན་ན་དེ་ལྟར་ན་དེ་སྟོན་པར་བྱེད་པའི་ངག་ཀྱང་དེ་བཞིན་དུ་ཐལ་བར་འགྱུར་རོ་ཞེས་པ་ལ་སོགས་པའི་བློ་གྲོས་དམན་པའི་གདུལ་བྱའི་བསམ་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །འཇམ་པ་ནི་མཉེན་པ་སྟེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རྩུབ་པ་དང་བྲལ་བས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་དཔལ་ཡིན་ཏེ་


DTG040_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཕུན་སུམ་ཚོགས་པ་ཡིན་པ་དེ་ལ་སོགས་པའོ། །དེའི་བསམ་པ་ཉིད་ཀྱིས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་སྟོན་པའི་མཚན་ཉིད་དེ་ཁོ་ན་སྔར་བཞིན་དུ་རྡོ་རྗེའི་ཚིག་སྟེ། དེ་ཉིད་ཕྱིན་ཅི་ལོག་ཏུ་འབྱུང་བས་ཕྱིན་ཅི་ལོག་གི་གཟུང་བར་འཛིན་པ་ཉིད་ཀྱིས་མི་བརྟག་ཏུ་གསོལ་ཞེས་བརྗོད་དོ། །ཚད་མ་དང་ལུང་གིས་གྲུབ་པའི་ཕྱིར་དེ་ཟློག་པར་བྱེད་པའོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནི་རང་ཉིད་དོགས་ནས་བརྗོད་པའོ། །གཞན་གྱིས་དྲིས་ན་གཏམ་འཕྲོ་ཆད་པ་དང་སྨྲ་བ་པོ་མི་མཁས་པར་ཡང་འགྱུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ནི་རྡོ་རྗེའི་དབྱིངས་རྣམས་ཡིན་ཏེ། དེ་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྤྱོད་པ་རྣམས་ནི་ཐམས་ཅད་ཀྱི་གཟུགས་སྟོན་པས་སེམས་ཅན་གྱི་དོན་ཡིན་ནོ། །དེ་རྣམས་ལ་གཤེགས་པ་དང་བྱོན་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་ནོ། །གཤེགས་པ་ནི་དང་པོ་ཉིད་དུ་བྱང་ཆུབ་མངོན་སུམ་དུ་མཛད་ནས་དེ་མ་ཐག་ཏུ་སངས་རྒྱས་པའོ། །བྱོན་པ་ནི་གོང་ནས་གོང་དུ་ནུས་པ་དང་ལྡན་པས་རྗེས་སུ་བྱོན་པ་ཉིད་ཡིན་ནོ། །ཁམས་རྣམས་མ་མཁྱེན་པ་དང་སྙིང་རྗེ་དང་མི་ལྡན་པའི་བདག་ཉིད་དུ་ཡང་འགྱུར་རོ། །དེ་གཉི་ག་ཡང་བཅོམ་ལྡན་འདས་ཀྱིས་དངོས་པོ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་དང་སྙིང་རྗེ་ཆེན་པོ་ལ་གོམས་པའི་དངོས་པོ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་མི་བདེན་པའི་དོན་ཉིད་དང་དེའི་རྡོ་རྗེའི་ཚིག་ཀྱང་ཡིན། དེ་ཉིད་ཀྱི་ཕྱིར་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་པ་ཡང་ཕྱིན་ཅི་ལོག་ཏུ་འཛིན་པའི་ངོ་བོས་དེ་བཞིན་མ་ཡིན་པའི་དོན་རྣམས་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པའི་ཕྱིར་ཞེས་འཕགས་པ་བྱམས་པས་གསུངས་པ། རྟོགས་པར་རིགས་པ་ཉིད་ཡིན་ཏེ་དེས་ན་བཟློག་པ་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནི་སྔར་བཞིན་དུ་དགོས་ནས་གསུངས་པ་ཡིན་ནོ། །ཚངས་པ་ལ་སོགས་པ་རྣམས་ཡོད་དེ་དེ་ནི་ཕྱི་རོལ་པ་ཉིད་དེ་བྱང་ཆུབ་ཀྱི་སེམས་བསྐྱེད་པས་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ཀྱི་གཟུང་བ་ལ་སོགས་པའི་རྣམ་པ་ཕུང་པོ་ལ་སོགས་པའི་མཚན་ཉིད་རང་གིས་ཡོངས་སུ་བརྟགས་པའོ། །ངོ་བོ་ཡང་སྒྲོ་བཏགས་པ་མ་ལུས་པ་དང་བྲལ་བའི་གཉིས་སུ་མེད་པ་སྟེ་དེ་ཁོ་ན་ཉིད་དུ་མི་ཤེས་པའོ། །འདི་ལྟར་ཆད་པར་འགྱུར་བའི་རྣམ་པར་རྟོག་པ་ཡིན་


DTG040_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྒྲོ་འདོགས་པར་བྱེད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་རྡོ་རྗེ་ཡིན་ལ་ཆེན་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་དངོས་པོ་མ་ལུས་པ་ལ་ཁྱབ་པའི་ཕྱིར་ཏེ་བདག་ཉིད་ནི་རང་གི་ངོ་བོ་གང་ཡིན་པ་སྟེ་དེ་དེ་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་རྣམས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་སོ། །དབྱེར་མེད་པའི་དེ་ཁོ་ན་ཉིད་ནི་ཕྱིན་ཅི་མ་ལོག་པའི་ངོ་བོའོ། །གསང་བའི་ཡི་གེ་ནི་སྐུ་མི་འགྱུར་བ་མ་སྐྱེས་པ་ཞེས་པ་ལ་སོགས་པའོ། །དེ་ལྟ་བས་ན་ཚད་མས་གྲུབ་ཀྱང་འདི་དག་མི་མཁས་པ་དེ་རྣམས་ཀྱི་མདུན་དུ་བཅོམ་ལྡན་འདས་ལ་བརྙས་པའི་རྒྱུས་ངན་སོང་དུ་ལྟུང་བའི་རྒྱུ་ཡིན་པས་དེ་རྒྱས་པར་བཤད་པ་མ་བསྟན་ཏོ། །ཁོ་བོ་ཅག་ནི་ཡང་འདིར་ནི་ཐེ་ཚོམ་ཡོད་པ་མ་ཡིན་ནོ། །ཚངས་པ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དགོངས་པ་མི་ཤེས་པ་བཅོམ་ལྡན་འདས་ལ་བརྙས་པ་རེ་ཞིག་ཞོག་ཅིག་ཅེས་བརྙས་པ་ལས་བཟློག་སྟེ་གང་གིས་དེ་ནས་དོན་དམ་པའི་བདེན་པ་ལ་དགོངས་ནས་མ་སྐྱེས་པ་ལ་སོགས་པ་སྐུ་རྡོ་རྗེ་ལ་སོགས་པའི་གསང་བའི་ཡི་གེ་བསྟན་པ་ནི་དེ་གསང་བར་བྱེད་པ་སྟེ། དེ་ཉིད་ཀྱིས་ཀྱང་བཅོམ་ལྡན་འདས་ལས་ཐོས་ནས་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་པ་སྟེ། སྐུ་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་གཟུང་བ་ལ་སོགས་པའི་རྣམ་པར་མ་དམིགས་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་སྟོན་པ་པོ་དེ་ཉིད་དེ་བཞིན་དུ་དམིགས། ཇི་ལྟར་ཡང་ཤིན་ཏུ་རྣམ་པར་དག་པ་གཉིས་སུ་མེད་པ་མྱོང་བའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་དམིགས་པ་དེ་བཞིན་ཁོ་ནར་ཐུགས་རྗེ་ཆེན་པོའི་དབང་དུ་གྱུར་པས་དོན་དམ་པའི་བདེན་པ་ཉིད་ཀྱིས་སྟོན་པར་བྱེད་དོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། །དོན་དམ་པར་ཡང་གཟུང་བ་ལ་སོགས་པ་མི་དམིགས་པ་རྒྱུ་གང་གི་སྟོབས་ཀྱིས་དེས་ཞེས་དོགས་པ་གསུངས་སོ། །བྱུང་བ་ནི་གཟུང་བ་ལ་སོགས་པའི་རང་བཞིན་མི་འགྱུར་བའི་ལམ་དུ་གྱུར་པ་བསྒོམ་པ་ལས་ཡང་དག་པར་བྱུང་བའོ། །སྐྱེ་བ་མེད་པ་ཉིད་ཀྱི་གཟུང་བ་ལ་སོགས་པ་རྣམས་ཏེ། ཚད་མ་དང་ལུང་གིས་ངེས་པས་གང་གིས་རྡོ་རྗེ་ཡིན་པ་དེ་ནི་དེ་བཞིན་ནོ། །མངོན་པར་བྱང་ཆུབ་པ་ནི་གང་གི་ཕྱིར་དེ་མ་དམིགས་པའི་ཕྱིར་འདི་ལྟར་གནས་སོ། །གང་གི་ཕྱིར་གཉིས་སུ་


DTG040_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཡེ་ཤེས་ཉིད་བྱང་ཆུབ་ཡིན་ཏེ། དེ་ཡང་ཀུན་གཞི་རྣམ་པར་ཤེས་པའི་བདག་ཉིད་མ་ཡིན་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མིང་ཅན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་དེ། དེས་ན་རུང་བའི་རྗེས་སུ་དཔག་པས། དེ་རྣམས་ཐམས་ཅད་བྱང་ཆུབ་ལ་གནས་པ་བཞིན་དུ་སྤྲོ་བར་བྱ་བའི་ཆེད་དུ་དེ་བཞིན་དུ་བརྗོད་པའོ། །དེ་ཉིད་ཀྱི་ཕྱིར་དེ་ཐོབ་པའི་ཆེད་དུ་རྩོམ་པ་གང་ཡིན་པ་དེ་རྒྱུ་གང་ལས་བྱེད་ཅེས་དོགས་ནས་སྐུ་གསུམ་པོ་རྡོ་རྗེའི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་བྱང་བའི་ཡེ་ཤེས་ལ་བརྟེན་པ་ཉིད་ཅེས་བརྗོད་དོ། །གང་སློབ་དཔོན་ཕྱོགས་ཀྱི་གླང་པོས། སོ་སོའི་སྐྱེ་བོའི་ཤེས་གང་ཡིན། །རང་བཞིན་གྱིས་ནི་རྣམ་བྱང་བའི། །སངས་རྒྱས་སྒྲ་ཡིས་དེ་ལ་བརྗོད། །ཅི་ལྟར་རྒྱལ་བ་བྱང་ཆུབ་སེམས། །ཞེས་སོ། །ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ལོག་པའི་སྒྲོ་འདོགས་པ་བསལ་བའི་དོན་དུ་ཐུགས་རྗེ་དང་ལྡན་པ་དེ་སྟོན་པར་བྱེད་དོ། །འདི་ཉིད་བཅོམ་ལྡན་འདས་ཀྱིས་ཀྱང་བསྒྲུབ་པར་མཛད་པ་གསུངས་པ། རང་བཞིན་དག་ཅིང་བདག་མེད་ལ། །ཞེས་པ་ནི་གང་ལ་གཟུང་བ་ལ་སོགས་པ་དེའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དབྱིངས་ནི་རྒྱུ་ཡིན་ཏེ། རང་བཞིན་གྱིས་རྣམ་པར་བྱང་བ་ཡིན་པའི་ཕྱིར་གནས་མེད་པའོ། །དེ་ལ་དོན་དམ་པར་གནས་པ་ལ་རྟོག་པ་ནི་ཡང་དག་པ་མ་ཡིན་པའི་རྟོག་པའི་ངོ་བོའོ། །རྡོ་རྗེ་ལས་བྱུང་བ་ནི་དེ་བཞིན་ཉིད་ལས་བྱུང་བ་ཡིན་ཏེ་ནམ་མཁའ་ལས་བྱུང་བའི་དངོས་པོ་ཐམས་ཅད་བཞིན་ནོ། །དེ་བསྟེན་པ་ནི་ཀུན་རྫོབ་ཏུ་སྨྲ་བ་ཡིན་ལ་དེ་ཁོ་ན་ཉིད་དུ་ནི་མ་ཡིན་ཏེ། །ཆོས་ཐམས་ཅད་བརྗོད་པ་དང་བྲལ་བའི་ཕྱིར་རོ། །ཡང་དག་པར་འཇུག་པ་ནི་སྐྱེ་བ་མ་ཡིན་ནོ། །འདི་ལྟར་བཅོམ་ལྡན་འདས་དེ་ལས་དངོས་གྲུབ་ཐམས་ཅད་སྐྱེ་བ་དང་གནས་པར་ངེས་པར་རྟོགས་ནས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ངོ་མཚར་སྐྱེས་པ་དང་ནམ་མཁའ་ཡང་གང་ལ་ཡང་མི་གནས་ཞེས་པས་རྨད་དུ་བྱུང་བའོ། །རྡོ་རྗེ་ནི་ཐུགས་རྡོ་རྗེ་ཡིན་ལ་གཉིས་པ་ནི་སྐུ་རྡོ་རྗེ་ཡིན་ཏེ། རྡོ་རྗེ་ཡིས་བཤད་པ་ཞེས་པ་ནི་གསུང་རྡོ་རྗེ་ཡིས་སོ། །འདི་ཅི་ཞེ་ན། ཐུགས་ཀྱི་སྐུ་ནི་ཐོབ་པར་འགྱུར། །ཐུགས་ཀྱིས་ཆོས་ནི་སྟོན་བྱེད་པ། །ཐུགས་ཀྱིས་བྱང་ཆུབ་ཐོབ་པར་བྱེད། །ཅེས་བརྗོད་པའི་ཕྱིར་རོ། །ཅིའི་ཕྱིར་འདིར་ངོ་མཚར་ཞེ་ན། གསུངས་པ། གང་དུ་གཉིས་


DTG040_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་ཡེ་ཤེས་ལ་ལུས་དང་ངག་ཅེས་པ་ནི་དོན་དང་སེམས་ཅན་དུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་དང་སེམས་ཤེས་པ་བདག་དང་རྣམ་པར་རིག་པའི་རབ་ཏུ་སྣང་བ་འཇུག་པའི་རྣམ་པར་ཤེས་པ་བདུན་དེ་ཁོ་ན་ཉིད་དུ་མ་དམིགས་པའོ། །གང་རྒྱལ་བ་བྱམས་པས། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེ་བོ་དེ་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །ཡང་དག་མ་ཡིན་ཀུན་རྟོག་ཉིད། །གྲུབ་པ་འདི་ལ་ཡོད་པ་སྟེ། །དེ་བཞིན་ཐམས་ཅད་མེད་མིན་པས། །དེ་ཟད་པས་ན་གྲོལ་བར་འགྱུར། །ཞེས་སོ། །དེ་རུ་གཟུགས་མིན་ཞེས་པ་ནི་དེའི་བདག་ཉིད་དེ། རྣམ་པར་བསྒོམས་པ་ཞེས་པ་ནི་ཞལ་གསུམ་གྱི་རྣམ་པར་བསྒོམས་པས་མི་མཁས་པ་རྣམས་ངོ་མཚར་བ་ཡིན་ལ། མཁས་པ་རྣམས་ནི་མ་ཡིན་ཏེ། །བརྟགས་པ་མི་དམིགས་ན་ཡང་གཉིས་སུ་མེད་པ་ཡོངས་སུ་གྲུབ་པའི་ངོ་བོ་རང་རིག་པའི་མངོན་སུམ་གྱིས་དམིགས་པའི་ཕྱིར་མི་འགལ་བས་སོ། །རྡོ་རྗེ་གསུམ་ནི་ཚངས་པ་ལ་སོགས་པ་སྟེ་དེ་རྣམས་ཀྱི་མཆོག་ནི་ཉན་ཐོས་རྣམས་སོ། །དེ་རྣམས་ཀྱི་ཆེན་པོ་ནི་རང་རྒྱལ་བ་རྣམས་སོ། །དེ་རྣམས་ཀྱི་ཡང་མཆོག་ནི་ས་དང་པོ་ནས་བཟུང་སྟེ་ཇི་སྲིད་དུ་ས་བཅུ་པའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་ཡང་མཆོག་ནི་འདིར་དཀྱིལ་འཁོར་པ་རྣམས་ཏེ། དེ་རྣམས་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་རྣམས་སོ། །སྐུ་དང་གསུང་དང་ཐུགས་དབྱེར་མེད་པའི་བདག་པོ་ནི་རྡོ་རྗེ་གསུམ་གྱི་དབང་ཕྱུག་གོ །རྡོ་རྗེ་ནི་རིགས་ཀྱི་བདག་པོ་སྟེ་སྤྱི་བོར་བསྒོམ་པར་བྱའོ། །རྡོ་རྗེ་འཁོར་ལོ་འཛིན་པ་ནི་མི་ཕྱེད་པའི་རྡོ་རྗེ་འཛིན་པའོ། །རིགས་ཀྱི་བྱེ་བྲག་གིས་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་ཐམས་ཅད་ཀྱི་གསང་བ་བསམ་པར་བྱའོ། །གཞན་དུ་ན་དངོས་གྲུབ་མཆོག་ཐོབ་པར་མི་འགྱུར་ཏེ། ཏིང་ངེ་འཛིན་གྱི་ཡན་ལག་དང་བྲལ་བའི་ཕྱིར་ཞེས་བསམ་པའོ། །རང་གི་ལྷ་རྣམས་མཉེས་པ་ནི་རང་འོད་ཀྱི་ཤེས་རབ་ལ་རྗེས་སུ་ཆགས་པར་འགྱུར་རོ་ཞེས་བསྟན་པས་གསུངས་པ། དབྱིངས་སུ་གྱུར་པ་ནི་དེ་བཞིན་གཤེགས་པ་རྣམས་བསྐྱེད་པའི་ས་བོན་དུ་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་ན་རྒྱལ་མོ་སྟེ། གཙོ་མོ་ཡིན་ལ་དེ་ལ་རག་ལས་པས་བྱང་ཆུབ་ཡིན་ཏེ། ཆགས་ལ་ཆགས་པས་བལྟ་བར་བྱ། །ཞེས་བཅུ་པ་ལས་གསུངས་པའི་ཕྱིར་རོ། །མཉེས་པར་


DTG040_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅེས་པ་ནི་རྗེས་སུ་ཆགས་པར་བྱེད་པ་ཡིན་ཏེ། རང་འོད་ཀྱི་རིག་མ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ཆོ་ག་བཞིན་དུ་ཞེས་པ་ནི་ཇི་ལྟ་བ་བཞིན་དུ་སྔར་བརྗོད་པའི་རིམ་པས་ཡིན་ཏེ་ཐམས་ཅད་དུ་ཤེས་པར་བྱའོ། །ལག་པའི་ཕྱག་རྒྱ་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དུ་བཤད་པ་རྣམས་ཡིན་ཏེ་བཅིང་བར་མི་བྱའོ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ཞེས་པ་ནི་རྣལ་འབྱོར་མ་ལུས་པའི་གོང་ན་མེད་པ་དཔལ་གསང་བ་འདུས་པའི་རྒྱུད་དུ་བརྗོད་པ་རྣམས་སོ། །འདིས་གཞུག་པའི་དགོངས་པས་ཕྱག་རྒྱ་ལ་སོགས་པ་གང་བརྗོད་པའི་རང་བཞིན་ལུས་ལ་སོགས་པའི་ཕྱིའི་རྣམ་པར་གཡེང་བ་དེ་བསལ་བ་ཡིན་ཏེ་སེམས་ཙམ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །གང་དེ་བརྗོད་པ། འཇུག་པ་ཙམ་གྱིས་སངས་རྒྱས་མིན། །ཐོས་པ་ཙམ་གྱིས་མི་འགྱུར་ལ། །ཅི་སྲིད་བསམས་པས་མ་ཡིན་ཏེ། །བསྒོམས་པ་ལས་ནི་བརྗོད་པར་བྱ། །སྔགས་སྨྲ་བ་ཡི་བརྗོད་པ་ཡིན། །མང་དུ་སྤྲོས་པ་དོན་མེད་ཡིན། །ཁྱད་པར་གྱི་ནི་སེམས་ཀྱིས་བསྒྲུབ། །སེམས་ལས་བྱུང་བ་སྲིད་པ་ཡིན། །ཞེས་སོ། །རྣམ་པ་ཐམས་ཅད་དུ་འདོད་པའི་རྒྱལ་མོ་ཤི་བ་གོ་བར་བྱེད་པའི་ཚུལ་གྱིས་ཕྱི་རོལ་གྱི་བྱ་བའི་རྣམ་པར་གཡེང་བ་སྤངས་ནས་ནང་གི་བདག་ཉིད་ཀྱིས་བསྒྲུབ་པོ་ཞེས་པ་ནི་མ་ལུས་པའི་གོང་ན་མེད་པར་ཤེས་པར་བྱའོ། །དེ་ནས་ཞེས་པ་ནི་བཟའ་བའི་དམ་ཚིག་བརྗོད་པ་དེ་དེ་ལ་མངོན་པར་ཤེས་པ་རྣམས་ཀྱི་དབང་དུ་བྱས་པ་ཡིན་ནམ་ཡང་ན་ལྷན་ཅིག་བྱེད་པ་ཉིད་ལ་སོགས་པ་ཡིན་ཞེས་ཡང་གདུལ་བྱའི་ཐེ་ཚོམ་རྟོགས་པའི་རྗེས་ལའོ། །སངས་རྒྱས་ཐམས་ཅད་ཀྱི་འབྲས་བུའི་བདག་ཉིད་ཀྱི་དམ་ཚིག་ནི་རྒྱུ་ཡིན་ཏེ་དེ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྨད་པར་བྱ་བ་མ་ཡིན་ཏེ། །དམ་ཚིག་ཉམས་པར་འགྱུར་བའི་ཕྱིར་རོ། །ཆོ་ག་བཞིན་དུ་བཟའ་བར་བྱ་བ་ནི་རྒྱུད་ཕྱི་མ་ལ་སོགས་པ་ལས་བརྗོད་པས་སོ། །རྟག་ཏུ་ནི་ཉིན་མཚན་ཀུན་དུ་སྟེ་ཐུན་མཚམས་བཞི་རུ་ཇི་ལྟར་རྙེད་པས་སོ། །གསང་བ་ནི་སྡང་བ་རྣམས་ལ་སྦས་པའི་ཕྱིར་ཏེ། རྡོ་རྗེ་གསུམ་ལས་བྱུང་བ་ནི་ཆོས་ཉིད་ཀྱིས་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཆོ་ག་བཞིན་དུ་འདོད་པར་བྱ། །ཞེས་པ་ནི་སྔར་བརྗོད་པས་སོ། །དམ་ཚིག་ཐམས་ཅད་ནི་བརྗོད་པའི་མཚན་ཉིད་དེ་དེས་


DTG040_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཐུགས་ཀྱི་རིགས་ཚིམ་པར་བྱའོ་ཞེས་པའི་དོན་ཏོ། །ཕུང་པོ་ལྔ་ནི་གཟུགས་ལ་སོགས་པ་རྣམས་ཏེ་དེ་རྣམས་ཀྱི་རྣམ་པར་དག་པ་ནི་སངས་རྒྱས་རྣམ་པ་ལྔ་རྣམས་སུ་རབ་ཏུ་བསྒྲགས་པ་ཡིན་ཏེ། དེ་གསུངས་པ། གཟུགས་དང་ཚོར་བ་འདུ་ཤེས་དང༌། །འདུ་བྱེད་དང་ནི་རྣམ་པར་ཤེས་བཤད་པ། །རྣམ་པར་སྣང་མཛད་ལ་སོགས་བདེ་གཤེགས་ཏེ། །ཞེས་སོ། །རྡོ་རྗེ་སྐྱེ་མཆེད་རྣམས་ནི་ཡེ་ཤེས་ཀྱི་སྐྱེ་མཆེད་རྣམས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀྱིལ་འཁོར་མཆོག་ནི་དཀྱིལ་འཁོར་རྣམས་ཡིན་ཏེ་བྱང་ཆུབ་ཀྱི་བདག་ཉིད་རྣམས་ཀྱི་སེམས་དཔའ་ནི་སའི་སྙིང་པོ་ལ་སོགས་པ་རྣམས་ཏེ་ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་རྣམ་པར་དག་པའི་ངོ་བོ་རྣམས་སོ། གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ནི་གཟུགས་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་རྣམས་སོ། །དེ་བརྗོད་པ། ས་ཡི་སྙིང་པོ་ཕྱག་ན་རྡོ་རྗེ་དང༌། །ནམ་མཁའི་སྙིང་པོ་འཇིག་རྟེན་དབང་ཕྱུག་སྒྲིབ་སེལ་བཅས། །དཔལ་ལྡན་ཀུན་དུ་བཟང་པོ་ཞེས་བྱ་བ། །དེ་དག་མིག་ལ་སོགས་པ་གྲངས་བཞིན་ནོ། །གཟུགས་དང་སྒྲ་དང་དྲི་དང་རོ་དག་དང༌། །རེག་བྱ་དང་ནི་ཆོས་དབྱིངས་རྡོ་རྗེ་དང༌། །ཞེས་སོ། །ཕུང་པོ་དང་སྐྱེ་མཆེད་ཀྱི་རྣམ་པར་དག་པ་བརྗོད་ནས་ཁམས་ཀྱི་རྣམ་པར་དག་པ་གསུངས་པ། སའི་ཁམས་ཀྱི་རྣམ་པར་དག་པ་ནི་སྤྱན་ཡིན་ལ། ཆུའི་ཁམས་དེའི་རྣམ་པར་དག་པའི་རང་བཞིན་ནི་མཱ་མ་ཀཱིའོ། །སྒྲོལ་མ་དང་གོས་དཀར་མོར་གྲགས་པ་ནི་མེ་དང་རླུང་གི་རང་བཞིན་དག་གོ །དེ་གསུངས་པ། ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི། །ངོ་བོ་ཉིད་གྱུར་སྤྱན་ལ་སོགས་པར་གྲགས། །ཞེས་སོ། །ནམ་མཁའི་ཁམས་ཀྱི་རྣམ་པར་དག་པ་གསུངས་པ་མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི་དེ་རྣམ་པར་དག་པའོ། །དེ་ཉིད་རྡོ་རྗེ་འཛིན་པ་ནི་ཀུན་དུ་བཟང་པོ་སྟེ། དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐྱེད་པའི་རྟེན་ཆོས་ཀྱི་འབྱུང་གནས་སོ། །གསུངས་པ་ཡང་ཡིན་ཏེ། ནམ་མཁའི་ནང་གི་ངོ་བོ་རྡོ་རྗེ་འཛིན། །ཀུན་དུ་བཟང་པོ་ལས་བྱུང་བ། །ཞེས་སོ། །རྡོ་རྗེ་སློབ་དཔོན་གྱི་རྨད་དུ་བྱུང་བའི་ཡོན་ཏན་འདོན་པར་བྱས་པས་མ་འོངས་པའི་གདུལ་བྱ་རྣམས་གུས་པར་མི་བྱེད་པ་དམྱལ་བ་ལ་སོགས་པར་ལྟུང་བ་ཡོངས་སུ་སྤང་བའི་དོན་དུ་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་ཅང་མི་གསུང་བར་གྱུར་པས་


DTG040_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པར་བཞེད་ནས་ཟུར་གྱིས་སྟོན་ཏོ། །བཅོམ་ལྡན་འདས་བྱམས་པས་ཀྱང་སྟོན་པའི་དུས་ལ་བབ་བོ་ཞེས་བཅོམ་ལྡན་འདས་ཀྱིས་དགོངས་པ་ཤེས་ནས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ཏེ་གསོལ་ཏོ། །དབང་བསྐུར་བ་ནི་མཆོག་གི་དབང་བསྐུར་བའོ། །རྡོ་རྗེ་སློབ་དཔོན་ནི་དབྱེར་མི་ཕྱེད་པའི་སློབ་དཔོན་ནོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་པ་ནི་སྟོན་པའི་སྒོ་ནས་དེ་དང་འདྲ་བའི་དོན་གྱི་བྱ་བ་བྱེད་པའི་ཕྱིར་རོ། །ཅི་སྲིད་དུ་མདོར་བསྡུས་པའི་སྒོ་ནས་བསྟན་པར་བྱའོ་ཞེས་པ་ལ་སོགས་པས་གལ་ཏེ་རྒྱས་པར་སྔགས་ནི་རྡོ་རྗེ་སློབ་དཔོན་གྱི་ཡོན་ཏན་རྣམས་ལ་མཐའ་མེད་དོ་ཞེས་སྟོན་ཏོ། །བཞུགས་པ་ནི་རང་གི་འཇིག་རྟེན་གྱི་ཁམས་ནའོ། །འཚོ་བ་ནི་མྱ་ངན་ལས་མི་འདའ་བའི་ཆོས་ཉིད་ཀྱིས་སོ། །སྐྱོང་བ་སེམས་ཅན་གྱི་དོན་གྱི་སྤྱོད་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྣམས་ཀྱི་སྙིང་པོར་གྱུར་པ་ནི་བསྐྱེད་པའི་ས་བོན་དུ་གྱུར་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པའི་སློབ་དཔོན་དང་དེའི་བདག་ཉིད་ཀྱང་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་གི་སྐྱེད་པ་པོ་བྱང་ཆུབ་ཀྱི་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྱེད་པ་ས་བོན་དུ་གྱུར་པ་ལ་ཕྱག་འཚལ་བར་བྱེད་དོ། །དགེ་བ་དང་མི་དགེ་བ་ལ་འཇུག་པ་དང་ལྡོག་པའི་ཡན་ལག་ནི་སློབ་དཔོན་ཡིན་ལ་བླ་ན་མེད་པའི་ཆོས་ཀྱི་སྐུ་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་མཆོག་ཏུ་གྱུར་པས་འགྲོ་བ་རྗེས་སུ་འཛིན་པའི་ཕྱིར་ཡང་བྱས་པ་དྲིན་དུ་གཟོ་བས་ཕྱག་འཚལ་བ་ཡིན་ཏེ་དཔེར་ན་གཉུག་མའི་འཁོར་བ་ཁ་ཅིག་ཐམས་ཅད་དུ་ཡང་ཁོ་བོ་ཅག་གིས་གསོ་བར་བྱེད་པ་དང་འཕེལ་བར་བྱེད་པ་ཡིན་ནོ་ཞེས་བྱས་པ་དྲིན་དུ་གཟོ་བ་རྗོད་པར་བྱེད་པ་བཞིན་ནོ། །དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་གྱི་དོན་བོར་ཏེ། དོན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་གང་འདི་དག་ཁྱད་དུ་གསོད་པ་ན་དེ་བཞིན་གཤེགས་པའི་ས་བོན་དེ་སུན་ཕྱུང་བ་ཡིན་ཏེ་ཡིད་མ་གཞུངས་པ་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་ཉིད་ཡོད་དམ་ཡིན་ཏེ་དེ་བས་ན་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་མཚམས་མེད་པའི་ལས་བྱེད་པ་ཉིད་སླའི་ཁ་ན་མ་ཐོ་བ་ཐམས་ཅད་ལས་མངོན་པར་འབྱིན་པའི་རྒྱུ་ལ་བཅོས་སུ་མེད་པའི་ལས་ཡིན་པས་དེ་ལ་བརྙས་པ་བྱེད་པ་ནི་དེ་ལྟ་མ་


DTG040_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཇི་ལྟར་ཡང་འདི་བཞིན་དུ་ཁོ་བོ་ཅག་གིས་དེ་ལྟར་གཏན་ལ་ཕབ་སྟེ་ལྔ་པ་ལ་སོགས་པ་དེ་ཉིད་དུ་ཤེས་པར་བྱའོ། །འཇིགས་པ་ནི་མ་འོངས་པའི་རྣལ་འབྱོར་པ་ལ་བསླབ་པའི་ཆེད་དུའོ། །ཅང་མི་སྨྲ་བར་གྱུར་པ་ནི་དོན་གྱི་བདེན་པ་ཤེས་པར་བྱ་བའི་ཆེད་དུའོ། །འདི་ཉིད་སྤྲོས་ཏེ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །གང་དང་གང་གི་ཚེ་ཡང་བསྒོམ་པར་མི་ནུས་པ་དེའི་ཚེ་ཐུགས་ཀར་སློབ་དཔོན་ཡེ་ཤེས་སེམས་དཔའི་ངོ་བོ་བསྒོམ་པར་བྱས་ནས་དབང་བསྐུར་བརྩམ་པར་བྱ་སྟེ། དེ་ནི་སངས་རྒྱས་ཀུན་དང་མཉམ། །ཞེས་ཁ་ཅིག་གོ །བླ་མའི་མན་ངག་ཉིད་ལས་འདིའི་དོན་གོ་བར་བྱའོ་ཞེས་གཞན་དག་གོ །དབང་བསྐུར་བ་ཡི་གནས་གསུམ་གྱིས། །ཞེས་པ་ལ་རིམ་པས་རྣམ་པར་སྣང་མཛད་ལ་སོགས་པས་ནམ་མཁའི་ཁམས་ཡོངས་སུ་གང་བར་བསམས་ཏེ། དེ་ཉིད་འདོད་ཆགས་ཀྱི་མེ་འབར་བས་ཞུ་བར་གྱུར་པ་དེས་བདག་ཉིད་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བསམ་པར་བྱའོ། །འབྲས་བུ་མཆོག་གི་དོན་དུ་རིག་པའི་བརྟུལ་ཞུགས་སྤྱད་པས་གཏན་དུ་བསྒྲུབ་པ་ལ་ཐུག་པ་ཁོ་ན་དབང་བསྐུར་བར་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་འབྲས་བུ་གསུངས་པ། བྱང་ཆུབ་འདི་ཡིས་ཐོབ་པར་འགྱུར། །ཞེས་ཏེ་གཞན་དག་གོ །བསམ་གཏན་རྡོ་རྗེ་སྦྱོར་བ་ཡིས། །ཞེས་པ་ནི་རང་གི་དཀྱིལ་འཁོར་ལ་གནས་པ་རྡོ་རྗེ་འཛིན་པ་ཆེན་པོའི་རྣལ་འབྱོར་དང་ལྡན་པས་རིག་པའི་པདྨ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ལ་ཧཱུཾ་ཧྲཱིཿ་ཁོཾ་བཀོད་དེ་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའི་ཁམས་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ལ་རེག་ནས་རྡོ་རྗེ་མཁའ་འགྲོའི་གཟུགས་ཀྱི་རྣམ་པ་རྣམས་བསྡུས་ཏེ་དེ་ལ་བཅུག་ནས་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱ་སྟེ། ཧཱུཾ་ཧྲཱིཿ་ཁཾ་ཞེས་པ་བརྗོད་པ་དང་ལྡན་པས་སྤྲོ་བར་བྱའོ། །དེས་སྡང་བ་རྣམས་ཀྱི་ཁྲག་ལ་སོགས་པ་འཕྲོག་ཏུ་བཅུག་ནས་དེ་བཞིན་དུ་བླངས་ནས་རང་གི་ལུས་པོ་ལ་བཅུག་སྟེ། ཐམས་ཅད་དུ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་མཁའ་འགྲོར་བསྒོམ་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། གསུངས་པ། དྲག་པོ་ཞེས་པ་ལ་སོགས་པ་སྟེ། སྡང་བ་གསད་པའི་བསམ་པ་དང་ལྡན་པ་མི་སྡུག་པའི་མཆེ་བ་གཙིགས་པ། ཁྲོས་པའི་ཞལ་ཨུཏྤལ་སྔོན་པོ་དང་འདྲ་བ་ཕྱག་བཞི་བ་སྟེ་གཡས་པ་དག་


DTG040_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཁྲོ་བོའི་རྡོ་རྗེ་དང་འབར་བའི་ཕུར་བུ་འཛིན་པ་གཡོན་པས་མ་མཆུ་ལ་རེག་པའི་ཐོད་པ་དང་གཉིས་པས་རྩེ་གསུམ་འཛིན་པ་རྡོ་རྗེ་མཁའ་འགྲོ་མ་དང་སྙོམས་པར་ཞུགས་པ་བསམས་ཏེ། མདུན་གྱི་ནམ་མཁའི་ཕྱོགས་སུ་ཡི་གེ་ཁཾ་ལས་བྱུང་བའི་བསྒྲུབ་བྱ་མར་གྱི་བུམ་པ་དང་འདྲ་བ། ཁྲག་དང་ཤ་དང་རུས་པས་བཀང་བ་བསམས་ལ་དེའི་དབུས་དང་འོག་དང་གཡས་དང་སྟེང་དང་གཡོན་ཕྱོགས་རྣམས་སུ་ལག་པའི་ཕུར་བུས་བུག་པ་ལྔ་བྱས་ཏེ། ཡི་གེ་ཧྲཱིཿ་སྦྱིན་གྱིས་བརླབས་པའི་རང་གི་ལྕེ་ལས་བྱུང་བ་གོ་རིམས་ཇི་ལྟ་བར་སྔོན་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་ཁ་དོག་གི་འོད་ཟེར་རྣམས་བུག་པ་ལྔ་རྣམས་སུ་ཞུགས་པ་རྣམས་ཀྱིས་དེའི་ཁྲག་བཀུག་སྟེ། རང་གི་ཁ་གང་བར་བསྒོམ་པར་བྱའོ། །རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་འདི་ཡིས་ངེས་པར་ཁྲག་འགུགས་པར་འགྱུར་རོ། །དེ་ལ་སྡང་བ་ཁ་ཅིག་ལ་ནད་སྐྱེད་པར་འདོད་ན་དེའི་ཚེ་རྣལ་འབྱོར་འདི་ཉིད་ཀྱི་རྩེ་གསུམ་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་གནོད་པར་བྱ་སྟེ་ཤེས་པ་མེད་པར་བྱས་པར་བསྒོམ་པར་བྱའོ། །བཟའ་བའམ་ཞེས་པ་ལ་སོགས་པ་ལ་གང་ཅུང་ཟད་བཟའ་བར་བྱ་བ་དང༌། བླག་པར་བྱ་བ་ལ་སོགས་པ་དེ་ལ་བཤང་བ་ལ་སོགས་པ་བཞིན་དུ་དག་པ་ལ་སོགས་པས་ཡང་དག་པར་སྦྱངས་ཏེ་སྔར་བཞིན་དུ་བཟའ་བར་བྱའོ། །མཆོད་པའི་ཡོ་བྱད་ལྔ་ཞེས་པ་ལ་སོགས་པ་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དང་བདག་ཉིད་ལ་ཡང་རྣམ་པར་དག་པའི་བདུད་རྩི་ལྔས་མཆོད་པར་བྱའོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འདའ་བར་བྱ་བ་མ་ཡིན་པའོ། །སྦ་བར་བྱ་བ་ཡིན་པའི་ཕྱིར་མཆོད་པ་གསང་བའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །ཞེས་པ་ལ་རྗེས་སུ་ཆགས་པའི་དུས་སུ་ལས་ལ་གནས་པར་གྱུར་པས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་རྡོ་རྗེ་ཆུའི་བུམ་པ་དང་འདྲ་བ་ནམ་མཁའི་ཁམས་ཡོངས་སུ་བཀང་སྟེ། དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་དང་འདྲ་བས་རང་གི་རིག་མ་དང་གཉིས་སུ་མེད་པར་གྱུར་པའི་དེ་བཞིན་གཤེགས་པའི་ཚོགས་སུ་བྱས་ལ་དེ་དག་རང་གི་ལྷ་མོའི་པདྨར་བཅུག་སྟེ། ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་གྱུར་པར་བསྒོམ་པར་བྱའོ། །དེ་ནས་དེས་པདྨ་ལ་གནས་པའི་རྡོ་རྗེ་དྲངས་ཏེ་རང་བྱུང་གི་མེ་ཏོག་དང་ལྡན་པའི་ཡེ་ཤེས་བདུད་རྩི་ཡིས་རང་གི་ལུས་ལ་གནས་པའི་ལྷ་ཚོགས་དང་དཀྱིལ་འཁོར་བ་ཡང་ཚིམ་པར་བྱའོ། །དེའི་ཕྱིར་གསུངས་པ།


DTG040_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ཁུ་སོགས་ཡོངས་བཟུང་བས། །ཞེས་སོ། །འདིས་ཕྱི་དང་ནང་གི་ལྷའི་འཁོར་ལོ་ཆོ་ག་བཞིན་དུ་མཆོད་ན། སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་རྣམ་པར་བྱང་བའི་ཡེ་ཤེས་ཀྱི་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ལ་འཆིང་བར་བྱེད་པ་རྣམས་ནི་ལུས་དང་ངག་དང་ཡིད་རྣམས་སྡོམ་པར་བྱེད་པས་ན་སྡོམ་པའོ། །སེམས་ཅན་གྱི་ཁམས་མ་ལུས་པ་བསྐྱེད་པའི་ས་བོན་དུ་གྱུར་པ་འཛིན་པར་བྱེད་པ་མ་ཡིན་ཏེ་དམ་ཚིག་འཛིན་མའོ། །དམ་ཚིག་གསུམ་གྱིས་རྡོ་རྗེས་སྤྱད། །ཅེས་པ་ལས་རྒྱུད་ལས་བཤད་པའི་དམ་ཚིག་དང་སྡོམ་པ་དང་དེ་ཁོ་ན་ལ་མཁས་པ་རང་གི་ལུས་ལ་སོགས་པ་བྱིན་གྱིས་བརླབས་པ་མཐའ་ཡས་པའི་ཆོ་གའི་རྗེས་ལ་སྔར་བཞིན་དུ་བླ་མའི་མན་ངག་ལས་སྤྱད་པར་བྱའོ། །དམ་ཚིག་འདི་ནི་ཁ་ཕྱིར་ཕྱོགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རྨད་པོ་ཆེའོ། །ལུས་དང་ངག་སེམས་ལོངས་སྤྱོད་ལ། །ཞེས་པ་ལ་རྡོ་རྗེ་གསུམ་གྱི་ནི་དབྱེར་མི་ཕྱེད་པའི་ལྷའི་གཟུགས་སོ། །དེ་གང་ལས་བྱུང་ཞེ་ན། གསུངས་པ། གསང་བ་གསུམ་སྟེ་རྡོ་རྗེ་སེམས་དཔའོ། །དེའི་གནས་ནི་ཆོས་ཀྱི་འབྱུང་གནས་སུ་གྲགས་པ་སྟེ་དེ་ཉིད་རྡོ་རྗེ་ཡིན་ལ་དེ་ལས་སྐྱེས་པའོ། །བཟང་པོ་དག་གིས་བསྒྲུབ་པར་བྱ། །ཞེས་པ་ནི་འདི་ལྟར་གྱུར་པའི་དགེ་བའི་བདག་ཉིད་མངོན་དུ་བྱའོ་ཞེས་མོས་པ་བསྐྱེད་ནས་བསྒོམ་པར་བྱའོ། །བདག་ལ་འདིར་འཇིག་ཐེ་ཚོམ་མེད་པ་ནི་བདག་ལ་འདིར་འཇིག་པའི་ཐེ་ཚོམ་ཡོད་པ་ཡང་མ་ཡིན་ཏེ། ཚད་མ་དང་ལུང་གིས་ངེས་ནས་འཇུག་པའི་ཕྱིར་རོ། །སྒྲུབ་པ་པོ་ཐམས་ཅད་ཉིད་རྡོ་རྗེ་སེམས་དཔའ་སྟེ་ངའི་སྡོམ་པའོ། །མཐོ་གང་ལས་ནི་དེའི་ཚད་ལས་མ་འདས་པ་སྟེ། སྤྱི་བོར་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ཡིན་ལ་བརྟགས་པ་ནི་བསྒོམ་པའོ། །བདུད་རྩི་ལྔའི་དཀྱིལ་འཁོར་གྱི་དབུས་དེར་ཨོཾ་ཡིག་བསམས་ནས་རང་གི་ལུས་ལ་སོགས་པ་ལ་ཡེ་ཤེས་ཀྱི་བདུད་རྩི་དབབ་པར་བྱའོ། །དེ་སྐད་དུ་གསུངས་པ། གཉུག་མའི་སྙིང་པོ་དེ་ཉིད་ངེས་རྟོགས་པས། །སེམས་ཀྱི་སྤྱོད་པས་སྐྱོ་བས་ཞུམ་གྱུར་ན། །རིག་པའི་ཚོགས་ཀྱིས་ཡང་དག་གླུར་བླངས་པས། །རབ་ཏུ་བསྐུལ་ནས་ཡང་དག་མཆོད་པར་བྱ། །སེམས་བཟང་པོ་ཡི་ཆུ་རྒྱུན་སྲོག་དང་ནི། །རྩོལ་བའི་འོད་ཀྱི་ལྕགས་ཀྱུས་དྲངས་


DTG040_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །ཆོ་ག་ཇི་བཞིན་སྐུ་རྡོ་རྗེ་ལ་སོགས། །ངེས་པར་དབབ་པས་སྐྱོ་བ་བསལ་བར་བྱ། །ཞེས་སོ། །སྔགས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱེད་པའི་ལྷ་རྣམས་སོ། །དེ་འཛིན་པ་ནི་ཉིན་མཚན་དུ་རྣལ་འབྱོར་བྱེད་པ་སྟེ་སྔགས་འཛིན་པ་ནི་སྒྲུབ་པོའོ། །དེའི་སྐུ་ལ་སོགས་པ་ནི་གསང་བ་འཆད་པར་འགྱུར་བའོ། །སེམས་ལས་སྐྱེས་པ་ནི་སེམས་ལས་བྱུང་བ་སྟེ། དེའི་ལས་ནི་ཉིན་མཚན་དུ་བདག་ཉིད་ལྷར་བསྒོམ་པའི་ངོ་བོའོ། །དེ་ཡོངས་སུ་བོར་ནས་འཇིམ་པ་ལ་སོགས་པའི་མཆོད་རྟེན་གྱི་ལས་མི་བྱའོ། །དེ་བཞིན་དུ་གླེགས་བམ་བཀླག་པ་ལ་སོགས་པ་ཡང་ངོ༌། །དངོས་པོ་བསྒོམ་པ་ལ་དགའ་བར་མ་གྱུར་ན་དེ་ལ་ཡང་འགལ་བ་མེད་དོ་ཞེས་སོ། །གལ་ཏེ་དེ་ལྟར་མ་བཤད་ན་དེའི་ཚེ་རྒྱལ་པོ་བསྟེན་པ་དང་བུད་མེད་བསྟེན་པ་དང་ནོར་སོགས་པ་ལ་སོགས་པས་བྲེལ་པ་རྣམས་ལ་ཡང་མཆོད་རྟེན་གྱི་ལས་བཀག་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ནི་བསོད་ནམས་ཕྲ་མོའི་ཡང་བར་ཆད་དུ་འགྱུར་བ་སྟོན་པ་མ་ཡིན་ནོ། །འཁོར་ལོའི་དབུས་སུ་ཆུད་པར་གཞག །ཅེས་པ་ལ་སོགས་པ་ལ་བྷྲཱུཾ་ཡིག་ལས་སྐྱེས་པའི་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྣལ་འབྱོར་རམ། ཨོཾ་ཡིག་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱ་སྟེ། ལག་པ་གཡས་པར་བྷྲཱུཾ་དེ་ཉིད་ལས་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་བྷྲཱུཾ་ཡིག་འོད་ཟེར་དཀར་པོ་ཅན་བསམས་པས་དུག་གིས་གནོད་པའི་ལུས་ལ་འོད་ཟེར་གཞུག་པ་དང་ཕྱིར་འབྱུང་བ་དང་བྱབས་པས་དུག་དབྲོག་པར་བྱའོ། །སྦྱོར་བ་ལ་སོགས་པ་ཐམས་ཅད་སེར་པོར་དམིགས་ཏེ། སེར་པོའི་འོད་ཟེར་རྣམས་ཀྱིས་དེ་དགང་བར་བསྒོམ་པར་བྱའོ། །དེ་བཞིན་དུ་དུ་བ་ལྟ་བུའི་འོད་ཟེར་རྣམས་ཀྱིས་ཁམས་གསུམ་ན་གནས་པའི་དུག་རྣམས་བཀུག་སྟེ། གང་དུ་འདོད་པ་དེ་དང་དེར་དབབ་པར་བྱའོ། །གྲོ་བ་ལ་སོགས་འཁོར་ལོ་ལ། །ཞེས་པ་ནི་རྩིབས་བརྒྱད་པའོ། །ལས་ཀྱི་རྡོ་རྗེ་ལ་གནས་པ། ཞེས་པ་ནི་རྩེ་མོ་ཉི་ཤུ་པའི་སྣ་ཚོགས་རྡོ་རྗེ་ལ་གནས་པའོ། །ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་གྲོ་ག་དང་རས་ལ་སོགས་པ་ལ་སྐྱེས་པ་བསྲུང་བའི་དོན་དུ་གུར་གུམ་དང་བུད་མེད་ཀྱི་དབང་དུ་བྱས་ཏེ་གི་ཝང་གིས་ཇི་སྐད་དུ་བརྗོད་པའི་རྡོ་རྗེའི་ལྟེ་བ་ལ་འཁོར་ལོ་རྩིབས་


DTG040_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་བྲིས་ལ་དེའི་ལྟེ་བ་ལ་མགོ་བོ་ཟུར་གསུམ་པ་ཟླ་བ་ཕྱེད་པ་དང་ཐིག་ལེ་དང་ལྡན་པའི་ཧཾ་ཡིག་གི་ལྟེ་བར་ཨོཾ་ཨཱཿ་ཛི་ན་ཛིཀ་སྭཱ་ཧཱ་ཆེ་གེ་མོའི་རཀྵཾ་ཀུ་རུ་སྭཱ་ཧཱ་ཧཱུཾ་ཞེས་པ་བསྒྲུབ་བྱའི་མིང་སྔགས་ཀྱི་ནང་དུ་བཅུག་པ་བྲིས་ལ། ཤར་ཕྱོགས་ལ་སོགས་རྩིབས་ཀྱི་དབུས་རྣམས་སུ་མ་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་བཞི་པོའི་འབྱིན་པོའི་སྙིང་པོ་རྣམས་སོ། །དེ་རྣམས་ཀྱི་མཐའ་རྣམས་སུ་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པའི་སྙིང་པོ་རྣམས་སོ། །མེ་མཚམས་ལ་སོགས་པའི་ཟུར་རྣམས་ཀྱི་རྩིབས་ལ་སྤྱན་ལ་སོགས་པའི་ལྷ་མོ་བཞིའི་སྙིང་པོ་རྣམས་སོ། །མཚམས་རྣམས་སུ་ཡི་གེ་གསུམ་མོ། །འཁོར་ལོའི་མུ་ཁྱུད་ལ་ཨོཾ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་ཆེ་གེ་མོའི་ཉེ་བར་གནོད་པ་ལ་སོགས་པ་རྣམས། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏ་ཧཱུཾ་ཕཊ་ཅེས་པས་བསྐོར་ཏེ་བྲི་བར་བྱའོ། །དེ་ནས་རང་གི་སྙིང་པོ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ལོའི་གནས་ཇི་ལྟ་བ་རྣམས་སུ་བསྐྱེད་ནས་མུ་ཁྱུད་ལ་བཀོད་པའི་ཡི་གེ་སོ་སོ་ལས་གྲུབ་པའི་འཕགས་པ་བདུད་རྩི་འཁྱིལ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བལྟས་ཏེ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་མིང་ལས་བྱུང་བའི་རྡོ་རྗེའི་ལུས་ཀྱི་བསྒྲུབ་བྱ་ཧཾ་ཡིག་ལས་བྱུང་བའི་གོ་ཆས་གོ་བགོས་པར་བསམས་ཏེ་དམ་ཚིག་གི་འཁོར་ལོ་ལ་ཡེ་ཤེས་ཀྱི་འཁོར་ལོ་ནང་དུ་ཆུད་པ་སྔོན་དུ་སོང་བ་ལ་བླ་ན་ཡོད་པ་དང་བཅས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ་ཞེས་ཁ་ཅིག་གོ །བླ་མའི་མན་ངག་ལས་ཕྱིར་བཟློག་པ་འདིའི་དོན་གོ་བར་བྱའོ་ཞེས་གཞན་དག་གོ །དེ་ལ་བརྟེན་ནས་བཟླས་པ་འབུམ་བྱས་པ་ནག་པོའི་བཅུ་བཞི་ལ་ཕྱི་རོལ་གྱི་ལུས་ཅན་མ་དང་ཁ་དོག་དམར་པོའི་འདོད་པའི་ལྷའི་རྣལ་འབྱོར་དང་ལྡན་པས་ཇི་ལྟར་བརྗོད་པའི་གནས་གང་ཡང་རུང་བར་ཡིད་ཀྱིས་རང་གི་དཀྱིལ་འཁོར་ཡོངས་སུ་བརྟགས་པ། དེའི་དབུས་སུ་ཁ་ཐུར་དུ་ཕུབ་པའི་ཐོད་པ་གསུམ་གྱི་སྟེང་དུ་བདུད་རྩི་ལྔ་དང་ལྡན་པའི་ཆང་གིས་བསྐུས་པའི་ཁ་འོག་ཏུ་བསྟན་པའི་ཐོད་པ་ལ་བཞག་ནས་དེའི་འོག་ཏུ་བདུད་རྩི་ལྔ་པོ་ཅུང་ཟད་དང་ལྡན་པའི་སྣུམ་ཆེན་པོས་ཡོངས་སུ་གང་བའི་ཐོད་པ་བཞག་ལ་བདུད་རྩི་ལྔ་དང་བཅས་པའི་ཨ་རྐའི་བལ་ལ་པདྨའི་སྐུད་པས་དཀྲིས་པ་སྡོང་བུ་


DTG040_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་སྦར་ལ་ནམ་ཕྱེད་ན་ཐོད་པ་གཅིག་ལ་གནས་ནས་ཐོད་པ་གཉིས་ལ་པུས་མོ་གཉིས་རབ་ཏུ་བཞག་སྟེ། སྙོམས་པར་ཞུགས་པར་གནས་ཏེ་རང་གི་སྔགས་ཟློས་པས་དུ་བ་དབབ་པར་བྱའོ། །དེ་ནས་དེ་ཡང་དག་པར་བླངས་ལ་བདུད་རྩི་དང་བཅས་པའི་སྣུམ་ཆེན་པོས་སྦྱར་ལ། རས་བཟང་པོ་ལ་ཕུར་བར་བྱས་ཏེ་རིག་མའི་པདྨར་བཅུག་ནས་དེའི་སྦྱོར་བ་དང་ལྡན་པས་དེ་ཉིད་ཀྱི་གནས་སུ་དྲོ་བ་དང་དུ་བ་དང་འབར་བ་མཚོན་ཏེ་རང་གི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེས་དྲོ་བར་གྱུར་པ་མིག་ལ་བསྐུས་ནས་གཞི་ཐམས་ཅད་དུ་སྐད་ཅིག་ཁོ་ནས་འགྲོ་བ་དང་འོང་བར་འགྱུར་ཞིང་ས་ལ་སྤྱོད་པ་དང་སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །དུ་བར་གྱུར་པས་ནམ་མཁའ་ལ་འགྲོ་བ་དང་དེ་ན་གནས་པའི་སེམས་ཅན་ཐམས་ཅད་དབང་དུ་ཡང་འགྱུར་རོ། །འབར་བར་གྱུར་ན་ནམ་མཁའ་ཐམས་ཅད་དུ་འགྲོ་བ་དང་སེམས་ཅན་དབང་དུ་འགྱུར་བའི་རྣམ་པ་གསུམ་གྱི་དངོས་གྲུབ་ཏུ་འགྱུར་རོ། །དམ་པའི་ཆོས་འདི་བཤད་པ་ན་སྣོད་མ་ཡིན་པ་རྣམས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དམ་ཚིག་ལ་མོས་པ་ཉམས་པར་འགྱུར་རོ། །དམ་ཚིག་ཡོངས་སུ་སྐྱོང་བ་སྔོན་དུ་སོང་བས་ཇི་སྐད་བརྗོད་པའི་བསྒོམ་པ་ལྷས་བྱིན་གྱིས་བརླབས་པའི་ཁྱད་པར་སྐད་ཅིག་མ་ལ་སོགས་པ་ལ་ལྟོས་པར་གསུངས་པ། སྐད་ཅིག་ཐང་ཅིག་ཅེས་པ་ལ་སོགས་པའོ། །སྡུག་བསྔལ་གསུམ་ཞེས་པ་ནི་ལུས་ལ་སོགས་པའིའོ། །གསང་བ་གསུམ་ནི་སྐུ་ལ་སོགས་པའི་མཚན་ཉིད་རྣམས་སོ། །དེ་ཉིད་མི་འགྱུར་བ་སྟེ་དོན་དམ་པར་དེ་བཞིན་ཉིད་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་སྣོད་མ་ཡིན་པ་མིང་ཐོས་པ་ཙམ་ལ་ཡང་སྟེ་གཅིག་ཏུ་ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་འདིའི་ཆེ་བ་བསམ་པར་འགྱུར་རོ། །དེའི་ཕྱིར་དེ་ཉིད་གསུངས་པ། ཡི་གེ་ནི་ཐུན་མོང་སྟེ་ཞེས་སོ། །གསང་བའི་ཡི་གེ་གསུམ་པོ་རྣམ་པར་དག་པའི་ཕྱིར་ཞེས་པ་འདིས་སྒྱུ་མ་ལྟ་བུའི་ཤེས་རབ་དང་ཐབས་ཀྱིས་བསྒོམ་པའི་དངོས་པོའི་ཐབས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་ཀུན་དུ་བཟང་པོའོ། །དེའི་བདག་ཉིད་ཀྱི་བཙུན་མོའི་རང་བཞིན་གྱི་ཤེས་རབ་སྟེ། དེའི་གསང་བའི་ཆུ་


DTG040_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཀྱི་ཟེ་འབྲུལ་དེ་བཞིན་གཤེགས་པ་ཐམས་ཅད་འདོད་པའི་ལྷའི་འཁོར་ལོའི་གཟུགས་དྲི་ཟའི་སེམས་ཅན་གྱི་གཟུགས་ཀྱི་ཚུལ་གྱིས་ཤེས་བཞིན་ཉིད་དུ་ཞུགས་སོ་ཞེས་པའི་དོན་ཏོ། །གང་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ། གཅིག་ནི་ཤེས་བཞིན་དུ་འཇུག་གོ །གཞན་ནི་གནས་པ་ཡང་གཞན་ནི། །འབྱུང་བའང་གཞན་ནི་ཐམས་ཅད་རྨོངས། །སྒོ་ང་ལས་སྐྱེས་རྟག་ཏུའོ། །མངལ་དུ་འཇུག་པ་གསུམ་དག་སྟེ། །འཁོར་ལོས་སྒྱུར་དང་རང་བྱུང་གཉིས། །ལས་སམ་ཡེ་ཤེས་སམ་གཉི་ག །རྒྱ་ཆེའི་ཕྱིར་ན་གོ་རིམས་བཞིན། །ཞེས་སོ། །དེ་ནས་ཤེས་པ་ལ་ཧོཿ་ཡིག་གཉིས་དང་སྤེལ་བའི་ཡི་གེ་གསུམ་པོ་ཤེས་རབ་ཀྱི་འདོད་ཆགས་ཆེན་པོའི་མེ་ཡིས་ཟླ་བ་ཞུ་བར་གྱུར་པའི་འོད་ཟེར་གྱིས་ཐབས་དང་ཤེས་རབ་ཀྱི་སྐུ་གཉིས་ཞུ་བའི་འོད་ཟེར་གྱིས་བསྐུལ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱིས་སྤྲུལ་པ་བྱམས་པ་ལ་སོགས་པའི་རང་བཞིན་མཱ་མ་ཀཱི་ལ་སོགས་པ་རང་རང་གི་གནས་སུ་གནས་པའི་རྗེས་ལའོ། །ཕྱག་རྒྱ་བཞི། དཀྱིལ་འཁོར་དེར་ནི་བརྟག་པར་བྱ། །ཞེས་རྒྱུད་ཕྱི་མ་ལས་སོ། །དེ་གསུངས་པ། བཤེས་མཆོག་ལྟར་སྣང་ཕྱོགས་ལྷ་མོས། །གླུ་ཡི་གསོལ་བས་ལེགས་པར་བསྐུལ། །ཞེས་སོ། །ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པ་བརྗོད་པའོ། །ཐུགས་རྡོ་རྗེ་ལ་བྱམས་པ་ཆེན་པོ་ལ་སོགས་པའི་སྒོ་ནས་སོ། །ཁྱོད་ནི་རྡོ་རྗེའི་ཐུགས་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་མི་ཕྱེད་པའི་ཐུགས་སོ། །གནས་ནི་དཀྱིལ་འཁོར་ཏེ་དེར་དབང་ཕྱུག་གོ །སེམས་ཅན་གྱི་ཁམས་ནི་བསྐྱེད་པའི་ས་བོན་ཡིན་པའི་ཕྱིར་རོ། །བདག་ལ་བསྐྱབ་ཏུ་གསོལ་བ་ནི་སེམས་ཅན་གྱི་དོན་ཉིད་དེ། བདག་ལ་བསྐྱབ་ཏུ་གསོལ་ཅིག་པར་སེམས་སོ། །དགའ་བ་ཡིད་འོང་ཡང་དོན་ཆེན་པོ་བསྒྲུབ་པའི་ཕྱིར་ཏེ་འདོད་པ་ཡང་ཡིན་ནོ། །དེ་ཡིས་འདོད་པས་བདག་ལ་འདོད་པར་མཛོད་ཅིག་པའོ། །བདག་ལ་དགྱེས་པར་མཛོད་ཅིག་པ་ནི་འགྲོ་བ་མ་ལུས་པའི་དོན་བྱེད་པའི་མཚན་ཉིད་དོ། །དེ་བཞིན་དུ་གཞན་ལ་ཡང་ངོ༌། །སེམས་ཅན་ཡབ་ཆེན་ནི་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པའི་ཕྱིར་རོ། །གཉེན་མཆོག་ནི་གོང་ན་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་བརྩོན་པའི་ཕྱིར་རོ། །བདག་ལ་ནི་ཁོ་བོ་ལའོ། །འགྲོ་བ་མ་ལུས་


DTG040_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྗེས་སུ་འཛིན་པ་འདི་ནི་གསོན་པ་ཞེས་བསམས་སོ། །གང་ལས་འདི་ལྟར་ཞེ་ན། གང་གི་ཕྱིར་ཁྱོད་རྡོ་རྗེ་ཐུགས་ཡིན་པའི་རྒྱུས་སོ། །སངས་རྒྱས་སྤྱན་མ་ནི་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པའི་རང་བཞིན་ནོ། །རྡོ་རྗེ་སྐུ་ཁྱོད་ཅེས་པ་ནི་སྐུ་རྡོ་རྗེའི་སྒོ་ནས་བསྟོད་པ་གསུངས་སོ། །མང་པོ་རྣམས་གང་ལ་དགའ་བ་དེའི་ཚེ་བཀའ་ཙམ་གྱིས་སྒྲུབ་པར་བྱེད་པ་ནི་སེམས་ཅན་མང་པོ་ལ་དགའ་བའི་བཀའི་འཁོར་ལོའོ། །སངས་རྒྱས་ཀྱི་དོན་ནི་བྱང་ཆུབ་པ་སྟེ་དེ་ཉིད་དོན་དམ་པའོ། །དེ་ཉིད་ཕན་པ་རྗེས་སུ་སྟོན་པའོ། །བདག་ནི་ཁོ་མོ་སྟེ་དགྱེས་པར་མཛོད་ཅིག་གོ །གང་གིས་ཤེ་ན། ཆགས་པ་སྟེ་རྣམ་པར་དག་པས་སོ། །ཇི་ལྟར་དུ་གྱུར་པས་ཤེ་ན། འདོད་ཆགས་ཉིད་དམ་ཚིག་སྟེ་དེ་ཉིད་གང་ལ་ཡོད་པས་སོ། །ཅིའི་ཕྱིར་འདི་ལྟར་ཡིན་ཞེ་ན། གང་གི་ཕྱིར་ཁྱོད་རྡོ་རྗེ་སྐུ་ཡིན་པའི་རྒྱུས་སོ། །འཇིག་རྟེན་དབང་ཕྱུག་སྐུ་ལ་སོགས་པའི་རྡོ་རྗེ་ཅན་ནི་གཙོ་མོ་སྟེ་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཇི་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའི་བར་དུ་གཞན་དུ་གསུང་མི་སྲིད་པས་རྡོ་རྗེ་གསུང་ངོ༌། །སེམས་ཅན་མཐའ་དག་གི་ཁམས་ལ་ཕན་ཞིང་ཐུགས་བརྩེ་བའི་ངང་ཚུལ་ལོ། །འཇིག་རྟེན་དག་གི་དོན་ནི་སྐལ་བ་ཇི་ལྟ་བར་མཐོ་རིས་དང་ཐར་པའི་མཚན་ཉིད་དོ། །དེ་ཉིད་ཉམས་སུ་ལེན་པའི་ཕྱིར་འབྲས་བུའོ། །དེའི་རྒྱུ་ལ་རྟག་ཏུ་འཁོར་བ་ཇི་སྲིད་ཀྱི་བར་དུ་འཇུག་པས་སོ། །རབ་དགའ་ནི་ཤིན་ཏུ་ཟབ་པ་དང་ལྡན་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན་དྲི་མ་མེད་པ་བདེ་བ་ཆེན་པོ་བཤད་ཟིན་པ་སྟེ། དེའི་བདག་ཉིད་ཀྱི་སྤྱོད་པ་གང་ཡིན་པའོ། །ཀུན་ནས་བཟང་བར་གྱུར་པ་དགེ་བ་ཉིད་གང་གི་ཕྱིར་སེམས་ཅན་ཐམས་ཅད་ལ་སྒྲུབ་པར་བྱེད་པ་དེ་དེ་བཞིན་ནོ། །གང་གི་ཕྱིར་འདི་ལྟར་ཡིན་ཞེ་ན། གང་གི་ཕྱིར་ཁྱོད་བརྗོད་མ་ཐག་པའི་རྡོ་རྗེ་གསུང་ཡིན་པས་སོ། །དམ་ཚིག་རྡོ་རྗེ་ནི་བཙུན་མོ་སྟེ་དེའི་རིགས་སོ། །རྡོ་རྗེའི་འདོད་པ་ནི་འགྲོ་བ་མ་ལུས་པའི་དོན་བྱེད་པའི་ཆེད་དུ་མ་ཉམས་པའི་འདོད་པའོ། །དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པ་རྣམས་ཏེ་མཆོག་གི་ཕན་པ་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་བོ། །དེ་ཉིད་གཞན་གྱི་དོན་མ་ལུས་པར་སྒྲུབ་པར་བྱེད་པས་དོན་ཏེ་དགོས་པ་གང་ཡིན་པ་དེ་དེ་བཞིན་ནོ། །སངས་རྒྱས་རྣམས་ཀྱི་


DTG040_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་ཐིག་ལེ་ནི་དཀྱིལ་འཁོར་གྱི་བདག་པོ་ཡིན་པའི་ཕྱིར་རོ། །མཉམ་པ་ཉིད་ནི་གནོད་པ་བྱེད་པ་དང་ཕན་པ་བྱེད་པ་ལ་མཉམ་པོར་གྱུར་པའི་རྗེས་སུ་བརྩེ་བའི་དང་ཚུལ་ལོ། །ཅི་ཁྱོད་གང་གིས་ཁྱོད་ཀྱི་འདོད་པ་རྫོགས་པར་བྱེད་ཅེ་ན། གསུངས་པ། ཡོན་ཏན་ཕུང་པོ་སྟོབས་བཅུ་ལ་སོགས་པའི་གཏེར་འདི་ཉིད་ཀྱི་ཕྱིར། རིན་ཆེན་མང་པོའི་གཏེར་དུ་གྱུར་པའོ། །གང་གི་ཕྱིར་འདི་ཐམས་ཅད་རྫོགས་པར་འགྱུར་ཞེ་ན། བརྗོད་པ་གང་གི་ཕྱིར་འདི་ལྟར་བརྗོད་མ་ཐག་པའི་རྡོ་རྗེའི་འདོད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཐམས་ཅད་དུ་ཡང་གཞན་གྱི་དོན་དུ་བསྐུལ་བ་ནི་རྒྱུ་དང་ལྡན་པ་བསྒོམ་པར་བྱའོ། །དེ་གསུངས་པ། སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ནི། གླུ་ཡི་སྒྲ་ཡིས་བསྐུལ་བ་བྱས་པར་བསམ། །ཞེས་སོ། །དེ་ནས་ཞེས་པ་ནི་དྲི་ཟའི་སེམས་ཅན་གྱི་ཚུལ་གྱིས་འདོད་པའི་ལྷའི་འཁོར་ལོ་ཞུགས་པ་ལ་སོགས་པའི་རྗེས་ལའོ། །འདི་དག་ཐམས་ཅད་ཀྱང་མངལ་གྱི་སྐྱེ་གནས་ལས་བྱུང་ཡང་བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་སྲིད་དོ་ཞེས་དེ་འདྲ་བའི་སེམས་ཅན་སྤྲོ་བས་ལམ་དེ་ལ་གཞུག་པའི་ཕྱིར་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་ནི་རང་འོད་ཀྱི་ཤེས་རབ་ཀྱི་ནང་དུ་ཆུད་པའི་མཱ་མ་ཀཱི་ལ་སོགས་པ་རྣམས་སོ། །དམ་ཚིག་གི་རྡོ་རྗེ་ཞེས་པ་ནི་ཇི་སྐད་བརྗོད་པའི་གསང་བའི་རྡོ་རྗེས་ལོངས་སྤྱོད་པ་ན་འདོད་ཆགས་ཆེན་པོའི་ཚུལ་གྱིས་ཏིང་ངེ་འཛིན་ལ་ཡང་དག་པར་སྙོམས་པར་ཞུགས་པ་ཅང་མི་གསུང་བར་གྱུར་ཏོ། །རང་རིག་པ་མངོན་སུམ་གྱིས་རྟོགས་པར་བྱ་བ་བདེ་བ་ཆེན་པོའི་མཚན་ཉིད་ནི་སྒྲ་ཡིས་རྟོགས་པར་བྱ་བར་མི་ནུས་པར་རྟོགས་པར་བྱ་བའི་ཆེད་དུའོ། །དེ་ནས་ཞེས་པ་ནི་ཤེས་རབ་ཀྱི་འདོད་ཆགས་ཆེན་པོས་ཟླ་བ་ཞུ་བའི་ངོ་བོ་སྔོན་དུ་སོང་བའི་ཧོཿ་དང་སྤེལ་བའི་ཡི་གེ་གསུམ་གྱི་འོད་ཟེར་གྱི་ཚོགས་ཀྱིས་རེག་པའི་ཤེས་རབ་དང་ཐབས་ཀྱི་ལུས་གཉིས་པོ་ཟླ་བ་ཞུ་བར་གྱུར་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཉིད་དམ་ཚིག་གི་ཁུ་བ་སྟེ་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་དེས་སོ། །བདག་ཉིད་དབུས་སུ་གནས་བྱས་ལ། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། །ཐམས་ཅད་རྡོ་རྗེ་དངོས་བྱས་ལ། །དེ་འོག་བྱང་ཆུབ་བསྒོམ་བར་བྱ། །བསྐུལ་


DTG040_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གླུ་དབྱངས་བཞི་ཡིས་ནི། །ལྷ་མོས་སྙིང་པོ་བསྐུལ་བ་ཡིས། །ཞེས་རྒྱུད་ཕྱི་མ་ལས་སོ། །དེ་གསུངས་པ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་སེམས་ཉིད་ནི། །འོད་ལྡན་ཧོཿ་དང་སྤེལ་བ་ཆོ་ག་བཞིན། །པདྨའི་ནང་དུ་ཞུགས་པ་མཉམ་མེད་པ། །ཤེས་རབ་ཆགས་པས་ཞུ་བར་བྱས་པར་བསམ། །དེ་ཡི་འོད་ཀྱི་མཐུ་ཡིས་གཉིས་ཀ་ཡང༌། །ཟླ་བ་ཞུ་བར་བྱས་པར་མཐོང་བ་དང༌། །ཞེས་སོ། །དེ་ནས་ཞེས་པ་ནི་རྡོ་རྗེ་དཔལ་གྱིས་རེག་པའི་རྗེས་ལའོ། །རྡོ་རྗེ་ནམ་མཁའི་དབྱིངས་ཞེས་པ་ཀུན་དུ་བཟང་པོའི་རང་འོད་ཀྱི་ཤེས་རབ་ཀྱི་ཆོས་ཀྱི་འབྱུང་གནས་སུའོ། །སེམས་ཅན་ཞེས་པ་ནི་དབང་བསྐུར་བའི་དོན་དུ་ཞུགས་པ་རྣམས་སོ། །རྡོ་རྗེའི་དཔལ་གྱིས་རེག་པ་ནི་བླ་མའི་མན་ངག་ལས་གསང་བའི་དབང་བསྐུར་བ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དབང་བསྐུར་བར་གྱུར་ཏོ་ཞེས་སོ། །ཐམས་ཅད་ཅེས་པ་ནི་སྐལ་བ་ཇི་ལྟ་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ་ནི་སའི་སྙིང་པོ་ལ་སོགས་པ་མི་བསྐྱོད་པ་ལ་ཐུག་པའོ། །གྲུབ་པའི་དངུལ་ཆུས་ཟངས་གསེར་དུ་བྱེད་པ་བཞིན་དུ་གནས་གྱུར་པས་ཡང་དག་པར་རྫོགས་པ་རྣམས་སོ། །འདི་ཡང་ལེའུ་དང་པོ་ཉིད་དུ་བསྒྲུབས་པས་དེ་ཉིད་དུ་རྟོགས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་སའི་སྙིང་པོ་ལ་སོགས་པ་མི་བསྐྱོད་པ་ལ་ཐུག་པ་རྣམས་སོ། །མངོན་པར་བྱུང་ནས་ཞེས་པ་ནི་ས་བོན་ཀྵི་ལ་སོགས་པ་བརྗོད་ཅིང་དེ་ཁོ་ན་ཉིད་ལ་བསྐུལ་བས་འགྲོ་བ་མ་ལུས་པའི་དོན་བྱེད་པའི་ཆེད་དུ་ཆོས་སྟོན་པའི་སྒོ་ནས་ཀུན་དུ་བཟང་པོའི་རང་འོད་ཀྱི་འབྱུང་གནས་ལས་སོ། །ནམ་མཁའི་རྡོ་རྗེ་དམ་ཚིག་དང་མཚུངས་པའི་ཕྱིར་ཞེས་པ་ནི་གཟུང་བ་ལ་སོགས་པ་སྒྲོ་འདོགས་པ་དེ་ཁོ་ན་ཉིད་དུ་མི་དམིགས་པའི་ཕྱིར་ན་འདོད་ཆགས་ལ་སོགས་པའི་རྩ་བ་ཡིན་ཏེ་རྣམ་རྟོག་གི་ཡུལ་ཡིན་པས་ཞེས་རྣམ་འགྲེལ་ལས་སོ། །སྐལ་བ་ཡོད་ཅེས་པ་ནི་དབང་བསྐུར་བ་ཐོབ་པས་མོས་པའི་ཁྱད་པར་ཐོབ་པའི་ཕྱིར་རོ། །རིགས་ཀྱི་བུ་སོ་སོར་ཟུང་ཤིག་ཅེས་པ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཆོས་སྡུད་པ་བྱེད་པ་པོར་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ནི་དཔལ་གསང་བ་འདུས་པའོ། །ཁྱོད་ཀྱང་ཆོས་ལུང་དང་རྟོགས་


DTG040_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་རྣམས་ལ་དབང་ཕྱུག་རྡོ་རྗེ་རྒྱལ་པོ་ཞེས་མིང་གི་དབང་བསྐུར་བས་དབང་བསྐུར་བའོ། །རྡོ་རྗེ་གསུམ་གྱི་སྔགས་ཀྱི་ཡི་གེའི་གནས། ཨོཾ་ཡིག་ལ་སོགས་པ་རྣམས་ལ་ལས་དང་པོ་པ་དང་ཡེ་ཤེས་འཇུག་པ་ཐོབ་པ་དག་གི་ཏིང་ངེ་འཛིན་བསྡུ་བ་བསྟན་པ་ཡིན་ནོ། །དེ་གསུངས་པ། །བསྟོད་དང་མཆོད་སོགས་གཤེགས་སུ་གསོལ་བ་ལ། །སྔགས་པས་རབ་ཏུ་འབད་དེ་རྣམས་བྱ་ཞིང༌། །ཨོཾ་ལ་སོགས་པར་འཁོར་ལོ་བསྡུས་ནས་ནི། །སྐུ་ལ་སོགས་པ་རྟག་པར་བསྒོམ་པར་བྱ། །ཞེས་སོ། །དེ་ནས་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པས་འདི་གསུངས་པ་ཡིན་ཏེ། ཡི་གེ་ཨོཾ་ལ་སོགས་པ་རྣམས་སུ་ཇི་ལྟ་བར་རང་གི་དཀྱིལ་འཁོར་བ་རྣམས་ནང་དུ་བསྡུ་བའོ། །རྣམ་པར་སྣང་མཛད་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་ལུས་རྡོ་རྗེ་ལའོ། །འོད་དཔག་ཏུ་མེད་པ་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་ངག་རྡོ་རྗེ་ལའོ། །རྡོ་རྗེ་འཛིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ལའོ། །སྐུ་དང་གསུང་དང་ཐུགས་ཐམས་ཅད་མཉམ་པ་ཉིད་ཀྱི་སྦྱོར་བས་བསམ་པར་བྱའོ་ཞེས་སོ། །འདི་ཞེས་པ་ནི་བརྗོད་མ་ཐག་པ་སྟེ། འདི་སྐད་ཅེས་པ་ལ་སོགས་པའི་རྒྱུད་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་སྡུད་པར་བྱེད་པ་པོས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཀྱང་ཡིན་ལ་སྡོམ་པ་ཡང་ཡིན་ཏེ་དེ་ཉིད་རྡོ་རྗེ་ཡིན་ལ་དེས་བྱིན་གྱིས་བརླབས་པའི་རྡོ་རྗེ་ཡིན་ནོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་བཅུ་བདུན་པའོ།། །།དཔལ་ལྡན་གསང་བ་འདུས་པའི་ལུགས་ནི་དྲི་མེད་བཤད་པའི་བདག་གི་བསོད་ནམས་གང་། །དྲི་མེད་ཐོབ་པ་མུ་སྟེགས་ཚོགས་ནི་གཞན་གྱིས་མི་ཐོབ་ཤིན་ཏུ་རྨད་དུ་བྱུང༌། །དཔལ་ལྡན་གསང་བ་འདུས་པའི་ལུགས་དང་བྲལ་བས་ཐོབ་པ་མ་ཡིན་རང་རིག་པ། །དེ་ཡིས་འདི་ནི་དྲི་མེད་ཤིན་ཏུ་དག་པ་བདེ་རྟོགས་འཇིག་རྟེན་སྦས་པར་ཤོག །བླ་མའི་མན་ངག་རྒྱུད་ཀྱི་དོན། །ཚད་མའི་དོན་ནི་གང་གཟུང་ལ། །བདག་ནི་འདི་ལ་འཁྲུལ་པ་དེ། །འདི་ནི་སངས་རྒྱས་སྤྱོད་ཡུལ་ཡིན། །འགྲེལ་བཤད་མང་པོ་ཡང་དག་བལྟས། །བློ་གྲོས་ཆེན་པོས་རབ་རྟོགས་པ། །འཇམ་རྡོར་མཆོག་གི་རྣལ་འབྱོར་པ། །དྲི་མེད་སྦས་པས་བྱས་པ་ཡིན། །ཆོས་ལ་སེམས་པ་རྟག་ཏུ་


DTG040_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས། །ཆོས་ཀྱི་གནས་ནི་རྗེས་མཐུན་པ། །ཆོས་ཀྱི་འབྱུང་གནས་གྲོགས་གྱུར་པས། །ཆོས་བཤད་ཤིན་ཏུ་དྲི་མ་མེད། །དཔལ་ལྡན་གསང་བ་འདུས་པ་ནི། །ཚད་མ་ལུང་གི་སྤྱོད་ཡུལ་ལ། །ཚད་མ་ལུང་གི་གྲུབ་པ་ཉིད། །འཇུག་པ་རྒྱན་དུ་བྱས་པ་ཡིན། །ལུས་སོགས་དག་པ་འཇིག་རྟེན་ན། །རྒྱན་ཞེས་བྱ་བར་གྲགས་པ་ཡིན། །རྒྱན་ལ་སོགས་པ་ཡོངས་མཛེས་པ། །གུར་གུམ་ལ་སོགས་བྱུགས་པས་སོ། །དེ་ཕྱིར་དེ་ཡི་ཡུལ་རྣམས་ལ། །དེ་ལ་གནོད་པ་རྣམ་སྤངས་པས། །འཇུག་པའི་ཡན་ལག་ཚད་ཉིད་ལས། །ཤེས་རབ་ཕ་རོལ་ཕྱིན་སོགས་བཞིན། །མངོན་སུམ་ཡུལ་ལ་མངོན་སུམ་དང༌། །རྗེས་དཔག་ཡུལ་ལ་དེ་ཡིས་ནི། །འདི་དག་གི་ནི་ཡུལ་མིན་ལ། །རང་གིས་གནོད་མིན་མི་སླུ་བས། །མངོན་སུམ་དང་ནི་རྗེས་དཔག་དང༌། །གཉིས་པོ་ཡིས་ཀྱང་མི་གནོད་པ། །མཐོང་དང་མ་མཐོང་དོན་འདི་ལ། །མི་གནོད་པས་ན་དེ་དོན་ཡིན། །ས་སྟེང་ན་ནི་གང་གི་སྤྱི་བོར་དེས་གོ་བ། །ཡེ་ཤེས་ཞབས་ཀྱི་ཞབས་ཀྱི་རྡུལ་གྱིས་ལེགས་པར་གཙང༌། །བསྟན་བཅོས་འདི་ཡིས་རྣམ་པ་ཀུན་དུ་ཡོངས་སུ་ངལ། །གང་ཡང་དེར་ནི་ཟབ་མོ་གསལ་བར་མི་འགྱུར་རོ། །ཇི་ལྟར་འདི་ནི་དེ་བཞིན་དུ། །ཚིག་དོན་བསྡུ་བཤད་ལ་སོགས་གསལ། །བསྙེན་པ་རྡོ་རྗེ་བཞི་པོ་ཡང༌། །ཁོ་བོས་ཡང་དག་བསྟན་པ་ཡིན། །དཔལ་གསང་བ་འདུས་པའི་རྒྱན་ཞེས་བྱ་བ། །སློབ་དཔོན་དྲི་མེད་སྦས་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་སུ་ན་པ་ཤྲཱི་མི་ཏྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


no previousདཔལ་གསང་བ་འདུས་པའི་རྒྱན་ཞེས་བྱ་བ། དྲི་མེད་སྦས་པ།next